PJCW-KABUM-02-KHA-012: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 12: Line 12:
|volumenumber=02
|volumenumber=02
|volumeLetter=KHA
|volumeLetter=KHA
|volnumtib=༢
|volyigtib=ཁ
|textnuminvol=012
|textnuminvol=012
|pdflink=File:PJCW-KABUM-02-KHA-012.pdf
|pdflink=File:PJCW-KABUM-02-KHA-012.pdf

Revision as of 15:19, 4 June 2024

Wylie title
Location dpal sprul bka' 'bum
Volume 2, Text 12, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre
[edit]
༄༅། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་སྤྱི་དོན་ས་བཅད་རྒྱས་བསྡུས་མཚམས་པ་འབྲིང་པོ་ལྟར་བྱས་པ་བཞུགས་སོ། །


བླ་མ་དང་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །ཆོས་ཐམས་ཅད་གཞུང་ལམ་གཅིག་ཏུ་སྟོན་པ་བསྟན་བཅོས་ཡོན་ཏན་རིན་པོ་ཆེའི་མཛོད་འདི་ཉིད་འཆད་པར་བྱེད་པ་ལ། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་དང་གསུམ། དང་པོ་ཐོག་མར་དགེ་བ་ཀླད་ཀྱི་དོན་ལ། མཚན་བརྗོད་པ། མཆོད་པར་བརྗོད་པ། རྩོམ་པར་དམ་བཅའ་བ་དང་གསུམ་ལས། དང་པོ། །མཚན་བརྗོད་པ་ལ། མཚན་རྒྱ་སྐད་ལྟར་སྨོས་པ། མཚན་བོད་སྐད་ལྟར་སྨོས་པ་དང་གཉིས་ལས། དང་པོ་ནི། རྒྱ་གར་སྐད་དུ། གུ་ཎ་ཀོ་ཥ་སོགས་ཀྱིས་བསྟན། གཉིས་པ་ནི། བོད་སྐད་དུ། ཡོན་ཏན་རིན་པོ་ཆེའི་མཛོད་སོགས་ཀྱིས་བསྟན། གཉིས་པ་མཆོད་པར་བརྗོད་པ་ལ་གཉིས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་པས་མཚན་སྨོས་པའི་སྒོ་ནས་བསྡུས་ཏེ་མཆོད་པར་བརྗོད། རིན་ཆེན་སོགས་ཤོ་ལོ་ཀ་གཅིག་གིས་ཡོན་ཏན་དྲན་པའི་སྒོ་ནས་རྒྱས་པར་མཆོད་པར་བརྗོད་པ་དང་གཉིས་སོ། །གསུམ་པ་རྩོམ་པར་དམ་བཅའ་བ་ལ་ཡང་གཉིས། བློ་མཆོག་སོགས་ཤོ་ལོ་ཀ་གཅིག་གིས་དམ་པའི་ཆོས་འཛིན་པའི་ཕན་ཡོན་ལ་བསམས་ནས་རྩོམ་པར་དམ་བཅའ་བ། ཐོག་མ་སོགས་ཤོ་ལོ་ཀ་གཅིག་གིས་དམ་པའི་ཆོས་མི་འཛིན་པའི་ཉེས་དམིགས་ལ་བསམ་ནས་རྩོམ་པར་དམ་བཅའ་བ་དང་གཉིས་སོ། །བར་དུ་དགེ་བ་གཞུང་གི་དོན་ལ། གཞུང་དོན་ལེའུ་བཅུ་གསུམ་ཡོད་པ་མདོར་བསྡུ་ན། ཆོས་ལ་བློ་འཇུག་པའི་རྒྱུ་དལ་འབྱོར་རྙེད་པར་དཀའ་བ་བཤད་པ། བརྩོན་འགྲུས་ཀྱི་ལྕགས་འདེབས་པའི་དོན་དུ་ཚེ་མི་རྟག་པ་སྒོམ་པ་བཤད་པ། ཉམས་སུ་བླང་བྱ་སྐྱེས་བུ་གསུམ་གྱི་ལམ་རིམ་རྒྱ་ཆེར་བཤད་པ་དང་གསུམ། དང་པོ་ཆོས་ལ་བློ་འཇུག་པའི་རྒྱུ་དལ་འབྱོར་རྙེད་པར་དཀའ་བ་བསྒོམ་པའི་ལེའུ་ལ། མི་ལུས་རྣམ་པར་དབྱེ་བ། འགལ་ཟླ་མི་ཁོམ་པ་བརྒྱད་བཤད་པ། དལ་འབྱོར་གྱི་རང་བཞིན་ངོས་བཟུང་པ་དང་། རྙེད་པར་དཀའ་བའི་རྒྱུ་མཚན་བཤད་པ། གདམས་ངག་བརྗོད་པས་མཇུག་བསྡུ་བ་དང་ལྔ། དང་པོ་མི་ལུས་རྣམ་པར་དབྱེ་བ། རིང་ནས་བཤེས་སོགས་ཤོ་ལོ་ཀ་གཅིག །གཉིས་པ་འགལ་ཟླ་མི་ཁོམ་པ་བརྒྱད་བཤད་པ་ལ་གསུམ། དང་པོ་བསམ་བརླག་སོགས་ཤོ་ལོ་ཀས་མདོར་བསྟན། གཉིས་པ་རྒྱས་པར་བཤད་པ་ལ་གཉིས། མི་མ་ཡིན་པའི་མི་ཁོམ་པ་བཞི་བཤད་པ། མི་གྱུར་པའི་མི་ཁོམ་པ་བཞི་བཤད་པ་དང་གཉིས། དང་པོ་མི་མ་ཡིན་པའི་མི་ཁོམ་པ་བཤད་པ་ལ། ཐང་ཅིག་སོགས་ཀྱིས་དམྱལ་བ། རྣག་ཁྲག་སོགས་ཀྱིས་ཡི་དྭགས། དུད་འགྲོ་སོགས་ཀྱིས་དུད་འགྲོ། འཚོ་བའི་སོགས་ཀྱིས་ལྷ་ཚེ་རིང་པོ་བཤད་པའོ། །གཉིས་པ་མིར་གྱུར་པའི་མི་ཁོམ་པ་བཞི་བཤད་པ་ལ། རྐང་པ་སོགས་ཀླ་ཀློ། དབང་པོའི་སོགས་ལྐུག་པ། སྐྱེ་བའི་སོགས་ལོག་ལྟ་ཅན། ཐུབ་པ་སོགས་ཀྱིས་མུན་པའི་བསྐལ་བ་བསྟན་པའོ། །གསུམ་པ། སྡིག་སྡུག་སོགས་ཤོ་ལོ་ཀས་མཇུག་བསྡུས་པའོ། །གསུམ་པ་དལ་འབྱོར་གྱི་རང་བཞིན་ངོས་བཟུང་བ་ལ། ཡུལ་དབུས་སོགས་ཤོ་ལོ་ཀས་རང་འབྱོར། རྒྱལ་བ་སོགས་ཤོ་ལོ་ཀས་གཞན་འབྱོར། གང་ཕྱིར་སོགས་ཤོ་ལོ་ཀས་གཉིས་ཀ་བསྡོམ་སྟེ་བསྟན་པའོ། །བཞི་བ་རྙེད་པར་དཀའ་བའི་རྒྱུ་མཚན་བཤད་པ་ལ། ཅི་ཕྱིར་སོགས་རྐང་པ་གཅིག་གིས་དཔེ་དང་། ལྷག་མ་གསུམ་གྱིས་གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་བའི་རྒྱུ་མཚན་བཤད་པ། དེ་ཕྱིར་སོགས་གདམས་ངག་བརྗོད་པས་མཇུག་བསྡུ་བའོ། །ལེའུ་དང་པོའི་ས་བཅད་དོ། ། ༈ དོན་གཉིས་པ་བརྩོན་འགྲུས་ཀྱི་ལྕགས་འདེབས་པ་ཚེ་མི་རྟག་པ་བསྒོམ་པའི་ལེའུ་ལ། ཕྱི་སྣོད་དང་བཅས་པའི་འཇིག་རྟེན་ལ་བསམས་ནས་མི་རྟག་པ་སྒོམ་པ་དང་། བྱེ་བྲག་བཅུད་ཀྱི་འགྲོ་བ་མི་རྟག་པར་བསྒོམ་པ་གཉིས། དང་པོ་ནི། སྲིད་པ་སོགས་རྐང་པ་བཞི། གཉིས་པ་ལ་བཞི། དང་པོ་དམ་པའི་སྐྱེས་བུ་ལ་བསམ་སྟེ་མི་རྟག་པ་སྒོམ་པ་ནི། ལྷ་མིའི་སོགས་རྐང་པ་བཞི། གཉིས་པ་སྐྱེ་དགུའི་བདག་པོ་ལ་བསམ་སྟེ་མི་རྟག་པ་སྒོམ་པ་བསམ་གཏན་སོགས་རྐང་པ་བཞི། གསུམ་པ་འཆི་བའི་རང་བཞིན་ལ་བསམ་སྟེ་མི་རྟག་པ་སྒོམ་པ། མཐོ་རིས་སོགས་རྐང་པ་བཞི། བཞི་པ་དཔེ་དོན་སྣ་ཚོགས་ལ་བསམ་སྟེ་མི་རྟག་པ་སྒོམ་པ་ལ་བཞི། དང་པོ་མི་རྟག་པ་བག་ལ་ཉལ་མངོན་དུ་སྟོན་པ། སོས་ཀའི་སོགས་རྐང་པ་བཞི། གཉིས་པ་ཚེ་འགྲོ་བའི་དལ་མྱུར་གྱི་དཔེ་བཤད་པ། སྐྱེས་བུས་སོགས་རྐང་པ་བཞི། གསུམ་པ་འཁོར་བ་འཇིག་པའི་འཁྲུལ་འཁོར་ཆེན་པོ་བཞི་སྟོན་པ། དར་ལ་སོགས་རྐང་པ་བཞི། བཞི་པ་འཆི་བའི་གནས་ཚུལ་ལ་བསམ་པ། གང་ཚེ་སོགས་ཤོ་ལོ་ཀ་གསུམ། ལེའུ་གཉིས་པ་སོང་། ༈ དོན་གསུམ་པ་ཉམས་སུ་བླང་བྱ་སྐྱེས་བུ་གསུམ་གྱི་ལམ་རིམ་རྒྱ་ཆེར་བཤད་པ་ལ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་དུ་རྒྱུ་འབྲས་ཀྱི་སྤང་བླང་བཤད་པ། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་དུ་བདེན་པ་བཞི་ལ་འཇུག་ལྡོག་བྱེད་པ། སྐྱེས་བུ་ཆེན་པོའི་ཐུན་མོང་མ་ཡིན་པའི་ལམ་དུ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྒོམ་པ་དང་གསུམ། དང་པོ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་པའི་ལམ་རྒྱུ་འབྲས་ཀྱི་སྤང་བླང་བྱེད་པའི་ལེའུ་ལ་སྐྱེས་བུ་ཆུང་ངུའི་ལམ་དངོས་བཤད་པ་དང་། དེ་ཉིད་ཐབས་ཤེས་ཀྱིས་ཟིན་པས་ཇི་ལྟར་ཉམས་སུ་བླང་ཚུལ་བཤད་པ་དང་གཉིས། དང་པོ་སྐྱེས་བུ་ཆུང་ངུའི་ལམ་དངོས་བཤད་པ་ལ། ལས་འབྲས་ཀྱི་རང་བཞིན་སྤྱིར་བཤད་པ་དང་། དགེ་བ་དང་སྡིག་པའི་ལས་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལས་འབྲས་ཀྱི་རང་བཞིན་སྤྱིར་བཤད་པ་ལ་བདུན་ལས། དང་པོ་ལས་འབྲས་ཆུད་མི་ཟ་བར་བསྟན་པ་ནི། དེ་ལྟར་སོགས་ཤོ་ལོ་ཀ་གསུམ། གཉིས་པ་ལས་འབྲས་མཐུ་ཆེ་བར་བསྟན་པ། བསོད་ནམས་སོགས་ཤོ་ལོ་ཀ་གསུམ། གསུམ་པ་ལས་འབྲས་གཞན་ལ་མི་འཕོ་བར་བསྟན་པ། གང་ཕྱིར་སོགས་ཤོ་ལོ་ཀ་གཅིག །བཞི་བ་འཇིག་རྟེན་པའི་ཆོས་བརྒྱད་དང་བཅུ་གསུམ་བཤད་པ། རྙེད་ལ་སོགས་ཤོ་ལོ་ཀ་གསུམ། ལྔ་པ་ལས་འབྲས་འཕེལ་ཆེ་བར་བཤད་པ། འཁོར་བར་སོགས་ཤོ་ལོ་ཀ་གཉིས། དྲུག་པ་ལས་དཀར་ནག་དང་ལྕི་ཡང་གི་ཁྱད་པར་བཤད་པ། གང་ལ་སོགས་ཤོ་ལོ་ཀ་གསུམ། བདུན་པ་ལས་ཀྱི་འཆར་གཞི་བཤད་པ། ཀུན་གྱི་སོགས་ཤོ་ལོ་ཀ་གཅིག །གཉིས་པ་དགེ་སྡིག་གི་ལས་རྒྱས་པར་བཤད་པ་ལ། མི་དགེ་བ་བཤད་པ་དང་། དགེ་བ་བཤད་པ་གཉིས། དང་པོ་མི་དགེ་བ་བཤད་པ་ལ་གཉིས། དོ་ཟླ་མེད་པ་དཀོན་མཆོག་ལ་བརྟེན་པའི་ལས་བཤད་པ་དང་། དེ་ལས་གཞན་པའི་ལས་བཤད་པ་གཉིས། དང་པོ། ཇི་ལྟར་སོགས་ཤོ་ལོ་ཀ་གཅིག །གཉིས་པ་ལ་སེམས་དང་སེམས་བྱུང་གི་ལས་སྤྱིར་བསྟན་པ། སྤང་བྱའི་རྒྱུ་འབྲས་བྱེ་བྲག་ཏུ་བཤད་པ། སྐབས་ཀྱི་འཇུག་བསྡུ་པ་དང་གསུམ། དང་པོ། དེ་ལས་སོགས་རྐང་པ་གསུམ། གཉིས་པ་ལ། རྒྱུ་བཤད་པ། འབྲས་བུ་བཤད་པ་གཉིས། དང་པོ། རྒྱུ་བཤད་པ་ལ། བསྟན་བཤད་གཉིས། དང་པོ་མདོར་བསྟན་པ། ལུས་ངག་སོགས་རྐང་པ་གཉིས། གཉིས་པ་རྒྱས་པར་བཤད་པ་ལ་གསུམ། ལུས་ཀྱི་སོགས་ཚིགས་བཅད་གཉིས་ཀྱིས་ལུས་ཀྱི་ལས། ངག་གི་སོགས་ཚིགས་བཅད་གཉིས་ཀྱིས་ངག་གི་ལས། ཡིད་ཀྱི་སོགས་རྐང་པ་བདུན་གྱིས་ཡིད་ཀྱི་ལས་བསྟན་པའོ། །གཉིས་པ་འབྲས་བུ་བཤད་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ། ཀུན་ལ་སོགས་རྐང་པ་གཉིས། གཉིས་པ་རྒྱས་པར་བཤད་པ་ལ་བཞི། དང་པོ་རྣམ་སྨིན་གྱི་འབྲས་བུ། རྣམ་སྨིན་སོགས་རྐང་བ་གསུམ། གཉིས་པ་རྒྱུ་མཐུན་གྱི་འབྲས་བུ་ལ། རྒྱུ་མཐུན་སོགས་རྐང་པ་གཉིས་ཀྱིས་བྱེད་པ་རྒྱུ་མཐུན། མྱོང་བ་སོགས་ཚིགས་བཅད་གསུམ་གྱིས་མྱོང་བ་རྒྱུ་མཐུན། གསུམ་པ་དབང་གི་འབྲས་བུ། དབང་གི་སོགས་ཚིགས་བཅད་བདུན་དང་རྐང་པ་གསུམ། བཞི་པ་སྐྱེས་བུ་བྱེད་པའི་འབྲས་བུ། སྐྱེས་བུ་སོགས་རྐང་པ་གཉིས། གསུམ་པ་སྐབས་ཀྱི་མཇུག་བསྡུ་བ། འདི་ལྟར་སོགས་ཚིགས་བཅད་གཅིག །གཉིས་པ་དགེ་བའི་ལས་བཤད་པ་ལ། དགེ་བའི་ལམ་དངོས་བཤད་པ་དང་། སྐྱེས་བུ་ཆུང་ངུའི་ལམ་གྱི་དོན་བསྡུ་བ་གཉིས། དང་པོ། དེ་ཕྱིར་སོགས་ཚིགས་བཅད་གཅིག །གཉིས་པ་དེ་བསྙེན་སོགས་ཚིགས་བཅད་གཅིག །རྩ་བའི་ས་བཅད་གཉིས་པ་དེ་ཉིད་ཐབས་ཤེས་ཀྱིས་ཟིན་པས་ཇི་ལྟར་ཉམས་སུ་བླང་ཚུལ་བཤད་པ་ལ་གཉིས། ཐར་པ་སོགས་རྐང་པ་གསུམ་གྱིས་ཐར་པ་ཆ་མཐུན་སྤྱིར་བཤད། དེ་ཡང་སོགས་རྐང་བ་དགུས་ཐེག་ཆེན་ཐར་པ་ཆ་མཐུན་བྱེ་བྲག་ཏུ་བཤད་པའོ། །ལེའུ་གསུམ་པ་སོང་། །གཉིས་པ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་དུ་བདེན་པ་བཞི་ལ་བླང་དོར་བྱེད་པ་འཁོར་བའི་སྡུག་བསྔལ་གཙོ་བོར་སྟོན་པའི་ལེའུ་ལ། སྐྱེས་བུ་འབྲིང་པོའི་ལམ་དངོས་བཤད་པ་དང་། དེ་ཉིད་སྐྱེ་མེད་དུ་ཤེས་པས་དོན་བསྡུ་བ་གཉིས། དང་པོ་སྐྱེས་བུ་འབྲིང་གི་ལམ་དངོས་བཤད་པ་ལ། བདེན་པ་བཞི་བཤད་པ་དང་། རྟེན་འབྲེལ་ཡན་ལག་བཅུ་གཉིས་བཤད་པ་གཉིས། དང་པོ་བདེན་པ་བཞི་བཤད་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ། མངོན་མཐོའི་སོགས་ཚིགས་བཅད་གཅིག །གཉིས་པ་རྒྱས་པར་བཤད་པ་ལ། སྡུག་བསྔལ་གྱི་བདེན་པ་རྒྱས་པར་བཤད་པ་དང་། བདེན་པ་ལྷག་མ་གསུམ་རྒྱས་པར་བཤད་པ་གཉིས། དང་པོ། སྡུག་བསྔལ་གྱི་བདེན་པ་རྒྱས་པར་བཤད་པ་ལ། འཁོར་བ་སྤྱིའི་སྡུག་བསྔལ་བསྟན་པ་དང་། རིགས་དྲུག་སོ་སོའི་སྡུག་བསྔལ་བསྟན་པ་གཉིས། དང་པོ་འཁོར་བ་སྤྱིའི་སྡུག་བསྔལ་བསྟན་པ་ལ་བཞི། དང་པོ་སྡུག་བསྔལ་གྱི་རང་བཞིན་ཁྱབ་ཆེ་བ། དེ་ལས་སོགས་རྐང་པ་བཞི། གཉིས་པ་སྡུག་བསྔལ་ཉེ་བར་ལེན་པའི་རྐྱེན་བཤད་པ། ཕུང་ཀྲོལ་སོགས་ཚིགས་བཅད་བཞི། གསུམ་པ་སྡུག་བསྔལ་གྱི་གནོད་པ་མཐུ་ཆེ་བར་བཤད་པ། སྲིད་པའི་སོགས་རྐང་བ་བཞི། བཞི་པ་སྡུག་བསྔལ་གྱི་རྣམ་གྲངས་ཡུན་རིང་བར་སྟོན་པ། བདག་ལ་སོགས་ཚིགས་བཅད་གསུམ། གཉིས་པ་རིགས་དྲུག་སོ་སོའི་སྡུག་བསྔལ་བཤད་པ་ལ། ངན་སོང་གི་སྡུག་བསྔལ་བཤད་པ་དང་། མཐོ་རིས་ཀྱི་སྡུག་བསྔལ་བཤད་པ་གཉིས། དང་པོ་ངན་སོང་གི་སྡུག་བསྔལ་བཤད་པ་ལ་བཞི། དང་པོ་ཚ་དམྱལ་བརྒྱད་ཀྱི་སྡུག་བསྔལ། ཁྱད་པར་སོགས་རྐང་པ་བཅུ་གཅིག །གཉིས་པ་ཉེ་འཁོར་ལྷག་པ་བཅུ་དྲུག །སྡུག་བསྔལ་སོགས་ཚིགས་བཅད་གཉིས། གསུམ་པ་གྲང་དམྱལ་བརྒྱད་བཤད་པ། བུ་ཡུག་སོགས་རྐང་པ་བཅུ། བཞི་པ་ཉི་ཚེ་བ་བཤད་པ། འགལ་དུམ་སོགས་ཚིགས་བཅད་གཅིག །ལྔ་པ་སྐབས་ཀྱི་དོན་བསྡུ་བ། དེ་ཕྱིར་སོགས་རྐང་པ་བཞི། ཡི་དྭགས་དང་དུད་འགྲོ་གཉིས་ཀྱི་སྡུག་བསྔལ་ལེའུ་དང་པོར་རྒྱས་པར་བཤད་པས་འདིར་མ་བསྟན་ཀྱང་འགྲེལ་པར་བཤེས་སྤྲིང་ནས་ཁ་བསྐང་པ་ལྟར་བཤད་ན། དང་པོ་ཡི་དྭགས་ལ་བཞི། སྤྱི་མཐུན་གྱི་སྒྲིབ་པ་ཅན། ཡི་དྭགས་སོགས་རྐང་པ་བཅུ། ཟས་སྐོམ་གྱི་སྒྲིབ་པ་ཅན། ཁ་ཅིག་སོགས་རྐང་པ་དྲུག །ཕྱིའི་སྒྲིབ་པ་ཅན། ཡི་དྭགས་སོགས་རྐང་པ་དྲུག །དེ་དག་གི་ཚེ་ཚད། བར་ཆད་སོགས་ཤོ་ལོ་ཀ་གཅིག །གཉིས་པ་དུད་འགྲོ་ལ་གཉིས། སྤྱིར་བཤད་པ། དུད་འགྲོའི་སོགས་རྐང་པ་བཞི། བྱེ་བྲག་ཏུ་དབྱེ་བ། ཁ་ཅིག་སོགས་རྐང་པ་བཞིའོ། །གཉིས་པ་མཐོ་རིས་གསུམ་གྱི་སྡུག་བསྔལ་བཤད་པ་ལ། ལྷའི་སྡུག་བསྔལ། ལྷ་མ་ཡིན་གྱི་སྡུག་བསྔལ། མིའི་སྡུག་བསྔལ་བཤད་པ་དང་གསུམ། དང་པོ་ལྷའི་སྡུག་བསྔལ་བཤད་པ་ལ་གཉིས། གཟུགས་མེད་སོགས་ཚིགས་བཅད་གཅིག་གིས་ཁམས་གོང་མའི་འཕོ་བའི་སྡུག་བསྔལ། ཚངས་དང་སོགས་ཚིགས་བཅད་ལྔས་འདོད་ལྷའི་འཕོ་ལྟུང་གི་སྡུག་བསྔལ་བཤད་པའོ། །གཉིས་པ་ལྷ་མིན་གྱི་སྡུག་བསྔལ། ལྷ་ཡི་སོགས་རྐང་པ་བཞི། གསུམ་པ་མིའི་སྡུག་བསྔལ་ལ། རྩ་བའི་སྡུག་བསྔལ་གསུམ་བཤད་པ་དང་། ཡན་ལག་གི་སྡུག་བསྔལ་བརྒྱད་བཤད་པ་གཉིས། དང་པོ་རྩ་བའི་སྡུག་བསྔལ་ལ་གསུམ། འཚོ་བ་སོགས་རྐང་པ་བཞིས་སྡུག་བསྔལ་གྱི་སྡུག་བསྔལ། མངོན་མཐོའི་སོགས་རྐང་པ་བཞིས་འགྱུར་བའི་སྡུག་བསྔལ། རྐང་པའི་སོགས་བཞིས་འདུ་བྱེད་ཀྱི་སྡུག་བསྔལ་བསྟན་པའོ། །གཉིས་པ་ཡན་ལག་གི་སྡུག་བསྔལ་ལ་གཉིས། དང་པོ། དེ་ལྟར་སོགས་རྐང་པ་བརྒྱད་ཀྱིས་མདོར་བསྟན། གཉིས་པ་རྒྱས་པར་བཤད་པ་ལ་བདུན། དང་པོ། སྐྱེས་བའི་སྡུག་བསྔལ། ཤིན་ཏུ་སོགས་རྐང་པ་ཉེར་གཅིག །གཉིས་པ་རྒ་བའི་སྡུག་བསྔལ། རྒ་བའི་སོགས་རྐང་པ་བརྒྱད། གསུམ་པ་ན་བའི་སྡུག་བསྔལ། རང་བཞིན་སོགས་རྐང་པ་བཞི། བཞི་པ་འཆི་བའི་སྡུག་བསྔལ། སྲིད་པ་སོགས་རྐང་པ་བཞི། ལྔ་པ་དགྲ་སྡང་བ་དང་འཕྲད་བའི་སྡུག་བསྔལ། མི་སྡུག་སོགས་རྐང་པ་བཞི། དྲུག་པ་གཉེན་བྱམས་པ་དང་བྲལ་བའི་སྡུག་བསྔལ། བྱམས་སྡུག་སོགས་རྐང་པ་བཞི། བདུན་པ་འདོད་དང་མི་འདོད་ལོག་པར་འབྱུང་བའི་སྡུག་བསྔལ། འདོད་པས་སོགས་རྐང་པ་བཞི། གཉིས་པ་བདེན་པ་ལྷག་མ་གསུམ་བཤད་པ་ལ་གསུམ། དང་པོ། གཟུགས་ལ་སོགས་རྐང་པ་བརྒྱད་ཀྱིས་ཀུན་འབྱུང་གི་བདེན་པ། གཉིས་པ། དེ་ལྟར་སོགས་རྐང་པ་གཉིས་ཀྱིས་ལམ་བདེན། གསུམ་པ། འགོགས་པ་སོགས་རྐང་པ་གཉིས་ཀྱིས་འགོགས་བདེན་བསྟན་པའོ། ། གཉིས་པ་རྟེན་འབྲེལ་ཡན་ལག་བཅུ་གཉིས་བཤད་པ། རྟེན་ཆོས་སོགས་རྐང་པ་བཅུ་གཉིས། རྩ་བའི་གཉིས་པ་དེ་ཉིད་སྐྱེ་མེད་དུ་ཤེས་པས་དོན་བསྡུ་བ། དེ་ལྟར་སོགས་རྐང་པ་བཞིའོ། །ལེའུ་བཞི་པའི་ས་བཅད་དོ། ། ༈ གསུམ་པ་སྐྱེས་བུ་ཆེན་པོའི་ཐུན་མོང་མ་ཡིན་པའི་ལམ་དུ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྒོམ་པ་ལ། ལམ་སྟེགས་སྔོན་འགྲོའི་ཆོས་བཤད་པ། ལམ་གྱི་རྟེན་གཞི་བཤད་པ། ལམ་དངོས་བཤད་པ་དང་གསུམ། དང་པོ་ལམ་སྟེགས་སྔོན་འགྲོའི་ཆོས་འཁོར་ལོ་ཆེན་པོ་བཞི་བཤད་པའི་ལེའུ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ། ཡུལ་ནི་སོགས་རྐང་པ་བཞི། གཉིས་པ་རྒྱས་པར་བཤད་པ་ལ། མཐུན་པར་གྱུར་པའི་ཡུལ། སྐྱེས་བུ་དམ་པ་བསྟེན་པ། བདག་ཉིད་ལེགས་པར་སྨོན་པ། བསོད་ནམས་ཀྱི་སྐྱབས་ལ་འདུན་པ་དང་བཞི། དང་པོ་མཐུན་པའི་ཡུལ་ལ། ཡུལ་དངོས་བཤད་པ་དང་། ཞར་བྱུང་འཚོ་བ་བཤད་པ་གཉིས། དང་པོ། ཚོགས་ཀྱི་སོགས་ཤོ་ལོ་ཀ་དྲུག །གཉིས་པ་ནི། སྟོན་པས་སོགས་རྐང་པ་བཅུ། གཉིས་པ་སྐྱེས་བུ་དམ་པ་བསྟེན་པ་ལ་གཉིས། དང་པོ། བསླབ་པ་སོགས་རྐང་པ་དྲུག་གིས་མདོར་བསྟན། གཉིས་པ་རྒྱས་པར་བཤད་པ་ལ། མཚན་ཉིད་བཤད་པ། བསྟེན་ཚུལ་བཤད་པ། བསྟེན་པའི་ཕན་ཡོན་བཤད་པ་གསུམ། དང་པོ་མཚན་ཉིད་བཤད་པ་ལ། བླ་མའི་མཚན་ཉིད་དང་། སློབ་མའི་མཚན་ཉིད་གཉིས། དང་པོ་བླ་མའི་མཚན་ཉིད་ལ། བསྟེན་བྱའི་མཚན་ཉིད་བཤད་པ། སྤངས་བྱའི་མཚན་ཉིད་བཤད། དམ་པའི་ཡོན་ཏན་རྗེས་སུ་དྲན་པ་དང་གསུམ། དང་པོ་བསྟེན་བྱའི་མཚན་ཉིད་བཤད་པ་ལ་གཉིས། དང་པོ་དམ་པའི་སོགས་རྐང་པ་བརྒྱད་ཀྱིས་ཐེག་པ་སྤྱིའི་བླ་མ། གཉིས་པ་ཁྱད་པར་སོགས་རྐང་པ་དགུས་ཁྱད་པར་མན་ངག་གི་བླ་མ་བསྟན་པའོ། །གཉིས་པ་སྤངས་བྱའི་མཚན་ཉིད་བཤད་པ་ལ་ལྔ། དང་པོ་བྲམ་ཟེ་སོགས་རྐང་པ་བཞིས་ཤིང་གི་རང་ཐག་ལྟ་བུ། གཉིས་པ། སོ་སོའི་སོགས་རྐང་པ་བཞིས་ཁྲོན་པའི་ལག་འགྲོ་ལྟ་བུ། གསུམ་པ། ཐོས་པ་སོགས་རྐང་པ་བཞིས་སྨྱོན་པའི་ལམ་མཁན་ལྟ་བུ། བཞི་པ། ཁྱད་པར་སོགས་རྐང་པ་བཞིས་ལོང་བའི་དེད་དཔོན་ལྟ་བུ། ལྔ་པ། དེ་ཕྱིར་སོགས་རྐང་པ་བཞིས་དེ་དག་སྤང་དགོས་པའི་རྒྱུ་མཚན་བསྟན་པའོ། །གསུམ་པ་དམ་པའི་ཡོན་ཏན་རྗེས་སུ་དྲན་པ་ལ་གཉིས། དང་པོ། མཐའ་དག་སོགས་ཚིགས་བཅད་དྲུག་གིས་ཁྱད་པར་འཕགས་པའི་དཔེ་བཅུ་གཉིས་ཀྱི་སྒོ་ནས་དྲན་པ། གཉིས་པ། ནད་པས་སོགས་རྐང་པ་བཞིས་འདུ་ཤེས་ཉི་ཤུའི་སྒོ་ནས་དྲན་པའོ། །གཉིས་པ། སློབ་མའི་མཚན་ཉིད་ལ། ངན་པའི་མཚན་ཉིད་དང་། བཟང་པོའི་མཚན་ཉིད་གཉིས། དང་པོ་སློབ་མ་ངན་པའི་མཚན་ཉིད་ལ་དྲུག ། དང་པོ། དེ་ལ་སོགས་རྐང་པ་བཞིས་བཅོས་མ་ཁ་དད་ཅན། གཉིས་པ། དང་པོ་སོགས་རྐང་པ་བཞིས་གཤིས་ངན་ལོག་སྲེད་ཅན། གསུམ་པ། དམ་པའི་སོགས་རྐང་པ་བཞིས་མི་བརྟན་འགྱུར་ལྡོག་ཅན། བཞི་པ། མི་གཞི་སོགས་རྐང་པ་བཞིས་ལོག་པའི་འདུ་ཤེས་བཞི་ལྡན། ལྔ་པ། བློ་སྣ་སོགས་རྐང་པ་བཞིས་བློ་མང་མདོ་དོན་སྟོར་བ། དྲུག་པ་ཡང་དག་སོགས་རྐང་པ་བཞིས་བཟང་ངན་བརྟགས་དགོས་པར་བསྟན་པ། གཉིས་པ་སློབ་མ་བཟང་པོའི་མཚན་ཉིད་ལ་གཉིས། དང་པོ་གོ་ཆ་སོགས་རྐང་པ་བཞིས་རབ་མཆོག་དད་པས་གྲོལ་བ། གཉིས་པ་དད་དང་སོགས་རྐང་པ་གསུམ་གྱིས་ཆེ་གུས་དུལ་ལྡན་གྱི་སློབ་མ་བསྟན་པའོ། །གཉིས་པ་སྐྱེས་བུ་དམ་པ་བསྟེན་ཚུལ་བཤད་པ་ལ། བསྟེན་ཚུལ་དངོས་བཤད་པ་དང་། ཞར་བྱུང་སྡིག་གྲོགས་ཀྱི་མཚན་ཉིད་བཤད་པ་གཉིས། དང་པོ་བསྟེན་ཚུལ་དངོས་བཤད་པ་ལ་བརྒྱད། དང་པོ་བླ་མ་སོགས་རྐང་པ་དགུས་གུས་པའི་དཔེ་བརྒྱད་ཀྱིས་བསྟེན་པ། གཉིས་པ་འབྱོར་བ་སོགས་རྐང་པ་བཞིས་ཞབས་ཏོག་རྣམ་པ་གསུམ་གྱིས་བརྟེན་པ། གསུམ་པ་མཛད་སྤྱོད་སོགས་རྐང་པ་བཅུ་གསུམ་གྱིས་ཅི་མཛད་ལེགས་མཐོང་གི་སྒོ་ནས་བསྟེན་པ། བཞི་པ་བླ་མ་སོགས་ཚིགས་བཅད་བཞིས་འཕྲལ་གྱི་སྤྱོད་ལམ་ཞིབ་པས་བསྟེན་པ། ལྔ་པ་རྫིང་བུ་སོགས་རྐང་པ་ལྔས་ཡོན་ཏན་གྱི་རོ་མྱོང་བ། དྲུག་པ་འཇུག་པ་སོགས་རྐང་པ་ལྔས་སྤྱོད་པ་དོན་མཐུན་པ། བདུན་པ་ཅི་ཕྱིར་སོགས་རྐང་པ་དགུས་དེ་དག་གི་འཐད་པ་དགོད་པ། བརྒྱད་པ་དང་པོ་སོགས་རྐང་པ་བཞིས་སྐབས་ཀྱི་དོན་བསྡུ་བ་དང་བརྒྱད་དོ། །གཉིས་པ་ཞར་བྱུང་གི་སྡིག་གྲོགས་ཀྱི་མཚན་ཉིད་བཤད་པ། གང་ཚེ་སོགས་རྐང་པ་བདུན། གསུམ་པ་བླ་མ་བསྟེན་པའི་ཕན་ཡོན། དེ་ཕྱིར་སོགས་རྐང་བ་བཅུ་གཅིག །གསུམ་པ་བདག་ཉིད་ལེགས་པར་སྨོན་པ་ལ་གསུམ། དང་པོ། དམ་ཆོས་སོགས་རྐང་པ་བདུན་གྱིས་ལེགས་སྨོན་ངོས་བཟུང་། གཉིས་པ། ཆོས་སྒོར་སོགས་རྐང་པ་ལྔས་ལེགས་སྨོན་བཤིག་པའི་རྙོགས་མ་བཤད་པ། གསུམ་པ། ཐད་ཀ་སོགས་རྐང་བ་ལྔས་ལེགས་སྨོན་གྲུབ་པའི་རྟགས་བཤད་པའོ། །བཞི་པ་བསོད་ནམས་སྐྱབས་འདུན་བཤད་པ་ལ་མཐོ་རིས་སོགས་རྐང་པ་བཞིས་བསོད་ནམས་ལ་གུས་པའི་མངོན་རྟགས། མ་བསྒོམ་སོགས་རྐང་པ་བཞིས་དེའི་མི་མཐུན་ཕྱོགས། གང་ཕྱིར་སོགས་རྐང་པ་བཞིས། དེའི་མཐུན་ཕྱོགས་བཤད་པ་དང་བཞིའོ། །ལེའུ་ལྔ་པའི་ས་བཅད་དོ། ། ༈ སྤྱི་དོན་གཉིས་པ་ལམ་གྱི་རྟེན་གཞི་སྐྱབས་སུ་འགྲོ་བ། བཤད་པའི་ལེའུ་ལ་སྐྱབས་སུ་འགྲོ་དགོས་པའི་རྒྱུ་མཚན་བཤད་པ་དང་། སྐྱབས་སུ་འགྲོ་བ་དངོས་བཤད་པ་གཉིས། དང་པོ་སྐྱབས་སུ་འགྲོ་དགོས་པའི་རྒྱུ་མཚན། འཇིགས་པ་སོགས་རྐང་པ་བཞི། གཉིས་པ་སྐྱབས་འགྲོ་དངོས་བཤད་པ་ལ། སྐྱབས་འགྲོའི་རྒྱུ་དད་པ་བཤད་པ། སྐྱབས་ཡུལ་ངོས་བཟུང་བ། སྐྱབས་འགྲོའི་དབྱེ་བ་བཤད་པ། སྐྱབས་སུ་འགྲོ་ཚུལ་བཤད་པ། སྐྱབས་འགྲོའི་ཕན་ཡོན་བཤད་པ། བསླབ་བྱ་བཤད་པ་དང་དྲུག །དང་པོ་ཐར་བར་སོགས་རྐང་པ་བརྒྱད་ཀྱིས་དད་པ་སྐྱེ་ཚུལ། གཉིས་པ་དད་པའི་དབྱེ་བ། དེ་ལ་སོགས་རྐང་པ་བཞི། གསུམ་པ་དད་པའི་རྒྱུ་བཤད་པ་ལ། དད་པ་སྐྱེ་བའི་རྒྱུ་བཞི་སྤྱིར་བསྟན། དཀོན་མཆོག་རྗེས་སུ་དྲན་པ་རྒྱས་པར་བཤད་པ་གཉིས། དང་པོ། དད་པ་སོགས་རྐང་པ་བཞིས་བསྟན། གཉིས་པ་དཀོན་མཆོག་གི་ཡོན་ཏན་རྗེས་སུ་དྲན་པ་རྒྱས་པར་བཤད་པ་ལ་གསུམ། དང་པོ། ཐུབ་པ་སོགས་རྐང་པ་བདུན་གྱིས་སངས་རྒྱས་ཀྱི་ཡོན་ཏན། གཉིས་པ། ཆོས་ནི་སོགས་རྐང་པ་བཅུ་བདུན་གྱིས་ཆོས་ཀྱི་ཡོན་ཏན། གསུམ་པ་དགེ་འདུན་སོགས་རྐང་པ་བཞིས། དགེ་འདུན་གྱི་ཡོན་ཏན་ནོ། །གཉིས་པ་སྐྱབས་ཡུལ་ངོས་བཟུང་བ། ལམ་དང་སོགས་རྐང་པ་བཞི། གསུམ་པ་སྐྱབས་འགྲོའི་དབྱེ་བ་ལ་གཉིས། དང་པོ། དེ་ལ་སོགས་རྐང་པ་དྲུག་གིས་རྒྱུ་འབྲས་ཀྱི་དབྱེ་བ། གཉིས་པ་ཉི་ཚེ་སོགས་རྐང་པ་བཅུས་ཀུན་སློང་གི་དབྱེ་བ་བསྟན། བཞི་པ་སྐྱབས་སུ་འགྲོ་ཚུལ་ལ་གཉིས། དང་པོ། ལམ་དུ་སོགས་རྐང་པ་བཞིས་ཚོགས་ཞིང་མངོན་དུ་བྱ་བ། གཉིས་པ་འདི་ན་སོགས་རྐང་པ་བདུན་གྱིས་སྐྱབས་སུ་འགྲོ་ཚུལ་དངོས། ལྔ་པ་ཕན་ཡོན་ལ་གཉིས། ཇི་ལྟར་སོགས་རྐང་པ་དགུས་རྒྱུའི་སྐྱབས་འགྲོའི་ཕན་ཡོན། འབྲས་བུ་སོགས་རྐང་པ་བཞིས། འབྲས་བུའི་སྐྱབས་འགྲོའི་ཕན་ཡོན། དྲུག་པ་བསླབ་བྱ་ལ་ལྔ། དང་པོ། བསླབ་བྱ་སོགས་རྐང་པ་བཅོ་ལྔས་བསླབ་བྱ་དངོས། གཉིས་པ། རྒྱུ་ཡི་སོགས་རྐང་པ་བཞིས་སྐྱབས་འགྲོ་གཏོང་མཚམས། གསུམ་པ། ལས་ཀྱི་སོགས་རྐང་པ་བཞིས་གཏོང་བའི་རྒྱུ། བཞི་པ། འདི་ན་སོགས་རྐང་པ་བཞིས་དེའི་གཉེན་པོ། ལྔ་པ། རྨི་ལམ་སོགས་རྐང་པ་བཞིས་བསླབ་པ་བསྲུང་བའི་ཕན་ཡོན་བཤད་པའོ། །ལེའུ་དྲུག་པའི་ས་བཅད་དོ། ། ༈ གསུམ་པ་སྐྱེས་བུ་ཆེན་པོའི་ལམ་དངོས་བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པ་བཤད་པ་ལ། ལམ་གྱི་གཞུང་ཤིང་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལྟར་བཤད་པ། ལམ་གྱི་སྦས་དོན་གསང་སྔགས་རྡོ་རྗེ་ཐེག་པ་ལྟར་བཤད་པ། ལམ་གྱི་ཉེ་ལམ་རང་བཞིན་རྫོགས་པ་ཆེན་པོ་ལྟར་བཤད་པ་དང་གསུམ། དང་པོ། ལམ་གྱི་གཞུང་ཤིང་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལྟར་བཤད་པ་ལ། བློ་སྦྱོང་བ་ཚད་མེད་བཞིའི་ལེའུ། དམ་བཅའ་བ་བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བའི་ལེའུ། བསླབ་བྱ་སློབ་པ་སྨོན་འཇུག་བསླབ་བྱའི་ལེའུ་དང་གསུམ། དང་པོ་བློ་སྦྱོང་བ་ཚད་མེད་བཞི་བཤད་པ་ལ། ཐེག་ཆེན་ལམ་གྱི་སྤྱི་སྡོམ་བཤད་པ་དང་། ཚད་མེད་བཞི་དངོས་བཤད་པ་གཉིས། དང་པོ། ཐེག་དམན་སོགས་རྐང་པ་བཅུ་གཉིས་ཀྱིས་བསྟན། གཉིས་པ་ཚད་མེད་བཞི་དངོས་བཤད་པ་ལ་ལྔ། དང་པོ། བྱམས་པ་སོགས་རྐང་པ་བཅུ་བདུན་གྱིས་ཚད་མེད་བཞིའི་དམིགས་པ། གཉིས་པ། འདོད་པའི་སོགས་རྐང་པ་བཞིས་གོལ་ས། གསུམ་པ། འདི་ན་སོགས་རྐང་པ་དྲུག་གིས་ཚད་མེད་ཁྱད་པར་ཅན། བཞི་པ། སྒོམ་ཚུལ་སོགས་རྐང་པ་བཅུས་སྒོམ་ཚུལ། ལྔ་པ། དེ་ལྟར་སོགས་ཚིགས་བཅད་བདུན་དང་རྐང་བ་གཅིག་གིས་ཕན་ཡོན། ལེའུ་བདུན་པའི་ས་བཅད་དོ། ། ༈ གཉིས་པ་དམ་བཅའ་བ་བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བའི་ལེའུ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་མདོར་བསྟན་པ། རྙེད་པ་སོགས་ཤོ་ལོ་ཀ་གཅིག །གཉིས་པ་རྒྱས་པར་བཤད་པ་ལ། བྱང་ཆུབ་སེམས་ཀྱི་ཕན་ཡོན་བཤད་པ་དང་། བྱང་ཆུབ་སེམས་ཀྱི་ངོ་བོ་ངོས་བཟུང་བ། བྱང་ཆུབ་སེམས་ཀྱི་དབྱེ་བ་བཤད་པ། བྱང་ཆུབ་ཀྱི་སེམས་ཇི་ལྟར་བསྐྱེད་པའི་ཚུལ་བཤད་པ་དང་བཞི། དང་པོ་བྱང་ཆུབ་སེམས་ཀྱི་ཕན་ཡོན་བཤད་པ་ལ་གསུམ། དང་པོ་མིང་དོན་གནས་འགྱུར་བའི་ཕན་ཡོན། སྡིག་སྡུག་སོགས་རྐང་པ་བཞི། གཉིས་པ་དགེ་འབྲས་འཕེལ་ཆེ་བའི་ཕན་ཡོན་ལས་ཉོན་སོགས་རྐང་པ་བརྒྱད། གསུམ་པ་འཁོར་བའི་མཚོ་ལས་འདོན་པའི་ཕན་ཡོན། ལས་ཉོན་སོགས་རྐང་པ་བཞི། གཉིས་ངོ་བོ་ངོས་བཟུང་བ་ལ་གཉིས། དང་པོ་བྱང་ཆུབ་སེམས་ཀྱི་ངོ་བོ་སྤྱིར་བསྟན་པ། གང་ལ་སོགས་རྐང་པ་བཞི། གཉིས་པ་སྨོན་འཇུག་གི་ངོ་བོ་བྱེ་བྲག་ཏུ་བཤད་པ། དེ་ཡང་སོགས་རྐང་པ་བརྒྱད། གསུམ་པ་དབྱེ་བ་བཤད་པ་ལ་གསུམ། དང་པོ་གནས་སྐབས་དང་གྲོགས་ཀྱི་དབྱེ་བ། དབྱེ་བའི་སོགས་རྐང་པ་བཅུ། གཉིས་པ་ཕན་ཡོན་གྱི་དབྱེ་བ། གང་ཞིག་སོགས་རྐང་པ་བཅོ་ལྔ། གསུམ་པ་བློ་སྟོབས་ཀྱི་དབྱེ་བ། བསྐལ་པ་སོགས་རྐང་པ་ལྔ། བཞི་པ་སེམས་བསྐྱེད་ཚུལ་བཤད་པ་ལ། སེམས་བསྐྱེད་སྐྱེ་བའི་རྒྱུ། རྟེན་གྱི་གང་ཟག །ཆོ་ག་དངོས་བཤད་པ་དང་གསུམ། དང་པོ་སྐྱེ་བའི་རྒྱུ། ཇི་ལྟར་སོགས་རྐང་པ་ལྔ། གཉིས་པ་རྟེན་གྱི་གང་ཟག །རྟེན་གྱི་སོགས་རྐང་པ་ལྔ། གསུམ་པ་ཆོ་ག་དངོས་བཤད་པ་ལ། སྦྱོར་བ། དངོས་གཞི། རྗེས་དང་གསུམ། དང་པོ་སྦྱོར་བ་ལ། བློ་བཅོས་པ་དང་། ཚོགས་བསགས་པ་གཉིས། དང་པོ་བློ་བཅོས་པ། རྒྱུ་ནི་སོགས་རྐང་པ་བདུན། གཉིས་པ་ཚོགས་བསགས་པ་ལ་སྔོན་འགྲོ་སྟ་གོན་དུ་བྱ་བ། བསོད་ནམས་ཀྱི་ཞིང་དུ་སྤྱན་དྲངས་པ། ཚོགས་བསགས་པ་དངོས་དང་གསུམ། དང་པོ་སྔོན་འགྲོ། སྐྱང་ནུལ་སོགས་རྐང་པ་བཞི། གཉིས་པ་བསོད་ནམས་ཀྱི་ཞིང་སྤྱན་འདྲེན་པ་ལ་བཞི། དང་པོ། དམ་ཚིག་སོགས་རྐང་པ་བརྒྱད་ཀྱིས་སྤྱན་དྲངས་པ་དངོས། གཉིས་པ། ལས་ཀྱི་སོགས་རྐང་པ་བརྒྱད་ཀྱིས་ཁྲུས་གསོལ། གསུམ་པ། ཉེ་རེག་སོགས་ཤོ་ལོ་ཀ་ལྔས་གོས་རྒྱན་བྱུག་པ་སོགས་ཕུལ་པ། བཞི་པ། བཏང་སྙོམས་སོགས་རྐང་པ་བཞིས། བཞུགས་སུ་གསོལ་བའོ། །གསུམ་པ་ཚོགས་བསགས་པ་དངོས་ལ། གུས་པའི་རྣམ་འགྱུར་བཤད་པ། ཡན་ལག་བདུན་པ་ཕུལ་བ། ལུས་བྲན་དུ་དབུལ་བ་དང་གསུམ། དང་པོ་གུས་པའི་རྣམ་འགྱུར་ལ། བབ་བཅོལ་སོགས་རྐང་པ་བཞིས་ལུས་གུས་པའི་རྣམ་འགྱུར། རིགས་དང་སོགས་རྐང་པ་བཞིས་ཡིད་གུས་པའི་རྣམ་འགྱུར་གཉིས་སོ། །གཉིས་པ་ཡན་ལག་བདུན་པ་འབུལ་བ། ཟླ་གཞོན་སོགས་ཤོ་ལོ་ཀ་བདུན་གྱིས་རིམ་པ་ལྟར་རོ། །གསུམ་པ་ལུས་བྲན་དུ་དབུལ་བ། ཆོག་ཤེས་སོགས་རྐང་པ་བརྒྱད་ཀྱིས། ལུས་དབུལ་བ་དངོས་དང་། དེས་ནི་སོགས་རྐང་པ་བཞིས་དེ་དག་གི་དོན་བསྡུ་བའོ། །གཉིས་པ་དངོས་གཞི་ལ་གསུམ། དང་པོ་བླང་ཡུལ་དབང་པོར་བྱ་བ། ཉེས་པ་སོགས་རྐང་བ་བཞི། གཉིས་པ་ཆོ་ག་དངོས་བརྗོད་པ། མོས་པ་སོགས་རྐང་པ་ཉེར་ལྔ། གསུམ་པ་སྡོམ་པའི་ཐོབ་མཚམས་འདུན་པའི་སོགས་རྐང་པ་བཞི། གསུམ་པ་རྗེས་ཀྱི་ཆོ་ག་ལ་གཉིས། དང་པོ་རང་གི་སེམས་གཟེངས་བསྟོད་པ། སྔོན་ཆད་སོགས་ཚིགས་བཅད་གཉིས། གཉིས་པ་གཞན་དགའ་བ་སྒོམ་དུ་གཞུགས་པ། སྲིད་གསུམ་སོགས་ཤོ་ལོ་ཀ་གཉིས་སོ། །ལེའུ་བརྒྱད་པའི་ས་བཅད་དོ། ། ༈ གསུམ་པ་བསླབ་པ་བཟུང་བ་སྨོན་འཇུག་བསླབ་བྱའི་ལེའུ་བཤད་པ་ལ་གཉིས། བསླབ་བྱ་བསྲུང་ཐབས་བཤད་པ་དང་། བསླབ་བྱ་དངོས་བཤད་པ་གཉིས་སོ། །དང་པོ་བསླབ་བྱ་བསྲུང་ཐབས་ལ། སྔོན་ཆད་སོགས་ཤོ་ལོ་ཀ་བདུན། གཉིས་པ་བསླབ་བྱ་དངོས་བཤད་པ་ལ། སྤང་བའི་བསླབ་བྱ་བཤད་པ་དང་། སྒྲུབ་པའི་བསླབ་བྱ་བཤད་པ་གཉིས་སོ། །དང་པོ་སྤང་པའི་བསླབ་བྱ་ནི། དེ་ལ་སོགས་ཚིགས་བཅད་གསུམ། གཉིས་པ་སྒྲུབ་པའི་བསླབ་བྱ་བཤད་པ་ལ་སྨོན་པའི་བསླབ་བྱ་བཤད་པ་དང་། འཇུག་པའི་བསླབ་བྱ་བཤད་པ་ལ་གཉིས། དང་པོ་སྨོན་པའི་བསླབ་བྱ་བཤད་པ་ལ་བཞི། དང་པོ་བདེ་སྡུག་གཏོང་ལེན་བཤད་པ། བདག་བདེ་སོགས་ཤོ་ལོ་ཀ་བཞི། གཉིས་པ་སྨོན་པའི་རྒྱུ་འབྲས་བཤད་པ། སྨོན་པའི་སོགས་ཤོ་ལོ་ཀ་ལྔ། གསུམ་པ་དཀར་ནག་ཆོས་བརྒྱད་བཤད་པ། སྨོན་སེམས་སོགས་རྐང་པ་བཅོ་ལྔ། བཞི་པ་འདུ་ཤེས་བཞི་བཤད་པ། བརྟེན་བྱའི་སོགས་རྐང་པ་ལྔ། གཉིས་པ་འཇུག་པའི་བསླབ་བྱ་བཤད་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ། མཇུག་བསྡུ་བ་དང་གསུམ། དང་པོ་མདོར་བསྟན་པ། འཇུག་པའི་སོགས་རྐང་པ་བཞི། གཉིས་པ་རྒྱས་པར་བཤད་པ་ལ། སྒྲུབ་པ་པོའི་བློ་སྟོབས་ཀྱི་དབྱེ་བ་བཤད་པ་དང་། བསྒྲུབ་བྱ་ཕ་རོལ་ཏུ་ཕྱིན་པ་བཤད་པ་གཉིས། དང་པོ། བློ་སྟོབས་སོགས་རྐང་པ་དགུ། གཉིས་པ་བསྒྲུབ་བྱ་ཕ་རོལ་ཏུ་ཕྱིན་པ་བཤད་པ་ལ། སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་དང་དྲུག །དང་པོ་སྦྱིན་པ་བཤད་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་མདོར་བསྟན་པ། སྦྱིན་པ་སོགས་རྐང་པ་གཉིས། གཉིས་པ་རྒྱས་པར་བཤད་པ་ལ་གསུམ། ཟང་ཟིང་གི་སྦྱིན་པ། ཟང་ཟིང་གི་སོགས་ཚིགས་བཅད་གསུམ། གཉིས་པ་མི་འཇིགས་པའི་སྦྱིན་པ་ཞར་བྱུང་དང་བཅས་པ། མི་འཇིགས་སོགས་རྐང་པ་དགུ། གསུམ་པ་ཆོས་ཀྱི་སྦྱིན་པ། ཆོས་ཀྱི་སོགས་རྐང་པ་བདུན། གཉིས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་མདོར་བསྟན་པ། ཚུལ་ཁྲིམས་སོགས་རྐང་པ་དྲུག །གཉིས་པ་རྒྱས་པར་བཤད་པ་ལ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་གསུམ། དང་པོ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་བཤད་པ་ལ་ཉེས་སྤྱོད་སྡོམ་པ་དངོས་བཤད་པ་དང་། སྡོམ་པ་གསུམ་ལྡན་གྱི་མཐའ་དཔྱད་པ་གཉིས། དང་པོ་ཐེག་པ་གོང་འོག་གི་སྡོམ་པའི་ཁྱད་པར་བཤད་པ་དང་། ཐེག་ཆེན་ཉེས་སྤྱོད་སྡོམ་པ་དངོས་བཤད་པ་གཉིས། དང་པོ། ནང་གསེས་སོགས་རྐང་པ་ཉེར་གཉིས། གཉིས་པ་ལ་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་དབྱེ་བ་གཉིས། དང་པོ་སྤྱིར་བསྟན་པ་ནི། དང་པོའི་སོགས་རྐང་པ་བཅུ། གཉིས་པ་བྱེ་བྲག་ཏུ་བཤད་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་མདོར་བསྟན་པ། གང་ཞིག་སོགས་རྐང་པ་དྲུག །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། དང་པོ་ཁྱིམ་པའི་བསླབ་བྱ་བཤད་པ། དབྱེ་ན་སོགས་རྐང་པ་བཅུ་བཞི། གཉིས་པ་རབ་བྱུང་གི་བསླབ་བྱ་བཤད་པ། དགེ་ཚུལ་སོགས་རྐང་པ་ཞེ་གཅིག །གཉིས་པ་སྡོམ་པ་གསུམ་ལྡན་དུ་བསྲུང་ཚུལ་གྱི་མཐའ་དཔྱད་པ་ལ་གསུམ། དང་པོ་རང་བཞེད་རྒྱས་པར་བཞག་པ། མྱ་ངན་སོགས་རྐང་པ་ཉེར་དགུ། གཉིས་པ་བཞེད་སྲོལ་གཞན་གྱི་གནད་བསྡུས་ཚུལ། གྲུབ་པའི་སོགས་རྐང་པ་བཅོ་བརྒྱད། གསུམ་པ་གང་ཟག་གི་རྒྱུད་ཚོད་དང་སྦྱར་ནས་ཉམས་སུ་ལེན་ཚུལ་གྱིས་མཇུག་བསྡུ་བ། ལུས་ངག་སོགས་རྐང་པ་ཉེར་གཅིག །གཉིས་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། ཕ་རོལ་སོགས་རྐང་བ་བཅུ་དྲུག །གསུམ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས། ཐབས་ལ་སོགས་རྐང་པ་བཅུ་གཉིས། གསུམ་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གསུམ། དང་པོ་བཟོད་པ་གསུམ་གྱི་རང་བཞིན་སྤྱིར་བསྟན་པ། འདི་ན་སོགས་རྐང་པ་བཞི། གཉིས་པ་གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་བྱེ་བྲག་ཏུ་བཤད་པ། ཡིད་ནི་སོགས་ཚིགས་བཅད་དྲུག །གསུམ་པ་སྐབས་ཀྱི་མཇུག་བསྡུ་བ། གང་ཕྱིར་སོགས་རྐང་པ་བཞི། བཞི་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས། དང་པོ་མདོར་བསྟན་པ། དུས་ལས་སོགས་རྐང་པ་བཞི། གཉིས་པ་རྒྱས་པར་བཤད་པ་ལ་གཉིས། དང་པོ་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས། བྱ་བ་སོགས་རྐང་པ་བཞི། གཉིས་པ་བརྩོན་འགྲུས་དངོས་བཤད་པ། བདུད་བཞི་སོགས་ཚིགས་བཅད་གསུམ། ལྔ་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ལ། བསམ་གཏན་འགྲུབ་པའི་རྒྱུ་ཚོགས་བཤད་པ་དང་། བསམ་གཏན་དངོས་བཤད་པ་གཉིས། དང་པོ་བསམ་གཏན་འགྲུབ་པའི་རྒྱུ་ཚོགས་བཤད་པ་ལ་ལྔ། དང་པོ་ནགས་ཚལ་གྱི་གནས་ལ་བསྔགས་པ། ནགས་ཚལ་སོགས་ཚིགས་བཅད་གཉིས། གཉིས་པ་ལོངས་སྤྱོད་ལ་ཆགས་པ་སྤང་བ། དེ་རུ་སོགས་ཚིགས་བཅད་གསུམ། གསུམ་པ་གྲོགས་ངན་ལ་ཆགས་པ་སྤོང་བ། སོ་སོའི་སོགས་ཚིགས་བཅད་གསུམ། བཞི་པ་ཡུལ་ལ་ཆགས་པ་སྤང་བ། ཡུལ་ནི་སོགས་ཚིགས་བཅད་གཉིས། ལྔ་པ་དབེན་པའི་ཡོན་ཏན་དྲན་པ། བས་མཐའ་སོགས་ཚིགས་བཅད་གསུམ། གཉིས་པ་བསམ་གཏན་དངོས་བཤད་པ་ལ་གསུམ། དང་པོ་བསམ་གཏན་སྤྱིའི་ངོ་བོ། གང་དུ་སོགས་རྐང་པ་བཅུ་གཅིག ། གཉིས་པ་བསམ་གཏན་གྱི་དབྱེ་བ། དབྱེ་ན་སོགས་ཤོ་ལོ་ཀ་ལྔ། གསུམ་པ་ལམ་གྱི་ཡོན་ཏན་བསྐྱེད་པའི་བསམ་གཏན་བསྟན་པ། ཡོན་ཏན་སོགས་རྐང་པ་དྲུག །དྲུག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ལ། ཤེས་རབ་གསུམ་གྱི་རང་བཞིན་སྤྱིར་བསྟན་པ་དང་། ཐོས་བསམ་བསྒོམ་པའི་ཤེས་རབ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། ལྷག་པ་སོགས་རྐང་པ་དགུ། གཉིས་པ་ཐོས་བསམ་བསྒོམ་པའི་ཤེས་རབ་བྱེ་བྲག་ཏུ་བཤད་པ་ལ། ཐོས་པའི་ཤེས་རབ། བསམ་པའི་ཤེས་རབ། སྒོམ་པའི་ཤེས་རབ་དང་གསུམ། དང་པོ་ཐོས་པའི་ཤེས་རབ་ལ། ཐོས་པ་གཙོ་ཆེ་བའི་རྒྱུ་མཚན་དང་། ཐོས་པ་དངོས་བཤད་པ་གཉིས། དང་པོ། དེ་ཡང་སོགས་རྐང་པ་བཞི། གཉིས་པ་ཐོས་པ་དངོས་བཤད་པ་ལ། འཇལ་བྱེད་རིན་ཆེན་ལྡེ་མིག་གི་རྣམ་བཞག་དང་། གཞལ་བྱ་དམ་ཆོས་མཛོད་ཀྱི་རྣམ་བཞག་གཉིས། དང་པོ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་མདོར་བསྟན་པ། གཞལ་བྱའི་སོགས་རྐང་པ་གཉིས། གཉིས་པ་རྒྱས་པར་བཤད་པ་ལ། དྲང་ངེས་ཀྱི་ཁྱད་པར་དང་། དགོངས་ལྡེམ་གྱི་ཁྱད་པར་བཤད་པ་གཉིས། དང་པོ། དྲང་ངེས་ཀྱི་ཁྱད་པར། ཆོས་རྣམས་སོགས་རྐང་པ་དྲུག །གཉིས་པ་དགོངས་ལྡེམ་གྱི་ཁྱད་པར་བཤད་པ་ལ་གསུམ། དང་པོ་དགོངས་པ་བཞི་བཤད་པ། དེ་དག་སོགས་རྐང་པ་བཅུ་གཅིག །གཉིས་པ་ལྡེམ་དགོངས་བཞི་བཤད་པ། ལྡེམ་པོར་སོགས་རྐང་པ་ཉེར་དྲུག །གསུམ་པ་དེ་གཉིས་ཀྱི་ཁྱད་པར་བཤད་པ། མདོར་ན་སོགས་རྐང་པ་ལྔ། གཉིས་པ་གཞལ་བྱ་དམ་ཆོས་མཛོད་ཀྱི་རྣམ་བཞག་བཤད་པ་ལ་གསུམ། བདེན་གཉིས་ཀྱི་རང་བཞིན་སྤྱིར་བཤད་པ། གྲུབ་མཐའི་འདོད་གཞུང་བྱེ་བྲག་ཏུ་བཤད་པ། སྐབས་ཀྱི་མཇུག་བསྡུ་བ་དང་གསུམ། དང་པོ་བདེན་གཉིས་ཀྱི་རང་བཞིན་སྤྱིར་བསྟན་པ་ལ་གཉིས། གཞལ་བྱའི་སོགས་རྐང་པ་བཞིས་མདོར་བསྟན། ཀུན་རྫོབ་སོགས་རྐང་པ་ཉེར་གཅིག་གིས་རྒྱས་པར་བཤད་པའོ། །གཉིས་པ་གྲུབ་མཐའི་འདོད་གཞུང་བྱེ་བྲག་ཏུ་བཤད་པ་ལ་བཞི། དང་པོ་རེ་ཞིག་སོགས་རྐང་པ་བཞིས་བྱེ་བྲག་སྨྲ་བ། གཉིས་པ། དོན་བྱེད་སོགས་རྐང་པ་བཞིས་མདོ་སྡེ་བ། གསུམ་པ། གཟུང་འཛིན་སོགས་རྐང་པ་བཞིས་སེམས་ཙམ་པ། བཞི་པ་དབུ་མ་པ་ལ་གསུམ། ཇི་ལྟར་སོགས་བཞིས་རང་རྒྱུད་པ་དང་། འདི་ལྟར་སོགས་བཅུས་ཐལ་འགྱུར་བ། རང་རང་སོགས་རྐང་པ་དྲུག་གིས་དེ་དག་གི་དོན་བསྡུ་བའོ། །གསུམ་པ་སྐབས་ཀྱི་མཇུག་བསྡུ་བ་འདིར་གང་སོགས་རྐང་པ་དགུའོ། །གཉིས་པ་བསམ་པའི་ཤེས་རབ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་གང་ཞིག་སོགས་རྐང་པ་བཞི། གཉིས་པ་རྒྱས་པར་བཤད་པ་ལ་གསུམ། དང་པོ། སྣང་སྲིད་སོགས་རྐང་པ་ཉེར་གཉིས་ཀྱིས་གཤིས་ཀྱི་རྟེན་འབྲེལ། གཉིས་པ་སྣང་ཡུལ་སོགས་ཚིགས་བཅད་གཉིས་ཀྱིས་འཁོར་བའི་རྟེན་འབྲེལ། གསུམ་པ་མྱང་འདས་སོགས་ཚིགས་བཅད་གསུམ་གྱིས་མྱང་འདས་རྟེན་འབྲེལ་ལོ། །གསུམ་པ་སྒོམ་པའི་ཤེས་རབ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ། དེ་ལྟར་སོགས་ཤོ་ལོ་ཀ་གཅིག །གཉིས་པ་ལ་གསུམ། དང་པོ། བསྒོམ་པའི་ཤེས་རབ་དངོས་བཤད་པ། ནམ་མཁའ་སོགས་རྐང་པ་བཅོ་བརྒྱད། གཉིས་པ་ལམ་བགྲོད་ཚུལ་བཤད་པ། གང་དུ་སོགས་རྐང་པ་བཅུ་གཉིས། གསུམ་པ་འབྲས་བུ་ཐོབ་ཚུལ་བཤད་པ། མཉམ་པ་སོགས་རྐང་པ་བཞི། བཞི་པ་ཕྱིན་དྲུག་གི་དོན་བསྡུ་བ། འདི་ལྟར་སོགས་རྐང་པ་བཞིའོ། །ལེའུ་དགུ་པའི་ས་བཅད་དོ། ། ༈ གཉིས་པ་ལམ་གྱི་སྦས་དོན་གསང་སྔགས་རྡོ་རྗེ་ཐེག་པ་ལྟར་བཤད་པ་ལ་གསུམ། མདོ་སྔགས་ལམ་གྱི་ཁྱད་པར་བཤད་པ། གསང་སྔགས་རྒྱུད་སྡེའི་དབྱེ་བ་བཤད་པ། བླ་ན་མེད་པའི་ཐེག་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་མདོ་སྔགས་ལམ་གྱི་ཁྱད་པར་བཤད་པ། བྱང་ཆུབ་སོགས་ཚིགས་བཅད་གཉིས། གཉིས་པ་གསང་སྔགས་རྒྱུད་སྡེའི་དབྱེ་བ་བཤད་པ་ལ་གསུམ། སྤྱིར་རྒྱུད་སྡེ་བཞིར་དབྱེ་བ། དེ་ལས་ཕྱི་རྒྱུད་བཤད་པ། ནང་རྒྱུད་བཤད་པའོ། །དང་པོ་རྒྱུད་སྡེ་བཞིར་དབྱེ་བ། དུས་ལ་སོགས་རྐང་པ་དྲུག །གཉིས་པ་ཕྱི་རྒྱུད་སྡེ་གསུམ་བཤད་པ་ལ་གཉིས། དང་པོ་སྤྱིར་བཤད་པ། དང་པོ་སོགས་རྐང་པ་དྲུག །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་བཞི། དང་པོ་བྱ་སྤྱོད་ཀྱི་ཁྱད་པར། དབྱེ་བ་སོགས་རྐང་བ་གསུམ། གཉིས་པ་བྱ་རྒྱུད་བཤད་པ། བྱ་བའི་སོགས་རྐང་པ་ལྔ། གསུམ་པ་སྤྱོད་རྒྱུད་བཤད་པ། བྱ་བའི་སོགས་རྐང་པ་བཞི། བཞི་པ་རྣལ་འབྱོར་རྒྱུད་བཤད་པ་ནི། རྣལ་འབྱོར་སོགས་ཚིགས་བཅད་གཉིས། གསུམ་པ་ནང་རྒྱུད་བཤད་པ་ལ་གསུམ། དང་པོ་སྤྱིར་བཤད་པ། བླ་ན་སོགས་རྐང་པ་ལྔ། གཉིས་པ་བྱེ་བྲག་ཏུ་བཤད་པ། རྣལ་འབྱོར་སོགས་རྐང་པ་དྲུག །གསུམ་པ་བླ་ན་མེད་པའི་རྒྱུད་སྡེ་བྱེ་བྲག་ཏུ་བཤད་པ་ལ་གཉིས། ལམ་གྱི་སྤྱི་ཆིངས་མདོར་བསྟན་པ་དང་། ཉམས་ལེན་གྱི་ལམ་དངོས་རྒྱས་པར་བཤད་པ་གཉིས། དང་པོ་ལམ་གྱི་སྤྱི་ཆིངས། ཀུན་གྱི་སོགས་རྐང་པ་བཞི། གཉིས་པ་ཉམས་ལེན་གྱི་ལམ་དངོས་བཤད་པ་ལ། ཀུན་གཞི་རྒྱུ་རྒྱུད་དུ་ལྟ་སྒོམ་སྤྱོད་འབྲས་བཞི་ཉམས་སུ་བླང་པ། ལམ་ཐབས་རྒྱུད་དུ་སྨིན་གྲོལ་ཡན་ལག་དང་བཅས་པ་ཉམས་སུ་བླང་བ་གཉིས། དང་པོ། རང་བཞིན་སོགས་རྐང་པ་བཞི། གཉིས་པ་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས། དང་པོ་མདོར་བསྟན་པ། འཇུག་པའི་སོགས་རྐང་པ་བཞི། གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་བསྐྱེད་རྫོགས། མཐུན་པའི་གྲོགས་དམ་ཚིག་རྒྱས་པར་བཤད་པ་གསུམ། དང་པོ། སྨིན་བྱེད་དབང་བསྐུར་བ་བཤད་པ་ལ་གསུམ། དབང་ཐོབ་དགོས་པའི་རྒྱུ་མཚན། སློབ་དཔོན་དང་སློབ་མའི་མཚན་ཉིད། དབང་བསྐུར་བ་དངོས་སོ། །དང་པོ་དབང་ཐོབ་དགོས་པའི་རྒྱུ་མཚན། དང་པོ་སོགས་རྐང་པ་བདུན། གཉིས་པ་སློབ་དཔོན་དང་སློབ་མའི་མཚན་ཉིད། དབང་བསྐུར་སོགས་རྐང་པ་བརྒྱད། གསུམ་པ་དབང་བསྐུར་བ་དངོས་བཤད་པ་ལ། དབང་གི་ཡན་ལག་བཤད་པ། བསྙེན་པ་སོགས་རྐང་པ་ལྔ། གཉིས་པ་དབང་དངོས་གཞི་བཤད་པ་ལ། དབང་སྤྱིའི་རྣམ་བཞག་མདོར་བསྟན་པ་དང་། དབང་བཞིའི་ངོ་བོ་བྱེ་བྲག་ཏུ་བཤད་པའོ། །དང་པོ་དབང་སྤྱིའི་རྣམ་པར་བཞག་པ་མདོར་བསྟན་པ་ལ་གསུམ། དང་པོ་རྒྱུད་སྡེ་སོ་སོའི་དབང་གི་དབྱེ་བ་བཤད་པ། རྒྱུད་སྡེ་སོགས་རྐང་པ་བཅུ། གཉིས་པ་དབང་ཐོབ་པའི་རྒྱུ་རྐྱེན་བཤད་པ། གཞི་དང་སོགས་རྐང་པ་དགུ། གསུམ་པ་དབང་གི་གྲངས་ངེས་བཤད་པ། གཉེན་པོ་སོགས་རྐང་པ་ལྔ། གཉིས་པ་དབང་གི་ངོ་བོ་བྱེ་བྲག་ཏུ་བརྗོད་པ་ལ་བཞི། དང་པོ་དབང་བཞི་རྒྱས་པར་བཤད་པ། འདོད་པའི་སོགས་རྐང་པ་གསུམ་གྱིས་མདོར་བསྟན། དེ་སོགས་རྐང་པ་བཅུ་གཅིག་གིས་བུམ་དབང་། བྷ་གའི་སོགས་རྐང་པ་བརྒྱད་ཀྱིས་གསང་དབང་། གདན་གསུམ་སོགས་རྐང་པ་དགུས་ཤེར་དབང་། བྱང་ཆུབ་སོགས་རྐང་པ་བརྒྱད་ཀྱིས་ཚིག་དབང་བསྟན་ནོ། །གཉིས་པ་དབང་གི་སྒྲ་དོན། སྒྲ་དོན་སོགས་རྐང་པ་བཅུ། གསུམ་པ་རྒྱུ་ལམ་འབྲས་བུའི་དབང་བསྟན་པ། དབང་ཐོབ་སོགས་རྐང་པ་གསུམ་མོ། །གཉིས་པ་གྲོལ་བྱེད་བསྐྱེད་རྫོགས་ཀྱི་ལམ་བཤད་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་མདོར་བསྟན་པ། གཉིས་པ་སོགས་རྐང་པ་གཅིག །གཉིས་པ་རྒྱས་པར་བཤད་པ་ལ། བསྐྱེད་རིམ་བཤད་པ་དང་། རྫོགས་རིམ་བཤད་པ་གཉིས། དང་པོ་བསྐྱེད་རིམ་བཤད་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་མདོར་བསྟན་པ། དང་པོ་སོགས་རྐང་པ་གཉིས། གཉིས་པ་རྒྱས་པར་བཤད་པ་ལ་དག་རྫོགས་སྨིན་གསུམ་སྤྱིར་བཤད་པ། སྐྱེ་གནས་བཞིའི་བག་ཆགས་སྦྱོང་ཚུལ་རྒྱས་པར་བཤད་པ། བསྐྱེད་གཞི་ཏིང་འཛིན་རྣམ་གསུམ་སྒོམ་པ། ས་ལམ་རིམ་པར་བགྲོད་ཚུལ་བཤད་པ་དང་བཞི། དང་པོ་དག་རྫོགས་སྨིན་གསུམ་གྱི་གོ་བ་སྤྱིར་བཤད་པ་ནི། བསྐྱེད་ཚུལ་སོགས་རྐང་པ་དྲུག །གཉིས་པ་སྐྱེ་གནས་བཞིའི་བག་ཆགས་སྦྱོང་ཚུལ་བཤད་པ་ལ་ལྔ། སྒོང་སྐྱེས་སྦྱོང་བ། མངལ་སྐྱེས་སྦྱོང་བ། དྲོད་གཤེར་སྐྱེས་སྦྱོང་བ། རྫུས་སྐྱེས་སྦྱོང་བ། སྐྱེ་གནས་བཞིའི་མཇུག་བསྡུ་བ་དང་ལྔ། དང་པོ་སྒོང་སྐྱེས་སྦྱོང་བ་གཉིས། ཇི་ལྟར་སོགས་རྐང་པ་བཅོ་བརྒྱད་ཀྱིས་རྒྱས་པ། བསྡུ་ན་སོགས་རྐང་པ་བཞིས་བསྡུས་པའོ། །གཉིས་པ་མངལ་སྐྱེས་སྦྱོང་བ་ལ་གསུམ། དང་པོ་མངོན་བྱང་བཞི་བསྐྱེད། མངལ་སྐྱེས་སོགས་རྐང་པ་བཅུ། གཉིས་པ་རྡོ་རྗེ་ཆོ་ག་གསུམ་བསྐྱེད། ཕྱག་རྒྱ་སོགས་རྐང་པ་གསུམ། གསུམ་པ་མངོན་བྱང་ལྔ་བསྐྱེད་ལ་གཉིས། བར་མ་སོགས་རྐང་པ་ལྔས་གཞི་འབྲས་ལྟོ་སྦྱར་ཏེ་སྤྱིར་བཤད། མངོན་བྱང་སོགས་ཤོ་ལོ་ཀ་དྲུག་གིས་མངོན་བྱང་ལྔ་བྱེ་བྲག་ཏུ་བཤད་པའོ། །གསུམ་པ་དྲོད་གཤེར་སྐྱེས་སྦྱོང་བ། དྲོད་གཤེར་སོགས་རྐང་པ་བཞི། བཞི་པ་རྫུས་སྐྱེས་སྦྱོང་བ། རྫུས་ཏེ་སོགས་རྐང་པ་གཉིས། ལྔ་པ་སྐྱེ་གནས་བཞིའི་འཇུག་བསྡུ་བ། སྒོམ་ཚུལ་སོགས་རྐང་པ་བཞི། གསུམ་པ་བསྐྱེད་གཞི་ཏིང་ངེ་འཛིན་རྣམ་གསུམ་སྒོམ་པ། ཀུན་ཀྱང་སོགས་ཚིགས་བཅད་གཉིས། བཞི་པ་ས་ལམ་བསྒྲོད་ཚུལ། སྔགས་སུ་སོགས་རྐང་པ་དགུ། གཉིས་པ་རྫོགས་རིམ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་མདོར་བསྟན་པ། གཉིས་པ་སོགས་རྐང་པ་བཅུ། གཉིས་པ་རྒྱས་པར་བཤད་པ་ལ། སྣང་བཅས་ཀྱི་རྫོགས་རིམ་བཤད་པ་དང་། སྣང་མེད་ཀྱི་རྫོགས་རིམ་བཤད་པ་གཉིས། དང་པོ་སྣང་བཅས་ཀྱི་རྫོགས་རིམ་བཤད་པ་ལ། རྡོ་རྗེ་ལུས་ཀྱི་གནས་ལུགས་བཤད་པ་དང་། རྫོགས་རིམ་དངོས་བཤད་པ་གཉིས། དང་པོ་རྡོ་རྗེ་ལུས་ཀྱི་གནས་ལུགས་བཤད་པ་ལ། རྒྱུད་སྡེ་སྤྱིའི་ལུགས་བཤད་པ་དང་། སྒྱུ་འཕྲུལ་གསང་ཐིག་གི་ལུགས་བཤད་པ་གཉིས། དང་པོ་རྒྱུད་སྡེ་སྤྱིའི་ལུགས་བཤད་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་སྐབས་བསྡུ་བ་དང་གསུམ། དང་པོ་མདོར་བསྟན་པ། དང་པོའི་སོགས་རྐང་པ་གསུམ། གཉིས་པ་རྒྱས་པར་བཤད་པ་ལ་གསུམ། དང་པོ་གནས་པ་རྩ་བཤད་པ་ལ། མ་ཡི་སོགས་ཚིགས་བཅད་གསུམ་གྱིས་རྩ་གཙོ་བོ་གསུམ་བསྟན། རིམ་བཞིན་སོགས་རྐང་པ་སོ་གཅིག་གིས་རྩ་འཁོར་གྱི་རྣམ་གྲངས་བཤད། གཉིས་པ་གཡོ་བ་རླུང་བཤད་པ། གཡོ་བ་སོགས་ཤོ་ལོ་ཀ་གསུམ་གྱིས་ཕྱིའི་རླུང་། ནང་གི་སོགས་རྐང་པ་བདུན་གྱིས་ནང་གི་རླུང་། གསང་བ་སོགས་རྐང་པ་གཉིས་ཀྱིས་གསང་བའི་རླུང་ངོ་། །གསུམ་པ་བཀོད་པ་བྱང་ཆུབ་སེམས་བཤད་པ། གསུམ་པ་སོགས་རྐང་པ་དགུ། གསུམ་པ་སྐབས་བསྡུ་བ། མདོར་ན་སོགས་རྐང་པ་དགུ། གཉིས་པ་སྒྱུ་འཕྲུལ་གསང་ཐིག་གི་ལུགས་བཤད་པ། ཁྱད་པར་སོགས་རྐང་པ་སོ་གཅིག །གཉིས་པ་རྫོགས་པའི་རིམ་པ་དངོས་བཤད་པ་ལ་གཉིས། དང་པོ་རང་ལུས་ཐབས་ལྡན་བསྟན་པ། དེ་ལྟར་སོགས་རྐང་པ་དྲུག །གཉིས་པ་གཞན་ལུས་ཐབས་ལྡན་བཤད་པ། རྩ་ཐིག་སོགས་རྐང་པ་གསུམ། གཉིས་པ་སྣང་མེད་ཀྱི་རྫོགས་རིམ་བཤད་པ། གཉིས་པ་སོགས་རྐང་པ་བདུན། གསུམ་པ་མཇུག་བསྡུ་བ། བསྐྱེད་རིམ་སོགས་རྐང་པ་བདུན། གསུམ་པ་ཡན་ལག་དམ་ཚིག་བཤད་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་མདོར་བསྟན་པ། གསུམ་པ་སོགས་རྐང་པ་བཞི། གཉིས་པ་རྒྱས་པར་བཤད་པ་ལ། དམ་ཚིག་གི་རྣམ་གྲངས་བཤད་པ། ཉམས་ན་ཕྱིར་བཅོས་བཤད་པ། ཉམས་པའི་ཉེས་དམིགས་བཤད་པ། བསྲུང་བའི་ཕན་ཡོན་བཤད་པའོ། །དང་པོ། དམ་ཚིག་གི་རྣམ་གྲངས་བཤད་པ་ལ། བླ་མེད་སྤྱིའི་སྡོམ་པ་བཤད་པ། མདོ་སྒྱུ་སེམས་གསུམ་གྱི་ཁྱད་པར་བཤད་པ། བརྟུལ་ཞུགས་ཉེར་ལྔ་དང་རིགས་ལྔའི་སྡོམ་པ་བཤད་པ་དང་གསུམ། དང་པོ་བླ་མེད་སྤྱིའི་སྡོམ་པ་བཤད་པ་ལ་དྲུག །དང་པོ་དམ་སྡོམ་གྱི་ཁྱད་པར་བཤད་པ། དེ་ལ་སོགས་རྐང་པ་བཞི། གཉིས་པ་རྟེན་གྱི་གང་ཟག །ཀུན་གྱི་སོགས་རྐང་པ་དྲུག །གསུམ་པ་ལྟུང་བའི་ཡན་ལག ། བྱང་ཆུབ་སོགས་རྐང་པ་བཅུ་གཅིག །བཞི་པ་བསྲུང་བྱེད་ཀྱི་ཐབས། དེ་ཡི་སོགས་རྐང་པ་བཅོ་བརྒྱད། ལྔ་པ་བསྲུང་བྱ་དངོས་བཤད་པ་ལ་རྩ་ལྟུང་བཅུ་བཞི་བཤད་པ་དང་། ཡན་ལག་སྦོམ་པོ་བཤད་པ་གཉིས། དང་པོ་རྩ་ལྟུང་བཅུ་བཞི་བཤད་པ་ལ། ཐོག་མ་སོགས་རྐང་པ་གཉིས་ཀྱིས་མདོར་བསྟན། དེ་ནས་རིམ་བཞིན། བླ་མ་སྨོད་པའི་རྩ་ལྟུང་ལ་ལྔ། བདེ་གཤེགས་བཀའ་འདས་ལ་བཞི། མཆེད་ལ་འཁུ་བར་བཞི། བྱམས་པ་འདོར་བར་ལྔ། བྱང་སེམས་སྤོང་བར་བཞི། གྲུབ་མཐའ་སྨོད་པ་ལ་བཞི། གསང་སྒྲོག་ལ་དྲུག །ཕུང་པོ་སྨོད་པ་ལ་བཞི། ཆོས་ལ་ཐེ་ཚོམ་ཟ་བར་བཞི། གདུག་ལ་བྱམས་པར་བཞི། ཆོས་ལ་ཚད་མས་གཞལ་བར་བཞི། དད་སུན་འབྱིན་པར་བཞི། དམ་རྫས་མི་བརྟེན་པར་བཞི། བུད་མེད་སྨོད་པར་བཞིའོ། །ཡན་ལག་སྦོམ་པོ་བཤད་པ་ལ། དང་པོ། ཀླུ་སྒྲུབ་ཀྱི་ལུགས། བཅུ་བཞིའི་སོགས་རྐང་པ་གསུམ་གྱིས་མདོར་བསྟན་ནས་ལྷག་མ་རྐང་པ་གཉིས་རེས་བཤད་དོ། །དེ་ནས་ཀླུ་སྒྲུབ་སོགས་རྐང་པ་བརྒྱད་ཀྱིས་སྦོམ་པོའི་རྣམ་གྲངས་དང་། ཡང་འདི་ལྟར་སོགས་རྐང་པ་དྲུག་གིས་རྩ་ལྟུང་གོང་མའི་ཁུངས་དང་དེ་ལས་གཞན་པའི་རྩ་ལྟུང་སོགས་བཤད་དོ། །དྲུག་པ་ཉམས་ན་བཅོས་ཐབས་བཤད་པ། རྣལ་འབྱོར་སོགས་ཚིགས་བཅད་དྲུག །གཉིས་པ་མདོ་སྒྱུ་སེམས་གསུམ་གྱི་རང་ལུགས་བཤད་པ་ལ་གསུམ། དང་པོ་སྤྱི་མདོ་དགོངས་འདུས་ཀྱི་ལུགས། སྤྱི་མདོར་སོགས་རྐང་པ་གསུམ། གཉིས་པ་སྒྱུ་འཕྲུལ་གྱི་ལུགས། སྒྱུ་འཕྲུལ་སོགས་རྐང་པ་བཅུ་དགུ། གསུམ་པ་སེམས་ཕྱོགས་ཀྱི་དམ་ཚིག་ལ་བསྲུང་དུ་མེད་པ་དང་ཡོད་པ་གཉིས། དང་པོ། སེམས་ཀྱི་སོགས་རྐང་པ་ལྔ། གཉིས་པ། ལམ་ཞུགས་སོགས་རྐང་པ་བཅུ་གཉིས་ཀྱིས་རྩ་བ་དང་། ཐབས་ཀྱི་སོགས་ཤོ་ལོ་ཀ་གསུམ་གྱིས་ཡན་ལག་གི་དམ་ཚིག་བཤད་དོ། །གསུམ་པ་བརྟུལ་ཞུགས་ཉེར་ལྔ་དང་རིགས་ལྔའི་སྡོམ་པ་བཤད་པ། དེ་བཞིན་སོགས་རྐང་པ་ལྔ་བཅུ། གཉིས་པ་ཉམས་ན་ཕྱིར་བཅོས་བཤད་པ་ལ་གསུམ། ཉམས་ན་སོགས་རྐང་པ་བརྒྱད་ཀྱིས་གསོ་སླ་བའི་རྒྱུ་མཚན། བླ་མ་སོགས་རྐང་པ་ལྔས་སྐུ་གསུང་ཐུགས་ཀྱི་ཕྱིར་བཅོས། དྲུག་ཆ་སོགས་རྐང་པ་དགུས་ཐུན་འདས་ཀྱི་ཕྱིར་བཅོས། གཞན་ཡང་སོགས་དེ་ལས་གཞན་པའི་ཕྱིར་བཅོས་ཀྱི་རྣམ་གྲངས་སོ། །གསུམ་པ་ཉམས་པའི་ཉེས་དམིགས། མ་བཤགས་སོགས་རྐང་པ་གཉིས། བཞི་པ་བསྲུང་བའི་ཕན་ཡོན། དམ་ཚིག་སོགས་རྐང་པ་དྲུག་གོ། ལེའུ་བཅུ་པའི་ས་བཅད་དོ། ། ༈ དོན་གསུམ་པ་ལམ་གྱི་ཉེ་ལམ་རང་བཞིན་རྫོགས་པ་ཆེན་པོ་ལྟར་བཤད་པ་ལ། གཞི་གཏན་ལ་དབབ་པ། ལམ་ཉམས་སུ་བླང་བ། འབྲས་བུ་ལྷུན་གྲུབ་ཆེན་པོ་བཤད་པའོ། ། དང་པོ་གཞི་གཏན་ལ་དབབ་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་མདོར་བསྟན་པ། རྒྱལ་བའི་སོགས་རྐང་པ་བརྒྱད། གཉིས་པ་རྒྱས་པར་བཤད་པ་ལ་གསུམ། འཁོར་བ་མྱང་འདས་ཀྱི་སྤྱི་གཞི་བཤད་པ། ཀུན་ཏུ་བཟང་པོའི་གྲོལ་ཚུལ་བཤད་པ། མ་དག་སེམས་ཅན་གྱི་འཁྲུལ་ཚུལ་བཤད་པ་དང་གསུམ། དང་པོ་འཁོར་འདས་ཀྱི་སྤྱི་གཞི་བཤད་པ་ལ། གཞི་བཤད་པ་དང་། གཞི་སྣང་བཤད་པ་གཉིས། དང་པོ་གཞི་བཤད་པ་ལ་གསུམ། དང་པོ་གཞིའི་བཞུགས་ཚུལ་སྤྱིར་བཤད་པ། འདིར་ནི་སོགས་རྐང་པ་བརྒྱད། གཉིས་པ་གྲུབ་མཐའི་འདོད་གཞུང་བྱེ་བྲག་ཏུ་བཤད་པ། རེ་ཞིག་སོགས་རྐང་པ་བརྒྱད། གསུམ་པ་སྐྱོན་མེད་རང་གཞུང་གི་གཞི་རྒྱས་པར་བཤད་པ། འདི་ནི་སོགས་རྐང་པ་ཉི་ཤུ། གཉིས་པ་གཞི་སྣང་བཤད་པ། དེ་ཉིད་སོགས་རྐང་པ་བཅུ་གསུམ། གཉིས་པ་ཀུན་ཏུ་བཟང་པོའི་གྲོལ་ཚུལ་བཤད་པ་ལ་གསུམ། དང་པོ་ཆོས་སྐུའི་དབྱིངས་སུ་གྲོལ་ཚུལ། དེ་ཚེ་སོགས་རྐང་པ་བཅུ། གཉིས་པ་ལོངས་སྐུའི་ཞིང་ཁམས་བཀོད་ཚུལ། གང་ཚེ་སོགས་རྐང་པ་བཞི། གསུམ་པ་སྤྲུལ་སྐུའི་འགྲོ་དོན་མཛད་ཚུལ། དག་པ་སོགས་ཚིགས་བཅད་གསུམ། གཉིས་པ་མ་དག་པའི་སེམས་ཅན་གྱི་འཁྲུལ་ཚུལ་བཤད་པ་ལ་གསུམ། དང་པོ་འཁྲུལ་བའི་རྒྱུ་རྐྱེན་བཤད་པ། དེ་ཉིད་སོགས་རྐང་པ་བཅུ་བཞི། གཉིས་པ་འཁྲུལ་བའི་སྣང་ལུགས། འདི་ལྟར་སོགས་ཚིགས་བཅད་གསུམ། གསུམ་པ་སྣང་སེམས་ཀྱི་དབྱེ་བ་བཤད་པ། དེ་ལྟར་སོགས་ཚིགས་བཅད་བཞིའོ། །ལེའུ་བཅུ་གཅིག་པའི་ས་བཅད་དོ། ། ༈ དོན་གཉིས་པ་ཉམས་སུ་བླང་ཚུལ་བཤད་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ། སྐབས་བསྡུ་བ་དང་གསུམ། དང་པོ་མདོར་བསྟན་པ། གང་ཞིག་སོགས་ཚིགས་བཅད་གཉིས། གཉིས་པ་རྒྱས་པར་བཤད་པ་ལ། ལམ་གྱི་ཁྱད་པར་བཤད་པ་དང་། ལམ་དངོས་བཤད་པ་གཉིས། དང་པོ་ལམ་གྱི་ཁྱད་པར་བཤད་པ་ལ་གཉིས། དང་པོ་གཞན་ལས་འཕགས་པའི་ཁྱད་པར། རྩོད་པ་སོགས་ཚིགས་བཅད་གསུམ། གཉིས་པ་ནང་གསེས་སྡེ་གསུམ་གྱི་ཁྱད་པར། གང་ལ་སོགས་རྐང་པ་བཞི། གཉིས་པ་ལམ་དངོས་བཤད་པ་ལ་གསུམ། གྲོལ་ལུགས་ཀྱི་གདེང་བཤད་པ། ཤན་འབྱེད་ཀྱི་འཕྱོང་བཤད་པ། ཉམས་ལེན་གྱི་གནད་བཤད་པ་དང་གསུམ། དང་པོ་གྲོལ་ལུགས་ཀྱི་གདེང་བཤད་པ། ཀུན་ཀྱང་སོགས་ཚིགས་བཅད་གཉིས། གཉིས་པ་ཤན་འབྱེད་ཀྱི་འཕྱོང་བཤད་པ་ལ་བཅུ། དང་པོ། གང་དག་སོགས་ཚིགས་བཅད་གསུམ་གྱིས་སེམས་རིག་དོན་གྱི་ཤན་འབྱེད། གཉིས་པ། དེ་བཞིན་སོགས་རྐང་པ་བཞིས་གནས་པ་ངོ་བོའི་ཤན་འབྱེད། གསུམ་པ། རིག་པ་སོགས་རྐང་པ་བཞིས་འཕྲོ་བ་རྩལ་གྱི་ཤན་འབྱེད། བཞི་པ། རིག་པས་སོགས་རྐང་པ་བཅུ་གཅིག་གིས་གྲོལ་ཚུལ་གནད་ཀྱི་ཤན་འབྱེད། ལྔ་པ། དེ་བཞིན་སོགས་རྐང་པ་བཞིས་ཀུན་གཞི་ཆོས་སྐུའི་ཤན་འབྱེད། དྲུག་པ། གཞི་དེ་སོགས་རྐང་པ་བཞིས་འཁྲུལ་གྲོལ་སྐབས་ཀྱི་ཤན་འབྱེད། བདུན་པ། ཐོག་མའི་སོགས་རྐང་པ་བཞིས་གཞི་འབྲས་ལྷུན་གྲུབ་ཀྱིས་ཤན་འབྱེད། བརྒྱད་པ་དེ་བཞིན་སོགས་རྐང་པ་བརྒྱད་ཀྱིས་ལམ་འབྲས་ཀ་དག་གི་ཤན་འབྱེད། དགུ་པ། དེ་བཞིན་སོགས་རྐང་པ་བཞིས་བར་དོ་ལྷ་ཡི་ཤན་འབྱེད། བཅུ་པ། ཁྱད་པར་སོགས་རྐང་པ་བཞིས་དབུགས་འབྱིན་ཞིང་གི་ཤན་འབྱེད་དོ། ། གསུམ་པ། ཉམས་ལེན་གྱི་གནད་བཤད་པ་ལ། རིག་པ་རང་སྣང་གི་བློ་ཅན་གྱི་ཉམས་ལེན་བཤད་པ་དང་། སྣང་བ་ཡུལ་གྱི་བློ་ཅན་གྱི་ཉམས་ལེན་བཤད་པ་གཉིས། དང་པོ་རིག་པ་རང་སྣང་གི་བློ་ཅན་གྱི་ཉམས་ལེན་བཤད་པ་ལ། ཀ་དག་ཁྲེག་ཆོད་ཀྱི་ལམ་བཤད་པ་དང་། ལྷུན་གྲུབ་ཐོད་རྒལ་གྱི་ཁྱད་ཆོས་བཤད་པ་གཉིས། དང་པོ་ཀ་དག་ཁྲེག་ཆོད་ཀྱི་ལམ་བཤད་པ་ལ་བཞི། དང་པོ་དེ་ཕྱིར་སོགས་རྐང་པ་བདུན་གྱིས་ལྟ་བ། གཉིས་པ་དེ་ལ་སོགས་རྐང་པ་བཞིས་བསྒོམ་པ། གསུམ་པ། ཕྱི་རོལ་སོགས་རྐང་པ་བཞིས་སྤྱོད་པ། བཞི་པ། དེ་ལས་སོགས་རྐང་པ་བཞིས་འབྲས་བུའོ། །གཉིས་པ་ལྷུན་གྲུབ་ཐོད་རྒལ་གྱི་ཁྱད་པར་བཤད་པ། ཁྱད་པར་སོགས་ཤོ་ལོ་ཀ་གསུམ། གཉིས་པ་སྣང་བ་ཡུལ་གྱི་བློ་ཅན་གྱི་ཉམས་ལེན་བཤད་པ་ལ་གཉིས། མཉམ་བཞག་ཞི་ལྷག་གི་སྐྱོང་ཚུལ་དང་། རྣམ་རྟོག་ལམ་དུ་འཁྱེར་ཚུལ་ལོ། །དང་པོ་མཉམ་བཞག་ཞི་ལྷག་གི་སྐྱོང་ཚུལ་ལ། དེ་ལྟར་སོགས་རྐང་པ་བདུན་གྱིས་མདོར་བསྟན། དང་པོའི་སོགས་བཅུ་གཅིག་གིས་རྒྱས་པར་བཤད། མདོར་ན་སོགས་རྐང་པ་བཅུས་ཞི་ལྷག་ཟུང་འབྲེལ་གྱིས་དོན་བསྡུ་བའོ། །གཉིས་པ་རྣམ་རྟོག་ལམ་དུ་འཁྱེར་ཚུལ། ཐབས་ཀྱི་སོགས་ཚིགས་བཅད་གསུམ། རྩ་བའི་གསུམ་པ་སྐབས་བསྡུ་བ། མདོར་ན་སོགས་རྐང་པ་བཅུ་གསུམ་མོ། །ལེའུ་བཅུ་གཉིས་པའི་ས་བཅད་དོ། ། ༈ དོན་གསུམ་པ་འབྲས་བུ་ལྷུན་གྲུབ་ཆེན་པོའི་གོ་འཕང་བཤད་པ་ལ། འབྲས་བུ་གཞན་ལས་མ་བྱུང་བར་བསྟན་པ་དང་། སྐུ་ལྔའི་རང་བཞིན་རྒྱས་པར་བཤད་པ་གཉིས། དང་པོ། དེ་ལྟར་སོགས་རྐང་པ་དགུ། གཉིས་པ་སྐུ་ལྔའི་རང་བཞིན་རྒྱས་པར་བཤད་པ་ལ་དབྱིངས་ནང་གསལ་གྱི་སྐུ་གསུམ་བཤད་པ་དང་། ཡེ་ཤེས་ཕྱིར་གསལ་གྱི་སྐུ་གཉིས་བཤད་པ་གཉིས། དང་པོ་དབྱིངས་ཀྱི་སྐུ་གསུམ་བཤད་པ་ལ། སྐུ་གསུམ་སོ་སོར་བཤད་པ་དང་། ཆོས་ཉིད་ངོས་ནས་དབྱེ་གསལ་མེད་པར་བཤད་པ་གཉིས། དང་པོ་གསུམ་སོ་སོར་བཤད་པ་ལ་གསུམ། དང་པོ་མི་འགྱུར་རྡོ་རྗེའི་སྐུ་བཤད་པ། གློ་བུར་སོགས་རྐང་པ་བདུན། གཉིས་པ་མངོན་པར་བྱང་ཆུབ་བསྟན་པ། རྣམ་པ་སོགས་རྐང་པ་བཞི། གསུམ་པ་ཞི་བ་ཆོས་སྐུ་བཤད་པ། ཤེས་བྱའི་སོགས་རྐང་པ་དྲུག །གཉིས་པ་ཆོས་ཉིད་ཀྱི་ངོས་ནས་དབྱེ་བ་མེད་པར་བཤད་པ་ལ་གཉིས། དང་པོ་བློའི་ཡུལ་ལས་འདས་པར་བསྟན་པ། སོ་སོར་སོགས་རྐང་པ་བརྒྱད། གཉིས་པ་ཆོས་ཀྱི་དབྱིངས་སུ་བཞུགས་ཚུལ་བཤད་པ། འདྲེན་པ་སོགས་རྐང་པ་ལྔ། གཉིས་པ་ཡེ་ཤེས་ཕྱིར་གསལ་གྱི་སྐུ་གཉིས་བཤད་པ་ལ་ལོངས་སྐུ་བཤད་པ་དང་། སྤྲུལ་སྐུ་བཤད་པ་གཉིས། དང་པོ་ལོངས་སྐུ་བཤད་པ་ལ། གཞི་འབྲས་དབྱེར་མེད་ཀྱི་ལོངས་སྐུ་བཤད་པ་དང་། འབྲས་བུ་ལྷུན་གྱིས་གྲུབ་པའི་ལོངས་སྐུ་བཤད་པ་གཉིས། དང་པོ་གཞི་འབྲས་དབྱེར་མེད་ཀྱི་ལོངས་སྐུ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་མདོར་བསྟན་པ། མཁྱེན་ཆ་སོགས་རྐང་པ་ལྔ། གཉིས་པ་རྒྱས་པར་བཤད་པ་ལ་ལྔ། དང་པོ་གནས་ནི་སོགས་རྐང་པ་བཅུ་བདུན་གྱིས་གནས། གཉིས་པ་དུས་གསུམ་སོགས་རྐང་པ་གཅིག་གིས་དུས། གསུམ་པ། འཕོ་འགྱུར་སོགས་རྐང་པ་ལྔས་སྟོན་པ། བཞི་པ། རང་ལས་སོགས་རྐང་པ་གཉིས་ཀྱིས་འཁོར། ལྔ་པ། རང་བཞིན་སོགས་རྐང་པ་གཉིས་ཀྱིས་ཆོས་སོ། །གཉིས་པ་འབྲས་བུ་ལྷུན་གྱིས་གྲུབ་པའི་ལོངས་སྐུ་བཤད་པ་ལ་གསུམ། དང་པོ་སྟེང་ཁང་ཞི་བའི་དཀྱིལ་འཁོར་བཤད་པ། སྟེང་ཁང་སོགས་རྐང་པ་བཅུ་གསུམ། གཉིས་པ་འོག་ཁང་ཁྲོ་བོའི་དཀྱིལ་འཁོར་བཤད་པ། འོག་ཁང་སོགས་ཤོ་ལོ་ཀ་བཅུ་དང་རྐང་པ་གསུམ། གསུམ་པ་དེ་གཉིས་ཀའི་དོན་བསྡུ་བ། ཆོས་སྐུའི་སོགས་རྐང་པ་བཅོ་བརྒྱད། གཉིས་པ་སྤྲུལ་སྐུ་བཤད་པ་ལ། རང་བཞིན་སྤྲུལ་པ། འགྲོ་འདུལ་སྤྲུལ་པ། སྣ་ཚོགས་སྤྲུལ་པ་དང་གསུམ། དང་པོ་རང་བཞིན་སྤྲུལ་པ་བཤད་པ་ལ། བགྲང་པའི་རང་བཞིན་སྤྲུལ་པ་བཤད་པ་དང་། གནས་པའི་རང་བཞིན་སྤྲུལ་པ་བཤད་པ་གཉིས། དང་པོ་བགྲང་པའི་རང་བཞིན་སྤྲུལ་པ་བཤད་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ། མཇུག་བསྡུ་བ་དང་གསུམ། དང་པོ་མདོར་བསྟན་པ། དེ་ཉིད་སོགས་རྐང་པ་བདུན། གཉིས་པ་རྒྱས་པར་བཤད་པ་ལ་དྲུག །དང་པོ། དབུས་ན་སོགས་རྐང་པ་གསུམ་གྱིས་གནས། གཉིས་པ། གཟུགས་ཀྱི་སོགས་རྐང་པ་གསུམ་གྱིས་སྟོན་པ། གསུམ་པ། ཡེ་ཤེས་སོགས་རྐང་པ་བཅུ་གཉིས་ཀྱིས་ཡེ་ཤེས། བཞི་པ། འཁོར་ནི་སོགས་རྐང་པ་དྲུག་གིས་འཁོར། ལྔ་པ། དུས་ནི་སོགས་རྐང་པ་ལྔས་དུས། དྲུག་པ། གདུལ་བྱའི་སོགས་རྐང་པ་དྲུག་གིས་སྦྱང་བྱ་བསྟན་པའོ། །གསུམ་པ་མཇུག་བསྡུ་བ། ཞིང་འདིར་སོགས་རྐང་པ་དྲུག་གོ། གཉིས་པ་གནས་པའི་རང་བཞིན་སྤྲུལ་པ་བཤད་པ་ལ་གཉིས། རང་བཞིན་སྤྲུལ་པ་དངོས་བཤད་པ་དང་། ཞར་བྱུང་གི་འོག་མིན་མཁའ་སྤྱོད་ཀྱི་གནས་བཤད་པ་གཉིས། དང་པོ་ལ་གཉིས། དང་པོ་ཕྱོགས་བཅུའི་སྤྲུལ་པའི་ཞིང་མདོར་བསྟན་པ། ཁྱད་པར་སོགས་རྐང་པ་དགུ། གཉིས་པ་རྣམ་གྲོལ་དབུགས་ཆེན་འབྱིན་པ་ལྔ་རྒྱས་པར་བཤད་པ། ཁྱད་པར་སོགས་ཤོ་ལོ་ཀ་བཅུ་གཅིག །གཉིས་པ་ཞར་བྱུང་འོག་མིན་མཁའ་སྤྱོད་ཀྱི་གནས་བཤད་པ། གཞན་དུ་སོགས་རྐང་པ་བཅུ་བཞི། གཉིས་པ་འགྲོ་འདུལ་སྤྲུལ་པ་བཤད་པ་ལ། དང་པོ་འགྲོ་འདུལ་སྤྲུལ་པ་དངོས་བཤད་པ། དེ་ཉིད་སོགས་ཚིགས་བཅད་བརྒྱད་དང་རྐང་པ་གཉིས། གཉིས་པ་དེ་ལས་ཡང་སྤྲུལ་གྱི་རྣམ་གྲངས་བཤད་པ། དེ་ལས་སོགས་རྐང་པ་བཅུ་བདུན། གསུམ་པ་དེ་ཉིད་སྒྱུ་མ་ལྟར་སྣང་ཚུལ་བཤད་པ། གང་ཞིག་སོགས་རྐང་པ་བཅུ། གསུམ་པ་སྣ་ཚོགས་སྤྲུལ་པ་བཤད་པ་ལ། སྣ་ཚོགས་སྤྲུལ་པ་དངོས་བཤད་པ་དང་། གཟུགས་སྐུའི་སྣང་བ་བསྡུ་ཚུལ་གྱིས་མཇུག་བསྡུ་བ་གཉིས། དང་པོ་སྣ་ཚོགས་སྤྲུལ་པ་དངོས་བཤད་པ་ལ། དེ་ཉིད་སོགས་རྐང་པ་བརྒྱད་ཀྱིས་བེམ་པོ་ལྟར་སྣང་བའི་སྤྲུལ་སྐུ་དང་། སྐྱེ་བ་སོགས་རྐང་པ་བདུན་གྱིས། སྐྱེ་བ་སྤྲུལ་སྐུ། གཉིས་པ་གཟུགས་སྐུའི་སྣང་བ་བསྡུ་ཚུལ་བཤད་པ་ལ། གལ་ཏེ་སོགས་རྐང་པ་དྲུག་གིས་སྤྲུལ་སྐུ་ལོངས་སྐུར་ཐིམ་ཚུལ། དེ་ཡང་སོགས་རྐང་པ་བདུན་གྱིས་ལོངས་སྐུ་ཆོས་སྐུར་ཐིམ་ཚུལ། འདིར་ནི་སོགས་རྐང་པ་བདུན་གྱིས་ཆོས་སྐུ་དབྱིངས་སུ་འཁྱིལ་ཚུལ་བསྟན་པའོ། །ལེའུ་བཅུ་གསུམ་པའི་ས་བཅད་དོ། །དེ་ཡན་གྱིས་བར་དུ་དགེ་བ་གཞུང་གི་དོན་ཚང་ངོ་། ། ༈ སྤྱི་དོན་གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་བཤད་པ་ལ་གསུམ། དང་པོ། བསྟན་བཅོས་རྩོམ་པའི་རྒྱུ། བདག་རྒྱུད་སོགས་ཚིགས་བཅད་གསུམ། གཉིས་པ་དེས་ཐོབ་དགེ་བ་བསྔོ་བ། དགེ་བ་སོགས་ཤོ་ལོ་ཀ་བཞི། གསུམ་པ་མཇུག་མཛད་བྱང་བརྗོད་པ། ཡོན་ཏན་རིན་པོ་ཆེའི་སོགས་ཀྱིས་ཡོངས་སུ་རྫོགས་སོ། །སྤྱི་དོན་ས་བཅད་དཀྱུས་ཀྱིས་ཁོག་ཕུབ་ནས། །ཚིག་དོན་མ་འཁྲུལ་འབྲུ་རྣམས་ཆོམ་པར་བཤད། །བསྡུས་དོན་མ་ནོར་གནད་དུ་དྲིལ་ཤེས་པའི། ། འཆད་པའི་ཚུལ་དེ་མཁས་པའི་རིང་ལུགས་ཡིན། །གཞུང་དོན་ཚིག་ལས་དོན་གྱི་རྣམ་གྲངས་ཀུན། །མ་ཉམས་མེ་ལོང་གཟུགས་བཞིན་འཛིན་ཤེས་ན། །ཐོས་དོན་བསམ་པར་འཆར་བའི་སྔོན་འགྲོ་སྟེ། །དེ་ཕྱིར་ཀུན་གྱིས་འདི་ལ་ནན་ཏན་མཛོད། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་བསྡུས་དོན་འབྲིང་པོ་ལྟར་བྱས་པ་འདི་ཡང་། མཁས་པ་ཤྲཱི་ལྷོད་པོས་ཤར་བཞག་བྲ་ལྷ་རྩེའི་རི་ཁྲོད་དུ་འཆད་པའི་སྐབས་དང་བསྟུན་ཏེ་བྲིས་པ་དགེ་བར་གྱུར་ཅིག །དགེའོ། དགེའོ། །

དགེའོ།། །།