DKYD-KABUM-03-GA-009: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 7: Line 7:
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|terma=Yes
|language=Tibetan
|language=Tibetan
|pagestatus=Temporary stub only
|pagestatus=Temporary stub only

Revision as of 16:37, 20 June 2024

Wylie title
Location mdo mkhyen brtse bka' 'bum
Volume 3, Text 9, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre
[edit]
༄༅༔ ཡང་གསང་པདྨ་སྙིང་པོ་ལས༔ བླ་མའི་སྒྲུབ་པ་ཡིད་བཞིན་ནོར་བུ་བཞུགས༔

«༄༅ཿ ྅྅྅྅྅༔ སྐལ་བཟང་འདྲེན་པ་སྟོང་རྩ་རྒྱལ་སྲས་སོགས༔ རྩ་བ་གསུམ་ལ་གུས་པས་སྐྱབས་སུ་མཆི༔ བདག་འདྲ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ མཚོ་རྒྱལ་ཁྱོད་དང་མ་འོངས་གདུལ་བྱའི་དོན༔ རང་གི་སྒྲུབ་པ་སྙིང་པོའི་བཅུད་དྲིལ་བ༔ ཡང་ཟབ་མཐར་ཐུག་བྱིན་རླབས་སྤྲིན་ཕུང་བསྟན༔ ཚེས་བཅུའི་དུས་མཆོད་ཟུངས་ལ་སྒྲུབ་པ་གྱིས༔ གདམས་པ་འདི་འཕྲད་ང་མཇལ་ཁྱད་པར་མེད༔ དེ་ཕྱིར་སྙིང་ལ་འཆང་ནས་ཉམས་སུ་ལོངས༔ ས་མ་ཡཱ༔ དབེན་པར་སྐུ་རྟེན་དཀྱིལ་འཁོར་ཡོ་བྱད་དང༔ ཕྱི་ནང་མཆོད་ཚོགས་ཚོགས་གཏོར་རྒྱ་ཆེར་བཤམས༔ སྤྲོས་མེད་ཏིང་འཛིན་དཀྱིལ་འཁོར་སྣོད་བཅུད་བསྒྱུར༔ སངས་རྒྱས་ཀུན་འདུས་པདྨ་བདག་ཉིད་དང༔ བཀའ་དྲིན་འཁོར་མེད་བླ་མ་དབྱེར་མེད་པར༔ ཁྱེད་ཤེས་མོས་གུས་དད་པ་བརྟན་པོ་ཡིས༔ དང་པོ་སྐྱབས་སུ་འགྲོ་བའི་རིམ་པ་ནི༔ »ན་མོཿ བདེ་གཤེགས་སྐུ་གསུམ་རྒྱལ་བ་ཀུན་འདུས་དངོས༔ རྩ་གསུམ་སྤྱི་དཔལ་གུ་རུ་པདྨ་འབྱུང༔ རྒྱལ་བ་རིག་འཛིན་མཁའ་འགྲོའི་ཚོགས་བཅས་ལ༔ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི༔ «གཉིས་པ་སེམས་བསྐྱེད་པ་ནི། »ན་མོཿམཐའ་ཡས་ཕ་མ་རིགས་དྲུག་སེམས་ཅན་ཀུན༔ འཁོར་བའི་སྡུག་བསྔལ་འཁྲུལ་འཁོར་རང་ཞིག་ནས༔ རིག་འཛིན་བླ་མའི་གོ་འཕང་འཐོབ་བྱའི་ཕྱིར། སྨོན་དང་འཇུག་པའི་བྱང་ཆུབ་སེམས་མཆོག་བསྐྱེད༔ «གསུམ་པ་ཡན་ལག་བདུན་པ་ནི༔ »ན་མོཿ བདེ་གཤེགས་བླ་མ་གནས་འདིར་སྤྱན་འདྲེན་གཤེགས༔ བདག་ལུས་ཞིང་རྡུལ་གྲངས་སྙེད་གུས་ཕྱག་འཚལ༔ ཀུན་བཟང་བླ་མེད་མཆོད་སྤྲིན་རྒྱ་མཚོས་མཆོད༔ ཚེ་རབས་ལས་ཀྱི་སྡིག་སྒྲིབ་ཉམས་ཆགས་བཤགས༔ རྒྱལ་པ་སྲས་བཅས་མཛད་པར་རྗེས་ཡི་རངས༔ འགྲོ་བའི་དོན་དུ་ཆོས་འཁོར་རྟག་ཏུ་བསྐོར༔ འགྲོ་བའི་མགོན་རྣམས་དོན་བཞུགས་གསོལ་བ་འདེབས༔ དུས་གསུམ་དགེ་ཚོགས་སེམས་ཅན་དོན་དུ་བསྔོ༔ «བཞི་པ་བགེགས་ལ་བཀའ་བསྒོ་བ་ནི༔ གཏོར་མ་བྱིན་གྱིས་བརླབ་ཅིང་བསྔོ་ལ༔ »ཧཱུྃ་ང་ནི་བླ་མ་རིག་འཛིན་དྲག་པོའི་སྐུ༔ དམར་ནག་མེ་ཕྲེང་གདུག་པ་གདུལ་བའི་གཤེད༔ གསང་སྔགས་སྒྲུབ་ལ་བར་དུ་གཅོད་བྱེད་པའི༔ བགེགས་ཚོགས་ལོག་འདྲེན་གཏོར་མ་འདི་ལོངས་ལ༔ མཐའ་ཡི་རྒྱ་མཚོ་ཆེན་པོའི་ཕ་མཐར་དངོས༔ བཀའ་ལས་འདའ་ན་ཁྲོ་མཚོན་མེ་དཔུང་གིས༔ རྡུལ་ཕྲན་ཕྱེ་མར་བརླག་པར་གདོན་མི་ཟ༔ «དྲག་སྔགས་མེ་དཔུང་ཐུན་གྱིས་གཟིར༔ ལྔ་པ་མཚམས་བཅད་པ་ནི༔ »ཧཱུྃ་ཕྱི་སྣོད་ནང་བཅུད་ཡེ་ནས་གཞལ་ཡས་ཁང༔ རྣམ་དག་ཆོས་དབྱིངས་རོལ་པ་ཆེན་པོ་ལ༔ གློ་བུར་བག་ཆགས་གདོན་བགེགས་ཡེ་ནས་དབེན༔ ཡེ་ཤེས་རྡོ་རྗེའི་གུར་གྱིས་མཚམས་བཅད་དོ༔ བཛྲ་རཀྵ་རཀྵ༔ «དྲུག་པ་བྱིན་འབེབ་པ་ནི༔» ཧྲཱིཿ འོག་མིན་ཆོས་དབྱིངས་ལོངས་སྐུ་རིགས་ལྔའི་ཞིང༔ འགྲོ་འདུལ་སྤྲུལ་པ་སྐུ་ཡི་གནས་མཆོག་ནས༔ སྐུ་གསུམ་རྒྱལ་བ་རིག་འཛིན་གྲུབ་ཐོབ་ཚོགས༔ རྩ་གསུམ་ལྷ་ཚོགས་རྣམས་ཀྱིས་བྱིན་ཕོབ་ཅིག༔ གནས་ཁང་གཞལ་ཡས་རིག་འཛིན་སྒྲུབ་པ་པོ༔ མཆོད་རྫས་ཡོ་བྱད་རྣམས་ལ་བྱིན་ཕོབ་ཅིག༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ བུདྷ་དྷརྨ་སངྒ་གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་ས་མ་ཡ་ཨ་ཝེ་ཤ་ཡ་ཕཻཾ་ཕཻཾ༔ «བདུན་པ་མཆོད་པ་བྱིན་རླབས་ནི༔ »ཨོཾ་ཨཱཿཧཱུཾཿ འཁོར་འདས་དངོས་པོར་འཛིན་པའི་ཆོས་སོ་ཅོག༔ ཀུན་ཏུ་བཟང་པོའི་མཆོད་པའི་རྣམ་རོལ་དུ༔ སྨན་གཏོར་རཀྟ་ཚོགས་མཆོད་དང་རེ་སྤྲོ༔ བླ་མེད་དཔག་ཡས་མཆོད་སྤྲིན་རྒྱ་མཚོར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ས་དྱཾ་པུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་ཏྱེ་ཤབྟ། སརྦ་པཉྩ་རཀྟ་བྷ་ལིང་ཏ་སརྦ་པུ་ཙ་ཧོ༔ «ཞེས་བྱིན་གྱིས་བརླབ་ལ་དེ་དག་སྔོན་འགྲོའི་རིམ་པའོ༔ དངོས་གཞིའི་དང་པོ་ལྷ་བསྐྱེད་རིམ་པ་ནི༔ »ཧྲཱིཿ སྟོང་ཉིད་ཆོས་དབྱིངས་ཀུན་ཁྱབ་སྤྲོས་དང་བྲལ༔ སྟོང་གསལ་རིག་པ་བརྗོད་མེད་ངང་ཉིད་ལས༔ འགྲོ་ལ་དམིགས་མེད་སྙིང་རྗེ་ཆེན་པོའི་གདངས༔ ཀུན་ལ་ཁྱབ་པའི་ངང་ལས་རང་རིག་ཧཱུྃ༔ དེ་ལས་འོད་འཕྲོས་རབ་འབྱམས་རྒྱལ་བ་མཆོད༔ བྱིན་རླབས་ཚུར་བསྡུས་འགྲོ་དྲུག་སེམས་ཅན་གྱིས༔ ལས་སྒྲིབ་སྦྱང་ཞིང་འཁོར་འདས་དྭངས་བཅུད་བསྡུས༔ ཧཱུྃ་ལས་འོད་འཕྲོས་ཕྱི་སྣོད་གཞལ་ཡས་ཁང༔ དཔལ་རི་བདེ་ཆེན་གཞལ་ཡས་བཀོད་མཛེས་དབུས༔ རིན་ཆེན་སེང་ཁྲི་པདྨ་ཉི་ཟླའི་སྟེང༔ རྒྱུ་ཡི་རིག་པ་ཧཱུྃ་ཡིག་འོད་ཞུ་ལས༔ སངས་རྒྱས་ཀུན་འདུས་གུ་རུ་པདྨ་འབྱུང༔ སྐུ་མདོག་དཀར་དམར་མཛེས་འཛུམ་གཟི་འོད་འབར༔ ཞལ་གཅིག་ཕྱག་གཉིས་རྒྱལ་པོ་རོལ་སྟབས་བཞུགས༔ དབུ་ལ་སྙན་ཞུ་སྣ་ཚོགས་རྡོ་རྗེ་དང༔ རྒོད་སྒྲོ་དར་སྣ་མེ་ལོང་ལྔས་བརྒྱན་གསོལ༔ སྐུ་ལ་ཕོད་ཁ་ཆོས་གོས་བེར་འདུང་མནབས༔ ཕྱག་གཡས་གསེར་རྡོར་རྩེ་ལྔ་ཐུགས་ཀར་མཛེས༔ གཡོན་པས་བུམ་ཐོད་བདུད་རྩིས་བལྟམས་པ་བསྣམས༔ རིན་ཆེན་རྒྱན་ཆ་དུ་མས་ལེགས་པར་སྤུད༔ མཆན་ཁུང་གཡོན་དུ་ལྷ་ལྕམ་ཁ་ཊྭཱཾ་ཚུལ༔ མཚན་དཔེའི་རབ་འབར་འོད་ཀྱི་དཀྱིལ་འཁོར་དབུས༔ བདེ་ཆེན་འདུ་འབྲལ་མེད་པའི་ངང་ནས་བཞུགས༔ རིག་འཛིན་བརྒྱད་སོགས་གྲུབ་ཐོབ་རྒྱ་མཚོ་དང༔ མཁའ་འགྲོ་སྤྲིན་ཕུང་འཁྲིགས་བཞིན་བསྐོར་བའི་མཐར༔ བཀའ་སྡོད་ཆོས་སྲུང་དམ་ཅན་སྤྲིན་ལྟར་གཏིབས༔ གཙོ་བོའི་གནས་གསུམ་སྙིང་པོ་འབྲུ་གསུམ་ལས༔ འོད་འཕྲོས་སྐུ་གསུམ་རྒྱལ་བའི་ཞིང་ཁམས་དང༔ དཔལ་རི་བདེ་ཆེན་འབར་བའི་ཕོ་བྲང་ནས༔ རྩ་གསུམ་རྒྱལ་བ་རིག་འཛིན་ལྷ་ཚོགས་ཀུན༔ པདྨ་ཐོད་ཕྲེང་རྣམ་པར་སྤྱན་དྲངས་བསྟིམས༔ «གཉིས་པ་སྤྱན་འདྲེན་ནི༔» ཧྲཱི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོ་དང༔ རིག་འཛིན་གྲུབ་ཐོབ་རྒྱ་མཚོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་རླབ་ཕྱིར་གཤེགས་སུ་གསོལ༔ དབྱིངས་བཞུགས་རྒྱལ་བ་སྲས་དང་བཅས༔ ཆོས་དབྱིངས་འདུ་འབྲལ་མེད་ཀློང་ནས༔ གཤེགས་དང་བཞུགས་པར་མི་དམིགས་ཀྱང༔ བདག་སོགས་འགྲོ་བའི་མོས་བློ་དང༔ འཚམས་པར་ཡེ་ཤེས་སྐུར་སྤྲུལ་ལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བདག་ཅག་མོས་པའི་སྐལ་ལྡན་བུ༔ བྱིན་གྱིས་རློབས་ལ་དབང་བཞི་བསྐུར༔ སྒོ་གསུམ་སྨིན་ཅིང་གྲོལ་བ་དང༔ མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་སྩལ་བཛྲ་ས་མ་ཡ་ཛ་ཛ༔ ཨ་བེ་ཤ་ཡ་ཕཻཾ་ཕཻཾ༔ «གསུམ་པ་བཞུགས་སུ་གསོལ་པ་ནི༔ »ཧཱུྃ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ རང་བྱུང་རིག་པའི་རོལ་རྩལ་དཀྱིལ་འཁོར་ལྷ༔ ཡེ་ནས་འདུ་འབྲལ་མེད་པའི་ངོ་བོ་རུ༔ བརྟན་བཞུགས་དགྱེས་པ་ཆེན་པོས་རྟགས་མཚན་སྟོན༔ ས་མ་ཡ་ཏིཥྛ་ལྷན༔ «བཞི་པ་ཕྱག་འཚལ་པ་ནི༔ »ཧཱུྃ་སྤྲུལ་པའི་ལྷ་མོ་སྒྱུ་འཕྲུལ་གར་མཁན་མས༔ འཛིན་པས་མ་བཅིང་རང་བྱུང་དོན་གྱི་ལྷར༔ འཛིན་པ་རང་གྲོལ་གཉིས་མེད་བརྡ་ཕྱག་འཚལ༔ ཀུན་འབྱུང་འཁོར་བའི་རྒྱུ་འབྲས་རང་གྲོལ་ཤོག༔ ཨ་ཏི་པུ་ཧོ༔ པྲ་ཏི་ཙ་ཧོ༔ «ལྔ་པ་ཕྱི་མཆོད་འབུལ་པ་ནི༔» ཧཱུྃ་ཡེ་ནས་རང་གྲོལ་དཀྱིལ་འཁོར་ལྷ་ཚོགས་ལ༔ མཆོད་མཛད་སྒེག་སོགས་ལྷ་མོ་བཅུ་དྲུག་གིས༔ སྐུ་གསུང་ཐུགས་ཡོན་དགྱེས་ཕྱིར་མཆོད་ཚོགས་འབུལ༔ ཚོགས་གཉིས་རབ་རྫོགས་སྒྲིབ་པ་གཉིས་སྦྱོང་ཤོག༔ བཛྲ་ཨརྒྷཾ་པ་དྱཾ་པུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གནྡྷེ་ནི་ཝི་ཏེ་ཤཔྟ། རུ་པ་ཤཔྟ་གྷནྡྷེ་ར་ས་སྤརྴེ་པུ་ཙ་ཧོ༔ «དྲུག་པ་ནང་མཆོད་འབུལ་པ་ནི༔ »ཧཱུྃ་བཅུ་དྲུག་དགའ་སྟེར་མཆོག་གི་ཕོ་ཉ་མོར༔ སྦྱོར་བས་ལེགས་དྲངས་བྱང་ཆུབ་སེམས་མཆོག་དང༔ ལེགས་སྦྱར་རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན༔ ཆགས་ཆེན་པདྨ་རཀྟ་མུ་ལའི་རྫས༔ རྒྱུ་གཉིས་རྐྱེན་བཞི་སྦྱར་བའི་དམར་ཆེན་པོ༔ རང་བྱུང་ལྷུན་གྲུབ་དམ་རྫས་གཏོར་ཆེན་འབུལ༔ ཏན་གན་སྦྱོར་སྒྲོལ་ཆོས་ཀྱི་ཕྱག་རྒྱ་སོགས༔ དཀྱིལ་འཁོར་ལྷ་ཚོགས་མཆོད་པས་མཉེས་གྱུར་ཅིག༔ ཏ་ན་ག་ན་སརྦ་པཉྩ་རཀྟ་བཱ་ལིང་ཏ་པཱུ་ཛ་ཧོ༔« བདུན་པ་བསྟོད་པ་བྱ་བ་ནི༔ »ཧྲཱིཿསྐུ་ལྔ་ལྷུན་གྲུབ་རིགས་ཀུན་འདུས་པའི་དཔལ༔ འཆི་མེད་རིག་འཛིན་རྗེ་བཙུན་པདྨ་འབྱུང༌། བླ་མ་ཡི་དམ་མཁའ་འགྲོ་ཀུན་དངོས་རྒྱལ༔ ལྷག་པའི་ལྷ་མཆོག་ཐོད་ཕྲེང་རྩལ་ལ་བསྟོད༔ ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོའི་དབུས༔ པད་སྡོང་རྩེར་འཁྲུངས་སྤྲུལ་པས་འགྲོ་དོན་མཛད༔ སྐྱབས་གནས་གཅིག་ཆོག་བླ་མ་སྤྲུལ་པའི་སྐུ༔ པདྨ་འབྱུང་གནས་སྐུ་གསུང་ཐུགས་ལ་བསྟོད༔ གང་འདུལ་རོལ་པ་ཆེན་པོའི་ཕྲིན་ལས་ཀྱིས༔ གདུལ་བྱའི་དོན་མཛད་སྣ་ཚོགས་སྤྲུལ་བསྒྱུར་མཁན༔ པདྨའི་ཐུགས་སྤྲུལ་རིག་འཛིན་གྲུབ་ཐོབ་དང༔ མ་ཚོགས་ཌཱཀྐི་དམ་ཅན་ཚོགས་ལ་བསྟོད༔ «བརྒྱད་པ་བཟླས་དམིགས་ནི༔ »རིག་འཛིན་བླ་མའི་ཐུར་ཀར་ཡེ་ཤེས་སེམས༔ ཀུན་བཟང་མཐིང་ཀ་མཉམ་བཞག་སྐྱིལ་ཀྲུང་བཞུགས༔ ཐུགས་ཁར་གསེར་གྱི་རྡོ་རྗེ་རྩེ་ལྔའི་དབུས༔ པད་ཟླའི་གདན་ལ་ཏིང་འཛིན་སེམས་དཔའ་ཧཱུཾ༔ དེ་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལ༔ འོད་འཕྲོས་ཞིང་ཁམས་རྒྱལ་བ་རབ་འབྱམས་མཆོད༔ བྱིན་རླབས་ཚུར་བསྡུས་སླར་འཕྲོས་འགྲོ་དྲུག་གི༔ ལས་ཉོན་བག་ཆགས་སྒྲིབ་པ་ཀུན་སྦྱང་ནས༔ བཅུད་བསྡུས་རྣམ་དག་བདེ་ཆེན་ཞིང་དུ་བསྒྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ «ལྷ་ལ་གསལ་སྣང་ཐེབ་ནས་ཏིང་འཛིན་བསྒྱུར༔ དམིགས་པ་གནད་ཆུམ་ཚེ་ན་ཆོས་ཉིད་ཀྱི༔ ངང་གདངས་སྐྱོང་ཞིང་ཐིག་ལེ་ལུ་གུ་རྒྱུད༔ གནད་དུ་གཅུན་ཞིང་ཉམས་ལེན་མཐར་ཕྱིན་བྱ༔ ཚད་ཀྱི་བསྙེན་པ་འབྲུ་འབུམ་ཁ་ལྷག་གཅིག༔ མཚན་མའི་བསྙེན་པ་རྟགས་ཐོན་པར་དུ་བཟླ༔ »སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཐུགས་རྒྱུད་བསྐུལ༔ ཕྱི་སྣོད་རྣམ་དག་ཟངས་མདོག་དཔལ་རིའི་ཞིང༔ ནང་བཅུད་རིག་འཛིན་ཌཱཀྐི་སྤྲིན་ཕུང་གཏིབས༔ ཆོས་ཉིད་རྡོ་རྗེའི་གླུ་དང་སྔགས་སྒྲ་སྒྲོགས༔ མཁའ་འགྲོའི་བརྡ་ཡི་སྲིད་གསུམ་དབང་དུ་བསྡུས༔ རིག་རྩལ་ཉམས་ཀྱི་སྣང་བ་འར་མ་འུར༔ མཉམ་སྦྱོར་བདེ་བའི་སྲས་བསྐུལ་རྒྱལ་བ་མཆོད༔ བག་ཆགས་སྣང་བ་དབྱིངས་དག་ལྷ་ཡི་ངང༔ སྐྱེ་མེད་ཆོས་དབྱིངས་ཆེན་པོར་འབྱམས་སུ་ཀླས༔ ཨོཾ་ཨཱཿཧཱུྃ། བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡཱ་ཛ༔ སིདྡྷི་ཕ་ལ་ཧཱུྃ༔ «སྙན་པའི་དབྱངས་ཀྱིས་སྔགས་འདི་འབུམ་ཐེར་བཟླ༔ སྣང་བ་བརྡའ་གྲོལ་མ་དག་འཛིན་ཞེན་དག༔ རང་སྣང་ཟངས་མདོག་དཔལ་རིར་མངོན་འགྱུར་ཞིང༔ རྗེ་བཙུན་པདྨ་ཐོད་ཕྲེང་ཞལ་མཐོང་ངེས༔ ཚེ་འདིར་ལས་བཞི་ལྷུན་གྲུབ་མཁའ་འགྲོ་འདུ༔ ཚེ་འཕོས་རིགས་ལྔའི་ཞིང་དུ་མངོན་འཚང་རྒྱ༔ གུ་རུའི་སྒྲུབ་པ་ཡང་ཟབ་མཐར་ཐུག་གནད༔ འོ་མའི་རྒྱ་མཚོའི་བཅུད་དྲིལ་ཡང་ཞུན་འདི༔ མ་ཚོགས་ཌཱཀྐི་འདུ་བའི་བླ་རྡོ་སྟེ༔ དམ་ཅན་སྲུང་མའི་སྲོག་སྙིང་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔