ཡང་གསང་པདྨ་སྙིང་པོ་ལས༔ བླ་མའི་སྒྲུབ་པ་ཡིད་བཞིན་ནོར་བུའི་གསོལ་འདེབས་བཞུགས༔

From Khyentse Lineage - A Tsadra Foundation Project
Wylie title yang gsang pad+ma snying po las bla ma'i sgrub pa yid bzhin nor bu'i gsol 'debs
Location mdo mkhyen brtse bka' 'bum
Volume 3, Text 8, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Supplications - gsol 'debs
Cycle ཡང་གསང་པདྨ་སྙིང་པོ་ (yang gsang pad+ma snying po)
[edit]
༄༅ཿ ཡང་གསང་པདྨ་སྙིང་པོ་ལས༔ བླ་མའི་སྒྲུབ་པ་ཡིད་བཞིན་ནོར་བུའི་གསོལ་འདེབས་བཞུགས༔

ཀྭྂ༔ ཨེ་མ་ཧོ། སྤྲོས་བྲལ་ཆོས་དབྱིངས་དག་པ་ཆེན་པོ་ལས༔ ཐིམ་ལ་མ་རྨུག་གཞོན་ནུ་བུམ་པའི་སྐུ༔ ནང་དབྱིངས་སྟོང་གསལ་འོད་ལྔར་འཁྱིལ་པའི་གདངས༔ ཀུན་བཟང་ཡབ་ཡུམ་གཉིས་ལ་གསོལ་བ་འདེབས༔ ཀ་དག་བློ་འདས་རྟོགས་པར་བྱིན་གྱིས་རློབས༔ ལྷུན་གྲུབ་ཟབ་གསལ་བདེ་ཆེན་དག་པའི་གདངས༔ སྐུ་ལྔ་ཡེ་ཤེས་ལྔ་ཡི་རྣམ་རོལ་གར༔ རང་སྣང་འོག་མིན་ཞིང་ལ་དབང་བསྒྱུར་བའི༔ ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས༔ དབྱིངས་སྣང་ཟད་པར་འཁྱོལ་བར་བྱིན་གྱིས་རློབས༔ སྤྲུལ་པའི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་རུ༔ ཐུགས་རྗེའི་རོལ་རྩལ་མ་འགགས་ཡོངས་ཤར་བ༔ གང་འདུལ་འགྲོ་བའི་དོན་དུ་གཟུགས་སྐུའི་ཚུལ༔ སྟོན་མཛད་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ དོན་གཉིས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས༔ མངོན་རྫོགས་ཞིང་དུ་ཁྲག་འཐུང་རྒྱལ་པོའི་ཚུལ༔ བདེ་བ་ཅན་དུ་སངས་རྒྱས་དམར་པོའི་སྐུ༔ རི་བོ་ཏ་ལར་ཕྱག་ན་པདྨོའི་ཚུལ༔ པདྨ་འབྱུང་གནས་མཆོག་ལ་གསོལ་བ་འདེབས༔ བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས༔ མཐའ་འཁོབ་བོད་ཡུལ་མུན་པའི་སྨག་རུམ་དུ༔ བསྟན་གཉིས་ཆོས་ཀྱི་ཉི་མ་ཤར་མཛད་ཅིང༔ འགྲོ་བའི་སྡུག་བསྔལ་སྨག་རུམ་ཅིག་ཆར་དུ༔ སེལ་མཛད་ཨོ་རྒྱན་ཆེན་པོར༴ མཆོག་ཐུན་དངོས་གྲུབ་ཐོབ་པར༴ ད་ལྟར་ཟ་བྱེད་ལྷོ་ནུབ་སྲིན་ཡུལ་དབུས༔ ཧེ་རུ་ཀ་དཔལ་སྐུ་དངོས་འགྲོ་དོན་མཛད༔ ཐུགས་རྗེས་བོད་ཡུལ་ལས་ཅན་གདུལ་བྱ་སྐྱོངས༔ གུ་རུ་ཐོད་ཕྲེང་རྩལ་ལ༴ ལས་བཞི་ལྷུན་གྲུབ་བྱིན་རླབས་མཐུ་ནུས་སྩོལ༔ སྟོང་ཆེན་ཀུན་ཏུ་བཟང་མོའི་མཁའ་ཀློང་ལས༔ རྣམ་པར་རོལ་པ་སྒྱུ་མའི་གར་བསྒྱུར་མཁན༔ འགྲོ་བའི་མཚན་འཛིན་ལོག་རྟོག་གཞོམ་པའི་བདུད༔ རིག་འཛིན་མཁའ་འགྲོའི་ཚོགས་ལ༴ སྣང་སེམས་འཛིན་པ་གྲོལ་བར་བྱིན་གྱིས་རློབས༔ ཡེ་ནས་དག་པ་གཉིས་ལྡན་ས་ཐོབ་ཅིང༔ འགྲོ་ཀུན་ངན་སོང་གཡང་ས་ལས་སྒྲོལ་ཞིང༔ བླ་མེད་བྱང་ཆུབ་ལམ་ལ་འགོད་མཛད་ཕྱིར༔ སེམས་དཔའི་སྐུར་བཞེངས་ཚངས་པ་ལྷའི་མེ་ཏོག༔ གཙོར་མཛད་རྗེ་འབངས་ཚོགས་ལ༴ འགྲོ་དོན་མཐའ་རུ་འཁྱོལ་པར༴ ཨོ་རྒྱན་ཆེན་པོའི་སྤྲུལ་པའི་སྒྱུ་འཕྲུལ་གར༔ ཡང་ཟབ་གདམས་པའི་ཕ་ཕོག་ལེགས་ཐོབ་ཅིང༔ ཌཱཀྐིའི་གསང་མཛོད་དབང་བསྒྱུར་དྲིན་ལྡན་མགོན༔ བདུད་འདུལ་ཁྲག་འཐུང་རྩལ་ལ༴ དབང་བཞི་ཡོངས་སུ་རྫོགས༴ ཆོས་ཉིད་གཅིག་ལས་དུ་མའི་རྣམ་རོལ་བསྒྱུར༔ ཞི་ཆགས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ༔ ལོག་རྟོག་དབྱིངས་སུ་སྒྲོལ་བའི་མཐུ་ལྡན་དཔལ༔ ཡི་དམ་ཌཱཀྐིའི་ཚོགས་ལ་གསོལ༴ བར་ཆད་བདུད་ལས་རྒྱལ་བར༴ ལེགས་ཉེས་སྟང་འཛིན་དམ་ཚིག་ལས་རྗེས་གཅོད༔ པདྨའི་རིང་ལུགས་བཀའ་ཡི་བྱ་ར་མཛད༔ དམ་ལྡན་བུ་བཞིན་སྐྱོང་བའི་ཐ་ཚིག་ཅན༔ དམ་ཅན་སྲུང་མའི་ཚོགས་ལ་གསོལ་བ་འདེབས༔ དགྲ་བགེགས་ནུས་མཐུས་སྒྲོལ་བར་བྱིན་གྱིས་རློབས༔ དེ་ལྟར་གསོལ་བ་བཏབ་པའི་མཐུ་ནུས་ཀྱིས༔ མ་རིག་ཉོན་མོངས་དུག་ལྔའི་མདག་མེའི་འོབ༔ ཐུགས་རྗེས་ཤུགས་དྲག་ཆུ་རྒྱུན་གྱིས་གཞིལ་ནསཿ བདག་སོགས་སྒོ་གསུམ་སྨིན་ཅིང་གྲོལ་བ་དངཿ རིགས་བདག་བླ་མའི་གོ་འཕང་མྱུར་ཐོབ་ནསཿ ཀུན་ཏུ་བཟང་པོའི་གཞི་ཐོག་གྲོལ་བར་ཤོག༔