DKYD-KABUM-05-CA-015: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=རིག་འཛིན་ཐུགས་ཐིག་དཔལ་གྱི་བེའུ།
|fulltitle=rig 'dzin thugs thig dpal gyi be'u
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|sourcerevealer=Mdo mkhyen brtse
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Sadhanas - Evocation Ritual - sgrub thabs
|terma=Yes
|terma=Yes
|deity=sgrol ma
|language=Tibetan
|language=Tibetan
|volumenumber=05
|volnumtib=༥
|volnumtib=༥
|volyigtib=ཅ
|volyigtib=ཅ
|pagestatus=Temporary stub only
|totalvolumes=8
|volumenumber=05
|volumeLetter=CA
|textnuminvol=015
|textnuminvol=015
|multivolumework=No
|colophontib=བདག་འདྲ་དགའ་རབ་དཔའ་བོས་འོད་གསལ་སྒྱུ་མའི་ལུས་སུ་སྤྲུལ་ནས་ཡུམ་ཆེན་ཐུགས་ཀློང་བརྡ་རིས་ཆེན་མོ་ལས་དག་པར་ཕབ་པའི། ཡི་གེའི་འདུ་བྱེད། དམ་ལྡན་རིག་པའི་ཡེ་ཤེས་ཀྱིས་བགྱིས་པ་སྟེཿ གཞན་ལས་ཁྱད་པར་འཕགས་པའི་གདམས་པ་ཟབ་མོ་ཡོངས་སུ་དགེ་བར་གྱུར་ཅིགཿ
|colophonwylie=bdag 'dra dga' rab dpa' bos 'od gsal sgyu ma'i lus su sprul nas yum chen thugs klong brda ris chen mo las dag par phab pa'i/_yi ge'i 'du byed/_dam ldan rig pa'i ye shes kyis bgyis pa ste:_gzhan las khyad par 'phags pa'i gdams pa zab mo yongs su dge bar gyur cig:
|pdflink=File:DKYD-KABUM-05-CA-015.pdf
|pdflink=File:DKYD-KABUM-05-CA-015.pdf
|volumeLetter=CA
|InitCategories=Khyentse Lineage Project; DKYD-KABUM-Volume-05-CA
|InitCategories=Khyentse Lineage Project; DKYD-KABUM-Volume-05-CA
}}
}}

Latest revision as of 10:48, 27 June 2024

Wylie title rig 'dzin thugs thig dpal gyi be'u
Location mdo mkhyen brtse bka' 'bum
Volume 5, Text 15, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Sadhanas - Evocation Ritual - sgrub thabs
Deity sgrol ma
Colophon

བདག་འདྲ་དགའ་རབ་དཔའ་བོས་འོད་གསལ་སྒྱུ་མའི་ལུས་སུ་སྤྲུལ་ནས་ཡུམ་ཆེན་ཐུགས་ཀློང་བརྡ་རིས་ཆེན་མོ་ལས་དག་པར་ཕབ་པའི། ཡི་གེའི་འདུ་བྱེད། དམ་ལྡན་རིག་པའི་ཡེ་ཤེས་ཀྱིས་བགྱིས་པ་སྟེཿ གཞན་ལས་ཁྱད་པར་འཕགས་པའི་གདམས་པ་ཟབ་མོ་ཡོངས་སུ་དགེ་བར་གྱུར་ཅིགཿ

bdag 'dra dga' rab dpa' bos 'od gsal sgyu ma'i lus su sprul nas yum chen thugs klong brda ris chen mo las dag par phab pa'i/_yi ge'i 'du byed/_dam ldan rig pa'i ye shes kyis bgyis pa ste:_gzhan las khyad par 'phags pa'i gdams pa zab mo yongs su dge bar gyur cig:

[edit]
༄༅། །རིག་འཛིན་ཐུགས་ཐིག་དཔལ་གྱི་བེའུ་བཞུགས།

༄༅། «།ན་མོ་ཨཱ་རྱ་ཏཱ་རེ་ཡེཿ རྩ་གསུམ་རྒྱལ་བའི་འཕྲིན་ལས་གཅིག་བསྡུས་དཔལཿ བྱིན་རླབས་ཀུན་འབྱུང་དངོས་གྲུབ་རྒྱ་མཚོའི་གཏེརཿ ཡི་དམ་གསང་བ་ལྟར་དུ་སྒྲུབ་པའི་ཐབསཿ ཨ་ཙར་དམར་པོའི་ཉམས་ལེན་འདི་རུ་བཀོདཿ ཐོག་མར་སྔོན་དུ་འགྲོ་བའི་རིམ་པ་ནིཿ »ཀྱེ་མཿ སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྡེཿ བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་དཔལཿ མདུན་གྱི་ནམ་མཁར་འཇའ་འོད་འཁྲིགས་པའི་དབུསཿ རིན་ཆེན་སེང་ཁྲི་པདྨ་ཉི་ཟླའི་སྟེངཿ སྐྱབས་གནས་གཅིག་ཆོག་འཕགས་མ་སྒྲོལ་ལྗང་མཿ རྒྱན་དང་ཆ་ལུགས་ཡོངས་རྫོགས་གསལ་བ་ལཿ སངས་རྒྱས་བྱང་སེམས་རྩ་བ་གསུམ་གྱིས་བསྐོརཿ མོས་གུས་གདུང་བའི་ཡིད་ཀྱིས་གསོལ་བ་འདེབསཿ ཐུགས་རྗེས་གཟིགས་ཤིག་རྗེ་བཙུན་སྙིང་རྗེའི་གཏེརཿ རིགས་དྲུག་འཁོར་བ་སྡུག་བསྔལ་རྒྱ་མཚོ་ཆེརཿ རྣམ་པར་གཡེང་བའི་བདག་དང་མ་རྒན་འགྲོཿ སྐྱོ་ཤེས་ངེས་འབྱུང་དྲག་པོའི་རྒྱུད་བསྐུལ་ཞིང་ཿ འཁྲུལ་སྣང་སྒྱུ་མའི་དཔེ་བརྒྱད་དོན་རྟོགས་ནསཿ མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབསཿ རྒྱུ་འབྲས་སྤང་བླང་ཆགས་སྤངས་དཀའ་ཐུབ་དང་ཿ ཨ་འཐས་བསྐྱེད་དང་དམིགས་བཅས་རྫོགས་རིམ་ལམཿ གོལ་ཡུལ་ཤོར་བའི་ལྟ་བ་འཛིན་ཞེན་ཅནཿ ཚེ་འདིའི་བསླུ་བྲིད་འཁོར་བའི་རྒྱུར་རྟོགས་ནསཿ ཡང་དག་ལམ་བཟང་བླ་མེད་ཨ་ཏིའི་ཆོསཿ ཐེ་ཚོམ་སྒྲོགས་གྲོལ་འཛིན་ཞེན་དབྱིངས་སུ་དགཿ དད་དམ་མོས་གུས་ཡིད་ཆེས་སྤང་བླང་བྲལཿ ལྟ་སྒོམ་སྤྱོད་པའི་འབྲས་བཟང་མངོན་གྱུར་ཆོསཿ བླ་མའི་ཐུགས་རྗེ་གྲོལ་བ་ཁོ་ནའི་ལམཿ ཚེ་འདིར་འབྲས་བུ་དུས་སུ་སྨིན་པར་ཤོགཿ ན་མོཿ ཆོས་སྐུ་མཁའ་ལྟར་དག་པ་ངོ་བོ་ཉིདཿ ལོངས་སྤྱོད་རྫོགས་སྐུའི་རང་བཞིན་ལྷུན་གྱིས་གྲུབཿ སྤྲུལ་སྐུ་སྙིང་རྗེར་ཤར་བ་སྒྲོལ་མ་ཡུམཿ ཇི་སྲིད་སྙིང་པོའི་བར་དུ་སྐྱབས་སུ་མཆིཿ སེམས་ཉིད་བདག་དང་སྣང་བ་གཞན་བཟུང་མཐུསཿ འཁྲུལ་སྣང་དངོས་པོར་ཞེན་པའི་མ་གྱུར་འགྲོཿ ཡི་དམ་ཁྱེད་ཀྱི་ཐུགས་རྗེའི་རྗེས་བཟུང་ནསཿ འཁོར་བ་དང་ནས་སྤྲུག་པར་སེམས་མཆོག་སྐྱེདཿ ཡང་དག་ཕྱིར་མི་ལྡོག་པའི་དད་ཕྱག་འཚལཿ ཆག་ཞེན་འཛིན་པ་བྲལ་བའི་མཆོད་པ་འབུལཿ རེ་དོག་གཉིས་འཛིན་ཡེ་སྟོང་ངང་དུ་བཤགསཿ འཁྲུལ་བ་ཀ་ནས་དག་པར་རྗེས་ཡི་རངསཿ དགའ་བཞི་བདེ་བ་ཆེན་པོར་ཆོས་འཁོར་བསྐུལཿ ཡེ་ནས་འདུ་འབྲལ་མེད་ཕྱིར་བཞུགས་གསོལ་འདེབསཿ ཁྱེད་ཀྱི་ཐུགས་ཀློང་འདྲེས་པར་ཡོངས་སུ་བསྔོཿ ཧཱུྃཿ ང་ནི་ཡེ་ནས་རང་བྱུང་ལྷཿ པདྨ་ཐོད་ཕྲེང་ཧེ་རུ་ཀཿ དམར་གསལ་ཞི་མ་ཁྲོ་ཡི་ཉམསཿ སྤྱན་གསུམ་མཆེ་བ་ཅུང་ཟད་གཙིགསཿ ཕྱག་གཡས་ཁ་ཊྭཱཾ་ནམ་མཁར་གཏོདཿ གཡོན་པས་གནམ་ལྕགས་ཕུར་བ་གདེངསཿ དབུ་སྐྲ་ཐོར་གཙུག་ཐོད་སྐམ་ལྔཿ རུས་བརྒྱན་མི་མགོ་སྟག་ཤམ་སྤྲསཿ ཞབས་གཉིས་ཁྲོ་བོ་རོལ་བའི་སྟབསཿ པད་ཉི་རོ་ཡི་གདན་ལ་འགྱིངསཿ འོད་ཟེར་ཡེ་ཤེས་མེ་དཔུང་འབརཿ དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོརཿ སྣང་ལ་རང་བཞིན་མེད་པར་གསལཿ སྙིང་དབུས་གསེར་རྡོར་པད་ཉིའི་དབུསཿ ཐུགས་ཀྱི་ས་བོན་བཀྲགས་མདངས་ལྡནཿ ཧཱུྃཿདམར་ཚྭ་ཚྭའི་བག་ཆགས་སྦྱངསཿ ཞལ་ནས་དྲག་པོའི་ང་རོ་སྒྲོགསཿ སྐུ་ཡི་འོད་ཀྱིས་སྲིད་གསུམ་བསྲེགསཿ ཁམས་གསུམ་རྣམ་དག་ཞིང་དུ་བསྒྱུརཿ གཟུགས་སྣང་ཐམས་ཅད་ཡི་དམ་ལྷཿ སྒྲ་གྲགས་ཐམས་ཅད་ཧཱུྃཿགི་སྒྲཿ དྲན་རྟོགས་ཡེ་ཤེས་ཐུགས་རྗེའི་རྩལཿ ཐམས་ཅད་ཡེ་ནས་ཆོས་སྐུའི་ངངཿ ཧཱུྃ་ཧཱུྃ་ཧཱུྃ༔« བཟླས་ཤིང་རིག་པའི་ངར་གདངས་བསྐྱེདཿ བྱིན་རླབས་བླ་མའི་ཐུགས་སྒྲུབས་ཏེཿ སྣང་བ་སྒྱུ་མ་དཔེ་རུ་སྦྱོངསཿ དངོས་གཞི་ཉམས་སུ་ལེན་པ་ནིཿ »ཨཿ ཆོས་དབྱིངས་ངང་ལས་རིག་པའི་རྩལཿ འགྲོ་ལ་སྙིང་རྗེ་ཆེན་པོར་ཤརཿ ཆགས་ཆེན་བདེ་བའི་ཡེ་ཤེས་ལསཿ རིགས་པ་ཏཱཾ་ཡིག་ལྗང་གུར་གསལཿ འོད་ཀྱི་ཞིང་ཁམས་ཐམས་ཅད་བསྡུསཿ དག་པ་རབ་འབྱམས་སྤྲུལ་པའི་ཞིང་ཿ འོག་མིན་བདེ་ཆེན་གཡུ་ལོ་བཀོདཿ མཐིང་གསལ་ཙིཏྟ་རིན་ཆེན་དབྱིབསཿ འོད་ལྔའི་ར་བ་སྦྲེལ་བའི་ནངཿ རིན་ཆེན་ས་གཞི་དཔག་བསམ་ལྗོནཿ གཡུ་ཡི་ནེའུ་སེང་སྨན་ལྗོངས་བཀྲཿ ཨུ་དུམ་ཝ་རའི་ཆར་འབེབས་ཤིང་ཿ ཡན་ལག་བརྒྱད་ལྡན་རྫིང་བུའི་དབུསཿ གེ་སར་སྡོང་པོ་འདབ་མ་འབུམཿ དབུས་སུ་བྱོལ་སོང་གཙོ་བརྒྱད་ཀྱིསཿ བཏེགས་པའི་རིན་ཆེན་མཛེས་པའི་ཁྲིརཿ པདྨ་ཉི་ཟླའི་གདན་གྱི་དབུསཿ ས་བོན་འོད་དུ་ཞུ་བ་ལསཿ འཕགས་མ་རྒྱལ་ཀུན་བསྐྱེད་པའི་ཡུམཿ ཐུགས་རྗེ་ཕྲིན་ལས་གཅིག་བསྡུས་མཿ ཨིནྟྲ་ནི་ལའི་རི་བོ་ལཿ ཉི་མ་འབུམ་གྱི་གཟི་བྱིན་མདངསཿ ཐིག་ལེའི་ཞལ་སྐྱིན་མཛེས་འཛུམ་ཆགསཿ སྐུ་གསུམ་སྤྱན་གྱིས་ཞིང་གསུམ་གནོནཿ ཐབས་ཤེས་ཕྱག་གཉིས་གཡས་པ་ནཿ གསེར་གྱི་རྡོ་རྗེ་མཆོག་སྦྱིན་རྒྱཿ ཕྱག་གཡོན་དཀོན་མཆོག་གསུམ་མཚོན་རྒྱའིཿ ཨུཏྤལ་གེ་སར་གསེར་འཁོར་དབུསཿ འཇིག་རྟེན་མགོན་བཞུགས་ཡུ་བ་བསྣམཿ ནུ་འབུར་བྷ་ག་ལང་ཚོ་རྒྱསཿ ཞི་ཚུལ་དགུ་ལྡན་དར་གོས་དངཿ རིན་ཆེན་པུཎྜ་རི་ཀའི་བརྒྱནཿ དབུ་སྐྲ་གནག་སྣུམ་གྱེན་དུ་འཁྱིལཿ རིན་པོ་ཆེ་ཡིས་ཏོག་གི་རྩེརཿ རིག་བདག་ཨ་མི་དྷེ་ཝའི་བརྒྱནཿ ཞབས་གཉིས་རྟ་བབས་སྐྱིལ་ཀྲུང་བཞུགསཿ དབང་བསྒྱུར་ཏཱ་རེ་ཉི་ཤུ་དངཿ དྲང་སྲོང་རིག་འཛིན་རྩ་གསུམ་ལྷཿ དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོརཿ བྱང་ཆུབ་སེམས་དཔའ་བྱ་རིགས་དངཿ རི་དྭགས་ཕོ་མོ་གཟུགས་སུ་སྣངཿ ཕྱོགས་བཞིར་རྟ་ཕག་རིགས་བཞི་པོཿ ཡབ་ཡུམ་ལས་བཞིའི་ཕྲིན་ལས་སྒྲུབསཿ སྲིད་གསུམ་ཐུགས་རྗེས་ཤུགས་ཀྱིས་འདུལཿ སྒོ་བཞིར་གིང་ཆེན་བཅུ་དྲུག་དངཿ ཕྱི་རོལ་བཀའ་སྐྱོང་ཚོགས་བཅས་གསལཿ ཐུགས་ཀའི་འོད་ཀྱིས་རིགས་མཆོག་ལྔཿ སྤྱན་དྲངས་ཡབ་ཡུམ་སྙོམས་པར་ཞུགསཿ བྱང་སེམས་བདུད་རྩི་སྤྱི་བོ་ནསཿ དབང་བསྐུར་སྐུ་ལུས་ཡོངས་གང་ཞིངཿ དག་རྫོགས་སྨིན་ཅིང་ཆུ་ལྷག་ཡརཿ འཁྱིལ་བ་སྣང་བ་མཐའ་ཡས་ཀྱིཿ དབུ་བརྒྱན་བྱིན་གྱིས་བརླབས་པར་གྱུརཿ ཨོཾ་ཨཱཿཧཱུྃཿ སྭཱ་ཧཱཿ ཀཱ་ཡ་ཝཱཀྐཙིཏྟ་དྷརྨ་དྷརྟུ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཧཱུྃཿ «བསྐྱེད་རིམ་གསལ་སྣང་ཐོན་པ་དང་ཿ སྣང་ལ་རང་བཞིན་མེད་པ་རུཿ འཛིན་མེད་ཁྱབ་བདལ་ངང་ནས་ལྟཿ བསྐྱེད་རྫོགས་ཟུང་འཇུག་ལམ་གྱིས་གནདཿ དེ་ནས་དད་མོས་རྩེ་གཅིག་གིཿ གདུང་བ་དྲག་པོའི་ངང་ཉིད་ནསཿ »ཧྲཱིཿ ཆོས་དབྱིངས་ཀ་ནས་དག་པའི་ཀློངཿ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལཿ དགོངས་པ་ཟང་ཐལ་འཁོར་གྱིས་བསྐོརཿ ལྔ་ལྡན་ལོངས་སྤྱོད་རྫོགས་ཞིང་ནསཿ སྟོན་པ་རིགས་ལྔའི་སངས་རྒྱས་ལཿ རིགས་མཆོག་ལྔ་ཡི་འཁོར་གྱིས་བསྐོརཿ ཐུགས་རྗེ་སྤྲུལ་པའི་ཞིང་ཁམས་ནསཿ སྤྲུལ་སྐུ་འཁོར་ལོ་བསྒྱུར་རྒྱལ་ལཿ གང་འདུལ་དོན་མཛད་འཁོར་གྱིས་བསྐོརཿ ཞིང་ནས་བཞུགས་པའི་རྩ་གསུམ་ལྷཿ འདིར་གཤེགས་བདག་ལ་བྱིན་ཆེན་ཕོབཿ པོ་ཊ་ལ་དང་གཡུ་ལོ་བཀོདཿ གར་དབང་འཕགས་མའི་ལྷ་ཚོགས་རྣམསཿ ཡེ་ནས་རང་དང་འདུ་འབྲལ་མེདཿ གཤེགས་དང་བཞུགས་པར་མི་དམིགས་ཀྱངཿ འཁྲུལ་བའི་རྣམ་རྟོག་བསལ་བའི་ཕྱིརཿ ཐུགས་རྗེ་དགོངས་ཏེ་གཤེགས་ནས་ཀྱང་ཿ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབཿ མཆོག་ཐུན་དངོས་གྲུབ་ལས་བཞི་ཡིཿ ཕྲིན་ལས་ལྷུན་གྱིས་འགྲུབ་པར་མཛོདཿ ཨོཾ་དྷརྨ་ཀཱ་ཡ་སམྦྷོ་ཀཱ་ཡ་ནིརྨཱ་ཀཱ་ཡ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཨཱརྱ་ཏཱ་རེ་ཛྙཱ་ན་ཨ་ཝེ་ཤ་ཡ་ཨ་ཨཱཿ སྐུ་གསུམ་ལྷ་ཚོགས་ཆུ་ལ་ཆུ་བཞག་བཞིནཿ དམ་ཚིག་ཡེ་ཤེས་དབྱེར་མེད་གཅིག་ཏུ་འདྲེསཿ དཀྱིལ་འཁོར་ལྷ་ཚོགས་གཟི་བརྗིད་འོད་ཟེར་འབརཿ ཡེ་ནས་ལྷར་སྣང་ཆེན་པོ་ང་རྒྱལ་བརྟནཿ ས་མ་ཡཿ ཏིཥྛ་ལྷནཿ ཁམས་གསུམ་སྐྱེ་གནས་བཞི་ཡི་བསྡུས་པ་ཡིསཿ ལྷ་ཀླུ་གནོད་སྦྱིན་མི་དང་མི་མིན་ཚོགསཿ ལུས་ངག་ཡིད་གསུམ་རང་དབང་མེད་པར་བཀུགསཿ དད་གུས་མོས་པས་འདུད་ཅིང་བརྡ་ཕྱག་འཚལཿ ཝ་ཤཾ་ཀུ་རུ་ན་མོ་ན་མ་ཧོཿ ཧྲཱི༔ ཁམས་གསུམ་སྐུ་གསུམ་ཞིང་ཁམས་རབ་འབྱམས་ནསཿ འདོད་ཡོན་མཆོད་པའི་བྱེ་བྲག་བླ་མེད་ཀུནཿ རྩ་གསུམ་ཀུན་འདུས་འཕགས་མའི་ཚོགས་ལ་འབུལཿ ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་སུ་གསོལཿ བཛྲ་པུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་རུ་པ་ཤཔྟ་གྷནྡྷེ་རཱ་ས་སྤརྴེ་དྷརྨ་དྷརྟུ་ཨཱ་ཧཱུྃ༔ ཧོཿ སྟོང་ཉིད་ཆོས་ཀྱི་འབྱུང་གནས་བདེ་བ་ཆེཿ འདོད་པའི་རྒྱལ་པོ་ཁྲོ་རྒྱལ་ཆེན་པོ་ཡིསཿ ཆགས་ཆེན་ཁྲོ་མོ་དབྱིངས་སུ་ལེགས་བསྲུབས་པའིཿ དགའ་བ་བཞི་ཡིས་ལེགས་དྲངས་ལྷན་སྐྱེས་ཀྱིཿ ཡེ་ཤེས་ཆེན་པོས་རྟག་ཏུ་མཉེས་གྱུར་ཅིགཿ མ་ཧཱ་སུ་ཁ་ཨ་ལ་ལ་ཧོཿ སངས་རྒྱས་ཕྲིན་ལས་གཅིག་བསྡུས་འཕགས་པའི་སྐུཿ ལྗང་གསལ་མཚན་དཔེའི་རབ་བརྒྱན་འོད་ཟེར་འབརཿ ཡན་ལག་དྲུག་ཅུའི་གསུང་དབྱངས་སྙན་པའི་སྒྲཿ འགྲོ་དྲུག་ཡང་དག་བདེ་ཆེན་སར་འགོད་ཅིང་ཿ ཚད་མེད་སྙིང་རྗེའི་ཐུགས་བསྐྱེད་ཤུགས་དྲག་པོསཿ ལས་ངན་བག་ཆགས་ཉོན་མོངས་སྡུག་བསྔལ་འཇོམསཿ གསང་གསུམ་ཡོན་ཏན་རྗེས་སུ་དྲན་པས་བསྟོདཿ ཐུགས་རྗེ་ཕྲིན་ལས་དབང་བསྒྱུར་དོན་མཛད་པའིཿ སྤྲུལ་པའི་ལྷ་མོ་ལས་མཛད་ཉེར་གཅིག་སྟེཿ ཆ་ལུགས་སྣ་ཚོགས་སྤྲུལ་པ་མ་ངེས་སྟོནཿ གང་འདུལ་དགོས་འདོད་རེ་སྐོང་མ་ལ་བསྟོདཿ གཞན་ཡང་རྩ་གསུམ་དཔའ་བོ་རྣལ་འབྱོར་མཿ དྲང་སྲོང་རིག་འཛིན་རྟ་ཕག་རིགས་བཞིར་བཅསཿ བཀའ་སྡོད་དམ་ཅན་སྤྲུལ་དང་ཡང་སྤྲུལ་འཁོརཿ རབ་འབྱམས་དཀྱིལ་འཁོར་རྒྱ་མཚོར་བསྟོད་པར་བགྱིཿ བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་དཔལཿ ཐུགས་རྗེས་གློག་ལྟར་མྱུར་བའི་རྗེ་བཙུན་མཿ ཐོག་མར་འཁྲུལ་བ་ནས་བཟུང་ད་ལྟའི་བརཿ ཚེ་རབས་སྐྱེ་བ་གར་སྐྱེས་གར་གནས་ཀྱངཿ ཡི་དམ་འཕགས་མ་ཁྱེད་ཀྱི་རྗེས་བཟུང་ཞིངཿ ལས་ངན་དབང་དུ་མི་འགྱུར་ཁྱོད་ཀྱི་དྲིནཿ བདག་ནི་མ་རིག་དུག་ལྔའི་དབང་གྱུར་ཏེཿ ལོག་ལྟ་སྒྲོ་བཀུར་སྒོ་གསུམ་དམ་ཉམས་ཤོརཿ བདག་མེད་དབང་གྱུར་ཉེས་ལྟུང་མཐོལ་ལོ་བཤགསཿ ད་ནི་ཡི་དམ་ཁྱོད་ཀྱི་ཞལ་མཐོང་ཞིང་ཿ དབང་བསྐུར་དབུགས་དབྱུང་ཐུགས་རྗེས་རྗེས་སུ་བཟུངཿ སྔོན་གྱི་སྨོན་ལམ་དུས་སུ་བབས་ལགས་ནཿ འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་དུསཿ ཁྱོད་ཀྱི་ཐུགས་ཀློང་རོ་གཅིག་མ་འདྲེས་པརཿ གསང་བའི་ཡི་དམ་ཁྱོད་སྒྲུབ་ཉམས་ལེན་ཞིངཿ སྲོག་གི་ཕྱིར་ཡང་མི་གཏོང་དམ་བཅའོཿ ཨོཾ་ཏཱ་རེ་ས་ཏྭ་ཧཱུྃཿ ས་མ་ཡ་ན་རཀྐནཿ ཙིཏྟ་དྭངས་མ་ལྔ་ལྡན་གུར་གྱི་དབུསཿ ཡེ་ཤེས་སེམས་དཔའ་རང་འདྲ་ལྗང་གསལ་མདངསཿ རྒྱན་དང་ཕྱག་མཚན་མེད་ཅིང་སྐྱིལ་ཀྲུང་བཞུགསཿ ཐུགས་ཀར་ཉི་ཟླའི་དབུས་སུ་སྲོག་ཡིག་ལཿ སྔགས་ཕྲེང་གཡུ་འོད་གཡས་བཀོད་རང་སྒྲར་བཅསཿ གཡོན་དུ་འཁོར་ལ་མ་ཡེངས་སེམས་བཟུང་ཞིང་ཿ ཐུགས་རྗེས་འོད་ཀྱིས་བསྐྱེད་རིམ་ལྷར་སྣང་གསལཿ རབ་འབྱམས་ཞིང་ཁམས་ཐུགས་རྗེའི་ནུས་མཐུ་དང་ཿ དབང་དང་དངོས་གྲུབ་བྱིན་རླབས་བཅུད་དུ་བསྡུསཿ འཇིགས་མེད་ལོངས་སྤྱོད་རྫོགས་པའི་ཞིང་དུ་བལྟཿ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ༔ «ཐུགས་སྒྲུབས་རྩ་བའི་བསྙེན་པ་འདི་ལ་འབདཿ འབུམ་ཕྲག་ལྔ་ཡིས་འཕགས་མས་ཞལ་མཐོང་ཞིང་ཿ འབུམ་ཕྲག་བདུན་གྱིས་གསུང་གི་དངོས་གྲུབ་ཐོབཿ འབུམ་བཅུ་བཟླས་པའི་ཐུགས་ཀྱིས་བདེན་པ་མཐོང་ཿ འཁོར་བ་མི་ལྡོག་དག་ཞིང་མངོན་འཚང་རྒྱཿ ལས་བཞི་ལྷུན་འགྲུབ་སྒོ་གསུམ་རྡོ་རྗེ་འགྱུརཿ འཕགས་མ་དངོས་དང་འགྲོ་དོན་མཉམ་པར་ངེསཿ སྐབས་སུ་སྒྲུབ་པའི་རིམ་པ་ནིཿ »ཐབས་མཆོག་བདེ་ཆེན་ཡབ་དང་མཉམ་པར་སྦྱོརཿ འདོད་པའི་ཤུགས་ཀྱིས་ཆགས་ཆེན་རབ་ཏུ་གཡོཿ འོད་ཀྱིས་སྲིད་གསུམ་བཞུས་ཤིང་དྭངས་མ་དྲངསཿ ཡབ་ཀྱི་ཞལ་ཞུགས་སྐུ་ཡི་དབྱིབས་བརྒྱུད་དེཿ སྦྱོར་མཚམས་ནས་བརྒྱུད་རྩ་གནས་ལྷ་ཚོགས་མཆོདཿ ཐུགས་སྲོག་ལ་ཐིམ་ལྷན་སྐྱེས་ཡེ་ཤེས་རྒྱསཿ སྤྲོས་བྲལ་བདེ་ཆེན་འདུས་མ་བྱས་པའི་ངངཿ ཨོཾ་ཏཱ་རེ་ཏཱཾ་ཧཱུྃཿ «བར་རླུང་བུམ་པ་ཅན་དང་སྦྲགས་ཏེ་བཟླསཿ ཕྲ་རགས་བཟང་ངན་གྱ་གྱུའི་རྣམ་རྟོག་ལཿ དགག་སྒྲུབ་མ་བྱེད་སྤང་བླང་བྲལ་བར་ཞོགཿ གཉུག་མའི་ཡེ་ཤེས་རིག་པ་བཟང་ཁ་མཿ རྩོལ་སྒྲུབ་བྲལ་བར་གཤིས་ཀྱི་གནས་ལུགས་སྐྱོངཿ ཉོན་མོངས་རང་ངོ་ཤེས་ཤིང་གྲོལ་བའི་ཚེཿ ཡེ་ཤེས་ལྔ་ལྡན་གསལ་བའི་འོད་མདངས་ཤརཿ འཁྲུལ་གྲོལ་ཞེས་བྱ་མིང་གི་བླ་དྭགས་ཙམཿ སྲིན་བུའི་ཁ་ཆུའི་རང་ཉིད་འཆིང་བ་བཞིནཿ འཁྲུལ་བ་བདག་ཏུ་བཟུང་ལས་འཁོར་བར་གྲུབཿ བདག་མེད་རྟོགས་ཚེ་ཆོས་སྐུའི་རྒྱལ་ས་ཟིནཿ རང་རིག་ཡི་དམ་ལྷ་དང་དབྱེར་མེད་དུཿ ཀ་དག་ཆོས་སྐུའི་རང་ཞལ་སྐྱོང་བ་ནཿ བསྐྱེད་རྫོགས་ཨ་འཐས་འཛིན་ཞེན་འཁྲུལ་བའི་རྒྱུཿ སྒྲོན་མ་བཞི་ཡི་ཉམས་ལེན་མ་བྲལ་ནཿ བསྙེན་བསྒྲུབ་སྦྱང་བགྲོད་དཀའ་ཚེགས་མ་ལྟོས་པརཿ སྐུ་གསུམ་ཞིང་དུ་མིག་འཕྲུལ་ལྟ་བུར་འགྲོཿ ཐེ་ཚོམ་མེད་པར་འདི་ཉིད་ཉམས་བླང་ནཿ འཕགས་མའི་ཐུགས་རྗེ་གྲོལ་ལོ་རིགས་ཀྱི་བུཿ སྒོ་གསུམ་འཛིན་ཞེན་ལས་འདས་ཐུན་མིན་གྱིཿ བྱང་ཆུབ་སེམས་སྐྱེས་དངོས་ཉམས་རྨི་ལམ་དུཿ ཞིང་ཁམས་འབྱོངས་ཤིང་ཞལ་མཐོང་གསུང་ཐོས་སོགསཿ རྟགས་འཐོང་ཚེ་ན་དངོས་གྲུབ་ཐོབ་པའོཿ ཚད་རྟགས་ཁ་བསྒྱུར་གསང་བའི་མན་ངག་གནདཿ ཞལ་ཤེས་སྙན་རྒྱུད་ཡིག་ཆུང་དག་ལས་ཤེསཿ བྱིན་རླབས་ཡོན་ཏན་རྒྱལ་བའི་ལྗགས་ཀྱིས་ཀྱངཿ བརྗོད་པར་མི་ལང་འདི་ཡིས་བསྐྱེད་རྫོགས་ཀྱིསཿ མ་གྲོལ་དགའ་རབ་དཔའ་བོས་ཕྱི་རབ་བསླུཿ ཐུན་རྗེས་སྤྲོས་བྲལ་ངང་དུ་དར་གཅིག་བཞགཿ» ཤནྟིཾ་པུཥྟིཾ་ཝ་ཤཾ་མ་ར་ཡ། ཕཊཿ ཡི་དམ་འཕགས་མའི་ལྷ་ཚོགས་འགྲུབ་པར་གྱུར་ཅིགཿ« »ཨོཾ་ཨཱཿཨཱ་ཨི་ཨཱིཿ «སོགས།» ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་«སོགས།» ཧཱཿ ཀྵཿ ཧོཿ ཡི་དམ་འཕགས་མས་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེཿ སྐྱོབས་པའི་ནུས་མཐུཿ རྣམ་བཞིའི་ཕྲིན་ལསཿ བསམ་གྱིས་མི་ཁྱབ་པའི་མངའ་བདག་སྟེཿ བདག་ཅག་སྒྲུབ་པ་པོ་ལ་རྗེས་སུ་དགོངས་ལཿ སྒོ་གསུམ་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས་མཆོག་གི་དངོས་གྲུབ་ཡི་དམ་འཕགས་མའི་གསང་བ་གསུམ་དང་དབྱེར་མེད་དུ་འདྲེས་ཤིངཿ ལོངས་སྐུ་ཆེན་པོར་འཚང་རྒྱ་བ་དངཿ ཐུན་མོང་གི་དངོས་གྲུབ་ཞི་རྒྱས་དབང་དྲག་གྲུབ་པ་བརྒྱདཿ ལས་ཆེན་བཅུ་གཉིས་སོགས་མྱུར་བ་ཉིད་དུ་འགྲུབ་པར་བྱིན་གྱིས་རློབས་པར་མཛད་དུ་གསོལཿ ཨོཾ་ཡེ་དྷརྨ༴ «སོགས༴» སྭཱ་ཧཱཿ ཧཱུྃ༔ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགསཿ ཕྱི་ནང་གསང་བའི་མཆོད་པར་འབུལཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོདཿ བག་མེད་འགལ་འཁྲུལ་ཉམས་ཆགས་བཤགསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ བཛྲ་པུཥྤེ་དྷཔྤེ་ཨཱ་ལོ་ཀེ་གྷནྡྷེ་ནེ་ཝི་ཏྱ་ཤབྟ་མ་ཧཱ་སརྦ་པཱུ་ཙ་ཧོཿ «ཡན་ལག་བདུན་འབུལ་ཕྱག་འཚལ་ཉེར་གཅིག་བརྗོདཿ དེ་ནས་རྗེས་ཀྱིས་རིམ་པ་ནིཿ »ཧོཿ སྐུ་གསུམ་ཀུན་འདུས་ཡི་དམ་ལྷག་པའི་ལྷཿ ཕྲིན་ལས་དབང་བསྒྱུར་རྗེ་བཙུན་སྒྲོལ་ལྗང་ཡུམཿ དད་མོས་གདུང་བའི་ཡིད་ཀྱིས་གསོལ་འདེབས་ཅིངཿ རྩེ་གཅིག་བསྙེན་ཅིང་སྒྲུབས་པའི་བྱིན་ནུས་མཐུསཿ སྒོ་གསུམ་འཕགས་མའི་སྐུ་གསུང་ཐུགས་དང་འདྲེསཿ སྒྲིབ་པ་བཞི་དག་དབང་བཞི་ཡོངས་རྫོགས་ཤིངཿ རིག་འཛིན་བཞིར་སྨིན་སྐུ་ལྔའི་འབྲས་བུ་ཐོབཿ མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབསཿ འཇིགས་པ་བརྒྱད་སྐྱོབས་ཞི་བའི་དངོས་གྲུབ་སྩོལཿ འབྱོར་བ་དྲུག་ལྡན་རྒྱས་པའི་དངོས་གྲུབ་སྩོལཿ མོས་པ་རྣམ་བཞི་དབང་གི་དངོས་གྲུབ་སྩོལཿ དགྲ་བགེགས་ཚར་གཅོད་དྲག་པོའི་དངོས་གྲུབ་སྩོལཿ ལས་བཞི་རབ་འབྱམས་ལྷུན་གྱིས་གྲུབ་པ་དངཿ ལུས་ལ་བདེ་བ་ངག་ལ་ནུས་པ་བསྐྱེདཿ སེམས་ལ་མངོན་ཤེས་དབང་བཅུ་གྲུབ་པ་བརྒྱདཿ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པཿ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལཿ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་དྷརྨ་ཀཱ་ཡ་སཾ་བྷ་ཀཱ་ཡ་ནིརྨཱ་ཀཱ་ཡ་ཝཱཀྐ་ཙིཏྟ་གུརྞ་ཀརྨ་ཤིནྟཾ་པུཥྟིཾ་ཝ་ཤཾ་མ་ར་ཡ་སརྦ་སིདྡྷི་ཕ་ལ་ཨཱཿཧཱུྃཿ ཀྱེ༔ ཀུན་བཟང་རིགས་ལྔ་སེམས་དཔའ་སེམས་མ་དངཿ ཁྲོ་བོ་ཁྲོ་མོ་ཆོས་ལོངས་སྤྲུལ་པའི་སྐུཿ བླ་མ་ཡི་དམ་མཁའ་འགྲོའི་ལྷ་ཚོགས་དངཿ དཀྱིལ་འཁོར་རྒྱ་མཚོའི་སྤྲུལ་གཞི་བླ་ན་མེདཿ འཕགས་མ་འཇིག་རྟེན་དབང་བསྒྱུར་ཡུམ་ཆེན་མོཿ ཁྱེད་ལས་རེ་ས་མེད་དོ་ཐུགས་རྗེས་གཟིགསཿ སོ་ཐར་བྱང་སེམས་བསླབ་སྡོམ་འགལ་བ་དང་ཿ གསང་སྔགས་དམ་ཚིག་ཉམས་འགལ་རལ་བ་སོགསཿ ཁྱད་པར་ཡི་དམ་སྤང་ལེན་བསྙེན་སྒྲུབ་གཡེལཿ འཕགས་མའི་ཐུགས་དང་འགལ་བའི་ལས་བགྱིས་ཀུནཿ སྙིང་ནས་གནོང་ངོ་འགྱོད་དོ་མཐོལ་ལོ་བཤགསཿ དག་ཚངས་ཆེན་པོའི་བཟོད་པར་བཞེས་སུ་གསོལཿ ཏཱ་རེ་ས་ཏྭ་ས་མ་ཡ་མ་ནུ་པ་ལ༴« སོགས། »ལམ་འདིར་འབད་དང་དུས་གསུམ་བསགས་པའི་དགེཿ བཟང་ངན་ལས་ཀྱི་འབྲེལ་བའི་བསྡུས་པའི་གཙོསཿ མཁའ་ཉམས་སེམས་ཅན་འཁོར་བའི་རྒྱ་མཚོ་ལསཿ ཐར་ནས་རྣམ་མཁྱེན་གོ་འཕང་ཐོབ་ཕྱིར་བསྔོཿ ཀྱེཿ རྩ་རྒྱུད་བླ་མ་ཡི་དམ་ལྷ་ཚོགས་དངཿ སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྡེཿ དཔའ་བོ་མཁའ་འགྲོ་རིག་འཛིན་དྲང་སྲོང་ཚོགསཿ བདག་གི་སྨོན་ལམ་འགྲུབ་པའི་དཔང་དུ་བཞུགསཿ ཡི་དམ་ལྷ་མཆོག་རྩེ་གཅིག་ནོར་བུའི་ལུགསཿ བསྒྲུབ་པའི་འབྲས་བཟང་མྱུར་དུ་སྨིན་གྱུར་ནསཿ སྨིན་བྱེད་དབང་གིས་རང་རྒྱུད་དུས་སུ་སྨིནཿ ཆོས་ཉིད་ཟབ་མོའི་གནས་ལུགས་དོན་རྟོགས་ཤིངཿ ཉིན་སྣང་སྒྱུ་མ་ལྟ་བུར་སྦྱོང་བ་དངཿ མཚན་སྣང་ཆོས་སྐུའི་འོད་གསལ་ངོས་ཟིན་ཤོགཿ སྒོ་ལྔའི་ཡུལ་ལ་ཤར་བའི་འདོད་ཡོན་དངཿ མཉམ་སྦྱོར་བདེ་བའི་ཡེ་ཤེས་དགའ་བཞིའི་རོསཿ ཡི་དམ་མཆོད་ཅིང་ཞིང་ཁམས་སྦྱངས་པ་ཡིསཿ ཚོགས་ཆེན་ཡོངས་རྫོགས་ཉམས་ལེན་གནད་དུ་སྨིནཿ ཞེན་མེད་ངང་ནས་ཆོས་ལོངས་སྤྲུལ་པའི་ཞིངཿ དབང་བསྒྱུར་བརྡ་ཆོས་སྣ་ཚོགས་ཐོབ་པར་ཤོགཿ འཁྲུལ་སྣང་ཉོན་མོངས་དགའ་སྡུག་རེ་དོགས་ཆོསཿ སེང་གེའི་གསོབ་ལྟར་བདེན་མེད་མཚང་རིག་ནསཿ ཞེན་མེད་ངང་དུ་མཐོང་ཐོས་དྲན་རིག་སོགསཿ འགྲོ་ཁམས་གང་ལ་གང་འདུལ་ཡིད་མཐུན་དོནཿ སྐྱོ་ངལ་མེད་པར་སེམས་ཅན་དོན་སྒྲུབ་ཅིངཿ ཀུན་ཀྱང་འཕགས་མའི་གདུལ་བྱར་འདྲེན་པར་ཤོགཿ སྟོང་གསུམ་མི་མཇེད་ཞིང་གི་འགྲོ་བའི་ཁམསཿ འཕགས་མའི་ཐུགས་རྗེས་སྤྲུལ་པ་སྣ་ཚོགས་ཀྱིཿ རང་རང་སྐད་དུ་བརྡ་ཆོས་སྟོན་པ་དང་ཿ གང་འདུལ་དབང་མེད་འཛིན་པ་རང་གཞིགས་ནསཿ སྡུག་བསྔལ་མེ་ཚོགས་ཐུགས་རྗེའི་ཆར་རྒྱུན་གྱིསཿ གཞོམས་ནས་བདེ་དགའི་གནས་ལ་འགོད་པར་ཤོགཿ བདག་དང་འབྲེལ་བས་བསྡུས་པའི་སེམས་ཅན་ཀུནཿ གསང་སྔགས་བདེ་ཆེན་ལམ་ལ་མོས་པའི་མཐུསཿ སྒྱུ་མ་ལུས་ཀྱི་གྲོང་ཁྱེར་འོད་སྐུར་གཞིགསཿ རྩ་ཁམས་རླུང་གི་གྲོང་ཁྱེར་ཡི་གེར་རྫོགསཿ ཐིག་ལེ་བདེ་བའི་ཡེ་ཤེས་ཆོས་སྐུར་གྲོལཿ སྣང་བཞི་མཐར་ཕྱིན་འཇའ་ལུས་འགྲུབ་པར་ཤོགཿ ཨ་ཏི་ཟབ་གསང་རྡོ་རྗེ་སྙིང་པོའི་ཆོསཿ ཉི་འོག་ཕྱོགས་དུས་གནས་སྐབས་ཀུན་ཏུ་ཁྱབཿ དེར་འཛིན་སྐྱེས་བུ་རིག་འཛིན་ཕོ་མོའི་སྡེཿ སྐུ་ཚེ་མཛད་ཕྲིན་དབྱར་གྱི་ཆབ་བཞིན་རྒྱསཿ གཞི་རྒྱུད་བདེ་གཤེགས་སྙིང་པོས་ཁྱབ་པའི་འགྲོཿ མ་ལུས་ཐུགས་ཐིག་གདུལ་བྱར་འགྱུར་བར་ཤོགཿ རྩ་གསུམ་དཀོན་མཆོག་བདེན་པའི་བྱིན་རླབ་དངཿ ཆོས་ཉིད་མི་འགྱུར་ཆོས་ཅན་བསླུ་མེད་མཐུསཿ སྨོན་པ་འདི་དག་ཡིད་བཞིན་འགྲུབ་གྱུར་ནསཿ འཕགས་མའི་ཐུགས་ཀློང་རོ་གཅིག་འདྲེས་པར་ཤོགཿ ཧོཿ དབྱིངས་བཞུགས་རྒྱལ་བ་སྲས་དང་སློབ་མར་བཅསཿ རིག་འཛིན་མཁའ་འགྲོ་དྲང་སྲོང་ལྷ་རྣམས་ཀྱིསཿ སྨོན་ཚིག་ཤེས་པ་བརྗོད་ཅིང་མེ་ཏོག་འཐོརཿ རོལ་མོ་གླུ་གར་བསྒྱུར་ཞིང་འཇའ་སྤྲིན་འཁྲིགསཿ སྐྱེ་མེད་ཆོས་སྐུ་ཀ་དག་ཀུན་ཏུ་བཟངཿ འགགས་མེད་ལོངས་སྐུའི་རྣམ་རོལ་རིགས་མཆོག་ལྔཿ གནས་མེད་སྤྲུལ་སྐུ་ཤར་བ་སྣ་ཚོགས་གཟུགསཿ སྐུ་གསུམ་རྒྱལ་བའི་བྱིན་ཕོབ་ཤེས་པ་སྩོལཿ བྱིན་རླབས་འབྱུང་གནས་བཀའ་རྒྱུད་བླ་མ་དངཿ མཆོག་ཐུན་དངོས་གྲུབ་རྩ་བ་ཡི་དམ་ལྷཿ ཕྲིན་ལས་ལྷུན་གྲུབ་མ་ཚོགས་མཁའ་འགྲོའི་སྡེཿ རྩ་གསུམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོགཿ རྒྱལ་བའི་དབང་པོ་པདྨ་ཐོད་ཕྲེང་རྩལཿ ཐུགས་རྗེས་ཕྲིན་ལས་གཅིག་བསྡུས་ཏཱ་རེ་ཡུམཿ སྤྲུལ་པ་ཉེར་གཅིག་ཞི་ཆགས་ཁྲོ་བོའི་གརཿ དཀྱིལ་འཁོར་ལྷ་ཚོགས༴ བླ་མེད་ཨ་ཏིའི་གཉེར་འཛིན་སྔགས་སྲུང་མཿ གདུག་པ་གཤེད་དུ་རྔམས་པ་རཱ་ཧུ་ལཿ དམ་ཚིག་སྲོག་ལྟར་བསྲུང་བའི་དྲག་མོ་རྒྱལཿ བསྟན་བསྲུང་དམ་ཅན་རྒྱ་མཚོའི༴ ཉིན་ཡང་བཀྲ་ཤིས་ལྷ་སྔགས་ཏིང་འཛིན་ངངཿ མཚན་ཡང་བཀྲ་ཤིས་འོད་གསལ་འཁོར་ཡུག་འདྲོསཿ ཉིན་མཚན་ལྷན་སྐྱེས་བདེ་ཆེན་འདུ་འབྲལ་མེདཿ བཀྲ་ཤིས་དཔལ་འབར་ཞིང་ཁམས་ལོངས་སྤྱོད་ཤོགཿ ཨཱཿ སྐུ་གསུམ་ཞིང་ཁམས་གཡུ་ལོ་བཀོད་པར་བསྡུཿ རྟེན་ཉིད་བརྟེན་པ་དེ་ཡང་གཙོ་མོ་ལཿ གཙོ་མོ་འོད་ཞུ་ཆོས་སྐུ་ཡུམ་ཆེན་མོཿ གསེར་མདོག་ཞལ་གཅིག་ཕྱག་བཞི་མཉམ་བཞག་དངཿ གསེར་རྡོར་གླེགས་བམ་འཛིན་ཞིང་སྐྱིལ་ཀྲུང་བཞུགསཿ ལོངས་སྐུའི་ཆས་རྫོགས་ཕྱོགས་བཞིར་ཐ་ལེར་གཟིགསཿ ཐུགས་ཀར་འོད་ལྔ་ཟླུམ་འཁྱིལ་དབུས་སུ་ཨཱཿ སྨྲ་བསམ་བམ་བརྗོད་མེད་ཤེས་རབ་ཡུམ་གྱི་ངངཿ ཏདྱ་ཐཱཿ ཨཱོཾ་གཱ་ཏེ་གཱ་ཏེ་པཱ་ར་གཱ་ཏེ་པ་རཱ་སཾ་གྷ་ཏེ་བྷོ་དྷི་ཡེ་སྭཱ་ཧཱཿ« བརྒྱ་རྩ་བཟླས་ཤིང་སྤྲོས་བྲལ་ངང་དུ་བཞགཿ གནད་ཀྱི་མན་ངག་བླ་མའི་ཞལ་ལས་ཤེསཿ ཨེ་མཿ ཐིག་ལེ་སྐོར་གསུམ་གསང་བའི་མན་ངག་ཆོསཿ གསེར་གྱི་ཡང་ཞུན་བཅུད་བསྡུས་སྙིང་པོ་འདིཿ བདག་འདྲ་དྲི་མེད་དགའ་རབ་དཔའ་བོ་ཡིསཿ རིག་པ་འཛིན་པ་ཨ་ཙར་ར་སོར་གཏདཿ ཉམས་སུ་ལོངས་དང་གྲུབ་འབྲས་མངོན་དུ་གྱུརཿ མན་ངག་དྲིན་ཆེན་གཏེར་མཆོད་ཟད་མི་ཤེསཿ ཐུགས་ཐིག་རྣམ་གསུམ་འབྱུང་གནས་བླ་ན་མེདཿ འདིར་སྟོན་འདི་སྟོན་འདི་ཕྱིར་སྟོན་པའོཿ འདི་དང་མན་ངག་ཟུང་དུ་འབྲེལ་བས་ནཿ མིག་འཕྲུལ་ལྟ་བུ་རྫོགས་སངས་རྒྱས་འགྲུབ་ཅིང་ཿ རྡོ་རྗེ་འཆང་དང་ཡོན་ཏན་མཉམ་པར་ངེསཿ རིག་འཛིན་ཐུགས་ཐིག་དཔལ་གྱི་བེའུ་འོཿ སྐལ་ལྡན་རིག་འཛིན་བུ་ཁྱོད་འབྲས་བུ་འགྲུབཿ མཁའ་འགྲོ་གསང་བའི་བརྡ་རིས་ཆེན་མོར་འབེབསཿ ཡུམ་ཆེན་ཐུགས་ཀྱི་ཀློང་དུུ་རྒྱ་ཡིས་བཏབཿ མ་འོངས་བྱང་ཕྱོགས་ཁ་བ་ཅན་གྱི་ཡུལཿ མདོ་སྔགས་ཆོས་ཀྱི་བྱིན་རླབས་ཉམས་གྱུར་ནསཿ དམ་སྲི་འབྱུང་པོ་བསླུ་བྲིད་ཡུལ་ཁམས་འགེང་ཿ བོད་ཁམས་སྡིག་ལ་སྦྱོར་ཞིང་ཕུང་ཉེ་བཿ ཐ་མའི་དུས་སུ་ཁྱོད་སྤྲུལ་རིག་འཛིན་དངཿ འཕྲད་ནས་ས་ལམ་ཚེ་བསོད་བར་ཆད་ཞིཿ བསོད་ནམས་མངའ་ཐང་ཉི་འོག་ཁྱབ་ཡང་སྲིདཿ བསྟན་པའི་པད་ཚལ་བྱང་ནས་བྱང་དུ་རྒྱསཿ འགྲོ་དོན་གདུལ་བྱ་རོང་གི་ཕྱོགས་སུ་འོངཿ བདུད་སྤྲུལ་བསླུ་བྲིད་ལྷོ་དང་ནུབ་ནས་ལྡངཿ རེ་དོགས་མི་བྱེད་དབང་ལྡན་ཕྱོགས་སུ་དེངཿ ཐེ་ཚོམ་མེད་པར་ཡི་དམ་འདི་ལ་འབདཿ བླ་མ་རང་ཡིན་ཡི་དམ་འདི་ལས་མེདཿ མཁའ་འགྲོ་གྲོགས་ཀྱི་དམ་ཚིག་གཅེས་པར་གྱིསཿ སྲུང་མ་རལ་གཅིག་རྡོ་རྗེ་དྲག་རྒྱལ་མསཿ མ་སྒྲུབ་པ་ཡང་ལུས་དང་གྲིབ་བཞིན་འགྲོགསཿ གཞན་རྐྱེན་འཐོར་རླུང་དྲག་པོའི་རྒྱུད་བསྐུལ་ནསཿ རེ་དོགས་སྐྱོ་སུན་རླུང་ལྟར་འཚུབ་པའི་ཚེཿ སྒྱུ་མའི་དཔེ་བརྒྱད་སྒོམས་ལ་ཉམས་ལེན་སྐྱོངཿ རྒྱུན་གྱི་བློ་གཏད་ང་དང་འཕགས་མ་གྱིསཿ ངུར་མོ་ལོ་ལ་རྣམ་སྨིན་རིག་འཛིན་འགྲུབཿ མཐུ་སྟོབས་རྫུ་འཕྲུལ་ཡོན་ཏན་སྟོབས་རྒྱས་ནསཿ མ་རུང་ལོག་འདྲེན་འགྲོ་བའི་སྡུག་བསྔལ་ཀུནཿ བསྐལ་མུན་ཟེར་སྟོང་འོད་ཀྱིས་བསལ་དང་མཚུངསཿ ནས་ཟན་ལོ་ནས་ཡི་དམ་ལུང་བསྟན་ཐོབཿ ལོ་བདུན་ཕྱག་ཆེན་རིག་འཛིན་འབྲས་བུས་ཐོབཿ ང་དང་དགོང་པ་མཉམ་ཞིང་འབྲས་བུ་འགྲུབཿ ལ་བ་ས་ཡི་རྣམ་ཐར་སྐྱོང་བྱེད་ཅིང་ཿ ས་ར་ཧ་ཡི་རྫུ་འཕྲུལ་གྲུབ་རྟགས་གྲུབཿ སྣང་བའི་གར་བསྒྱུར་འགྲོ་དོན་དཔག་མེད་སྤྱོདཿ གྱ་དགུའི་དུས་སུ་ལྷུན་འགྲུབ་རིག་འཛིན་གྱིསཿ འབྲས་སྨིན་ལྷོ་མོན་མཚམས་སུ་འོད་སྐུར་དེངཿ ང་ཡིས་ཐུགས་ཀྱི་ཀློང་དུ་དབྱེར་མེད་འདྲེསཿ སྙིང་གི་དཀྱིལ་དུ་སྦོས་ཤིག་ས་མ་ཡཱཿ རྒྱ་རྒྱ་རྒྱཿ གུ་ཧྱཿ ལུས་ཀྱི་རྒྱཿ ངག་གི་རྒྱཿ ཙིཏྟའི་རྒྱཿ སྲོག་གི་རྒྱཿ དམ་ཚིག་གི་རྒྱཿ ཁ་ཐཾཿ དྲག་པོའི་ལྷ་གསུམ་ཉིན་མཚན་གཡེལ་མེད་དུཿ སྲུང་ལ་ལེགས་སྤེལ་ཉེས་བསྲུང་འཕྲིན་ལས་སྒྲུབསཿ དམ་ཉམས་བཀའ་རྐུན་ལོག་སྲིད་ཐེ་ཚོམ་ཅནཿ རླུང་ཕྱོགས་ཙམ་ཡང་ཤོར་ན་སྲོག་སྙིང་འགསཿ ཙིཏྟ་ན་རཀྐནཿ ཁ་ཐཾཿ ཨེ་མ་ཧོཿ བདག་འདྲ་དགའ་རབ་དཔའ་བོས་འོད་གསལ་སྒྱུ་མའི་ལུས་སུ་སྤྲུལ་ནས་ཡུམ་ཆེན་ཐུགས་ཀློང་བརྡ་རིས་ཆེན་མོ་ལས་དག་པར་ཕབ་པའི། ཡི་གེའི་འདུ་བྱེད། དམ་ལྡན་རིག་པའི་ཡེ་ཤེས་ཀྱིས་བགྱིས་པ་སྟེཿ གཞན་ལས་ཁྱད་པར་འཕགས་པའི་གདམས་པ་ཟབ་མོ་ཡོངས་སུ་དགེ་བར་གྱུར་ཅིགཿ