JKW-KABUM-06-CHA-005: Difference between revisions
No edit summary |
No edit summary |
||
Line 35: | Line 35: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|༄༅། །གསང་བ་སྔགས་ཀྱི་སྨོན་ལམ་འདོད་འཇོའི་དགའ་སྟོན་གྱི་འགྲེལ་བཤད་བདུད་རྩིའི་ཀླུང་ཆེན་ཞེས་བྱ་བ་བཞུགས་སོ། ། | ||
༄༅། །གསང་བ་སྔགས་ཀྱི་སྨོན་ལམ་འདོད་འཇོའི་དགའ་སྟོན་གྱི་འགྲེལ་བཤད་བདུད་རྩིའི་ཀླུང་ཆེན་ཞེས་བྱ་བ་བཞུགས་སོ། ། | |||
ཧེ་རུ་ཀ་དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །ཟུང་འཇུག་འོད་གསལ་འདུས་མ་བྱས་པའི་དབྱིངས། །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ། །གང་འདུལ་གདུལ་བྱའི་མོས་ངོར་སྤྲུལ་པའི་གར། །སྟོན་མཛད་དཔལ་ལྡན་བླ་མར་གུས་ཕྱག་འཚལ། །བཻ་རོའི་རྣམ་འཕྲུལ་འགྲོ་འདུལ་གླིང་པ་ཡི། །འཆོས་སྐྱོབ་གཉིས་ལྡན་བདུད་རྩིའི་ཀླུང་ཆེན་ལས། །སྔགས་ཀྱི་སྨོན་ལམ་འདོད་འཇོའི་དགའ་སྟོན་ཉིད། །གོ་གསལ་ཉུང་ངུའི་ངག་གིས་འདི་ན་འགྲོལ། །འདི་ལ་བཞི། མཚན་གྱི་དོན། མཆོད་པར་བརྗོད་པ། གཞུང་གི་དོན། མཇུག་གི་དོན་ཏོ། །དང་པོ་ནི། གསང་བ་སྔགས་ཀྱི་སྨོན་ལམ་འདོད་འཇོའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །ཞེས་པ། ཉན་རང་སོགས་གདུལ་བྱ་ཐུན་མོང་བའི་སྣོད་དུ་མ་གྱུར་པས་གསང་བ་སྟེ། ཀུན་མཁྱེན་རང་བྱུང་རྡོ་རྗེས། ཕྱི་ནང་ཉན་ཐོས་སྤྱོད་ཡུལ་མིན། །མཐའ་དྲུག་གིས་བཅིངས་ནང་གི་དོན། །ཅེས་གསུངས་པ་ལྟར་རོ། །ཡིད་ཤེས་བདེ་མྱུར་གྱི་སྒོ་ནས་སྐྱོབས་པར་བྱེད་པས་ན་སྔགས་ཏེ། ཇི་སྐད་དུ་ཡང་། འདོད་པའི་ལོངས་སྤྱོད་ལྔ་པོ་ལ། །ཅི་བདེ་བར་ནི་སྤྱད་པས་འགྲུབ། །ཅེས་སོ། །དེའི་ལམ་དང་འབྲས་བུའི་ཆོས་ཐམས་ཅད་རང་གི་དོན་ལ་ཡོངས་སུ་རྫོགས་པར་སྨོན་པས་ན་སྨོན་ལམ་དེ་གྲུབ་པའི་འབྲས་བུ་སྔགས་ཀྱི་དངོས་གྲུབ་དམན་འབྲིང་མཆོག་ལ་བརྟེན་ནས་གནས་སྐབས་དང་མཐར་ཐུག་གི་འདོད་པ་ཐམས་ཅད་ཡིད་བཞིན་དུ་འཇོ་བས་དགའ་སྟོན་སྤེལ་བར་བྱེད་པས་ན་གཞུང་འདིའི་མཚན་ལ་དེ་སྐད་ཅེས་བྱ་བ་སྟེ་དཔེའི་སྒོ་ནས་མཚན་དུ་བཏགས་པའོ། །གཉིས་པ་ནི། དུས་གསུམ་རྒྱལ་བ་སྲས་བཅས་མ་ལུས་དང་། །འགྲོ་བའི་སྐྱབས་གྱུར་པདྨ་སཾ་བྷ་ཝ། །སྲིད་ཞིའི་རྒུད་པ་ཀུན་སེལ་རཏྣའི་ཞབས། །མི་འབྲལ་སྙིང་ནས་གུས་པས་ཕྱག་བགྱིའོ། །ཞེས་པ་ནི། འདས་མ་འོངས་ད་ལྟའི་དུས་གསུམ་གཤེགས་པ་དང་བཞུགས་པ་དང་འབྱོན་པར་འགྱུར་པའི་བདུད་བཞིའི་དགྲ་ལས་རྒྱལ་བའི་རྒྱལ་བ་སྟེ་སངས་རྒྱས་དཀོན་མཆོག་དང་། དེ་དག་གི་སྲས་བྱང་ཆུབ་སེམས་དཔའ་ཉན་རང་དང་བཅས་པ་ནི་དགེ་འདུན་དཀོན་མཆོག་དང་། དེ་དག་གི་རྒྱུད་ལ་བཞུགས་པའི་འགོགས་ལམ་གྱི་བདེན་པ་ནི་ཆོས་དཀོན་མཆོག །འགོགས་བདེན་ནི་སངས་རྒྱས་འཕགས་པའི་རྒྱུད་ཀྱི་སྒྲིབ་གཉིས་སྤངས་པའི་སྤངས་ཆ། ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་ཉོན་སྒྲིབ་སྤངས་པའི་སྤངས་ཆ། ལམ་བདེན་ནི་སངས་རྒྱས་འཕགས་པའི་ཐུགས་རྒྱུད་ཀྱི་རྣམ་མཁྱེན། ཉན་ཐོས་དགྲ་བཅོམ་པའི་ཐུགས་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཁྱེན་པ་རྣམས་སོ། །དེ་དག་གིས་སྤྱིར་དཀོན་མཆོག་གསུམ་ལ་ཕྱག་མཛད་པའོ། །འགྲོ་བ་ལྷ་དང་བཅས་པའི་སྐྱབས་གནས་གཅིག་པུར་གྱུར་པ་པདྨ་སཾ་བྷ་ཝ་སྟེ། པདྨ་ཡང་དག་པར་འབྱུང་བའམ་པདྨའི་འབྱུང་གནས་ཏེ། ཐོག་མར་པད་སྡོང་ལས་འཁྲུངས་པར་མ་ཟད། ཨིནྡྲ་བོ་དྷིས་སྤྱན་དྲངས་པའི་ལམ་གང་དུ་བཞག་པར་པདྨ་རེ་འཁྲུངས་པས་མཚན་དུ་དེ་ལྟར་གསོལ་བར་གྲགས། སློབ་དཔོན་རྡོ་རྗེ་གདན་པས། དགེ་སློང་ལུས་ལ་ཕྱག་རྒྱར་ལྡན། །ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད། །པདྨཱ་ཀ་ར། ཞེས་གསུངས་པའི་གྲུབ་བརྙེས་ཀྱི་སློབ་དཔོན་དམ་པ་སྟེ། དེ་དག་གིས་བྱེ་བྲག་ཏུ་གངས་ཅན་འགྲོ་བའི་སྐྱབས་གནས་ལ་ཕྱག་མཛད་པའོ། །སྲིད་དང་ཞི་བའི་མི་མཐུན་པའི་རྒུད་པ་ཐམས་ཅད་སེལ་བའི་བྱེད་པོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་ཆོས་མཚུངས་པ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཏེ། པདྨ་གླིང་པའི་གཏེར་ལུང་ལས། རྒྱ་གར་རིག་འཛིན་ཧཱུྃ་ཀ་ར༔ འབྲི་ཡི་ཕྱོགས་སུ་རཏྣའི་མིང་༔ ཞེས་དང་། འབྲི་ཞེས་བྱ་བ་ཁ་བའི་ཀློང་གསེབ་ཏུ༔ རྨུ་རྒོད་འགྲོ་འདུལ་བྱང་ཆུབ་སེམས་ལྡན་པ༔ ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་བུ༔ ཞེས་གསུངས་པ་ལྟར་རོ། །དེ་དག་གིས་ཁྱད་པར་དུ་རྩ་བའི་བླ་མ་ལ་ཕྱག་མཛད་པའོ། །དེའང་ཕྱག་མཛད་པའི་ཚུལ་ནི་རབ་ལྟ་བ་མཇལ་བའི་ཕྱག་སྟེ་དུས་གསུམ་འདུ་འབྲལ་མེད་པར་ཡིད་རབ་ཏུ་དྭངས་བའི་སྒོ་ནས་སོ། །དེའང་སློབ་དཔོན་ཀླུ་སྒྲུབ་ཀྱིས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་ལྟར། །རང་གི་རང་རིག་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་མིན། །ཅེས་སོ། །གསུམ་པ་ལ་གཉིས། མི་རྟག་པའི་གཏམ་གྱིས་བློ་ཆོས་ལ་བསྐུལ་བ་དང་། ལམ་གྱི་རིམ་པ་དངོས་རྒྱུད་ལ་བརྟེན་པའོ། །དང་པོ་ནི། ཚེ་འདིའི་ལོངས་སྤྱོད་རྨི་ལམ་དགའ་སྟོན་བཞིན། །ལང་ཚོའི་དཔལ་ཡང་འཇའ་ཚོན་ལྟ་བུ་སྟེ། །ཚེ་སྲོག་མི་རྟག་གློག་གི་ཟློས་གར་བཞིན། །འཇིག་རྟེན་ཕུན་ཚོགས་ཀུན་ལ་དབང་བསྒྱུར་ཀྱང་། །སྟོན་དུས་མཛེས་པའི་སྤྲིན་དཀར་ཕུང་པོ་བཞིན། །སྐད་ཅིག་མི་རྟག་འཇིག་པའི་ཚུལ་ཅན་དུ། །མཐོང་ནས་སྲིད་པར་ཡིད་ནི་འབྱུང་བར་ཤོག །ཅེས་པ་སྟེ། ཚེ་འདིར་སྣང་གི་ལོངས་སྤྱོད་གནས་གྲོགས་སོགས་རྨི་ལམ་གྱི་དགའ་སྟོན་ལྟ་བུ་སྟེ། ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་རྨི་ལམ་ན་ཡང་འདོད་པ་སྟེན་པ། །སྐྱེས་བུ་སད་པར་གྱུར་ན་མི་མཐོང་སྟེ། །བྱིས་པ་ཤིན་ཏུ་འདོད་ལ་ཆགས་ཤིང་ཞེན། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །དེ་བཞིན་དུ་གཟུགས་དང་ལང་ཚོ་ཁ་དོག་རྒྱན་གོས་ཀྱི་དཔལ་འབྱོར་ཀུན་འཇའ་ཚོན་ལྟ་བུར་སྙིང་པོ་མེད་དེ། ཇི་སྐད་དུ་ཡང་། མི་རྟག་ལུས་ལ་སྙིང་པོ་མེད། །ནམ་མཁར་ཤར་བའི་འཇའ་ཚོན་འདྲ། །བདེན་པར་བཟུང་ཀྱང་ཡལ་ནས་འགྲོ། །ཞེས་སོ། །སྐྱེས་བུའི་ཚེ་སྲོག་ནི་མི་རྟག་སྟེ་རླུང་དམར་ནང་གི་མར་མེའམ་བར་སྣང་དུ་གློག་འགྱུ་བ་ལྟར་སྐད་ཅིག་གིས་མི་རྟག་སྟེ། རྗེ་བདག་ཉིད་ཆེན་པོས། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག །རྙེད་དཀའ་འཇིག་སླ་ནམ་མཁའི་གློག་དང་འདྲ། །ཞེས་སོ། འཇིག་རྟེན་ཚེ་འདིའི་ཕུན་ཚོགས་འཁོར་ལོས་སྒྱུར་རྒྱལ་དུ་གྱུར་ཏེ་གླིང་བཞི་ལ་མངའ་དབང་བསྒྱུར་ཀྱང་སྙིང་པོ་མེད་དོ། །སྟོན་དུས་ཀྱི་སྤྲིན་དཀར་ཕུང་པོ་དབྱིབས་ངོ་མཚར་བ་སྣ་ཚོགས་ཤར་ཡང་ད་ལྟ་རང་ཡོད་འཕྲོ་ལ་མེད་འགྲོ་བ་ལྟར་ཤེས་པར་བྱ་སྟེ། མགོན་པོ་ཀླུས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ཀྱང་། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང་། །འཁོར་ལོས་བསྒྱུར་བ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ན་ཡང་བྲན་ཉིད་དུ་འགྱུར། །ཞེས་སོ། །དེ་ལྟར་སྐད་ཅིག་ཀྱང་མི་སྡོད་ཅིང་འགྱུར་བའི་ཚུལ་རིག་ནས་སྲིད་པ་སྟེ་འཁོར་བ་ནས་ཡིད་དབྱུང་སྟེ་ངེས་འབྱུང་གི་བསམ་པ་རྣམ་པར་དག་པ་རྒྱུད་ལ་སྐྱེ་བར་ཤོག་ཅིག་པ་སྟེ། ཇི་སྐད་དུ་ཡང་། དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །ཡིད་ལ་གོམས་པས་ཚེ་འདིའི་སྣང་ཞེན་ལྡོག །ཅེས་སོ། །དེ་དག་གིས་འཆི་བ་མི་རྟག་པ་དང་ངན་འགྲོའི་སྡུག་བསྔལ་སོགས་སྐྱེས་བུ་ཆུང་ངུའི་ལམ་དང་། ཐར་པ་དོན་གཉེར་གྱི་བློ་བསྐྱེད་པ་སོགས་སྐྱེས་བུ་འབྲིང་གི་ལམ་རྣམས་བསྟན་པ་ཡིན་ཏེ། བྱང་ཆུབ་ལམ་གྱི་སྒྲོན་མ་ལས། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་ཤེས། །སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་གཉིས། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ། བསྟེན་ནས་ལམ་ལ་ཇི་ལྟར་སློབ་པའི་ཚུལ་ལོ། །དང་པོ་ནི། བདེ་ལེགས་དངོས་གྲུབ་ཀུན་གྱི་འབྱུང་གནས་ནི། །མཚན་ཉིད་ཀུན་ལྡན་ཐེག་མཆོག་བཤེས་གཉེན་ཏེ། །དྲན་པ་ཡིས་ཀྱང་སྲིད་ཞིའི་འཇིགས་འཕྲོག་ལ། །མི་ཕྱེད་དད་པས་ཚུལ་བཞིན་བསྟེན་པར་ཤོག །ཅེས་པ་གནས་སྐབས་མངོན་མཐོའི་བདེ་བ་དང་། མཐར་ཐུག་ངེས་ལེགས་ཀྱི་འབྲས་བུའམ། དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་ནི་མདོ་རྒྱུད་ནས་ཇི་སྐད་བཤད་པའི་མཚན་ཉིད་ཀུན་ལྡན་གྱི་བླ་མ་ཐེག་པ་མཆོག་གི་བཤེས་གཉེན་བསྟེན་དགོས་ཏེ། ཡོན་ཏན་རིན་པོ་ཆེའི་སྡུད་པ་ལས། སློབ་མ་བཟང་པོ་བླ་མར་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་དག་ལ་རབ་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །ཞེས་གསུངས་པས་སོ། །ཇི་ལྟ་བུ་ཞིག་བསྟེན་ཅེ་ན། དྲན་པ་ཙམ་གྱིས་ཀྱང་སྲིད་ཞིའི་འཇིགས་པ་འཕྲོག་པ་སྟེ་ཞི་བར་བྱེད་པ་སོགས་བཙལ་དགོས་ཏེ། བསྟན་བཅོས་ཤེས་བྱ་ཀུན་ཁྱབ་ལས། འཐད་པ་ལུང་རིགས་དཔེ་ཡི་སྒོ་ནས་བཙལ། །ཅེས་པ་ལྟར་རོ། །དེ་ཡང་ཐེག་ཆེན་དགེ་བའི་བཤེས་གཉེན་ཆོས་བཅུ་ལྡན་དང་། སྔགས་ཀྱི་རྡོ་རྗེ་སློབ་དཔོན་དེ་ཉིད་བཅུ་ལྡན་དེ། བསམ་སྦྱོར་ཕུན་སུམ་ཚོགས་པའི་སྒོ་ནས་ལེགས་པར་བསྟེན་ནས་མི་ཕྱེད་པའི་དད་པ་བརྟན་པོ་སྟེ་བདུད་ལས་ཀྱིས་དད་པ་ལྡོག་ཏུ་མི་བཏུབ་པ་སྟེ་ཚུལ་བཞིན་དུ་བསྟེན་པར་ཤོག་ཅིག་པའོ། །གཉིས་པ་ལ་གཉིས། ལམ་གྱི་རྩ་བ་སྤྱིར་བསྟན་པ་དང་། སོ་སོའི་ལམ་རྒྱས་པར་བཤད་པའོ། །དང་པོ་ནི། །དེ་ལྟར་དགེ་བའི་བཤེས་ལས་རྙེད་པའི་དོན། །རྟེན་གྱི་སྐྱབས་གྱུར་བླ་མ་དཀོན་མཆོག་གསུམ། །ཡིད་ལ་འབྲལ་མེད་གདུང་བས་གསོལ་འདེབས་ཤིང་། །འགྲོ་ཀུན་ཕ་མར་ཤེས་པའི་སྙིང་རྗེ་ཡིས། །ཀུན་གྱི་སྡུག་བསྔལ་རང་གིས་ལེན་པ་དང་། །བདག་གི་བདེ་དགེ་མ་ལུས་གཞན་ལ་བཏང་། །བླ་མེད་བདེ་ལ་བདག་གིས་འགོད་བྱ་ཞེས། །སེམས་ནི་བྱང་ཆུབ་དམ་པར་བསྐྱེད་བྱས་ནས། །ཕྱིན་དྲུག་སྤྱོད་པས་ཉིན་མཚན་འདའ་བར་ཤོག །ཅེས་པ་ནི་དེ་ལྟར་དགེ་བའི་བཤེས་གཉེན་བསྟེན་ནས་ཐོག་མར་དེ་ལས་རྙེད་པའི་དོན་ཞི་བདེ་དོན་གཉེར་ཙམ་མ་ཡིན་པར་སྐྱེས་བུ་ཆེན་པོའི་སྐྱབས་འགྲོའི་གནད་མ་འཁྲུལ་བར་ཤེས་པར་བྱས་ཏེ། གནས་སྐབས་ཙམ་མ་ཡིན་པའི་གཏན་གྱི་སྐྱབས་གནས་སུ་འོས་པ། བླ་མ་དང་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་ཞིང་། དེ་ནས་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་སེམས་ཅན་ཐམས་ཅད་ཕ་མར་ཤེས་པར་བྱས་ཏེ། རྗེ་བཙུན་བཞད་པ་རྡོ་རྗེས། འགྲོ་དྲུག་སེམས་ཅན་ཕ་མ་ལ། །བྱས་པ་དྲིན་དུ་མི་གཟོ་ན། །ཐེག་པ་དམན་པར་གོལ་བའི་སྐྱོན། །དེ་ཕྱིར་བརྩེ་བ་ཆེན་པོ་ཡིས། །བྱང་ཆུབ་སེམས་ལ་འབད་ཀྱང་འཚལ། །ཅེས་གསུངས་པ་ལྟར། འགྲོ་ཀུན་ཕ་མར་ཤེས་ནས་སྙིང་རྗེ་ཆེན་པོས་མ་གྱུར་སེམས་ཅན་ཀུན་གྱི་སྡུག་བསྔལ་རང་གིས་ལེན་པ་དང་། བདག་གི་བདེ་བ་དགེ་བའི་རྩ་བ་གཞན་ལ་བཏང་ནས་བླ་ན་མེད་པའི་བདེ་བ་དམ་པ་ལ་བདག་གིས་དགོད་པར་བྱའོ་ཞེས་ལྷག་བསམ་ཚད་མེད་པ་དང་ལྡན་པའི་སྨོན་སེམས་བསྐྱེད་ཅིང་། འཇུག་པའི་སྤྱོད་པ་སྦྱིན་སོགས་ཕར་ཕྱིན་དྲུག་ལ་ཉིན་མཚན་དུས་འདའ་བར་ཤོག་ཅིག་སྨོན་པའོ། །དེའི་ལམ་སྤྱིའི་རྩ་བ་སྐྱབས་སུ་འགྲོ་བ་དང་། བྱེ་བྲག་ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་པ་གཉིས་བསྟན་ཏོ། །གཉིས་པ་ལ་གཉིས། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ལ་བསླབ་ཚུལ་ལ་སྨོན་པའོ། །དང་པོ་ལ་གཉིས། སྐྱེས་བུ་གསུམ་གྱི་ལམ་གྱིས་བློ་སྦྱོང་བའི་ཚུལ་ལ་སྨོན་པ་དང་། སྡེ་སྣོད་གསུམ་གྱི་སྒྲུབ་པ་ཉམས་ལེན་སྙིང་པོར་དྲིལ་བས་སྨོན་པའོ། །དང་པོ་ལ་གསུམ། སྐྱེས་བུ་ཆུང་ངུ་། འབྲིང་། ཆེན་པོའི་ལམ་ལ་སྨོན་པའོ། །དང་པོ་ནི། མངོན་མཐོ་སྒྲུབ་བྱེད་རྒྱལ་བའི་གསུང་རབས་ཀུན། །དོན་རྣམས་སྐྱེས་བུ་ཆུང་ངུའི་ལམ་དང་ནི། །ཞེས་པ་ནི། ཕྱི་མ་མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་པའི་རྒྱུ་མི་དགེ་སྤང་ཞིང་དགེ་བཅུའི་ལམ་བསྒྲུབ་པ་དང་། དུས་ཁྲིམས་ཀྱི་བསླབ་པ་ལ་གནས་པ་སོགས་ཏེ། རིན་ཆེན་ཕྲེང་བ་ལས། དང་པོ་མངོན་པར་མཐོ་བའི་ཆོས། །ཕྱིས་ནས་ངེས་པར་ལེགས་པ་འབྱུང་། །ཞེས་སོ། །གཉིས་པ་ནི། ཐར་པ་སྒྲུབ་པའི་ཐབས་ལ་བརྩོན་པ་ཡི། །ཆོས་ཀྱི་རྣམ་གྲངས་ཀུན་གྱི་བརྗོད་བྱའི་དོན། །སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པ་སྟེ། །ངེས་པར་འབྱུང་བས་སྲིད་ལས་གྲོལ་བར་ཤོག །ཅེས་པ་ནི། རང་དོན་ཞི་བདེ་ཙམ་ལ་དམིགས་ནས་ཐར་པའི་གོ་འཕང་གཉེར་བ་སྐྱེས་བུ་འབྲིང་གི་ལམ་སྟེ། གཉིས་ཀའང་ཐེག་པ་ཆེན་པོའི་ལམ་སྟེགས་ཡིན་པས་དེ་དག་ལ་བརྟེན་ནས་ངེས་འབྱུང་གི་བློ་ཁྱད་པར་ཅན་བསྐྱེད་ཅིང་། སྲིད་པའི་སྡུག་བསྔལ་བཙོན་དོང་ལྟ་བུ་ལས་གྲོལ་བར་ཤོག་ཅིག་སྨོན་པའང་ལས་དང་པོ་པའི་ལམ་གྱི་འཇུག་ངོགས་ཁྱད་པར་ཅན་ཏེ། ཇི་སྐད་དུའང་། རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི། །བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་པས། །སྲིད་ལ་བརྐམས་པ་ཡིས་ཀྱང་ལུས་ཅན་རྣམས། །ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ། །ཅེས་གསུངས་པས་སོ། །གསུམ་པ་ནི། རྣམ་མཁྱེན་གོ་འཕང་མྱུར་དུ་སྒྲུབ་པའི་ཐབས། །རྒྱུ་དང་འབྲས་བུའི་ཐེག་ཆེན་རྣམ་གཉིས་ལས། །ཇི་བཞིན་གསུང་བའི་གསང་བ་མ་ལུས་པ། །སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་སྟེ། །བདག་གིས་མ་ལུས་ཉེ་བར་བླངས་པ་ལས། །ཆོས་རྣམས་ཐམས་ཅད་རྨི་ལམ་སྣང་བ་བཞིན། །སྣང་ཙམ་དེ་ལ་ཡུལ་གྱི་སྟེང་ཉིད་དུ། །གྲུབ་པའི་ངོ་བོ་རྡུལ་ཙམ་མ་མཆིས་ཀྱང་། །ལས་འབྲས་བསླུ་བ་མེད་པར་ངེས་རྙེད་ནས། །བདེན་གཉིས་ཟབ་མོའི་གནད་ལ་གོམས་པར་ཤོག །ཅེས་པ་ནི། དེ་ལས་གཞན་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་པར་སྟོན་པ་རྣམས་ནི་རྒྱུ་ཕ་རོལ་ཏུ་ཕྱིན་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་ཆེན་པོ་གཉིས་ཡིན་ལ། དེ་གཉིས་ལས་གསུངས་པའི་སྤྱོད་པ་རྒྱ་ཆེ་བ་དང་། དོན་ཟབ་པའི་གསང་བ་མ་ལུས་པའི་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་སྟེ། དེ་ཉམས་སུ་བླངས་པས་མཉམ་གཞག་གི་དོན་ཆོས་ཐམས་ཅད་རྨི་ལམ་གྱི་སྣང་བ་ལྟར་སྣང་ཙམ་ཉིད་ནས་ཡུལ་རང་ངོ་ནས་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་པར་རྟོགས་ཀྱང་། རྗེས་ཐོབ་ཀྱི་ཆ་ནས་ལས་འབྲས་བསླུ་བ་མེད་པར་ངེས་པ་རྙེད་ནས་བདེན་གཉིས་ཐ་དད་དུ་མི་འཛིན་པའི་ལམ་ཟབ་མོ་ལ་གོམས་པར་ཤོག་ཅིག་ཅེས་སྨོན་པའོ། །གཉིས་པ་ལ་གསུམ། འདུལ་བ། མདོ་སྡེ། མངོན་པའི་སྡེ་སྣོད་ལ་སློབ་པར་སྨོན་པའོ། །དང་པོ་ནི། འཁོར་ལོ་དང་པོ་འདུལ་བའི་སྡེ་སྣོད་ལས། ཉིས་བརྒྱ་ལྔ་བཅུ་སྤོང་བའི་ཚུལ་ཁྲིམས་དང་། །བཅུ་བདུན་བླང་བྱ་འཇུག་པའི་ཚུལ་ཁྲིམས་ཏེ། །ཀུན་གྱི་རྩ་བ་འགྲམ་གཞི་བརྟན་པོ་ནི། །ལྷག་པའི་ཚུལ་ཁྲིམས་འདུལ་སྡེ་ལ་གནས་ཤིང་། །ཞེས་པས། གཏན་ཁྲིམས་སོ་ཐར་རིས་བདུན་གྱི་ཡ་གྱལ། ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་འདུལ་ཁྲིམས་ལ་གནས་པ་དང་། འཇུག་པའི་བསླབ་བྱ་གཞི་བཅུ་བདུན་ཏེ། འདུལ་བ་ལུང་ལས། རབ་བྱུང་གསོ་སྦྱོང་གཞི་དང་ནི། །དགག་དབྱེ་དབྱར་དང་ཀོ་ལྤགས་དང་། །སྨན་དང་གོས་དང་སྲ་བརྐྱང་དང་། །ཀཽའུ་ཤམྦྷི་དང་ལས་ཀྱི་གཞི། །དམར་སེར་ཅན་དང་གང་ཟག་དང་། །སྤོ་དང་གསོ་སྦྱོང་བཞག་པ་དང་། །གནས་མལ་དང་ནི་རྩོད་པ་དང་། །དགེ་འདུན་དབྱེན་རྣམས་བསྡུས་པ་ཡིན། །ཅེས་གསུངས་པ་ལྟར་བསླབ་པ་ཡོངས་སུ་སྦྱོང་བ་སོགས་རང་རྒྱུད་བསྡམས་པ་ནི་ཡོན་ཏན་ཀུན་གྱི་རྟེན་རྩིག་པའི་འགྲམ་གཞི་བརྟན་པོ་དང་ལྡན་པའི་དཔེ་ལྟར་ལྷག་པའི་ཚུལ་ཁྲིམས་རྣམ་དག་ལ་སྨོན་པ་སྟེ། དབྱིག་གཉེན་ཞབས་ཀྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཅེས་སོ། །གཉིས་པ་ནི། བྱིང་རྒོད་དྲི་ཡི་བཞོན་པས་མི་གཡོ་བའི། །མངོན་རྟོགས་རིན་ཆེན་རྣམ་བཞིའི་རང་བཞིན་ཅན། །ཏིང་འཛིན་འཆི་མེད་རི་བོར་གནས་པའི་གཞི། །ཟབ་ཡང་མདོ་སྡེའི་གནས་ལ་འཇོག་པ་དང་། །ཞེས་པས། དེ་ལ་འཁོར་ལོ་བར་པའི་ངེས་བརྗོད་རྣམ་པར་ཐར་པའི་སྒོ་གསུམ་ནི་ལམ་གྱི་ངོ་བོ་ཡིན་ལ། དེའི་རང་བཞིན་བྱིང་རྒོད་ཀྱི་རླུང་གིས་མི་གཡོ་བའི་བསམ་གཏན་གྱི་མངོན་རྟོགས་ནི་རིན་ཆེན་གཞི་ལས་གྲུབ་པའི་རི་དབང་གི་སྟེང་ན་འཆི་མེད་ཀྱི་གྲོང་ཁྱེར་ལྟར་བརྟན་པའི་ཏིང་ངེ་འཛིན་གྱི་ཆོས་ཉིད་ནི་གཏིང་དཔག་དཀའ་བས་ཟབ་པ། རྒྱ་ཆེ་བས་ཡངས་པའི་དོན་ལ་མཉམ་པར་འཇོག་ཅིང་། རྗེས་ཐོབ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་མི་འགལ་བར་སྤྱོད་པ་ནི་ལྷག་པའི་ཏིང་ངེ་འཛིན་གྱི་བསླབ་པ་ཡིན་ནོ། །གསུམ་པ་ནི། ཆོས་མངོན་གསལ་བའི་རྣམ་དབྱེ་མིག་སྟོང་ལྡན། །གནས་ལུགས་རྟོགས་པའི་ཡེ་ཤེས་ལག་ཉལ་གྱིས། །མཐར་ལྟའི་དམིགས་པ་འདུལ་བྱེད་ལྷ་ཡི་དབང་། །ཆོས་མངོན་ལྟ་ན་སྡུག་གི་གྲོང་ཁྱེར་དུ། །སྡེ་སྣོད་གསུམ་གྱི་རྗོད་བྱེད་ཚིག་རྣམས་དང་། །བརྗོད་བྱ་བསླབ་པ་རྣམ་གསུམ་མངོན་གྱུར་ཤོག །ཅེས་པ་ནི། འཁོར་ལོ་ཐ་མ་ཆོས་མངོན་པའི་སྡེ་སྣོད་མཚན་ཉིད་གསུམ་གྱི་རྣམ་དབྱེ་ཤིན་ཏུ་གསལ་བ་བརྒྱ་བྱིན་མིག་སྟོང་ལྡན་གྱི་གཟུགས་སུ་བཀོད་དེ། ཤེས་རབ་ཀྱི་བསླབ་པའི་དེ་ཁོ་ན་ཉིད་ཀྱི་དངོས་པོའི་གནས་ལུགས་མངོན་པར་རྟོགས་པས་ན་དེའི་ཡེ་ཤེས་ལ་དབང་པོའི་ལག་ན་ཉལ་བ་དྲང་སྲོང་ཞོ་འཐུང་གི་རུས་པ་ཕ་ལམ་གྱི་རང་བཞིན་ལས་གྲུབ་པའི་རྡོ་རྗེས་ཡོད་མེད་རྟག་ཆད་མཐར་ལྟའི་དམིགས་པ་འདུལ་བར་བྱེད་པས་ན་ལྷའི་དབང་པོ་དང་སྦྱར་བ་སྟེ། རྗོད་བྱེད་སྡེ་སྣོད་གསུམ་དང་། བརྗོད་བྱ་བསླབ་པ་གསུམ་ལ་སྨོན་ནས་མངོན་དུ་འགྱུར་བར་ཤོག་ཅིག་པའོ། །གཉིས་པ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ལ་སློབ་པར་སྨོན་པའི་ཚུལ་ལ་གཉིས། ལམ་ལ་སྨོན་པ་དང་། འབྲས་བུ་ལ་སྨོན་པའོ། །དང་པོ་ལ་གཉིས། ལམ་གྱི་རྩ་བ་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་བསྟེན་ཚུལ་དང་། བསྟེན་ནས་ལམ་ལ་བསླབ་ཚུལ་ལ་སྨོན་པའོ། །དང་པོ་ནི། དེ་ལྟར་རྒྱུ་ཡི་ཐེག་པས་རྒྱུད་སྦྱངས་ནས། །འབྲས་བུ་སྨིན་གྲོལ་རྡོ་རྗེ་ཐེག་པའི་ལམ། །ཉམས་ལེན་དྲོད་རྟགས་སྣང་བཞི་མངོན་གྱུར་ནས། །དམ་ཚིག་དབང་དང་ཤེས་རབ་རྒྱུན་འཆད་ཅིང་། །མན་ངག་ལུང་བཞིན་ཉམས་ཆགས་སྐོང་མཛད་པའི། །མཐོང་ཐོས་དྲན་རེག་སློབ་དཔོན་རྣམ་བཞི་ལས། །ཞེས་པ་ནི། དེ་ལ་ཐར་པ་དང་རྣམ་མཁྱེན་གྱི་ལམ་མཁན་ནི་བླ་མ་འབའ་ཞིག་ལ་རག་ལས་པས་རང་ཉིད་ཀྱིས་ཐོག་མར་ལམ་གྱི་རྩ་བ་བླ་མ་བསྟེན་པར་གསུངས་ཤིང་། བླ་མ་དེ་ཡང་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་ལམ་ལ་ཉམས་ལེན་མཐར་ཕྱིན་ནས་རང་དོན་དུ་དྲོད་རྟགས་ཐོབ་པ། ཁྱད་པར་དུ་ཐེག་པ་མཆོག་གི་སྣང་བཞིའི་ལམ་རྟགས་མངོན་དུ་གྱུར་པ་ཞིག་བསྟེན་ལ། དེ་ལ་དམ་ཚིག་གི་གནང་བཀག་དང་འབྲེལ་བ་དབང་༡། ཐོས་བསམ་གྱི་ཤེས་རབ་དང་འབྲེལ་བ་རྒྱུད༢། མན་ངག་གི་གོམས་པ་དང་འབྲེལ་བའི་ལུང་༣། འགལ་རྐྱེན་དང་ཉམས་ཆགས་བསྐང་༤བ་བཞིར་སྟོན་པའང་། དང་པོ་ལྷ་དང་གཞལ་ཡས་ཁང་ལ་སོགས་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་སྟོན་པས་ན་མཐོང་བ་དང་༡། གཉིས་པས་གཞི་ལམ་འབྲས་གསུམ་གྱི་རྒྱུད་དོན་དབང་ཤེས་ལ་སྦྱོར་བས་ཐོས་པ་དང་། གསུམ་པས་དེ་ཁོ་ན་ཉིད་ཀྱི་གནས་ལུགས་རང་ལ་གནས་པ་ངོ་སྤྲོད་ཅིང་ལམ་གྱི་ངོ་བོ་དྲན་པ་ལ་སྦྱོར། བཞི་པས་ཉམས་ན་བཤགས་ཐབས་སྟོན་ཅིང་དག་ཚངས་ལ་རེག་ཏུ་འཇུག་པས་རྣམ་གྲངས་བཞིར་བསྟན་པ་ཡིན་ཅིང་། དྲུག་ཏུ་བསྟན་པ་སོགས་ཀྱང་ཡོད་དེ། གཤིན་རྗེ་དགྲ་ནག་གི་འགྲེལ་པ་ལྷན་ཅིག་སྐྱེས་སྣང་ལས། དམ་ཚིག་ཀློག་པ་སྦྱིན་པ་དང་། །འཆད་བྱེད་མན་ངག་སྟོན་པ་དང་། །དབང་བསྐུར་བ་དང་ལས་བྱེད་དང་། །དེ་རྣམས་སློབ་དཔོན་ཞེས་བཤད་དོ། །ཞེས་སོ། །གཉིས་པ་ལ་གཉིས། ཉམས་སུ་བླང་བྱའི་ལམ་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རྒྱུད་སྡེ་བཞི་དང་རྫོགས་པ་ཆེན་པོའི་ལམ། །ལེགས་པར་བཤད་པའི་སྨིན་གྲོལ་ལམ་གྱི་གནད། །ཅེས་བྱ་སྤྱོད་རྣལ་འབྱོར་བླ་མེད་བཞི་དང་། ཐེག་པའི་རྩེ་མོ་རྫོགས་པ་ཆེན་པོའི་སྨིན་གྲོལ་གཉིས་ཀྱི་ལམ་གནད་རིམ་པར་ནོད་ནས་བསྟེན་གོམས་བྱ་ཞེས་སྤྱིར་བསྟན་ཏོ། །གཉིས་པ་ལ་དྲུག །ཀྲི་ཡ། ཨུ་པ། ཡོ་ག །མ་ཧཱ། ཨ་ནུ། ཨ་ཏིའི་ལམ་ལ་སྨོན་པའོ། །དང་པོ་ནི། ཆུ་དབང་སོགས་ཀྱིས་རང་རྒྱུད་སྨིན་བྱས་ནས། །མདུན་བསྐྱེད་ཐུགས་ཀར་ཡིག་འབྲུ་ས་བོན་བཀོད། །ཕྱི་ཡི་སྤྱོད་ལམ་དྲང་སྲོང་རྗེས་མཐུན་ཅིང་། །ནང་གི་ཉི་མ་རྣལ་འབྱོར་སྙིང་ལ་ཤར། །ལྷ་མོ་རྣམས་དང་ཕན་ཚུན་བལྟས་པ་ལས། །བྱུང་བའི་བདེ་བ་ལམ་བྱེད་ཀྲི་ཡའི་རྒྱུད། །རྗེ་དཔོན་ལྟ་བུར་དངོས་གྲུབ་ལེན་པ་དང་། །ཞེས་པས། དེ་ལ་སྔགས་སྡོམ་གྱི་ལམ་སྟེགས་སུ་བྱང་སྡོམ་ནི་ངེས་པར་དགོས་ལ། དེའི་སྟེང་དུ་སྔགས་ཕྱི་ནང་སོ་སོའི་དམ་ཚིག་དང་སྡོམ་པའི་གནང་བཀག་དང་མི་འགལ་བས་ཆུ་དང་ཅོད་པན་གྱིས་དབང་གི་སྨིན་པར་བྱ་སྟེ། ཡེ་ཤེས་གསང་བའི་རྒྱུད་ལས། བུམ་པ་ཆུ་ཡི་དབང་བསྐུར་བ། །བྱ་བའི་རྒྱུད་ལ་ཞུགས་པ་སྟེ། །ཞེས་སོ། །མདུན་བསྐྱེད་ཀྱི་ཐུགས་ཀར་ཡིག་འབྲུ་དང་བཅས་པའི་ལྷའི་རྣལ་འབྱོར་བསྒོམ་པ་དང་། ཕྱིའི་སྤྱོད་ལམ་ནི་ཁྲུས་དང་། གཙང་སྦྲ་དང་། དཀར་གསུམ་བཟའ་བ་དང་། སྨྱུང་བར་གནས་པའི་སྒོ་ནས་རྫོགས་ལྡན་དུས་ཀྱི་འདོད་པའི་ཀུན་སྤྱོད་ལྷ་མོ་ཕན་ཚུན་བལྟས་པ་ཙམ་གྱིས་བདེ་བ་ལམ་དུ་བྱེད་ཅིང་། མདུན་བསྐྱེད་ལས་རྗེ་དཔོན་ཚུལ་དུ་དངོས་གྲུབ་ལེན་པའོ། །གཉིས་པ་ནི། རྡོ་རྗེ་དྲིལ་བུའི་དབང་གིས་སྨིན་བྱས་ནས། །བདག་མདུན་གཉིས་ཀའི་ཐུགས་ཀར་ཡིག་འབྲུ་བཀོད། །ཕྱི་རོལ་བྱ་བའི་ཐབས་དང་ནང་གི་ནི། །ཟབ་མོའི་རྣལ་འབྱོར་ཆ་ལ་མཉམ་པར་སྤྱོད། །འཛུམ་ཞིང་དགོད་པའི་བདེ་བ་རྣམ་རོལ་པ། །ཡན་ལག་བཞི་ལ་གཞོལ་བ་ཨུ་པའི་རྒྱུད། །གྲོགས་པོ་ལྟ་བུར་དངོས་གྲུབ་ལེན་པར་བྱེད། །བྱ་སྤྱོད་གནས་ལ་ཚུལ་བཞིན་སྤྱོད་པར་ཤོག །ཅེས་པ་ནི། སྤྱོད་པའི་རྒྱུད་ལ། རྡོ་རྗེ་དྲིལ་བུ་མིང་དབང་དང་བཅས་པས་སྨིན་པར་བྱ་སྟེ། ཡེ་ཤེས་ཐིག་ལེ་ལས། རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལ་རབ་ཏུ་གསལ། །ཅེས་སོ། །བདག་མདུན་གཉིས་ཀ་ལྷའི་རྣམ་རོལ་དུ་གསལ་བའི་བཟླས་སྒོམ་དང་། ཕྱིའི་སྤྱོད་ལམ་བྱ་རྒྱུད་དང་མཐུན་ཅིང་། ནང་གི་རྣལ་འབྱོར་ཡོ་ག་ལྟར་བསྒོམ་པར་འདོད་པའི་ཀུན་སྤྱོད། ལྷ་མོ་དང་ཕན་ཚུན་འཛུམ་ཞིང་དཀོད་པའི་བདེ་བ་ལམ་དུ་བྱེད་པ། རྣལ་འབྱོར་ཡན་ལག་བཞི་ནི། རྣམ་སྣང་མངོན་བྱང་ལས། ཡི་གེ་དང་ནི་ཡི་གེ་སྦྱར། །དེ་བཞིན་གཞི་ལ་གཞིར་གྱུར་ཉིད། །ཅེས་པས་སོ། །མདུན་བསྐྱེད་ལས་གྲོགས་པོ་ལྟ་བུ་དངོས་གྲུབ་ལེན་པའོ། །དེ་ལྟར་བྱ་སྤྱོད་གཉིས་ཀྱི་མཚན་བཅས་མཚན་མེད་སོགས་ཀྱི་རྣལ་འབྱོར་ལ་ཚུལ་བཞིན་དུ་གནས་ཤིང་གོམས་པར་ཤོག་ཅིག་པའོ། །གསུམ་པ་ནི། སློབ་དཔོན་དབང་བསྐུར་རང་རྒྱུད་སྨིན་བྱས་ནས། །བདག་མདུན་གཉིས་ཀ་དག་པའི་ལྷ་རུ་བསྐྱེད། །ཡེ་ཤེས་སྤྱན་དྲངས་དེ་སྲིད་ང་རྒྱལ་བཟུང་། །ཕྱག་རྒྱ་བཞི་ཡི་རྒྱ་ལས་མི་འདའ་ཞིང་། །ཏིང་འཛིན་གསུམ་གྱི་ལང་ཚོས་སྙིང་ལ་འགྲོགས། །ལག་པའི་པདྨོ་འབྲེལ་བའི་བདེ་བས་ཚིམས། །ནང་གི་རྣལ་འབྱོར་གཙོ་བོར་གྱུར་པ་ཡི། །ཡོ་གའི་ལམ་གྱི་གཞི་ལ་རྣམ་གྲོལ་ཤོག །ཅེས་པ་ནི། དབང་སྔ་མའི་སྟེང་དུ་རྡོ་རྗེ་སློབ་དཔོན་གྱི་དབང་གིས་སྨིན་པར་བྱ་སྟེ། ཇི་སྐད་དུ། ཕྱིར་མི་ལྡོག་པ་བུམ་པའི་དབང་། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱ། །ཞེས་སོ། །བདག་མདུན་གཉིས་ཀ་ལྷར་བསྐྱེད་ནས་ཡེ་ཤེས་པ་དགུག་ཅིང་གཞུག །ལྷར་སྣང་ལ་ང་རྒྱལ་བཟུང་ནས་དམ་ཚིག་གི་ཕྱག་རྒྱ་དང་། ཆོས་རྒྱ། ལས་རྒྱ། ཕྱག་རྒྱ་ཆེན་པོ་བཞིས་བཅིང་ཞིང་གདུལ་བྱའི་ཉོན་མོངས་པ་གཏི་མུག་དང་། ཞེ་སྡང་། འདོད་ཆགས། སེར་སྣ་བཞི་འདུལ་ཕྱིར་དུ་མ་བུ་བཞིའི་ཐ་སྙད་ཀྱི་སྨོན་པའི་ལྷར་སྣང་གི་དུམ་བུ་རེ་ལ་རྒྱས་འབྲིང་བསྡུས་གསུམ་གྱི་ཏིང་ངེ་འཛིན་གསུམ་གྱི་ལང་ཚོས་སྙིང་ལ་འགྲོགས་ནས་སམ། དང་པོ་སྦྱོར་བ༡། དཀྱིལ་འཁོར་རྒྱལ་མཆོག༢ །ལས་རྒྱལ་མཆོག་༣སྟེ་ཏིང་འཛིན་གསུམ་དང་། འདོད་པའི་ཀུན་སྤྱོད་ཀྱང་གཉིས་ལྡན་དང་མཚུངས་པས་ལག་བཅངས་ཀྱི་རྣམ་པ་ལམ་དུ་བྱེད་ལ། །ཕྱིའི་སྤྱོད་པ་གྲོགས་ཙམ་དུ་བསྟེན་པ་ལས། །གཙོ་བོར་ནང་གི་རྣལ་འབྱོར་ལ་བརྩོན་པ་སྟེ། ཡོ་གའི་ལམ་གྱི་གཞི་ལ་རྣམ་པར་གྲོལ་བར་ཤོག་ཅིག་ཅེས་སྨོན་པའོ། །བཞི་པ་ལ་དྲུག །ནང་པ་ཐབས་རྒྱུད་གསང་བ་བླ་མེད་ཀྱི་དོན་ལ་སྤྱིར་སྨོན་པ༡། འཆི་སྲིད་ཆོས་སྐུར་སྦྱོང་བ༢། བར་སྲིད་ལོངས་སྐུར་སྦྱོང་བ༣། སྐྱེ་སྲིད་སྤྲུལ་སྐུར་སྦྱོང་བ༤། བདེ་སྟོང་གི་ལྷ་སྐུ༥། འདུས་པའི་རིམ་ལྔ་མཐར་ཕྱིན་པར་༦སྨོན་པའོ། །དང་པོ་ནི། རྒྱུ་དབང་བསྐུར་ནས་རག་པའི་ཕུང་སོགས་རྣམས། །ཕྱི་ནང་སྣོད་བཅུད་གཞལ་ཡས་ལྷ་རྣམས་སུ། །དག་པའི་སྐུ་དང་མཆོག་དབང་གསུམ་བསྐུར་ནས། །བསྐྱེད་རིམ་ཚོགས་ཞིང་སྲུང་འཁོར་སྔོན་འགྲོ་བས། །རིམ་པ་ལྔ་དང་རྗེས་མཐུན་ལམ་གྱི་འགྲོས། །ཞེས་པས། ས་ཆོག་དང་། སྟ་གོན་དང་། རྡུལ་ཚོན་གྱི་བྱ་བ་དང་། ཆོ་གའི་ལམ་རིམ་ལ་སོགས་སྐྱེད་བྱེད་འགྲུབ་པའི་རྒྱུ་ཚོགས་མང་པོ་ལ་བརྟེན་དགོས་པས་ན་བུམ་དབང་རྗེས་འབྲངས་རིག་པའི་དབང་ལྔ་དང་བཅས་པ་ལ་རྒྱུ་དབང་དུ་བཞག་ལ། དག་བྱེད་དེ་རྣམས་ཀྱི་དག་བྱ་སློབ་མའི་རྒྱུད་ཀྱི་རགས་པའི་ཕུང་པོ་ལྔ་ནི་གཤེགས་པ་ལྔ། འབྱུང་བ་ལྔ་ནི་ཡུམ་ལྔ། དབང་ཡུལ་སེམས་དཔའ་སེམས་མ། མུ་བཞི་ལ་སོགས་པ་སྒོ་བ་ཡབ་ཡུམ་དུ་གནས་དག་པར་བྱེད་ཅིང་། དེ་བཞིན་དུ་ཕྱི་སྣོད་གཞལ་ཡས་ཁང་དང་། ནང་བཅུད་ལྷ་དང་ལྷ་མོའི་རང་བཞིན་དུ་རྣམ་པར་དག་པར་བྱེད་པ། དེའི་སྟེང་དུ་མཆོག་དབང་གོང་མ་གསུམ་ལས། གསང་དབང་གིས་ངག་གི་རླུང་། ཤེར་དབང་གིས་ཡིད་དང་ཐིག་ལེ། བཞི་པས་ཤེས་བྱའི་སྒྲིབ་པ་དག་སྟེ་རྒྱུད་སྨིན་ཅིང་སྐུ་བཞིའི་ས་བོན་ཐེབས། དེ་ནས་རིམ་པ་དང་པོ་བསྐྱེད་རིམ་གྱི་ཚོགས་ཞིང་ལ་བརྟེན་ནས་ཚོགས་བསགས་པ། སྲུང་འཁོར་བསྒོམ་པ་སྔོན་དུ་འགྲོ་བས་དངོས་གཞི་ལུས་ལྷ། ངག་སྔགས། སེམས་དེ་ཁོ་ན་ཉིད་ལ་གཞོལ་བས་སྒོ་གསུམ་རྡོ་རྗེ་གསུམ་དང་། ཀུན་རྫོབ་བདེན་པ་སྒྱུ་ལུས། དོན་དམ་བདེན་པ་འོད་གསལ་ཏེ། ཕ་རྒྱུད་གསང་བ་འདུས་པའི་རིམ་པ་ལྔ་དང་རྗེས་སུ་མཐུན་པ་ཞེས་པས་ལམ་གྱིས་འགྲོས་མཚུངས་སུ་སྦྱར་བ་སྟེ། རིམ་ལྔ་བསྡུས་གསལ་ལས། ལུས་དབེན་སྔགས་དང་སེམས་གསུམ་གྱི། །སྒྱུ་མ་མངོན་པར་བྱང་ཆུབ་པས། །ཟུང་འཇུག་རིམ་པ་ཤེས་པར་འགྱུར། །ཞེས་སོ། ། ༈ གཉིས་པ་ནི། ཁམས་དྲུག་ལྡན་པའི་མི་རྣམས་ཕུང་ཁམས་སོགས། །རིམ་གྱིས་ཐིམ་ནས་འཆི་བའི་རིམ་པའམ། །ཇི་ལྟར་མཚན་མོ་གཉིད་དུ་སོང་བའི་ཚེ། །ཡུལ་ལྔའི་ཤེས་པ་རིམ་གྱིས་ཡིད་དུ་ཐིམ། །དེ་ཡང་ཀུན་གཞིར་ཐིམ་པས་མི་རྟོག་པ། །རྩེ་གཅིག་སྣང་ཡུལ་མེད་པའི་ངང་དེ་ཉིད། །ཆོས་དབྱིངས་ཐིམ་པས་རང་བཞིན་སྤྲོས་དང་བྲལ། །མཐུན་པར་ལྷག་མོས་འོད་གསལ་དུ་འཇུག་པའི། །བར་འདིར་ཆོས་སྐུའི་རྣལ་འབྱོར་ལ་གནས་ཤིང་། །ཞེས་པ་ནི་འབྱུང་བ་ལྔ་དང་དྲི་བཅས་ཡེ་ཤེས་ཏེ་ཁམས་དྲུག་ལྡན་གྱི་མི་རྣམས་ཕུང་ཁམས་ཀྱི་ཚོགས་བྱས་ཤིང་ཐིམ་ཉམས་སུ་མྱོང་བའམ། དེ་དང་རྗེས་མཐུན་མཚན་མོ་གཉིད་དུ་ཕྱོགས་པའི་ཚེ་མཐོང་ཡུལ་གཟུགས་ལ་སོགས་པའི་དབང་པོའི་ཤེས་པ་ལྔ་རིམ་གྱིས་ནུབ་ནས་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཐིམ། དེ་ཡང་ཀུན་གཞི་ལུང་མ་བསྟན། སེམས་མེད་པའི་གནས་སྐབས་ལྔའི་གཅིག་ཤོས་ལ་ཐིམ་པས་གཉིད་མཐུག་གང་དུའང་མི་རྟོག་པའི་ངང་དུ་ཐིམ། ཐིམ་པ་དེ་ཉིད་གཟུང་འཛིན་གྱི་ཆར་ཤར་བ་མ་ཡིན་ཡང་གོ་འབྱེད་པའི་ཆ་ནས་རླུང་སེམས་ཀྱིས་མ་བསླད་པའི་རིམ་པ་ནང་གསལ་ལྷུན་གྲུབ་ཆེན་པོར་ཤར་བ་ལ་ཆོས་དབྱིངས་སུ་ཐིམ་པའི་བརྡར་བཏགས་པ་སྟེ། རང་བཞིན་གྱིས་སྤྲོས་པ་དང་བྲལ་བ་དང་མཐུན་པར་ལྷག་མོས་འོད་གསལ་དུ་འཇུག་པའི་དུས་ཏེ་འཆི་བ་ཆོས་སྐུའི་རྣལ་འབྱོར་ཞེས་བྱའོ། །དེའང་ཞིབ་ཏུ་བཤད་ན། གང་དུ་འཚང་རྒྱ་བའི་གནས་གཞལ་ཡས་ཁང་བསྐྱེད་པ། དེར་འཚང་རྒྱ་བའི་བརྟེན་པ་ལྷ་བསྐྱེད་པ། ཇི་ལྟར་འཚང་རྒྱ་ཚུལ་ལྷག་མོས་འོད་གསལ་དུ་སྡུད་པ་སྟེ་བསྐྱེད་པ་དང་རྫོགས་པའི་རིམ་པའོ། །དེ་ཡང་ཀྱཻ་རྡོར་བརྟག་གཉིས་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །བརྟུལ་ཞུགས་ཅན་གྱི་སྤྲོས་པ་བསྒོམ། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་ཉིད་ཀྱང་སྤྲོས་མེད་བྱ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་རྫོགས་པའི་རིམ་པ་ལ། སྦྱང་གཞི་མི་ཐ་མལ་པ་འབྱུང་བ་རིམ་པས་བསྡུས་ཏེ་འཆི་བའི་ཚེ་ཐོག་མར་གཟུགས་ཕུང་། གཞི་དུས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ས་ཁམས། མིག་གི་དབང་པོ། རང་རྒྱུད་ཀྱི་གཟུགས་ཐིམ་པ་རྣམས་འབྱུང་། དེའི་ཕྱི་རྟགས་ནི། གཟུགས་ཕུང་ཐིམ་དུས་ལུས་ཉམ་ཆུང་། མེ་ལོང་ཡེ་ཤེས་ཐིམ་དུས་མིག་མི་གསལ་ཞིང་རབ་རིབ་ཅན་ས་ཁམས་ཐིམ་པས་ལུས་ཤས་ཆེར་བསྐམས་ཤིང་ས་འོག་ཏུ་བྱིངས་པ་ལྟ་བུ། མིག་དབང་ཐིམ་དུས་མིག་འབྱེད་འཛུམ་མི་ཤེས། རང་རྒྱུད་ཀྱི་གཟུགས་ཐིམ་དུས་ལུས་ཀྱི་མདངས་ཡལ་ཅིང་ཉམས་སྟོབས་ཆུང་། ནང་རྟགས་སུ་སྨིག་རྒྱུ་ལྟ་བུའི་སྣང་བ་འབྱུང་། དབང་ཤེས་འཁོར་གྱི་ཚོར་བ་བདེ་སྡུག་མི་དྲན། དེའི་རྗེས་སུ་ཚོར་བའི་ཕུང་པོ་མཉམ་ཉིད་ཡིད་ཤེས་འཁོར་གྱི་ཚོར་བ་བདེ་སྡུག་མི་དྲན། ཡེ་ཤེས། རྣ་བའི་རྣ་བས་སྒྲ་མི་ཐོས་དབང་པོ། ཆུའི་ཁ་ཆུ་དང་རྣག་ཁྲག་སྐམ་ཁམས། རང་རྒྱུད་རྣ་བའི་ནང་གི་འུར་སྒྲ་མི་འབྱུང་། ཀྱི་སྒྲ་རྣམས་ཐིམ། ནང་རྟགས་སུ་དུ་བ་ལྟ་བུའི་སྣང་བ་ཕྱི་རྟགས་སུ་ཉེ་དུ་སོགས་ཀྱི་དོན་མི་དྲན། འབྱུང་། དེའི་རྗེས་སུ་ཉེ་དུ་སོགས་ཀྱི་མིང་མི་དྲན་འདུ་ཤེས་ཀྱི་ཕུང་པོ། མེ་དྲོད་ཡལ་ནས་བཟའ་བཏུང་མི་འཇུ་སོར། རྟོག་ཡེ་ཤེས་མེའི་ཁམས། སྣའི་དབང་པོ། སྣ་སྒོ་ནས་རླུང་ཕྱིར་དྲག་ཏུ་རྒྱུ་ཞིང་ནང་དུ་སྡུད་དཀའ། རང་རྒྱུད་ཀྱི་དྲི་ཐིམ། དྲི་མི་ཚོར། ནང་རྟགས་སུ་མཁའ་སྣང་འཆར། དེའི་རྗེས་སུ་འདུ་བྱེད་ཀྱི་ཕུང་པོ། ལུས་འགུལ་བསྐྱོད་མི་ནུས། བྱ་གྲུབ་ཡེ་ཤེས། ཕྱི་ནང་གི་བྱ་བ་དང་དགོས་པ་རྣམས་མི་དྲན། རླུང་གི་ཁམས། རླུང་བཅུ་རང་གནས་ནས་འཕོ། ལྕེའི་དབང་པོ། སྦོམ་ཞིང་ཐུང་ནག་པོ། རང་རྒྱུད་ཀྱི་རོ་རྣམས་ཐིམ། ལྕེས་རོ་མི་ཚོར། ནང་རྟགས་མར་མེ་ལྟར་འབར་བའི་སྣང་བ་འབྱུང་དེའི་རྗེས་སུ་རླུང་སྣང་བ་ལ་ཐིམ་པའི་སྣང་བ་རང་དུས་སུ་སྟོན་གནམ་གཡའ་དག་པ་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་དཀར་ལམ་པའི་སྣང་བ་འབྱུང་ལ། སྣང་བ་མཆེད་པ་ལ་ཐིམ་པའི་མཆེད་པ་རང་དུས་སུ་སྟོན་གནམ་གཡའ་དག་པ་ལ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུའི་སྟོང་སང་དམར་ལམ་པའི་སྣང་བ་འབྱུང་། མཆེད་པ་ཉེར་ཐོབ་ལ་ཐིམ་པའི་ཉེར་ཐོབ་རང་དུས་སུ་སྟོན་གནམ་གཡའ་དག་པ་ལ་མཚན་གྱི་སྨག་མཐུག་པོས་ཁྱབ་པ་ལྟ་བུའི་སྟོང་སང་ནག་ལམ་པའི་སྣང་བ་འབྱུང་། ཉེར་ཐོབ་འོད་གསལ་ལ་ཐིམ་པའི་རང་དུས་སུ་སློང་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་ཐོ་རངས་ཀྱི་ནམ་མཁའི་རང་མདོག་ཇི་ལྟ་བའི་སྣང་བ་འབྱུང་སྟེ་འཆི་བ་འོད་གསལ་འཆར། འདི་མིང་གི་རྣམ་གྲངས། གཞིའི་ཆོས་སྐུ་དང་། མྱ་ངན་ལས་འདས་པ་དང་། ཀུན་སྟོང་དང་། ཐམས་ཅད་སྟོང་པ་ཞེས་ཀྱང་བྱ་སྟེ། མྱ་ངན་འདས་བཅས་ཀུན་སྟོང་དང་། །ཆོས་ཀྱི་སྐུར་ནི་བཤད་པ་ཡིན། །ཅེས་གསུངས་པའི་ཕྱིར་རོ། །ལྷག་མོས་འོད་གསལ་དུ་བསྡུ་བའི་རྣལ་འབྱོར་ལའང་བསྐྱེད་རིམ་པའི་ཆོས་སྐུ་ཞེས་ཀྱང་ཟེར། སྒྲུབ་པ་པོས་ལྷའི་ངོ་བོ་དབྱེར་མེད་དུ་མོས་ནས་གཉིས་སྣང་གི་སྤྲོས་པ་ཞི་བར་གནས་པའི་རྣལ་འབྱོར་ཡིན་པས་བསྐྱེད་རིམ་པའི་ཞི་གནས་ཞེས་ཀྱང་བྱའོ། །གོང་དུ་ཇི་སྐད་བཤད་པ་དེ་ལྟར་སྦྱང་གཞི་སྦྱོང་བྱེད་ཀྱི་རྣལ་འབྱོར་པ་སྒོམ་པ་ལ་འཆི་བ་ཆོས་སྐུར་འཆར་བའི་རྣལ་འབྱོར་ཞེས་བྱ་སྟེ། གཞིའི་འཆི་རིམ་དང་རྣམ་པ་མཐུན་ཅིང་སྒྲུབ་པ་པོ་རང་ཉིད་ཀྱི་མ་འོངས་པའི་འཆི་བ་སྦྱོང་བར་བྱེད། ལམ་རྫོགས་རིམ་གྱི་སྐབས་སུ་དཔེ་དོན་གྱི་འོད་གསལ་དང་རྣམ་པ་མཐུན། དེ་ལྟ་བུའི་འོད་གསལ་རང་རྒྱུད་ལ་སྐྱེ་བའི་དགེ་རྩ་སྨིན་བྱེད་ཁྱད་པར་ཅན་དུ་འགྱུར། འབྲས་བུ་སངས་རྒྱས་པའི་རྒྱལ་བའི་ཐུགས་ཆོས་ཀྱི་སྐུ་དང་རྣམ་པ་མཐུན་ཅིང་། ད་ལྟ་ནས་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་བྱས་ནས་བསྒོམ་པའོ། །གསུམ་པ་ནི། གཉིད་དམ་འཆི་བའི་འོད་གསལ་ལུགས་ལྡོག་ཏུ། །སླར་ཡང་མཆེད་པས་ཀུན་གཞིའི་རྣམ་ཤེས་ལས། །ཡིད་ཉིད་གཅིག་པུ་ལངས་པས་རྨི་ལམ་སེམས། །དབང་པོ་ཀུན་ཚང་ཡིད་ཀྱི་ལུས་གྲུབ་པ། །ཞེས་པས། གནས་སྐབས་པ་གཉིད་དམ་མཐར་ཐུག་པ་འཆི་བ་གང་ཡིན་ཡང་མཚུངས་ཏེ། རང་བཞིན་གྱི་འོད་གསལ་དེ་སྔར་གྱི་ཀུན་གཞིའི་ངང་དུ་རྨུགས་པ་དེ་ཕྱིར་གསལ་དུ་མཆེད་པས་སྲོག་གི་རླུང་ཤིན་ཏུ་ཕྲ་བ་དང་། ལྷན་ཅིག་པའི་ཀུན་གཞིའི་རྣམ་ཤེས་ལས་ཡིད་ཉིད་གཅིག་པུར་ལངས་པས་རྨི་ལམ་གྱི་ལུས་གྲུབ་པ་ཡིན་ཏེ། མིང་གཞི་འདུས་པའི་ཕུང་པོ་ཅན་བར་དོ་དང་ཆོས་མཚུངས་པའོ། །དེ་ལའང་སྦྱང་གཞི་བར་དོའི་རྣམ་གཞག་ལ། འཆི་བ་འོད་གསལ་གྱི་བཞོན་པར་གྱུར་པའི་རླུང་གི་ཉེར་ལེན་དང་། སེམས་ཀྱི་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་འཛམ་བུ་གླིང་པའི་མིར་སྐྱེ་འགྱུར་གྱི་བར་དོ་རླུང་གི་ལུས་ཅན་བཞིན་ལག་གི་རྣམ་པ་ཅན་ཕུང་པོ་རྙིང་པ་ལས་གོས་ལོགས་སུ་བྱེ་བའི་ཚུལ་གྱིས་དངོས་གནས་ལ་གྲུབ་པ་དེ་འབྱུང་ཞིང་། དེ་དང་དུས་མཉམ་དུ་ལུགས་ལྡོག་གི་ཉེར་ཐོབ་ནས་སྨིག་རྒྱུའི་བར་གྱི་རྟགས་རྣམས་འབྱུང་ལ། འཆི་བ་འོད་གསལ་འགགས་པ། བར་དོ་གྲུབ་པ། ལུགས་ལྡོག་གི་ཉེར་ཐོབ་སྐྱེས་པ་གསུམ་དུས་མཉམ་དུ་འབྱུང་ངོ་། །བར་དོ་དེ་ཡང་དབང་པོ་ཀུན་ཚང་བ། ཡན་ལག་དང་ཉིད་ལག་གཅིག་ཅར་རྫོགས་པ། རི་རབ་སོགས་ལ་ཐོགས་མེད་དུ་འགྲོ་ནུས་པ། ལས་ཀྱི་རྫུ་འཕྲུལ་སངས་རྒྱས་ཀྱིས་ཀྱང་དགག་མི་ནུས་ཏེ། མངོན་པ་མཛོད་ལས། དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །ཞེས་གསུངས་པའི་ཕྱིར། མིང་གི་རྣམ་གྲངས། དྲི་ཟ། སྲིད་པ་བར་མ། ཡིད་ལས་བྱུང་། སྲིད་ཚོལ་དྲི་ཟའི་སེམས་ཅན་ཞེས་བྱ་བ་རྣམས་སོ། །དེའི་ནང་ནས་འཛམ་བུ་གླིང་པའི་མིར་སྐྱེ་བའི་བར་དོ་ནི་བྱིས་པ་ལོ་ལྔ་དྲུག་ལོན་པའི་བོངས་ཚོད་དུ་མཛོད་འགྲེལ་ལས་གསུངས། ངན་འགྲོའི་བར་དོ་ནི་མཚན་མོ་མུན་ནག་གིས་ཁྱབ་པ་ལྟ་བུ། བདེ་འགྲོའི་བར་དོ་ནི་མཚན་མོ་ཟླ་འོད་ཀྱིས་ཁྱབ་པའམ། སྣམ་བུ་དཀར་པོ་བརྐྱངས་པ་ལྟ་བུའི་རྣམ་པ་ཅན་དུ་སའི་དངོས་གཞི་ལས་གསུངས། དེའང་དམྱལ་བར་སྐྱེ་འགྱུར་གྱི་བར་དོ་ནི་སྡོང་དུམ་ཚིག་པ་ལྟ་བུ། ཡི་དྭགས་ཀྱི་བར་དོ་ནི་ཆུ་ལྟ་བུ། དུད་འགྲོའི་བར་དོ་ནི་དུ་བ་ལྟ་བུ། འདོད་པའི་ལྷ་མིའི་བར་དོ་ནི་གསེར་ལྟ་བུ། གཟུགས་ཁམས་སུ་སྐྱེ་བའི་བར་དོ་ནི་དཀར་པོ་མངལ་འཇུག་ལས་གསུངས། གཟུགས་མེད་དུ་སྐྱེ་བ་ལ་བར་དོ་མི་འབྱུང་ཞིང་། དེ་ནས་གནས་གཞན་དུ་སྐྱེ་ན་བར་དོ་འབྱུང་ངོ་། །ངན་འགྲོའི་བར་དོ་སྤྱི་བོའི་ཚུགས་ཐུར་དུ་འགྲོ་བ་དང་། མིའི་བར་དོ་ཐད་ཀ །ལྷའི་བར་དོ་སྟེང་དུ་འགྲོ་བ་སའི་དངོས་གཞི་ལས་གསུངས་སོ། །ཚེ་ཚད་ཞག་བདུན་རེ་དང་། དེའི་ནང་དུ་སྐྱེ་གནས་རྙེད་ན་སྐྱེ་བ་ལེན་ཅིང་། མ་རྙེད་ན་བདུན་ཕྲག་རེ་ནས་འཆི་ལ། ཡང་ལུས་གྲུབ་སྟེ་བདུན་ཕྲག་བདུན་ཚན་ལ་སྐྱེ་བ་ངེས་པར་ལེན་པ། བདུན་ཕྲག་རེའི་ནང་དུ་སྐྱེ་བ་ལེན་པ་ཡང་ཡོད་པས་བར་འདའ་བ་ཡང་ཁས་ལེན་ཅིང་། བར་དོའི་རྟེན་ལ་འཆི་ཆུང་ཇི་ཙམ་བྱས་ཀྱང་བར་སྲིད་རང་དུ་བསྡུ་ལ། སྲིད་པ་བཞི་ནི། འཆི་བ་དང་། སྐྱེ་བ་གཉིས་ཀྱི་བར་དུ་འབྱུང་བའི་སྲིད་པ་ནི་བར་སྲིད། སྐྱེས་ནས་འཆི་བ་ལ་མངོན་དུ་ཕྱོགས་པའི་བར་ནི་སྔོན་དུས་ཀྱི་སྲིད་པ། འཆི་བ་འོད་གསལ་ཉམས་སུ་མྱོང་བའི་དུས་ནི་འཆི་སྲིད། ཉིང་མཚམས་སྦྱར་ནས་མ་བཙས་པའི་བར་ནི་སྐྱེ་སྲིད་དུ་བྱེད་པའོ། །རྟེན་ངན་པའི་བར་དོ་གྲུབ་ནས་རྟེན་བཟང་པོར་མི་ལྡོག་པར་མཛོད་ལས་གསུངས་ཀྱང་། ཀུན་ལས་བཏུས་སུ། ཅི་སྟེ་ན་ཟློག་གོ་ཞེས་གསུངས་པ་ལྟར་འདིར་ཁས་བླང་ངོ་། །བར་དོ་བ་དེས་རང་གི་སྔ་མའི་ལུས་རྟེན་རྙིང་པ་མཐོང་ཡང་དེ་ལ་མི་འཇུག་པ་ནི། འབྲེལ་པ་ལས་སྟོབས་ཀྱིས་ཆད་པས་འཇུག་འདོད་ཀྱི་བློ་མི་སྐྱེ་བར་སའི་དངོས་གཞི་ལས་གསུངས་ཤིང་། ཡང་བར་དོ་རིགས་མཐུན་དང་། ལྷའི་མིག་གིས་མཐོང་བ་མཛོད་ལས་གསུངས་སོ། །བར་དོ་སྒྱུ་ལུས་ལོངས་སྐུར་ལྡང་བའི་མན་ངག་ལ་སྨོན་པ་དངོས་ནི། དེ་མཚུངས་སྐད་ཅིག་མངོན་བྱང་ལྔ་ལས་ནི། །དང་པོའི་མགོན་པོ་ལེགས་པར་བསྐྱེད་པའི་ཚུལ། །བར་དོ་སྒྱུ་ལུས་ལོངས་སྐུར་ལྡང་བར་ཤོག །ཅེས་པས། དེ་དང་མཚུངས་ལྡན་རྣམ་བྱང་བསྐྱེད་པའི་རིམ་པ་གདན་པདྨ་ལས་མངོན་པར་བྱང་ཆུབ་པ། གསུང་ཡིག་འབྲུ་ལས། ཐུགས་ཕྱག་མཚན་ལས། སྐུ་ཡོངས་སུ་རྫོགས་པ་ལས། ངོ་བོ་ཉིད་ཡེ་ཤེས་སེམས་དཔའ་ལས་མངོན་པར་བྱང་ཆུབ་པའི་དང་པོའི་མགོན་པོ་རིགས་ཐམས་ཅད་པའི་བདག་ཉིད་ཅན་དུ་ལྡང་བ་ནི་བར་དོ་སྒྱུ་ལུས་ལོངས་སྐུར་ལྡང་བའི་ཚུལ་བསྐྱེད་པའི་རིམ་པ་ལོངས་སྐུ་དང་པོ་མགོན་པོ་མངོན་བྱང་ལྔའི་སྒོ་ནས་བསྐྱེད་པ་ནི། མདོར་བྱས་ལས། འོད་གསལ་བར་ནི་རབ་ཞུགས་ནས། །ལྡང་བ་ཡང་ནི་བརྟག་པར་བྱ། །སྔགས་ཀྱི་སྐུ་ཡི་སྦྱོར་བ་ཡིས། །ལྷ་ཡི་གཟུགས་ལ་དམིགས་པར་བྱ། །ཞེས་སོགས་གསུངས་པ་ལྟར་རོ། །དེ་ལྟར་བསྒོམས་པ་ལ་བར་དོ་ལོངས་སྐུར་ཁྱེར་བའི་རྣལ་འབྱོར་ཞེས་བྱ་སྟེ། གཞི་ལ་འཛམ་བུ་གླིང་པའི་བར་དོ་དང་ཆོས་མཐུན་ཅིང་སྒྲུབ་པ་པོ་རང་ཉིད་ཀྱི་མ་འོངས་པའི་བར་དོ་སྦྱོང་བར་བྱེད། ལམ་རྫོགས་རིམ་གྱི་སྐབས་སུ་དག་མ་དག་གི་སྒྱུ་ལུས་གཉིས་དང་རྣམ་པ་མཐུན་ཅིང་། དེ་གཉིས་མྱུར་དུ་འགྲུབ་པའི་དགེ་རྩ་སྨིན་བྱེད་ཁྱད་པར་ཅན་དུ་འགྱུར། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་དང་རྣམ་པ་མཐུན་ཅིང་ད་ལྟ་ནས་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་བྱས་ནས་བསྒོམས་སྒྱུ་ལུས་ལོངས་སྐུར་ལྡང་བར་ཤོག་ཅིག་པའོ། །བཞི་པ་ནི། སླར་ཡང་སད་པའི་གནས་སྐབས་ཉིན་སྣང་དུ། །གདན་གསུམ་ལྷ་ཡི་སྐུ་རུ་ངེས་བྱས་ནས། །བར་དོའི་ལུས་དེ་མ་ཡི་མངལ་དུ་ནི། །ཞུགས་ཚུལ་དང་པོའི་མགོན་པོ་མི་བསྐྱོད་པའི། །སྐུ་ལས་ཞུགས་པས་རྡོ་རྗེའི་སེམས་བསྐྱེད་ཅིང་། །དེ་ལས་ལུས་དཀྱིལ་བཀོད་ཅིང་སྒོ་གསུམ་དག །བྱིན་གྱིས་བརླབས་ཤིང་སེམས་དཔའ་སུམ་བརྩེགས་སུ། །བྱས་ནས་རིག་མའི་འདོད་ཡོན་རྣམ་རོལ་ལས། །ཉིན་སྣང་སྐྱེ་ཤི་བར་དོ་གོམས་འདྲིས་ཀྱིས། །སྐྱེ་བ་སྤྲུལ་སྐུའི་རྣལ་འབྱོར་ལམ་བྱེད་ཤོག །ཅེས་པས་སད་པའི་གནས་སྐབས་དང་ཉིན་མོའི་སྣང་བ་ཐམས་ཅད་ཐམས་ཅད་དུ་བར་སྲིད་ཀྱི་ལུས་མའི་མངལ་དུ་ཉིང་མཚམས་སྦྱོར་བའི་བག་ཆགས་སྦྱོང་ཕྱིར་འཁོར་བའི་འདྲ་འབག་ལམ་དུ་བྱེད་པའོ། །ཕུང་ཁམས་གཉིས་གཤེགས་པ་གཤེགས་མ། སྐྱེ་མཆེད་སེམས་དཔའ་སེམས་མ། ཡན་ལག་ཁྲོ་བོ་ཁྲོ་མོའི་གདན་ཏེ་གདན་གསུམ་ཚང་པའི་སྐུར་ངེས་པར་བྱས། མངལ་དུ་འཇུག་ཀའི་སྲིད་བཅས་ཀྱི་ཤེས་པ་དེ་ཉིད་མགོན་པོ་མི་བསྐྱོད་པ་ལ་སོགས་པའི་བསྐྱེད་རིམ་སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡང་བའི་སྔོན་དུ་གཞུང་ལྟར་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་ཅིང་། དེ་ལ་ལུས་དཀྱིལ་བཀོད་ཚུལ་སོ་སོའི་ལུགས་ལྟར་རམ། དོན་གྱི་ངག་དྲན་དང་། སྒོ་གསུམ་བྱིན་གྱིས་བརླབ། དམ་ཡེ་ཏིང་ངེ་འཛིན་སེམས་དཔའ་སུམ་བརྩེགས་ཀྱི་བསྐྱེད་རིམ་ལ་གནས་པས་ཤེར་དབང་ལྟར་རིག་མའི་འདོད་ཡོན་ལ་རྣམ་པར་རོལ་ནས་ཕ་མའི་འདུ་འཕྲོད་ལ་ཆགས་སྡང་སྤང་ཞིང་། དེ་ཡང་བར་དོར་ཚུལ་དེ་ལྟ་བུ་གྲུབ་པ་ལ་ད་ལྟའི་ཉིན་སྣང་ཐམས་ཅད་སྐྱེ་ཤི་བར་དོ་གསུམ་གང་རུང་དུ་གྲོལ་བྱེད་ཀྱི་གོམས་འདྲིས་ལ་སློབ་པ་ནི། སྐྱེ་བ་སྤྲུལ་སྐུའི་རྣལ་འབྱོར་ལམ་དུ་བྱེད་པ་ལ་སྨོན་པའོ། །སྦྱང་གཞི་མངལ་དུ་སྐྱེ་བ་ལེན་ཚུལ་མདོ་ཙམ་སྨོས་ན། ཕོ་མོ་གཉིས་སྙོམས་འཇུག་གི་ཚེ་བར་དོ་ཤི་བའི་རླུང་སེམས་ཕའི་ཁའམ། སྤྱི་བོ་ནས་འཇུག་སྟེ། རྡོར་ཕྲེང་ལས། སྔོན་ལས་རླུང་གི་རྣམ་ཤེས་ནི། །བརྒྱ་ལ་གང་ཚེ་འགྲོ་འགྱུར་ན། །ཕ་ཡི་ཁ་ལ་མཚུངས་པར་ལྡན། །ཅེས་སོ། །བར་དོ་ཤི་བའི་རླུང་སེམས་མངལ་དུ་འཇུག་ཅིང་། དེ་དང་དུས་མཉམ་དུ་སྨིག་རྒྱུ་ནས་འོད་གསལ་བར་གྱི་རྟགས་རྣམས་འབྱུང་ལ། འོད་གསལ་འགགས་པ་དང་བར་དོའི་རླུང་སེམས་མངལ་དུ་སྐྱེ་བ་བླངས་པ་དང་། ལུགས་ལྡོག་གི་ཉེར་ཐོབ་སྐྱེས་པ་རྣམས་དུས་མཉམ་ཞིང་། དེ་ནས་མཆེད་པ་ནས་སྨིག་རྒྱུའི་བར་གྱི་རྟགས་རྣམས་འབྱུང་། དེ་ནས་མེར་མེར་པོ་སོགས་ཞག་བདུན་ཕྲག་སོ་ལྔའི་ནང་དུ་ཕུང་ཁམས་སྐྱེ་མཆེད་ཡན་ལག་ཉིང་ལག་རྣམས་རྫོགས། བདུན་ཕྲག་སོ་དྲུག་པ་ལ་ཕྱིར་འབྱུང་འདོད་སྐྱེ། སོ་བདུན་པ་ལ་མངལ་ལ་དྲི་མི་ཞིམ་ཞིང་མི་གཙང་བའི་བློ་འབྱུང་། སོ་བརྒྱད་པ་ལ་ལས་རླུང་གིས་མགོ་མཇུག་ལྡོག་ནས་ཕྱིར་བཙས་ཏེ་མིག་ཤེས་ཀྱི་ཡུལ་དུ་གྱུར་ནས། བྱིས་པ། གཞོན་ནུ། དར་བབ། རྒན་པོའི་སྐབས་རྣམས་འབྱུང་ངོ་། །རང་བཞིན་གྱི་གནས་དེ་བཞིན་གཤེགས་པ་ཡབ་ཡུམ་སེམས་ཅན་འདུལ་བའི་ཕྱིར་དུ་སྙོམས་པར་ཞུགས་པ་ནི་ཕ་མ་གཉིས་སྙོམས་པར་འཇུག་པ་དང་ཆོས་མཐུན། བྱང་ཆུབ་ཀྱི་སེམས་ལས་གྲུབ་པའི་མི་བསྐྱོད་པས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པ་ནི་གཞི་ལ་བྱང་སེམས་དཀར་དམར་ཞུ་བས་ཕ་མ་གཉིས་ཀྱི་རྩ་སྟོང་ཕྲག་དོན་གཉིས་ཀྱི་ནང་གང་བ་དང་ཆོས་མཐུན་དེས་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབས་པས་ཟག་པ་མེད་པའི་བདེ་བ་དང་ཡིད་བདེ་བ་དང་ཐོབ་པ་ནི་སེམས་ཅན་དུ་འདོགས་པའི་གཞི། ཕ་མ་གཉིས་ཀྱི་ཕུང་སོགས་བདེ་བས་བརྒྱལ་བ་དང་ཆོས་མཐུན། མི་བསྐྱོད་པ་ཐམས་ཅད་གཞལ་ཡས་ཁང་གི་ནང་དུ་གཅིག་ཏུ་འདྲེས་པ་ནི་ཁུ་ཁྲག་མངལ་དུ་འདྲེས་པ་དང་ཆོས་མཐུན། དེ་ལ་དང་པོའི་མགོན་པོ་ཞུགས་པ་ནི་བར་དོར་ཤི་ནས་སྐྱེ་གནས་སུ་ཞུགས་པ་དང་ཆོས་མཐུན། ལུས་རྟེན་གཞལ་ཡས་ཁང་དུ་བསྒོམ་པ་ལ་ལམ་དང་འབྲས་བུ་གཉིས་མ་གཏོགས་གཞི་ལ་ཆོས་མཐུན་སྦྱོར་རྒྱུ་མེད་ཀྱང་། བརྟེན་པ་ལྷ་བསྒོམ་པ་ལ་ཕུང་པོ་ལྔ་རིགས་ལྔར་བསྒོམ་པ་ནི་མངལ་གྱི་སེམས་ཅན་དེའི་ཕུང་པོ་ལྔ་གྲུབ་པ་དང་། ཁམས་བཞི་ཡུམ་བཞིར་བསྒོམ་པ་ནི་དེའི་ཁམས་བཞི་གྲུབ་པ་དང་། མིག་སོགས་སེམས་དཔར་བསྒོམ་པ་ནི་དེའི་མིག་སོགས་དབང་པོ་ལྔ་གྲུབ་པ་དང་། ཡུལ་ལྔ་རྡོ་རྗེ་མ་ལྔར་བསྒོམ་པ་ནི་དེའི་གཟུགས་སོགས་སྐྱེ་མཆེད་གྲུབ་པ་དང་། ཡན་ལག་ཁྲོ་བོར་བསྒོམ་པ་ནི་དེའི་ཡན་ལག་ཉིད་ལག་རྫོགས་པ་ཆོས་མཐུན། སྐུ་བྱིན་རླབས་ནི། དེའི་སྐྲ་བ་སྤུ་སེན་མོ་སོགས་ལུས་ཀྱི་གནས་སྐབས་རྫོགས་པ་དང་། གསུང་བྱིན་རླབས་ནི་དེའི་ངག་སྨྲ་བའི་གནས། བྱེད་པ་ལྕེ་རྐན་གྲུབ་པ་དང་། ཐུགས་བྱིན་རླབས་ནི་ཡིད་ཤེས། ཡུལ་ལ་འཇུག་པའི་དྲན་པ་རྫོགས་པར་གྲུབ་པ་དང་། སེམས་དཔའ་སུམ་བརྩེགས་བསྒོམ་པ་ནི་དེའི་རག་པ་གནས་སྐབས་པ་དང་། ཕྲ་བ་གཉུག་མའི་ལུས་གྲུབ་པ་དང་། རིགས་བདག་གིས་རྒྱས་འདེབས་པ་ནི་མངལ་གྱི་སེམས་ཅན་དེ་ཕྱིར་བཙས་པ་དང་ཆོས་མཐུན་དུ་སྦྱར་རོ། །གཞི་ལ་བར་དོ་འཛམ་བུ་གླིང་པའི་མངལ་ སྐྱེས་ཁམས་དྲུག་ལྡན་པར་སྐྱེ་བ་ལེན་པ་དང་ཆོས་མཐུན་ཅིང་། སྒྲུབ་པ་པོ་རང་ཉིད་ཀྱི་མ་འོངས་པའི་སྐྱེ་བ་སྦྱོང་བར་བྱེད། ལམ་རྫོགས་རིམ་གྱི་སྐབས་སུ་དག་དང་མ་དག་གི་སྒྱུ་ལུས་གཉིས་ཀྱི་ལམ་དུས་ཀྱི་ཕྲ་རགས་ཀྱི་སྤྲུལ་སྐུ་འཛིན་པ་དེ་དང་རྣམ་པ་མཐུན་ཅིང་། དེ་ལྟ་བུའི་དགེ་རྩ་སྨིན་བྱེད་ཁྱད་པར་ཅན་དུ་འགྱུར། འབྲས་བུ་སངས་རྒྱས་ཀྱི་སའི་ལོངས་སྤྱོད་རྫོགས་པའི་སྐུ་འདོད་ཁམས་ལ་སོགས་པར་ཕྲ་རགས་ཀྱི་སྤྲུལ་སྐུ་འཛིན་པ་དང་རྣམ་པ་མཐུན། ད་ལྟ་ནས་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་བྱས་ནས་བསྒོམས་པས་དེ་ལྟ་བུ་མྱུར་དུ་འགྲུབ་པའི་ཐབས་མཁས་ཁྱད་པར་ཅན་དུ་འགྱུར་རོ། །ལུས་དཀྱིལ་ནི། གྲུབ་ཆེན་དྲིལ་བུ་པས། འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་པས་ལུས་དཀྱིལ་གྱི་བསྒྲུབ་གཞི་ལུས་ཀྱི་ཆ་དེ་དང་དེ་རྣམས་ནི། རང་སྐྱེས་ཙམ་ནས་རྫོགས་པར་ཡོད་པས་ན་ལུས་ལ་གནད་དུ་བསྣུན་ནས་བསྒོམས་པས་ཡང་དག་པའི་དོན་མཐོང་བར་འགྱུར་ཞིང་། སྒོམ་པའི་ཚུལ་ཡང་རྒྱུད་རྡོར་ཕྲེང་ལས། ལུས་ཀྱི་གཞལ་ཡས་ཁང་དུ་གྱུར། །སངས་རྒྱས་ཀུན་གྱི་ཡང་དག་བསྟེན། །ཅེས་དཀྱིལ་འཁོར་དང་། ལྷ་བསྒོམ་ཚུལ་ནི། རྩ་རྒྱུད་ལེའུ་བརྒྱད་པ་ལས། ནུ་མའི་དབུས་པར་སྤྱི་གཙུག་མཐའ་ཡི་བར། །ཆོ་ག་ཤེས་ནས་ཡང་ན་རྐང་པའི་བར། །ལྟེ་བ་སྐེད་པ་གསང་བ་རྒྱལ་པའི་སྲས། །རིགས་ལྔ་རྣམས་ནི་དགོད་པར་རབ་ཏུ་བྱ། །ཞེས་དང་། མདོར་བྱས་ལས། ཐླྷིཾ་མིག་ཏུ་བཀོད་ནས་ནི། །ས་ཡི་སྙིང་པོ་རྣམ་པར་བསྒོམ། །ཞེས་གསུངས་པ་ལྟར་ལུས་དཀྱིལ་བསྒོམས་ནས་སྒོ་གསུམ་བྱིན་གྱིས་བརླབ་པ་ནི། མདོར་བྱས་ལས། དེ་ལྟར་རིགས་གསུམ་དབྱེ་བ་ཡིས། །སོ་སོར་བྱིན་གྱིས་བརླབས་ནས་ནི། །བློ་དང་ལྡན་པའི་གསང་སྔགས་འདིས། །སླར་ཡང་ཐམས་ཅད་བདག་ཉིད་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾ། ཞེས་གསུངས་པ་ལྟར་རོ། །དེ་ལྟར་སྒོ་གསུམ་བྱིན་གྱིས་བརླབས་པའི་དགོས་པ་ནི། རང་གི་སྒོ་གསུམ་ཐ་མལ་གྱི་སྣང་ཞེན་སྦྱང་བ་དང་། རང་དམ་ཚིག་པ་ལ་ཡེ་ཤེས་པ་བཅུག་ནས་ནུས་ལྡན་དུ་བྱ་བ་དང་། དེ་ལ་བརྟེན་ནས་ལམ་རྫོགས་རིམ་དང་མཐུན་པའི་འབྲས་བུའི་སྐབས་ཀྱི་རྡོ་རྗེ་གསུམ་མྱུར་དུ་འགྲུབ་པའི་ཆེད་ཡིན་ནོ། །སེམས་དཔའ་སུམ་བརྩེགས་བསྒོམ་པ་ནི། གསང་འདུས་རྩ་རྒྱུད་ལེའུ་བཅུ་གཉིས་པ་ལས། རྣམ་པའི་མཆོག་རྣམས་ཀུན་ལྡན་པ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །སྙིང་གར་ཡེ་ཤེས་དམ་ཚིག་དང་། །ཅེས་སོགས་ཀྱིས་བསྟན་པར་བཞེད་ཅིང་། དམ་ཚིག་སེམས་དཔའ་ནི་རགས་པ་གནས་སྐབས་པའི་ལུས་དང་ཆོས་མཐུན། ཡེ་ཤེས་སེམས་དཔའ་ནི་ཕྲ་བ་གཉུག་མའི་ལུས། ཤིན་ཏུ་ཕྲ་བའི་རླུང་སེམས་ངོ་བོ་དབྱེར་མེད་དུ་གནས་པའི་རླུང་འོད་ཟེར་ལྔ་པ་དང་ཆོས་མཐུན། ཏིང་ངེ་འཛིན་སེམས་དཔའ་ནི་ཤིན་ཏུ་ཕྲ་བའི་སེམས་དང་ཆོས་མཐུན་ནོ། །དམ་ཚིག་སེམས་དཔའ་ཞེས་པའི་ངེས་ཚིག །དམ་ཚིག་གི་སྐད་དོད་ས་མ་ཡ་ལ། ས་མ་ཏི་ཡང་དག་པར་འགྲོ་བ་དང་། མཱ་ལི་ཏི་འདུ་བ་ལ་འཇུག་པས་ཡེ་ཤེས་པ་རྣམས་ཡང་དག་པར་འགྲོ་བ་དང་འདུ་བའི་གནས་ཡིན་པས་དམ་ཚིག་སེམས་ཅན་གྱི་དོན་ལ་སེམས་པས་སེམས་དཔའ། ཞེས་གསུངས་པས་སོ། །དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་བསྒོམ་དགོས་ཏེ། མདོར་བྱས་ལས། སྙིང་གའི་དབུས་ན་གནས་པ་ཡི། །ཡེ་ཤེས་སེམས་དཔའ་རྣམ་པར་བསྒོམ། །ཏིང་འཛིན་སེམས་དཔའ་ཞེས་བྱ་བའི། །ཡི་གེ་ཧཱུྃ་ནི་དེ་རུ་དགོད། །ཅེས་པས་སོ། །ཡེ་ཤེས་སེམས་དཔའ་ཞེས་པའི་སྒྲ་དོན་ནི། ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ན་ཕྲ་བ་སྟེ་ཡེ་ཤེས་ཀྱི་སེམས་དཔའོ། །ཏིང་འཛིན་སེམས་དཔའ་ཞེས་པ་ནི། གནས་འདི་ལ་རྩེ་གཅིག་ཏུ་དམིགས་ནས་བསྒོམས་པས་ཏིང་ངེ་འཛིན་མཆོག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་ནས་སྒྲུབ་པ་པོ་ངེས་པར་ལེགས་པ་ལ་སྦྱོར་བས་ན་དེ་སྐད་ཅེས་བྱའོ། །རིགས་བདག་བསྒོམ་པ་ནི། གསང་འདུས་ལེའུ་བཅུ་གཉིས་པར། དབུ་རྒྱན་རྡོ་རྗེ་མཆོག་འཛིན་པ། །ཞེས་པས་བསྟན་ཏོ། །རིག་མའི་འདོད་ཡོན་ལ་རོལ་པ་ནི། དེ་ཡང་བདག་ཅག་གི་སྟོན་པས་ཀྱང་སྐུ་གསུམ་གྱི་གོ་འཕང་བརྙེས་ནས་གདུལ་བྱ་དམན་པ་ལ་མོས་པས་ཆགས་བྲལ་གྱི་སྤྱོད་པ། རྒྱ་ཆེན་པོ་ལ་མོས་པ་ལ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ། ཟབ་མོ་ལ་ལྷག་པར་མོས་པ་ལ་འདོད་ཆགས་ཀྱི་སྤྱོད་པ་སྟེ། རྣམ་པ་གསུམ་བསྟན་པའི་ཕྲིན་ལས་མཛད་པའི་ནང་ནས་ཕྲིན་ལས་ཕྱི་མ་དང་མཐུན་པའོ། །རིག་མ་འདུ་བྱ་བ་མན་ཆད་འབྲས་བུ་སངས་རྒྱས་ཀྱི་མཛད་པ་རྣམ་པ་མཐུན་པ་ཡིན་ཏེ། རིག་མ་འདུ་བྱས་ནས་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་བསྐྱེད་དེ་སྤྲོས། སྤྱི་སྒོས་ཀྱི་མཛད་པ་མཛད་པར་བསྒོམ་པ་ནི་སངས་རྒྱས་སྐུའི་མཛད་པ་དང་རྣམ་པ་མཐུན། དེ་ནས་ཕྲ་མོ་བསྒོམ་པ་ནི་ཐུགས་ཀྱི་མཛད་པ་ནང་དུ་ཡང་དག་འཇོག་པ་ལ་ཞུགས་པ་དང་ཆོས་མཐུན། དེ་ནས་སྔགས་བཟླ་བ་ནི་ཆོས་སྟོན་པའི་གསུང་གི་མཛད་པ་དང་ཆོས་མཐུན། དེ་ནས་གཙོ་བོ་འོད་གསལ་དུ་ཞུགས་པ་ནི་ཞིང་དེར་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ནས་མྱ་ངན་ལས་འདས་ཚུལ་སྟོན་པ་དང་ཆོས་མཐུན། དེ་ནས་ཚད་མེད་བཞིའི་ངོ་བོར་གྱུར་པའི་ལྷ་མོ་བཞིས་ཞུ་བ་གླུས་བསྐུལ་ཏེ་བཞེངས་པ་ནི། སླར་ཡང་ཐུགས་རྒྱུད་ཚད་མེད་བཞིས་བསྐུལ་ཏེ་ཞིང་གཞན་དུ་སྤྲུལ་པའི་སྐུའི་མཛད་པ་སྟོན་པ་དང་ཆོས་མཐུན། དེ་ནས་བསྟོད་པ་བྱེད་པ་ནི་སངས་རྒྱས་འཇིག་རྟེན་དུ་བྱོན་ནོ་ཞེས་སྙན་པ་བརྗོད་པ་དང་ཆོས་མཐུན། དེ་ནས་མཆོད་པ་ནི་ཞིང་དེའི་གདུལ་བྱ་རྣམས་ཀྱིས་མཆོད་པ་ཕུལ་བ་བདག་གིར་མཛད་པ་དང་ཆོས་མཐུན་པའི་ཕྱིར། དེས་ན་དགོས་པ་དེའི་ཕྱིར་རིག་མ་འདུ་བྱ་བ་ཡིན་ཅིང་། འདུ་བྱ་རྒྱུའི་རིག་མ་ལ། ཕྱག་རྒྱ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཐབས་ཀྱི་རྡོ་རྗེས་དེ་ལྟ་བུའི་ཤེས་རབ་ལ་རྒྱས་གདབ་པར་བྱ་བ་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར་ཏེ། བརྟག་གཉིས་ལས། རྡོ་རྗེ་འདིས་ནི་གདབ་པ་ཡིས། །དེས་ན་ཕྱག་རྒྱ་བརྗོད་པར་བྱ། །ཞེས་གསུངས་པའི་ཕྱིར། ཕྱག་རྒྱ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། ལས་རྒྱ་དང་ཡེ་རྒྱ་གཉིས། དང་པོ་ནི། ལས་ཀྱིས་འཕངས་པའི་སྐྲ་དང་ནུ་མར་ལྡན་པའི་ཕྱག་རྒྱ་ཡིན་པས་ན་ལས་རྒྱ་ཞེས་བྱ། དེ་ལ་ཡང་ལས་བྱེད་ཚུལ་གྱི་སྒོ་ནས་སམ། རིགས་ལྔ་སོ་སོས་གཙོ་བོར་བསྟན་བྱ་ལྔ། སྨེ་ཤ་ཅན་གཅིག །བཙོ་བླག་མཁན་གཉིས། ཕྲེང་བརྒྱུད་མཁན་གསུམ། གར་མཁན་བཞི། བཟོ་བྱད་མཁན་གྱི་བུ་མོ་ལྔ། དྷཱུ་ཏཱིའི་མར་སྣའི་དབྱིབས་ཀྱི་སྒོ་ནས་དབྱེ་ན་པདྨ་ཅན་སོགས་རིགས་བཞི། ལམ་མཐོ་དམན་གྱི་སྒོ་ནས་དབྱེ་ན་སྔགས་སྐྱེས། ཞིང་སྐྱེས། ལྷན་སྐྱེས་ཀྱི་ཕོ་ཉ་གསུམ་མོ། །དེ་ལྟ་བུའི་ཕྱག་རྒྱ་དེ་ཉིད་ཐུན་མོང་མ་ཡིན་པའི་སྣོད་རུང་དུ་བྱས་པ། ལྷའི་རྣལ་འབྱོར་ཤིན་ཏུ་བརྟེན་ཅིང་བྱང་སེམས་འཕོ་མེད་དུ་ཕཊ་ཡིག་གི་སྟོབས་ཀྱིས་འཛིན་ནུས་པ་ཞིག་དགོས་སོ། །དེ་ལྟར་མིན་ན་ཉེས་པ་ཤིན་ཏུ་ཆེ་སྟེ། ཧེ་རུ་ཀ་མངོན་འབྱུང་ལས། རྣལ་འབྱོར་མེད་པར་རྣལ་འབྱོར་ཆོས། །ཕྱག་རྒྱ་ལ་ནི་བགྲོད་འགྱུར་དང་། །ཡེ་ཤེས་མེད་པར་ཡེ་ཤེས་ཚུལ། །དམྱལ་བར་འགྲོ་བ་ཐེ་ཚོམ་མེད། །ཅེས་གསུངས་པའི་ཕྱིར་རོ། །དེས་ན་ཡུལ་རྟེན་གཉིས་ཀ་མཚན་ཉིད་དང་མི་ལྡན་པའི་རྣལ་འབྱོར་པའི་རྣལ་འབྱོར་པས་ནི་ཡེ་རྒྱ་ལ་བརྟེན་དགོས་ཏེ། རྡོར་སེམས་སྒྲུབ་ཐབས་ལས། ཡང་ན། སྙིང་ག་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་མངོན་པར་སྤྲུལ་ཏེ་ཞེས་སོགས་གསུངས་པ་ལྟར་རོ། །རིག་མའི་འདོད་ཡོན་ལ་རོལ་པའི་དགོས་པ་ནི། རྟེན་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཀྱི་རྣམ་རོལ་དུ་འཆར་བ་དང་། རྒྱུད་སྡེ་འོག་མ་གསུམ་ལས་འདས་པའི་འཁོར་རྩའི་བདེན་འཛིན་གྱི་གཉེན་པོ་མཆོག་ཏུ་གྱུར་པ་དང་། བསྐྱེད་རིམ་པའི་ཉོན་མོངས་ལམ་བྱེད་དང་། འདོད་ཡོན་ལམ་བྱེད་ཀྱི་གཙོ་བོར་འགྱུར་བ་དང་། དེ་ལ་བརྟེན་ནས་རྫོགས་པའི་རིམ་པའི་བདེ་ཆེན་འདྲེན་པའི་སྨིན་བྱེད་བླ་ན་མེད་པ་དང་། བསྐྱེད་རིམ་པའི་ལམ་གྱི་སྙིང་པོར་གྱུར་པའོ། །ལྔ་པ་ནི། དེ་ལྟར་རིམ་པ་དང་པོ་མཐར་ཕྱིན་ནས། །གསང་བའི་སྣ་རྩེ་ཨ་ཝ་དྷཱུ་ཏཱིའི་ནང་། །དྭངས་མའི་ཐིག་ལེ་རང་སེམས་དབྱེར་མེད་དུ། །གཟུང་བས་མཉམ་གཞག་དགའ་བཞིའི་ཏིང་འཛིན་དང་། །རྗེས་ཐོབ་རིགས་བརྒྱ་རིགས་ལྔ་རིགས་གསུམ་སོགས། །བདེ་སྟོང་དབྱེར་མེད་ལྷ་ཡི་རྣམ་རོལ་བསྒོམ། །ཞེས་པ་ནི། དེ་ལ་རིམ་པ་དང་པོ་བསྐྱེད་རིམ་གྱི་ལམ་ནས་ཕྱི་དོན་སྣང་བའི་བདེན་ཞེན་འགོགས་པ་མཐར་ཕྱིན་ནས། ནང་དོན་བདེ་སྟོང་གི་ལྷ་སྐུ་བསྒྲུབ་ཕྱིར་རང་རྡོ་རྗེ་འཆང་ཡབ་ཡུམ་དུ་གསལ་བའི་དབུས་དྲང་པོར་དབུ་མའི་ཡར་སྣ་སྨིན་མཚམས་དང་མར་སྣ་གསང་གནས་རྩེར་ཟུག་པའི་སྣར་འབར་འཛག་ཞུ་བདེའི་རྐྱེན་གྱིས་དྲངས་པའི་དྭངས་མའི་ཐིག་ལེ་འཕོ་ལ་ཁད་དང་རང་སེམས་དབྱེར་མེད་དུ་བཟུང་བའི་མཉམ་གཞག་ཏུ་དགའ་བ་དང་། མཆོག་དགའ་དང་། ཁྱད་དགའ་དང་། ལྷན་སྐྱེས་ཏེ་དགའ་བ་བཞིའི་ཏིང་འཛིན་བསྒོམ་ཞིང་དེའི་རྗེས་ཐོབ་ཏུ་མས་བརྟན་ལུགས་ལས་ལྡོག་པའི་ཐིག་ལེ་སྙིང་གར་དྲངས་པ་རྣམ་བྱང་གི་སྐུར་སྨིན་པ་ཞི་བ་བཞི་བཅུ་རྩ་གཉིས་དང་། དེའི་གདངས་དུང་ཁང་དུ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དུ་ཤར་བའི་རིགས་བརྒྱའམ། ཡང་ན་འཁོར་ལོ་ལྔ་རིགས་ལྔའམ། སྐུ་གསུང་ཐུགས་ཀྱི་གནས་གསུམ་དུ་རིགས་གསུམ་སོགས་སུ་གསལ་བའི་བདེ་སྟོང་དབྱེར་མེད་ཀྱི་ལྷར་སྣང་བསྒོམ་པ་གཞུང་ཚིག་གི་དངོས་བསྟན་ཡིན་ཅེས་མཁས་པ་དག་བཞེད་དོ། །འདུས་པའི་ལུགས་སུ། ཐ་མལ་གྱི་སྣང་ཞེན་རགས་པའི་ལྷའི་རྣལ་འབྱོར་གྱིས་གཅོད་ནུས་པའི་མཚམས་ནས་རྟོག་པའི་རྣལ་འབྱོར་ཕྲ་མོ་ལ་བསླབ་པ་ཐིག་ལེའི་ནང་དུ་དཀྱིལ་འཁོར་ཡོངས་རྫོགས་གསལ་པའི་ཕྲ་མོ་བསྒོམ་པ་དང་། རགས་པ་མཐར་མ་ཕྱིན་ཀྱང་ཕྲ་མོ་ཙམ་ཡང་བསྒོམ་པར་བཞེད་དེ། རྩ་རྒྱུད་ལེའུ་གསུམ་པ་ལས། རིན་ཆེན་ཆེན་པོ་ཁ་དོག་ལྔ། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་གྱིས་ནི་རྟག་ཏུ་བསྒོམ། །རིན་ཆེན་བརྟན་པར་གྱུར་ན་སྤྲོ། །བརྟན་པར་མ་གྱུར་མི་སྤྲོའོ། །ཞེས་གསུངས་པ་ལྟར། ཕྱག་མཚན་ལྷ་སྐུ་རིམ་པར་སྤྲོ་བསྡུ་བྱ། མཐར་འཇོག་པ་ན་རྩ་བའི་དམིགས་རྟེན་སྣ་བུག་ནས་དྲངས་ཏེ་སྙིང་གའི་ཏིང་འཛིན་སེམས་དཔའ་ལ་བསྡུ། དེ་བཞིན་དུ་གསང་བའི་སྣ་རྩེའི་ཐིག་ལེ་ལ་སེམས་བརྟན་པ་ན་རྡོ་རྗེ་དང་པདྨ་འདུ་བྱས་ཏེ། ཐིག་ལེ་དེ་ཉིད་ཡུམ་གྱི་པདྨར་ཕྱུང་བའི་ནང་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་བསྒོམ་པ་ལ་སེམས་བརྟན་པའོ། །སྤྱིར་ཕར་ཕྱིན་ཐེག་པའི་སྐབས་སུ་ཡིད་ཤེས་རགས་པས་སྟོང་ཉིད་བསྒོམ། རྒྱུད་སྡེ་འོག་མ་གཉིས་ཀྱི་སྐབས་སུ་ཡེ་རྒྱ་དང་། བལྟས་པ་དང་། དགོད་པ་དང་། ལག་པ་བཅངས་པ་ལས་བྱུང་བའི་བདེ་བའི་སྟོང་ཉིད་བསྒོམ། བླ་མེད་ཀྱི་སྐབས་སུ་བདེན་འཛིན་དང་གཉིས་སྣང་འཁྲུལ་པའི་བག་ཆགས་གཡོ་བྱེད་ཀྱི་རླུང་སྙིང་གར་ཐིམ་པ་ལས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་བསྒོམ་པ་ཡིན་པའི་ཕྱིར། དེ་ལྟ་བུའི་ལྷན་སྐྱེས་ཀྱི་བདེ་སྟོང་དབྱེར་མེད་ཀྱི་བདེ་བ་དེ་ཡང་ཕྱི་ནང་གི་རྐྱེན་ཁྱད་པར་ཅན་གཉིས་པོ་གང་རུང་གི་སྒོ་ནས་བསྒྲུབ་དགོས་ཏེ། རང་དང་ཡུལ་རྟེན་མཚན་ཉིད་ཚང་བའི་ལས་རྒྱ་དང་། ཡེ་རྒྱ་གང་རུང་གི་དྷཱུ་ཏིའི་མར་སྣ་གཉིས་རྩེ་སྤྲད་དེ་སྙོམས་པར་འཇུག་པ་དང་། ཡང་ན་ནང་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་ནས་བསྒྲུབ་དགོས་པའི་ཕྱིར། རྒྱུད་སྡེ་སོ་སོའི་ལམ་སྲོལ་གྱི་གནད་དུ་བསྣུན་ཚུལ་མི་འདྲ་བ་མང་དུ་ཡོད་ཀྱང་། དགའ་བ་བཞི་དང་སྟོང་པ་བཞིས་དྲངས་ནས་ལྷན་སྐྱེས་ཀྱི་བདེ་ཆེན་འདྲེན་པའོ། །ལམ་བསྒོམས་པ་དང་མ་བསྒོམས་པའི་གང་ཟག་གཉིས་ཀ་ལ་བྱང་སེམས་སྤྱི་བོ་ནས་རྟགས་ཀྱི་བར་འབབ་པ་ཡོད་ལ། བྱང་སེམས་ཞུ་སླ་བའི་རིགས་འགའ་ཞིག་ལ་དྷཱུ་ཏིར་དམིགས་པ་གནད་དུ་བསྣུན་མ་ཐག་ཏུ་བྱང་སེམས་འབབ་པ་ཡོད་པས། དེ་དག་ལ་ནི་མན་ངག་གི་སྟོབས་ཀྱིས་བཟློག་པ་དང་འགྲེམས་པ་སོགས་ཤེས་དགོས་ཀྱང་། རླུང་དབུ་མར་ཐིམ་པའི་བྱང་སེམས་འབབ་པ་ལ་ནི་དེ་ལྟར་བྱེད་མི་དགོས་ཏེ། དེ་ལ་ནི་བྱང་སེམས་གཡོ་བྱེད་ཀྱི་རླུང་རྣམས་ཐིམ་ཟིན་པའི་ཕྱིར། དེ་ལྟར་བྱང་སེམས་སྤྱི་བོ་ནས་མགྲིན་པ། སྙིང་ག །ལྟེ་བ། གསང་གནས་སུ་སླེབ་པ་ན་དགའ་བ་བཞིར་འཇོག་པ་རྡོ་རྗེ་ཕྲེང་བ་ལས་བཤད་ཅིང་། དེ་ལྟ་བུའི་དགའ་བ་བཞི་ལ་བྱང་སེམས་དཀར་པོ་འབབ་པའི་ཆ་ནས་དགའ་བ་རེ་རེ་ལ་བཞི་བཞིར་ཕྱེ་ནས་བཅུ་དྲུག་དང་། བྱང་སེམས་དམར་པོ་འབབ་པའི་ཆ་ནས་དགའ་བ་བཞི་པོ་རེ་རེ་ལ་གསུམ་དུ་ཕྱེ་བས་བཅུ་གཉིས་བཤད་དེ། ཕྱག་ཆེན་ཐིག་ལེ་ལས། རི་བོང་མཚན་མའི་ཆ་འདི་རྣམས། །གནས་བཞི་པོ་རེ་རེ་ལ་ཆ་བཞིར་བྱས་པའི་མཚམས་རེར་བདེ་བ་རེ་མྱོང་བ། དགའ་བའི་ཐིག་ལེ་བཅུ་དྲུག་སྟེ། །ཨཱ་ལིའི་ངོ་བོར་ཤེས་པར་བྱ། །འཁོར་ལོ་བཞི་རུ་རིམ་པ་ལས། །ཇི་སྐད་བཤད་རྣམས་དེ་ལྟར་ནའང་། །ཉི་མའི་བཅུ་གཉིས་རྣམས་སུ་བཤད། །གནས་བཞི་པོ་རེ་རེ་ལ་ཆ་གསུམ་དུ་བྱས་པའི་མཚམས་རེ་རྡུལ་འབབ་པའི་སྒོ་ནས། མཆན། ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཡས་བབ་དང་མས་བརྟན་གྱི་དགའ་བཞི་འདྲེན་པར་བྱའོ། ། སྔར་བཤད་པའི་ཕྲ་མོའི་རྣལ་འབྱོར་བསྒོམས་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་ཀུནྡ་ལྟ་བུའི་བྱང་སེམས་དབུ་མའི་ནང་དུ་བབས་པས་རེག་བྱ་ཁྱད་པར་ཅན་སྐྱེ། དེས་དམིགས་རྐྱེན་བྱས་པས་ལུས་ཚོར་བདེ་བ་སྐྱེ། དེས་དེ་མ་ཐག་རྐྱེན་བྱས་པས་ཡིད་བདེ་སྐྱེ། དེ་དང་སྟོང་ཉིད་ཕྲ་མོ་གཉིས་ཡུལ་ཡུལ་ཅན་དབྱེར་མེད་དུ་སྦྱར་ནས་རྩེ་གཅིག་ཏུ་མཉམ་པར་འཇོག །རྗེས་ཐོབ་ཏུ་གང་ཤར་ཐམས་ཅད་བདེ་སྟོང་གི་རྣམ་རོལ་དུ་འཆར་བ་དང་། དེ་ལྟ་བུའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཀྱི་གཟུགས་རྣམས་ཀྱང་རིགས་བརྒྱ་རིགས་ལྔ་རིགས་གསུམ་དང་། ཁྱད་པར་ལུས་དབེན་མཐར་ཐུག་གསང་ཆེན་རིགས་གཅིག་བསྒོམ་པར་བྱས་ཏེ། བྲམ་ཟེ་ཆེན་པོ་ས་ར་ཧས། གཉིས་སུ་མི་བྱ་གཅིག་ཏུ་བྱ་བ་སྟེ། །རིགས་ལ་བྱེ་བྲག་དག་ཏུ་མ་འབྱེད་པར། །ཁམས་གསུམ་མ་ལུས་འདི་དག་ཐམས་ཅད་ནི། །འདོད་ཆགས་ཆེན་པོ་གཅིག་ཏུ་ཁ་དོག་སྒྱུར་ཅིག་དང་། ཞེས་སོགས་དང་། དེ་རིང་ཉིད་དུ་མགོན་པོ་ད་ལྟ་འཁྲུལ་པ་ཆད། །ཅེས་གསུངས་པའི་ཕྱིར་རོ། །རིགས་བརྒྱ་སོགས་ཀྱི་དབྱེ་ཚུལ་འདུས་པ་ལྟར་ན། བདེ་སྟོང་གི་རྒྱས་བཏབ་པའི་སྒོ་ནས་ཕུང་པོ་རེ་རེ་ལ་ཆ་ཤས་ལྔ་ལྔར་ཕྱེ་སྟེ། དེ་བཞིན་གཤེགས་པ་ལྔ་ལ་རིགས་ལྔ་ལྔར་ཕྱེ་ནས་བསྒོམ་པ་ནི་ཕུང་པོ་ལྔ་རིགས་ལྔར་བསྒོམ་པའི་ལུས་དབེན་ཡིན་ཏེ། རྩ་རྒྱུད་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔ་ནི་རབ་ཏུ་བསྒྲགས། །ཞེས་པས་སོ། །དེ་བཞིན་དུ་བདེ་སྟོང་གི་རྒྱས་བཏབ་པའི་ཁམས་བཞི་རེ་རེ་ལ་ལྔ་ལྔར་ཕྱེ་སྟེ་ཡུམ་བཞི་ལ་རིགས་ལྔ་ལྔར་ཕྱེ་ནས་བསྒོམ་པ་ནི་ཁམས་བཞིར་བསྒོམ་པའི་ལུས་དབེན་ཡིན་ཏེ། དེ་ཉིད་ལས། ས་ནི་སྤྱན་ཞེས་བྱ་བ་ཡིན། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །མེ་ནི་གོས་དཀར་མོ་ཡིན་ནོ། །རླུང་ནི་སྒྲོལ་མ་རབ་ཏུ་བསྒྲགས། །ཞེས་པས་སོ། །དེ་བཞིན་དུ་བདེ་སྟོང་གི་རྒྱས་བཏབ་པའི་སྐྱེ་མཆེད་དྲུག་རེ་རེ་ལ་ལྔ་ལྔར་ཕྱེ་སྟེ་ས་སྙིང་སོགས་དྲུག་པོ་ལ་རིགས་ལྔ་ལྔར་ཕྱེ་ནས་བསྒོམ་པ་ནི་མིག་སོགས་སེམས་དཔར་བསྒོམ་པའི་ལུས་དབེན་ཡིན་ཏེ། དེ་ཉིད་ལས། རྡོ་རྗེའི་སྐྱེ་མཆེད་ཉིད་དག་ཀྱང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་པས་སོ། །དེ་བཞིན་དུ་བདེ་སྟོང་གི་རྒྱས་བཏབ་པའི་གཟུགས་སོགས་ཡུལ་ལྔ་རེ་རེ་ལ་ལྔ་ལྔར་ཕྱེ་སྟེ་རྡོ་རྗེ་མ་ལྔ་ལ་རིགས་ལྔ་ལྔར་ཕྱེ་ནས་བསྒོམ་པ་ནས་ཡུལ་ལྔ་རྡོ་རྗེ་མ་ལྔར་བསྒོམ་པའི་ལུས་དབེན་ཡིན་ཏེ། དེ་ཉིད་ལས། གཟུགས་སྒྲ་ལ་སོགས་སྔགས་པ་ཡི། །ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ། །ཞེས་གསུངས་པའི་ཕྱིར། དེ་ནས་དམ་པ་རིགས་བརྒྱའི་ལྷ་རྣམས་རིགས་ལྔ་སོ་སོའི་སྐུ་མདོག་དང་། ཕྱག་མཚན་རང་གི་རྩ་བའི་ཕྱག་མཚན་འཛིན་པའོ། །ཁྲོ་བོ་བཅུ་དང་བྱམས་པ་ཀུན་བཟང་གཉིས་ལ་རྡོ་རྗེ་ཕྲེང་བར་ལུས་དབེན་གསུངས་ཀྱང་སྐབས་འདིར་མི་སྟོན་པའི་རྒྱུ་མཚན་ཡོད་དེ། རགས་པ་ཉེར་ལྔའི་སྐྱེ་རིམ་དང་ཐིམ་རིམ་གྱི་དབང་དུ་མཛད་ནས་མ་གསུངས་སོ། །དེས་ན་ལུས་དབེན་གྱི་ལྷ་ལ་རྒྱས་པར་ཕྱེ་ན་བརྒྱ་དྲུག་ཅུ། དེའི་སྟེང་དུ་དབྱེ་གཞིའི་ལྷ་སོ་གཉིས་བསྣན་པས་བརྒྱ་གོ་གཉིས་སོ། །སྒྱུ་འཕྲུལ་སྙིང་པོ་ལ། ལམ་རིམ་ལས། ཉི་ཁྲི་བཞི་སྟོང་དུས་གཅིག་གསལ། །ཅེས་དང་། ཁྲོ་བོ་ལ་སྟོང་བཞི་བརྒྱ་ལྔ་བཅུ་དང་། བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུ་དང་། བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་གསུངས་སོ། །བདེ་སྟོང་གི་རྒྱས་བཏབ་པའི་ས་ཆུ་མེ་རླུང་རྣམ་ཤེས་ལྔ། རྣམ་སྣང་། རིན་འབྱུང་། འོད་དཔག་མེད། དོན་གྲུབ། མི་བསྐྱོད་པ་སྟེ་རིགས་ལྔར་བསྒོམ་པ་ནི་དེ་ཉིད་རིགས་ལྔར་བསྒོམ་པའི་ལུས་དབེན་ཡིན་ཏེ། རྒྱུད་ཕྱི་མ་ལས། དེ་ཉིད་རྣམ་པ་ལྔ་རུ་བཤད། །ཅེས་པས་བསྟན་ཏེ། དམ་པ་རིགས་བརྒྱ་པོ་དེ་ཡང་རིགས་ལྔར་འདུ་ཞིང་། དབེན་གཞི་བརྒྱ་པོ་དེ་ཡང་དབེན་གཞི་ལྔར་འདུ་སྟེ། རྣམ་སྣང་ཉི་ཤུའི་དབེན་གཞི་ནི་རྩ་བའི་རྣམ་སྣང་གི་དབེན་གཞི་སོགས་སུ་འདུ་བའི་ཕྱིར་རོ། །བདེ་སྟོང་གི་རྒྱས་བཏབ་པའི་སྒོ་གསུམ་པོ་རིན་འབྱུང་དང་རྣམ་སྣང་གཉིས་སྐུ་རྡོ་རྗེ། དོན་གྲུབ་དང་འོད་དཔག་མེད་གསུང་རྡོ་རྗེ། རྡོ་རྗེ་འཆང་དང་མི་བསྐྱོད་པ་ཐུགས་རྡོ་རྗེར་བསྡུས་ནས་བསྒོམ་པ་ནི་གསང་བ་རིགས་གསུམ་དུ་བསྒོམ་པའི་ལུས་དབེན་ཡིན་ཏེ། རྒྱུད་ཕྱི་མ་ལས། གསང་བ་རྣམ་པ་གསུམ་དུ་བཤད། །ཅེས་པས་སོ། །དབེན་གཞི་ལྔ་པོ་དེ་ཡང་གསུམ་དུ་འདུ་སྟེ། ལུས་ངག་ཡིད་གསུམ་རྣམ་པར་དག་པ་རྡོ་རྗེ་གསུམ་གྱི་དབེན་གཞིར་འདུ་བས་སོ། །སྒོ་གསུམ་དང་ལྡན་པའི་སྒྲུབ་པ་པོ་རྡོ་རྗེ་གསུམ་དང་ལྡན་པའི་རྡོ་རྗེ་འཆང་གཅིག་ཏུ་བསྒོམ་པ་ནི་གསང་ཆེན་རིགས་གཅིག་གི་ལུས་དབེན་མཐར་ཐུག་ཡིན་ཏེ། རྒྱུད་ཕྱི་མ་ལས། ལྷག་པའི་ལྷ་ནི་གསང་ཆེན་ཏེ། །ཞེས་པས་སོ། །དྲུག་པ་ནི། སླར་ཡང་དབེན་པ་གསུམ་གྱི་རིམ་པ་དང་། །ཀུན་རྫོབ་སྒྱུ་མ་དོན་དམ་འོད་གསལ་ཉིད། །བདེན་གཉིས་དབྱེར་མེད་ཟུང་འཇུག་ཉམས་ལེན་རྣམས། །གསང་བ་སྙིང་པོ་དཔལ་ལྡན་འདུས་པ་དང་། །བསྐྱེད་པ་མ་ཧཱ་ཡོ་ག་ཇི་བཞིན་དུ། །བསྐྱེད་རྫོགས་ཟབ་མོའི་དོན་རྣམས་མངོན་གྱུར་ཤོག །ཅེས་པ་ནི། ལུས་དབེན་སྐུ་རྡོ་རྗེ། ངག་དབེན་གསུང་རྡོ་རྗེ། སེམས་དབེན་ཐུགས་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཕྲ་ཏིག་གི་བར་བསྒོམས་པའི་རྗེས་ལ་རྩ་གསུམ་འཁོར་ལོ་དྲུག་གི་བྱེད་པ་བཅིངས་པའི་དྷཱུ་ཏིའི་མར་སྣེར་ཉི་གདན་ལ་རང་སེམས་ཐིག་ལེ་སྔོན་པོའི་རྣམ་པར་ཕབ་པ་ལ་རླུང་སེམས་དབྱེར་མེད་དུ་དྲིལ་བས་དམིགས་པའི་རིམ་པ་ལ་བསླབ་པས་དབུ་མར་རླུང་ཞུགས་གནས་ཐིམ་གསུམ་གྱི་རྟགས་དང་། དེ་བཞིན་དུ་སྣང་མཆེད་ཐོབ་གསུམ། སྟོང་པ་བཞིའི་འོད་གསལ་དང་བཅས་པ་ངོས་བཟུང་ནས་ཆོས་ལོངས་སྤྲུལ་གསུམ་གྱི་བསྲེ་བ་གསུམ་ལ་བསླབ་པ་ནི་རང་ངོའི་མཉམ་གཞག་དང་། དབང་པོ་ཡུལ་ལས་འཇུག་དུས་གང་སྣང་སྟོང་པ་བདེ་བའི་ལྷ་སྐུར་འཆར་བ་ནི་རྗེས་ཐོབ་རྐྱང་པ་ཡིན་ནོ། །རྗེས་ལ་བསྒྲུབ་བྱ་བདེན་པ་གཉིས་ཀྱི་རྫོགས་རིམ་ལས་དང་པོ་ཀུན་རྫོབ་སྒྱུ་མ་ནི་འོད་གསལ་གྱི་བཞོན་པར་གྱུར་པའི་རླུང་གི་ཉེར་ལེན་དང་། རང་སེམས་ལྷན་ཅིག་སྐྱེས་པའི་རྐྱེན་ལས་རླུང་སེམས་ཙམ་ལས་གྲུབ་པའི་རྡོ་རྗེ་འཆང་གི་སྐུ་རྣམ་སྨིན་གྱི་ལུས་རྟེན་འདི་ལ་གོ་ས་གཞན་པ་ཞིག་ལྡང་བ་སྟེ། དེ་ནི་ལོངས་སྐུ་ལྟ་བུའི་བཞིན་ལག་གི་རྣམ་པ་ཅན་ཡིན་ཡང་། རྣམ་འཕྲུལ་དུ་མར་སྟོན་ནུས་ཤིང་། དེའི་བསྒྲུབ་གཞིའང་གཉིད་གྱི་འོད་གསལ་ལས་བྱུང་ཞིང་། རྨི་ལམ་གྱི་ལུས་ད་ལྟ་རྣམ་སྨིན་གྱི་ལུས་འདི་དང་འབྲེལ་བ་ཅན་ཡིན་ལ། སླད་ཀྱི་བར་དོ་ལོངས་སྐུར་འགྲུབ་པའི་ཉེར་ལེན་དུ་འགྱུར་བས་ན་སྒྱུ་མའི་སྐུ་ཞེས་བརྗོད་ཀྱིས། ལམ་གྱི་གནས་སྐབས་ན་སེམས་བསྐྱེད་ཀྱི་འཕེན་པས་སེམས་ཅན་ཐམས་ཅད་ཀྱི་སྒོ་གསུམ་དང་། སྒྱུ་ལུས་པའི་སྐུ་རྡོ་རྗེ་རྣམ་པར་སྣང་མཛད། གསུང་རྡོ་རྗེ་འོད་དཔག་མེད། ཐུགས་རྡོ་རྗེ་མི་བསྐྱོད་པར་གསལ་བའི་དམ་ཚིག་སེམས་དཔའ་ལ་སོ་སོའི་ཐུགས་ཀར་རིམ་བཞིན་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་གསལ་བ་ལ་ཡེ་ཤེས་སེམས་དཔའ། སོ་སོའི་མགོར་ཐིག་ལེ་ནཱ་ད་དང་བཅས་པའི་ཏིང་འཛིན་སེམས་དཔའ་སུམ་བརྩེགས་གསལ་ཞིང་སོ་སོའི་ཏིང་འཛིན་སེམས་དཔའ་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་བ་དམ་ཚིག་སེམས་དཔའ་དང་། དེ་འོད་དུ་ཞུ་བ་ཡེ་ཤེས་སེམས་དཔའ་ལ། དེ་འོད་དུ་ཞུ་བ་ཏིང་འཛིན་སེམས་དཔའ་ལ་ཐིམ་པའི་ངང་དུ་མཉམ་པར་བཞག་རང་གི་མེ་ལོང་ལ་ཧས་བཏབ་པ་བཞིན་བསྡུ་བ་རིལ་འཛིན། མཆན། པས་ཞུགས་གནས་ཐིམ་གསུམ་གྱི་རྟགས་སྣང་སྨིག་རྒྱུ་དུ་བ་ལ་སོགས་པ་དང་སྣང་མཆེད་ཐོབ་གསུམ་དང་སྟོང་པ་བཞི་འཆར་བའི་ཐམས་ཅད་སྟོང་པ་འོད་གསལ་ལ་མཉམ་པར་འཇོག །ལྷ་སྐུ་རིམ་གྱིས་བསྡུ་བ་ནི་རྗེས་གཞིག་དང་། དེ་ལས་ལྡང་བ་ན་མ་དག་པའི་སྒྱུ་ལུས་དག་པའི་སྒྱུ་ལུས་སུ་བསྒོམ་པའོ། །གཉིས་པ་དོན་དམ་འོད་གསལ་ནི། སྒྱུ་ལུས་ཀྱི་སེམས་དཔའ་སུམ་བརྩེགས། དེ་སྡུད་རིམ་གཉིད་ཀྱི་འོད་གསལ་དུ་བཅུག་པའི་སྟོང་ཉིད་ལ་མཉམ་པར་བཞག་པས་ཞུགས་གནས་ཐིམ་གསུམ་དང་། སྣང་མཆེད་ཐོབ་གསུམ་ཀྱི་རྗེས་སྟོང་བཞིའི་འོད་གསལ་ལྷན་སྐྱེས་ཀྱི་བདེ་བས་ཐབས་བྱས་ཏེ་དངོས་པོའི་གནས་ལུགས་མ་ནོར་བར་རྟོགས་པས་རང་རྒྱུད་ལྡན་གྱི་གང་ཟག་འཕགས་པར་སོང་། བར་ཆད་མེད་ལམ་རྒྱུད་ལ་སྐྱེས་ནས་བདེན་གཉིས་ཟུང་དུ་འཇུག་པའི་རྣལ་འབྱོར་མངོན་དུ་བྱེད་པ་བསྐྱེད་པ། མ་ཧཱ་ཡོ་གའི་བསྐྱེད་རྫོགས་ཟབ་མོའི་དོན་ལ་སྨོན་པ་ཡིན་ནོ། ། ༈ རིམ་ལྔ་འདི་ལ་དབྱེ་བསྡུའི་བཞེད་པ་མང་ཡང་། ཀླུ་སྒྲུབ་ཞབས་ཀྱི་རིམ་ལྔའི་མདོར་བསྟན་དུ། རྡོ་རྗེའི་བཟླས་༡པ། སེམས་ལ་དམིགས་༢པ། སྒྱུ་ལུས ༣། འོད་གསལ༤། ཟུང་འཇུག་༥དང་ལྔར་མཛད་པ་ཉིད་གྲགས་ཆེ་ཞེས་རྗེ་ཕྲིན་ལས་ཞབས་ཀྱིས་གསུངས། དབེན་པ་གསུམ་ནི། ལུས་དབེན་སྐུ་རྡོ་རྗེའི་ཏིང་ངེ་འཛིན་དང་། ངག་དབེན་གསུང་རྡོ་རྗེའི་ཏིང་ངེ་འཛིན་དང་། སེམས་དབེན་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་རྣམས་སོ། །དེ་དག་ཀྱང་མཐར་ཐུག་གི་དོན་ལ། སྤྱོད་བསྡུས་ལས། བསྐྱེད་པའི་རིམ་པ་ནས་བརྩམས་ཏེ། ལུས་རྣམ་པར་དབེན་པའི་མཐར་ཐུག་པའི་བར་དུ་རྡོ་རྗེ་གསུམ་ལ་སོགས་པས་ཀྱང་མཚན་ཉིད་ལ་ལྷག་པར་མོས་པ་ཙམ་ལགས་ཏེ། དེ་བས་ན་ལུས་རྣམ་པར་དབེན་པ་ལ་ལྷའི་གཟུགས་མེད་དེ། ལུས་ནི་རྡུལ་ཕྲ་རབ་བསགས་པ་ཙམ་ཡིན་པའི་ཕྱིར་རོ། །རིག་རྣམ་པར་དབེན་པའི་མཐར་ཐུག་པ་ཡང་འཇུག་པ་ལ་སོགས་པའི་རིམ་གྱིས་རྡོ་རྗེའི་བཟླས་པ་ཙམ་ཡོངས་སུ་ཤེས་པ་སྟེ། དེ་ལའང་ལྷའི་རྣམ་པ་མེད་དེ། སྒྲ་རྣམས་ནི་བྲག་ཆ་ལྟ་བུ་ཡིན་པའི་ཕྱིར་རོ། །སེམས་རྣམ་པར་དབེན་པའི་མཐར་ཐུག་པ་ཡང་རང་བཞིན་གྱིས་སྣང་བ་ཙམ་ཡོངས་སུ་ཤེས་པ་ཙམ་དུ་ཟད་པས། དེར་ཡང་རྣམས་པ་ཐམས་ཅད་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ལྷ་སྐུའི་ངོ་བོ་རྙེད་པར་མི་འགྱུར་ཏེ། སེམས་ནི་སྣང་བ་ཙམ་ཡིན་པའི་ཕྱིར་རོ། །རིགས་པ་འདིས་ནི་ཀུན་རྫོབ་ལ་བརྟེན་ནས་གནས་པ་རྙེད་པ་མི་འགྱུར་རོ། །དེ་བས་ན་ཡེ་ཤེས་ཙམ་ཐ་མལ་གྱི་སྣང་ཞེན་འོད་གསལ་དུ་བསྡུས་པའི་ངང་ནས་རང་གི་སེམས་ལྷ་སྐུར་བསྐྱེད་པ་མཆན། གྱི་ལྷ་ཉིད་དུ་བསྐྱེད་པ་སློབ་དཔོན་གྱི་ཞལ་སྔ་ནས་རྟོགས་པར་བགྱིད་པར་འཚལ་ལོ། །ཞེས་གསུངས་པ་ལྟར། དབེན་གསུམ་མཐར་ཕྱིན་ནས་བདེན་གཉིས་སོ་སོའི་རྫོགས་རིམ་དང་། བདེན་གཉིས་ཟུང་འཇུག་གི་རྫོགས་རིམ་ལ། བསླབ་པར་བྱ་སྟེ། དང་པོ་ཀུན་རྫོབ་སྒྱུ་མའི་རྫོགས་རིམ་ནི། དེ་ཡང་སེམས་ཅན་རྣམས་ལ་རང་ཆས་སུ་ཡོད་པའི་ཤིན་ཏུ་ཕྲ་བའི་རླུང་སེམས་གཉིས་ནི་སྒྱུ་ལུས་ཀྱི་བསྒྲུབ་གཞི། དེ་ཉིད་ཐབས་ལ་མཁས་པའི་རྣལ་འབྱོར་པ་ལ་སྒྱུ་མའི་སྐུར་ཤར་ནས་འཚང་རྒྱ་བ་ཡིན་ཏེ། རིམ་ལྔ་ལས། འགྲོ་ཀུན་རང་དབང་མེད་པ་སྟེ། །རང་དབང་དུ་ནི་འབྱུང་མ་ཡིན། །དེ་ཡི་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པའོ། །སེམས་གང་གིས་ནི་བྱིས་པ་རྣམས། །འཁོར་བའི་འཆིང་བས་བཅིངས་གྱུར་པ། །སེམས་དེ་ཉིད་ཀྱི་རྣལ་འབྱོར་པ། །བདེ་གཤེགས་གནས་སུ་འགྲོ་བར་འགྱུར། །ཞེས་སོ། །མདོར་ན་སེམས་ཅན་སྐྱེ་འཆི་གནས་གསུམ་བར་དོ་དང་བཅས་པ་ཐམས་ཅད་རང་རྒྱུད་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་ཆོ་འཕྲུལ་དང་། ཤིན་ཏུ་ཕྲ་བའི་རླུང་སེམས་གཉིས་པོ་དེ་འགྲོ་བ་བཟང་ངན་སྣ་ཚོགས་སུ་འགྲོ་བར་གསུངས་ཏེ། རྡོ་རྗེ་ཕྲེང་བ་ལས། སྐྱེ་དང་གནས་དང་འཇིག་པ་དང་། །སྲིད་པ་བར་མར་གནས་པ་སྟེ། །ཇི་སྲིད་འཇིག་རྟེན་གྱིས་བཏགས་པ། །སེམས་ཀྱི་རླུང་གི་རྣམ་འཕྲུལ་ལོ། །ཞེས་གསུངས་པ་ལྟར་རོ། །རགས་པ་གནས་ཆུའི་ཚ་བ་ལྟ་བུ་སྐབས་པའི་ལུས་དང་། ཕྲ་བའི་ཆུའི་གཤེར་པ་ལྟ་བུ་གཉུག་མའི་ལུས་གཉིས་ལས། ཕྱི་མ་ནི་སྒྱུ་ལུས་ཀྱི་བསྒྲུབ་གཞིའོ། །སྒྱུ་ལུས་དེས། སེམས་ཅན་ཐམས་ཅད་ཀྱི་གཉུག་མའི་ལུས་ཀྱང་རང་གི་སྒྱུ་ལུས་དང་འདྲ་བ་མངོན་སུམ་དུ་མཐོང་ཞིང་། སྣོད་བཅུད་ཐམས་ཅད་ཀྱང་རང་རྒྱུ་རླུང་སེམས་ཙམ་གྱི་རྣམ་འཕྲུལ་དུ་མཐོང་བ་ཡིན་ཏེ། རིམ་ལྔ་ལས། དེ་བས་འདི་ལྟར་འགྲོ་བ་ཀུན། །སྒྱུ་མ་ལྟ་བུ་འདི་བཤད་དེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད་དེ་དང་འདྲ་བར་མཐོང་། །ཞེས་པས་སོ། །སྒྱུ་ལུས་དེ་དག་ཀྱང་། དཔེའི་འོད་གསལ་མཐར་ཐུག་འགགས་པ། ལུགས་ལྡོག་གི་ཉེར་ཐོབ་འཆར་བ། མ་དག་པའི་སྒྱུ་མའི་སྐུ་དངོས་གནས་གྲུབ་པ་གསུམ་དུས་མཉམ་དུ་འབྱུང་ལ། དེ་ལྟ་བུའི་སྐུ་སྟེ་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་ནས་སྟོན་པ་སྟེ། དཔེ་བཅུ་གཉིས་ནི། སྒྱུ་མ། ཆུ་ཟླ། མིག་ཡོར། སྨིག་རྒྱུ། རྨི་ལམ། བྲག་ཆའི་སྒྲ། དྲི་ཟའི་གྲོང་ཁྱེར། མིག་འཕྲུལ། ནམ་མཁའི་འཇའ། གློག །ཆུ་བུར། མེ་ལོང་ནང་གི་ཧེ་རུ་ཀའི་གཟུགས་བརྙན་རྣམས་ཡིན་ལ། དེ་ཡང་སྒྱུ་མའི་སྐུ་དེ་ཞལ་ཕྱག་གི་རྣམ་པ་ཅན་དུ་སྣང་ཡང་ཤ་རུས་གདོས་བཅས་ཀྱིས་སྟོང་པས་ན་སྒྱུ་མ་ལྟ་བུ༡། ལོངས་སྐུ་གཅིག་ཉིད་གདུལ་བྱ་གང་ན་ཡོད་པའི་སར་སྤྲུལ་པ་དུ་མ་སྟོན་པས་ཆུ་ཟླ་ལྟ་བུ༢། སྒྱུ་མའི་སྐུ་དེ་གྲི་མཚོན་ལ་སོགས་པས་བཅད་ཅིང་གཞིག་ཏུ་མེད་པས་ན་མིག་ཡོར་ཏེ་གྲིབ་མ་ལྟ་བུ༣། སྒྱུ་མའི་སྐུ་དེ་མི་བརྟན་ཅིང་གཡོ་བའི་རང་བཞིན་ཅན་ཞིག་ཡིན་པ་ནི་སྨིག་རྒྱུ་ལྟ་བུ༤། སྒྱུ་མའི་སྐུ་དེ་བསྒྲུབ་གཞི་སེམས་དབེན་མཐར་ཐུག་གི་དཔེའི་འོད་གསལ་གྱི་རླུང་སེམས་ལས་བྱུང་ཞིང་། ཕུང་པོ་རྙིང་པ་ལས་གོས་ལོགས་སུ་ཕྱེ་བ་དང་། སླར་ཡང་ཕུང་པོ་རྙིང་པ་ལ་འཇུག་པ་ཞིག་ཡིན་པ་ནི་རྨི་ལམ་ལྟ་བུ༥། སྒྱུ་མའི་སྐུ་དེ་ཕུང་པོ་རྙིང་པ་དང་རྟེན་ཐ་དད་ཡིན་ཀྱང་ཤེས་རྒྱུད་གཅིག་གིས་བསྡུས་པས་བྲག་ཆའི་སྒྲ་ལྟ་བུ༦། སྒྱུ་མའི་སྐུ་དེ་རྟེན་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པ་ཅན་ཞིག་ཡིན་པས་ན་དྲི་ཟའི་གྲོང་ཁྱེར་ལྟ་བུ༧། སྒྱུ་མའི་སྐུ་དེ་གཅིག་ཉིད་ཡིན་ཡང་དུ་མར་འཆར་ཞིང་དུ་མར་སྣང་བ་ཞིག་ཡིན་པ་ནི་མིག་འཕྲུལ་ལྟ་བུ༨། སྒྱུ་མའི་སྐུ་དེ་སྔོ་སེར་ལ་སོགས་པ་ཁ་དོག་མ་འདྲེས་པར་སོ་སོར་སྣང་བས་ན་ནམ་མཁའི་འཇའ་ཚོན་ལྟ་བུ༩། སྒྱུ་མའི་སྐུ་དེ་ཕུང་པོ་རྙིང་པའི་ནང་ན་གནས་པའི་སྐབས་སྲིད་པ་ཞིག་ཡིན་པ་ནི་སྤྲིན་ནག་པོའི་གསེབ་ན་གློག་འགྱུ་བ་ལྟ་བུ༡༠། སྒྱུ་མའི་སྐུ་དེ་སེམས་དབེན་མཐར་ཐུག་གི་དཔེའི་འོད་གསལ་ལས་ཆོས་གཞན་གྱིས་བར་མ་ཆོད་པར་ཐོལ་གྱིས་བྱུང་བ་ཞིག་ཡིན་པ་ནི་ཆུ་ལས་༡༡ཆུ་བུར་ཐོལ་གྱིས་བྱུང་བ་ལྟ་བུ། སྒྱུ་མའི་སྐུ་དེ་མཚན་དཔེས་སྤྲས་པའི་རྣམ་པ་ཅན་དུ་སྐད་ཅིག་གིས་གྲུབ་པ་ཞིག་ཡིན་པ་ནི་མེ་ལོང་ནང་གི་ཧེ་རུ་ཀའི་གཟུགས་༡༢བརྙན་ལྟ་བུའོ། །དེ་ལྟ་བུའི་སྒྱུ་ལུས་དེ་འགྲུབ་ན་ཚེ་འདིར་འཚང་རྒྱ་བར་ངེས་ལ། ཡོ་བྱད་གང་དགོས་ཐམས་ཅད་བསམ་པ་ཙམ་གྱིས་ནམ་མཁའ་ལས་རྙེད་པར་འགྱུར་ཞིང་། ཚངས་པ་དྲག་པོ་ལ་སོགས་པའི་འཇིག་རྟེན་པའི་ལྷ་རྣམས་ཀྱིས་མི་མཐོང་ཞིང་། དེར་མ་ཟད་སྒྱུ་ལུས་མ་ཐོབ་པའི་གང་ཟག་སུས་ཀྱང་མི་མཐོང་བར་སྤྱོད་བསྡུས་ལས་གསུངས་སོ། །དེ་ལ་མ་དག་པའི་སྒྱུ་ལུས་ཞེས་བརྗོད་པའི་རྒྱུ་མཚན་ནི་ཕུང་པོ་རྙིང་པ་དང་འབྲེལ་ཐག་མ་ཆོད་པ་དང་། ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་བ་ལེན་པས་ན་དེ་ལྟར་བརྗོད་པའོ། །འཁོར་བར་འཁོར་ཞེས་པ་རྟག་པ་མཐའ་བཟུང་གི་སྒོ་ནས་གསུངས་པ་སྟེ། དཔེར་ན་རྒྱལ་བུ་གཞོན་ནུ་དོན་གྲུབ་རབ་ཏུ་མ་བྱུང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཞེས་རྒྱ་རོལ་ལས་གསུངས་པ་དང་ཚུལ་མཚུངས་ཏེ། གཞོན་ནུ་དོན་གྲུབ་རབ་ཏུ་བྱུང་ངེས་པ་བཞིན་དུ་སྒྱུ་ལུས་པ་དེས་ཀྱང་དོན་དམ་འོད་གསལ་ཚེ་དེ་ལ་མངོན་དུ་བྱེད་པར་ངེས་པས་སྒྱུ་ལུས་ཐོབ་ནས་ཚེ་འདིར་འཚང་རྒྱ་བས་ཁྱབ་པ་ཁས་ལེན་པའི་རྒྱུ་མཚན་ནི་དེས་ཡིན་ནོ། །གཉིས་པ་དོན་དམ་འོད་གསལ་གྱི་རྫོགས་རིམ་ནི། རིམ་པ་གསུམ་པའི་སྒྱུ་ལུས་པས་མཉམ་རྗེས་ཀྱི་དགེ་སྦྱོར་རྣམས་བསྐྱངས་པས་དོན་གྱི་འོད་གསལ་ཐོབ་ཏུ་ཉེ་བ་ན། བླ་མ་ལས་མཚན་ཕྱེད་ཀྱི་དུས་དབང་གསུམ་པ་དངོས་དབང་དང་། དེ་རྗེས་གདམས་ངག་ནོད། ཐོ་རངས་ཕྱི་ནང་གི་ཐ་མར་ཐབས་གཉིས་ལ་བརྟེན་ནས་རིམ་པ་བཞི་པའི་དོན་གྱི་འོད་གསལ་མངོན་དུ་བྱེད་པ་ཡིན་ནོ། །དེའི་ཚེ་མ་དག་པའི་སྒྱུ་ལུས་འགག་པ། ལྷན་སྐྱེས་ཀྱི་བདེ་བ་ཆེན་པོས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སྔགས་བླ་མེད་ཀྱི་མཐོང་ལམ་དང་། བླ་མེད་ཀྱི་ས་དང་པོ་ཐོབ་པ། བདེན་འཛིན་ལྷན་སྐྱེས་དང་ཀུན་བརྟག་ས་བོན་དང་བཅས་པའི་དངོས་གཉེན་བར་ཆད་མེད་ལམ་རྒྱུད་ལ་སྐྱེས་པ་རྣམས་དུས་མཉམ་མོ། །དེས་ན་རིམ་པ་བཞི་པའི་དོན་གྱི་འོད་གསལ་མངོན་དུ་བྱེད་པའི་དུས་ནམ་ཕྱེད་དང་། སློབ་མི་སློབ་ཀྱི་ཟུང་འཇུག་ཐོག་མར་ཐོབ་པའི་དུས་ནི་ཐོ་རངས་ཡིན་པར་ངེས་སོ། །སྤྱོད་བསྡུས་ལས། རིམ་པ་འདི་ཉིད་ཀྱིས་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེ་གོལ་གྱི་སྒྲས་བསྐུལ་བར་གྱུར་པས། མི་གཡོ་བའི་ཏིང་ངེ་འཛིན་ལས་བཞེངས་ཏེ་བྱང་ཆུབ་ཀྱི་ཤིང་དྲུང་ལ་བཞུགས་ནས། ནམ་ཕྱེད་ཀྱི་དུས་སུ་འོད་གསལ་བ་མངོན་དུ་མཛད་དེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལས་བཞེངས་ནས་འགྲོ་བ་རྣམས་ལ་སྟོན་པར་མཛད་པ་ཡིན་ནོ། །ཞེས་དང་། རྒྱ་ཆེ་རོལ་པ་ལས་ཀྱང་། ཤཱཀྱ་ཐུབ་པ་དེ་བཞིན་གཤེགས། །མངོན་པར་བྱང་ཆུབ་འདི་བཞེད་ནས། །སྟོང་པ་ཆེན་པོས་སངས་རྒྱས་ཉིད། །ཐོབ་པར་བྱ་ཞེས་མངོན་པར་དགོངས། །ནཻ་རཉྫ་ནའི་ཆུ་འགྲམ་དུ། །མི་གཡོ་ཏིང་འཛིན་ལ་ཞུགས་ལ། །དེ་ཚེ་རྒྱལ་བ་མཁའ་རྡོ་རྗེ། །ཏིལ་གྱི་གོང་བུ་གང་བཞིན་བཞུགས། །རྒྱལ་བའི་སྲས་ལ་སེ་གོལ་དང་། །དེ་ལ་དབྱངས་གཅིག་གིས་གསུངས་པ། །བསམ་གཏན་འདི་ནི་རྣམ་དག་མིན། །འདིས་ནི་མཐར་ཐུག་མི་ཐོབ་སྟེ། །ནམ་མཁའི་ངོས་ལྟར་མཆོག་གྱུར་པ། །འོད་གསལ་བ་ནི་དེ་དམིགས་ཤིག །འོད་གསལ་བ་ཡི་གནས་ཐོབ་ནས། །རབ་དགའི་གཟུགས་སུ་སྐྱེ་བར་འགྱུར། །ཞེས་པས་བསྟན་ཏོ། །བདེན་གཉིས་དབྱེར་མེད་ཀྱི་རྫོགས་རིམ་ནི། སྤྱོད་བསྡུས་རྡོ་རྗེ་ཐེག་པ་འདི་ལ་བསྐྱེད་རིམ་ལ་བསླབ་ནས་ས་བརྒྱད་པ་ཐོབ་སྟེ་ཇི་སྲིད་རྫོགས་རིམ་མ་ཐོབ་པ་དེ་སྲིད་དུ་དགེ་བའི་བཤེས་གཉེན་མཉེས་པར་བྱའོ། །སྐུ་དང་གསུང་དང་ཐུགས་མངོན་པར་རྟོགས་ནས་ས་བཅུ་ཐོབ་ཅེས་གསུངས་པའི་ཕྱིར། དེས་ན་བསྐྱེད་རིམ་མཐར་ཕྱིན་པ་ས་བརྒྱད་པ་དང་དོད་ཐུབ་དང་། ངག་དབེན་ས་དགུ་པ་དང་། སེམས་དབེན་སྒྱུ་ལུས་གཉིས་ས་བཅུ་པའི་དཀྱིལ་སྟོད་དང་དོད་ཐུབ་སྦྱོར་བའི་རྒྱུ་མཚན་ཡོད་དེ། ས་བརྒྱད་པར་ཞིང་དག་སྦྱོར་བ་ཐོབ་པ་ལྟར་བསྐྱེད་རིམ་མཐར་ཕྱིན་པས་སྣོད་བཅུད་དག་པའི་འཁོར་ལོའི་རྣམ་རོལ་དུ་བལྟ་ནུས་པ་དང་། ས་དགུ་པར་ཆོས་སྟོན་པའི་ངག་དག་པའི་ཡེ་ཤེས་ཐོབ་པ་ལྟར་ངག་དབེན་གྱི་སྐབས་སུ་ངག་གི་རྩ་བ་རླུང་ལ་དབང་ཐོབ་པ་དང་། བཅུ་པར་ལུས་ངན་པར་འགྱུར་བའི་བག་ཆགས་མ་ལུས་བཟང་པོར་བསྒྱུར་ནུས་ཤིང་འོད་ཟེར་ཆེན་པོའི་དབང་བསྐུར་ཐོབ་པ་བཞིན་དུ་སེམས་དབེན་མཐར་ཐུག་གི་རླུང་སེམས་ལྷར་བསྒྱུར་ནུས་པ་དང་། སྒྱུ་ལུས་པས་སངས་རྒྱས་རྣམས་ལས་དབང་བསྐུར་བ་ཐོབ་པས་དེ་ལྟར་སྦྱར་བ་ཡིན་པའི་ཕྱིར། རིམ་པ་ཐ་མ་གཉིས་ས་བཅུ་པའི་དཀྱིལ་སྨད་དང་དོད་ཐུབ་སྦྱོར་བའི་རྒྱུ་མཚན་ཡང་ཡོད་དེ། བསོད་ནམས་ཀྱི་ཚོགས་རྫོགས་པས་སྒྲིབ་པ་སྤོང་བ་ལ་ནུས་མཐུ་ཅན་དུ་གྱུར་པ་དང་། ལམ་གཞན་ལ་གསར་དུ་སློབ་མི་དགོས་པའི་འདོད་པ་མཚུངས་པས་དེ་ལྟར་སྦྱར་བ་ཡིན་ནོ། །དེ་ཡང་ལམ་ཐུན་མོང་བས་རྒྱུད་སྦྱངས་ནས་བསྒོམ་སྟོབས་ཀྱི་ཐོག་མར་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་པའི་སྦྱང་བའི་ཡེ་ཤེས་སྐྱེས་ཁམ་ཚུན་ཆད་ཀྱི་ལམ་ཚོགས་ལམ་དང་། བསྒོམ་སྟོབས་ཀྱིས་ཐོག་མར་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་པའི་སྣང་བའི་ཡེ་ཤེས་སྐྱེས་པ་ནས་མ་དག་པའི་སྒྱུ་ལུས་དོན་གྱི་འོད་གསལ་དུ་འཇུག་ཁ་མའི་བར་གྱི་ལམ་རྣམས་སྔགས་བླ་མེད་ཀྱི་སྦྱོར་ལམ་དང་། རིམ་པ་བཞི་པའི་དོན་གྱི་འོད་གསལ་མཐོང་ལམ་ས་དང་པོ་རབ་དགའ་དང་། སློབ་པའི་ཟུང་འཇུག་སྒོམ་ལམ་དེ་ལ་ས་དགུའི་རྣམ་དག་བྱེད་པ་ཡིན་ནོ། །རིམ་པ་གསུམ་པ་སྒྱུ་ལུས་པས་དོན་གྱི་འོད་གསལ་མངོན་ཏུ་མི་བྱེད་ན་འཁོར་བར་ལྡོག་སྟེ། སྤྱོད་བསྡུས་ལས། ཇི་སྲིད་དུ་སྣང་བ་གསུམ་མ་དག་པ་དེ་སྲིད་དུ་རྣམ་ཤེས་ཀྱིས་ཀུན་ཏུ་རྟོག་གོ། ། དེ་ཇི་སྲིད་པ་དེ་སྲིད་དུ་ཉོན་མོངས་པའི་བག་ཆགས་ཀྱི་རྒྱུན་དང་དེས་ནི་ཡང་སྲིད་པ་འགྱུར་བ་ཡིན། རིམ་པ་བཞི་པ་དོན་གྱི་འོད་གསལ་ནས་མི་ལྡོག་སྟེ། དེའི་སྐབས་སུ་འཁོར་བའི་དངོས་གཉེན་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཡོད་པའི་ཕྱིར་རོ། །རིམ་པ་བཞི་པ་དོན་གྱི་འོད་གསལ་ལས་ལངས་མ་ཐག་ཏུ་སློབ་པའི་ཟུང་འཇུག་གི་སྐུར་དག་པའི་སྒྱུ་ལུས་སུ་སྡང་བ་ལྡང་བ་ཡིན་ཏེ། སྤྱོད་བསྡུས་ལས་སྟོང་པ་བཞི་གཅིག་ཏུ་གྱུར་པ་ལས་ལྡང་བར་བཤད་ཅིང་། རིམ་ལྔ་ལས་ཀྱང་། ཇི་ལྟར་དྭངས་པའི་ཆུ་ཀླུང་ལས། །ཉ་དག་མྱུར་དུ་ལྡང་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། སྒྱུ་འཕྲུལ་དྲྭ་བ་འབྱུང་བར་བཤད། ཅེས་སོ། །ཉོན་སྒྲིབ་སྤངས་པས་རྣམ་གྲོལ་ལམ་ཐོབ་པ། རང་བརྒྱུད་ལྡན་གྱི་གང་ཟག་དགྲ་བཅོམ་པར་གྱུར་པ་སྤངས་བཟུང་འཇུག་ཐོབ་པ་དུས་མཉམ། མཆན། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་བ་སྤངས་རྟོགས་ཟུང་དུ་འཇུག་པ་སྟེ། རིམ་ལྔ་ལས། ཀུན་རྫོབ་དང་ནི་དོན་དམ་གྱི། །རྣམ་དབྱེ་སོ་སོར་ཤེས་ནས་ནི། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་གསུངས་སོ། །དེ་ལ་མཚན་གྱི་རྣམ་གྲངས་ནི། སྒྱུ་འཕྲུལ་དྲྭ་བས་མངོན་སངས་རྒྱས་པ་དང་། འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་དང་། བྱ་བ་བྱས་པའི་རྣལ་འབྱོར་པ་ཆེན་པོ་དང་། བདེན་པ་གཉིས་ཀྱི་ཚུལ་ལ་གནས་པ་ཞེས་བྱའོ། ། ༈ ལྔ་པ་ལ་གཉིས་བསྐྱེད་དང་། རྫོགས་རིམ་ལ་སྨོན་པའོ། །དང་པོ་ནི། མཚན་ཉིད་ཀུན་ལྡན་བླ་མ་ཡབ་ཡུམ་ལས། །ལམ་དབང་ཟབ་མོས་ལེགས་པར་སྨིན་བྱས་ནས། །རྣམ་དག་དབང་ལྔའི་ཆུ་བོས་སྒྲིབ་གཉིས་ཀྱི། །དྲི་མ་ཀུན་བཀྲུས་སྐུ་བཞིའི་ས་བོན་བཞག །དམ་ཚིག་སྡོམ་པ་ཚུལ་བཞིན་བསྲུངས་པ་ལས། །ཟབ་མོའི་ལམ་བཟང་སྐྱེ་བའི་སྣོད་གྱུར་པས། །མ་དག་སྐྱེ་ཤི་བར་དོའི་སྣང་ཞེན་རྣམས། །ཡིད་ངོར་སྦྱངས་ནས་སྐུ་གསུམ་ལམ་ཁྱེར་བ། །སྦྱང་གཞི་སྦྱོང་བྱེད་ཚང་བའི་བསྐྱེད་རིམ་གྱིས། །རིམ་པ་དང་པོའི་ལམ་ལ་མངོན་གྱུར་ཤོག །ཅེས་པ་ནི། དེ་ལ་གཞི་ལམ་འབྲས་གསུམ་གྱི་རྒྱུད་དོན་ལ་དབང་འབྱོར་པའི་མཚན་ཉིད་ཀུན་ལྡན་གྱི་བླ་མ་ཡབ་ཡུམ་ཟུང་དུ་འཇུག་པའི་གདན་གསུམ་ལུས་ཀྱི་དཀྱིལ་འཁོར་ལས། སྐྱེ་བོ་ཐ་མལ་དང་ཐེག་པ་དམན་པས་ཐོས་སུའང་མི་རུང་བའི་ལམ་དུས་ཀྱི་གསང་བའི་དབང་ཟབ་མོས་སྨིན་པར་བྱས་ཤིང་། རྒྱུ་དབང་སྔོན་སོང་ལམ་དབང་དགའ་བཞིའི་ཡེ་ཤེས་དང་འཇུག་པ་གཅིག་པར་གནས་འགྱུར་བའི་རྣམ་དག་དབང་ལྔའི་ཆུ་བོས་ཉོན་སྒྲིབ་ཤེས་སྒྲིབ་གཉིས་ཀྱི་དྲི་མ་ཐམས་ཅད་བཀྲུས། སྐུ་གསུམ་ངོ་བོ་ཉིད་སྐུ་དང་བཅས་པའི་ས་བོན་རྒྱུད་ལ་བཞག །དེ་དག་གི་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པའི་གནས་ཚུལ་བཞིན་དུ་བསྲུངས་པ་གང་ཞིག་ལམ་བདེན་རྒྱུད་ལ་སྐྱེ་བའི་སྣོད་དམ་རྟེན་དུ་གྱུར་པས། མ་དག་པ་འཁོར་བའི་གནས་སྐབས་ཀྱི་སྐྱེ་ཤི་བར་དོའི་སྣང་ཞེན་རང་རྒྱུད་པ་རྣམས་དག་པའི་ཡིད་ངོར་སྦྱོང་ཚུལ་ཉིན་སྣང་སད་དུས་ཀྱི་བསྐྱེད་རིམ་སྐྱེ་བ་སྤྲུལ་སྐུ། གཉིད་དུས་ཀྱི་སྡུད་རིམ་འཆི་བ་འོད་གསལ་ཆོས་སྐུ། བར་སྲིད་ཀྱི་ཡིད་ལུས་སྒྱུ་ལུས་ལོངས་སྐུ་སྟེ་སྐུ་གསུམ་ལམ་ཁྱེར་ནི། སྐྱེ་གནས་རྣམ་པ་བཞི་དང་མཐུན་པའི་འཁོར་བའི་འདྲ་འབག་ཁུ་རྡུལ་རླུང་གསུམ་དང་བཅས་པ་སྦྱང་གཞིར་བྱས་ནས་སྦྱོང་བྱེད་རྡོ་རྗེའི་ཆོ་ག་གསུམ་དང་ཐུན་མོང་མ་ཡིན་པའི་མངོན་བྱང་ལྔ་ཚང་བས་རྣམ་བྱང་བསྐྱེད་པའི་རིམ་པ་དང་མཐུན་ཅིང་། བུམ་དབང་གི་ལམ་རྫོགས་རིམ་གྱི་སྨིན་བྱེད་ཡིན་པས། རིམ་པ་དང་པོའི་ལམ་མངོན་དུ་གྱུར་པར་སྨོན་པའོ། །གཉིས་པ་ནི། ཕྱི་ནང་རང་ལུས་དཀྱིལ་འཁོར་ལྷ་ཡི་ཚོགས། །རྩ་ཡིག་བདུད་རྩི་དཔའ་བོ་རྣལ་འབྱོར་མ། །ཐིམ་ལུགས་བཞི་བསྒོམ་ཡེ་ཤེས་སྐྱེད་བྱེད་ཅིང་། །རྫོགས་རིམ་རྟོག་པ་འདྲེན་པའི་རྒྱུད་སྨིན་བྱས། །ཉི་ཟླའི་ལམ་ནས་དཀྱིལ་འཁོར་བཅུ་ཡི་རླུང་། །སྒྲ་གཅན་ལམ་དུ་ལོག་པའི་ཐབས་མཁས་ཀྱི། །མུན་པའི་ལམ་ནས་འབར་བའི་ཙཎྜ་ལིས། །ཧཾ་ཡིག་རི་བོང་འཛིན་པ་བཞུ་བ་ལས། །ལྷན་སྐྱེས་བདེ་བས་མཉམ་གཞག་དྲངས་པ་ཡིས། །འཁོར་འདས་ཆོས་རྣམས་ཀུན་གྱི་གནས་ལུགས་དང་། །དབྱེར་མེད་གྱུར་པ་དཔེ་ཡི་ཡེ་ཤེས་ཉིད། །སྒྱུ་འཕྲུལ་དྲྭ་བའི་སྐུ་རུ་ལངས་པ་ལས། །མ་དག་སྐྱེ་ཤིའི་འཕྲང་ལས་གྲོལ་བ་ཡི། །རྫོགས་རིམ་ཨ་ནུའི་ལམ་དུ་འཇུག་པར་ཤོག །ཅེས་པ་ནི། དེ་ལ་ཕྱི་སྣོད་སྣང་སྲིད་སྣོད་བཅུད་འཛིན་པ་དང་། ནང་རང་ལུས་ཕུང་ཁམས་སྐྱེ་མཆེད་དུ་ཞེན་པའི་འཁྲུལ་རྟོག་ཐམས་ཅད་དབྱིངས་ནས་རང་བཞིན་གྱིས་སངས་རྒྱས་པའི་གཙོ་དཀྱིལ་གཅིག་ཤོས་ནི་འཁོར་དུ་དག་པའི་ལྷ་ཚོགས་དང་། གཞན་རྡོ་རྗེའི་ལུས་ཀྱི་དངོས་པོ་རྩ་དང་ཡི་གེ་དབང་པོ། ཁམས་བདུད་རྩི་ནི་རྣལ་འབྱོར་མ་སྟེ། དེ་གཉིས་འཁྲིལ་སྦྱོར་གྱི་ཚུལ་ལས་བདེ་སྟོང་གི་མཆོད་པ་ལེན་པ། གཞན་ལུས་དང་སྙོམས་འཇུག་གི་ཞུ་བ། དེས་མཆོད་པའི་རྐྱེན་ལས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་ཞིང་། དེ་ཡང་ཞུགས་པའི་རྟགས་སུ་སྣ་སྒོར་མཉམ་རྒྱུ། གནས་པའི་རྟགས་སུ་རྒྱུ་བ་རང་འགགས། ཐིམ་པའི་རྟགས་སུ་མཁའ་སྣང་། ས་ཆུ་མེ་རླུང་སྟེ་འབྱུང་བ་བཞི་པོ་གཅིག་ལ་གཅིག་ཤོས་ཐིམ་པའི་རྟགས་རིམ་པ་བཞིན། སྨིག་རྒྱུ། དུ་བ། མཁའ་སྣང་དང་། རླུང་སྣང་བ་ལ་ཐིམ་དུ་ཉེ་བ་ནི་མར་མེ་ཐིམ་པ་དངོས་ལྟར་དཀར་ལམ། སྣང་བ་མཆེད་པ་ལ་ཐིམ་པས་དམར་ལམ། མཆེད་པ་སྟེ་ཉེར་ཐོབ་ལ་ཐིམ་པས་ནག་ལམ། ཉེར་ཐོབ་འོད་གསལ་ལ་ཐིམ་པས་སྟོན་གནམ་གཡའ་དག་པ་ལྟ་བུ་སྟེ། གྲུབ་ཆེན་ལྭ་བ་པས། དང་པོ་རི་དྭགས་སྲེད་བཞིན་སྣང་བ་སྟེ། །མཚན་མ་གཉིས་པ་དུད་ཁའི་རྣམ་པ་ཅན། །གསུམ་པ་སྲིན་བུ་མེ་ཁྱེར་དང་འདྲ་བ། །བཞི་པ་སྒྲོན་མེ་འབར་བ་ལྟ་བུར་གསལ། །མཚན་མ་ལྔ་པ་རྣམ་པར་མ་བརྟགས་པར། །སྤྲིན་བྲལ་ནམ་མཁའ་ལྟ་བུར་སྣང་བ་ཡིན། །ཅེས་གསུངས་སོ། །དེ་ལ་རི་དྭགས་སྲེད་ནི་སྨིག་རྒྱུའོ། །རྟགས་བཞི་པོ་འདི་སྔ་མ་ལས། ཕྱི་མ་གསལ་དུ་སོང་བ་ལ་སྨིག་རྒྱུ་སོགས་དང་འདྲ་བར་གསུངས་ཀྱི། དེ་རྣམས་དང་འདྲ་བའི་སྣང་བ་འཆར་བ་ཡིན་ཅེས་པ་དང་། ཁ་ཅིག་རྟགས་ཅན་གྱི་ཤེས་པ་བརྟན་གཡོའི་ཚད་ཡིན་ཅེས་པ་དང་། ཁ་ཅིག་དུ་བ་སོགས་དང་འདྲ་བའི་སྣང་བ་འཆར་བ་ལ་བཞེད་པ་གསུམ་བྱུང་བ་ནི་ཕྱི་མ་ཉིད་ལེགས་པ་ཡིན་ནོ། །རླུང་གདུ་ཕུལ་ཆེ་ཆུང་སོགས་ཀྱི་གནད་ཀྱིས་རྒྱ་ཆེ་ཆུང་དང་། བརྟན་མི་བརྟན་སོགས་སྣ་ཚོགས་ཤིག་འོང་བས་མཐའ་གཅིག་ཏུ་མ་ངེས་སོ། །དུ་བ་ལ་སོགས་པ་འདི་རྣམས་ལ་སྲོག་དབུ་མར་སྡུད་པའི་ཐབས་ཁྱད་པར་ཅན་གྱི་སེམས་འཛིན་པ་དང་། དེ་ལྟ་བུ་མིན་པའི་སེམས་མི་རྟོག་པར་འཇོག་པ་བསྐྱངས་པ་རྣམས་ལའང་འབྱུང་གསུངས་སོ། །སྒྲ་བསྒྱུར་མར་པའི་ལུགས་ཀྱི་རིམ་ལྔའི་རྩ་ཚིག་བསྡུས་གསལ་ལས། དང་པོ་སྨིག་རྒྱུ་ལྟ་བུའི་ཉམས། །འོད་ཟེར་ལྔ་དང་བཅས་པ་འཆར། །གཉིས་པ་ཟླ་བ་ལྟ་བུ་སྣང་བ་དང་། །གསུམ་པ་ཉི་མའི་འོད་ཀྱིས་མཆེད་པ་འཁྲིགས། །ཐུན་མཚམས་ཀྱི་སྨག་ནག་པོས་ཁྱབ་པ་ལྟ་བུ་མཚམས་སྣང་ལས་ནི་ཐོབ་པ་སྟེ། །ཞེས་སོ། །སྨིག་རྒྱུ་ནས་ནམ་མཁའ་སྤྲིན་མེད་ཀྱི་བར་རྣམས་བར་མ་ཆད་དུ་འབྱུང་ངོ་། །ཕྱི་མ་བཞི་ནི་ཐིམ་ལུགས་བཞི་དང་། དཔེ་དོན་གྱི་འོད་གསལ་ལ་ངེས་པ་འདྲེན་པས་ཡེ་ཤེས་བསྐྱེད་ཅིང་། བསྒོམ་པ་ནི་རྫོགས་རིམ་གྱི་རྟོག་པ་འདྲེན་པའི་རྒྱུད་སྨིན་བྱེད་ཡིན་ལ། དེའི་ཐབས་སུ་གྱུར་པ་ནི་ཉི་ཟླའི་ལམ་སྟེ། རོ་རྐྱང་གཉིས་ནས་རྒྱུ་བ་བསྐྱེད་སྡུད་ཀྱི་རྣམ་པས་ཕྱེ་བའི་ས་ལ་སོགས་པ་ཡན་ལག་གི་རླུང་བཅུ་བསྡོམས་པས་དཀྱིལ་འཁོར་བཅུའི་རླུང་ངམ་སྒྲ་གཅན་གྱི་ལམ་དུ་འགོག་པའི་ཐབས་ལ་མཁས་པ་དང་། དེའང་མུན་པའི་ལམ་སྟེགས་དབུ་མའི་མར་སྣ་ནས་འབར་བའི་ཙཎྜ་ལིའམ། གཏུམ་མོའི་མེ་ཡར་སྣའི་ཧཾ་ཡིག་རི་བོང་འཛིན་པ་སྟེ་ཟླ་པའི་རང་བཞིན་གྱི་ཁམས་བཞུ་བ་ལས་རིམ་བཞིན་ཡས་བབས་མས་བརྟན་གྱི་དགའ་བ་བཞི་དང་ཁྱད་པར་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོས་མཉམ་གཞག་དྲངས་པ་དེའི་ངང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྫུན་ཕུགས་རྡིབ་ཅིང་། ཀུན་གྱི་གནས་ལུགས་གཅིག་དང་ཐ་དད་དབྱེར་མེད་དུ་གྱུར་པ་འདི་ནི་ངོ་བོ་ཉིད་ཀྱི་ཡེ་ཤེས་ཡིན་ལ། དེ་ཉིད་ལས་གདུལ་བྱ་གང་ཡོད་ཀྱི་སར་སྤྲུལ་པའི་སྐུ་གཅིག་ཅར་དུ་སྟོན་པའི་ཕྱིར་སྒྱུ་མ་ཡབ། འཕྲུལ་བ་ཡུམ། དྲྭ་བ་འབྲེལ་པ་སྟེ་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་སྐུར་ལངས་ནས། མ་དག་པའི་གནས་སྐབས་ཀྱི་སྐྱེ་ཤིའི་འཕྲང་ལས་གྲོལ་པའི་མན་ངག་རྫོགས་པའི་རིམ་པ་ཐམས་ཅད་ཀྱི་དོན་ཨ་ནུ་ཡོ་གའི་ལམ་ལ་འཇུག་པར་སྨོན་པའོ། །བྱང་སེམས་ཞུ་བ་ལ་བརྟེན་ནས་དགའ་བཞི་སྐྱེད་ཚུལ་ནི། བྱང་སེམས་ཞུ་བས་གནས་གང་དུ་སླེབ་པ་ན་ཡས་བབས་ཀྱི་དགའ་བཞི་བསྐྱེད་ཚུལ་ནི། རྒྱུད་རྡོ་རྗེ་ཕྲེང་བ་ལས། དེ་རྗེས་ལུགས་འབྱུང་བཤད་བྱ་སྟེ། །བདེ་ཆེན་འཁོར་ལོ་སྤྱི་བོ་ལ། །དེ་ནི་དགའ་བ་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོར་མཆོག་དགའ་དང་། །དགའ་བྲལ་ཆོས་ཀྱི་འཁོར་ལོར་གནས། །སྤྲུལ་པའི་འཁོར་ལོར་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། །ཅེས་གསུངས་ཏེ། བྱང་སེམས་སྤྱི་བོ་ནས་མགྲིན་པར་སླེབ་པ་ན་དགའ་བ་དང་། མགྲིན་པ་ནས་སྙིང་གར་སླེབ་ན་མཆོག་དགའ་དང་། སྙིང་ག་ནས་ལྟེ་བར་སླེབ་ན་དགའ་བྲལ་དང་། ལྟེ་བ་ནས་གསང་གནས་ནོར་བུའི་རྩེར་སླེབ་པ་ན་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེ་ལ། མས་བརྟན་གྱི་སྐྱེས་ཚུལ་ཡང་། རྒྱུད་རྡོར་ཕྲེང་ལས། སྤྲུལ་པའི་འཁོར་ལོར་དགའ་བ་དང་། །མཆོག་དགའ་ཆོས་ཀྱི་འཁོར་ལོར་གནས། །ལོངས་སྤྱོད་བྲལ་བའི་དགའ་བ་དང་། །ལྷན་ཅིག་སྐྱེས་པ་བདེ་བ་ཆེ། །ལུགས་ལྡོག་རིམ་པ་ཞེས་ནི་གསུངས། །མས་བརྟན་གྱི་དུས་སུ་ལྡོག་པ་སྤྱི་བོར་མ་བརྟན་གྱི་བར་དུ་མི་བརྟན་ལ། སྤྱི་བོར་བརྟན་ན་བརྟན་པར་གསུངས་ཏེ། དེ་ཉིད་ལས། དེ་ནས་སྲོག་གི་སྟེང་དུ་ཡིད། །དེ་མི་མཐུན་པ་འབབ་པར་འགྱུར། །པདྨའི་ལྟེ་བའི་དབུས་གནས་པ། །གང་དེ་ཕྱི་ནས་བརྟན་གྱུར་པ། །དེ་ཚེ་མགོན་པོ་འགྲོ་མི་འགྱུར། །ཇི་ལྟར་བུ་ག་མེད་སྣོད་དུ། །ཆུ་རྣམས་ཟད་པ་མེད་གནས་ལྟར། །དེ་ཚེ་བདེ་བ་བརྟན་པར་འགྱུར། །བརྟན་པས་ལྷན་ཅིག་སྐྱེས་པའི་དགའ། །དེ་ཕྱིར་སངས་རྒྱས་མི་ཟད་པ། །རྣལ་འབྱོར་པ་ཡིས་ངེས་པར་འཐོབ། །ཅེས་སོ། །སྤྱིར་གཏུམ་མོ་བསྒོམ་པས་དྲོད་སྐྱེད། དྲོད་ལ་བརྟེན་ནས་རྩ་ནང་གི་བྱང་སེམས་ཞུ། དེ་ཞུ་བས་བདེ་བ་སྐྱེ། བདེ་བ་ལ་བརྟེན་ནས་མི་རྟོག་པ་སྐྱེ་བར་གསུངས་ཀྱང་། ལམ་སྒོམ་སྟོབས་ཀྱི་གཏུམ་མེ་འབར་བའི་དགོས་པ་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྐྱེད་པའི་ཆེད་ཡིན་ལ། དེ་སྐྱེ་བ་ལ་བྱང་སེམས་ཞུ་ནས་འབབ་པ་དེ་སྤྱིར་ལྟེ་བ་མན་ཆད་དུ་སླེབ་པ་ཞིག་དང་། ཁྱད་པར་ནོར་བུར་སླེབས་ནས་ཕྱིར་མ་འཕོས་པར་རེ་ཞིག་གི་བར་དུ་གནས་པ་ཞིག་མེད་ན་ལྷན་སྐྱེས་མཚན་ཉིད་པ་མི་སྐྱེའོ། །ལྷན་སྐྱེས་རྫོགས་རིམ་པའི་བདེ་ཆེན་དུ་འཇོག་པ་ལ་ནི་རླུང་ཐིམ་པའི་དབང་གིས་གནས་པ་ཞིག་དགོས་སོ། །མཉམ་གཞག་གི་སྐབས་སུ་བདེ་སྟོང་མི་རྟོག་པ་བསྐྱངས་ལ། རྗེས་ཐོབ་ཏུ་སྤྱིར་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེས་ནས། དེ་ལས་ལངས་པའི་དུས་སུ་རང་ཤུགས་ཀྱིས་ཀྱང་ཡུལ་སྣང་བདེ་བར་འཆར་བ་ཞིག་འོང་མོད་ཀྱང་། རྗེས་ཀྱི་སྐབས་སུ་མཉམ་གཞག་གི་བདེ་སྟོང་གིས་ཡུལ་སྣང་གང་ཤར་ཐམས་ཅད་ལ་རྒྱས་བཏབ་ནས་བསྒོམས་ན་བདེ་བ་འབར་བས་ཁྱད་པར་དུ་འགྱུར་བ་དེ་ལྟར་བསྐྱང་ངོ་། །དྲུག་པ་ལ་བཞི། ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེ་གསུམ་ལ་སྨོན་པ། དེ་དག་གི་དོན་བསྡུ་བའོ། །དང་པོ་ནི། དོན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཨ་ཏི་ཡེ་དག་རོ་མཉམ་ཆེན་པོ་ཉིད། །ཡོད་མིན་མེད་མིན་སྟོང་མིན་མི་སྟོང་མིན། །རང་བཞིན་གཤིས་ལ་གཞལ་ན་ཐམས་ཅད་མིན། །མེད་པ་མ་ཡིན་གཉིས་མེད་ཟུང་འཇུག་སྟེ། །རྟག་མིན་ཆད་མིན་སྨྲ་བསམ་བརྗོད་ལས་འདས། །རང་གནས་ཡེ་གནས་རྫོགས་པ་ཆེན་པོ་ནི། །ཀུན་མིན་ཕྱོགས་ཙམ་གཞལ་ན་ཐམས་ཅད་མིན། །བློ་ཡིས་བཀོད་ནས་དྲན་བསམ་བརྗོད་ལས་འདས། །རྣལ་མའི་དོན་ལ་ཀུན་མིང་བརྟགས་པ་ཙམ། །ཇི་ལྟར་སྣང་བ་འདི་ཡང་ཝལ་ལེ་བ། །ཚིག་གིས་མ་བསྐྱེད་ལྷ་སྔགས་ལྷུན་གྱིས་གྲུབ། །གང་ལྟར་བསམ་བརྗོད་འདས་པའི་རང་བཞིན་ཏེ། །ཨ་ཏིའི་དགོངས་དོན་ཚུལ་བཞིན་རྟོགས་པར་ཤོག །བསྐྱེད་པ་མ་ཧཱ་ཡོ་གའི་སྐབས་སུ་རིམ་པ་བཞི་པ་དོན་གྱི་འོད་གསལ། རྫོགས་པ་ཨ་ནུ་ཡོ་གའི་སྐབས་སུ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གང་ཡིན་པ་དེ་ཨ་ཏི་ཡོ་ག་རྡོ་རྗེ་སྙིང་པོའི་སྐབས་སུ་ཡེ་གྲོལ་ཀ་དག་གི་ལྟ་བ་ཞེས་བྱ་སྟེ། སྦྱངས་པ་སྔོན་སོང་གི་དབང་པོ་རབ་ཏུ་གྱུར་པ་ལ། ལྟ་སྒོམ་གྱི་མཁྱེན་པ་དང་ལྡན་པའི་བླ་མ་རྡོ་རྗེ་སློབ་དཔོན་གྱིས་ཚིག་དབང་གི་སྐབས་སུ་ཚིག་གི་ངོ་སྤྲད་པ་ཉིད་ཡིན་ཏེ། དེའི་དོན་མདོ་ཙམ་བཤད་ན། གཤིས་ཡེ་ནས་དག་པས་ཡེ་དག །འཁོར་འདས་སྤངས་བླང་དུ་མི་འབྱེད་པའི་རོ་མཉམ། རྟོག་བྱ་དེ་ལས་ལྷག་པ་མེད་པས་ཆེན་པོ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པས་ཉིད། སྟོང་ཆ་ཀ་དག་གི་ངོས་ནས་གང་གྲུབ་པ་མེད་པའི་ཡོད་མིན་སྣང་ཆ་ལྷུན་གྲུབ་ཀྱི་ངོས་ནས་འཁོར་འདས་ཀྱི་འཆར་གཞི་བྱེད་པས་མེད་མིན། བློ་བྱས་སྤྱོད་ཡུལ་ལས་འདས་པས་སྟོང་མིན། རང་ངོ་ཀ་དག་ཏུ་གནས་པས་མི་སྟོང་མིན། རང་བཞིན་གཉུག་མ་དོན་དམ་པའི་གཤིས་ལ་བློས་གཞལ་ན་གཞལ་བྱའི་ཡུལ་ལས་འདས་པས་ཐམས་ཅད་མིན། གཞི་ཡེ་གྲོལ་ཀ་དག་གི་དགོངས་པ་ཆོས་སྐུའི་ཡེ་ཤེས་འགྲོ་ཀུན་ལ་གནས་པ་མེད་པ་མ་ཡིན། དེས་ན་མ་དག་འཁོར་བའི་གནས་སུ་འཁྲུལ་བཞིན་པའི་གནས་སྐབས་སུའང་། ཆོས་ཉིད་སངས་རྒྱས་སུ་གནས་པའི་འཁོར་འདས་གཉིས་མེད་ཟུང་འཇུག་ཆེན་པོར་གནས། དམིགས་བསམ་སྤྲོས་པ་ལས་འདས་པས་རྟག་པ་མ་ཡིན། སོ་སོ་རང་རིག་གི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས་ཆད་པ་མ་ཡིན། མིང་ཐམས་ཅད་སྒྲོ་འདོགས་ཡིན་པས་སྨྲ་བའི་ཡུལ་ལས་འདས། རྟོགས་པ་ཐམས་ཅད་འཁྲུལ་པ་ཡིན་པས་བསམ་པའི་ཡུལ་ལས་འདས། ཚིག་ཐམས་ཅད་དངོས་པོ་མེད་པས་བརྗོད་པའི་ཡུལ་ལས་འདས། ཡེ་ནས་རང་བཞིན་གྱིས་གནས་པས་རང་གནས། ཐོག་མ་མེད་པའི་དུས་ནས་གནས་པ་ཡེ་གནས་སྣང་སྲིད་ཆོས་སྐུར་རྫོགས་པས་རྫོགས་པ། ཐེག་པ་ཐམས་ཅད་ཀྱི་རྩེ་རྒྱལ་ཡིན་པས་ཆེན་པོ། མཐའ་བརྒྱད་ཀྱི་སྤྲོས་པ་དང་བྲལ་བས་ཀུན་མིན། སྣང་སྟོང་ཕྱོགས་རེ་ཙམ་ནས་གཞལ་བ་འཁོར་འདས་རང་སར་བདེན་པ་ཐམས་ཅད་ཡིན། དོན་དམ་དཔྱོད་བྱེད་ཀྱི་བློ་ཡིས་གཞལ་ན་དྲན་བསམ་བརྗོད་པ་ལས་འདས་རྣལ་མ་ཆོས་ཉིད་ཀྱི་ངང་ནས་གང་སྒྲུབ་ཀྱི་གྲུབ་མཐའ་ཐམས་ཅད་མིང་ཙམ་བཏགས་པ་ཙམ་ཡིན་པས་དོན་ལ་མ་རེག །ཇི་ལྟར་སྣང་བཞིན་པའི་འཁྲུལ་སྣང་འདི་ཡང་སྒྱུ་མ་དང་། རྨི་ལམ་ལྟར་ཤར་བས་ཝལ་ལེ་བ་དགག་སྒྲུབ་དང་བྲལ། སྙིང་པོ་ཚིག་གིས་མ་བསྐྱེད་པར་ལྷ་སྔགས་ལྷུན་གྲུབ་ཏུ་གནས། གང་དུ་ཅི་ལྟར་བརྟགས་ཀྱང་བསམ་བརྗོད་ཐམས་ཅད་བྲལ་བའི་གནས་ལུགས་གཞོན་ནུ་མ་ལ་པྲ་ཕབ་པ་ལྟར་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་མཐོང་མེད་ཀྱི་ཚུལ་མཐོང་བ་ཨ་ཏི་ཡོ་ག་སྟེ་ཐེག་རྩེ་ཤིན་ཏུ་རྣལ་འབྱོར་གྱི་དགོངས་དོན་ཕྱིན་ཅི་མ་ལོག་པ་ཚུལ་བཞིན་དུ་རྟོགས་པར་ཤོག་ཅིག་པའོ། །གཉིས་པ་ནང་ཀློང་སྡེའི་དོན་ལ་སྨོན་པ་ནི། ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོའི་དོན། །རང་བཞིན་བབས་ཡིན་སྟོང་པས་ཕན་ཅི་ཡོད། །སོ་མ་རང་བཞག་མ་བཅོས་རང་ག་མ། །ཐ་མལ་ཤེས་པ་རང་གྲོལ་རྒྱལ་བའི་ལམ། །རང་རིག་རང་གྲོལ་གཉེན་པོ་བཅོས་མི་དགོས། །ཡེ་གྲོལ་བསྐྱར་གཞི་མེད་དེ་གདོད་མའི་ངང་། །ཅེར་གྲོལ་ངོ་བོ་མེད་དེ་བདེན་པས་སྟོང་། །རང་གྲོལ་སྙིང་པོ་མེད་དེ་རང་བཞག་ཉིད། །འགྱུ་གྲོལ་རང་སར་དག་སྟེ་སྐད་ཅིག་མ། །ཤར་གྲོལ་དུས་མཉམ་ཡིན་ཏེ་སྔ་ཕྱི་མེད། །མ་བཅོས་རང་བཞག་རང་བབས་ཀ་དག་ཀློང་། །ངོ་བོ་རང་བཞིན་ཐུགས་རྗེའི་དོན་རྟོགས་ཤོག །ཅེས་པས་ཁྱད་པར་འོད་གསལ་སོགས་རང་གི་ངོ་བོ་སྨོས་ཏེ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་ཐར་གསུམ་ལྡན་གྱི་དབྱིངས་ནས་སངས་རྒྱས་པའི་དོན་ཁོང་དུ་ཆུད་ནས། དེ་གའི་ངང་ལ་རང་བཞིན་གྱིས་གནས་པའི་རང་བབས་ཡིན་ན། བློས་གསར་བྱུང་དུ་བསྒྲུབས་པའི་སྟོང་པས་ཕན་དུ་ཅི་ཞིག་ཡོད། སོ་མ། ངང་བཞག །མ་བཅོས། རང་ག་མ་སྟེ། སེམས་ལ་བཅོས་བསླད་མེད་པའི་དོན་བཞི་ལ། ཐ་མལ་གྱི་ཤེས་པའི་སྒྲར་བཏགས་ཏེ། རང་གིས་རང་གྲོལ་སྦྲུལ་གྱི་མདུད་པ་ལྟ་བུ་དེ་ནི་རྒྱལ་བ་ཐམས་ཅད་ཀྱི་ཤུལ་ལམ་ཡིན་པས་རྟོག་དཔྱོད་སྣ་ཚོགས་དང་། སྒྲིམ་གློད་ལ་སོགས་པའི་གཉེན་པོས་བཅོས་མི་དགོས། ཡེ་ནས་གྲོལ་ཚར་བས་བསྐྱར་བའི་གཞི་མེད། ལྟ་སྟངས་གཅིག་གི་ངང་ནས་ཅེར་གྱིས་གྲོལ་བས་ངོ་བོ་ཉིད་མེད་དེ། བདེན་པ་ཀུན་རྫོབ་པས་སྟོང་། རང་གྲོལ་ལ་གཉེན་པོ་གཞན་མེད་པས་རང་གར་བཞག །འགྱུ་བ་ངོ་ཤེས་ཙམ་ལས་གྲོལ་བས་རང་དག་སྐད་ཅིག་མ། ཤར་ཙམ་ཉིད་ནས་རང་ངོ་ཤེས་པས་ཆུ་ལ་རི་མོ་བྲིས་པ་ལྟར་ཤར་གྲོལ་དུས་མཉམ་ལ་སྔ་ཕྱི་མེད། བློས་སྤུ་ཙམ་མ་བཅོས་པའི་རང་བཞག་རང་བབས་ཀ་ནས་དག་པ་ཞེས་བྱ་སྟེ། ཐོག་མ་ནས་རྣམ་པར་དག་པའི་བྱ་བྲལ་ཀློང་གི་སྡེ་ཆེན་པོ་དེ་ནི། ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་ཀུན་ཁྱབ་སྟེ་སྣ་ཚོགས་པ་གཅིག་ལ་རྣམ་པ་གསུམ་དུ་དབྱེ་བའི་དོན་རྟོགས་པར་ཤོག་ཅིག་སྨོན་པའོ། །དེའང་ཞིབ་ཏུ་བཤད་ན། ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོ་ཡེ་ཇི་བཞིན་པའི་དོན་དམ་སྟོན་པ་ལ་བཞི། ལྟ་བ་ངོ་སྤྲད་པ། སྒོམ་པ་ངང་ལ་བཞག་པ། སྤྱོད་པ་རང་གྲོལ་དུ་གཏོང་པ། འབྲས་བུ་མངོན་དུ་འགྱུར་བའོ། །དང་པོ་ནི། ད་ལྟ་རང་བབས་ཀྱི་ཤེས་པ་ཕྱིར་མི་སྤྲོ་བ་ནང་དུ་བཟུང་། རང་བཞིན་རང་བབས་ཀྱི་ངང་དུ་ལྷོད་ཀྱིས་གློད་ནས་བཞག་པས་མིང་འདོགས་སྤྱོད་པ་ཐམས་ཅད་དང་བྲལ་བར་འཆར་བ་དེ་གཉུག་མའི་ཡེ་ཤེས་རྫོགས་པ་ཆེན་པོ་ཡིན་པས། བློས་བྱས་ཐ་སྙད་ཀྱི་སྟོང་པས་ཕན་མ་བཏགས་པ་གནས་ལུགས་རང་བཞག་ཏུ་དེ་ཉིད་ལྟ་བའོ། །གཉིས་པ་ནི། དེ་ལྟར་གཅེར་མཐོང་རང་གྲོལ་དུ་ཤེས་པའི་ངང་དེ་ཉིད་མ་ཤོར་བར་སྐྱོང་བ་ནི་རང་དྭངས་རྒྱ་མཚོ་དྭངས་པ་ལྟ་བུའི་ཡེ་ཤེས་ལ་འཇོག་མིན་རང་བཞག་པ། དེ་ལས་རང་རྩལ་སྣང་ཞིང་འཕྲོ་ཡང་གཉེན་པོའི་བཅོས་བསྒྱུར་མི་བྱེད་པ་ནི་མ་བཅོས་རང་བབས་ཀྱི་རྩལ་ལས་གང་ཤར་གཤིས་སུ་གྲོལ་ནས་གཉུག་མའི་ངང་དེ་ཉིད་དུ་གནས་པ་ནི་རང་ག་མ། ཡིན་ལུགས་རྗེན་པར་འཇོག་པས་ཐ་མལ་གྱི་ཤེས་པ་དེ་ཉིད་རང་གྲོལ་དུ་གནས་པའི་རྒྱུན་བསྐྱངས་ནས་རྒྱལ་བའི་གོ་འཕང་ཐོབ་ཅིང་ས་ལམ་ཆིག་ཆོད་དུ་འགྱུར་བ་ནི་སྒོམ་པའོ། །གསུམ་པ་ནི། དེ་ལྟར་རང་གནས་རང་བཞག་གི་སྒོམ་པ་སྐྱོང་བའི་ཚེ། དགག་སྒྲུབ་དང་ཆགས་སྡང་གི་བློ་ལྡོག་ཤར་ན་དེ་ཉིད་རང་གྲོལ་དུ་གཏོང་བ་ལ་གྲོལ་ལུགས་ཀྱི་གནད་དྲུག་སྟེ། རང་གྲོལ་གཉེན་པོ་མེད་པའི་གནད་ཀྱིས་སྦྲུལ་གྱི་མདུད་པ་ལྟར་གྲོལ་བས་གཞན་གྱིས་བཅོས་མི་དགོས། ཡེ་གྲོལ་བསྐྱར་གཞི་མེད་པའི་གནད་ནམ་མཁའི་མདུད་པ་ལྟར་གྲོལ་བས་གདོད་མའི་ངང་ལ་གནས། ཅེར་གྲོལ་ངོ་བོ་མེད་པའི་གནད་ངོ་ཤེས་ཀྱི་མི་དང་འཕྲད་པ་ལྟར་གྲོལ་བའི་བདེན་པའི་སྒྲོ་འདོགས་ཀྱིས་སྟོང་། རང་གྲོལ་སྙིང་པོ་མེད་པའི་གནད་ཁང་སྟོང་དུ་རྐུན་མ་ཞུགས་པ་ལྟར་གྲོལ་བས་རང་བཞག་ལ་ཐོབ་ཤོར་མེད། འགྱུ་གྲོལ་རང་སར་དག་པའི་གནད་ཆུ་ལ་རི་མོ་བྲིས་པ་ལྟར་གྲོལ་བས་ཤེས་པ་སྐད་ཅིག་མའི་རྒྱུན་མི་མཐུད། ཤར་གྲོལ་དུས་མཉམ་ཡིན་པའི་གནད་ཆུ་ལ་རལ་གྲི་བསྣུན་པ་ལྟར་གྲོལ་བས་རྟོགས་པ་སྔ་ཕྱི་ཁྱད་མེད་པ་ནི་སྤྱོད་པ། བཞི་པ་ནི། དེ་ལྟར་མ་བཅོས་པར་རྟོགས། སྒོམ་པ་རང་བབས་སུ་བཞག །སྤྱོད་པ་རང་བབས་སུ་ལྷོད་པའི་གནས་སྐབས་ན་འབྲས་བུ་ཀ་དག་གི་ཀློང་དུ་གྲོལ་ཏེ། ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་སྐུ་གསུམ་རང་གནས་ཀྱི་ཡེ་ཤེས་མངོན་དུ་གྱུར་ནས་གང་ཟག་གི་མིའི་ལུས་ལ་དགོངས་པ་སངས་རྒྱས་སུ་རྟོགས་པ་ནི་འབྲས་བུའོ། །གསུམ་པ་མན་ངག་སྡེ་ལ་སྨོན་པ་ནི། ཤེས་རབ་རང་བྱུང་སྒྲོན་མའི་དབྱིངས་རུམ་ནང་། །རྒྱང་ཞགས་སྒྲོན་མས་རིག་གདངས་སྒོ་ཕྱེས་ནས། །དག་དབྱིངས་སྒྲོན་མས་སྣ་ཚོགས་རྒྱན་བཀྲམ་སྟེ། །ཐིག་ལེ་སྟོང་སྒྲོན་ཞི་ཁྲོའི་དཀྱིལ་འཁོར་རྫོགས། །དང་པོ་རྒྱུ་ཡིས་མ་བསྐྱེད་དབྱིངས་ལྔ་ཤར། །བར་དུ་རྐྱེན་གྱིས་མ་བསྐྱེད་ཚོམ་བུར་གྲུབ། །ཐ་མར་ལྟ་བའི་གནས་དག་དབྱིངས་རིག་འདྲེས། །ཡིད་དཔྱོད་དང་བྲལ་མངོན་སུམ་མཐར་ཕྱིན་ཤོག །ཅེས་པ་ནི། ཤེས་རབ་རང་བྱུང་གི་སྒྲོན་མ་ནི་སོ་སོར་རྟོག་པའི་ཤེས་རབ་ཡིན་ལ། རྒྱང་ཞག་ཆུའི་སྒྲོན་མ་ནི་འཆར་བའི་སྒོ་མིག་གི་དབང་པོ། དག་པ་དབྱིངས་ཀྱི་སྒྲོན་མ་ནི་འཆར་བའི་ཡུལ་ནམ་མཁའ་རྐྱེན་བྲལ། ཐིག་ལེ་སྟོང་པའི་སྒྲོན་མ་ནི་འཇའ་འོད་ཟླུམ་པོར་འཁྱིལ་བ་སྟེ། དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བཅིངས་པས་རིམ་བཞིན་རིམ་པ་དེ་བཅུད་དུ་སྨིན་ནས་སྐུ་ཕྱེད་པ་དང་། རྐྱང་པ་དང་མཐར་གྱིས་ཞི་ཁྲོའི་སྐུ་ཡོངས་སུ་རྫོགས་པ་སྟེ། དེ་དག་ཀྱང་སྦྱོར་དྲུག་དང་ཕྲ་ཏིག་ལྟར་རླུང་སྦྱོར་ལ་སོགས་པའི་རྒྱུས་མ་བསྐྱེད། མུན་ཁང་དུ་བཅུད་ལེན་ལ་སོགས་པའི་རྐྱེན་གྱིས་མ་བསྐྱེད་པར་ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚད་ཕེབས་ཀྱིས་ཚོམ་བུའི་བར་གྲུབ་ནས་མཐར་གྱི་བལྟ་བྱ་ལྟ་བྱེད་ལས་བྱུང་བའི་ཆོས་ཉིད་ཀྱང་ཟད་ནས་དབྱིངས་རིག་འདྲེས་པའི་དགོངས་པ་ལ་སྦྱོར་བ་ཡིད་དཔྱོད་དང་བྲལ་བའི་དོན་ལ་སྨོན་པའོ། །ཡང་བསྐྱར་གོ་བདེར་བརྗོད་ན། ཤེས་རབ་རང་བྱུང་གི་སྒྲོན་མ་སྤྲོས་བྲལ་གཉུག་མའི་ཡེ་ཤེས་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་རིག་སྟོང་ཟང་ཐལ་དུ་རྟོགས་པ་དེའི་དབྱིངས་ནས། འོད་གསལ་གྱི་སྣང་བ་དཔག་ཏུ་མེད་པ་འཆར་བའི་སྐབས་སུ་རྒྱང་ཞག་ཆུའི་སྒྲོན་མ་འོད་རྩ་དཀར་གྱི་སྐུད་པ་ལྟ་བུས་རིག་གདངས་འཆར་བའི་སྒོ་ཕྱེ་ནས། དག་པ་དབྱིངས་ཀྱི་སྒྲོན་མ་འོད་ལྔ་འཇའ་ཚོན་གྱི་སྣང་བས་ཞིང་ཁམས་དང་གཞལ་ཡས་ཀྱི་རྒྱན་བཀྲམ་སྟེ། ཐིག་ལེ་སྟོང་པའི་སྒྲོན་མ་འོད་ཁྱིམ་ཟླུམ་པོའི་རྣམ་པ་ལས། ཞི་ཁྲོའི་དཀྱིལ་འཁོར་དུ་འཆར་བ་སྟེ། དེ་ཡང་དང་པོ་ཆོས་ཉིད་མངོན་སུམ་གྱི་སྐབས་སུ་དེ་ཉིད་ཆེར་འཆར་ནས། རིག་པ་ཚད་ཕེབས་ཀྱི་ཚེ་རྐྱེན་གྱིས་མ་བསྐྱེད་པའི་སྣང་ཉམས་རིགས་ལྔ་ཡབ་ཡུམ་ཟུང་དུ་འབྲེལ་བའི་ཚོམ་བུའི་དཀྱིལ་འཁོར་དུ་གྲུབ། ཐ་མ་ཆོས་ཉིད་ཟད་པའི་གནས་སྐབས་སུ་ལྟ་བའི་གནད་དག་སྟེ་རིག་གདངས་ཚད་མེད་ཀྱི་སྣང་ཆ་དབྱིངས་སུ་བསྡུས་ནས། དབྱིངས་རིག་དབྱེར་མེད་དུ་བསྲེས། ཉམས་ཡིད་དཔྱོད་དང་བྲལ་བའི་ཆོས་ཉིད་སྣང་ཉམས་དབང་པོས་མངོན་སུམ་མཐོང་བ་འོད་གསལ་ཐོད་རྒལ་གྱི་ཉམས་ལེན་མཐར་ཕྱིན་དུ་ཤོག་ཅིག་པའོ། །དེ་དག་གི་དོན་བསྡུ་བ་ནི། ཁྲེགས་ཆོད་ལྟ་བས་སྲིད་ཁུངས་གདར་ཤ་བཅད། །ཐོད་རྒལ་བསྒོམས་པས་སྐུ་གསུམ་རྩལ་རྫོགས་ཏེ། །གདོད་ནས་རྣམ་དག་དང་པོའི་སངས་རྒྱས་ཉིད། །དབྱེར་མེད་ཐིག་ལེའི་གཟུགས་སུ་གང་སྣང་བ། །དེ་ལས་སྤྲོས་ཚེ་སྐུ་གསུམ་སྣོད་བཅུད་དང་། །བསྡུས་ཚེ་སྟོང་ཉིད་སྙིང་རྗེ་ཆོས་ཀྱི་སྐུ། །ཐིག་ལེ་ཉག་གཅིག་ཡིད་ཡུལ་གཡོ་མེད་ཤོག །ཅེས་པ་ནི། ཀ་དག་ཁྲེགས་ཆོད་ཀྱི་ལྟ་བས་སྲིད་པའི་ཁུངས་བདག་འཛིན་གྱི་རྩ་བ་བཅད་དེ། རང་གནས་ཆོས་ཉིད་ཀྱི་གདར་ཤ་བཅད། ལྷུན་གྲུབ་ཐོད་རྒལ་གྱི་ལམ་བསྒོམས་པས་སྐུ་གསུམ་རྩལ་རྫོགས་ནས། འབྲས་བུ་གྲོལ་བའི་ཀ་དག་གདོད་མའི་གཞི་རྣམ་པར་དག་པའི་ཆོས་ཉིད་དང་ངོ་བོ་དབྱེར་མེད་པ་གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོའི་དགོངས་པ་འཁོར་འདས་དབྱེར་མེད་ཐིག་ལེ་ཉག་གཅིག་ཏུ་སྣང་བ་དེ་ལས་སྤྲོས་པའི་ཚེ་ན་སྐུ་གསུམ་དག་པའི་ཞིང་ཁམས་སྣོད་བཅུད་དྭངས་པ་མ་འདྲེས་པ་སྣང་ཞིང་། བསྡུས་ཚེ་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་རང་བཞིན་ཡེ་ཤེས་ཆོས་ཀྱི་སྐུའི་བདག་ཉིད་སྤྲོས་བྲལ་ཐིག་ལེ་ཉག་གཅིག་གི་ཡིད་ཡུལ་ལ་གཡོ་བ་མེད་པར་ཤོག་ཅིག་ཅེས་སྨོན་པའོ། །གཉིས་པ་འབྲས་བུའི་གོ་འཕང་སྤྱོད་ཚུལ་སྨོན་པ་ལ་གསུམ། འབྲས་བུ་སྐུ་གསུམ་དབྱེར་མེད་ལ་སྨོན་པ་དང་། ཕྲིན་ལས་ཀྱི་འཇུག་པ་ལ་སྨོན་པ་དང་། སྔགས་སྤྱོད་ཀྱི་རྟེན་ཁྱད་པར་ཅན་ལ་བརྟེན་ནས་འབྲས་བུ་དོན་དུ་གཉེར་བར་སྨོན་པའོ། །དང་པོ་ནི། སླར་ཡང་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །གཉིས་སྣང་འཁྲུལ་པའི་བག་ཆགས་ཀུན་བཅོམ་ནས། །རིམ་པ་བཞི་པའི་དོན་གྱི་འོད་གསལ་དང་། །དབྱེར་མེད་ལྷན་ཅིག་སྐྱེས་པ་བདེ་བའི་དངོས། །བདེན་གཉིས་ཟུང་དུ་འཇུག་པའི་ཧེ་རུ་ཀ །མཁའ་དབྱིངས་ཤར་བ་དབང་པོའི་གཞུ་བཞིན་དུ། །གསལ་མདངས་འོད་ཟེར་ལྔ་ཡི་དྲྭ་བ་ཅན། །སྟོབས་བཅུ་མི་འཇིགས་བཞི་དང་སོ་སོར་རིག །མ་འདྲེས་བཅོ་བརྒྱད་རྫོགས་པའི་སངས་རྒྱས་དང་། །བླ་མེད་ཡོན་ཏན་རང་བཞིན་གཞལ་མེད་ལས། །རྣམ་ཀུན་མཆོག་ལྡན་ངོ་བོ་ཆོས་ཀྱི་སྐུ། །རྣམ་པ་ལོངས་སྤྱོད་རྫོགས་སྐུ་གྲངས་མེད་ཀྱི། །སྤྲུལ་པའི་སྤྲིན་འཕྲོ་སྐུ་གསུམ་དབྱེར་མེད་ཤོག །ཅེས་པ་ནི། དེ་ཡང་འཇུག་པ་ལ་དབང་ཐོབ་ནས་གདོད་མའི་ནང་དབྱིངས་སུ་འཇུག་ཁ་མ་དེར། སླར་ཡང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གཞུ་བདུངས་བ་ལྟ་བུའི་གཉིས་སུ་སྣང་བ་དང་། དེ་ལས་བྱུང་བའི་འཁྲུལ་པའི་བག་ཆགས་ཀྱི་ལྷག་མར་གྱུར་པ་གནས་ངན་ལེན་གྱི་ཤེས་སྒྲིབ་ཕྲ་མོ་ཡན་ཆད་བཅོམ་སྟེ། རིམ་པ་བཞི་པའི་དོན་གྱི་འོད་གསལ་དེ་ཉིད་སློབ་པའི་ཟུང་འཇུག་གི་བསྒྲུབ་གཞི་ཡིན་པས་ངོ་བོ་གཅིག་པའི་ཆ་ནས་དབྱེར་མེད་ལྷན་ཅིག་སྐྱེས་པའི་བདེ་བའི་དངོས་གཞིར་བཤད་ལ། དེ་ཉིད་ལས་མི་སློབ་པའི་ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུར་བཞེངས་པ་ལ་མཁའ་དབྱིངས་ཤར་བའི་དབང་པོའི་གཞུ་སྟེ། ནམ་མཁའ་ལ་འཇའ་ཚོན་ཤར་བའི་དཔེས་མཚོན་ནས་ཆོས་སྐུའི་གདངས་ལོངས་སྤྲུལ་གྱི་རྣམ་པའི་གཟུགས་སྐུ་གཉིས་སུ་གྲུབ་པ་ལ་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་ཡོན་ཏན་མཐའ་དག་རྫོགས་པའི་སངས་རྒྱས་དང་། དེའི་བླ་ན་མེད་པའི་ཡོན་ཏན་གྱི་རང་བཞིན་གཞལ་དུ་མེད་པ་ཉིད་ལས། གཞོན་ནུ་མ་ལ་པྲ་ཕབ་པའི་སྣང་བ་ལྟར་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་ཆོས་ཀྱི་སྐུ་དང་། དེའི་གདངས་རིགས་ལྔ་གངས་ཅན་མཚོ་བཞིན་ལག་གི་རྣམ་པ་ཅན་གྱི་ལོངས་སྤྱོད་རྫོགས་པའི་སྐུ་གྲངས་མེད་པར་ཤར་བ་དང་། དེ་ལས་སྤྲུལ་པའི་སྐུ་བསམ་གྱིས་མི་ཁྱབ་པའི་སྤྲིན་འཕྲོ་བ་ཅན་གྱི་སྐུ་གསུམ་ངོ་བོ་དབྱེར་མེད་ཐོབ་པར་ཤོག་ཅིག་ཅེས་སྨོན་པའོ། །གཉིས་པ་ནི། མཁར་ཁྱབ་གཟུགས་བཟུང་བགྲང་ཡས་སེམས་ཅན་ལ། །ཇི་སྙེད་ཁམས་དང་བསམ་པའི་དབྱེ་བ་བཞིན། །རང་རང་སྐད་དུ་རྒྱུ་དང་འབྲས་བུ་ཡི། །ཐེག་པ་གཉིས་ལས་བརྩམས་པའི་ཆོས་ཀྱི་ཚུལ། །ལེགས་པར་སྟོན་ལ་སྐྱོ་ངལ་མེད་པར་ཤོག །ཅེས་པ་ནི། དེ་ལྟར་རང་དོན་དུ་སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་དུ་གྲུབ་ནས། ནམ་མཁས་གར་ཁྱབ་ཏུ་རྣམ་སྨིན་གྱི་གཟུགས་སམ་ལུས་བཟུང་བའི་བགྲང་བ་ལས་འདས་པའི་སེམས་ཅན་གྱི་ཁམས་རྒྱ་མཚོ་ལྟ་བུ་ལ་ཇི་སྙེད་དེ་མང་པོའི་སྒྲས་དེ་སྙེད་སོ་སོའི་ཁམས་དང་བསམ་པའི་དབྱེ་བ་ཐ་དད་པ་བཞིན་རང་རང་སོ་སོའི་སྐད་དུ་རྒྱུ་དང་འབྲས་བུའི་ཐེག་པ་གཉིས་ལས་བརྩམས་པའི་ཆོས་ཀྱི་ཚུལ་རྒྱ་མཚོ་ལྟ་བུ་ལེགས་པར་འཆད་ཅིང་ལེགས་པར་སྟོན་པ་ལ་སྐྱོ་དུབ་དང་ངལ་བའི་གནས་མཐའ་དག་བཟོད་པར་ཤོག་ཅིག་པའོ། །གསུམ་པ་ནི། འདི་དང་བར་དོར་མཆོག་གི་གོ་འཕང་ནི། །ངེས་པར་འགྲུབ་པའི་ལམ་བཟང་མ་རེད་ན། །ཟབ་ལམ་འཕོ་བའི་རྣལ་འབྱོར་ལ་གོམས་པས། །རྣམ་ཤེས་མཁའ་སྤྱོད་གནས་སུ་འཕོ་བྱས་ཏེ། །བསྐྱེད་རྫོགས་ལམ་གྱི་རིམ་པས་འཕྲོ་མཐུད་ཤོག །ཅེས་པ་ནི། དེ་ལ་བསྐྱེད་རིམ་གྱི་སྒོ་ནས་རིག་འཛིན་བཞིའི་ལམ་རྫོགས་རིམ་གྱི་སྒོ་ནས། རྨི་ལམ། སྒྱུ་ལུས། བར་དོ། འོད་གསལ་ལ་སོགས་ཀྱི་གདམས་པ་ཉམས་འོག་ཏུ་ཆུད་ནས་ཚེ་འདི་འམ། བར་དོར་མཆོག་གི་གོ་འཕང་བགྲོད་པའི་ལམ་བཟང་གི་དངོས་གྲུབ་མ་བརྙེས་ན། མ་བསྒོམ་པར་འཚང་རྒྱ་བའི་ཟབ་ལམ་འཕོ་བའི་རྣལ་འབྱོར་ལས་འཁོར་བ་དང་འབྲེལ་བའི་སྒོ་བརྒྱད་ཡིག་འབྲུས་བཀག་ལ། གཙུག་ཏོར་རླུང་གི་འཁོར་ལོའི་སྒོ་ཕྱེ་ནས་རྣམ་པར་ཤེས་པ་ཨ་ཡིག་ལ་སོགས་པའི་རྣམ་པས་དག་པ་མཁའ་སྤྱོད་དང་། བདེ་བ་ཅན་དང་། མངོན་པར་དགའ་བ་ལ་སོགས་རང་བཞིན་སྤྲུལ་པའི་ཞིང་དུ་འཕོས་ནས་བསྐྱེད་རྫོགས་ལམ་ཀྱི་རིམ་པ་འཕྲོ་མཐུད་པར་ཤོག་ཅིག་ཅེས་སྨོན་པའོ། །གསུམ་པ་མཇུག་གི་དོན་ལ་གཉིས། གཞུང་དོན་འབྱེད་པའི་བློ་གྲོས་ཐོབ་པར་སྨོན་པ་དང་། སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་དཔལ་ལྡན་བླ་མ་དང་མི་འབྲལ་བར་སྨོན་པའོ། །དང་པོ་ནི། དེ་ལྟར་རྒྱུ་ལམ་འབྲས་བུའི་ཁྱད་པར་ལས། །སྐུ་དང་ཞིང་ཁམས་འཁོར་དང་མཛད་པ་ནི། །ཡོངས་སུ་དག་པའི་ཡེ་ཤེས་ལམ་ཉིད་དུ། །བྱེད་དང་མི་བྱེད་སྔགས་དང་ཕ་རོལ་ཕྱིན། །སོ་སོར་འབྱེད་པའི་བློ་གྲོས་དང་ལྡན་ཤོག །ཅེས་པ་ནི། རྒྱུ་ལམ་དུ་བྱས་ནས་འབྲས་བུ་ཕྱི་དུས་ན་སྨིན་པ་སྡེ་སྣོད་གསུམ་གྱི་ལམ་དང་། འབྲས་བུ་ལམ་དུ་བྱེད་པ། དཔེར་ན་རང་གི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་རྣམ་པ་ལམ་བྱེད་དང་། དེ་བཞིན་དུ་སྣོད་གཞལ་ཡས་ཁང་གི་ལམ་ཁྱེར་དང་། བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོའི་རང་བཞིན་དུ་སྦྱོར་བ་དག་པའི་སྣོད་བཅུད་དང་། འོད་ཟེར་སྤྲོ་བསྡུས་སངས་རྒྱས་ཀྱི་ཕྲིན་ལས་རྣམ་པ་བཞིའི་མཛད་པ་ལམ་དུ་བྱེད་པ་སྟེ། དེ་བས་ན་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཀྱི་ཁམས་ལ་ད་ལྟ་ནས་ཡོངས་སུ་དག་པའི་ཡེ་ཤེས་ཀྱི་ལམ་དུ་བྱེད་ནུས་པ་ནི་འབྲས་བུ་སྔགས་ཀྱི་ཐེག་པ་དང་། དེ་ལྟར་བྱེད་མི་ནུས་པ་ནི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་གཉིས་སོ་སོར་འབྱེད་ནུས་པའི་བློ་གྲོས་ཀྱི་སྤོབས་པ་ཁྱད་པར་ཅན་ཐོབ་པར་ཤོག་ཅིག་པར་སྨོན་པའོ། །གཉིས་པ་ནི། བདག་ཀྱང་འདི་ནས་ཚེ་རབས་ཐམས་ཅད་དུ། །རྗེ་བཙུན་བླ་མ་མཆོག་དང་མི་འབྲལ་ཞིང་། །དེས་གསུངས་གསུང་གི་བདུད་རྩི་མྱོང་བ་དང་། །དེ་དོན་སྒྲུབ་ལ་ཞུམ་པ་མེད་པ་ཡི། །ཚེ་རབས་ཀུན་ཏུ་ཡོངས་འཛིན་དམ་པ་དང་། །ནམ་ཡང་འབྲལ་མེད་རྗེས་སུ་འཛིན་གྱུར་ཅིག །ཅེས་པ་ནི། དམ་པའི་ཆོས་ཀྱི་མཚན་ཉིད་ནི་ཐོག་མཐའ་བར་གསུམ་དུ་དགེ་བ་ཞིག་ཡིན་ལ། དེ་ལྟར་དགེ་བར་བྱེད་པ་བླ་མ་དམ་པ་དགེ་བའི་བཤེས་གཉེན་གཅིག་པུ་ལ་རགས་ལས་ན་དུས་འདི་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ་བླ་མ་དང་མཇལ་བའི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་དང་མཇལ་ནས་སྐད་ཅིག་ཀྱང་མི་འབྲལ་བར་ལུས་ངག་གིས་ཞབས་ཏོག་དང་། ཟང་ཟིང་གི་འབུལ་བ་དང་། སྒྲུབ་པའི་རྒྱལ་མཚན་འཛུགས་པ་སྟེ་མཉེས་པ་གསུམ་གྱིས་བརྟེན་ནས་ཅི་གསུང་གི་བཀའ་བསྒྲུབ་ཅིང་། ཁྱད་པར་གསུང་གི་བདུད་རྩི་དམ་པའི་ཆོས་ཀྱི་རོ་མྱངས་ནས་དེའི་སྒྲུབ་པ་ལ་ཞུམ་པ་མེད་པའི་སྙིང་སྟོབས་བསྐྱེད་པས་འདི་ཕྱི་གང་རུང་དུ་དངོས་གྲུབ་རྣམ་གཉིས་ཐོབ་ཅིང་། གལ་ཏེ་ཅུང་ཟད་འགྱངས་ན་རྒྱུ་མཐུན་གྱི་འབྲས་བུ་ལས་སྐྱེ་བ་ཕྱི་མར་ཡང་བླ་མ་མཚན་ཉིད་དང་ལྡན་པ་མཇལ་ནས་རྗེས་སུ་འཛིན་པར་ཤོག་ཅིག་པའོ། ། | ཧེ་རུ་ཀ་དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །ཟུང་འཇུག་འོད་གསལ་འདུས་མ་བྱས་པའི་དབྱིངས། །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ། །གང་འདུལ་གདུལ་བྱའི་མོས་ངོར་སྤྲུལ་པའི་གར། །སྟོན་མཛད་དཔལ་ལྡན་བླ་མར་གུས་ཕྱག་འཚལ། །བཻ་རོའི་རྣམ་འཕྲུལ་འགྲོ་འདུལ་གླིང་པ་ཡི། །འཆོས་སྐྱོབ་གཉིས་ལྡན་བདུད་རྩིའི་ཀླུང་ཆེན་ལས། །སྔགས་ཀྱི་སྨོན་ལམ་འདོད་འཇོའི་དགའ་སྟོན་ཉིད། །གོ་གསལ་ཉུང་ངུའི་ངག་གིས་འདི་ན་འགྲོལ། །འདི་ལ་བཞི། མཚན་གྱི་དོན། མཆོད་པར་བརྗོད་པ། གཞུང་གི་དོན། མཇུག་གི་དོན་ཏོ། །དང་པོ་ནི། གསང་བ་སྔགས་ཀྱི་སྨོན་ལམ་འདོད་འཇོའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །ཞེས་པ། ཉན་རང་སོགས་གདུལ་བྱ་ཐུན་མོང་བའི་སྣོད་དུ་མ་གྱུར་པས་གསང་བ་སྟེ། ཀུན་མཁྱེན་རང་བྱུང་རྡོ་རྗེས། ཕྱི་ནང་ཉན་ཐོས་སྤྱོད་ཡུལ་མིན། །མཐའ་དྲུག་གིས་བཅིངས་ནང་གི་དོན། །ཅེས་གསུངས་པ་ལྟར་རོ། །ཡིད་ཤེས་བདེ་མྱུར་གྱི་སྒོ་ནས་སྐྱོབས་པར་བྱེད་པས་ན་སྔགས་ཏེ། ཇི་སྐད་དུ་ཡང་། འདོད་པའི་ལོངས་སྤྱོད་ལྔ་པོ་ལ། །ཅི་བདེ་བར་ནི་སྤྱད་པས་འགྲུབ། །ཅེས་སོ། །དེའི་ལམ་དང་འབྲས་བུའི་ཆོས་ཐམས་ཅད་རང་གི་དོན་ལ་ཡོངས་སུ་རྫོགས་པར་སྨོན་པས་ན་སྨོན་ལམ་དེ་གྲུབ་པའི་འབྲས་བུ་སྔགས་ཀྱི་དངོས་གྲུབ་དམན་འབྲིང་མཆོག་ལ་བརྟེན་ནས་གནས་སྐབས་དང་མཐར་ཐུག་གི་འདོད་པ་ཐམས་ཅད་ཡིད་བཞིན་དུ་འཇོ་བས་དགའ་སྟོན་སྤེལ་བར་བྱེད་པས་ན་གཞུང་འདིའི་མཚན་ལ་དེ་སྐད་ཅེས་བྱ་བ་སྟེ་དཔེའི་སྒོ་ནས་མཚན་དུ་བཏགས་པའོ། །གཉིས་པ་ནི། དུས་གསུམ་རྒྱལ་བ་སྲས་བཅས་མ་ལུས་དང་། །འགྲོ་བའི་སྐྱབས་གྱུར་པདྨ་སཾ་བྷ་ཝ། །སྲིད་ཞིའི་རྒུད་པ་ཀུན་སེལ་རཏྣའི་ཞབས། །མི་འབྲལ་སྙིང་ནས་གུས་པས་ཕྱག་བགྱིའོ། །ཞེས་པ་ནི། འདས་མ་འོངས་ད་ལྟའི་དུས་གསུམ་གཤེགས་པ་དང་བཞུགས་པ་དང་འབྱོན་པར་འགྱུར་པའི་བདུད་བཞིའི་དགྲ་ལས་རྒྱལ་བའི་རྒྱལ་བ་སྟེ་སངས་རྒྱས་དཀོན་མཆོག་དང་། དེ་དག་གི་སྲས་བྱང་ཆུབ་སེམས་དཔའ་ཉན་རང་དང་བཅས་པ་ནི་དགེ་འདུན་དཀོན་མཆོག་དང་། དེ་དག་གི་རྒྱུད་ལ་བཞུགས་པའི་འགོགས་ལམ་གྱི་བདེན་པ་ནི་ཆོས་དཀོན་མཆོག །འགོགས་བདེན་ནི་སངས་རྒྱས་འཕགས་པའི་རྒྱུད་ཀྱི་སྒྲིབ་གཉིས་སྤངས་པའི་སྤངས་ཆ། ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་ཉོན་སྒྲིབ་སྤངས་པའི་སྤངས་ཆ། ལམ་བདེན་ནི་སངས་རྒྱས་འཕགས་པའི་ཐུགས་རྒྱུད་ཀྱི་རྣམ་མཁྱེན། ཉན་ཐོས་དགྲ་བཅོམ་པའི་ཐུགས་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཁྱེན་པ་རྣམས་སོ། །དེ་དག་གིས་སྤྱིར་དཀོན་མཆོག་གསུམ་ལ་ཕྱག་མཛད་པའོ། །འགྲོ་བ་ལྷ་དང་བཅས་པའི་སྐྱབས་གནས་གཅིག་པུར་གྱུར་པ་པདྨ་སཾ་བྷ་ཝ་སྟེ། པདྨ་ཡང་དག་པར་འབྱུང་བའམ་པདྨའི་འབྱུང་གནས་ཏེ། ཐོག་མར་པད་སྡོང་ལས་འཁྲུངས་པར་མ་ཟད། ཨིནྡྲ་བོ་དྷིས་སྤྱན་དྲངས་པའི་ལམ་གང་དུ་བཞག་པར་པདྨ་རེ་འཁྲུངས་པས་མཚན་དུ་དེ་ལྟར་གསོལ་བར་གྲགས། སློབ་དཔོན་རྡོ་རྗེ་གདན་པས། དགེ་སློང་ལུས་ལ་ཕྱག་རྒྱར་ལྡན། །ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད། །པདྨཱ་ཀ་ར། ཞེས་གསུངས་པའི་གྲུབ་བརྙེས་ཀྱི་སློབ་དཔོན་དམ་པ་སྟེ། དེ་དག་གིས་བྱེ་བྲག་ཏུ་གངས་ཅན་འགྲོ་བའི་སྐྱབས་གནས་ལ་ཕྱག་མཛད་པའོ། །སྲིད་དང་ཞི་བའི་མི་མཐུན་པའི་རྒུད་པ་ཐམས་ཅད་སེལ་བའི་བྱེད་པོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་ཆོས་མཚུངས་པ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཏེ། པདྨ་གླིང་པའི་གཏེར་ལུང་ལས། རྒྱ་གར་རིག་འཛིན་ཧཱུྃ་ཀ་ར༔ འབྲི་ཡི་ཕྱོགས་སུ་རཏྣའི་མིང་༔ ཞེས་དང་། འབྲི་ཞེས་བྱ་བ་ཁ་བའི་ཀློང་གསེབ་ཏུ༔ རྨུ་རྒོད་འགྲོ་འདུལ་བྱང་ཆུབ་སེམས་ལྡན་པ༔ ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་བུ༔ ཞེས་གསུངས་པ་ལྟར་རོ། །དེ་དག་གིས་ཁྱད་པར་དུ་རྩ་བའི་བླ་མ་ལ་ཕྱག་མཛད་པའོ། །དེའང་ཕྱག་མཛད་པའི་ཚུལ་ནི་རབ་ལྟ་བ་མཇལ་བའི་ཕྱག་སྟེ་དུས་གསུམ་འདུ་འབྲལ་མེད་པར་ཡིད་རབ་ཏུ་དྭངས་བའི་སྒོ་ནས་སོ། །དེའང་སློབ་དཔོན་ཀླུ་སྒྲུབ་ཀྱིས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་ལྟར། །རང་གི་རང་རིག་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་མིན། །ཅེས་སོ། །གསུམ་པ་ལ་གཉིས། མི་རྟག་པའི་གཏམ་གྱིས་བློ་ཆོས་ལ་བསྐུལ་བ་དང་། ལམ་གྱི་རིམ་པ་དངོས་རྒྱུད་ལ་བརྟེན་པའོ། །དང་པོ་ནི། ཚེ་འདིའི་ལོངས་སྤྱོད་རྨི་ལམ་དགའ་སྟོན་བཞིན། །ལང་ཚོའི་དཔལ་ཡང་འཇའ་ཚོན་ལྟ་བུ་སྟེ། །ཚེ་སྲོག་མི་རྟག་གློག་གི་ཟློས་གར་བཞིན། །འཇིག་རྟེན་ཕུན་ཚོགས་ཀུན་ལ་དབང་བསྒྱུར་ཀྱང་། །སྟོན་དུས་མཛེས་པའི་སྤྲིན་དཀར་ཕུང་པོ་བཞིན། །སྐད་ཅིག་མི་རྟག་འཇིག་པའི་ཚུལ་ཅན་དུ། །མཐོང་ནས་སྲིད་པར་ཡིད་ནི་འབྱུང་བར་ཤོག །ཅེས་པ་སྟེ། ཚེ་འདིར་སྣང་གི་ལོངས་སྤྱོད་གནས་གྲོགས་སོགས་རྨི་ལམ་གྱི་དགའ་སྟོན་ལྟ་བུ་སྟེ། ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་རྨི་ལམ་ན་ཡང་འདོད་པ་སྟེན་པ། །སྐྱེས་བུ་སད་པར་གྱུར་ན་མི་མཐོང་སྟེ། །བྱིས་པ་ཤིན་ཏུ་འདོད་ལ་ཆགས་ཤིང་ཞེན། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །དེ་བཞིན་དུ་གཟུགས་དང་ལང་ཚོ་ཁ་དོག་རྒྱན་གོས་ཀྱི་དཔལ་འབྱོར་ཀུན་འཇའ་ཚོན་ལྟ་བུར་སྙིང་པོ་མེད་དེ། ཇི་སྐད་དུ་ཡང་། མི་རྟག་ལུས་ལ་སྙིང་པོ་མེད། །ནམ་མཁར་ཤར་བའི་འཇའ་ཚོན་འདྲ། །བདེན་པར་བཟུང་ཀྱང་ཡལ་ནས་འགྲོ། །ཞེས་སོ། །སྐྱེས་བུའི་ཚེ་སྲོག་ནི་མི་རྟག་སྟེ་རླུང་དམར་ནང་གི་མར་མེའམ་བར་སྣང་དུ་གློག་འགྱུ་བ་ལྟར་སྐད་ཅིག་གིས་མི་རྟག་སྟེ། རྗེ་བདག་ཉིད་ཆེན་པོས། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག །རྙེད་དཀའ་འཇིག་སླ་ནམ་མཁའི་གློག་དང་འདྲ། །ཞེས་སོ། འཇིག་རྟེན་ཚེ་འདིའི་ཕུན་ཚོགས་འཁོར་ལོས་སྒྱུར་རྒྱལ་དུ་གྱུར་ཏེ་གླིང་བཞི་ལ་མངའ་དབང་བསྒྱུར་ཀྱང་སྙིང་པོ་མེད་དོ། །སྟོན་དུས་ཀྱི་སྤྲིན་དཀར་ཕུང་པོ་དབྱིབས་ངོ་མཚར་བ་སྣ་ཚོགས་ཤར་ཡང་ད་ལྟ་རང་ཡོད་འཕྲོ་ལ་མེད་འགྲོ་བ་ལྟར་ཤེས་པར་བྱ་སྟེ། མགོན་པོ་ཀླུས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ཀྱང་། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང་། །འཁོར་ལོས་བསྒྱུར་བ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ན་ཡང་བྲན་ཉིད་དུ་འགྱུར། །ཞེས་སོ། །དེ་ལྟར་སྐད་ཅིག་ཀྱང་མི་སྡོད་ཅིང་འགྱུར་བའི་ཚུལ་རིག་ནས་སྲིད་པ་སྟེ་འཁོར་བ་ནས་ཡིད་དབྱུང་སྟེ་ངེས་འབྱུང་གི་བསམ་པ་རྣམ་པར་དག་པ་རྒྱུད་ལ་སྐྱེ་བར་ཤོག་ཅིག་པ་སྟེ། ཇི་སྐད་དུ་ཡང་། དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །ཡིད་ལ་གོམས་པས་ཚེ་འདིའི་སྣང་ཞེན་ལྡོག །ཅེས་སོ། །དེ་དག་གིས་འཆི་བ་མི་རྟག་པ་དང་ངན་འགྲོའི་སྡུག་བསྔལ་སོགས་སྐྱེས་བུ་ཆུང་ངུའི་ལམ་དང་། ཐར་པ་དོན་གཉེར་གྱི་བློ་བསྐྱེད་པ་སོགས་སྐྱེས་བུ་འབྲིང་གི་ལམ་རྣམས་བསྟན་པ་ཡིན་ཏེ། བྱང་ཆུབ་ལམ་གྱི་སྒྲོན་མ་ལས། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་ཤེས། །སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་གཉིས། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ། བསྟེན་ནས་ལམ་ལ་ཇི་ལྟར་སློབ་པའི་ཚུལ་ལོ། །དང་པོ་ནི། བདེ་ལེགས་དངོས་གྲུབ་ཀུན་གྱི་འབྱུང་གནས་ནི། །མཚན་ཉིད་ཀུན་ལྡན་ཐེག་མཆོག་བཤེས་གཉེན་ཏེ། །དྲན་པ་ཡིས་ཀྱང་སྲིད་ཞིའི་འཇིགས་འཕྲོག་ལ། །མི་ཕྱེད་དད་པས་ཚུལ་བཞིན་བསྟེན་པར་ཤོག །ཅེས་པ་གནས་སྐབས་མངོན་མཐོའི་བདེ་བ་དང་། མཐར་ཐུག་ངེས་ལེགས་ཀྱི་འབྲས་བུའམ། དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་ནི་མདོ་རྒྱུད་ནས་ཇི་སྐད་བཤད་པའི་མཚན་ཉིད་ཀུན་ལྡན་གྱི་བླ་མ་ཐེག་པ་མཆོག་གི་བཤེས་གཉེན་བསྟེན་དགོས་ཏེ། ཡོན་ཏན་རིན་པོ་ཆེའི་སྡུད་པ་ལས། སློབ་མ་བཟང་པོ་བླ་མར་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་དག་ལ་རབ་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །ཞེས་གསུངས་པས་སོ། །ཇི་ལྟ་བུ་ཞིག་བསྟེན་ཅེ་ན། དྲན་པ་ཙམ་གྱིས་ཀྱང་སྲིད་ཞིའི་འཇིགས་པ་འཕྲོག་པ་སྟེ་ཞི་བར་བྱེད་པ་སོགས་བཙལ་དགོས་ཏེ། བསྟན་བཅོས་ཤེས་བྱ་ཀུན་ཁྱབ་ལས། འཐད་པ་ལུང་རིགས་དཔེ་ཡི་སྒོ་ནས་བཙལ། །ཅེས་པ་ལྟར་རོ། །དེ་ཡང་ཐེག་ཆེན་དགེ་བའི་བཤེས་གཉེན་ཆོས་བཅུ་ལྡན་དང་། སྔགས་ཀྱི་རྡོ་རྗེ་སློབ་དཔོན་དེ་ཉིད་བཅུ་ལྡན་དེ། བསམ་སྦྱོར་ཕུན་སུམ་ཚོགས་པའི་སྒོ་ནས་ལེགས་པར་བསྟེན་ནས་མི་ཕྱེད་པའི་དད་པ་བརྟན་པོ་སྟེ་བདུད་ལས་ཀྱིས་དད་པ་ལྡོག་ཏུ་མི་བཏུབ་པ་སྟེ་ཚུལ་བཞིན་དུ་བསྟེན་པར་ཤོག་ཅིག་པའོ། །གཉིས་པ་ལ་གཉིས། ལམ་གྱི་རྩ་བ་སྤྱིར་བསྟན་པ་དང་། སོ་སོའི་ལམ་རྒྱས་པར་བཤད་པའོ། །དང་པོ་ནི། །དེ་ལྟར་དགེ་བའི་བཤེས་ལས་རྙེད་པའི་དོན། །རྟེན་གྱི་སྐྱབས་གྱུར་བླ་མ་དཀོན་མཆོག་གསུམ། །ཡིད་ལ་འབྲལ་མེད་གདུང་བས་གསོལ་འདེབས་ཤིང་། །འགྲོ་ཀུན་ཕ་མར་ཤེས་པའི་སྙིང་རྗེ་ཡིས། །ཀུན་གྱི་སྡུག་བསྔལ་རང་གིས་ལེན་པ་དང་། །བདག་གི་བདེ་དགེ་མ་ལུས་གཞན་ལ་བཏང་། །བླ་མེད་བདེ་ལ་བདག་གིས་འགོད་བྱ་ཞེས། །སེམས་ནི་བྱང་ཆུབ་དམ་པར་བསྐྱེད་བྱས་ནས། །ཕྱིན་དྲུག་སྤྱོད་པས་ཉིན་མཚན་འདའ་བར་ཤོག །ཅེས་པ་ནི་དེ་ལྟར་དགེ་བའི་བཤེས་གཉེན་བསྟེན་ནས་ཐོག་མར་དེ་ལས་རྙེད་པའི་དོན་ཞི་བདེ་དོན་གཉེར་ཙམ་མ་ཡིན་པར་སྐྱེས་བུ་ཆེན་པོའི་སྐྱབས་འགྲོའི་གནད་མ་འཁྲུལ་བར་ཤེས་པར་བྱས་ཏེ། གནས་སྐབས་ཙམ་མ་ཡིན་པའི་གཏན་གྱི་སྐྱབས་གནས་སུ་འོས་པ། བླ་མ་དང་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་ཞིང་། དེ་ནས་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་སེམས་ཅན་ཐམས་ཅད་ཕ་མར་ཤེས་པར་བྱས་ཏེ། རྗེ་བཙུན་བཞད་པ་རྡོ་རྗེས། འགྲོ་དྲུག་སེམས་ཅན་ཕ་མ་ལ། །བྱས་པ་དྲིན་དུ་མི་གཟོ་ན། །ཐེག་པ་དམན་པར་གོལ་བའི་སྐྱོན། །དེ་ཕྱིར་བརྩེ་བ་ཆེན་པོ་ཡིས། །བྱང་ཆུབ་སེམས་ལ་འབད་ཀྱང་འཚལ། །ཅེས་གསུངས་པ་ལྟར། འགྲོ་ཀུན་ཕ་མར་ཤེས་ནས་སྙིང་རྗེ་ཆེན་པོས་མ་གྱུར་སེམས་ཅན་ཀུན་གྱི་སྡུག་བསྔལ་རང་གིས་ལེན་པ་དང་། བདག་གི་བདེ་བ་དགེ་བའི་རྩ་བ་གཞན་ལ་བཏང་ནས་བླ་ན་མེད་པའི་བདེ་བ་དམ་པ་ལ་བདག་གིས་དགོད་པར་བྱའོ་ཞེས་ལྷག་བསམ་ཚད་མེད་པ་དང་ལྡན་པའི་སྨོན་སེམས་བསྐྱེད་ཅིང་། འཇུག་པའི་སྤྱོད་པ་སྦྱིན་སོགས་ཕར་ཕྱིན་དྲུག་ལ་ཉིན་མཚན་དུས་འདའ་བར་ཤོག་ཅིག་སྨོན་པའོ། །དེའི་ལམ་སྤྱིའི་རྩ་བ་སྐྱབས་སུ་འགྲོ་བ་དང་། བྱེ་བྲག་ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་པ་གཉིས་བསྟན་ཏོ། །གཉིས་པ་ལ་གཉིས། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ལ་བསླབ་ཚུལ་ལ་སྨོན་པའོ། །དང་པོ་ལ་གཉིས། སྐྱེས་བུ་གསུམ་གྱི་ལམ་གྱིས་བློ་སྦྱོང་བའི་ཚུལ་ལ་སྨོན་པ་དང་། སྡེ་སྣོད་གསུམ་གྱི་སྒྲུབ་པ་ཉམས་ལེན་སྙིང་པོར་དྲིལ་བས་སྨོན་པའོ། །དང་པོ་ལ་གསུམ། སྐྱེས་བུ་ཆུང་ངུ་། འབྲིང་། ཆེན་པོའི་ལམ་ལ་སྨོན་པའོ། །དང་པོ་ནི། མངོན་མཐོ་སྒྲུབ་བྱེད་རྒྱལ་བའི་གསུང་རབས་ཀུན། །དོན་རྣམས་སྐྱེས་བུ་ཆུང་ངུའི་ལམ་དང་ནི། །ཞེས་པ་ནི། ཕྱི་མ་མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་པའི་རྒྱུ་མི་དགེ་སྤང་ཞིང་དགེ་བཅུའི་ལམ་བསྒྲུབ་པ་དང་། དུས་ཁྲིམས་ཀྱི་བསླབ་པ་ལ་གནས་པ་སོགས་ཏེ། རིན་ཆེན་ཕྲེང་བ་ལས། དང་པོ་མངོན་པར་མཐོ་བའི་ཆོས། །ཕྱིས་ནས་ངེས་པར་ལེགས་པ་འབྱུང་། །ཞེས་སོ། །གཉིས་པ་ནི། ཐར་པ་སྒྲུབ་པའི་ཐབས་ལ་བརྩོན་པ་ཡི། །ཆོས་ཀྱི་རྣམ་གྲངས་ཀུན་གྱི་བརྗོད་བྱའི་དོན། །སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པ་སྟེ། །ངེས་པར་འབྱུང་བས་སྲིད་ལས་གྲོལ་བར་ཤོག །ཅེས་པ་ནི། རང་དོན་ཞི་བདེ་ཙམ་ལ་དམིགས་ནས་ཐར་པའི་གོ་འཕང་གཉེར་བ་སྐྱེས་བུ་འབྲིང་གི་ལམ་སྟེ། གཉིས་ཀའང་ཐེག་པ་ཆེན་པོའི་ལམ་སྟེགས་ཡིན་པས་དེ་དག་ལ་བརྟེན་ནས་ངེས་འབྱུང་གི་བློ་ཁྱད་པར་ཅན་བསྐྱེད་ཅིང་། སྲིད་པའི་སྡུག་བསྔལ་བཙོན་དོང་ལྟ་བུ་ལས་གྲོལ་བར་ཤོག་ཅིག་སྨོན་པའང་ལས་དང་པོ་པའི་ལམ་གྱི་འཇུག་ངོགས་ཁྱད་པར་ཅན་ཏེ། ཇི་སྐད་དུའང་། རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི། །བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་པས། །སྲིད་ལ་བརྐམས་པ་ཡིས་ཀྱང་ལུས་ཅན་རྣམས། །ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ། །ཅེས་གསུངས་པས་སོ། །གསུམ་པ་ནི། རྣམ་མཁྱེན་གོ་འཕང་མྱུར་དུ་སྒྲུབ་པའི་ཐབས། །རྒྱུ་དང་འབྲས་བུའི་ཐེག་ཆེན་རྣམ་གཉིས་ལས། །ཇི་བཞིན་གསུང་བའི་གསང་བ་མ་ལུས་པ། །སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་སྟེ། །བདག་གིས་མ་ལུས་ཉེ་བར་བླངས་པ་ལས། །ཆོས་རྣམས་ཐམས་ཅད་རྨི་ལམ་སྣང་བ་བཞིན། །སྣང་ཙམ་དེ་ལ་ཡུལ་གྱི་སྟེང་ཉིད་དུ། །གྲུབ་པའི་ངོ་བོ་རྡུལ་ཙམ་མ་མཆིས་ཀྱང་། །ལས་འབྲས་བསླུ་བ་མེད་པར་ངེས་རྙེད་ནས། །བདེན་གཉིས་ཟབ་མོའི་གནད་ལ་གོམས་པར་ཤོག །ཅེས་པ་ནི། དེ་ལས་གཞན་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་པར་སྟོན་པ་རྣམས་ནི་རྒྱུ་ཕ་རོལ་ཏུ་ཕྱིན་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་ཆེན་པོ་གཉིས་ཡིན་ལ། དེ་གཉིས་ལས་གསུངས་པའི་སྤྱོད་པ་རྒྱ་ཆེ་བ་དང་། དོན་ཟབ་པའི་གསང་བ་མ་ལུས་པའི་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་སྟེ། དེ་ཉམས་སུ་བླངས་པས་མཉམ་གཞག་གི་དོན་ཆོས་ཐམས་ཅད་རྨི་ལམ་གྱི་སྣང་བ་ལྟར་སྣང་ཙམ་ཉིད་ནས་ཡུལ་རང་ངོ་ནས་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་པར་རྟོགས་ཀྱང་། རྗེས་ཐོབ་ཀྱི་ཆ་ནས་ལས་འབྲས་བསླུ་བ་མེད་པར་ངེས་པ་རྙེད་ནས་བདེན་གཉིས་ཐ་དད་དུ་མི་འཛིན་པའི་ལམ་ཟབ་མོ་ལ་གོམས་པར་ཤོག་ཅིག་ཅེས་སྨོན་པའོ། །གཉིས་པ་ལ་གསུམ། འདུལ་བ། མདོ་སྡེ། མངོན་པའི་སྡེ་སྣོད་ལ་སློབ་པར་སྨོན་པའོ། །དང་པོ་ནི། འཁོར་ལོ་དང་པོ་འདུལ་བའི་སྡེ་སྣོད་ལས། ཉིས་བརྒྱ་ལྔ་བཅུ་སྤོང་བའི་ཚུལ་ཁྲིམས་དང་། །བཅུ་བདུན་བླང་བྱ་འཇུག་པའི་ཚུལ་ཁྲིམས་ཏེ། །ཀུན་གྱི་རྩ་བ་འགྲམ་གཞི་བརྟན་པོ་ནི། །ལྷག་པའི་ཚུལ་ཁྲིམས་འདུལ་སྡེ་ལ་གནས་ཤིང་། །ཞེས་པས། གཏན་ཁྲིམས་སོ་ཐར་རིས་བདུན་གྱི་ཡ་གྱལ། ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་འདུལ་ཁྲིམས་ལ་གནས་པ་དང་། འཇུག་པའི་བསླབ་བྱ་གཞི་བཅུ་བདུན་ཏེ། འདུལ་བ་ལུང་ལས། རབ་བྱུང་གསོ་སྦྱོང་གཞི་དང་ནི། །དགག་དབྱེ་དབྱར་དང་ཀོ་ལྤགས་དང་། །སྨན་དང་གོས་དང་སྲ་བརྐྱང་དང་། །ཀཽའུ་ཤམྦྷི་དང་ལས་ཀྱི་གཞི། །དམར་སེར་ཅན་དང་གང་ཟག་དང་། །སྤོ་དང་གསོ་སྦྱོང་བཞག་པ་དང་། །གནས་མལ་དང་ནི་རྩོད་པ་དང་། །དགེ་འདུན་དབྱེན་རྣམས་བསྡུས་པ་ཡིན། །ཅེས་གསུངས་པ་ལྟར་བསླབ་པ་ཡོངས་སུ་སྦྱོང་བ་སོགས་རང་རྒྱུད་བསྡམས་པ་ནི་ཡོན་ཏན་ཀུན་གྱི་རྟེན་རྩིག་པའི་འགྲམ་གཞི་བརྟན་པོ་དང་ལྡན་པའི་དཔེ་ལྟར་ལྷག་པའི་ཚུལ་ཁྲིམས་རྣམ་དག་ལ་སྨོན་པ་སྟེ། དབྱིག་གཉེན་ཞབས་ཀྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཅེས་སོ། །གཉིས་པ་ནི། བྱིང་རྒོད་དྲི་ཡི་བཞོན་པས་མི་གཡོ་བའི། །མངོན་རྟོགས་རིན་ཆེན་རྣམ་བཞིའི་རང་བཞིན་ཅན། །ཏིང་འཛིན་འཆི་མེད་རི་བོར་གནས་པའི་གཞི། །ཟབ་ཡང་མདོ་སྡེའི་གནས་ལ་འཇོག་པ་དང་། །ཞེས་པས། དེ་ལ་འཁོར་ལོ་བར་པའི་ངེས་བརྗོད་རྣམ་པར་ཐར་པའི་སྒོ་གསུམ་ནི་ལམ་གྱི་ངོ་བོ་ཡིན་ལ། དེའི་རང་བཞིན་བྱིང་རྒོད་ཀྱི་རླུང་གིས་མི་གཡོ་བའི་བསམ་གཏན་གྱི་མངོན་རྟོགས་ནི་རིན་ཆེན་གཞི་ལས་གྲུབ་པའི་རི་དབང་གི་སྟེང་ན་འཆི་མེད་ཀྱི་གྲོང་ཁྱེར་ལྟར་བརྟན་པའི་ཏིང་ངེ་འཛིན་གྱི་ཆོས་ཉིད་ནི་གཏིང་དཔག་དཀའ་བས་ཟབ་པ། རྒྱ་ཆེ་བས་ཡངས་པའི་དོན་ལ་མཉམ་པར་འཇོག་ཅིང་། རྗེས་ཐོབ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་མི་འགལ་བར་སྤྱོད་པ་ནི་ལྷག་པའི་ཏིང་ངེ་འཛིན་གྱི་བསླབ་པ་ཡིན་ནོ། །གསུམ་པ་ནི། ཆོས་མངོན་གསལ་བའི་རྣམ་དབྱེ་མིག་སྟོང་ལྡན། །གནས་ལུགས་རྟོགས་པའི་ཡེ་ཤེས་ལག་ཉལ་གྱིས། །མཐར་ལྟའི་དམིགས་པ་འདུལ་བྱེད་ལྷ་ཡི་དབང་། །ཆོས་མངོན་ལྟ་ན་སྡུག་གི་གྲོང་ཁྱེར་དུ། །སྡེ་སྣོད་གསུམ་གྱི་རྗོད་བྱེད་ཚིག་རྣམས་དང་། །བརྗོད་བྱ་བསླབ་པ་རྣམ་གསུམ་མངོན་གྱུར་ཤོག །ཅེས་པ་ནི། འཁོར་ལོ་ཐ་མ་ཆོས་མངོན་པའི་སྡེ་སྣོད་མཚན་ཉིད་གསུམ་གྱི་རྣམ་དབྱེ་ཤིན་ཏུ་གསལ་བ་བརྒྱ་བྱིན་མིག་སྟོང་ལྡན་གྱི་གཟུགས་སུ་བཀོད་དེ། ཤེས་རབ་ཀྱི་བསླབ་པའི་དེ་ཁོ་ན་ཉིད་ཀྱི་དངོས་པོའི་གནས་ལུགས་མངོན་པར་རྟོགས་པས་ན་དེའི་ཡེ་ཤེས་ལ་དབང་པོའི་ལག་ན་ཉལ་བ་དྲང་སྲོང་ཞོ་འཐུང་གི་རུས་པ་ཕ་ལམ་གྱི་རང་བཞིན་ལས་གྲུབ་པའི་རྡོ་རྗེས་ཡོད་མེད་རྟག་ཆད་མཐར་ལྟའི་དམིགས་པ་འདུལ་བར་བྱེད་པས་ན་ལྷའི་དབང་པོ་དང་སྦྱར་བ་སྟེ། རྗོད་བྱེད་སྡེ་སྣོད་གསུམ་དང་། བརྗོད་བྱ་བསླབ་པ་གསུམ་ལ་སྨོན་ནས་མངོན་དུ་འགྱུར་བར་ཤོག་ཅིག་པའོ། །གཉིས་པ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ལ་སློབ་པར་སྨོན་པའི་ཚུལ་ལ་གཉིས། ལམ་ལ་སྨོན་པ་དང་། འབྲས་བུ་ལ་སྨོན་པའོ། །དང་པོ་ལ་གཉིས། ལམ་གྱི་རྩ་བ་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་བསྟེན་ཚུལ་དང་། བསྟེན་ནས་ལམ་ལ་བསླབ་ཚུལ་ལ་སྨོན་པའོ། །དང་པོ་ནི། དེ་ལྟར་རྒྱུ་ཡི་ཐེག་པས་རྒྱུད་སྦྱངས་ནས། །འབྲས་བུ་སྨིན་གྲོལ་རྡོ་རྗེ་ཐེག་པའི་ལམ། །ཉམས་ལེན་དྲོད་རྟགས་སྣང་བཞི་མངོན་གྱུར་ནས། །དམ་ཚིག་དབང་དང་ཤེས་རབ་རྒྱུན་འཆད་ཅིང་། །མན་ངག་ལུང་བཞིན་ཉམས་ཆགས་སྐོང་མཛད་པའི། །མཐོང་ཐོས་དྲན་རེག་སློབ་དཔོན་རྣམ་བཞི་ལས། །ཞེས་པ་ནི། དེ་ལ་ཐར་པ་དང་རྣམ་མཁྱེན་གྱི་ལམ་མཁན་ནི་བླ་མ་འབའ་ཞིག་ལ་རག་ལས་པས་རང་ཉིད་ཀྱིས་ཐོག་མར་ལམ་གྱི་རྩ་བ་བླ་མ་བསྟེན་པར་གསུངས་ཤིང་། བླ་མ་དེ་ཡང་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་ལམ་ལ་ཉམས་ལེན་མཐར་ཕྱིན་ནས་རང་དོན་དུ་དྲོད་རྟགས་ཐོབ་པ། ཁྱད་པར་དུ་ཐེག་པ་མཆོག་གི་སྣང་བཞིའི་ལམ་རྟགས་མངོན་དུ་གྱུར་པ་ཞིག་བསྟེན་ལ། དེ་ལ་དམ་ཚིག་གི་གནང་བཀག་དང་འབྲེལ་བ་དབང་༡། ཐོས་བསམ་གྱི་ཤེས་རབ་དང་འབྲེལ་བ་རྒྱུད༢། མན་ངག་གི་གོམས་པ་དང་འབྲེལ་བའི་ལུང་༣། འགལ་རྐྱེན་དང་ཉམས་ཆགས་བསྐང་༤བ་བཞིར་སྟོན་པའང་། དང་པོ་ལྷ་དང་གཞལ་ཡས་ཁང་ལ་སོགས་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་སྟོན་པས་ན་མཐོང་བ་དང་༡། གཉིས་པས་གཞི་ལམ་འབྲས་གསུམ་གྱི་རྒྱུད་དོན་དབང་ཤེས་ལ་སྦྱོར་བས་ཐོས་པ་དང་། གསུམ་པས་དེ་ཁོ་ན་ཉིད་ཀྱི་གནས་ལུགས་རང་ལ་གནས་པ་ངོ་སྤྲོད་ཅིང་ལམ་གྱི་ངོ་བོ་དྲན་པ་ལ་སྦྱོར། བཞི་པས་ཉམས་ན་བཤགས་ཐབས་སྟོན་ཅིང་དག་ཚངས་ལ་རེག་ཏུ་འཇུག་པས་རྣམ་གྲངས་བཞིར་བསྟན་པ་ཡིན་ཅིང་། དྲུག་ཏུ་བསྟན་པ་སོགས་ཀྱང་ཡོད་དེ། གཤིན་རྗེ་དགྲ་ནག་གི་འགྲེལ་པ་ལྷན་ཅིག་སྐྱེས་སྣང་ལས། དམ་ཚིག་ཀློག་པ་སྦྱིན་པ་དང་། །འཆད་བྱེད་མན་ངག་སྟོན་པ་དང་། །དབང་བསྐུར་བ་དང་ལས་བྱེད་དང་། །དེ་རྣམས་སློབ་དཔོན་ཞེས་བཤད་དོ། །ཞེས་སོ། །གཉིས་པ་ལ་གཉིས། ཉམས་སུ་བླང་བྱའི་ལམ་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རྒྱུད་སྡེ་བཞི་དང་རྫོགས་པ་ཆེན་པོའི་ལམ། །ལེགས་པར་བཤད་པའི་སྨིན་གྲོལ་ལམ་གྱི་གནད། །ཅེས་བྱ་སྤྱོད་རྣལ་འབྱོར་བླ་མེད་བཞི་དང་། ཐེག་པའི་རྩེ་མོ་རྫོགས་པ་ཆེན་པོའི་སྨིན་གྲོལ་གཉིས་ཀྱི་ལམ་གནད་རིམ་པར་ནོད་ནས་བསྟེན་གོམས་བྱ་ཞེས་སྤྱིར་བསྟན་ཏོ། །གཉིས་པ་ལ་དྲུག །ཀྲི་ཡ། ཨུ་པ། ཡོ་ག །མ་ཧཱ། ཨ་ནུ། ཨ་ཏིའི་ལམ་ལ་སྨོན་པའོ། །དང་པོ་ནི། ཆུ་དབང་སོགས་ཀྱིས་རང་རྒྱུད་སྨིན་བྱས་ནས། །མདུན་བསྐྱེད་ཐུགས་ཀར་ཡིག་འབྲུ་ས་བོན་བཀོད། །ཕྱི་ཡི་སྤྱོད་ལམ་དྲང་སྲོང་རྗེས་མཐུན་ཅིང་། །ནང་གི་ཉི་མ་རྣལ་འབྱོར་སྙིང་ལ་ཤར། །ལྷ་མོ་རྣམས་དང་ཕན་ཚུན་བལྟས་པ་ལས། །བྱུང་བའི་བདེ་བ་ལམ་བྱེད་ཀྲི་ཡའི་རྒྱུད། །རྗེ་དཔོན་ལྟ་བུར་དངོས་གྲུབ་ལེན་པ་དང་། །ཞེས་པས། དེ་ལ་སྔགས་སྡོམ་གྱི་ལམ་སྟེགས་སུ་བྱང་སྡོམ་ནི་ངེས་པར་དགོས་ལ། དེའི་སྟེང་དུ་སྔགས་ཕྱི་ནང་སོ་སོའི་དམ་ཚིག་དང་སྡོམ་པའི་གནང་བཀག་དང་མི་འགལ་བས་ཆུ་དང་ཅོད་པན་གྱིས་དབང་གི་སྨིན་པར་བྱ་སྟེ། ཡེ་ཤེས་གསང་བའི་རྒྱུད་ལས། བུམ་པ་ཆུ་ཡི་དབང་བསྐུར་བ། །བྱ་བའི་རྒྱུད་ལ་ཞུགས་པ་སྟེ། །ཞེས་སོ། །མདུན་བསྐྱེད་ཀྱི་ཐུགས་ཀར་ཡིག་འབྲུ་དང་བཅས་པའི་ལྷའི་རྣལ་འབྱོར་བསྒོམ་པ་དང་། ཕྱིའི་སྤྱོད་ལམ་ནི་ཁྲུས་དང་། གཙང་སྦྲ་དང་། དཀར་གསུམ་བཟའ་བ་དང་། སྨྱུང་བར་གནས་པའི་སྒོ་ནས་རྫོགས་ལྡན་དུས་ཀྱི་འདོད་པའི་ཀུན་སྤྱོད་ལྷ་མོ་ཕན་ཚུན་བལྟས་པ་ཙམ་གྱིས་བདེ་བ་ལམ་དུ་བྱེད་ཅིང་། མདུན་བསྐྱེད་ལས་རྗེ་དཔོན་ཚུལ་དུ་དངོས་གྲུབ་ལེན་པའོ། །གཉིས་པ་ནི། རྡོ་རྗེ་དྲིལ་བུའི་དབང་གིས་སྨིན་བྱས་ནས། །བདག་མདུན་གཉིས་ཀའི་ཐུགས་ཀར་ཡིག་འབྲུ་བཀོད། །ཕྱི་རོལ་བྱ་བའི་ཐབས་དང་ནང་གི་ནི། །ཟབ་མོའི་རྣལ་འབྱོར་ཆ་ལ་མཉམ་པར་སྤྱོད། །འཛུམ་ཞིང་དགོད་པའི་བདེ་བ་རྣམ་རོལ་པ། །ཡན་ལག་བཞི་ལ་གཞོལ་བ་ཨུ་པའི་རྒྱུད། །གྲོགས་པོ་ལྟ་བུར་དངོས་གྲུབ་ལེན་པར་བྱེད། །བྱ་སྤྱོད་གནས་ལ་ཚུལ་བཞིན་སྤྱོད་པར་ཤོག །ཅེས་པ་ནི། སྤྱོད་པའི་རྒྱུད་ལ། རྡོ་རྗེ་དྲིལ་བུ་མིང་དབང་དང་བཅས་པས་སྨིན་པར་བྱ་སྟེ། ཡེ་ཤེས་ཐིག་ལེ་ལས། རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལ་རབ་ཏུ་གསལ། །ཅེས་སོ། །བདག་མདུན་གཉིས་ཀ་ལྷའི་རྣམ་རོལ་དུ་གསལ་བའི་བཟླས་སྒོམ་དང་། ཕྱིའི་སྤྱོད་ལམ་བྱ་རྒྱུད་དང་མཐུན་ཅིང་། ནང་གི་རྣལ་འབྱོར་ཡོ་ག་ལྟར་བསྒོམ་པར་འདོད་པའི་ཀུན་སྤྱོད། ལྷ་མོ་དང་ཕན་ཚུན་འཛུམ་ཞིང་དཀོད་པའི་བདེ་བ་ལམ་དུ་བྱེད་པ། རྣལ་འབྱོར་ཡན་ལག་བཞི་ནི། རྣམ་སྣང་མངོན་བྱང་ལས། ཡི་གེ་དང་ནི་ཡི་གེ་སྦྱར། །དེ་བཞིན་གཞི་ལ་གཞིར་གྱུར་ཉིད། །ཅེས་པས་སོ། །མདུན་བསྐྱེད་ལས་གྲོགས་པོ་ལྟ་བུ་དངོས་གྲུབ་ལེན་པའོ། །དེ་ལྟར་བྱ་སྤྱོད་གཉིས་ཀྱི་མཚན་བཅས་མཚན་མེད་སོགས་ཀྱི་རྣལ་འབྱོར་ལ་ཚུལ་བཞིན་དུ་གནས་ཤིང་གོམས་པར་ཤོག་ཅིག་པའོ། །གསུམ་པ་ནི། སློབ་དཔོན་དབང་བསྐུར་རང་རྒྱུད་སྨིན་བྱས་ནས། །བདག་མདུན་གཉིས་ཀ་དག་པའི་ལྷ་རུ་བསྐྱེད། །ཡེ་ཤེས་སྤྱན་དྲངས་དེ་སྲིད་ང་རྒྱལ་བཟུང་། །ཕྱག་རྒྱ་བཞི་ཡི་རྒྱ་ལས་མི་འདའ་ཞིང་། །ཏིང་འཛིན་གསུམ་གྱི་ལང་ཚོས་སྙིང་ལ་འགྲོགས། །ལག་པའི་པདྨོ་འབྲེལ་བའི་བདེ་བས་ཚིམས། །ནང་གི་རྣལ་འབྱོར་གཙོ་བོར་གྱུར་པ་ཡི། །ཡོ་གའི་ལམ་གྱི་གཞི་ལ་རྣམ་གྲོལ་ཤོག །ཅེས་པ་ནི། དབང་སྔ་མའི་སྟེང་དུ་རྡོ་རྗེ་སློབ་དཔོན་གྱི་དབང་གིས་སྨིན་པར་བྱ་སྟེ། ཇི་སྐད་དུ། ཕྱིར་མི་ལྡོག་པ་བུམ་པའི་དབང་། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱ། །ཞེས་སོ། །བདག་མདུན་གཉིས་ཀ་ལྷར་བསྐྱེད་ནས་ཡེ་ཤེས་པ་དགུག་ཅིང་གཞུག །ལྷར་སྣང་ལ་ང་རྒྱལ་བཟུང་ནས་དམ་ཚིག་གི་ཕྱག་རྒྱ་དང་། ཆོས་རྒྱ། ལས་རྒྱ། ཕྱག་རྒྱ་ཆེན་པོ་བཞིས་བཅིང་ཞིང་གདུལ་བྱའི་ཉོན་མོངས་པ་གཏི་མུག་དང་། ཞེ་སྡང་། འདོད་ཆགས། སེར་སྣ་བཞི་འདུལ་ཕྱིར་དུ་མ་བུ་བཞིའི་ཐ་སྙད་ཀྱི་སྨོན་པའི་ལྷར་སྣང་གི་དུམ་བུ་རེ་ལ་རྒྱས་འབྲིང་བསྡུས་གསུམ་གྱི་ཏིང་ངེ་འཛིན་གསུམ་གྱི་ལང་ཚོས་སྙིང་ལ་འགྲོགས་ནས་སམ། དང་པོ་སྦྱོར་བ༡། དཀྱིལ་འཁོར་རྒྱལ་མཆོག༢ །ལས་རྒྱལ་མཆོག་༣སྟེ་ཏིང་འཛིན་གསུམ་དང་། འདོད་པའི་ཀུན་སྤྱོད་ཀྱང་གཉིས་ལྡན་དང་མཚུངས་པས་ལག་བཅངས་ཀྱི་རྣམ་པ་ལམ་དུ་བྱེད་ལ། །ཕྱིའི་སྤྱོད་པ་གྲོགས་ཙམ་དུ་བསྟེན་པ་ལས། །གཙོ་བོར་ནང་གི་རྣལ་འབྱོར་ལ་བརྩོན་པ་སྟེ། ཡོ་གའི་ལམ་གྱི་གཞི་ལ་རྣམ་པར་གྲོལ་བར་ཤོག་ཅིག་ཅེས་སྨོན་པའོ། །བཞི་པ་ལ་དྲུག །ནང་པ་ཐབས་རྒྱུད་གསང་བ་བླ་མེད་ཀྱི་དོན་ལ་སྤྱིར་སྨོན་པ༡། འཆི་སྲིད་ཆོས་སྐུར་སྦྱོང་བ༢། བར་སྲིད་ལོངས་སྐུར་སྦྱོང་བ༣། སྐྱེ་སྲིད་སྤྲུལ་སྐུར་སྦྱོང་བ༤། བདེ་སྟོང་གི་ལྷ་སྐུ༥། འདུས་པའི་རིམ་ལྔ་མཐར་ཕྱིན་པར་༦སྨོན་པའོ། །དང་པོ་ནི། རྒྱུ་དབང་བསྐུར་ནས་རག་པའི་ཕུང་སོགས་རྣམས། །ཕྱི་ནང་སྣོད་བཅུད་གཞལ་ཡས་ལྷ་རྣམས་སུ། །དག་པའི་སྐུ་དང་མཆོག་དབང་གསུམ་བསྐུར་ནས། །བསྐྱེད་རིམ་ཚོགས་ཞིང་སྲུང་འཁོར་སྔོན་འགྲོ་བས། །རིམ་པ་ལྔ་དང་རྗེས་མཐུན་ལམ་གྱི་འགྲོས། །ཞེས་པས། ས་ཆོག་དང་། སྟ་གོན་དང་། རྡུལ་ཚོན་གྱི་བྱ་བ་དང་། ཆོ་གའི་ལམ་རིམ་ལ་སོགས་སྐྱེད་བྱེད་འགྲུབ་པའི་རྒྱུ་ཚོགས་མང་པོ་ལ་བརྟེན་དགོས་པས་ན་བུམ་དབང་རྗེས་འབྲངས་རིག་པའི་དབང་ལྔ་དང་བཅས་པ་ལ་རྒྱུ་དབང་དུ་བཞག་ལ། དག་བྱེད་དེ་རྣམས་ཀྱི་དག་བྱ་སློབ་མའི་རྒྱུད་ཀྱི་རགས་པའི་ཕུང་པོ་ལྔ་ནི་གཤེགས་པ་ལྔ། འབྱུང་བ་ལྔ་ནི་ཡུམ་ལྔ། དབང་ཡུལ་སེམས་དཔའ་སེམས་མ། མུ་བཞི་ལ་སོགས་པ་སྒོ་བ་ཡབ་ཡུམ་དུ་གནས་དག་པར་བྱེད་ཅིང་། དེ་བཞིན་དུ་ཕྱི་སྣོད་གཞལ་ཡས་ཁང་དང་། ནང་བཅུད་ལྷ་དང་ལྷ་མོའི་རང་བཞིན་དུ་རྣམ་པར་དག་པར་བྱེད་པ། དེའི་སྟེང་དུ་མཆོག་དབང་གོང་མ་གསུམ་ལས། གསང་དབང་གིས་ངག་གི་རླུང་། ཤེར་དབང་གིས་ཡིད་དང་ཐིག་ལེ། བཞི་པས་ཤེས་བྱའི་སྒྲིབ་པ་དག་སྟེ་རྒྱུད་སྨིན་ཅིང་སྐུ་བཞིའི་ས་བོན་ཐེབས། དེ་ནས་རིམ་པ་དང་པོ་བསྐྱེད་རིམ་གྱི་ཚོགས་ཞིང་ལ་བརྟེན་ནས་ཚོགས་བསགས་པ། སྲུང་འཁོར་བསྒོམ་པ་སྔོན་དུ་འགྲོ་བས་དངོས་གཞི་ལུས་ལྷ། ངག་སྔགས། སེམས་དེ་ཁོ་ན་ཉིད་ལ་གཞོལ་བས་སྒོ་གསུམ་རྡོ་རྗེ་གསུམ་དང་། ཀུན་རྫོབ་བདེན་པ་སྒྱུ་ལུས། དོན་དམ་བདེན་པ་འོད་གསལ་ཏེ། ཕ་རྒྱུད་གསང་བ་འདུས་པའི་རིམ་པ་ལྔ་དང་རྗེས་སུ་མཐུན་པ་ཞེས་པས་ལམ་གྱིས་འགྲོས་མཚུངས་སུ་སྦྱར་བ་སྟེ། རིམ་ལྔ་བསྡུས་གསལ་ལས། ལུས་དབེན་སྔགས་དང་སེམས་གསུམ་གྱི། །སྒྱུ་མ་མངོན་པར་བྱང་ཆུབ་པས། །ཟུང་འཇུག་རིམ་པ་ཤེས་པར་འགྱུར། །ཞེས་སོ། ། ༈ གཉིས་པ་ནི། ཁམས་དྲུག་ལྡན་པའི་མི་རྣམས་ཕུང་ཁམས་སོགས། །རིམ་གྱིས་ཐིམ་ནས་འཆི་བའི་རིམ་པའམ། །ཇི་ལྟར་མཚན་མོ་གཉིད་དུ་སོང་བའི་ཚེ། །ཡུལ་ལྔའི་ཤེས་པ་རིམ་གྱིས་ཡིད་དུ་ཐིམ། །དེ་ཡང་ཀུན་གཞིར་ཐིམ་པས་མི་རྟོག་པ། །རྩེ་གཅིག་སྣང་ཡུལ་མེད་པའི་ངང་དེ་ཉིད། །ཆོས་དབྱིངས་ཐིམ་པས་རང་བཞིན་སྤྲོས་དང་བྲལ། །མཐུན་པར་ལྷག་མོས་འོད་གསལ་དུ་འཇུག་པའི། །བར་འདིར་ཆོས་སྐུའི་རྣལ་འབྱོར་ལ་གནས་ཤིང་། །ཞེས་པ་ནི་འབྱུང་བ་ལྔ་དང་དྲི་བཅས་ཡེ་ཤེས་ཏེ་ཁམས་དྲུག་ལྡན་གྱི་མི་རྣམས་ཕུང་ཁམས་ཀྱི་ཚོགས་བྱས་ཤིང་ཐིམ་ཉམས་སུ་མྱོང་བའམ། དེ་དང་རྗེས་མཐུན་མཚན་མོ་གཉིད་དུ་ཕྱོགས་པའི་ཚེ་མཐོང་ཡུལ་གཟུགས་ལ་སོགས་པའི་དབང་པོའི་ཤེས་པ་ལྔ་རིམ་གྱིས་ནུབ་ནས་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཐིམ། དེ་ཡང་ཀུན་གཞི་ལུང་མ་བསྟན། སེམས་མེད་པའི་གནས་སྐབས་ལྔའི་གཅིག་ཤོས་ལ་ཐིམ་པས་གཉིད་མཐུག་གང་དུའང་མི་རྟོག་པའི་ངང་དུ་ཐིམ། ཐིམ་པ་དེ་ཉིད་གཟུང་འཛིན་གྱི་ཆར་ཤར་བ་མ་ཡིན་ཡང་གོ་འབྱེད་པའི་ཆ་ནས་རླུང་སེམས་ཀྱིས་མ་བསླད་པའི་རིམ་པ་ནང་གསལ་ལྷུན་གྲུབ་ཆེན་པོར་ཤར་བ་ལ་ཆོས་དབྱིངས་སུ་ཐིམ་པའི་བརྡར་བཏགས་པ་སྟེ། རང་བཞིན་གྱིས་སྤྲོས་པ་དང་བྲལ་བ་དང་མཐུན་པར་ལྷག་མོས་འོད་གསལ་དུ་འཇུག་པའི་དུས་ཏེ་འཆི་བ་ཆོས་སྐུའི་རྣལ་འབྱོར་ཞེས་བྱའོ། །དེའང་ཞིབ་ཏུ་བཤད་ན། གང་དུ་འཚང་རྒྱ་བའི་གནས་གཞལ་ཡས་ཁང་བསྐྱེད་པ། དེར་འཚང་རྒྱ་བའི་བརྟེན་པ་ལྷ་བསྐྱེད་པ། ཇི་ལྟར་འཚང་རྒྱ་ཚུལ་ལྷག་མོས་འོད་གསལ་དུ་སྡུད་པ་སྟེ་བསྐྱེད་པ་དང་རྫོགས་པའི་རིམ་པའོ། །དེ་ཡང་ཀྱཻ་རྡོར་བརྟག་གཉིས་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །བརྟུལ་ཞུགས་ཅན་གྱི་སྤྲོས་པ་བསྒོམ། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་ཉིད་ཀྱང་སྤྲོས་མེད་བྱ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་རྫོགས་པའི་རིམ་པ་ལ། སྦྱང་གཞི་མི་ཐ་མལ་པ་འབྱུང་བ་རིམ་པས་བསྡུས་ཏེ་འཆི་བའི་ཚེ་ཐོག་མར་གཟུགས་ཕུང་། གཞི་དུས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ས་ཁམས། མིག་གི་དབང་པོ། རང་རྒྱུད་ཀྱི་གཟུགས་ཐིམ་པ་རྣམས་འབྱུང་། དེའི་ཕྱི་རྟགས་ནི། གཟུགས་ཕུང་ཐིམ་དུས་ལུས་ཉམ་ཆུང་། མེ་ལོང་ཡེ་ཤེས་ཐིམ་དུས་མིག་མི་གསལ་ཞིང་རབ་རིབ་ཅན་ས་ཁམས་ཐིམ་པས་ལུས་ཤས་ཆེར་བསྐམས་ཤིང་ས་འོག་ཏུ་བྱིངས་པ་ལྟ་བུ། མིག་དབང་ཐིམ་དུས་མིག་འབྱེད་འཛུམ་མི་ཤེས། རང་རྒྱུད་ཀྱི་གཟུགས་ཐིམ་དུས་ལུས་ཀྱི་མདངས་ཡལ་ཅིང་ཉམས་སྟོབས་ཆུང་། ནང་རྟགས་སུ་སྨིག་རྒྱུ་ལྟ་བུའི་སྣང་བ་འབྱུང་། དབང་ཤེས་འཁོར་གྱི་ཚོར་བ་བདེ་སྡུག་མི་དྲན། དེའི་རྗེས་སུ་ཚོར་བའི་ཕུང་པོ་མཉམ་ཉིད་ཡིད་ཤེས་འཁོར་གྱི་ཚོར་བ་བདེ་སྡུག་མི་དྲན། ཡེ་ཤེས། རྣ་བའི་རྣ་བས་སྒྲ་མི་ཐོས་དབང་པོ། ཆུའི་ཁ་ཆུ་དང་རྣག་ཁྲག་སྐམ་ཁམས། རང་རྒྱུད་རྣ་བའི་ནང་གི་འུར་སྒྲ་མི་འབྱུང་། ཀྱི་སྒྲ་རྣམས་ཐིམ། ནང་རྟགས་སུ་དུ་བ་ལྟ་བུའི་སྣང་བ་ཕྱི་རྟགས་སུ་ཉེ་དུ་སོགས་ཀྱི་དོན་མི་དྲན། འབྱུང་། དེའི་རྗེས་སུ་ཉེ་དུ་སོགས་ཀྱི་མིང་མི་དྲན་འདུ་ཤེས་ཀྱི་ཕུང་པོ། མེ་དྲོད་ཡལ་ནས་བཟའ་བཏུང་མི་འཇུ་སོར། རྟོག་ཡེ་ཤེས་མེའི་ཁམས། སྣའི་དབང་པོ། སྣ་སྒོ་ནས་རླུང་ཕྱིར་དྲག་ཏུ་རྒྱུ་ཞིང་ནང་དུ་སྡུད་དཀའ། རང་རྒྱུད་ཀྱི་དྲི་ཐིམ། དྲི་མི་ཚོར། ནང་རྟགས་སུ་མཁའ་སྣང་འཆར། དེའི་རྗེས་སུ་འདུ་བྱེད་ཀྱི་ཕུང་པོ། ལུས་འགུལ་བསྐྱོད་མི་ནུས། བྱ་གྲུབ་ཡེ་ཤེས། ཕྱི་ནང་གི་བྱ་བ་དང་དགོས་པ་རྣམས་མི་དྲན། རླུང་གི་ཁམས། རླུང་བཅུ་རང་གནས་ནས་འཕོ། ལྕེའི་དབང་པོ། སྦོམ་ཞིང་ཐུང་ནག་པོ། རང་རྒྱུད་ཀྱི་རོ་རྣམས་ཐིམ། ལྕེས་རོ་མི་ཚོར། ནང་རྟགས་མར་མེ་ལྟར་འབར་བའི་སྣང་བ་འབྱུང་དེའི་རྗེས་སུ་རླུང་སྣང་བ་ལ་ཐིམ་པའི་སྣང་བ་རང་དུས་སུ་སྟོན་གནམ་གཡའ་དག་པ་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་དཀར་ལམ་པའི་སྣང་བ་འབྱུང་ལ། སྣང་བ་མཆེད་པ་ལ་ཐིམ་པའི་མཆེད་པ་རང་དུས་སུ་སྟོན་གནམ་གཡའ་དག་པ་ལ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུའི་སྟོང་སང་དམར་ལམ་པའི་སྣང་བ་འབྱུང་། མཆེད་པ་ཉེར་ཐོབ་ལ་ཐིམ་པའི་ཉེར་ཐོབ་རང་དུས་སུ་སྟོན་གནམ་གཡའ་དག་པ་ལ་མཚན་གྱི་སྨག་མཐུག་པོས་ཁྱབ་པ་ལྟ་བུའི་སྟོང་སང་ནག་ལམ་པའི་སྣང་བ་འབྱུང་། ཉེར་ཐོབ་འོད་གསལ་ལ་ཐིམ་པའི་རང་དུས་སུ་སློང་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་ཐོ་རངས་ཀྱི་ནམ་མཁའི་རང་མདོག་ཇི་ལྟ་བའི་སྣང་བ་འབྱུང་སྟེ་འཆི་བ་འོད་གསལ་འཆར། འདི་མིང་གི་རྣམ་གྲངས། གཞིའི་ཆོས་སྐུ་དང་། མྱ་ངན་ལས་འདས་པ་དང་། ཀུན་སྟོང་དང་། ཐམས་ཅད་སྟོང་པ་ཞེས་ཀྱང་བྱ་སྟེ། མྱ་ངན་འདས་བཅས་ཀུན་སྟོང་དང་། །ཆོས་ཀྱི་སྐུར་ནི་བཤད་པ་ཡིན། །ཅེས་གསུངས་པའི་ཕྱིར་རོ། །ལྷག་མོས་འོད་གསལ་དུ་བསྡུ་བའི་རྣལ་འབྱོར་ལའང་བསྐྱེད་རིམ་པའི་ཆོས་སྐུ་ཞེས་ཀྱང་ཟེར། སྒྲུབ་པ་པོས་ལྷའི་ངོ་བོ་དབྱེར་མེད་དུ་མོས་ནས་གཉིས་སྣང་གི་སྤྲོས་པ་ཞི་བར་གནས་པའི་རྣལ་འབྱོར་ཡིན་པས་བསྐྱེད་རིམ་པའི་ཞི་གནས་ཞེས་ཀྱང་བྱའོ། །གོང་དུ་ཇི་སྐད་བཤད་པ་དེ་ལྟར་སྦྱང་གཞི་སྦྱོང་བྱེད་ཀྱི་རྣལ་འབྱོར་པ་སྒོམ་པ་ལ་འཆི་བ་ཆོས་སྐུར་འཆར་བའི་རྣལ་འབྱོར་ཞེས་བྱ་སྟེ། གཞིའི་འཆི་རིམ་དང་རྣམ་པ་མཐུན་ཅིང་སྒྲུབ་པ་པོ་རང་ཉིད་ཀྱི་མ་འོངས་པའི་འཆི་བ་སྦྱོང་བར་བྱེད། ལམ་རྫོགས་རིམ་གྱི་སྐབས་སུ་དཔེ་དོན་གྱི་འོད་གསལ་དང་རྣམ་པ་མཐུན། དེ་ལྟ་བུའི་འོད་གསལ་རང་རྒྱུད་ལ་སྐྱེ་བའི་དགེ་རྩ་སྨིན་བྱེད་ཁྱད་པར་ཅན་དུ་འགྱུར། འབྲས་བུ་སངས་རྒྱས་པའི་རྒྱལ་བའི་ཐུགས་ཆོས་ཀྱི་སྐུ་དང་རྣམ་པ་མཐུན་ཅིང་། ད་ལྟ་ནས་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་བྱས་ནས་བསྒོམ་པའོ། །གསུམ་པ་ནི། གཉིད་དམ་འཆི་བའི་འོད་གསལ་ལུགས་ལྡོག་ཏུ། །སླར་ཡང་མཆེད་པས་ཀུན་གཞིའི་རྣམ་ཤེས་ལས། །ཡིད་ཉིད་གཅིག་པུ་ལངས་པས་རྨི་ལམ་སེམས། །དབང་པོ་ཀུན་ཚང་ཡིད་ཀྱི་ལུས་གྲུབ་པ། །ཞེས་པས། གནས་སྐབས་པ་གཉིད་དམ་མཐར་ཐུག་པ་འཆི་བ་གང་ཡིན་ཡང་མཚུངས་ཏེ། རང་བཞིན་གྱི་འོད་གསལ་དེ་སྔར་གྱི་ཀུན་གཞིའི་ངང་དུ་རྨུགས་པ་དེ་ཕྱིར་གསལ་དུ་མཆེད་པས་སྲོག་གི་རླུང་ཤིན་ཏུ་ཕྲ་བ་དང་། ལྷན་ཅིག་པའི་ཀུན་གཞིའི་རྣམ་ཤེས་ལས་ཡིད་ཉིད་གཅིག་པུར་ལངས་པས་རྨི་ལམ་གྱི་ལུས་གྲུབ་པ་ཡིན་ཏེ། མིང་གཞི་འདུས་པའི་ཕུང་པོ་ཅན་བར་དོ་དང་ཆོས་མཚུངས་པའོ། །དེ་ལའང་སྦྱང་གཞི་བར་དོའི་རྣམ་གཞག་ལ། འཆི་བ་འོད་གསལ་གྱི་བཞོན་པར་གྱུར་པའི་རླུང་གི་ཉེར་ལེན་དང་། སེམས་ཀྱི་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་འཛམ་བུ་གླིང་པའི་མིར་སྐྱེ་འགྱུར་གྱི་བར་དོ་རླུང་གི་ལུས་ཅན་བཞིན་ལག་གི་རྣམ་པ་ཅན་ཕུང་པོ་རྙིང་པ་ལས་གོས་ལོགས་སུ་བྱེ་བའི་ཚུལ་གྱིས་དངོས་གནས་ལ་གྲུབ་པ་དེ་འབྱུང་ཞིང་། དེ་དང་དུས་མཉམ་དུ་ལུགས་ལྡོག་གི་ཉེར་ཐོབ་ནས་སྨིག་རྒྱུའི་བར་གྱི་རྟགས་རྣམས་འབྱུང་ལ། འཆི་བ་འོད་གསལ་འགགས་པ། བར་དོ་གྲུབ་པ། ལུགས་ལྡོག་གི་ཉེར་ཐོབ་སྐྱེས་པ་གསུམ་དུས་མཉམ་དུ་འབྱུང་ངོ་། །བར་དོ་དེ་ཡང་དབང་པོ་ཀུན་ཚང་བ། ཡན་ལག་དང་ཉིད་ལག་གཅིག་ཅར་རྫོགས་པ། རི་རབ་སོགས་ལ་ཐོགས་མེད་དུ་འགྲོ་ནུས་པ། ལས་ཀྱི་རྫུ་འཕྲུལ་སངས་རྒྱས་ཀྱིས་ཀྱང་དགག་མི་ནུས་ཏེ། མངོན་པ་མཛོད་ལས། དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །ཞེས་གསུངས་པའི་ཕྱིར། མིང་གི་རྣམ་གྲངས། དྲི་ཟ། སྲིད་པ་བར་མ། ཡིད་ལས་བྱུང་། སྲིད་ཚོལ་དྲི་ཟའི་སེམས་ཅན་ཞེས་བྱ་བ་རྣམས་སོ། །དེའི་ནང་ནས་འཛམ་བུ་གླིང་པའི་མིར་སྐྱེ་བའི་བར་དོ་ནི་བྱིས་པ་ལོ་ལྔ་དྲུག་ལོན་པའི་བོངས་ཚོད་དུ་མཛོད་འགྲེལ་ལས་གསུངས། ངན་འགྲོའི་བར་དོ་ནི་མཚན་མོ་མུན་ནག་གིས་ཁྱབ་པ་ལྟ་བུ། བདེ་འགྲོའི་བར་དོ་ནི་མཚན་མོ་ཟླ་འོད་ཀྱིས་ཁྱབ་པའམ། སྣམ་བུ་དཀར་པོ་བརྐྱངས་པ་ལྟ་བུའི་རྣམ་པ་ཅན་དུ་སའི་དངོས་གཞི་ལས་གསུངས། དེའང་དམྱལ་བར་སྐྱེ་འགྱུར་གྱི་བར་དོ་ནི་སྡོང་དུམ་ཚིག་པ་ལྟ་བུ། ཡི་དྭགས་ཀྱི་བར་དོ་ནི་ཆུ་ལྟ་བུ། དུད་འགྲོའི་བར་དོ་ནི་དུ་བ་ལྟ་བུ། འདོད་པའི་ལྷ་མིའི་བར་དོ་ནི་གསེར་ལྟ་བུ། གཟུགས་ཁམས་སུ་སྐྱེ་བའི་བར་དོ་ནི་དཀར་པོ་མངལ་འཇུག་ལས་གསུངས། གཟུགས་མེད་དུ་སྐྱེ་བ་ལ་བར་དོ་མི་འབྱུང་ཞིང་། དེ་ནས་གནས་གཞན་དུ་སྐྱེ་ན་བར་དོ་འབྱུང་ངོ་། །ངན་འགྲོའི་བར་དོ་སྤྱི་བོའི་ཚུགས་ཐུར་དུ་འགྲོ་བ་དང་། མིའི་བར་དོ་ཐད་ཀ །ལྷའི་བར་དོ་སྟེང་དུ་འགྲོ་བ་སའི་དངོས་གཞི་ལས་གསུངས་སོ། །ཚེ་ཚད་ཞག་བདུན་རེ་དང་། དེའི་ནང་དུ་སྐྱེ་གནས་རྙེད་ན་སྐྱེ་བ་ལེན་ཅིང་། མ་རྙེད་ན་བདུན་ཕྲག་རེ་ནས་འཆི་ལ། ཡང་ལུས་གྲུབ་སྟེ་བདུན་ཕྲག་བདུན་ཚན་ལ་སྐྱེ་བ་ངེས་པར་ལེན་པ། བདུན་ཕྲག་རེའི་ནང་དུ་སྐྱེ་བ་ལེན་པ་ཡང་ཡོད་པས་བར་འདའ་བ་ཡང་ཁས་ལེན་ཅིང་། བར་དོའི་རྟེན་ལ་འཆི་ཆུང་ཇི་ཙམ་བྱས་ཀྱང་བར་སྲིད་རང་དུ་བསྡུ་ལ། སྲིད་པ་བཞི་ནི། འཆི་བ་དང་། སྐྱེ་བ་གཉིས་ཀྱི་བར་དུ་འབྱུང་བའི་སྲིད་པ་ནི་བར་སྲིད། སྐྱེས་ནས་འཆི་བ་ལ་མངོན་དུ་ཕྱོགས་པའི་བར་ནི་སྔོན་དུས་ཀྱི་སྲིད་པ། འཆི་བ་འོད་གསལ་ཉམས་སུ་མྱོང་བའི་དུས་ནི་འཆི་སྲིད། ཉིང་མཚམས་སྦྱར་ནས་མ་བཙས་པའི་བར་ནི་སྐྱེ་སྲིད་དུ་བྱེད་པའོ། །རྟེན་ངན་པའི་བར་དོ་གྲུབ་ནས་རྟེན་བཟང་པོར་མི་ལྡོག་པར་མཛོད་ལས་གསུངས་ཀྱང་། ཀུན་ལས་བཏུས་སུ། ཅི་སྟེ་ན་ཟློག་གོ་ཞེས་གསུངས་པ་ལྟར་འདིར་ཁས་བླང་ངོ་། །བར་དོ་བ་དེས་རང་གི་སྔ་མའི་ལུས་རྟེན་རྙིང་པ་མཐོང་ཡང་དེ་ལ་མི་འཇུག་པ་ནི། འབྲེལ་པ་ལས་སྟོབས་ཀྱིས་ཆད་པས་འཇུག་འདོད་ཀྱི་བློ་མི་སྐྱེ་བར་སའི་དངོས་གཞི་ལས་གསུངས་ཤིང་། ཡང་བར་དོ་རིགས་མཐུན་དང་། ལྷའི་མིག་གིས་མཐོང་བ་མཛོད་ལས་གསུངས་སོ། །བར་དོ་སྒྱུ་ལུས་ལོངས་སྐུར་ལྡང་བའི་མན་ངག་ལ་སྨོན་པ་དངོས་ནི། དེ་མཚུངས་སྐད་ཅིག་མངོན་བྱང་ལྔ་ལས་ནི། །དང་པོའི་མགོན་པོ་ལེགས་པར་བསྐྱེད་པའི་ཚུལ། །བར་དོ་སྒྱུ་ལུས་ལོངས་སྐུར་ལྡང་བར་ཤོག །ཅེས་པས། དེ་དང་མཚུངས་ལྡན་རྣམ་བྱང་བསྐྱེད་པའི་རིམ་པ་གདན་པདྨ་ལས་མངོན་པར་བྱང་ཆུབ་པ། གསུང་ཡིག་འབྲུ་ལས། ཐུགས་ཕྱག་མཚན་ལས། སྐུ་ཡོངས་སུ་རྫོགས་པ་ལས། ངོ་བོ་ཉིད་ཡེ་ཤེས་སེམས་དཔའ་ལས་མངོན་པར་བྱང་ཆུབ་པའི་དང་པོའི་མགོན་པོ་རིགས་ཐམས་ཅད་པའི་བདག་ཉིད་ཅན་དུ་ལྡང་བ་ནི་བར་དོ་སྒྱུ་ལུས་ལོངས་སྐུར་ལྡང་བའི་ཚུལ་བསྐྱེད་པའི་རིམ་པ་ལོངས་སྐུ་དང་པོ་མགོན་པོ་མངོན་བྱང་ལྔའི་སྒོ་ནས་བསྐྱེད་པ་ནི། མདོར་བྱས་ལས། འོད་གསལ་བར་ནི་རབ་ཞུགས་ནས། །ལྡང་བ་ཡང་ནི་བརྟག་པར་བྱ། །སྔགས་ཀྱི་སྐུ་ཡི་སྦྱོར་བ་ཡིས། །ལྷ་ཡི་གཟུགས་ལ་དམིགས་པར་བྱ། །ཞེས་སོགས་གསུངས་པ་ལྟར་རོ། །དེ་ལྟར་བསྒོམས་པ་ལ་བར་དོ་ལོངས་སྐུར་ཁྱེར་བའི་རྣལ་འབྱོར་ཞེས་བྱ་སྟེ། གཞི་ལ་འཛམ་བུ་གླིང་པའི་བར་དོ་དང་ཆོས་མཐུན་ཅིང་སྒྲུབ་པ་པོ་རང་ཉིད་ཀྱི་མ་འོངས་པའི་བར་དོ་སྦྱོང་བར་བྱེད། ལམ་རྫོགས་རིམ་གྱི་སྐབས་སུ་དག་མ་དག་གི་སྒྱུ་ལུས་གཉིས་དང་རྣམ་པ་མཐུན་ཅིང་། དེ་གཉིས་མྱུར་དུ་འགྲུབ་པའི་དགེ་རྩ་སྨིན་བྱེད་ཁྱད་པར་ཅན་དུ་འགྱུར། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་དང་རྣམ་པ་མཐུན་ཅིང་ད་ལྟ་ནས་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་བྱས་ནས་བསྒོམས་སྒྱུ་ལུས་ལོངས་སྐུར་ལྡང་བར་ཤོག་ཅིག་པའོ། །བཞི་པ་ནི། སླར་ཡང་སད་པའི་གནས་སྐབས་ཉིན་སྣང་དུ། །གདན་གསུམ་ལྷ་ཡི་སྐུ་རུ་ངེས་བྱས་ནས། །བར་དོའི་ལུས་དེ་མ་ཡི་མངལ་དུ་ནི། །ཞུགས་ཚུལ་དང་པོའི་མགོན་པོ་མི་བསྐྱོད་པའི། །སྐུ་ལས་ཞུགས་པས་རྡོ་རྗེའི་སེམས་བསྐྱེད་ཅིང་། །དེ་ལས་ལུས་དཀྱིལ་བཀོད་ཅིང་སྒོ་གསུམ་དག །བྱིན་གྱིས་བརླབས་ཤིང་སེམས་དཔའ་སུམ་བརྩེགས་སུ། །བྱས་ནས་རིག་མའི་འདོད་ཡོན་རྣམ་རོལ་ལས། །ཉིན་སྣང་སྐྱེ་ཤི་བར་དོ་གོམས་འདྲིས་ཀྱིས། །སྐྱེ་བ་སྤྲུལ་སྐུའི་རྣལ་འབྱོར་ལམ་བྱེད་ཤོག །ཅེས་པས་སད་པའི་གནས་སྐབས་དང་ཉིན་མོའི་སྣང་བ་ཐམས་ཅད་ཐམས་ཅད་དུ་བར་སྲིད་ཀྱི་ལུས་མའི་མངལ་དུ་ཉིང་མཚམས་སྦྱོར་བའི་བག་ཆགས་སྦྱོང་ཕྱིར་འཁོར་བའི་འདྲ་འབག་ལམ་དུ་བྱེད་པའོ། །ཕུང་ཁམས་གཉིས་གཤེགས་པ་གཤེགས་མ། སྐྱེ་མཆེད་སེམས་དཔའ་སེམས་མ། ཡན་ལག་ཁྲོ་བོ་ཁྲོ་མོའི་གདན་ཏེ་གདན་གསུམ་ཚང་པའི་སྐུར་ངེས་པར་བྱས། མངལ་དུ་འཇུག་ཀའི་སྲིད་བཅས་ཀྱི་ཤེས་པ་དེ་ཉིད་མགོན་པོ་མི་བསྐྱོད་པ་ལ་སོགས་པའི་བསྐྱེད་རིམ་སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡང་བའི་སྔོན་དུ་གཞུང་ལྟར་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་ཅིང་། དེ་ལ་ལུས་དཀྱིལ་བཀོད་ཚུལ་སོ་སོའི་ལུགས་ལྟར་རམ། དོན་གྱི་ངག་དྲན་དང་། སྒོ་གསུམ་བྱིན་གྱིས་བརླབ། དམ་ཡེ་ཏིང་ངེ་འཛིན་སེམས་དཔའ་སུམ་བརྩེགས་ཀྱི་བསྐྱེད་རིམ་ལ་གནས་པས་ཤེར་དབང་ལྟར་རིག་མའི་འདོད་ཡོན་ལ་རྣམ་པར་རོལ་ནས་ཕ་མའི་འདུ་འཕྲོད་ལ་ཆགས་སྡང་སྤང་ཞིང་། དེ་ཡང་བར་དོར་ཚུལ་དེ་ལྟ་བུ་གྲུབ་པ་ལ་ད་ལྟའི་ཉིན་སྣང་ཐམས་ཅད་སྐྱེ་ཤི་བར་དོ་གསུམ་གང་རུང་དུ་གྲོལ་བྱེད་ཀྱི་གོམས་འདྲིས་ལ་སློབ་པ་ནི། སྐྱེ་བ་སྤྲུལ་སྐུའི་རྣལ་འབྱོར་ལམ་དུ་བྱེད་པ་ལ་སྨོན་པའོ། །སྦྱང་གཞི་མངལ་དུ་སྐྱེ་བ་ལེན་ཚུལ་མདོ་ཙམ་སྨོས་ན། ཕོ་མོ་གཉིས་སྙོམས་འཇུག་གི་ཚེ་བར་དོ་ཤི་བའི་རླུང་སེམས་ཕའི་ཁའམ། སྤྱི་བོ་ནས་འཇུག་སྟེ། རྡོར་ཕྲེང་ལས། སྔོན་ལས་རླུང་གི་རྣམ་ཤེས་ནི། །བརྒྱ་ལ་གང་ཚེ་འགྲོ་འགྱུར་ན། །ཕ་ཡི་ཁ་ལ་མཚུངས་པར་ལྡན། །ཅེས་སོ། །བར་དོ་ཤི་བའི་རླུང་སེམས་མངལ་དུ་འཇུག་ཅིང་། དེ་དང་དུས་མཉམ་དུ་སྨིག་རྒྱུ་ནས་འོད་གསལ་བར་གྱི་རྟགས་རྣམས་འབྱུང་ལ། འོད་གསལ་འགགས་པ་དང་བར་དོའི་རླུང་སེམས་མངལ་དུ་སྐྱེ་བ་བླངས་པ་དང་། ལུགས་ལྡོག་གི་ཉེར་ཐོབ་སྐྱེས་པ་རྣམས་དུས་མཉམ་ཞིང་། དེ་ནས་མཆེད་པ་ནས་སྨིག་རྒྱུའི་བར་གྱི་རྟགས་རྣམས་འབྱུང་། དེ་ནས་མེར་མེར་པོ་སོགས་ཞག་བདུན་ཕྲག་སོ་ལྔའི་ནང་དུ་ཕུང་ཁམས་སྐྱེ་མཆེད་ཡན་ལག་ཉིང་ལག་རྣམས་རྫོགས། བདུན་ཕྲག་སོ་དྲུག་པ་ལ་ཕྱིར་འབྱུང་འདོད་སྐྱེ། སོ་བདུན་པ་ལ་མངལ་ལ་དྲི་མི་ཞིམ་ཞིང་མི་གཙང་བའི་བློ་འབྱུང་། སོ་བརྒྱད་པ་ལ་ལས་རླུང་གིས་མགོ་མཇུག་ལྡོག་ནས་ཕྱིར་བཙས་ཏེ་མིག་ཤེས་ཀྱི་ཡུལ་དུ་གྱུར་ནས། བྱིས་པ། གཞོན་ནུ། དར་བབ། རྒན་པོའི་སྐབས་རྣམས་འབྱུང་ངོ་། །རང་བཞིན་གྱི་གནས་དེ་བཞིན་གཤེགས་པ་ཡབ་ཡུམ་སེམས་ཅན་འདུལ་བའི་ཕྱིར་དུ་སྙོམས་པར་ཞུགས་པ་ནི་ཕ་མ་གཉིས་སྙོམས་པར་འཇུག་པ་དང་ཆོས་མཐུན། བྱང་ཆུབ་ཀྱི་སེམས་ལས་གྲུབ་པའི་མི་བསྐྱོད་པས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པ་ནི་གཞི་ལ་བྱང་སེམས་དཀར་དམར་ཞུ་བས་ཕ་མ་གཉིས་ཀྱི་རྩ་སྟོང་ཕྲག་དོན་གཉིས་ཀྱི་ནང་གང་བ་དང་ཆོས་མཐུན་དེས་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབས་པས་ཟག་པ་མེད་པའི་བདེ་བ་དང་ཡིད་བདེ་བ་དང་ཐོབ་པ་ནི་སེམས་ཅན་དུ་འདོགས་པའི་གཞི། ཕ་མ་གཉིས་ཀྱི་ཕུང་སོགས་བདེ་བས་བརྒྱལ་བ་དང་ཆོས་མཐུན། མི་བསྐྱོད་པ་ཐམས་ཅད་གཞལ་ཡས་ཁང་གི་ནང་དུ་གཅིག་ཏུ་འདྲེས་པ་ནི་ཁུ་ཁྲག་མངལ་དུ་འདྲེས་པ་དང་ཆོས་མཐུན། དེ་ལ་དང་པོའི་མགོན་པོ་ཞུགས་པ་ནི་བར་དོར་ཤི་ནས་སྐྱེ་གནས་སུ་ཞུགས་པ་དང་ཆོས་མཐུན། ལུས་རྟེན་གཞལ་ཡས་ཁང་དུ་བསྒོམ་པ་ལ་ལམ་དང་འབྲས་བུ་གཉིས་མ་གཏོགས་གཞི་ལ་ཆོས་མཐུན་སྦྱོར་རྒྱུ་མེད་ཀྱང་། བརྟེན་པ་ལྷ་བསྒོམ་པ་ལ་ཕུང་པོ་ལྔ་རིགས་ལྔར་བསྒོམ་པ་ནི་མངལ་གྱི་སེམས་ཅན་དེའི་ཕུང་པོ་ལྔ་གྲུབ་པ་དང་། ཁམས་བཞི་ཡུམ་བཞིར་བསྒོམ་པ་ནི་དེའི་ཁམས་བཞི་གྲུབ་པ་དང་། མིག་སོགས་སེམས་དཔར་བསྒོམ་པ་ནི་དེའི་མིག་སོགས་དབང་པོ་ལྔ་གྲུབ་པ་དང་། ཡུལ་ལྔ་རྡོ་རྗེ་མ་ལྔར་བསྒོམ་པ་ནི་དེའི་གཟུགས་སོགས་སྐྱེ་མཆེད་གྲུབ་པ་དང་། ཡན་ལག་ཁྲོ་བོར་བསྒོམ་པ་ནི་དེའི་ཡན་ལག་ཉིད་ལག་རྫོགས་པ་ཆོས་མཐུན། སྐུ་བྱིན་རླབས་ནི། དེའི་སྐྲ་བ་སྤུ་སེན་མོ་སོགས་ལུས་ཀྱི་གནས་སྐབས་རྫོགས་པ་དང་། གསུང་བྱིན་རླབས་ནི་དེའི་ངག་སྨྲ་བའི་གནས། བྱེད་པ་ལྕེ་རྐན་གྲུབ་པ་དང་། ཐུགས་བྱིན་རླབས་ནི་ཡིད་ཤེས། ཡུལ་ལ་འཇུག་པའི་དྲན་པ་རྫོགས་པར་གྲུབ་པ་དང་། སེམས་དཔའ་སུམ་བརྩེགས་བསྒོམ་པ་ནི་དེའི་རག་པ་གནས་སྐབས་པ་དང་། ཕྲ་བ་གཉུག་མའི་ལུས་གྲུབ་པ་དང་། རིགས་བདག་གིས་རྒྱས་འདེབས་པ་ནི་མངལ་གྱི་སེམས་ཅན་དེ་ཕྱིར་བཙས་པ་དང་ཆོས་མཐུན་དུ་སྦྱར་རོ། །གཞི་ལ་བར་དོ་འཛམ་བུ་གླིང་པའི་མངལ་ སྐྱེས་ཁམས་དྲུག་ལྡན་པར་སྐྱེ་བ་ལེན་པ་དང་ཆོས་མཐུན་ཅིང་། སྒྲུབ་པ་པོ་རང་ཉིད་ཀྱི་མ་འོངས་པའི་སྐྱེ་བ་སྦྱོང་བར་བྱེད། ལམ་རྫོགས་རིམ་གྱི་སྐབས་སུ་དག་དང་མ་དག་གི་སྒྱུ་ལུས་གཉིས་ཀྱི་ལམ་དུས་ཀྱི་ཕྲ་རགས་ཀྱི་སྤྲུལ་སྐུ་འཛིན་པ་དེ་དང་རྣམ་པ་མཐུན་ཅིང་། དེ་ལྟ་བུའི་དགེ་རྩ་སྨིན་བྱེད་ཁྱད་པར་ཅན་དུ་འགྱུར། འབྲས་བུ་སངས་རྒྱས་ཀྱི་སའི་ལོངས་སྤྱོད་རྫོགས་པའི་སྐུ་འདོད་ཁམས་ལ་སོགས་པར་ཕྲ་རགས་ཀྱི་སྤྲུལ་སྐུ་འཛིན་པ་དང་རྣམ་པ་མཐུན། ད་ལྟ་ནས་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་བྱས་ནས་བསྒོམས་པས་དེ་ལྟ་བུ་མྱུར་དུ་འགྲུབ་པའི་ཐབས་མཁས་ཁྱད་པར་ཅན་དུ་འགྱུར་རོ། །ལུས་དཀྱིལ་ནི། གྲུབ་ཆེན་དྲིལ་བུ་པས། འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་པས་ལུས་དཀྱིལ་གྱི་བསྒྲུབ་གཞི་ལུས་ཀྱི་ཆ་དེ་དང་དེ་རྣམས་ནི། རང་སྐྱེས་ཙམ་ནས་རྫོགས་པར་ཡོད་པས་ན་ལུས་ལ་གནད་དུ་བསྣུན་ནས་བསྒོམས་པས་ཡང་དག་པའི་དོན་མཐོང་བར་འགྱུར་ཞིང་། སྒོམ་པའི་ཚུལ་ཡང་རྒྱུད་རྡོར་ཕྲེང་ལས། ལུས་ཀྱི་གཞལ་ཡས་ཁང་དུ་གྱུར། །སངས་རྒྱས་ཀུན་གྱི་ཡང་དག་བསྟེན། །ཅེས་དཀྱིལ་འཁོར་དང་། ལྷ་བསྒོམ་ཚུལ་ནི། རྩ་རྒྱུད་ལེའུ་བརྒྱད་པ་ལས། ནུ་མའི་དབུས་པར་སྤྱི་གཙུག་མཐའ་ཡི་བར། །ཆོ་ག་ཤེས་ནས་ཡང་ན་རྐང་པའི་བར། །ལྟེ་བ་སྐེད་པ་གསང་བ་རྒྱལ་པའི་སྲས། །རིགས་ལྔ་རྣམས་ནི་དགོད་པར་རབ་ཏུ་བྱ། །ཞེས་དང་། མདོར་བྱས་ལས། ཐླྷིཾ་མིག་ཏུ་བཀོད་ནས་ནི། །ས་ཡི་སྙིང་པོ་རྣམ་པར་བསྒོམ། །ཞེས་གསུངས་པ་ལྟར་ལུས་དཀྱིལ་བསྒོམས་ནས་སྒོ་གསུམ་བྱིན་གྱིས་བརླབ་པ་ནི། མདོར་བྱས་ལས། དེ་ལྟར་རིགས་གསུམ་དབྱེ་བ་ཡིས། །སོ་སོར་བྱིན་གྱིས་བརླབས་ནས་ནི། །བློ་དང་ལྡན་པའི་གསང་སྔགས་འདིས། །སླར་ཡང་ཐམས་ཅད་བདག་ཉིད་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾ། ཞེས་གསུངས་པ་ལྟར་རོ། །དེ་ལྟར་སྒོ་གསུམ་བྱིན་གྱིས་བརླབས་པའི་དགོས་པ་ནི། རང་གི་སྒོ་གསུམ་ཐ་མལ་གྱི་སྣང་ཞེན་སྦྱང་བ་དང་། རང་དམ་ཚིག་པ་ལ་ཡེ་ཤེས་པ་བཅུག་ནས་ནུས་ལྡན་དུ་བྱ་བ་དང་། དེ་ལ་བརྟེན་ནས་ལམ་རྫོགས་རིམ་དང་མཐུན་པའི་འབྲས་བུའི་སྐབས་ཀྱི་རྡོ་རྗེ་གསུམ་མྱུར་དུ་འགྲུབ་པའི་ཆེད་ཡིན་ནོ། །སེམས་དཔའ་སུམ་བརྩེགས་བསྒོམ་པ་ནི། གསང་འདུས་རྩ་རྒྱུད་ལེའུ་བཅུ་གཉིས་པ་ལས། རྣམ་པའི་མཆོག་རྣམས་ཀུན་ལྡན་པ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །སྙིང་གར་ཡེ་ཤེས་དམ་ཚིག་དང་། །ཅེས་སོགས་ཀྱིས་བསྟན་པར་བཞེད་ཅིང་། དམ་ཚིག་སེམས་དཔའ་ནི་རགས་པ་གནས་སྐབས་པའི་ལུས་དང་ཆོས་མཐུན། ཡེ་ཤེས་སེམས་དཔའ་ནི་ཕྲ་བ་གཉུག་མའི་ལུས། ཤིན་ཏུ་ཕྲ་བའི་རླུང་སེམས་ངོ་བོ་དབྱེར་མེད་དུ་གནས་པའི་རླུང་འོད་ཟེར་ལྔ་པ་དང་ཆོས་མཐུན། ཏིང་ངེ་འཛིན་སེམས་དཔའ་ནི་ཤིན་ཏུ་ཕྲ་བའི་སེམས་དང་ཆོས་མཐུན་ནོ། །དམ་ཚིག་སེམས་དཔའ་ཞེས་པའི་ངེས་ཚིག །དམ་ཚིག་གི་སྐད་དོད་ས་མ་ཡ་ལ། ས་མ་ཏི་ཡང་དག་པར་འགྲོ་བ་དང་། མཱ་ལི་ཏི་འདུ་བ་ལ་འཇུག་པས་ཡེ་ཤེས་པ་རྣམས་ཡང་དག་པར་འགྲོ་བ་དང་འདུ་བའི་གནས་ཡིན་པས་དམ་ཚིག་སེམས་ཅན་གྱི་དོན་ལ་སེམས་པས་སེམས་དཔའ། ཞེས་གསུངས་པས་སོ། །དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་བསྒོམ་དགོས་ཏེ། མདོར་བྱས་ལས། སྙིང་གའི་དབུས་ན་གནས་པ་ཡི། །ཡེ་ཤེས་སེམས་དཔའ་རྣམ་པར་བསྒོམ། །ཏིང་འཛིན་སེམས་དཔའ་ཞེས་བྱ་བའི། །ཡི་གེ་ཧཱུྃ་ནི་དེ་རུ་དགོད། །ཅེས་པས་སོ། །ཡེ་ཤེས་སེམས་དཔའ་ཞེས་པའི་སྒྲ་དོན་ནི། ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ན་ཕྲ་བ་སྟེ་ཡེ་ཤེས་ཀྱི་སེམས་དཔའོ། །ཏིང་འཛིན་སེམས་དཔའ་ཞེས་པ་ནི། གནས་འདི་ལ་རྩེ་གཅིག་ཏུ་དམིགས་ནས་བསྒོམས་པས་ཏིང་ངེ་འཛིན་མཆོག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་ནས་སྒྲུབ་པ་པོ་ངེས་པར་ལེགས་པ་ལ་སྦྱོར་བས་ན་དེ་སྐད་ཅེས་བྱའོ། །རིགས་བདག་བསྒོམ་པ་ནི། གསང་འདུས་ལེའུ་བཅུ་གཉིས་པར། དབུ་རྒྱན་རྡོ་རྗེ་མཆོག་འཛིན་པ། །ཞེས་པས་བསྟན་ཏོ། །རིག་མའི་འདོད་ཡོན་ལ་རོལ་པ་ནི། དེ་ཡང་བདག་ཅག་གི་སྟོན་པས་ཀྱང་སྐུ་གསུམ་གྱི་གོ་འཕང་བརྙེས་ནས་གདུལ་བྱ་དམན་པ་ལ་མོས་པས་ཆགས་བྲལ་གྱི་སྤྱོད་པ། རྒྱ་ཆེན་པོ་ལ་མོས་པ་ལ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ། ཟབ་མོ་ལ་ལྷག་པར་མོས་པ་ལ་འདོད་ཆགས་ཀྱི་སྤྱོད་པ་སྟེ། རྣམ་པ་གསུམ་བསྟན་པའི་ཕྲིན་ལས་མཛད་པའི་ནང་ནས་ཕྲིན་ལས་ཕྱི་མ་དང་མཐུན་པའོ། །རིག་མ་འདུ་བྱ་བ་མན་ཆད་འབྲས་བུ་སངས་རྒྱས་ཀྱི་མཛད་པ་རྣམ་པ་མཐུན་པ་ཡིན་ཏེ། རིག་མ་འདུ་བྱས་ནས་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་བསྐྱེད་དེ་སྤྲོས། སྤྱི་སྒོས་ཀྱི་མཛད་པ་མཛད་པར་བསྒོམ་པ་ནི་སངས་རྒྱས་སྐུའི་མཛད་པ་དང་རྣམ་པ་མཐུན། དེ་ནས་ཕྲ་མོ་བསྒོམ་པ་ནི་ཐུགས་ཀྱི་མཛད་པ་ནང་དུ་ཡང་དག་འཇོག་པ་ལ་ཞུགས་པ་དང་ཆོས་མཐུན། དེ་ནས་སྔགས་བཟླ་བ་ནི་ཆོས་སྟོན་པའི་གསུང་གི་མཛད་པ་དང་ཆོས་མཐུན། དེ་ནས་གཙོ་བོ་འོད་གསལ་དུ་ཞུགས་པ་ནི་ཞིང་དེར་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ནས་མྱ་ངན་ལས་འདས་ཚུལ་སྟོན་པ་དང་ཆོས་མཐུན། དེ་ནས་ཚད་མེད་བཞིའི་ངོ་བོར་གྱུར་པའི་ལྷ་མོ་བཞིས་ཞུ་བ་གླུས་བསྐུལ་ཏེ་བཞེངས་པ་ནི། སླར་ཡང་ཐུགས་རྒྱུད་ཚད་མེད་བཞིས་བསྐུལ་ཏེ་ཞིང་གཞན་དུ་སྤྲུལ་པའི་སྐུའི་མཛད་པ་སྟོན་པ་དང་ཆོས་མཐུན། དེ་ནས་བསྟོད་པ་བྱེད་པ་ནི་སངས་རྒྱས་འཇིག་རྟེན་དུ་བྱོན་ནོ་ཞེས་སྙན་པ་བརྗོད་པ་དང་ཆོས་མཐུན། དེ་ནས་མཆོད་པ་ནི་ཞིང་དེའི་གདུལ་བྱ་རྣམས་ཀྱིས་མཆོད་པ་ཕུལ་བ་བདག་གིར་མཛད་པ་དང་ཆོས་མཐུན་པའི་ཕྱིར། དེས་ན་དགོས་པ་དེའི་ཕྱིར་རིག་མ་འདུ་བྱ་བ་ཡིན་ཅིང་། འདུ་བྱ་རྒྱུའི་རིག་མ་ལ། ཕྱག་རྒྱ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཐབས་ཀྱི་རྡོ་རྗེས་དེ་ལྟ་བུའི་ཤེས་རབ་ལ་རྒྱས་གདབ་པར་བྱ་བ་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར་ཏེ། བརྟག་གཉིས་ལས། རྡོ་རྗེ་འདིས་ནི་གདབ་པ་ཡིས། །དེས་ན་ཕྱག་རྒྱ་བརྗོད་པར་བྱ། །ཞེས་གསུངས་པའི་ཕྱིར། ཕྱག་རྒྱ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། ལས་རྒྱ་དང་ཡེ་རྒྱ་གཉིས། དང་པོ་ནི། ལས་ཀྱིས་འཕངས་པའི་སྐྲ་དང་ནུ་མར་ལྡན་པའི་ཕྱག་རྒྱ་ཡིན་པས་ན་ལས་རྒྱ་ཞེས་བྱ། དེ་ལ་ཡང་ལས་བྱེད་ཚུལ་གྱི་སྒོ་ནས་སམ། རིགས་ལྔ་སོ་སོས་གཙོ་བོར་བསྟན་བྱ་ལྔ། སྨེ་ཤ་ཅན་གཅིག །བཙོ་བླག་མཁན་གཉིས། ཕྲེང་བརྒྱུད་མཁན་གསུམ། གར་མཁན་བཞི། བཟོ་བྱད་མཁན་གྱི་བུ་མོ་ལྔ། དྷཱུ་ཏཱིའི་མར་སྣའི་དབྱིབས་ཀྱི་སྒོ་ནས་དབྱེ་ན་པདྨ་ཅན་སོགས་རིགས་བཞི། ལམ་མཐོ་དམན་གྱི་སྒོ་ནས་དབྱེ་ན་སྔགས་སྐྱེས། ཞིང་སྐྱེས། ལྷན་སྐྱེས་ཀྱི་ཕོ་ཉ་གསུམ་མོ། །དེ་ལྟ་བུའི་ཕྱག་རྒྱ་དེ་ཉིད་ཐུན་མོང་མ་ཡིན་པའི་སྣོད་རུང་དུ་བྱས་པ། ལྷའི་རྣལ་འབྱོར་ཤིན་ཏུ་བརྟེན་ཅིང་བྱང་སེམས་འཕོ་མེད་དུ་ཕཊ་ཡིག་གི་སྟོབས་ཀྱིས་འཛིན་ནུས་པ་ཞིག་དགོས་སོ། །དེ་ལྟར་མིན་ན་ཉེས་པ་ཤིན་ཏུ་ཆེ་སྟེ། ཧེ་རུ་ཀ་མངོན་འབྱུང་ལས། རྣལ་འབྱོར་མེད་པར་རྣལ་འབྱོར་ཆོས། །ཕྱག་རྒྱ་ལ་ནི་བགྲོད་འགྱུར་དང་། །ཡེ་ཤེས་མེད་པར་ཡེ་ཤེས་ཚུལ། །དམྱལ་བར་འགྲོ་བ་ཐེ་ཚོམ་མེད། །ཅེས་གསུངས་པའི་ཕྱིར་རོ། །དེས་ན་ཡུལ་རྟེན་གཉིས་ཀ་མཚན་ཉིད་དང་མི་ལྡན་པའི་རྣལ་འབྱོར་པའི་རྣལ་འབྱོར་པས་ནི་ཡེ་རྒྱ་ལ་བརྟེན་དགོས་ཏེ། རྡོར་སེམས་སྒྲུབ་ཐབས་ལས། ཡང་ན། སྙིང་ག་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་མངོན་པར་སྤྲུལ་ཏེ་ཞེས་སོགས་གསུངས་པ་ལྟར་རོ། །རིག་མའི་འདོད་ཡོན་ལ་རོལ་པའི་དགོས་པ་ནི། རྟེན་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཀྱི་རྣམ་རོལ་དུ་འཆར་བ་དང་། རྒྱུད་སྡེ་འོག་མ་གསུམ་ལས་འདས་པའི་འཁོར་རྩའི་བདེན་འཛིན་གྱི་གཉེན་པོ་མཆོག་ཏུ་གྱུར་པ་དང་། བསྐྱེད་རིམ་པའི་ཉོན་མོངས་ལམ་བྱེད་དང་། འདོད་ཡོན་ལམ་བྱེད་ཀྱི་གཙོ་བོར་འགྱུར་བ་དང་། དེ་ལ་བརྟེན་ནས་རྫོགས་པའི་རིམ་པའི་བདེ་ཆེན་འདྲེན་པའི་སྨིན་བྱེད་བླ་ན་མེད་པ་དང་། བསྐྱེད་རིམ་པའི་ལམ་གྱི་སྙིང་པོར་གྱུར་པའོ། །ལྔ་པ་ནི། དེ་ལྟར་རིམ་པ་དང་པོ་མཐར་ཕྱིན་ནས། །གསང་བའི་སྣ་རྩེ་ཨ་ཝ་དྷཱུ་ཏཱིའི་ནང་། །དྭངས་མའི་ཐིག་ལེ་རང་སེམས་དབྱེར་མེད་དུ། །གཟུང་བས་མཉམ་གཞག་དགའ་བཞིའི་ཏིང་འཛིན་དང་། །རྗེས་ཐོབ་རིགས་བརྒྱ་རིགས་ལྔ་རིགས་གསུམ་སོགས། །བདེ་སྟོང་དབྱེར་མེད་ལྷ་ཡི་རྣམ་རོལ་བསྒོམ། །ཞེས་པ་ནི། དེ་ལ་རིམ་པ་དང་པོ་བསྐྱེད་རིམ་གྱི་ལམ་ནས་ཕྱི་དོན་སྣང་བའི་བདེན་ཞེན་འགོགས་པ་མཐར་ཕྱིན་ནས། ནང་དོན་བདེ་སྟོང་གི་ལྷ་སྐུ་བསྒྲུབ་ཕྱིར་རང་རྡོ་རྗེ་འཆང་ཡབ་ཡུམ་དུ་གསལ་བའི་དབུས་དྲང་པོར་དབུ་མའི་ཡར་སྣ་སྨིན་མཚམས་དང་མར་སྣ་གསང་གནས་རྩེར་ཟུག་པའི་སྣར་འབར་འཛག་ཞུ་བདེའི་རྐྱེན་གྱིས་དྲངས་པའི་དྭངས་མའི་ཐིག་ལེ་འཕོ་ལ་ཁད་དང་རང་སེམས་དབྱེར་མེད་དུ་བཟུང་བའི་མཉམ་གཞག་ཏུ་དགའ་བ་དང་། མཆོག་དགའ་དང་། ཁྱད་དགའ་དང་། ལྷན་སྐྱེས་ཏེ་དགའ་བ་བཞིའི་ཏིང་འཛིན་བསྒོམ་ཞིང་དེའི་རྗེས་ཐོབ་ཏུ་མས་བརྟན་ལུགས་ལས་ལྡོག་པའི་ཐིག་ལེ་སྙིང་གར་དྲངས་པ་རྣམ་བྱང་གི་སྐུར་སྨིན་པ་ཞི་བ་བཞི་བཅུ་རྩ་གཉིས་དང་། དེའི་གདངས་དུང་ཁང་དུ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དུ་ཤར་བའི་རིགས་བརྒྱའམ། ཡང་ན་འཁོར་ལོ་ལྔ་རིགས་ལྔའམ། སྐུ་གསུང་ཐུགས་ཀྱི་གནས་གསུམ་དུ་རིགས་གསུམ་སོགས་སུ་གསལ་བའི་བདེ་སྟོང་དབྱེར་མེད་ཀྱི་ལྷར་སྣང་བསྒོམ་པ་གཞུང་ཚིག་གི་དངོས་བསྟན་ཡིན་ཅེས་མཁས་པ་དག་བཞེད་དོ། །འདུས་པའི་ལུགས་སུ། ཐ་མལ་གྱི་སྣང་ཞེན་རགས་པའི་ལྷའི་རྣལ་འབྱོར་གྱིས་གཅོད་ནུས་པའི་མཚམས་ནས་རྟོག་པའི་རྣལ་འབྱོར་ཕྲ་མོ་ལ་བསླབ་པ་ཐིག་ལེའི་ནང་དུ་དཀྱིལ་འཁོར་ཡོངས་རྫོགས་གསལ་པའི་ཕྲ་མོ་བསྒོམ་པ་དང་། རགས་པ་མཐར་མ་ཕྱིན་ཀྱང་ཕྲ་མོ་ཙམ་ཡང་བསྒོམ་པར་བཞེད་དེ། རྩ་རྒྱུད་ལེའུ་གསུམ་པ་ལས། རིན་ཆེན་ཆེན་པོ་ཁ་དོག་ལྔ། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་གྱིས་ནི་རྟག་ཏུ་བསྒོམ། །རིན་ཆེན་བརྟན་པར་གྱུར་ན་སྤྲོ། །བརྟན་པར་མ་གྱུར་མི་སྤྲོའོ། །ཞེས་གསུངས་པ་ལྟར། ཕྱག་མཚན་ལྷ་སྐུ་རིམ་པར་སྤྲོ་བསྡུ་བྱ། མཐར་འཇོག་པ་ན་རྩ་བའི་དམིགས་རྟེན་སྣ་བུག་ནས་དྲངས་ཏེ་སྙིང་གའི་ཏིང་འཛིན་སེམས་དཔའ་ལ་བསྡུ། དེ་བཞིན་དུ་གསང་བའི་སྣ་རྩེའི་ཐིག་ལེ་ལ་སེམས་བརྟན་པ་ན་རྡོ་རྗེ་དང་པདྨ་འདུ་བྱས་ཏེ། ཐིག་ལེ་དེ་ཉིད་ཡུམ་གྱི་པདྨར་ཕྱུང་བའི་ནང་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་བསྒོམ་པ་ལ་སེམས་བརྟན་པའོ། །སྤྱིར་ཕར་ཕྱིན་ཐེག་པའི་སྐབས་སུ་ཡིད་ཤེས་རགས་པས་སྟོང་ཉིད་བསྒོམ། རྒྱུད་སྡེ་འོག་མ་གཉིས་ཀྱི་སྐབས་སུ་ཡེ་རྒྱ་དང་། བལྟས་པ་དང་། དགོད་པ་དང་། ལག་པ་བཅངས་པ་ལས་བྱུང་བའི་བདེ་བའི་སྟོང་ཉིད་བསྒོམ། བླ་མེད་ཀྱི་སྐབས་སུ་བདེན་འཛིན་དང་གཉིས་སྣང་འཁྲུལ་པའི་བག་ཆགས་གཡོ་བྱེད་ཀྱི་རླུང་སྙིང་གར་ཐིམ་པ་ལས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་བསྒོམ་པ་ཡིན་པའི་ཕྱིར། དེ་ལྟ་བུའི་ལྷན་སྐྱེས་ཀྱི་བདེ་སྟོང་དབྱེར་མེད་ཀྱི་བདེ་བ་དེ་ཡང་ཕྱི་ནང་གི་རྐྱེན་ཁྱད་པར་ཅན་གཉིས་པོ་གང་རུང་གི་སྒོ་ནས་བསྒྲུབ་དགོས་ཏེ། རང་དང་ཡུལ་རྟེན་མཚན་ཉིད་ཚང་བའི་ལས་རྒྱ་དང་། ཡེ་རྒྱ་གང་རུང་གི་དྷཱུ་ཏིའི་མར་སྣ་གཉིས་རྩེ་སྤྲད་དེ་སྙོམས་པར་འཇུག་པ་དང་། ཡང་ན་ནང་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་ནས་བསྒྲུབ་དགོས་པའི་ཕྱིར། རྒྱུད་སྡེ་སོ་སོའི་ལམ་སྲོལ་གྱི་གནད་དུ་བསྣུན་ཚུལ་མི་འདྲ་བ་མང་དུ་ཡོད་ཀྱང་། དགའ་བ་བཞི་དང་སྟོང་པ་བཞིས་དྲངས་ནས་ལྷན་སྐྱེས་ཀྱི་བདེ་ཆེན་འདྲེན་པའོ། །ལམ་བསྒོམས་པ་དང་མ་བསྒོམས་པའི་གང་ཟག་གཉིས་ཀ་ལ་བྱང་སེམས་སྤྱི་བོ་ནས་རྟགས་ཀྱི་བར་འབབ་པ་ཡོད་ལ། བྱང་སེམས་ཞུ་སླ་བའི་རིགས་འགའ་ཞིག་ལ་དྷཱུ་ཏིར་དམིགས་པ་གནད་དུ་བསྣུན་མ་ཐག་ཏུ་བྱང་སེམས་འབབ་པ་ཡོད་པས། དེ་དག་ལ་ནི་མན་ངག་གི་སྟོབས་ཀྱིས་བཟློག་པ་དང་འགྲེམས་པ་སོགས་ཤེས་དགོས་ཀྱང་། རླུང་དབུ་མར་ཐིམ་པའི་བྱང་སེམས་འབབ་པ་ལ་ནི་དེ་ལྟར་བྱེད་མི་དགོས་ཏེ། དེ་ལ་ནི་བྱང་སེམས་གཡོ་བྱེད་ཀྱི་རླུང་རྣམས་ཐིམ་ཟིན་པའི་ཕྱིར། དེ་ལྟར་བྱང་སེམས་སྤྱི་བོ་ནས་མགྲིན་པ། སྙིང་ག །ལྟེ་བ། གསང་གནས་སུ་སླེབ་པ་ན་དགའ་བ་བཞིར་འཇོག་པ་རྡོ་རྗེ་ཕྲེང་བ་ལས་བཤད་ཅིང་། དེ་ལྟ་བུའི་དགའ་བ་བཞི་ལ་བྱང་སེམས་དཀར་པོ་འབབ་པའི་ཆ་ནས་དགའ་བ་རེ་རེ་ལ་བཞི་བཞིར་ཕྱེ་ནས་བཅུ་དྲུག་དང་། བྱང་སེམས་དམར་པོ་འབབ་པའི་ཆ་ནས་དགའ་བ་བཞི་པོ་རེ་རེ་ལ་གསུམ་དུ་ཕྱེ་བས་བཅུ་གཉིས་བཤད་དེ། ཕྱག་ཆེན་ཐིག་ལེ་ལས། རི་བོང་མཚན་མའི་ཆ་འདི་རྣམས། །གནས་བཞི་པོ་རེ་རེ་ལ་ཆ་བཞིར་བྱས་པའི་མཚམས་རེར་བདེ་བ་རེ་མྱོང་བ། དགའ་བའི་ཐིག་ལེ་བཅུ་དྲུག་སྟེ། །ཨཱ་ལིའི་ངོ་བོར་ཤེས་པར་བྱ། །འཁོར་ལོ་བཞི་རུ་རིམ་པ་ལས། །ཇི་སྐད་བཤད་རྣམས་དེ་ལྟར་ནའང་། །ཉི་མའི་བཅུ་གཉིས་རྣམས་སུ་བཤད། །གནས་བཞི་པོ་རེ་རེ་ལ་ཆ་གསུམ་དུ་བྱས་པའི་མཚམས་རེ་རྡུལ་འབབ་པའི་སྒོ་ནས། མཆན། ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཡས་བབ་དང་མས་བརྟན་གྱི་དགའ་བཞི་འདྲེན་པར་བྱའོ། ། སྔར་བཤད་པའི་ཕྲ་མོའི་རྣལ་འབྱོར་བསྒོམས་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་ཀུནྡ་ལྟ་བུའི་བྱང་སེམས་དབུ་མའི་ནང་དུ་བབས་པས་རེག་བྱ་ཁྱད་པར་ཅན་སྐྱེ། དེས་དམིགས་རྐྱེན་བྱས་པས་ལུས་ཚོར་བདེ་བ་སྐྱེ། དེས་དེ་མ་ཐག་རྐྱེན་བྱས་པས་ཡིད་བདེ་སྐྱེ། དེ་དང་སྟོང་ཉིད་ཕྲ་མོ་གཉིས་ཡུལ་ཡུལ་ཅན་དབྱེར་མེད་དུ་སྦྱར་ནས་རྩེ་གཅིག་ཏུ་མཉམ་པར་འཇོག །རྗེས་ཐོབ་ཏུ་གང་ཤར་ཐམས་ཅད་བདེ་སྟོང་གི་རྣམ་རོལ་དུ་འཆར་བ་དང་། དེ་ལྟ་བུའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཀྱི་གཟུགས་རྣམས་ཀྱང་རིགས་བརྒྱ་རིགས་ལྔ་རིགས་གསུམ་དང་། ཁྱད་པར་ལུས་དབེན་མཐར་ཐུག་གསང་ཆེན་རིགས་གཅིག་བསྒོམ་པར་བྱས་ཏེ། བྲམ་ཟེ་ཆེན་པོ་ས་ར་ཧས། གཉིས་སུ་མི་བྱ་གཅིག་ཏུ་བྱ་བ་སྟེ། །རིགས་ལ་བྱེ་བྲག་དག་ཏུ་མ་འབྱེད་པར། །ཁམས་གསུམ་མ་ལུས་འདི་དག་ཐམས་ཅད་ནི། །འདོད་ཆགས་ཆེན་པོ་གཅིག་ཏུ་ཁ་དོག་སྒྱུར་ཅིག་དང་། ཞེས་སོགས་དང་། དེ་རིང་ཉིད་དུ་མགོན་པོ་ད་ལྟ་འཁྲུལ་པ་ཆད། །ཅེས་གསུངས་པའི་ཕྱིར་རོ། །རིགས་བརྒྱ་སོགས་ཀྱི་དབྱེ་ཚུལ་འདུས་པ་ལྟར་ན། བདེ་སྟོང་གི་རྒྱས་བཏབ་པའི་སྒོ་ནས་ཕུང་པོ་རེ་རེ་ལ་ཆ་ཤས་ལྔ་ལྔར་ཕྱེ་སྟེ། དེ་བཞིན་གཤེགས་པ་ལྔ་ལ་རིགས་ལྔ་ལྔར་ཕྱེ་ནས་བསྒོམ་པ་ནི་ཕུང་པོ་ལྔ་རིགས་ལྔར་བསྒོམ་པའི་ལུས་དབེན་ཡིན་ཏེ། རྩ་རྒྱུད་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔ་ནི་རབ་ཏུ་བསྒྲགས། །ཞེས་པས་སོ། །དེ་བཞིན་དུ་བདེ་སྟོང་གི་རྒྱས་བཏབ་པའི་ཁམས་བཞི་རེ་རེ་ལ་ལྔ་ལྔར་ཕྱེ་སྟེ་ཡུམ་བཞི་ལ་རིགས་ལྔ་ལྔར་ཕྱེ་ནས་བསྒོམ་པ་ནི་ཁམས་བཞིར་བསྒོམ་པའི་ལུས་དབེན་ཡིན་ཏེ། དེ་ཉིད་ལས། ས་ནི་སྤྱན་ཞེས་བྱ་བ་ཡིན། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །མེ་ནི་གོས་དཀར་མོ་ཡིན་ནོ། །རླུང་ནི་སྒྲོལ་མ་རབ་ཏུ་བསྒྲགས། །ཞེས་པས་སོ། །དེ་བཞིན་དུ་བདེ་སྟོང་གི་རྒྱས་བཏབ་པའི་སྐྱེ་མཆེད་དྲུག་རེ་རེ་ལ་ལྔ་ལྔར་ཕྱེ་སྟེ་ས་སྙིང་སོགས་དྲུག་པོ་ལ་རིགས་ལྔ་ལྔར་ཕྱེ་ནས་བསྒོམ་པ་ནི་མིག་སོགས་སེམས་དཔར་བསྒོམ་པའི་ལུས་དབེན་ཡིན་ཏེ། དེ་ཉིད་ལས། རྡོ་རྗེའི་སྐྱེ་མཆེད་ཉིད་དག་ཀྱང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་པས་སོ། །དེ་བཞིན་དུ་བདེ་སྟོང་གི་རྒྱས་བཏབ་པའི་གཟུགས་སོགས་ཡུལ་ལྔ་རེ་རེ་ལ་ལྔ་ལྔར་ཕྱེ་སྟེ་རྡོ་རྗེ་མ་ལྔ་ལ་རིགས་ལྔ་ལྔར་ཕྱེ་ནས་བསྒོམ་པ་ནས་ཡུལ་ལྔ་རྡོ་རྗེ་མ་ལྔར་བསྒོམ་པའི་ལུས་དབེན་ཡིན་ཏེ། དེ་ཉིད་ལས། གཟུགས་སྒྲ་ལ་སོགས་སྔགས་པ་ཡི། །ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ། །ཞེས་གསུངས་པའི་ཕྱིར། དེ་ནས་དམ་པ་རིགས་བརྒྱའི་ལྷ་རྣམས་རིགས་ལྔ་སོ་སོའི་སྐུ་མདོག་དང་། ཕྱག་མཚན་རང་གི་རྩ་བའི་ཕྱག་མཚན་འཛིན་པའོ། །ཁྲོ་བོ་བཅུ་དང་བྱམས་པ་ཀུན་བཟང་གཉིས་ལ་རྡོ་རྗེ་ཕྲེང་བར་ལུས་དབེན་གསུངས་ཀྱང་སྐབས་འདིར་མི་སྟོན་པའི་རྒྱུ་མཚན་ཡོད་དེ། རགས་པ་ཉེར་ལྔའི་སྐྱེ་རིམ་དང་ཐིམ་རིམ་གྱི་དབང་དུ་མཛད་ནས་མ་གསུངས་སོ། །དེས་ན་ལུས་དབེན་གྱི་ལྷ་ལ་རྒྱས་པར་ཕྱེ་ན་བརྒྱ་དྲུག་ཅུ། དེའི་སྟེང་དུ་དབྱེ་གཞིའི་ལྷ་སོ་གཉིས་བསྣན་པས་བརྒྱ་གོ་གཉིས་སོ། །སྒྱུ་འཕྲུལ་སྙིང་པོ་ལ། ལམ་རིམ་ལས། ཉི་ཁྲི་བཞི་སྟོང་དུས་གཅིག་གསལ། །ཅེས་དང་། ཁྲོ་བོ་ལ་སྟོང་བཞི་བརྒྱ་ལྔ་བཅུ་དང་། བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུ་དང་། བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་གསུངས་སོ། །བདེ་སྟོང་གི་རྒྱས་བཏབ་པའི་ས་ཆུ་མེ་རླུང་རྣམ་ཤེས་ལྔ། རྣམ་སྣང་། རིན་འབྱུང་། འོད་དཔག་མེད། དོན་གྲུབ། མི་བསྐྱོད་པ་སྟེ་རིགས་ལྔར་བསྒོམ་པ་ནི་དེ་ཉིད་རིགས་ལྔར་བསྒོམ་པའི་ལུས་དབེན་ཡིན་ཏེ། རྒྱུད་ཕྱི་མ་ལས། དེ་ཉིད་རྣམ་པ་ལྔ་རུ་བཤད། །ཅེས་པས་བསྟན་ཏེ། དམ་པ་རིགས་བརྒྱ་པོ་དེ་ཡང་རིགས་ལྔར་འདུ་ཞིང་། དབེན་གཞི་བརྒྱ་པོ་དེ་ཡང་དབེན་གཞི་ལྔར་འདུ་སྟེ། རྣམ་སྣང་ཉི་ཤུའི་དབེན་གཞི་ནི་རྩ་བའི་རྣམ་སྣང་གི་དབེན་གཞི་སོགས་སུ་འདུ་བའི་ཕྱིར་རོ། །བདེ་སྟོང་གི་རྒྱས་བཏབ་པའི་སྒོ་གསུམ་པོ་རིན་འབྱུང་དང་རྣམ་སྣང་གཉིས་སྐུ་རྡོ་རྗེ། དོན་གྲུབ་དང་འོད་དཔག་མེད་གསུང་རྡོ་རྗེ། རྡོ་རྗེ་འཆང་དང་མི་བསྐྱོད་པ་ཐུགས་རྡོ་རྗེར་བསྡུས་ནས་བསྒོམ་པ་ནི་གསང་བ་རིགས་གསུམ་དུ་བསྒོམ་པའི་ལུས་དབེན་ཡིན་ཏེ། རྒྱུད་ཕྱི་མ་ལས། གསང་བ་རྣམ་པ་གསུམ་དུ་བཤད། །ཅེས་པས་སོ། །དབེན་གཞི་ལྔ་པོ་དེ་ཡང་གསུམ་དུ་འདུ་སྟེ། ལུས་ངག་ཡིད་གསུམ་རྣམ་པར་དག་པ་རྡོ་རྗེ་གསུམ་གྱི་དབེན་གཞིར་འདུ་བས་སོ། །སྒོ་གསུམ་དང་ལྡན་པའི་སྒྲུབ་པ་པོ་རྡོ་རྗེ་གསུམ་དང་ལྡན་པའི་རྡོ་རྗེ་འཆང་གཅིག་ཏུ་བསྒོམ་པ་ནི་གསང་ཆེན་རིགས་གཅིག་གི་ལུས་དབེན་མཐར་ཐུག་ཡིན་ཏེ། རྒྱུད་ཕྱི་མ་ལས། ལྷག་པའི་ལྷ་ནི་གསང་ཆེན་ཏེ། །ཞེས་པས་སོ། །དྲུག་པ་ནི། སླར་ཡང་དབེན་པ་གསུམ་གྱི་རིམ་པ་དང་། །ཀུན་རྫོབ་སྒྱུ་མ་དོན་དམ་འོད་གསལ་ཉིད། །བདེན་གཉིས་དབྱེར་མེད་ཟུང་འཇུག་ཉམས་ལེན་རྣམས། །གསང་བ་སྙིང་པོ་དཔལ་ལྡན་འདུས་པ་དང་། །བསྐྱེད་པ་མ་ཧཱ་ཡོ་ག་ཇི་བཞིན་དུ། །བསྐྱེད་རྫོགས་ཟབ་མོའི་དོན་རྣམས་མངོན་གྱུར་ཤོག །ཅེས་པ་ནི། ལུས་དབེན་སྐུ་རྡོ་རྗེ། ངག་དབེན་གསུང་རྡོ་རྗེ། སེམས་དབེན་ཐུགས་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཕྲ་ཏིག་གི་བར་བསྒོམས་པའི་རྗེས་ལ་རྩ་གསུམ་འཁོར་ལོ་དྲུག་གི་བྱེད་པ་བཅིངས་པའི་དྷཱུ་ཏིའི་མར་སྣེར་ཉི་གདན་ལ་རང་སེམས་ཐིག་ལེ་སྔོན་པོའི་རྣམ་པར་ཕབ་པ་ལ་རླུང་སེམས་དབྱེར་མེད་དུ་དྲིལ་བས་དམིགས་པའི་རིམ་པ་ལ་བསླབ་པས་དབུ་མར་རླུང་ཞུགས་གནས་ཐིམ་གསུམ་གྱི་རྟགས་དང་། དེ་བཞིན་དུ་སྣང་མཆེད་ཐོབ་གསུམ། སྟོང་པ་བཞིའི་འོད་གསལ་དང་བཅས་པ་ངོས་བཟུང་ནས་ཆོས་ལོངས་སྤྲུལ་གསུམ་གྱི་བསྲེ་བ་གསུམ་ལ་བསླབ་པ་ནི་རང་ངོའི་མཉམ་གཞག་དང་། དབང་པོ་ཡུལ་ལས་འཇུག་དུས་གང་སྣང་སྟོང་པ་བདེ་བའི་ལྷ་སྐུར་འཆར་བ་ནི་རྗེས་ཐོབ་རྐྱང་པ་ཡིན་ནོ། །རྗེས་ལ་བསྒྲུབ་བྱ་བདེན་པ་གཉིས་ཀྱི་རྫོགས་རིམ་ལས་དང་པོ་ཀུན་རྫོབ་སྒྱུ་མ་ནི་འོད་གསལ་གྱི་བཞོན་པར་གྱུར་པའི་རླུང་གི་ཉེར་ལེན་དང་། རང་སེམས་ལྷན་ཅིག་སྐྱེས་པའི་རྐྱེན་ལས་རླུང་སེམས་ཙམ་ལས་གྲུབ་པའི་རྡོ་རྗེ་འཆང་གི་སྐུ་རྣམ་སྨིན་གྱི་ལུས་རྟེན་འདི་ལ་གོ་ས་གཞན་པ་ཞིག་ལྡང་བ་སྟེ། དེ་ནི་ལོངས་སྐུ་ལྟ་བུའི་བཞིན་ལག་གི་རྣམ་པ་ཅན་ཡིན་ཡང་། རྣམ་འཕྲུལ་དུ་མར་སྟོན་ནུས་ཤིང་། དེའི་བསྒྲུབ་གཞིའང་གཉིད་གྱི་འོད་གསལ་ལས་བྱུང་ཞིང་། རྨི་ལམ་གྱི་ལུས་ད་ལྟ་རྣམ་སྨིན་གྱི་ལུས་འདི་དང་འབྲེལ་བ་ཅན་ཡིན་ལ། སླད་ཀྱི་བར་དོ་ལོངས་སྐུར་འགྲུབ་པའི་ཉེར་ལེན་དུ་འགྱུར་བས་ན་སྒྱུ་མའི་སྐུ་ཞེས་བརྗོད་ཀྱིས། ལམ་གྱི་གནས་སྐབས་ན་སེམས་བསྐྱེད་ཀྱི་འཕེན་པས་སེམས་ཅན་ཐམས་ཅད་ཀྱི་སྒོ་གསུམ་དང་། སྒྱུ་ལུས་པའི་སྐུ་རྡོ་རྗེ་རྣམ་པར་སྣང་མཛད། གསུང་རྡོ་རྗེ་འོད་དཔག་མེད། ཐུགས་རྡོ་རྗེ་མི་བསྐྱོད་པར་གསལ་བའི་དམ་ཚིག་སེམས་དཔའ་ལ་སོ་སོའི་ཐུགས་ཀར་རིམ་བཞིན་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་གསལ་བ་ལ་ཡེ་ཤེས་སེམས་དཔའ། སོ་སོའི་མགོར་ཐིག་ལེ་ནཱ་ད་དང་བཅས་པའི་ཏིང་འཛིན་སེམས་དཔའ་སུམ་བརྩེགས་གསལ་ཞིང་སོ་སོའི་ཏིང་འཛིན་སེམས་དཔའ་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་བ་དམ་ཚིག་སེམས་དཔའ་དང་། དེ་འོད་དུ་ཞུ་བ་ཡེ་ཤེས་སེམས་དཔའ་ལ། དེ་འོད་དུ་ཞུ་བ་ཏིང་འཛིན་སེམས་དཔའ་ལ་ཐིམ་པའི་ངང་དུ་མཉམ་པར་བཞག་རང་གི་མེ་ལོང་ལ་ཧས་བཏབ་པ་བཞིན་བསྡུ་བ་རིལ་འཛིན། མཆན། པས་ཞུགས་གནས་ཐིམ་གསུམ་གྱི་རྟགས་སྣང་སྨིག་རྒྱུ་དུ་བ་ལ་སོགས་པ་དང་སྣང་མཆེད་ཐོབ་གསུམ་དང་སྟོང་པ་བཞི་འཆར་བའི་ཐམས་ཅད་སྟོང་པ་འོད་གསལ་ལ་མཉམ་པར་འཇོག །ལྷ་སྐུ་རིམ་གྱིས་བསྡུ་བ་ནི་རྗེས་གཞིག་དང་། དེ་ལས་ལྡང་བ་ན་མ་དག་པའི་སྒྱུ་ལུས་དག་པའི་སྒྱུ་ལུས་སུ་བསྒོམ་པའོ། །གཉིས་པ་དོན་དམ་འོད་གསལ་ནི། སྒྱུ་ལུས་ཀྱི་སེམས་དཔའ་སུམ་བརྩེགས། དེ་སྡུད་རིམ་གཉིད་ཀྱི་འོད་གསལ་དུ་བཅུག་པའི་སྟོང་ཉིད་ལ་མཉམ་པར་བཞག་པས་ཞུགས་གནས་ཐིམ་གསུམ་དང་། སྣང་མཆེད་ཐོབ་གསུམ་ཀྱི་རྗེས་སྟོང་བཞིའི་འོད་གསལ་ལྷན་སྐྱེས་ཀྱི་བདེ་བས་ཐབས་བྱས་ཏེ་དངོས་པོའི་གནས་ལུགས་མ་ནོར་བར་རྟོགས་པས་རང་རྒྱུད་ལྡན་གྱི་གང་ཟག་འཕགས་པར་སོང་། བར་ཆད་མེད་ལམ་རྒྱུད་ལ་སྐྱེས་ནས་བདེན་གཉིས་ཟུང་དུ་འཇུག་པའི་རྣལ་འབྱོར་མངོན་དུ་བྱེད་པ་བསྐྱེད་པ། མ་ཧཱ་ཡོ་གའི་བསྐྱེད་རྫོགས་ཟབ་མོའི་དོན་ལ་སྨོན་པ་ཡིན་ནོ། ། ༈ རིམ་ལྔ་འདི་ལ་དབྱེ་བསྡུའི་བཞེད་པ་མང་ཡང་། ཀླུ་སྒྲུབ་ཞབས་ཀྱི་རིམ་ལྔའི་མདོར་བསྟན་དུ། རྡོ་རྗེའི་བཟླས་༡པ། སེམས་ལ་དམིགས་༢པ། སྒྱུ་ལུས ༣། འོད་གསལ༤། ཟུང་འཇུག་༥དང་ལྔར་མཛད་པ་ཉིད་གྲགས་ཆེ་ཞེས་རྗེ་ཕྲིན་ལས་ཞབས་ཀྱིས་གསུངས། དབེན་པ་གསུམ་ནི། ལུས་དབེན་སྐུ་རྡོ་རྗེའི་ཏིང་ངེ་འཛིན་དང་། ངག་དབེན་གསུང་རྡོ་རྗེའི་ཏིང་ངེ་འཛིན་དང་། སེམས་དབེན་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་རྣམས་སོ། །དེ་དག་ཀྱང་མཐར་ཐུག་གི་དོན་ལ། སྤྱོད་བསྡུས་ལས། བསྐྱེད་པའི་རིམ་པ་ནས་བརྩམས་ཏེ། ལུས་རྣམ་པར་དབེན་པའི་མཐར་ཐུག་པའི་བར་དུ་རྡོ་རྗེ་གསུམ་ལ་སོགས་པས་ཀྱང་མཚན་ཉིད་ལ་ལྷག་པར་མོས་པ་ཙམ་ལགས་ཏེ། དེ་བས་ན་ལུས་རྣམ་པར་དབེན་པ་ལ་ལྷའི་གཟུགས་མེད་དེ། ལུས་ནི་རྡུལ་ཕྲ་རབ་བསགས་པ་ཙམ་ཡིན་པའི་ཕྱིར་རོ། །རིག་རྣམ་པར་དབེན་པའི་མཐར་ཐུག་པ་ཡང་འཇུག་པ་ལ་སོགས་པའི་རིམ་གྱིས་རྡོ་རྗེའི་བཟླས་པ་ཙམ་ཡོངས་སུ་ཤེས་པ་སྟེ། དེ་ལའང་ལྷའི་རྣམ་པ་མེད་དེ། སྒྲ་རྣམས་ནི་བྲག་ཆ་ལྟ་བུ་ཡིན་པའི་ཕྱིར་རོ། །སེམས་རྣམ་པར་དབེན་པའི་མཐར་ཐུག་པ་ཡང་རང་བཞིན་གྱིས་སྣང་བ་ཙམ་ཡོངས་སུ་ཤེས་པ་ཙམ་དུ་ཟད་པས། དེར་ཡང་རྣམས་པ་ཐམས་ཅད་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ལྷ་སྐུའི་ངོ་བོ་རྙེད་པར་མི་འགྱུར་ཏེ། སེམས་ནི་སྣང་བ་ཙམ་ཡིན་པའི་ཕྱིར་རོ། །རིགས་པ་འདིས་ནི་ཀུན་རྫོབ་ལ་བརྟེན་ནས་གནས་པ་རྙེད་པ་མི་འགྱུར་རོ། །དེ་བས་ན་ཡེ་ཤེས་ཙམ་ཐ་མལ་གྱི་སྣང་ཞེན་འོད་གསལ་དུ་བསྡུས་པའི་ངང་ནས་རང་གི་སེམས་ལྷ་སྐུར་བསྐྱེད་པ་མཆན། གྱི་ལྷ་ཉིད་དུ་བསྐྱེད་པ་སློབ་དཔོན་གྱི་ཞལ་སྔ་ནས་རྟོགས་པར་བགྱིད་པར་འཚལ་ལོ། །ཞེས་གསུངས་པ་ལྟར། དབེན་གསུམ་མཐར་ཕྱིན་ནས་བདེན་གཉིས་སོ་སོའི་རྫོགས་རིམ་དང་། བདེན་གཉིས་ཟུང་འཇུག་གི་རྫོགས་རིམ་ལ། བསླབ་པར་བྱ་སྟེ། དང་པོ་ཀུན་རྫོབ་སྒྱུ་མའི་རྫོགས་རིམ་ནི། དེ་ཡང་སེམས་ཅན་རྣམས་ལ་རང་ཆས་སུ་ཡོད་པའི་ཤིན་ཏུ་ཕྲ་བའི་རླུང་སེམས་གཉིས་ནི་སྒྱུ་ལུས་ཀྱི་བསྒྲུབ་གཞི། དེ་ཉིད་ཐབས་ལ་མཁས་པའི་རྣལ་འབྱོར་པ་ལ་སྒྱུ་མའི་སྐུར་ཤར་ནས་འཚང་རྒྱ་བ་ཡིན་ཏེ། རིམ་ལྔ་ལས། འགྲོ་ཀུན་རང་དབང་མེད་པ་སྟེ། །རང་དབང་དུ་ནི་འབྱུང་མ་ཡིན། །དེ་ཡི་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པའོ། །སེམས་གང་གིས་ནི་བྱིས་པ་རྣམས། །འཁོར་བའི་འཆིང་བས་བཅིངས་གྱུར་པ། །སེམས་དེ་ཉིད་ཀྱི་རྣལ་འབྱོར་པ། །བདེ་གཤེགས་གནས་སུ་འགྲོ་བར་འགྱུར། །ཞེས་སོ། །མདོར་ན་སེམས་ཅན་སྐྱེ་འཆི་གནས་གསུམ་བར་དོ་དང་བཅས་པ་ཐམས་ཅད་རང་རྒྱུད་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་ཆོ་འཕྲུལ་དང་། ཤིན་ཏུ་ཕྲ་བའི་རླུང་སེམས་གཉིས་པོ་དེ་འགྲོ་བ་བཟང་ངན་སྣ་ཚོགས་སུ་འགྲོ་བར་གསུངས་ཏེ། རྡོ་རྗེ་ཕྲེང་བ་ལས། སྐྱེ་དང་གནས་དང་འཇིག་པ་དང་། །སྲིད་པ་བར་མར་གནས་པ་སྟེ། །ཇི་སྲིད་འཇིག་རྟེན་གྱིས་བཏགས་པ། །སེམས་ཀྱི་རླུང་གི་རྣམ་འཕྲུལ་ལོ། །ཞེས་གསུངས་པ་ལྟར་རོ། །རགས་པ་གནས་ཆུའི་ཚ་བ་ལྟ་བུ་སྐབས་པའི་ལུས་དང་། ཕྲ་བའི་ཆུའི་གཤེར་པ་ལྟ་བུ་གཉུག་མའི་ལུས་གཉིས་ལས། ཕྱི་མ་ནི་སྒྱུ་ལུས་ཀྱི་བསྒྲུབ་གཞིའོ། །སྒྱུ་ལུས་དེས། སེམས་ཅན་ཐམས་ཅད་ཀྱི་གཉུག་མའི་ལུས་ཀྱང་རང་གི་སྒྱུ་ལུས་དང་འདྲ་བ་མངོན་སུམ་དུ་མཐོང་ཞིང་། སྣོད་བཅུད་ཐམས་ཅད་ཀྱང་རང་རྒྱུ་རླུང་སེམས་ཙམ་གྱི་རྣམ་འཕྲུལ་དུ་མཐོང་བ་ཡིན་ཏེ། རིམ་ལྔ་ལས། དེ་བས་འདི་ལྟར་འགྲོ་བ་ཀུན། །སྒྱུ་མ་ལྟ་བུ་འདི་བཤད་དེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད་དེ་དང་འདྲ་བར་མཐོང་། །ཞེས་པས་སོ། །སྒྱུ་ལུས་དེ་དག་ཀྱང་། དཔེའི་འོད་གསལ་མཐར་ཐུག་འགགས་པ། ལུགས་ལྡོག་གི་ཉེར་ཐོབ་འཆར་བ། མ་དག་པའི་སྒྱུ་མའི་སྐུ་དངོས་གནས་གྲུབ་པ་གསུམ་དུས་མཉམ་དུ་འབྱུང་ལ། དེ་ལྟ་བུའི་སྐུ་སྟེ་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་ནས་སྟོན་པ་སྟེ། དཔེ་བཅུ་གཉིས་ནི། སྒྱུ་མ། ཆུ་ཟླ། མིག་ཡོར། སྨིག་རྒྱུ། རྨི་ལམ། བྲག་ཆའི་སྒྲ། དྲི་ཟའི་གྲོང་ཁྱེར། མིག་འཕྲུལ། ནམ་མཁའི་འཇའ། གློག །ཆུ་བུར། མེ་ལོང་ནང་གི་ཧེ་རུ་ཀའི་གཟུགས་བརྙན་རྣམས་ཡིན་ལ། དེ་ཡང་སྒྱུ་མའི་སྐུ་དེ་ཞལ་ཕྱག་གི་རྣམ་པ་ཅན་དུ་སྣང་ཡང་ཤ་རུས་གདོས་བཅས་ཀྱིས་སྟོང་པས་ན་སྒྱུ་མ་ལྟ་བུ༡། ལོངས་སྐུ་གཅིག་ཉིད་གདུལ་བྱ་གང་ན་ཡོད་པའི་སར་སྤྲུལ་པ་དུ་མ་སྟོན་པས་ཆུ་ཟླ་ལྟ་བུ༢། སྒྱུ་མའི་སྐུ་དེ་གྲི་མཚོན་ལ་སོགས་པས་བཅད་ཅིང་གཞིག་ཏུ་མེད་པས་ན་མིག་ཡོར་ཏེ་གྲིབ་མ་ལྟ་བུ༣། སྒྱུ་མའི་སྐུ་དེ་མི་བརྟན་ཅིང་གཡོ་བའི་རང་བཞིན་ཅན་ཞིག་ཡིན་པ་ནི་སྨིག་རྒྱུ་ལྟ་བུ༤། སྒྱུ་མའི་སྐུ་དེ་བསྒྲུབ་གཞི་སེམས་དབེན་མཐར་ཐུག་གི་དཔེའི་འོད་གསལ་གྱི་རླུང་སེམས་ལས་བྱུང་ཞིང་། ཕུང་པོ་རྙིང་པ་ལས་གོས་ལོགས་སུ་ཕྱེ་བ་དང་། སླར་ཡང་ཕུང་པོ་རྙིང་པ་ལ་འཇུག་པ་ཞིག་ཡིན་པ་ནི་རྨི་ལམ་ལྟ་བུ༥། སྒྱུ་མའི་སྐུ་དེ་ཕུང་པོ་རྙིང་པ་དང་རྟེན་ཐ་དད་ཡིན་ཀྱང་ཤེས་རྒྱུད་གཅིག་གིས་བསྡུས་པས་བྲག་ཆའི་སྒྲ་ལྟ་བུ༦། སྒྱུ་མའི་སྐུ་དེ་རྟེན་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པ་ཅན་ཞིག་ཡིན་པས་ན་དྲི་ཟའི་གྲོང་ཁྱེར་ལྟ་བུ༧། སྒྱུ་མའི་སྐུ་དེ་གཅིག་ཉིད་ཡིན་ཡང་དུ་མར་འཆར་ཞིང་དུ་མར་སྣང་བ་ཞིག་ཡིན་པ་ནི་མིག་འཕྲུལ་ལྟ་བུ༨། སྒྱུ་མའི་སྐུ་དེ་སྔོ་སེར་ལ་སོགས་པ་ཁ་དོག་མ་འདྲེས་པར་སོ་སོར་སྣང་བས་ན་ནམ་མཁའི་འཇའ་ཚོན་ལྟ་བུ༩། སྒྱུ་མའི་སྐུ་དེ་ཕུང་པོ་རྙིང་པའི་ནང་ན་གནས་པའི་སྐབས་སྲིད་པ་ཞིག་ཡིན་པ་ནི་སྤྲིན་ནག་པོའི་གསེབ་ན་གློག་འགྱུ་བ་ལྟ་བུ༡༠། སྒྱུ་མའི་སྐུ་དེ་སེམས་དབེན་མཐར་ཐུག་གི་དཔེའི་འོད་གསལ་ལས་ཆོས་གཞན་གྱིས་བར་མ་ཆོད་པར་ཐོལ་གྱིས་བྱུང་བ་ཞིག་ཡིན་པ་ནི་ཆུ་ལས་༡༡ཆུ་བུར་ཐོལ་གྱིས་བྱུང་བ་ལྟ་བུ། སྒྱུ་མའི་སྐུ་དེ་མཚན་དཔེས་སྤྲས་པའི་རྣམ་པ་ཅན་དུ་སྐད་ཅིག་གིས་གྲུབ་པ་ཞིག་ཡིན་པ་ནི་མེ་ལོང་ནང་གི་ཧེ་རུ་ཀའི་གཟུགས་༡༢བརྙན་ལྟ་བུའོ། །དེ་ལྟ་བུའི་སྒྱུ་ལུས་དེ་འགྲུབ་ན་ཚེ་འདིར་འཚང་རྒྱ་བར་ངེས་ལ། ཡོ་བྱད་གང་དགོས་ཐམས་ཅད་བསམ་པ་ཙམ་གྱིས་ནམ་མཁའ་ལས་རྙེད་པར་འགྱུར་ཞིང་། ཚངས་པ་དྲག་པོ་ལ་སོགས་པའི་འཇིག་རྟེན་པའི་ལྷ་རྣམས་ཀྱིས་མི་མཐོང་ཞིང་། དེར་མ་ཟད་སྒྱུ་ལུས་མ་ཐོབ་པའི་གང་ཟག་སུས་ཀྱང་མི་མཐོང་བར་སྤྱོད་བསྡུས་ལས་གསུངས་སོ། །དེ་ལ་མ་དག་པའི་སྒྱུ་ལུས་ཞེས་བརྗོད་པའི་རྒྱུ་མཚན་ནི་ཕུང་པོ་རྙིང་པ་དང་འབྲེལ་ཐག་མ་ཆོད་པ་དང་། ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་བ་ལེན་པས་ན་དེ་ལྟར་བརྗོད་པའོ། །འཁོར་བར་འཁོར་ཞེས་པ་རྟག་པ་མཐའ་བཟུང་གི་སྒོ་ནས་གསུངས་པ་སྟེ། དཔེར་ན་རྒྱལ་བུ་གཞོན་ནུ་དོན་གྲུབ་རབ་ཏུ་མ་བྱུང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཞེས་རྒྱ་རོལ་ལས་གསུངས་པ་དང་ཚུལ་མཚུངས་ཏེ། གཞོན་ནུ་དོན་གྲུབ་རབ་ཏུ་བྱུང་ངེས་པ་བཞིན་དུ་སྒྱུ་ལུས་པ་དེས་ཀྱང་དོན་དམ་འོད་གསལ་ཚེ་དེ་ལ་མངོན་དུ་བྱེད་པར་ངེས་པས་སྒྱུ་ལུས་ཐོབ་ནས་ཚེ་འདིར་འཚང་རྒྱ་བས་ཁྱབ་པ་ཁས་ལེན་པའི་རྒྱུ་མཚན་ནི་དེས་ཡིན་ནོ། །གཉིས་པ་དོན་དམ་འོད་གསལ་གྱི་རྫོགས་རིམ་ནི། རིམ་པ་གསུམ་པའི་སྒྱུ་ལུས་པས་མཉམ་རྗེས་ཀྱི་དགེ་སྦྱོར་རྣམས་བསྐྱངས་པས་དོན་གྱི་འོད་གསལ་ཐོབ་ཏུ་ཉེ་བ་ན། བླ་མ་ལས་མཚན་ཕྱེད་ཀྱི་དུས་དབང་གསུམ་པ་དངོས་དབང་དང་། དེ་རྗེས་གདམས་ངག་ནོད། ཐོ་རངས་ཕྱི་ནང་གི་ཐ་མར་ཐབས་གཉིས་ལ་བརྟེན་ནས་རིམ་པ་བཞི་པའི་དོན་གྱི་འོད་གསལ་མངོན་དུ་བྱེད་པ་ཡིན་ནོ། །དེའི་ཚེ་མ་དག་པའི་སྒྱུ་ལུས་འགག་པ། ལྷན་སྐྱེས་ཀྱི་བདེ་བ་ཆེན་པོས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སྔགས་བླ་མེད་ཀྱི་མཐོང་ལམ་དང་། བླ་མེད་ཀྱི་ས་དང་པོ་ཐོབ་པ། བདེན་འཛིན་ལྷན་སྐྱེས་དང་ཀུན་བརྟག་ས་བོན་དང་བཅས་པའི་དངོས་གཉེན་བར་ཆད་མེད་ལམ་རྒྱུད་ལ་སྐྱེས་པ་རྣམས་དུས་མཉམ་མོ། །དེས་ན་རིམ་པ་བཞི་པའི་དོན་གྱི་འོད་གསལ་མངོན་དུ་བྱེད་པའི་དུས་ནམ་ཕྱེད་དང་། སློབ་མི་སློབ་ཀྱི་ཟུང་འཇུག་ཐོག་མར་ཐོབ་པའི་དུས་ནི་ཐོ་རངས་ཡིན་པར་ངེས་སོ། །སྤྱོད་བསྡུས་ལས། རིམ་པ་འདི་ཉིད་ཀྱིས་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེ་གོལ་གྱི་སྒྲས་བསྐུལ་བར་གྱུར་པས། མི་གཡོ་བའི་ཏིང་ངེ་འཛིན་ལས་བཞེངས་ཏེ་བྱང་ཆུབ་ཀྱི་ཤིང་དྲུང་ལ་བཞུགས་ནས། ནམ་ཕྱེད་ཀྱི་དུས་སུ་འོད་གསལ་བ་མངོན་དུ་མཛད་དེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལས་བཞེངས་ནས་འགྲོ་བ་རྣམས་ལ་སྟོན་པར་མཛད་པ་ཡིན་ནོ། །ཞེས་དང་། རྒྱ་ཆེ་རོལ་པ་ལས་ཀྱང་། ཤཱཀྱ་ཐུབ་པ་དེ་བཞིན་གཤེགས། །མངོན་པར་བྱང་ཆུབ་འདི་བཞེད་ནས། །སྟོང་པ་ཆེན་པོས་སངས་རྒྱས་ཉིད། །ཐོབ་པར་བྱ་ཞེས་མངོན་པར་དགོངས། །ནཻ་རཉྫ་ནའི་ཆུ་འགྲམ་དུ། །མི་གཡོ་ཏིང་འཛིན་ལ་ཞུགས་ལ། །དེ་ཚེ་རྒྱལ་བ་མཁའ་རྡོ་རྗེ། །ཏིལ་གྱི་གོང་བུ་གང་བཞིན་བཞུགས། །རྒྱལ་བའི་སྲས་ལ་སེ་གོལ་དང་། །དེ་ལ་དབྱངས་གཅིག་གིས་གསུངས་པ། །བསམ་གཏན་འདི་ནི་རྣམ་དག་མིན། །འདིས་ནི་མཐར་ཐུག་མི་ཐོབ་སྟེ། །ནམ་མཁའི་ངོས་ལྟར་མཆོག་གྱུར་པ། །འོད་གསལ་བ་ནི་དེ་དམིགས་ཤིག །འོད་གསལ་བ་ཡི་གནས་ཐོབ་ནས། །རབ་དགའི་གཟུགས་སུ་སྐྱེ་བར་འགྱུར། །ཞེས་པས་བསྟན་ཏོ། །བདེན་གཉིས་དབྱེར་མེད་ཀྱི་རྫོགས་རིམ་ནི། སྤྱོད་བསྡུས་རྡོ་རྗེ་ཐེག་པ་འདི་ལ་བསྐྱེད་རིམ་ལ་བསླབ་ནས་ས་བརྒྱད་པ་ཐོབ་སྟེ་ཇི་སྲིད་རྫོགས་རིམ་མ་ཐོབ་པ་དེ་སྲིད་དུ་དགེ་བའི་བཤེས་གཉེན་མཉེས་པར་བྱའོ། །སྐུ་དང་གསུང་དང་ཐུགས་མངོན་པར་རྟོགས་ནས་ས་བཅུ་ཐོབ་ཅེས་གསུངས་པའི་ཕྱིར། དེས་ན་བསྐྱེད་རིམ་མཐར་ཕྱིན་པ་ས་བརྒྱད་པ་དང་དོད་ཐུབ་དང་། ངག་དབེན་ས་དགུ་པ་དང་། སེམས་དབེན་སྒྱུ་ལུས་གཉིས་ས་བཅུ་པའི་དཀྱིལ་སྟོད་དང་དོད་ཐུབ་སྦྱོར་བའི་རྒྱུ་མཚན་ཡོད་དེ། ས་བརྒྱད་པར་ཞིང་དག་སྦྱོར་བ་ཐོབ་པ་ལྟར་བསྐྱེད་རིམ་མཐར་ཕྱིན་པས་སྣོད་བཅུད་དག་པའི་འཁོར་ལོའི་རྣམ་རོལ་དུ་བལྟ་ནུས་པ་དང་། ས་དགུ་པར་ཆོས་སྟོན་པའི་ངག་དག་པའི་ཡེ་ཤེས་ཐོབ་པ་ལྟར་ངག་དབེན་གྱི་སྐབས་སུ་ངག་གི་རྩ་བ་རླུང་ལ་དབང་ཐོབ་པ་དང་། བཅུ་པར་ལུས་ངན་པར་འགྱུར་བའི་བག་ཆགས་མ་ལུས་བཟང་པོར་བསྒྱུར་ནུས་ཤིང་འོད་ཟེར་ཆེན་པོའི་དབང་བསྐུར་ཐོབ་པ་བཞིན་དུ་སེམས་དབེན་མཐར་ཐུག་གི་རླུང་སེམས་ལྷར་བསྒྱུར་ནུས་པ་དང་། སྒྱུ་ལུས་པས་སངས་རྒྱས་རྣམས་ལས་དབང་བསྐུར་བ་ཐོབ་པས་དེ་ལྟར་སྦྱར་བ་ཡིན་པའི་ཕྱིར། རིམ་པ་ཐ་མ་གཉིས་ས་བཅུ་པའི་དཀྱིལ་སྨད་དང་དོད་ཐུབ་སྦྱོར་བའི་རྒྱུ་མཚན་ཡང་ཡོད་དེ། བསོད་ནམས་ཀྱི་ཚོགས་རྫོགས་པས་སྒྲིབ་པ་སྤོང་བ་ལ་ནུས་མཐུ་ཅན་དུ་གྱུར་པ་དང་། ལམ་གཞན་ལ་གསར་དུ་སློབ་མི་དགོས་པའི་འདོད་པ་མཚུངས་པས་དེ་ལྟར་སྦྱར་བ་ཡིན་ནོ། །དེ་ཡང་ལམ་ཐུན་མོང་བས་རྒྱུད་སྦྱངས་ནས་བསྒོམ་སྟོབས་ཀྱི་ཐོག་མར་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་པའི་སྦྱང་བའི་ཡེ་ཤེས་སྐྱེས་ཁམ་ཚུན་ཆད་ཀྱི་ལམ་ཚོགས་ལམ་དང་། བསྒོམ་སྟོབས་ཀྱིས་ཐོག་མར་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་པའི་སྣང་བའི་ཡེ་ཤེས་སྐྱེས་པ་ནས་མ་དག་པའི་སྒྱུ་ལུས་དོན་གྱི་འོད་གསལ་དུ་འཇུག་ཁ་མའི་བར་གྱི་ལམ་རྣམས་སྔགས་བླ་མེད་ཀྱི་སྦྱོར་ལམ་དང་། རིམ་པ་བཞི་པའི་དོན་གྱི་འོད་གསལ་མཐོང་ལམ་ས་དང་པོ་རབ་དགའ་དང་། སློབ་པའི་ཟུང་འཇུག་སྒོམ་ལམ་དེ་ལ་ས་དགུའི་རྣམ་དག་བྱེད་པ་ཡིན་ནོ། །རིམ་པ་གསུམ་པ་སྒྱུ་ལུས་པས་དོན་གྱི་འོད་གསལ་མངོན་ཏུ་མི་བྱེད་ན་འཁོར་བར་ལྡོག་སྟེ། སྤྱོད་བསྡུས་ལས། ཇི་སྲིད་དུ་སྣང་བ་གསུམ་མ་དག་པ་དེ་སྲིད་དུ་རྣམ་ཤེས་ཀྱིས་ཀུན་ཏུ་རྟོག་གོ། ། དེ་ཇི་སྲིད་པ་དེ་སྲིད་དུ་ཉོན་མོངས་པའི་བག་ཆགས་ཀྱི་རྒྱུན་དང་དེས་ནི་ཡང་སྲིད་པ་འགྱུར་བ་ཡིན། རིམ་པ་བཞི་པ་དོན་གྱི་འོད་གསལ་ནས་མི་ལྡོག་སྟེ། དེའི་སྐབས་སུ་འཁོར་བའི་དངོས་གཉེན་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཡོད་པའི་ཕྱིར་རོ། །རིམ་པ་བཞི་པ་དོན་གྱི་འོད་གསལ་ལས་ལངས་མ་ཐག་ཏུ་སློབ་པའི་ཟུང་འཇུག་གི་སྐུར་དག་པའི་སྒྱུ་ལུས་སུ་སྡང་བ་ལྡང་བ་ཡིན་ཏེ། སྤྱོད་བསྡུས་ལས་སྟོང་པ་བཞི་གཅིག་ཏུ་གྱུར་པ་ལས་ལྡང་བར་བཤད་ཅིང་། རིམ་ལྔ་ལས་ཀྱང་། ཇི་ལྟར་དྭངས་པའི་ཆུ་ཀླུང་ལས། །ཉ་དག་མྱུར་དུ་ལྡང་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། སྒྱུ་འཕྲུལ་དྲྭ་བ་འབྱུང་བར་བཤད། ཅེས་སོ། །ཉོན་སྒྲིབ་སྤངས་པས་རྣམ་གྲོལ་ལམ་ཐོབ་པ། རང་བརྒྱུད་ལྡན་གྱི་གང་ཟག་དགྲ་བཅོམ་པར་གྱུར་པ་སྤངས་བཟུང་འཇུག་ཐོབ་པ་དུས་མཉམ། མཆན། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་བ་སྤངས་རྟོགས་ཟུང་དུ་འཇུག་པ་སྟེ། རིམ་ལྔ་ལས། ཀུན་རྫོབ་དང་ནི་དོན་དམ་གྱི། །རྣམ་དབྱེ་སོ་སོར་ཤེས་ནས་ནི། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་གསུངས་སོ། །དེ་ལ་མཚན་གྱི་རྣམ་གྲངས་ནི། སྒྱུ་འཕྲུལ་དྲྭ་བས་མངོན་སངས་རྒྱས་པ་དང་། འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་དང་། བྱ་བ་བྱས་པའི་རྣལ་འབྱོར་པ་ཆེན་པོ་དང་། བདེན་པ་གཉིས་ཀྱི་ཚུལ་ལ་གནས་པ་ཞེས་བྱའོ། ། ༈ ལྔ་པ་ལ་གཉིས་བསྐྱེད་དང་། རྫོགས་རིམ་ལ་སྨོན་པའོ། །དང་པོ་ནི། མཚན་ཉིད་ཀུན་ལྡན་བླ་མ་ཡབ་ཡུམ་ལས། །ལམ་དབང་ཟབ་མོས་ལེགས་པར་སྨིན་བྱས་ནས། །རྣམ་དག་དབང་ལྔའི་ཆུ་བོས་སྒྲིབ་གཉིས་ཀྱི། །དྲི་མ་ཀུན་བཀྲུས་སྐུ་བཞིའི་ས་བོན་བཞག །དམ་ཚིག་སྡོམ་པ་ཚུལ་བཞིན་བསྲུངས་པ་ལས། །ཟབ་མོའི་ལམ་བཟང་སྐྱེ་བའི་སྣོད་གྱུར་པས། །མ་དག་སྐྱེ་ཤི་བར་དོའི་སྣང་ཞེན་རྣམས། །ཡིད་ངོར་སྦྱངས་ནས་སྐུ་གསུམ་ལམ་ཁྱེར་བ། །སྦྱང་གཞི་སྦྱོང་བྱེད་ཚང་བའི་བསྐྱེད་རིམ་གྱིས། །རིམ་པ་དང་པོའི་ལམ་ལ་མངོན་གྱུར་ཤོག །ཅེས་པ་ནི། དེ་ལ་གཞི་ལམ་འབྲས་གསུམ་གྱི་རྒྱུད་དོན་ལ་དབང་འབྱོར་པའི་མཚན་ཉིད་ཀུན་ལྡན་གྱི་བླ་མ་ཡབ་ཡུམ་ཟུང་དུ་འཇུག་པའི་གདན་གསུམ་ལུས་ཀྱི་དཀྱིལ་འཁོར་ལས། སྐྱེ་བོ་ཐ་མལ་དང་ཐེག་པ་དམན་པས་ཐོས་སུའང་མི་རུང་བའི་ལམ་དུས་ཀྱི་གསང་བའི་དབང་ཟབ་མོས་སྨིན་པར་བྱས་ཤིང་། རྒྱུ་དབང་སྔོན་སོང་ལམ་དབང་དགའ་བཞིའི་ཡེ་ཤེས་དང་འཇུག་པ་གཅིག་པར་གནས་འགྱུར་བའི་རྣམ་དག་དབང་ལྔའི་ཆུ་བོས་ཉོན་སྒྲིབ་ཤེས་སྒྲིབ་གཉིས་ཀྱི་དྲི་མ་ཐམས་ཅད་བཀྲུས། སྐུ་གསུམ་ངོ་བོ་ཉིད་སྐུ་དང་བཅས་པའི་ས་བོན་རྒྱུད་ལ་བཞག །དེ་དག་གི་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པའི་གནས་ཚུལ་བཞིན་དུ་བསྲུངས་པ་གང་ཞིག་ལམ་བདེན་རྒྱུད་ལ་སྐྱེ་བའི་སྣོད་དམ་རྟེན་དུ་གྱུར་པས། མ་དག་པ་འཁོར་བའི་གནས་སྐབས་ཀྱི་སྐྱེ་ཤི་བར་དོའི་སྣང་ཞེན་རང་རྒྱུད་པ་རྣམས་དག་པའི་ཡིད་ངོར་སྦྱོང་ཚུལ་ཉིན་སྣང་སད་དུས་ཀྱི་བསྐྱེད་རིམ་སྐྱེ་བ་སྤྲུལ་སྐུ། གཉིད་དུས་ཀྱི་སྡུད་རིམ་འཆི་བ་འོད་གསལ་ཆོས་སྐུ། བར་སྲིད་ཀྱི་ཡིད་ལུས་སྒྱུ་ལུས་ལོངས་སྐུ་སྟེ་སྐུ་གསུམ་ལམ་ཁྱེར་ནི། སྐྱེ་གནས་རྣམ་པ་བཞི་དང་མཐུན་པའི་འཁོར་བའི་འདྲ་འབག་ཁུ་རྡུལ་རླུང་གསུམ་དང་བཅས་པ་སྦྱང་གཞིར་བྱས་ནས་སྦྱོང་བྱེད་རྡོ་རྗེའི་ཆོ་ག་གསུམ་དང་ཐུན་མོང་མ་ཡིན་པའི་མངོན་བྱང་ལྔ་ཚང་བས་རྣམ་བྱང་བསྐྱེད་པའི་རིམ་པ་དང་མཐུན་ཅིང་། བུམ་དབང་གི་ལམ་རྫོགས་རིམ་གྱི་སྨིན་བྱེད་ཡིན་པས། རིམ་པ་དང་པོའི་ལམ་མངོན་དུ་གྱུར་པར་སྨོན་པའོ། །གཉིས་པ་ནི། ཕྱི་ནང་རང་ལུས་དཀྱིལ་འཁོར་ལྷ་ཡི་ཚོགས། །རྩ་ཡིག་བདུད་རྩི་དཔའ་བོ་རྣལ་འབྱོར་མ། །ཐིམ་ལུགས་བཞི་བསྒོམ་ཡེ་ཤེས་སྐྱེད་བྱེད་ཅིང་། །རྫོགས་རིམ་རྟོག་པ་འདྲེན་པའི་རྒྱུད་སྨིན་བྱས། །ཉི་ཟླའི་ལམ་ནས་དཀྱིལ་འཁོར་བཅུ་ཡི་རླུང་། །སྒྲ་གཅན་ལམ་དུ་ལོག་པའི་ཐབས་མཁས་ཀྱི། །མུན་པའི་ལམ་ནས་འབར་བའི་ཙཎྜ་ལིས། །ཧཾ་ཡིག་རི་བོང་འཛིན་པ་བཞུ་བ་ལས། །ལྷན་སྐྱེས་བདེ་བས་མཉམ་གཞག་དྲངས་པ་ཡིས། །འཁོར་འདས་ཆོས་རྣམས་ཀུན་གྱི་གནས་ལུགས་དང་། །དབྱེར་མེད་གྱུར་པ་དཔེ་ཡི་ཡེ་ཤེས་ཉིད། །སྒྱུ་འཕྲུལ་དྲྭ་བའི་སྐུ་རུ་ལངས་པ་ལས། །མ་དག་སྐྱེ་ཤིའི་འཕྲང་ལས་གྲོལ་བ་ཡི། །རྫོགས་རིམ་ཨ་ནུའི་ལམ་དུ་འཇུག་པར་ཤོག །ཅེས་པ་ནི། དེ་ལ་ཕྱི་སྣོད་སྣང་སྲིད་སྣོད་བཅུད་འཛིན་པ་དང་། ནང་རང་ལུས་ཕུང་ཁམས་སྐྱེ་མཆེད་དུ་ཞེན་པའི་འཁྲུལ་རྟོག་ཐམས་ཅད་དབྱིངས་ནས་རང་བཞིན་གྱིས་སངས་རྒྱས་པའི་གཙོ་དཀྱིལ་གཅིག་ཤོས་ནི་འཁོར་དུ་དག་པའི་ལྷ་ཚོགས་དང་། གཞན་རྡོ་རྗེའི་ལུས་ཀྱི་དངོས་པོ་རྩ་དང་ཡི་གེ་དབང་པོ། ཁམས་བདུད་རྩི་ནི་རྣལ་འབྱོར་མ་སྟེ། དེ་གཉིས་འཁྲིལ་སྦྱོར་གྱི་ཚུལ་ལས་བདེ་སྟོང་གི་མཆོད་པ་ལེན་པ། གཞན་ལུས་དང་སྙོམས་འཇུག་གི་ཞུ་བ། དེས་མཆོད་པའི་རྐྱེན་ལས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་ཞིང་། དེ་ཡང་ཞུགས་པའི་རྟགས་སུ་སྣ་སྒོར་མཉམ་རྒྱུ། གནས་པའི་རྟགས་སུ་རྒྱུ་བ་རང་འགགས། ཐིམ་པའི་རྟགས་སུ་མཁའ་སྣང་། ས་ཆུ་མེ་རླུང་སྟེ་འབྱུང་བ་བཞི་པོ་གཅིག་ལ་གཅིག་ཤོས་ཐིམ་པའི་རྟགས་རིམ་པ་བཞིན། སྨིག་རྒྱུ། དུ་བ། མཁའ་སྣང་དང་། རླུང་སྣང་བ་ལ་ཐིམ་དུ་ཉེ་བ་ནི་མར་མེ་ཐིམ་པ་དངོས་ལྟར་དཀར་ལམ། སྣང་བ་མཆེད་པ་ལ་ཐིམ་པས་དམར་ལམ། མཆེད་པ་སྟེ་ཉེར་ཐོབ་ལ་ཐིམ་པས་ནག་ལམ། ཉེར་ཐོབ་འོད་གསལ་ལ་ཐིམ་པས་སྟོན་གནམ་གཡའ་དག་པ་ལྟ་བུ་སྟེ། གྲུབ་ཆེན་ལྭ་བ་པས། དང་པོ་རི་དྭགས་སྲེད་བཞིན་སྣང་བ་སྟེ། །མཚན་མ་གཉིས་པ་དུད་ཁའི་རྣམ་པ་ཅན། །གསུམ་པ་སྲིན་བུ་མེ་ཁྱེར་དང་འདྲ་བ། །བཞི་པ་སྒྲོན་མེ་འབར་བ་ལྟ་བུར་གསལ། །མཚན་མ་ལྔ་པ་རྣམ་པར་མ་བརྟགས་པར། །སྤྲིན་བྲལ་ནམ་མཁའ་ལྟ་བུར་སྣང་བ་ཡིན། །ཅེས་གསུངས་སོ། །དེ་ལ་རི་དྭགས་སྲེད་ནི་སྨིག་རྒྱུའོ། །རྟགས་བཞི་པོ་འདི་སྔ་མ་ལས། ཕྱི་མ་གསལ་དུ་སོང་བ་ལ་སྨིག་རྒྱུ་སོགས་དང་འདྲ་བར་གསུངས་ཀྱི། དེ་རྣམས་དང་འདྲ་བའི་སྣང་བ་འཆར་བ་ཡིན་ཅེས་པ་དང་། ཁ་ཅིག་རྟགས་ཅན་གྱི་ཤེས་པ་བརྟན་གཡོའི་ཚད་ཡིན་ཅེས་པ་དང་། ཁ་ཅིག་དུ་བ་སོགས་དང་འདྲ་བའི་སྣང་བ་འཆར་བ་ལ་བཞེད་པ་གསུམ་བྱུང་བ་ནི་ཕྱི་མ་ཉིད་ལེགས་པ་ཡིན་ནོ། །རླུང་གདུ་ཕུལ་ཆེ་ཆུང་སོགས་ཀྱི་གནད་ཀྱིས་རྒྱ་ཆེ་ཆུང་དང་། བརྟན་མི་བརྟན་སོགས་སྣ་ཚོགས་ཤིག་འོང་བས་མཐའ་གཅིག་ཏུ་མ་ངེས་སོ། །དུ་བ་ལ་སོགས་པ་འདི་རྣམས་ལ་སྲོག་དབུ་མར་སྡུད་པའི་ཐབས་ཁྱད་པར་ཅན་གྱི་སེམས་འཛིན་པ་དང་། དེ་ལྟ་བུ་མིན་པའི་སེམས་མི་རྟོག་པར་འཇོག་པ་བསྐྱངས་པ་རྣམས་ལའང་འབྱུང་གསུངས་སོ། །སྒྲ་བསྒྱུར་མར་པའི་ལུགས་ཀྱི་རིམ་ལྔའི་རྩ་ཚིག་བསྡུས་གསལ་ལས། དང་པོ་སྨིག་རྒྱུ་ལྟ་བུའི་ཉམས། །འོད་ཟེར་ལྔ་དང་བཅས་པ་འཆར། །གཉིས་པ་ཟླ་བ་ལྟ་བུ་སྣང་བ་དང་། །གསུམ་པ་ཉི་མའི་འོད་ཀྱིས་མཆེད་པ་འཁྲིགས། །ཐུན་མཚམས་ཀྱི་སྨག་ནག་པོས་ཁྱབ་པ་ལྟ་བུ་མཚམས་སྣང་ལས་ནི་ཐོབ་པ་སྟེ། །ཞེས་སོ། །སྨིག་རྒྱུ་ནས་ནམ་མཁའ་སྤྲིན་མེད་ཀྱི་བར་རྣམས་བར་མ་ཆད་དུ་འབྱུང་ངོ་། །ཕྱི་མ་བཞི་ནི་ཐིམ་ལུགས་བཞི་དང་། དཔེ་དོན་གྱི་འོད་གསལ་ལ་ངེས་པ་འདྲེན་པས་ཡེ་ཤེས་བསྐྱེད་ཅིང་། བསྒོམ་པ་ནི་རྫོགས་རིམ་གྱི་རྟོག་པ་འདྲེན་པའི་རྒྱུད་སྨིན་བྱེད་ཡིན་ལ། དེའི་ཐབས་སུ་གྱུར་པ་ནི་ཉི་ཟླའི་ལམ་སྟེ། རོ་རྐྱང་གཉིས་ནས་རྒྱུ་བ་བསྐྱེད་སྡུད་ཀྱི་རྣམ་པས་ཕྱེ་བའི་ས་ལ་སོགས་པ་ཡན་ལག་གི་རླུང་བཅུ་བསྡོམས་པས་དཀྱིལ་འཁོར་བཅུའི་རླུང་ངམ་སྒྲ་གཅན་གྱི་ལམ་དུ་འགོག་པའི་ཐབས་ལ་མཁས་པ་དང་། དེའང་མུན་པའི་ལམ་སྟེགས་དབུ་མའི་མར་སྣ་ནས་འབར་བའི་ཙཎྜ་ལིའམ། གཏུམ་མོའི་མེ་ཡར་སྣའི་ཧཾ་ཡིག་རི་བོང་འཛིན་པ་སྟེ་ཟླ་པའི་རང་བཞིན་གྱི་ཁམས་བཞུ་བ་ལས་རིམ་བཞིན་ཡས་བབས་མས་བརྟན་གྱི་དགའ་བ་བཞི་དང་ཁྱད་པར་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོས་མཉམ་གཞག་དྲངས་པ་དེའི་ངང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྫུན་ཕུགས་རྡིབ་ཅིང་། ཀུན་གྱི་གནས་ལུགས་གཅིག་དང་ཐ་དད་དབྱེར་མེད་དུ་གྱུར་པ་འདི་ནི་ངོ་བོ་ཉིད་ཀྱི་ཡེ་ཤེས་ཡིན་ལ། དེ་ཉིད་ལས་གདུལ་བྱ་གང་ཡོད་ཀྱི་སར་སྤྲུལ་པའི་སྐུ་གཅིག་ཅར་དུ་སྟོན་པའི་ཕྱིར་སྒྱུ་མ་ཡབ། འཕྲུལ་བ་ཡུམ། དྲྭ་བ་འབྲེལ་པ་སྟེ་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་སྐུར་ལངས་ནས། མ་དག་པའི་གནས་སྐབས་ཀྱི་སྐྱེ་ཤིའི་འཕྲང་ལས་གྲོལ་པའི་མན་ངག་རྫོགས་པའི་རིམ་པ་ཐམས་ཅད་ཀྱི་དོན་ཨ་ནུ་ཡོ་གའི་ལམ་ལ་འཇུག་པར་སྨོན་པའོ། །བྱང་སེམས་ཞུ་བ་ལ་བརྟེན་ནས་དགའ་བཞི་སྐྱེད་ཚུལ་ནི། བྱང་སེམས་ཞུ་བས་གནས་གང་དུ་སླེབ་པ་ན་ཡས་བབས་ཀྱི་དགའ་བཞི་བསྐྱེད་ཚུལ་ནི། རྒྱུད་རྡོ་རྗེ་ཕྲེང་བ་ལས། དེ་རྗེས་ལུགས་འབྱུང་བཤད་བྱ་སྟེ། །བདེ་ཆེན་འཁོར་ལོ་སྤྱི་བོ་ལ། །དེ་ནི་དགའ་བ་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོར་མཆོག་དགའ་དང་། །དགའ་བྲལ་ཆོས་ཀྱི་འཁོར་ལོར་གནས། །སྤྲུལ་པའི་འཁོར་ལོར་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། །ཅེས་གསུངས་ཏེ། བྱང་སེམས་སྤྱི་བོ་ནས་མགྲིན་པར་སླེབ་པ་ན་དགའ་བ་དང་། མགྲིན་པ་ནས་སྙིང་གར་སླེབ་ན་མཆོག་དགའ་དང་། སྙིང་ག་ནས་ལྟེ་བར་སླེབ་ན་དགའ་བྲལ་དང་། ལྟེ་བ་ནས་གསང་གནས་ནོར་བུའི་རྩེར་སླེབ་པ་ན་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེ་ལ། མས་བརྟན་གྱི་སྐྱེས་ཚུལ་ཡང་། རྒྱུད་རྡོར་ཕྲེང་ལས། སྤྲུལ་པའི་འཁོར་ལོར་དགའ་བ་དང་། །མཆོག་དགའ་ཆོས་ཀྱི་འཁོར་ལོར་གནས། །ལོངས་སྤྱོད་བྲལ་བའི་དགའ་བ་དང་། །ལྷན་ཅིག་སྐྱེས་པ་བདེ་བ་ཆེ། །ལུགས་ལྡོག་རིམ་པ་ཞེས་ནི་གསུངས། །མས་བརྟན་གྱི་དུས་སུ་ལྡོག་པ་སྤྱི་བོར་མ་བརྟན་གྱི་བར་དུ་མི་བརྟན་ལ། སྤྱི་བོར་བརྟན་ན་བརྟན་པར་གསུངས་ཏེ། དེ་ཉིད་ལས། དེ་ནས་སྲོག་གི་སྟེང་དུ་ཡིད། །དེ་མི་མཐུན་པ་འབབ་པར་འགྱུར། །པདྨའི་ལྟེ་བའི་དབུས་གནས་པ། །གང་དེ་ཕྱི་ནས་བརྟན་གྱུར་པ། །དེ་ཚེ་མགོན་པོ་འགྲོ་མི་འགྱུར། །ཇི་ལྟར་བུ་ག་མེད་སྣོད་དུ། །ཆུ་རྣམས་ཟད་པ་མེད་གནས་ལྟར། །དེ་ཚེ་བདེ་བ་བརྟན་པར་འགྱུར། །བརྟན་པས་ལྷན་ཅིག་སྐྱེས་པའི་དགའ། །དེ་ཕྱིར་སངས་རྒྱས་མི་ཟད་པ། །རྣལ་འབྱོར་པ་ཡིས་ངེས་པར་འཐོབ། །ཅེས་སོ། །སྤྱིར་གཏུམ་མོ་བསྒོམ་པས་དྲོད་སྐྱེད། དྲོད་ལ་བརྟེན་ནས་རྩ་ནང་གི་བྱང་སེམས་ཞུ། དེ་ཞུ་བས་བདེ་བ་སྐྱེ། བདེ་བ་ལ་བརྟེན་ནས་མི་རྟོག་པ་སྐྱེ་བར་གསུངས་ཀྱང་། ལམ་སྒོམ་སྟོབས་ཀྱི་གཏུམ་མེ་འབར་བའི་དགོས་པ་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྐྱེད་པའི་ཆེད་ཡིན་ལ། དེ་སྐྱེ་བ་ལ་བྱང་སེམས་ཞུ་ནས་འབབ་པ་དེ་སྤྱིར་ལྟེ་བ་མན་ཆད་དུ་སླེབ་པ་ཞིག་དང་། ཁྱད་པར་ནོར་བུར་སླེབས་ནས་ཕྱིར་མ་འཕོས་པར་རེ་ཞིག་གི་བར་དུ་གནས་པ་ཞིག་མེད་ན་ལྷན་སྐྱེས་མཚན་ཉིད་པ་མི་སྐྱེའོ། །ལྷན་སྐྱེས་རྫོགས་རིམ་པའི་བདེ་ཆེན་དུ་འཇོག་པ་ལ་ནི་རླུང་ཐིམ་པའི་དབང་གིས་གནས་པ་ཞིག་དགོས་སོ། །མཉམ་གཞག་གི་སྐབས་སུ་བདེ་སྟོང་མི་རྟོག་པ་བསྐྱངས་ལ། རྗེས་ཐོབ་ཏུ་སྤྱིར་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེས་ནས། དེ་ལས་ལངས་པའི་དུས་སུ་རང་ཤུགས་ཀྱིས་ཀྱང་ཡུལ་སྣང་བདེ་བར་འཆར་བ་ཞིག་འོང་མོད་ཀྱང་། རྗེས་ཀྱི་སྐབས་སུ་མཉམ་གཞག་གི་བདེ་སྟོང་གིས་ཡུལ་སྣང་གང་ཤར་ཐམས་ཅད་ལ་རྒྱས་བཏབ་ནས་བསྒོམས་ན་བདེ་བ་འབར་བས་ཁྱད་པར་དུ་འགྱུར་བ་དེ་ལྟར་བསྐྱང་ངོ་། །དྲུག་པ་ལ་བཞི། ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེ་གསུམ་ལ་སྨོན་པ། དེ་དག་གི་དོན་བསྡུ་བའོ། །དང་པོ་ནི། དོན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཨ་ཏི་ཡེ་དག་རོ་མཉམ་ཆེན་པོ་ཉིད། །ཡོད་མིན་མེད་མིན་སྟོང་མིན་མི་སྟོང་མིན། །རང་བཞིན་གཤིས་ལ་གཞལ་ན་ཐམས་ཅད་མིན། །མེད་པ་མ་ཡིན་གཉིས་མེད་ཟུང་འཇུག་སྟེ། །རྟག་མིན་ཆད་མིན་སྨྲ་བསམ་བརྗོད་ལས་འདས། །རང་གནས་ཡེ་གནས་རྫོགས་པ་ཆེན་པོ་ནི། །ཀུན་མིན་ཕྱོགས་ཙམ་གཞལ་ན་ཐམས་ཅད་མིན། །བློ་ཡིས་བཀོད་ནས་དྲན་བསམ་བརྗོད་ལས་འདས། །རྣལ་མའི་དོན་ལ་ཀུན་མིང་བརྟགས་པ་ཙམ། །ཇི་ལྟར་སྣང་བ་འདི་ཡང་ཝལ་ལེ་བ། །ཚིག་གིས་མ་བསྐྱེད་ལྷ་སྔགས་ལྷུན་གྱིས་གྲུབ། །གང་ལྟར་བསམ་བརྗོད་འདས་པའི་རང་བཞིན་ཏེ། །ཨ་ཏིའི་དགོངས་དོན་ཚུལ་བཞིན་རྟོགས་པར་ཤོག །བསྐྱེད་པ་མ་ཧཱ་ཡོ་གའི་སྐབས་སུ་རིམ་པ་བཞི་པ་དོན་གྱི་འོད་གསལ། རྫོགས་པ་ཨ་ནུ་ཡོ་གའི་སྐབས་སུ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གང་ཡིན་པ་དེ་ཨ་ཏི་ཡོ་ག་རྡོ་རྗེ་སྙིང་པོའི་སྐབས་སུ་ཡེ་གྲོལ་ཀ་དག་གི་ལྟ་བ་ཞེས་བྱ་སྟེ། སྦྱངས་པ་སྔོན་སོང་གི་དབང་པོ་རབ་ཏུ་གྱུར་པ་ལ། ལྟ་སྒོམ་གྱི་མཁྱེན་པ་དང་ལྡན་པའི་བླ་མ་རྡོ་རྗེ་སློབ་དཔོན་གྱིས་ཚིག་དབང་གི་སྐབས་སུ་ཚིག་གི་ངོ་སྤྲད་པ་ཉིད་ཡིན་ཏེ། དེའི་དོན་མདོ་ཙམ་བཤད་ན། གཤིས་ཡེ་ནས་དག་པས་ཡེ་དག །འཁོར་འདས་སྤངས་བླང་དུ་མི་འབྱེད་པའི་རོ་མཉམ། རྟོག་བྱ་དེ་ལས་ལྷག་པ་མེད་པས་ཆེན་པོ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པས་ཉིད། སྟོང་ཆ་ཀ་དག་གི་ངོས་ནས་གང་གྲུབ་པ་མེད་པའི་ཡོད་མིན་སྣང་ཆ་ལྷུན་གྲུབ་ཀྱི་ངོས་ནས་འཁོར་འདས་ཀྱི་འཆར་གཞི་བྱེད་པས་མེད་མིན། བློ་བྱས་སྤྱོད་ཡུལ་ལས་འདས་པས་སྟོང་མིན། རང་ངོ་ཀ་དག་ཏུ་གནས་པས་མི་སྟོང་མིན། རང་བཞིན་གཉུག་མ་དོན་དམ་པའི་གཤིས་ལ་བློས་གཞལ་ན་གཞལ་བྱའི་ཡུལ་ལས་འདས་པས་ཐམས་ཅད་མིན། གཞི་ཡེ་གྲོལ་ཀ་དག་གི་དགོངས་པ་ཆོས་སྐུའི་ཡེ་ཤེས་འགྲོ་ཀུན་ལ་གནས་པ་མེད་པ་མ་ཡིན། དེས་ན་མ་དག་འཁོར་བའི་གནས་སུ་འཁྲུལ་བཞིན་པའི་གནས་སྐབས་སུའང་། ཆོས་ཉིད་སངས་རྒྱས་སུ་གནས་པའི་འཁོར་འདས་གཉིས་མེད་ཟུང་འཇུག་ཆེན་པོར་གནས། དམིགས་བསམ་སྤྲོས་པ་ལས་འདས་པས་རྟག་པ་མ་ཡིན། སོ་སོ་རང་རིག་གི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས་ཆད་པ་མ་ཡིན། མིང་ཐམས་ཅད་སྒྲོ་འདོགས་ཡིན་པས་སྨྲ་བའི་ཡུལ་ལས་འདས། རྟོགས་པ་ཐམས་ཅད་འཁྲུལ་པ་ཡིན་པས་བསམ་པའི་ཡུལ་ལས་འདས། ཚིག་ཐམས་ཅད་དངོས་པོ་མེད་པས་བརྗོད་པའི་ཡུལ་ལས་འདས། ཡེ་ནས་རང་བཞིན་གྱིས་གནས་པས་རང་གནས། ཐོག་མ་མེད་པའི་དུས་ནས་གནས་པ་ཡེ་གནས་སྣང་སྲིད་ཆོས་སྐུར་རྫོགས་པས་རྫོགས་པ། ཐེག་པ་ཐམས་ཅད་ཀྱི་རྩེ་རྒྱལ་ཡིན་པས་ཆེན་པོ། མཐའ་བརྒྱད་ཀྱི་སྤྲོས་པ་དང་བྲལ་བས་ཀུན་མིན། སྣང་སྟོང་ཕྱོགས་རེ་ཙམ་ནས་གཞལ་བ་འཁོར་འདས་རང་སར་བདེན་པ་ཐམས་ཅད་ཡིན། དོན་དམ་དཔྱོད་བྱེད་ཀྱི་བློ་ཡིས་གཞལ་ན་དྲན་བསམ་བརྗོད་པ་ལས་འདས་རྣལ་མ་ཆོས་ཉིད་ཀྱི་ངང་ནས་གང་སྒྲུབ་ཀྱི་གྲུབ་མཐའ་ཐམས་ཅད་མིང་ཙམ་བཏགས་པ་ཙམ་ཡིན་པས་དོན་ལ་མ་རེག །ཇི་ལྟར་སྣང་བཞིན་པའི་འཁྲུལ་སྣང་འདི་ཡང་སྒྱུ་མ་དང་། རྨི་ལམ་ལྟར་ཤར་བས་ཝལ་ལེ་བ་དགག་སྒྲུབ་དང་བྲལ། སྙིང་པོ་ཚིག་གིས་མ་བསྐྱེད་པར་ལྷ་སྔགས་ལྷུན་གྲུབ་ཏུ་གནས། གང་དུ་ཅི་ལྟར་བརྟགས་ཀྱང་བསམ་བརྗོད་ཐམས་ཅད་བྲལ་བའི་གནས་ལུགས་གཞོན་ནུ་མ་ལ་པྲ་ཕབ་པ་ལྟར་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་མཐོང་མེད་ཀྱི་ཚུལ་མཐོང་བ་ཨ་ཏི་ཡོ་ག་སྟེ་ཐེག་རྩེ་ཤིན་ཏུ་རྣལ་འབྱོར་གྱི་དགོངས་དོན་ཕྱིན་ཅི་མ་ལོག་པ་ཚུལ་བཞིན་དུ་རྟོགས་པར་ཤོག་ཅིག་པའོ། །གཉིས་པ་ནང་ཀློང་སྡེའི་དོན་ལ་སྨོན་པ་ནི། ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོའི་དོན། །རང་བཞིན་བབས་ཡིན་སྟོང་པས་ཕན་ཅི་ཡོད། །སོ་མ་རང་བཞག་མ་བཅོས་རང་ག་མ། །ཐ་མལ་ཤེས་པ་རང་གྲོལ་རྒྱལ་བའི་ལམ། །རང་རིག་རང་གྲོལ་གཉེན་པོ་བཅོས་མི་དགོས། །ཡེ་གྲོལ་བསྐྱར་གཞི་མེད་དེ་གདོད་མའི་ངང་། །ཅེར་གྲོལ་ངོ་བོ་མེད་དེ་བདེན་པས་སྟོང་། །རང་གྲོལ་སྙིང་པོ་མེད་དེ་རང་བཞག་ཉིད། །འགྱུ་གྲོལ་རང་སར་དག་སྟེ་སྐད་ཅིག་མ། །ཤར་གྲོལ་དུས་མཉམ་ཡིན་ཏེ་སྔ་ཕྱི་མེད། །མ་བཅོས་རང་བཞག་རང་བབས་ཀ་དག་ཀློང་། །ངོ་བོ་རང་བཞིན་ཐུགས་རྗེའི་དོན་རྟོགས་ཤོག །ཅེས་པས་ཁྱད་པར་འོད་གསལ་སོགས་རང་གི་ངོ་བོ་སྨོས་ཏེ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་ཐར་གསུམ་ལྡན་གྱི་དབྱིངས་ནས་སངས་རྒྱས་པའི་དོན་ཁོང་དུ་ཆུད་ནས། དེ་གའི་ངང་ལ་རང་བཞིན་གྱིས་གནས་པའི་རང་བབས་ཡིན་ན། བློས་གསར་བྱུང་དུ་བསྒྲུབས་པའི་སྟོང་པས་ཕན་དུ་ཅི་ཞིག་ཡོད། སོ་མ། ངང་བཞག །མ་བཅོས། རང་ག་མ་སྟེ། སེམས་ལ་བཅོས་བསླད་མེད་པའི་དོན་བཞི་ལ། ཐ་མལ་གྱི་ཤེས་པའི་སྒྲར་བཏགས་ཏེ། རང་གིས་རང་གྲོལ་སྦྲུལ་གྱི་མདུད་པ་ལྟ་བུ་དེ་ནི་རྒྱལ་བ་ཐམས་ཅད་ཀྱི་ཤུལ་ལམ་ཡིན་པས་རྟོག་དཔྱོད་སྣ་ཚོགས་དང་། སྒྲིམ་གློད་ལ་སོགས་པའི་གཉེན་པོས་བཅོས་མི་དགོས། ཡེ་ནས་གྲོལ་ཚར་བས་བསྐྱར་བའི་གཞི་མེད། ལྟ་སྟངས་གཅིག་གི་ངང་ནས་ཅེར་གྱིས་གྲོལ་བས་ངོ་བོ་ཉིད་མེད་དེ། བདེན་པ་ཀུན་རྫོབ་པས་སྟོང་། རང་གྲོལ་ལ་གཉེན་པོ་གཞན་མེད་པས་རང་གར་བཞག །འགྱུ་བ་ངོ་ཤེས་ཙམ་ལས་གྲོལ་བས་རང་དག་སྐད་ཅིག་མ། ཤར་ཙམ་ཉིད་ནས་རང་ངོ་ཤེས་པས་ཆུ་ལ་རི་མོ་བྲིས་པ་ལྟར་ཤར་གྲོལ་དུས་མཉམ་ལ་སྔ་ཕྱི་མེད། བློས་སྤུ་ཙམ་མ་བཅོས་པའི་རང་བཞག་རང་བབས་ཀ་ནས་དག་པ་ཞེས་བྱ་སྟེ། ཐོག་མ་ནས་རྣམ་པར་དག་པའི་བྱ་བྲལ་ཀློང་གི་སྡེ་ཆེན་པོ་དེ་ནི། ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་ཀུན་ཁྱབ་སྟེ་སྣ་ཚོགས་པ་གཅིག་ལ་རྣམ་པ་གསུམ་དུ་དབྱེ་བའི་དོན་རྟོགས་པར་ཤོག་ཅིག་སྨོན་པའོ། །དེའང་ཞིབ་ཏུ་བཤད་ན། ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོ་ཡེ་ཇི་བཞིན་པའི་དོན་དམ་སྟོན་པ་ལ་བཞི། ལྟ་བ་ངོ་སྤྲད་པ། སྒོམ་པ་ངང་ལ་བཞག་པ། སྤྱོད་པ་རང་གྲོལ་དུ་གཏོང་པ། འབྲས་བུ་མངོན་དུ་འགྱུར་བའོ། །དང་པོ་ནི། ད་ལྟ་རང་བབས་ཀྱི་ཤེས་པ་ཕྱིར་མི་སྤྲོ་བ་ནང་དུ་བཟུང་། རང་བཞིན་རང་བབས་ཀྱི་ངང་དུ་ལྷོད་ཀྱིས་གློད་ནས་བཞག་པས་མིང་འདོགས་སྤྱོད་པ་ཐམས་ཅད་དང་བྲལ་བར་འཆར་བ་དེ་གཉུག་མའི་ཡེ་ཤེས་རྫོགས་པ་ཆེན་པོ་ཡིན་པས། བློས་བྱས་ཐ་སྙད་ཀྱི་སྟོང་པས་ཕན་མ་བཏགས་པ་གནས་ལུགས་རང་བཞག་ཏུ་དེ་ཉིད་ལྟ་བའོ། །གཉིས་པ་ནི། དེ་ལྟར་གཅེར་མཐོང་རང་གྲོལ་དུ་ཤེས་པའི་ངང་དེ་ཉིད་མ་ཤོར་བར་སྐྱོང་བ་ནི་རང་དྭངས་རྒྱ་མཚོ་དྭངས་པ་ལྟ་བུའི་ཡེ་ཤེས་ལ་འཇོག་མིན་རང་བཞག་པ། དེ་ལས་རང་རྩལ་སྣང་ཞིང་འཕྲོ་ཡང་གཉེན་པོའི་བཅོས་བསྒྱུར་མི་བྱེད་པ་ནི་མ་བཅོས་རང་བབས་ཀྱི་རྩལ་ལས་གང་ཤར་གཤིས་སུ་གྲོལ་ནས་གཉུག་མའི་ངང་དེ་ཉིད་དུ་གནས་པ་ནི་རང་ག་མ། ཡིན་ལུགས་རྗེན་པར་འཇོག་པས་ཐ་མལ་གྱི་ཤེས་པ་དེ་ཉིད་རང་གྲོལ་དུ་གནས་པའི་རྒྱུན་བསྐྱངས་ནས་རྒྱལ་བའི་གོ་འཕང་ཐོབ་ཅིང་ས་ལམ་ཆིག་ཆོད་དུ་འགྱུར་བ་ནི་སྒོམ་པའོ། །གསུམ་པ་ནི། དེ་ལྟར་རང་གནས་རང་བཞག་གི་སྒོམ་པ་སྐྱོང་བའི་ཚེ། དགག་སྒྲུབ་དང་ཆགས་སྡང་གི་བློ་ལྡོག་ཤར་ན་དེ་ཉིད་རང་གྲོལ་དུ་གཏོང་བ་ལ་གྲོལ་ལུགས་ཀྱི་གནད་དྲུག་སྟེ། རང་གྲོལ་གཉེན་པོ་མེད་པའི་གནད་ཀྱིས་སྦྲུལ་གྱི་མདུད་པ་ལྟར་གྲོལ་བས་གཞན་གྱིས་བཅོས་མི་དགོས། ཡེ་གྲོལ་བསྐྱར་གཞི་མེད་པའི་གནད་ནམ་མཁའི་མདུད་པ་ལྟར་གྲོལ་བས་གདོད་མའི་ངང་ལ་གནས། ཅེར་གྲོལ་ངོ་བོ་མེད་པའི་གནད་ངོ་ཤེས་ཀྱི་མི་དང་འཕྲད་པ་ལྟར་གྲོལ་བའི་བདེན་པའི་སྒྲོ་འདོགས་ཀྱིས་སྟོང་། རང་གྲོལ་སྙིང་པོ་མེད་པའི་གནད་ཁང་སྟོང་དུ་རྐུན་མ་ཞུགས་པ་ལྟར་གྲོལ་བས་རང་བཞག་ལ་ཐོབ་ཤོར་མེད། འགྱུ་གྲོལ་རང་སར་དག་པའི་གནད་ཆུ་ལ་རི་མོ་བྲིས་པ་ལྟར་གྲོལ་བས་ཤེས་པ་སྐད་ཅིག་མའི་རྒྱུན་མི་མཐུད། ཤར་གྲོལ་དུས་མཉམ་ཡིན་པའི་གནད་ཆུ་ལ་རལ་གྲི་བསྣུན་པ་ལྟར་གྲོལ་བས་རྟོགས་པ་སྔ་ཕྱི་ཁྱད་མེད་པ་ནི་སྤྱོད་པ། བཞི་པ་ནི། དེ་ལྟར་མ་བཅོས་པར་རྟོགས། སྒོམ་པ་རང་བབས་སུ་བཞག །སྤྱོད་པ་རང་བབས་སུ་ལྷོད་པའི་གནས་སྐབས་ན་འབྲས་བུ་ཀ་དག་གི་ཀློང་དུ་གྲོལ་ཏེ། ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་སྐུ་གསུམ་རང་གནས་ཀྱི་ཡེ་ཤེས་མངོན་དུ་གྱུར་ནས་གང་ཟག་གི་མིའི་ལུས་ལ་དགོངས་པ་སངས་རྒྱས་སུ་རྟོགས་པ་ནི་འབྲས་བུའོ། །གསུམ་པ་མན་ངག་སྡེ་ལ་སྨོན་པ་ནི། ཤེས་རབ་རང་བྱུང་སྒྲོན་མའི་དབྱིངས་རུམ་ནང་། །རྒྱང་ཞགས་སྒྲོན་མས་རིག་གདངས་སྒོ་ཕྱེས་ནས། །དག་དབྱིངས་སྒྲོན་མས་སྣ་ཚོགས་རྒྱན་བཀྲམ་སྟེ། །ཐིག་ལེ་སྟོང་སྒྲོན་ཞི་ཁྲོའི་དཀྱིལ་འཁོར་རྫོགས། །དང་པོ་རྒྱུ་ཡིས་མ་བསྐྱེད་དབྱིངས་ལྔ་ཤར། །བར་དུ་རྐྱེན་གྱིས་མ་བསྐྱེད་ཚོམ་བུར་གྲུབ། །ཐ་མར་ལྟ་བའི་གནས་དག་དབྱིངས་རིག་འདྲེས། །ཡིད་དཔྱོད་དང་བྲལ་མངོན་སུམ་མཐར་ཕྱིན་ཤོག །ཅེས་པ་ནི། ཤེས་རབ་རང་བྱུང་གི་སྒྲོན་མ་ནི་སོ་སོར་རྟོག་པའི་ཤེས་རབ་ཡིན་ལ། རྒྱང་ཞག་ཆུའི་སྒྲོན་མ་ནི་འཆར་བའི་སྒོ་མིག་གི་དབང་པོ། དག་པ་དབྱིངས་ཀྱི་སྒྲོན་མ་ནི་འཆར་བའི་ཡུལ་ནམ་མཁའ་རྐྱེན་བྲལ། ཐིག་ལེ་སྟོང་པའི་སྒྲོན་མ་ནི་འཇའ་འོད་ཟླུམ་པོར་འཁྱིལ་བ་སྟེ། དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བཅིངས་པས་རིམ་བཞིན་རིམ་པ་དེ་བཅུད་དུ་སྨིན་ནས་སྐུ་ཕྱེད་པ་དང་། རྐྱང་པ་དང་མཐར་གྱིས་ཞི་ཁྲོའི་སྐུ་ཡོངས་སུ་རྫོགས་པ་སྟེ། དེ་དག་ཀྱང་སྦྱོར་དྲུག་དང་ཕྲ་ཏིག་ལྟར་རླུང་སྦྱོར་ལ་སོགས་པའི་རྒྱུས་མ་བསྐྱེད། མུན་ཁང་དུ་བཅུད་ལེན་ལ་སོགས་པའི་རྐྱེན་གྱིས་མ་བསྐྱེད་པར་ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚད་ཕེབས་ཀྱིས་ཚོམ་བུའི་བར་གྲུབ་ནས་མཐར་གྱི་བལྟ་བྱ་ལྟ་བྱེད་ལས་བྱུང་བའི་ཆོས་ཉིད་ཀྱང་ཟད་ནས་དབྱིངས་རིག་འདྲེས་པའི་དགོངས་པ་ལ་སྦྱོར་བ་ཡིད་དཔྱོད་དང་བྲལ་བའི་དོན་ལ་སྨོན་པའོ། །ཡང་བསྐྱར་གོ་བདེར་བརྗོད་ན། ཤེས་རབ་རང་བྱུང་གི་སྒྲོན་མ་སྤྲོས་བྲལ་གཉུག་མའི་ཡེ་ཤེས་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་རིག་སྟོང་ཟང་ཐལ་དུ་རྟོགས་པ་དེའི་དབྱིངས་ནས། འོད་གསལ་གྱི་སྣང་བ་དཔག་ཏུ་མེད་པ་འཆར་བའི་སྐབས་སུ་རྒྱང་ཞག་ཆུའི་སྒྲོན་མ་འོད་རྩ་དཀར་གྱི་སྐུད་པ་ལྟ་བུས་རིག་གདངས་འཆར་བའི་སྒོ་ཕྱེ་ནས། དག་པ་དབྱིངས་ཀྱི་སྒྲོན་མ་འོད་ལྔ་འཇའ་ཚོན་གྱི་སྣང་བས་ཞིང་ཁམས་དང་གཞལ་ཡས་ཀྱི་རྒྱན་བཀྲམ་སྟེ། ཐིག་ལེ་སྟོང་པའི་སྒྲོན་མ་འོད་ཁྱིམ་ཟླུམ་པོའི་རྣམ་པ་ལས། ཞི་ཁྲོའི་དཀྱིལ་འཁོར་དུ་འཆར་བ་སྟེ། དེ་ཡང་དང་པོ་ཆོས་ཉིད་མངོན་སུམ་གྱི་སྐབས་སུ་དེ་ཉིད་ཆེར་འཆར་ནས། རིག་པ་ཚད་ཕེབས་ཀྱི་ཚེ་རྐྱེན་གྱིས་མ་བསྐྱེད་པའི་སྣང་ཉམས་རིགས་ལྔ་ཡབ་ཡུམ་ཟུང་དུ་འབྲེལ་བའི་ཚོམ་བུའི་དཀྱིལ་འཁོར་དུ་གྲུབ། ཐ་མ་ཆོས་ཉིད་ཟད་པའི་གནས་སྐབས་སུ་ལྟ་བའི་གནད་དག་སྟེ་རིག་གདངས་ཚད་མེད་ཀྱི་སྣང་ཆ་དབྱིངས་སུ་བསྡུས་ནས། དབྱིངས་རིག་དབྱེར་མེད་དུ་བསྲེས། ཉམས་ཡིད་དཔྱོད་དང་བྲལ་བའི་ཆོས་ཉིད་སྣང་ཉམས་དབང་པོས་མངོན་སུམ་མཐོང་བ་འོད་གསལ་ཐོད་རྒལ་གྱི་ཉམས་ལེན་མཐར་ཕྱིན་དུ་ཤོག་ཅིག་པའོ། །དེ་དག་གི་དོན་བསྡུ་བ་ནི། ཁྲེགས་ཆོད་ལྟ་བས་སྲིད་ཁུངས་གདར་ཤ་བཅད། །ཐོད་རྒལ་བསྒོམས་པས་སྐུ་གསུམ་རྩལ་རྫོགས་ཏེ། །གདོད་ནས་རྣམ་དག་དང་པོའི་སངས་རྒྱས་ཉིད། །དབྱེར་མེད་ཐིག་ལེའི་གཟུགས་སུ་གང་སྣང་བ། །དེ་ལས་སྤྲོས་ཚེ་སྐུ་གསུམ་སྣོད་བཅུད་དང་། །བསྡུས་ཚེ་སྟོང་ཉིད་སྙིང་རྗེ་ཆོས་ཀྱི་སྐུ། །ཐིག་ལེ་ཉག་གཅིག་ཡིད་ཡུལ་གཡོ་མེད་ཤོག །ཅེས་པ་ནི། ཀ་དག་ཁྲེགས་ཆོད་ཀྱི་ལྟ་བས་སྲིད་པའི་ཁུངས་བདག་འཛིན་གྱི་རྩ་བ་བཅད་དེ། རང་གནས་ཆོས་ཉིད་ཀྱི་གདར་ཤ་བཅད། ལྷུན་གྲུབ་ཐོད་རྒལ་གྱི་ལམ་བསྒོམས་པས་སྐུ་གསུམ་རྩལ་རྫོགས་ནས། འབྲས་བུ་གྲོལ་བའི་ཀ་དག་གདོད་མའི་གཞི་རྣམ་པར་དག་པའི་ཆོས་ཉིད་དང་ངོ་བོ་དབྱེར་མེད་པ་གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོའི་དགོངས་པ་འཁོར་འདས་དབྱེར་མེད་ཐིག་ལེ་ཉག་གཅིག་ཏུ་སྣང་བ་དེ་ལས་སྤྲོས་པའི་ཚེ་ན་སྐུ་གསུམ་དག་པའི་ཞིང་ཁམས་སྣོད་བཅུད་དྭངས་པ་མ་འདྲེས་པ་སྣང་ཞིང་། བསྡུས་ཚེ་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་རང་བཞིན་ཡེ་ཤེས་ཆོས་ཀྱི་སྐུའི་བདག་ཉིད་སྤྲོས་བྲལ་ཐིག་ལེ་ཉག་གཅིག་གི་ཡིད་ཡུལ་ལ་གཡོ་བ་མེད་པར་ཤོག་ཅིག་ཅེས་སྨོན་པའོ། །གཉིས་པ་འབྲས་བུའི་གོ་འཕང་སྤྱོད་ཚུལ་སྨོན་པ་ལ་གསུམ། འབྲས་བུ་སྐུ་གསུམ་དབྱེར་མེད་ལ་སྨོན་པ་དང་། ཕྲིན་ལས་ཀྱི་འཇུག་པ་ལ་སྨོན་པ་དང་། སྔགས་སྤྱོད་ཀྱི་རྟེན་ཁྱད་པར་ཅན་ལ་བརྟེན་ནས་འབྲས་བུ་དོན་དུ་གཉེར་བར་སྨོན་པའོ། །དང་པོ་ནི། སླར་ཡང་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །གཉིས་སྣང་འཁྲུལ་པའི་བག་ཆགས་ཀུན་བཅོམ་ནས། །རིམ་པ་བཞི་པའི་དོན་གྱི་འོད་གསལ་དང་། །དབྱེར་མེད་ལྷན་ཅིག་སྐྱེས་པ་བདེ་བའི་དངོས། །བདེན་གཉིས་ཟུང་དུ་འཇུག་པའི་ཧེ་རུ་ཀ །མཁའ་དབྱིངས་ཤར་བ་དབང་པོའི་གཞུ་བཞིན་དུ། །གསལ་མདངས་འོད་ཟེར་ལྔ་ཡི་དྲྭ་བ་ཅན། །སྟོབས་བཅུ་མི་འཇིགས་བཞི་དང་སོ་སོར་རིག །མ་འདྲེས་བཅོ་བརྒྱད་རྫོགས་པའི་སངས་རྒྱས་དང་། །བླ་མེད་ཡོན་ཏན་རང་བཞིན་གཞལ་མེད་ལས། །རྣམ་ཀུན་མཆོག་ལྡན་ངོ་བོ་ཆོས་ཀྱི་སྐུ། །རྣམ་པ་ལོངས་སྤྱོད་རྫོགས་སྐུ་གྲངས་མེད་ཀྱི། །སྤྲུལ་པའི་སྤྲིན་འཕྲོ་སྐུ་གསུམ་དབྱེར་མེད་ཤོག །ཅེས་པ་ནི། དེ་ཡང་འཇུག་པ་ལ་དབང་ཐོབ་ནས་གདོད་མའི་ནང་དབྱིངས་སུ་འཇུག་ཁ་མ་དེར། སླར་ཡང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གཞུ་བདུངས་བ་ལྟ་བུའི་གཉིས་སུ་སྣང་བ་དང་། དེ་ལས་བྱུང་བའི་འཁྲུལ་པའི་བག་ཆགས་ཀྱི་ལྷག་མར་གྱུར་པ་གནས་ངན་ལེན་གྱི་ཤེས་སྒྲིབ་ཕྲ་མོ་ཡན་ཆད་བཅོམ་སྟེ། རིམ་པ་བཞི་པའི་དོན་གྱི་འོད་གསལ་དེ་ཉིད་སློབ་པའི་ཟུང་འཇུག་གི་བསྒྲུབ་གཞི་ཡིན་པས་ངོ་བོ་གཅིག་པའི་ཆ་ནས་དབྱེར་མེད་ལྷན་ཅིག་སྐྱེས་པའི་བདེ་བའི་དངོས་གཞིར་བཤད་ལ། དེ་ཉིད་ལས་མི་སློབ་པའི་ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུར་བཞེངས་པ་ལ་མཁའ་དབྱིངས་ཤར་བའི་དབང་པོའི་གཞུ་སྟེ། ནམ་མཁའ་ལ་འཇའ་ཚོན་ཤར་བའི་དཔེས་མཚོན་ནས་ཆོས་སྐུའི་གདངས་ལོངས་སྤྲུལ་གྱི་རྣམ་པའི་གཟུགས་སྐུ་གཉིས་སུ་གྲུབ་པ་ལ་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་ཡོན་ཏན་མཐའ་དག་རྫོགས་པའི་སངས་རྒྱས་དང་། དེའི་བླ་ན་མེད་པའི་ཡོན་ཏན་གྱི་རང་བཞིན་གཞལ་དུ་མེད་པ་ཉིད་ལས། གཞོན་ནུ་མ་ལ་པྲ་ཕབ་པའི་སྣང་བ་ལྟར་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་ཆོས་ཀྱི་སྐུ་དང་། དེའི་གདངས་རིགས་ལྔ་གངས་ཅན་མཚོ་བཞིན་ལག་གི་རྣམ་པ་ཅན་གྱི་ལོངས་སྤྱོད་རྫོགས་པའི་སྐུ་གྲངས་མེད་པར་ཤར་བ་དང་། དེ་ལས་སྤྲུལ་པའི་སྐུ་བསམ་གྱིས་མི་ཁྱབ་པའི་སྤྲིན་འཕྲོ་བ་ཅན་གྱི་སྐུ་གསུམ་ངོ་བོ་དབྱེར་མེད་ཐོབ་པར་ཤོག་ཅིག་ཅེས་སྨོན་པའོ། །གཉིས་པ་ནི། མཁར་ཁྱབ་གཟུགས་བཟུང་བགྲང་ཡས་སེམས་ཅན་ལ། །ཇི་སྙེད་ཁམས་དང་བསམ་པའི་དབྱེ་བ་བཞིན། །རང་རང་སྐད་དུ་རྒྱུ་དང་འབྲས་བུ་ཡི། །ཐེག་པ་གཉིས་ལས་བརྩམས་པའི་ཆོས་ཀྱི་ཚུལ། །ལེགས་པར་སྟོན་ལ་སྐྱོ་ངལ་མེད་པར་ཤོག །ཅེས་པ་ནི། དེ་ལྟར་རང་དོན་དུ་སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་དུ་གྲུབ་ནས། ནམ་མཁས་གར་ཁྱབ་ཏུ་རྣམ་སྨིན་གྱི་གཟུགས་སམ་ལུས་བཟུང་བའི་བགྲང་བ་ལས་འདས་པའི་སེམས་ཅན་གྱི་ཁམས་རྒྱ་མཚོ་ལྟ་བུ་ལ་ཇི་སྙེད་དེ་མང་པོའི་སྒྲས་དེ་སྙེད་སོ་སོའི་ཁམས་དང་བསམ་པའི་དབྱེ་བ་ཐ་དད་པ་བཞིན་རང་རང་སོ་སོའི་སྐད་དུ་རྒྱུ་དང་འབྲས་བུའི་ཐེག་པ་གཉིས་ལས་བརྩམས་པའི་ཆོས་ཀྱི་ཚུལ་རྒྱ་མཚོ་ལྟ་བུ་ལེགས་པར་འཆད་ཅིང་ལེགས་པར་སྟོན་པ་ལ་སྐྱོ་དུབ་དང་ངལ་བའི་གནས་མཐའ་དག་བཟོད་པར་ཤོག་ཅིག་པའོ། །གསུམ་པ་ནི། འདི་དང་བར་དོར་མཆོག་གི་གོ་འཕང་ནི། །ངེས་པར་འགྲུབ་པའི་ལམ་བཟང་མ་རེད་ན། །ཟབ་ལམ་འཕོ་བའི་རྣལ་འབྱོར་ལ་གོམས་པས། །རྣམ་ཤེས་མཁའ་སྤྱོད་གནས་སུ་འཕོ་བྱས་ཏེ། །བསྐྱེད་རྫོགས་ལམ་གྱི་རིམ་པས་འཕྲོ་མཐུད་ཤོག །ཅེས་པ་ནི། དེ་ལ་བསྐྱེད་རིམ་གྱི་སྒོ་ནས་རིག་འཛིན་བཞིའི་ལམ་རྫོགས་རིམ་གྱི་སྒོ་ནས། རྨི་ལམ། སྒྱུ་ལུས། བར་དོ། འོད་གསལ་ལ་སོགས་ཀྱི་གདམས་པ་ཉམས་འོག་ཏུ་ཆུད་ནས་ཚེ་འདི་འམ། བར་དོར་མཆོག་གི་གོ་འཕང་བགྲོད་པའི་ལམ་བཟང་གི་དངོས་གྲུབ་མ་བརྙེས་ན། མ་བསྒོམ་པར་འཚང་རྒྱ་བའི་ཟབ་ལམ་འཕོ་བའི་རྣལ་འབྱོར་ལས་འཁོར་བ་དང་འབྲེལ་བའི་སྒོ་བརྒྱད་ཡིག་འབྲུས་བཀག་ལ། གཙུག་ཏོར་རླུང་གི་འཁོར་ལོའི་སྒོ་ཕྱེ་ནས་རྣམ་པར་ཤེས་པ་ཨ་ཡིག་ལ་སོགས་པའི་རྣམ་པས་དག་པ་མཁའ་སྤྱོད་དང་། བདེ་བ་ཅན་དང་། མངོན་པར་དགའ་བ་ལ་སོགས་རང་བཞིན་སྤྲུལ་པའི་ཞིང་དུ་འཕོས་ནས་བསྐྱེད་རྫོགས་ལམ་ཀྱི་རིམ་པ་འཕྲོ་མཐུད་པར་ཤོག་ཅིག་ཅེས་སྨོན་པའོ། །གསུམ་པ་མཇུག་གི་དོན་ལ་གཉིས། གཞུང་དོན་འབྱེད་པའི་བློ་གྲོས་ཐོབ་པར་སྨོན་པ་དང་། སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་དཔལ་ལྡན་བླ་མ་དང་མི་འབྲལ་བར་སྨོན་པའོ། །དང་པོ་ནི། དེ་ལྟར་རྒྱུ་ལམ་འབྲས་བུའི་ཁྱད་པར་ལས། །སྐུ་དང་ཞིང་ཁམས་འཁོར་དང་མཛད་པ་ནི། །ཡོངས་སུ་དག་པའི་ཡེ་ཤེས་ལམ་ཉིད་དུ། །བྱེད་དང་མི་བྱེད་སྔགས་དང་ཕ་རོལ་ཕྱིན། །སོ་སོར་འབྱེད་པའི་བློ་གྲོས་དང་ལྡན་ཤོག །ཅེས་པ་ནི། རྒྱུ་ལམ་དུ་བྱས་ནས་འབྲས་བུ་ཕྱི་དུས་ན་སྨིན་པ་སྡེ་སྣོད་གསུམ་གྱི་ལམ་དང་། འབྲས་བུ་ལམ་དུ་བྱེད་པ། དཔེར་ན་རང་གི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་རྣམ་པ་ལམ་བྱེད་དང་། དེ་བཞིན་དུ་སྣོད་གཞལ་ཡས་ཁང་གི་ལམ་ཁྱེར་དང་། བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོའི་རང་བཞིན་དུ་སྦྱོར་བ་དག་པའི་སྣོད་བཅུད་དང་། འོད་ཟེར་སྤྲོ་བསྡུས་སངས་རྒྱས་ཀྱི་ཕྲིན་ལས་རྣམ་པ་བཞིའི་མཛད་པ་ལམ་དུ་བྱེད་པ་སྟེ། དེ་བས་ན་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཀྱི་ཁམས་ལ་ད་ལྟ་ནས་ཡོངས་སུ་དག་པའི་ཡེ་ཤེས་ཀྱི་ལམ་དུ་བྱེད་ནུས་པ་ནི་འབྲས་བུ་སྔགས་ཀྱི་ཐེག་པ་དང་། དེ་ལྟར་བྱེད་མི་ནུས་པ་ནི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་གཉིས་སོ་སོར་འབྱེད་ནུས་པའི་བློ་གྲོས་ཀྱི་སྤོབས་པ་ཁྱད་པར་ཅན་ཐོབ་པར་ཤོག་ཅིག་པར་སྨོན་པའོ། །གཉིས་པ་ནི། བདག་ཀྱང་འདི་ནས་ཚེ་རབས་ཐམས་ཅད་དུ། །རྗེ་བཙུན་བླ་མ་མཆོག་དང་མི་འབྲལ་ཞིང་། །དེས་གསུངས་གསུང་གི་བདུད་རྩི་མྱོང་བ་དང་། །དེ་དོན་སྒྲུབ་ལ་ཞུམ་པ་མེད་པ་ཡི། །ཚེ་རབས་ཀུན་ཏུ་ཡོངས་འཛིན་དམ་པ་དང་། །ནམ་ཡང་འབྲལ་མེད་རྗེས་སུ་འཛིན་གྱུར་ཅིག །ཅེས་པ་ནི། དམ་པའི་ཆོས་ཀྱི་མཚན་ཉིད་ནི་ཐོག་མཐའ་བར་གསུམ་དུ་དགེ་བ་ཞིག་ཡིན་ལ། དེ་ལྟར་དགེ་བར་བྱེད་པ་བླ་མ་དམ་པ་དགེ་བའི་བཤེས་གཉེན་གཅིག་པུ་ལ་རགས་ལས་ན་དུས་འདི་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ་བླ་མ་དང་མཇལ་བའི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་དང་མཇལ་ནས་སྐད་ཅིག་ཀྱང་མི་འབྲལ་བར་ལུས་ངག་གིས་ཞབས་ཏོག་དང་། ཟང་ཟིང་གི་འབུལ་བ་དང་། སྒྲུབ་པའི་རྒྱལ་མཚན་འཛུགས་པ་སྟེ་མཉེས་པ་གསུམ་གྱིས་བརྟེན་ནས་ཅི་གསུང་གི་བཀའ་བསྒྲུབ་ཅིང་། ཁྱད་པར་གསུང་གི་བདུད་རྩི་དམ་པའི་ཆོས་ཀྱི་རོ་མྱངས་ནས་དེའི་སྒྲུབ་པ་ལ་ཞུམ་པ་མེད་པའི་སྙིང་སྟོབས་བསྐྱེད་པས་འདི་ཕྱི་གང་རུང་དུ་དངོས་གྲུབ་རྣམ་གཉིས་ཐོབ་ཅིང་། གལ་ཏེ་ཅུང་ཟད་འགྱངས་ན་རྒྱུ་མཐུན་གྱི་འབྲས་བུ་ལས་སྐྱེ་བ་ཕྱི་མར་ཡང་བླ་མ་མཚན་ཉིད་དང་ལྡན་པ་མཇལ་ནས་རྗེས་སུ་འཛིན་པར་ཤོག་ཅིག་པའོ། ། | ||
ཅེས་པ་འདི་ནི་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་འབྲས་བུ་མཐར་ཕྱིན་པའི་སྐུ་མ་ཧཱ་པཎྜིཏ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་ཁྲིད་ལུང་ཟབ་ཅིང་རྒྱ་ཆེ་བ། གནས་མཆོག་འཆི་མེད་དཀར་མོ་སྟག་ཚང་བསམ་འགྲུབ་ཀེའུ་ཚང་གི་གཏེར་གནས་ཀྱི་སྒོ་དབྱེ་བའི་སྐབས་སུ་གནས་དེ་ཉིད་ཀྱི་དབུ་རྩེ་དང་གནས་ཀྱི་སྙིང་པོར། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གྱུར་བདེ་ཆེན་གླིང་པ་ཕྲིན་ལས་འགྲོ་འདུལ་རྩལ་ཡུམ་སྲས་གྲྭ་ཚང་དང་བཅས་པ་ལ། ཐུགས་དགྱེས་བཞིན་པའི་ངང་ནས་བསྩལ་བ་ཉིད་མི་བརྗེད་དྲན་གསོས་ཟིན་བྲིས་བྲི་འོས་ཞེས་མཆེད་གྲོགས་རྣམས་ཀྱིས་གསུངས་པ་དང་། ཁྱད་པར་ཡེ་ཤེས་ཌཱ་ཀི་བདེ་ཆེན་ཆོས་སྒྲོན་དང་། གནས་འཛིན་དགེ་བཤེས་མཁས་གྲུབ་དྷརྨ་རཱ་ཛ་བཅས་ཀྱི་གསུང་ངོ་མ་ལྡོག་པར་བྲིས་ཀྱང་། ད་ལམ་འཕྲལ་མཁོ་རང་གི་ཡིད་ལ་གོམས་ཕྱིར་བྲིས་པ་ཡིན་པས། ད་དུང་བཅོས་བསྒྱུར་འབྲི་བསྣན་སོགས་མང་དུ་དགོས་པས་དམ་པ་རྣམས་ཐུགས་མི་ཁྲེལ་བར་ཞུ། སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །། | ཅེས་པ་འདི་ནི་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་འབྲས་བུ་མཐར་ཕྱིན་པའི་སྐུ་མ་ཧཱ་པཎྜིཏ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་ཁྲིད་ལུང་ཟབ་ཅིང་རྒྱ་ཆེ་བ། གནས་མཆོག་འཆི་མེད་དཀར་མོ་སྟག་ཚང་བསམ་འགྲུབ་ཀེའུ་ཚང་གི་གཏེར་གནས་ཀྱི་སྒོ་དབྱེ་བའི་སྐབས་སུ་གནས་དེ་ཉིད་ཀྱི་དབུ་རྩེ་དང་གནས་ཀྱི་སྙིང་པོར། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གྱུར་བདེ་ཆེན་གླིང་པ་ཕྲིན་ལས་འགྲོ་འདུལ་རྩལ་ཡུམ་སྲས་གྲྭ་ཚང་དང་བཅས་པ་ལ། ཐུགས་དགྱེས་བཞིན་པའི་ངང་ནས་བསྩལ་བ་ཉིད་མི་བརྗེད་དྲན་གསོས་ཟིན་བྲིས་བྲི་འོས་ཞེས་མཆེད་གྲོགས་རྣམས་ཀྱིས་གསུངས་པ་དང་། ཁྱད་པར་ཡེ་ཤེས་ཌཱ་ཀི་བདེ་ཆེན་ཆོས་སྒྲོན་དང་། གནས་འཛིན་དགེ་བཤེས་མཁས་གྲུབ་དྷརྨ་རཱ་ཛ་བཅས་ཀྱི་གསུང་ངོ་མ་ལྡོག་པར་བྲིས་ཀྱང་། ད་ལམ་འཕྲལ་མཁོ་རང་གི་ཡིད་ལ་གོམས་ཕྱིར་བྲིས་པ་ཡིན་པས། ད་དུང་བཅོས་བསྒྱུར་འབྲི་བསྣན་སོགས་མང་དུ་དགོས་པས་དམ་པ་རྣམས་ཐུགས་མི་ཁྲེལ་བར་ཞུ། སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །། |
Revision as of 08:53, 19 May 2021
Wylie title | gsang ba sngags kyi smon lam 'dod 'jo'i dga' ston gyi 'grel bshad bdud rtsi'i klung chen | |
---|---|---|
Location | mkhyen brtse'i bka' 'bum Volume 6, sde tshan 5, Pages 571-651 (Folios 1a to 41a4) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Citation | 'jam dbyangs mkhyen brtse'i dbang po. gsang ba sngags kyi smon lam 'dod 'jo'i dga' ston gyi 'grel bshad bdud rtsi'i klung chen. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 6: 571-651. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |
Genre | Detailed Explanation - rnam bshad | |
Colophon |
ཅེས་པ་འདི་ནི་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་འབྲས་བུ་མཐར་ཕྱིན་པའི་སྐུ་མ་ཧཱ་པཎྜིཏ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་ཁྲིད་ལུང་ཟབ་ཅིང་རྒྱ་ཆེ་བ། གནས་མཆོག་འཆི་མེད་དཀར་མོ་སྟག་ཚང་བསམ་འགྲུབ་ཀེའུ་ཚང་གི་གཏེར་གནས་ཀྱི་སྒོ་དབྱེ་བའི་སྐབས་སུ་གནས་དེ་ཉིད་ཀྱི་དབུ་རྩེ་དང་གནས་ཀྱི་སྙིང་པོར། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གྱུར་བདེ་ཆེན་གླིང་པ་ཕྲིན་ལས་འགྲོ་འདུལ་རྩལ་ཡུམ་སྲས་གྲྭ་ཚང་དང་བཅས་པ་ལ། ཐུགས་དགྱེས་བཞིན་པའི་ངང་ནས་བསྩལ་བ་ཉིད་མི་བརྗེད་དྲན་གསོས་ཟིན་བྲིས་བྲི་འོས་ཞེས་མཆེད་གྲོགས་རྣམས་ཀྱིས་གསུངས་པ་དང་། ཁྱད་པར་ཡེ་ཤེས་ཌཱ་ཀི་བདེ་ཆེན་ཆོས་སྒྲོན་དང་། གནས་འཛིན་དགེ་བཤེས་མཁས་གྲུབ་དྷརྨ་རཱ་ཛ་བཅས་ཀྱི་གསུང་ངོ་མ་ལྡོག་པར་བྲིས་ཀྱང་། ད་ལམ་འཕྲལ་མཁོ་རང་གི་ཡིད་ལ་གོམས་ཕྱིར་བྲིས་པ་ཡིན་པས། ད་དུང་བཅོས་བསྒྱུར་འབྲི་བསྣན་སོགས་མང་དུ་དགོས་པས་དམ་པ་རྣམས་ཐུགས་མི་ཁྲེལ་བར་ཞུ། སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། | |
ces pa 'di ni mnga' bdag khri srong lde'u btsan gyi 'bras bu mthar phyin pa'i sku ma hA paN+Dita 'jam dbyangs mkhyen brtse'i dbang po'i zhal snga nas khrid lung zab cing rgya che ba/__gnas mchog 'chi med dkar mo stag tshang bsam 'grub ke'u tshang gi gter gnas kyi sgo dbye ba'i skabs su gnas de nyid kyi dbu rtse dang gnas kyi snying por/__gter chen chos kyi rgyal po mchog gyur bde chen gling pa phrin las 'gro 'dul rtsal yum sras grwa tshang dang bcas pa la/__thugs dgyes bzhin pa'i ngang nas bstsal ba nyid mi brjed dran gsos zin bris bri 'os zhes mched grogs rnams kyis gsungs pa dang /__khyad par ye shes DA ki bde chen chos sgron dang /__gnas 'dzin dge bshes mkhas grub d+harma rA dza bcas kyi gsung ngo ma ldog par bris kyang /__da lam 'phral mkho rang gi yid la goms phyir bris pa yin pas/__da dung bcos bsgyur 'bri bsnan sogs mang du dgos pas dam pa rnams thugs mi khrel bar zhu/__sarba dA ka l+yA NaM b+ha ba tu/ |
1 Texts in this Section (sde tshan or chos tshan)
571-651
|
གསང་བ་སྔགས་ཀྱི་སྨོན་ལམ་འདོད་འཇོའི་དགའ་སྟོན་གྱི་འགྲེལ་བཤད་བདུད་རྩིའི་ཀླུང་ཆེན། gsang ba sngags kyi smon lam 'dod 'jo'i dga' ston gyi 'grel bshad bdud rtsi'i klung chen
|
Text page View PDF |
[[|འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ()]] |