DKYD-KABUM-05-CA-021: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
(One intermediate revision by the same user not shown)
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=ཆོས་སྒྲུང་ནོར་བུའི་བང་མཛོད་ལསཿ སྒྲོལ་དཀར་རྩ་བའི་སྒྲུབ་ཐབས་ཆེན་མོ་གྲུབ་གཉིས་འདོད་འཇོའི་བུམ་བཟངཿ
|fulltitle=chos sgrung nor bu'i bang mdzod las sgrol dkar rtsa ba'i sgrub thabs chen mo grub gnyis 'dod 'jo'i bum bzang
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|sourcerevealer=Mdo mkhyen brtse
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Sadhanas - Evocation Ritual - sgrub thabs
|terma=Yes
|terma=Yes
|deity=sgrol ma dmar mo
|deity=sgrol ma dkar mo
|cycle=chos sgrung nor bu'i bang mdzod
|cycle=chos sgrung nor bu'i bang mdzod
|cycletib=ཆོས་སྒྲུང་ནོར་བུའི་བང་མཛོད་
|cycletib=ཆོས་སྒྲུང་ནོར་བུའི་བང་མཛོད་
|language=Tibetan
|language=Tibetan
|volumenumber=05
|volnumtib=༥
|volnumtib=༥
|volyigtib=ཅ
|volyigtib=ཅ
|pagestatus=Temporary stub only
|totalvolumes=8
|volumenumber=05
|volumeLetter=CA
|textnuminvol=021
|textnuminvol=021
|multivolumework=No
|colophontib=ཆོས་འདི་བསྐལ་པ་མ་སྟོང་བར་དུ་མི་ཉམས་ཤིང་༔ སྐྱབས་མགོན་བླ་མའི་སྐུ་ཚེ་མཆོག་ཏུ་བསྟན་ནས་མཛད་ཕྲིན་ཉིད་འོག་ལ་སྤྱོད་པའི་རྒྱུར་གྱུར་ཅིག༔
|colophonwylie=chos 'di bskal pa ma stong bar du mi nyams shing :_skyabs mgon bla ma'i sku tshe mchog tu bstan nas mdzad phrin nyid 'og la spyod pa'i rgyur gyur cig:
|pdflink=File:DKYD-KABUM-05-CA-021.pdf
|pdflink=File:DKYD-KABUM-05-CA-021.pdf
|volumeLetter=CA
|InitCategories=Khyentse Lineage Project; DKYD-KABUM-Volume-05-CA
|InitCategories=Khyentse Lineage Project; DKYD-KABUM-Volume-05-CA
}}
}}

Latest revision as of 11:21, 27 June 2024

Wylie title chos sgrung nor bu'i bang mdzod las sgrol dkar rtsa ba'i sgrub thabs chen mo grub gnyis 'dod 'jo'i bum bzang
Location mdo mkhyen brtse bka' 'bum
Volume 5, Text 21, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Sadhanas - Evocation Ritual - sgrub thabs
Cycle ཆོས་སྒྲུང་ནོར་བུའི་བང་མཛོད་ (chos sgrung nor bu'i bang mdzod)
Deity sgrol ma dkar mo
Colophon

ཆོས་འདི་བསྐལ་པ་མ་སྟོང་བར་དུ་མི་ཉམས་ཤིང་༔ སྐྱབས་མགོན་བླ་མའི་སྐུ་ཚེ་མཆོག་ཏུ་བསྟན་ནས་མཛད་ཕྲིན་ཉིད་འོག་ལ་སྤྱོད་པའི་རྒྱུར་གྱུར་ཅིག༔

chos 'di bskal pa ma stong bar du mi nyams shing :_skyabs mgon bla ma'i sku tshe mchog tu bstan nas mdzad phrin nyid 'og la spyod pa'i rgyur gyur cig:

[edit]
༄༅། །ཆོས་སྒྲུང་ནོར་བུའི་བང་མཛོད་ལསཿ སྒྲོལ་དཀར་རྩ་བའི་སྒྲུབ་ཐབས་ཆེན་མོ་གྲུབ་གཉིས་འདོད་འཇོའི་བུམ་བཟང་ཞེས་བྱ་བ་བཞུགསཿ

༄༅། «།ན་མོ་གུ་རུ་ཌཱཀྐི་ནི་ཧཱུཾ༔ གང་ཞིག་གང་གིས་དཔལ་སྦྱིན་ཅིང་༔ མཐོང་བ་ཙམ་གྱིས་ཡིད་འཕྲོག་སྐུ༔ ཐོས་དང་རན་པ་ཙམ་གྱིས་ཀྱང་༔ སྲིད་པའི་གདུང་བ་ཀུན་སེལ་མ༔ ཨཱརྱ་ཏཱ་རེ་རྗེ་བཙུན་མཆོག༔ ཕྱི་ལྟར་འགྲོ་བའི་ཁམས་དང་བསྟུན༔ རང་རང་གདུལ་བྱེད་ཅི་ལྟ་བར༔ དེ་དང་དེར་མཐུན་སྒྱུ་འཕྲུལ་སྐུ༔ སྟོན་མཛད་ཐུགས་རྗེ་ཆེན་པོའི་ལྷ༔ ནང་ལྟར་སྐུ་གསུམ་ཞིང་ཁམས་ནས༔ རིགས་ལྔའི་ཌཱཀྐི་གཙོ་དང་འཁོར༔ ཁྱད་པར་སྤྲུལ་པའི་ཞིང་ཁམས་ན༔ སྐུ་སྤྲུལ་ཨཱརྱ་ཏཱ་རཱ་རེ་མ༔ གསང་བ་རིག་སྟོང་ཀུན་བཟང་མོ༔ རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ༔ མ་འདྲེས་ཀུན་ལ་ཁྱབ་པ་མོ༔ ཆོས་སྐུའི་ཀློང་ན་གཡོ་མེད་བཞུགས༔ འདི་ཉིད་ཀུན་དང་མི་འདྲ་ཞིང་༔ ཁྱད་པར་འཕགས་ཆོས་བསམ་མི་ཁྱབ༔ ཟབ་རྒྱས་ཆོས་ཁམས་རྒྱ་མཚོའི་བཅུད༔ འདི་ལས་སྦ་ཆོས་བསམ་མི་ཁྱབ༔ འཕྲོ་ཡང་ལས་སྐལ་ལྡན་པས་ཤེས༔ སྙིགས་མའི་མཐར་ཐུག་འདི་ཉིད་ཀྱི༔ འགྲོ་དོན་ཉི་འོག་ཉིད་ལ་ཁྱབ༔ པདྨ་བདག་གི་བརྣག་ཆོས་དེ༔ སུ་ལ་མ་སྤེལ་གཏེར་དུ་སྦས༔ སྐལ་བཟང་ང་སྤྲུལ་སྐལ་བར་བཞག༔ དེ་ཕྱིར་འདི་ཉིད་ཉམས་སུ་ལོངས༔ དུས་རྟགས་འགྲོ་རྣམས་མི་དགེའི་ལས༔ འཆོལ་ཉོག་སྤྱོད་ཅིང་བཙུན་པ་ཡང་༔ སྡོམ་གསུམ་བསྲུང་ཚུལ་མང་ན་ཡང་༔ བསླབ་པ་ཁྱད་དུ་གསོད་པའི་ཁྱུ༔ མང་དུ་འབྱུང་ཞིང་སྡེ་འཁྲུགས་སློང་༔ དེའི་རྐྱེན་དཀར་ཕྱོགས་འཁུ་ལྡོག་དང་༔ འཁྲུགས་པས་རྐྱེན་བྱས་མི་འདོད་འབྱུང་༔ བསྟན་འཛིན་ཕལ་ཆེར་སྐྱེས་བུ་ཡང་ཿ སྦས་ཡུལ་གཞན་ཕྱོགས་ཡུལ་ལ་སྙེགས༔ ལ་ལ་སྐུ་ཚེ་ཌཱཀྐིས་བསྟུང་ཿ བསྟན་སྤེལ་ཡ་མ་ཟུང་དུ་འགྲོ༔ སྟོད་ཕྱོགས་བཙུན་པས་དམག་ལས་འུར༔ དེའི་རྐྱེན་བདུད་སྡེའི་ཕྲུ་མ་འདེབས༔ སྨ་ཕྱོགས་བདུད་ཀྱི་མཚོན་ཆས་རྡོལ༔ འགྲོ་བ་མི་བདེ་སྣ་ཚོགས་གཏོང་༔ ཕྱི་རྟགས་རི་རྒྱུད་ཤྭ་ལོགས་རྡོལ༔ དུས་ཀྱི་འབྱུང་བཞི་གོ་ལོག་ཅིང་༔ ནང་རྐྱེན་སྡེ་འཁྲུགས་གཡོ་ཟོལ་གྱིས༔ དཔོན་མགོ་འབངས་ཀྱིས་མནར་བའི་དུས༔ ང་སྤྲུལ་རིག་འཛིན་སྐྱེས་བུ་དེས༔ རང་ངམ་བསྐོས་པའི་གྲོགས་མཆོག་གིས༔ བརྡ་རིས་གསང་མཛོད་དག་པར་འབེབས༔ དེ་མཐུས་བྱང་ཆུབ་སེམས་ལྡན་པའི༔ སྤྲུལ་པའི་རྒྱལ་པོའི་ཚུལ་བཟུང་བས༔ ཆབ་སྲིད་ཉི་འོག་དག་ལ་སྤྱོད༔ སྡེ་བརྒྱད་འཁྲུགས་པ་ཀུན་སྐོང་ཞིང་༔ ཕན་བདེ་བྱེད་པོ་འགྱུར་བ་ལ༔ ཡིད་གཉིས་མི་དགོས་བསླུ་བ་བྲལ༔ ས་མ་ཡཱ༔ དེ་ནས་དཀྱིལ་འཁོར་སྦྱོར་བ་ནི༔ ཡུལ་དུས་གནས་སྐབས་དང་མཐུན་པའི༔ སྤྲོས་བཅས་རྒྱས་པ་གང་མཚམས་ཤིག༔ གང་ལྟར་ས་ལྷའི་ཆོ་ག་དང་༔ གཏོར་འབུལ་གནང་ཞུ་རིགས་མཐུན་ནས༔ བླངས་དེ་བྱས་ན་ཤིན་ཏུ་ལེགས༔ དེ་ནས་སྟེགས་བུ་མཐོ་བ་ལ༔ རས་དཀར་གཙང་མའི་ཁེབ་ཀྱིས་གཡོགས༔ འབྲས་སམ་གྲོ་དཀར་གང་རུང་གིས༔ ཚོམ་བུུ་དབུས་དང་ཕྱོགས་མཚམས་བླུགས༔ དེའི་སྟེང་ཐོད་པ་མཚན་ལྡན་ནང་༔ རང་བྱུང་ལི་ཁྲིའི་ཕབ་རྒྱུན་དང་༔ ཅུ་གང་ཐབས་ཤེས་རྫས་སྣ་བསགས༔ སྐམ་རློན་རྫས་བཅུ་གང་འོས་བཤམས༔ དེ་སྟེང་དར་དམར་ཁ་བཀབ་པར་༔ དྭངས་གསལ་མེ་ལོང་ངོས་དག་ལ༔ ཧྲིཿདང་ཧ་རི་ནི་ས་བྲི༔ དེ་སྟེང་རང་བྱུང་ཤེལ་རྡོ་བཞག༔ དེ་ལ་དར་དམར་གདུགས་གུར་ཕུབ༔ བདག་མཇུག་དབང་པོ་སྤྲོས་གྱུར་ན༔ དབང་གི་དམར་བྱང་ཉིད་ནས་ཚོལ༔ གཞན་ཡང་གཏོར་ཟླུམ་དཀར་པོ་ལ༔ དཀར་གསུམ་མངར་གསུམ་ཤིང་ཏོག་གིས༔ བརྒྱན་པའི་གཙང་སྦྱར་མདུན་དུ་བཞག༔ གཡས་གཡོན་བཀའ་སྲུང་གཏེར་སྲུང་གི༔ གཏོར་མ་དམར་གཏོར་གཙོ་འཁོར་ལྔ༔ ཀླུ་གཏོར་སྦྲུལ་དཀྲིས་རིལ་བུའི་བརྒྱན༔ དེ་སོགས་དག་ཐོན་རིམ་པར་བཤམས༔ གཞན་ཡང་སྨན་རཀ་རིང་ལུགས་ཀྱིཿ ཕབ་བྲན་བྱིན་རླབས་ནུས་ལྡན་བཅསཿ མཆོད་པ་མ་ཚང་མེད་པར་བཀོད༔ སྒྲུབ་པོའི་ཤ་ཆང་ལོངས་སྤྱོད་དང་༔ དྲི་ངའི་ཟས་སོགས་སྤང་ནས་ནི༔ ཁྲུས་དང་གཙང་སྦྲ་ལེགས་པར་བྱ༔ འདི་ནི་གུ་ཡང་འཇུག་བདེ་ཡང་༔ འཇུག་སྒོ་དགོས་པའི་རྣམ་པར་གཟབ༔ དེ་ནས་ཐོག་མར་བསང་ཁྲུས་བྱ༔ »རཾ་ཡཾ་ཁཾ༔« ལན་གསུམ༔ »ཨོཾ་ཨཱ༔ཧཱུྃ༔ «ལན་གསུམ༔» དྷི༔ལས་བྱུང་བའི་མཆོད་པའི་ལྷ་མོ་ནི༔ སྐུ་མདོག་དམར་གསལ་རིན་ཆེན་རྒྱན་གྱིས་བརྒྱན༔ དྲི་ཞིམ་སྤོས་ཕོར་འཛིན་ཅིང་དུད་པའི་རྒྱུན༔ རྩ་གསུམ་ལྷ་ཚོགས་དགྱེས་པ་སྐོང་བ་དང་༔ མི་གཙང་མནོལ་གྲིབ་དམ་གྲིབ་རྫས་ཀྱིས་གྲིབ༔ དམེ་ཡུགས་ཤན་པ་རོ་བག་སྤྱོད་ལམ་གྱི༔ གྲི་དང་མི་གཙང་རིགས་གྱུར་ཇི་སྙེད་པ༔ ཐམས་ཅད་བྱང་ཞིང་སེལ་བའི་ནུས་ལྡན་འདི༔ བསླུ་བ་མེད་པའི་དཀོན་མཆོག་རྣམ་གསུམ་དང་༔ བརྒྱུད་གསུམ་བླ་མ་ཁྱད་པར་བཀའ་དྲིན་ཅན༔ འཁོར་ལོའི་མགོན་པོ་དྲིན་ཆེན་བླ་མ་དང་༔ ཡི་དམ་རྒྱུད་སྡེ་ཕྱི་ནང་ལྷ་ཚོགས་བསང་༔ ཁྱད་པར་ཨཱརྱ་ཏཱ་རེ་རྗེ་བཙུན་མ༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས་རྣམས་དང་༔ གནས་གསུམ་ཌཱཀྐི་བྱེ་བ་འབུམ་སྡེའི་ཚོགས༔ བཀའ་འཁོར་དྲེགས་པ་སྡེ་བརྒྱད་འཁོར་བཅས་བསང་༔ འཐིབ་པ་བསང་ཞིང་རྨུག་པ་དང་གྱུར་ཅིག༔ རིག་འཛིན་བདག་ཅག་རྣམས་ཀྱི་སྒོ་གསུམ་ལ༔ གནོལ་ཞིང་བཙོག་པས་བར་ཆད་ཅི་བྱུང་ཀུན༔ ཐམས་ཅད་སང་ངེ་སལ་ལེ་ཤུདྡྷེ་ཨཱ༔ «ཅེས་བརྗོད་ལ་དག་བྱེད་ཁྲུས་ཀྱིས་སྦྱོང་བ་ནི༔ »ཀྱེ༔ དག་བྱེད་གཙང་མའི་ཁྲུས་ཀྱི་རྒྱུན་མཆོག་འདི༔ བྲན་པས་མ་དག་ཉེས་སྐྱོན་དྲི་མའི་ཚོགས༔ ཐམས་ཅད་སེལ་ཞིང་མཆོག་ཐུན་དངོས་གྲུབ་ཀྱི༔ དགེ་ལེགས་གཟི་འོད་འབར་བའི་ནུས་མཐུ་བསྐྱེད༔ བཾ་ཤུདྡྷེ་ཤུདྡྷེ་སང་ངེ་སལ་ལེ་ཡེ་སྭཱ་ཧཱ༔« དེ་ནས་སྐྱབས་ཡུལ་གསལ་གདབ་ཅིང་༔ སྐྱབས་འགྲོ་ལ་སོགས་ཚོགས་བསགས་བྱ༔» རང་གི་མདུན་གྱི་ནམ་མཁའ་རུ༔ དག་གསལ་གཉིས་སུ་མེད་པའི་ཞིང་༔ གཡུ་ལོ་བཀོད་པའི་ཕོ་བྲང་ནི༔ རྒྱན་བཀོད་ཕུན་ཚོགས་ལྟ་ན་སྡུག༔ ཐོགས་རེག་ཀུན་བྲལ་རྣམ་པ་རུ༔ དེ་དབུས་པདྨ་ཉི་ཟླའི་སྟེང་༔ བདག་གི་སྐྱབས་གནས་རྗེ་བཙུན་མ༔ གཟི་བྱིན་མཚུངས་པ་མེད་པའི་སྐུ༔ རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས༔ སྒྲིབ་གཡོགས་མེད་པར་ལམ་གྱིས་གསལ༔ མཐའ་བསྐོར་རིགས་བཞིའི་ཌཱཀྐི་དང་༔ སྤྲུལ་བསྒྱུར་ཏཱ་རེ་ཉེར་གཅིག་བཅསཿ ས་གསུམ་མཁའ་འགྲོ་ཉི་རྡུལ་བཞིན༔ ལྷ་མིའི་ཁྲོམ་ཚོགས་ཇི་བཞིན་བསྐོར༔ སྟེང་རོལ་བསྐལ་བཟང་སངས་རྒྱས་སྟོང་༔ བྱང་ཆུབ་སེམས་དཔའི་ཚོགས་དང་བཅས༔ འོག་ཏུ་བཀའ་འཁོར་སྤྲུལ་པའི་ཚོགས༔ ཡེ་ཤེས་དྲེགས་ཚོགས་གཟའ་སྐར་ལྟར༔ གསལ་བཀྲ་ལྷམ་མེར་བཞུགས་པར་བསྒོམ༔ ན་མོ༔ གཏན་གྱི་སྐྱབས་གནས་དཀོན་མཆོག་གསུམ༔ དབྱེར་མེད་ཨཱརྱ་ཏཱ་རེ་མ༔ གཙོ་འཁོར་སྤྲུལ་པར་བཅས་པ་ལ༔ བདག་དང་འགྲོ་དྲུག་སེམས་ཅན་གྱི༔ སྙིང་ནས་གུས་པས་སྐྱབས་སུ་མཆི༔ «ལན་གསུམ༔ »འགྲོ་རྣམས་འཁོར་བའི་སྡུག་བསྔལ་ལས༔ སྐྱོབས་ཕྱིར་བླ་མེད་བྱང་ཆུབ་སེམས༔ སྨོན་དང་འཇུག་པའི་སེམས་མཆོག་བསྐྱེད༔ མ་གྲོལ་དགྲོལ་དང་མ་བསྒྲལ་བསྒྲལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ «ལན་གསུམ༔ »ཧོ༔ བསླུ་མེད་སྐྱབས་མཆོག་རྗེ་བཙུན་མར༔ བདག་ལུས་ཞིང་རྡུལ་མཉམ་པར་སྤྲུལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་ཀྱིས་ལེགས་སྤྲུལ་པའི༔ མཆོད་པའི་ཚོགས་ཀུན་སོ་སོར་མཆོད༔ བཅས་དང་རང་བཞིན་མི་དགེའི་ལས༔ གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས༔ གང་གི་ཐུགས་བསྐྱེད་རྣམ་འཕྲུལ་དང་༔ དུས་གསུམ་དགེ་ལ་རྗེས་ཡི་རང་༔ གསང་ཆེན་བླ་ན་མེད་པ་དང་༔ གཉེར་གཏད་བརྡ་ཆོས་སྨིན་པར་བསྐུལ༔ བདག་སོགས་སེམས་ཅན་ཐམས་ཅད་ཀྱི༔ དོན་དུ་བསྐལ་པ་རྒྱ་མཚོར་བཞུགས༔ འདིས་མཚོན་དགེ་བ་མཐའ་དག་ཀུན༔ རྣམ་མཁྱེན་ཐོབ་པའི་རྒྱུ་རུ་བསྔོ༔ «དེ་ནས་མཎྜལ་འཕུལ་བའི་རིམ་པ་ནི༔ མཎྜལ་སོ་བདུན་མར་གྲགས་པ༔ ཚུལ་བཞིན་བཤམས་ནས་ཕུལ་བའི་མཐར༔ »ཨོཾ་ཨཱ༔ཧཱུྃ༔ རང་རིག་སྟོང་གསལ་དྲི་མེད་ཀློང་༔ ལྷུན་གྲུབ་ཟག་མེད་ཚོམ་བུར་གསལ༔ སྐུ་གསུམ་རྒྱལ་བ་རྒྱ་མཚོ་ཡི༔ སྤྲུལ་གཞི་ཆོས་སྐུའི་མཎྜལ་འབུལ༔ ངེས་པ་ལྔ་ལྡན་རྟག་པའི་ཞིང་༔ འོད་ལྔ་ཡེ་ཤེས་སྟུག་པོ་བཀོད༔ རིགས་ལྔ་རྣམ་སྣང་གངས་ཅན་མཚོ༔ ཕྱེད་སྤྲུལ་ལོངས་སྐུའི་མཎྜལ་འབུལ༔ རང་ལུས་ཕུང་ལྔ་ཁམས་ཚོགས་བརྒྱད༔ རྣམ་ཤེས་སྣང་བ་ཡུལ་དང་བཅས༔ རྩ་རླུང་ཐིག་ལེའི་འགྲོ་འོང་རྣམས༔ མཚན་དཔེ་སྤྲུལ་སྐུའི་མཎྜལ་འབུལ༔ གཞན་ཡང་རི་རབ་གླིང་གཞི་ལྕགས་རི་དང་༔ རོལ་མཚོ་འཁོར་ཡུག་ཉི་ཟླ་ལྷ་གནས་སོགས༔ གང་ཞིག་བྱེ་བ་ཕྲག་བརྒྱའི་འཇིག་རྟེན་སྣོད༔ བརྟེན་པ་བཅུད་ཀྱི་འགྲོ་བ་མ་ལུས་དང་༔ རང་གི་ལུས་དང་ལོངས་སྤྱོད་དགེ་རྩ་བཅས༔ ལྟོས་པ་མེད་པར་ཡུམ་ཆེན་འཕགས་མར་འབུལ༔ འགྲོ་བའི་ཚོགས་གཉིས་རབ་རྫོགས་སྐུ་གཉིས་ཐོབ༔ རྣམ་མཁྱེན་རྫོགས་སངས་རྒྱས་པའི་རྒྱུ་གྱུར་ཅིག༔ ཏྲཾ་གུ་རུ་ཨཱརྱ་ཏཱ་རེ་ཛ་ཡ་བྷོ་དྷི་ས་ཏྭ་སརྦ་རཏྟ་མཎྜལ་ལ་པཱུ་ཙ་མེ་གས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ༔ «དེ་ནས་ཚོགས་ཞིང་རང་ལ་བསྟིམ༔ »ཛ་ཧཱུྃ་བཾ་ཧ«ོའི་རྒྱས་གདབ་བྱ༔ དེ་རྗེས་དཀར་དམར་གཏོར་མ་གཉིས༔ བཤམས་ལ་གྱིན་གྱི་བརླབ་ནས་སུ༔» ཧྲཱི༔ གང་དག་འདིར་གནས་ལྷ་ཀླུ་དང་༔ མིའམ་ཅི་དང་དྲི་ཟ་བགེགས༔ གཉུག་མར་གནས་དང་འཕྲལ་རྒྱུའི་རིགས༔ སྲིད་གསུམ་ཟོ་དོར་དཀར་ཕྱོགས་སྐྱོང་༔ ཁྱད་པར་གནས་འདིའི་ཕར་རི་དང་༔ ཚུར་རི་གཡས་གཡོན་ལམ་འཕྲང་ཆུ༔ ས་རྡོ་ལྗོན་ཤིང་ནགས་ཚལ་ཀླུང་༔ གནས་ཤིང་དབང་བྱེད་གང་དག་ལ༔ འདོད་ཡོན་གཏོར་མ་འདི་སྦྱིན་གྱིས༔ སོ་སོ་རང་རང་བདེར་གནས་ལ༔ ཞི་དང་ཕན་པའི་སེམས་ཀྱིས་ལོངས༔ བདག་གིས་གསང་སྔགས་བསྒྲུབ་པ་ལ༔ ཀོ་ལོང་རུ་དང་ཕྲག་དོག་དང་༔ གནོད་པའི་ལས་རྣམས་སྤོངས་བར་གྱིསཿ ནམ་ཞིག་སྨོན་པའི་འབྲས་བུ་ཡིས༔ ཁྱེད་ཅག་གཏན་དུ་བདེ་བར་འགྱུར༔ དེ་ཕྱིར་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅསཿ ནད་མེད་ཚེ་དང་དབང་ཕྱུག་དང་༔ དཔལ་དང་གྲགས་དང་བསྐལ་པ་བཟང་༔ ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་༔ མཆོད་དང་སྦྱིན་པ་ཀུན་འགྲུབ་ནས༔ ཞི་དང་རྒྱས་ལ་སོགས་པ་ཡི༔ ལས་ཀྱི་འབྲས་བུ་མྱུར་དུ་སྩོལ༔ ས་ཡི་ལྷ་མོ་ས་འཛིན་ལགས༔ ལྟོ་འཕྱེ་ཆེན་པོ་ལ་སོགས་པ༔ ཁྱེད་ཅག་སྔར་ནས་ཁས་བླངས་ན༔ དམ་ཚིག་ཅན་གྱིས་བདག་ལ་བསྲུངས༔ དངོས་གྲུབ་ཐོབ་པའི་སྡོང་གྲོགས་མཛོད༔ དུས་མིན་འཆི་དང་ནད་རྣམས་དང་༔ གདོན་དང་བགེགས་རྣམས་མེད་པར་མཛོད༔ རྨི་ལམ་ངན་དང་མཚན་མ་ངན༔ བྱ་སྤྱོད་ངན་པ་མེད་པར་མཛོད༔ ཁྱད་པར་འཇིག་རྟེན་འདི་དང་ནི༔ རིག་འཛིན་བདག་ཅག་གར་གནས་ཀྱི༔ ས་ཆ་དགེ་ཞིང་བཀྲ་ཤིས་མཛོད༔ ཆར་ཆུ་དུས་འབེབས་ལོ་ལེགས་དང་༔ འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ༔ བདེ་ལེགས་ཕུན་སུམ་ཚོགས་པའི་གནས༔ ཡིད་ལ་འདོད་པ་ཀུན་འགྲུབ་ཤོག༔« གཏོར་མ་གཏོང་ལ་དམིགས་པ་གཏད༔ དེ་དག་སོ་སོའི་ཁས་བླངས་བསམ༔ སླར་ཡང་༔ »སརྦ་ལོ་ཀ་པཱ་ལ་ཨི་དཾ་བྷ་ལིངྟ་ཁཱ་ཧི༔ «མགྲོན་རྣམས་རང་རང་གནས་སུ་ནི༔ »བཛྲ་མཱུ་ཡིས་གཤེགས་སུ་གསོལ༔« དེ་ནས་གླུད་དང་ལན་ཆགས་ནི༔ འབྱུང་པོ་རྣམས་ལ་བསྔོ་བར་བྱ༔ དེ་ཡང་བྱིན་གྱིས་བརླབས་ནས་ནི༔ »སཾ་བྷ་ར་«ཡི་སྔགས་ལན་བདུན༔ བཟླས་པས་འདི་ལྟར་སྦྱིན་པར་བྱ༔ »ཧོ༔ བླ་ན་མེད་པའི་དཀྱིལ་འཁོར་འདིར༔ འཇུག་མི་ནུས་དང་འོང་མི་ཉན༔ ཁས་ཉན་དབང་ཆུང་ཐམས་ཅད་དང་༔ ཁྱད་པར་གདུག་འདྲེ་གསར་སྐྱེས་རིགས༔ ཁའི་དབུགས་ཁོང་སྲོག་འཕྲོག་པ་ཀུན༔ སྦྱིན་པའི་གཏོར་མ་འདི་ཁྱེར་ལ༔ རང་རང་སོ་སོའི་གནས་སུ་དེང་༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ཡེ་ཤེས་འབར་བའི་ལྟ་སྟངས་དང་༔ ཚ་ངར་རྡོ་རྗེའི་མཐུ་སྟོབས་ཀྱིས༔ ཁྱོད་ཀྱི་རྟེན་བཅས་གཞོལ་བྱས་ནས༔ ཐལ་བ་རྡུལ་ཕྲན་བཞིན་དུ་རློགས༔ «ཧཱུཾ་བཞིའི་སྔགས་དང་ཐུན་ཀྱིས་གཟིར༔ ཏིང་འཛིན་འབར་བའི་གཟི་བྱིན་གྱིས༔ སྐུང་ཕྱུངས་བརྟུལ་ཞུགས་གར་གྱིས་བསྐྲད༔ བསྲུང་འཁོར་བྱ་བའི་རིམ་པ་ནི༔ »ཧཱུཾ༔ སྟེང་ཡང་རྡོ་རྗེའི་གུར་ཁང་སྟེ༔ འོག་ཀྱང་རྡོ་རྗེའི་ས་གཞི་ལ༔ ཕྱོགས་དང་ཕྱོགས་མཚམས་རྡོ་རྗེའི་གཏམས༔ རྡོ་རྗེའི་མཚམས་ལས་འདའ་མི་སྲིད༔ བཛྲ་རཀྵ་རཀྵ་ཡེ་སྭཱ་ཧཱ༔« དེའི་འགྲེལ་གྱིས༔ »ཨོཾ༔ སྟེང་ཡང་འཁོར་ལོའི་གུར་ཁང་སྟེ༔ འབོད་ཀྱང་འཁོར་ལོའི་ས་གཞི་ལ༔ ཕྱོགས་དང་ཕྱོགས་མཚམས་འཁོར་ལོས་གཏམས༔ འཁོར་ལོའི་མཚམས་ལས་འདའ་མི་སྲིད༔ ཙཀྲ་རཀྵ་རཀྵ་ཡེ་སྭཱ་ཧཱ༔ སྭཱ༔ སྟེང་ཡང་རིན་ཆེན་གུར་ཁང་སྟེ༔ འོག་ཀྱང་རིན་ཆེན་ས་གཞི་ལ༔ ཕྱོགས་དང་ཕྱོགས་མཚམས་རིན་ཆེན་གཏམསཿ རིན་ཆེན་གཏམས་ལས་འདའ་མི་སྲིད༔ རཏྣ་རཀྵ་རཀྵ་ཡེ་སྭཱ་ཧཱ༔ ཨཾ༔ སྟེང་ཡང་པདྨའི་གུར་ཁང་སྟེ༔ འོག་ཀྱང་པདྨའི་ས་གཞི་ལ༔ ཕྱོགས་དང་ཕྱོགས་མཚམས་པདྨའི་གཏམས༔ པདྨའི་མཚམས་ལས་འདའ་མི་སྲིད༔ པདྨ་རཀྵ་རཀྵ་ཡེ་སྭཱ་ཧཱ༔ ཧཱ༔ སྟེང་ཡང་རལ་གྲིའི་གུར་ཁང་སྟེ༔ འོག་ཀྱང་རལ་གྲིའི་ས་གཞི་ལ༔ ཕྱོགས་དང་ཕྱོགས་མཚམས་རལ་གྲིའི་གཏམས༔ རལ་གྲིའི་མཚམས་ལས་འདའ་མི་སྲིད༔ ཀརྨ་རཀྵ་རཀྵ་ཡེ་སྭཱ་ཧཱ༔ བཛྲ་རཾ༔ བཛྲ་བཾ༔ བཛྲ་ཡཾ༔ བཛྲ་ཕཊ༔ «དེ་ནས་ཡེ་ཤེས་བྱིན་འབེབས་ནི༔ དད་དང་མོས་གུས་ཤུགས་བསྐྱེད་ལ༔ ཡིད་གཉིས་ཐེ་ཚོམ་མེད་པ་རུ༔ གསོལ་བ་སྙིང་ནས་འདེབས་གལ་ཆེ༔ ཁ་ཙམ་དག་ལ་བྱིན་རླབས་དབེན༔ དེ་ཕྱིར་མ་ཡེངས་འཛིན་ཕུར་གདབ༔ ས་མ་ཡཱ༔ »ཨ་ལ་ལ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སྟྭཾ༔ བཛྲ་ཨ་ར་ལི་ཧོ༔ ཧཱུཾཿ བྱིན་ཆེན་ངོ་མཚར་ཁྱད་པར་མཆོག་གི་གནས༔ འོག་མིན་ཆོས་དབྱིངས་སྤྲོས་པ་ཀུན་བྲལ་ནས༔ ཆོས་སྐུའི་སྟོན་པ་དྲི་མ་མེད་པ་ནི༔ གཙོ་དང་འཁོར་ལྟར་གཉིས་སུ་མ་ཡིན་པར༔ གཡོ་མེད་དགོངས་པའི་ངང་ནས་བྱིན་ཕོབ་ཅིག༔ བྱིན་ཆེན་ངོ་མཚར་ཁྱད་པར་མཆོག་གི་གནས༔ ཟུང་འཇུག་འགྱུར་མེད་མཉམ་ཉིད་བདེ་ཆེན་ནས༔ ཆོས་སྐུའི་མཁའ་འགྲོ་གདོད་མའི་སྟོང་ཆེན་ཡུམ༔ གསལ་སྣང་ཀུན་ཁྱབ་ཀུན་ཀྱིས་སྤྲོ་བསྡུའི་གཞི༔ རྩལ་སྣང་འགགས་པ་མེད་པའི་བྱིན་ཕོབ་ཅིག༔ བྱིན་ཆེན་ངོ་མཚར་ཁྱད་པར་མཆོག་གི་གནས༔ ལོངས་སྤྱོད་རྫོགས་ཞིང་ངེས་པ་ལྔ་ལྡན་ནས༔ ལོངས་སྐུའི་སྟོན་པ་རིགས་ལྔའི་རྒྱལ་བ་ནི༔ གཙོ་དང་འཁོར་གྱི་རྣམ་པ་ལྟར་སྣང་ཡང་༔ དགོངས་པ་དབྱེར་མེད་ངང་ནས་བྱིན་ཕོབ་ཅིག༔ བྱིན་ཆེན་ངོ་མཚར་ཁྱད་པར་མཆོག་གི་གནས༔ འོག་མིན་རྡོ་རྗེ་བཙུན་མོའི་བྷ་ག་ནས༔ ལོངས་སྐུའི་མཁའ་འགྲོ་བཛྲ་ཝཱ་ར་ཧཱི༔ གཅིག་ལས་དུ་མར་སྤྲོ་བའི་རྣམ་རོལ་གཞི༔ བདེ་སྟོང་ཟུང་འཇུག་ངང་ནས་བྱིན་ཕོབ་ཅིག༔ བྱིན་ཆེན་ངོ་མཚར་ཁྱད་པར་མཆོག་གི་གནས༔ དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས༔ རཀྴ་ཀྲོ་དྷ་པདྨ་ཐོད་ཕྲེང་རྩལ༔ ཤེས་རབ་ཟ་བྱེད་མཐིང་འོད་འབར་མ་བཅས༔ བརྟུལ་བཞུགས་རོལ་པ་ཆེན་པོའི་བྱིན་ཕོབ་ཅིག༔ བྱིན་ཆེན་ངོ་མཚར་ཁྱད་པར་མཆོག་གི་གནས༔ སྤྲུལ་པའི་ཞིང་མཆོག་གཡུ་ལོ་བཀོད་པ་ནས༔ ཨཱརྱ་ཏཱ་རེ་རྗེ་བཙུན་བཅོམ་ལྡན་འདས༔ སངས་རྒྱས་བྱང་སེམས་འཁོར་ཚོགས་བཅས་པ་ཡིས༔ ཐུགས་རྗེ་བརྩེ་བ་ཆེན་པོའི་བྱིན་ཕོབ་ཅིག༔ བྱིན་ཆེན་ངོ་མཚར༴ ཐུགས་བསྐྱེད་དགོངས་པ་རྗེས་བརྩེའི་ཕོ་བྲང་ནས༔ སྤྲུལ་བསྒྱུར་ཏཱ་རེ་ཉེར་གཅིག་ལྷ་མོ་ནིཿ ཞི་རྒྱས་དབང་དྲག་ཕྲྀན་ལས་སྣ་ཚོགས་གརཿ སྟོན་མཛད་རོལ་བ་ཆེན་པོའི་བྱིན་ཆེན་ཕོབ༔ བྱིན་ཆེན་ངོ་མཚར་ཁྱད་པར་མཆོག་གི་གནས༔ གནས་ཡུལ་ཉེར་བཞི་སྤྲུལ་པའི་ཞིང་ཁམས་ནས༔ མ་ཚོགས་ཌཱཀྐི་འབུམ་སྡེ་འཇོ་སྒེགས་འབུམ༔ བརྟུལ་ཞུགས་ཐོགས་མེད་ཕྲིན་ལས་རོལ་པ་ཡིས༔ མཆོག་ཐུན་དངོས་གྲུབ་སྦྱོར་ཕྱིར་བྱིན་ཕོབ་ཅིག༔ བྱིན་ཆེན་ངོ་མཚར་ཁྱད་པར་མཆོག་གི་གནས༔ ཨོ་རྒྱན་སྤྲིན་ནག་འདུས་པའི་དུར་ཁྲོད་ནས༔ བཀའ་འཁོར་ཤ་ཟ་དབྱིངས་ཀྱི་རྗེ་མོའི་ཚོགས༔ སྦྱོར་སྒྲོལ་ཉམས་བརྒྱར་འབར་བའི་གཟི་འོད་ཀྱིས༔ དམ་ཉམས་སྒྲོལ་བ་ཆེན་པོའི་བྱིན་ཕོབ་ཅིག༔ བྱིན་ཆེན་ངོ་མཚར་ཁྱད་པར་མཆོག་གི་གནས༔ རང་རང་དུར་ཁྲོད་སོ་སོའི་གནས་མཆོག་ནས༔ བཀའ་འཁོར་དྲེགས་པ་སྡེ་བརྒྱད་འཁོར་ཚོགས་དཔུང་༔ ཕྲིན་ལས་རྣོ་མྱུར་ཐོགས་མེད་དྲག་རྩལ་བཅས༔ སངས་རྒྱས་བསྟན་པ་བསྲུང་ཕྱིར་བྱིན་ཕོབ་ཅིག༔ དེང་སང་ལྔ་བརྒྱ་ཐ་མའི་དུས་སྐབས་འདིར༔ ཁྱེད་རྣམས་མཚན་དཔེའི་རྣམ་རོལ་སྟོན་པའི་གར༔ འགྲོ་རྣམས་སྡུག་བསྔལ་སྐྱོབས་ཕྱིར་ཡིན་ལགས་ན༔ ཐུགས་བསྐྱེད་ཞལ་བཞེས་མྱུར་བར་དགོངས་མཛོད་ལ༔ ཤུགས་དྲགས་བརྩེ་ཆེན་དུས་ལ་ད་བབ་ན༔ སྐུ་མཆོག་མཛེས་སྡུག་འཇོ་སྒེགས་དཔུངས་སེ་དཔུང༔ གསུང་དབྱངས་རྡོ་རྗེའི་སྒྲ་དབྱངས་ལྷངས་སེ་ལྷང་༔ ཐུགས་མཆོག་འཁྲུལ་མེད་ཡེ་ཤེས་ཏ་ལ་ལ༔ རིན་ཆེན་དར་དཔྱང་རྒྱན་ཆ་པུ་རུ་རུ༔ དཔའ་བོ་གིང་ཚོགས་བྲོ་བརྡུང་ཁྲིགས་སེ་ཁྲིག༔ དཔའ་མོ་ཉམས་ཀྱི་གླུ་ཆུང་སངས་སེ་སང་༔ ཡེ་ཤེས་ལྔ་ཡི་འོད་ཟེར་ཡ་ལ་ལ༔ ལས་བྱེད་བསྟན་བསྲུང་དྲེགས་ཚོགས་ཤ་ར་ར༔ དྲི་ཞིམ་སྤོས་ཀྱི་ངད་པ་ཆི་ལི་ལི༔ རྣལ་འབྱོར་འདིར་སྣང་དངོས་ཞེན་ཤིག་ལ་ཐོང་༔ འཛིན་མེད་རྒྱ་ཡན་ཆེན་པོར་སྤོར་ལ་ཞོག༔ ལུས་ལ་སྐུ་ཡི་བྱིན་རླབས་ད་སྩོལ་ལ༔ འཇའ་ལུས་འཕོ་བའི་འོད་སྐུར་དངོས་གྲུབ་སྩོལ༔ ངག་ལ་གསུང་གི་བྱིན་རླབས་ད་སྩོལ་ལ༔ གྲགས་སྟོང་རྡོ་རྗེའི་སྒྲ་དབྱངས་དངོས་གྲུབ་སྩོལ༔ ཡིད་ལ་ཐུགས་ཀྱི་བྱིན་རླབས་ད་སྩོལ་ལ༔ འཁྲུལ་མེད་ཏིང་འཛིན་ཆེན་པོའི་དངོས་གྲུབ་སྩོལ༔ བསྒྲུབ་པའི་རྫས་མཆོག་དངོས་གྲུབ་བདུད་རྩིར་སྩོལ༔ མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་སྩོལ༔ ཨོཾ་ཨཱརྱ་ཏཱ་རེ་ཛྙཱ་ན་ཌཱཀྐི་ནི་གུ་རུ་བྷུདྡྷ་བྷོ་དྷི་ས་ཏྭ་བཛྲ་སརྦ་ས་མ་ཡ་ཨེ་ཨ་ར་ལི་ཧོ་ཨ་བེ་ཤ་ཡ་ཕཻཾ་ཕཻཾ༔ «ཅེས་བཟླ་ཌཱ་དྲི་ལ་དྲག་ཏུ་དཀྲོལ་བ༔» «དེ་ཚེ་སྣང་བ་གཏད་མེད་བཏང་༔ བྲོ་དང་གར་གྱིས་རྣམ་རོལ་བ༔ བྱིན་རླབས་རྟགས་མཚན་ཁྱད་པར་ཅན༔ ངེས་པར་གསལ་བ་ཐེ་ཚོམ་མེད༔ ས་མ་ཡཱ༔ དེ་ནས་མཆོད་རྫས་བྱིན་རླབས་ནི༔ »ཨོཾ་ཨཱ༔ཧཱུྃ༔ སྣང་སྲིད་འདོད་ཡོན་བྱེ་བྲག་རྒྱན༔ ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན༔ བླ་མེད་བདུད་རྩི་ཆེན་པོའི་རྫས༔ རྣམ་པ་པདྨའི་སྣོད་མཆོག་ཏུ༔ མཆོད་ཡོན་ཞབས་བསིལ་མེ་ཏོག་དང་༔ བདུག་སྤོས་མར་མེ་དྲི་ཆབ་རྒྱུན༔ ཞལ་ཟས་རོལ་མོ་ལ་སོགས་པ༔ ལྷ་ཚོགས་དགྱེས་པར་སྐོང་བའི་རྫས༔ འཛད་པ་མེད་པའི་གཏེར་དུ་གྱུར༔ ཨོཾ་བཛྲ་ཨརྒྷཾ་པ་དྱཾ་པུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གྷནྷེ་ནཻ་ཝི་ཏྱ་ཤབྟ་ཨཱ༔ཧཱུྃ༔ «དེ་བཞིན་སྨན་རཀ་གཏོར་མར་བརླབས༔ »ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཨཱ་ཧཱུཾ༔ «ལན་གསུམ༔» ཨོཾ་མ་ཧཱ་བཱ་ལིངྟ་ཨ་ཧཱུཾ༔ «ལན་གསུམ༔ »ཨོཾ་མ་ཧཱ་རཀྟ་ཨཱ་ཧཱུཾ༔ «ལན་གསུམ་གྱིས་བརླབས་པར་བྱའོ༔» «དེ་ནས་དངོས་གཞིའི་རིམ་པ་ནི༔» ཧྲཱི༔ ཆོས་རྣམས་ཆོས་ཉིད་ཀ་ནས་དག༔ སྨྲ་བསམ་བརྗོད་བྲལ་དེ་བཞིན་ཉིད༔ དེ་ལས་མ་འགགས་སྙིང་རྗེའི་རྩལ༔ ཀུན་སྣང་བྱང་ཆུབ་སེམས་སུ་ཤར༔ ཟུང་འཇུག་རིག་པའི་འཕྲོ་འདུས་ལས༔ ཕྱི་སྣོད་གཡུ་ལོ་བཀོད་པའི་ཞིང་༔ རྒྱ་ཁྱོན་མུ་མཐའ་མེད་པ་ཡི༔ ཕོ་བྲང་གཞལ་ཡས་རྒྱན་བཀོད་པ༔ ཚད་དང་མཚན་ཉིད་ཐམས་ཅད་རྫོགས༔ ཕྱི་རོལ་འཁོར་ཡུག་དག་ལ་ནི༔ ཤིང་ལྗོན་གསེར་གྱི་དྲ་བས་སྤྲས༔ ནེའུ་གསིང་མེ་ཏོག་སྐྱེད་མོའི་ཚལ༔ དེར་བསྟེན་ཆུ་བྱ་ངང་པ་དང་༔ བྱ་རིགས་མགྲིན་པའི་སྐད་སྙན་སྒྲོགས༔ གསང་ཆེན་ཆོས་ཀྱི་བརྡ་ཆོས་སྟོན༔ ཉིན་མཚན་འཇའ་ཡི་བླ་བྲེ་དང་༔ བདུད་རྩིའི་ཆར་པ་ལང་ལོང་འབབ༔ ལྷ་ཡི་བུ་དང་བུ་མོ་ཡིས༔ ཁྲུས་བྱེད་རྩེ་འཇོ་ག་ལ་རོལ༔ དགའ་བའི་ཡན་ལག་བརྒྱད་ལྡན་ཆུ༔ ཕྱོགས་དང་ཕྱོགས་ནས་ལྷུང་ལྷུང་འབབས༔ དྲི་ཞིམ་སྤོས་ཀྱི་དུད་སྤྲིན་འཁྲིགས༔ བསམ་གྱིས་མི་ཁྱབ་ཡོན་ཏན་ལྡན༔ དེ་ལྟའི་གནས་ཀྱི་དབུས་ཉིད་ན༔ སྣ་ཚོགས་པདྨ་འབུམ་བརྡལ་སྟེང་༔ ཉི་མ་ཟླ་བའི་གདན་དབུས་སུ༔ སྐད་ཅིག་རིག་པ་ཨུཏྤལ་དཀར༔ ཏཾ་ཡིག་མཚན་པ་གཅིག་ཏུ་གྱུར༔ དེ་ལས་འོད་ཕྲོས་དུས་གསུམ་གྱི༔ སངས་རྒྱས་བྱང་སེམས་སོགས་དཔག་མེད༔ མྱང་འདས་ཡོན་ཏན་ཡེ་ཤེས་ཀུན༔ ཚུར་བསྡུས་ཨུཏྤལ་ཏཾ་ལ་ཐིམ༔ དེ་ཉིད་འོད་དུ་ཞུ་ནས་ནི༔ ལྔ་ལྡན་འོད་ཀྱི་ཐིག་ལེ་ནི༔ ཆེ་ཆུང་སྲིད་པའི་གཏོས་དང་མཉམ༔ འཇིག་རྟེན་དྲུག་དང་ཕྱོགས་བཅུ་ཡི༔ སངས་རྒྱས་ཞིང་ཁམས་བསམ་ཡས་པ༔ འོད་ཀྱི་རྣམ་པས་ཀུན་གང་སྟེ༔ དེ་ཡང་རིམ་ཡལ་ཡོངས་གྱུར་སྐུ༔ རྒྱལ་ཡུམ་འཕགས་མ་སྒྲོལ་མ་ནི༔ སྒྲོལ་དཀར་ཨཱརྱ་ཏཱ་རེ་མ༔ ཤིན་ཏུ་མཛེས་པའི་མཚན་དཔེ་འབར༔ ཞི་འཛུམ་ཆགས་པའི་ཉམས་དང་ལྡན༔ བཅུ་དྲུག་གཟི་བྱིན་མཚུངས་མེད་པ༔ བཅོ་ལྔའི་ཟླ་བའི་རྒྱབ་ཡོལ་མཛེས༔ སྐུ་མདོག་དཀར་གསལ་སྒྲིབ་གཡོགས་བྲལ༔ མཛེས་པའི་སྤྱན་རས་བདུན་ལྡན་གྱིས༔ སེམས་ཅན་ཀུན་ལ་རྟག་ཏུ་གཟིགས༔ གནག་སྣུམ་དབུ་སྐྲའི་ཐོར་ཅོག་ལ༔ རིན་པོ་ཆེ་ཡི་ཏོག་གིས་བརྒྱན༔ ལྷག་མ་སྐུ་རྒྱབ་གཡས་ཕྱོགས་ནས༔ བརྫེས་ཤིང་གཡོན་ཕྱོགས་མཐུར་དུ་གྲོལ༔ རིན་པོ་ཆེ་ཡི་དབུ་བརྒྱན་དང་༔ མུ་ཏིག་དྲ་བ་ཕྱེད་པས་སྤྲས༔ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་དང་༔ གཡོན་ཕྱོགས་དཀོན་མཆོག་གསུམ་མཚོན་རྒྱ༔ ཐུགས་ཀར་ལ་གནས་ཨུཏྤལ་ནི༔ འདབ་མ་སྙན་ཐད་ཁ་ཕྱེའི་སྟེང་༔ ཡོན་ཏན་ཀུན་གྱི་ངོ་བོའི་གཏེར༔ མཚོན་པའི་གསེར་འཁོར་བཅུ་དྲུག་པ༔ གནས་ཤིང་དར་དང་རིན་ཆེན་བརྒྱན༔ ཕྱག་གདུབ་ཞབས་གདུབ་སྙན་ཆ་དང་༔ མགུལ་རྒྱན་ཕྲེང་བ་སེ་མོ་དོ༔ ནུ་འབུར་བུམ་པའི་ཏོག་ལྟར་མཐོ༔ ཞབས་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་༔ སྤྱི་བོར་རིགས་ཀྱི་བདག་པོ་ནི༔ སྤྲུལ་སྐུ་འོད་དཔག་མེད་པས་བརྒྱན༔ དེ་ལ་སངས་རྒྱས་སྲས་བཅས་བསྐོར༔ ཕུང་ཁམས་གཤེགས་པ་གཤེགས་མ་དང་༔ དབང་ཡུལ་སེམས་དཔའ་སེམས་མའི་ཚོགས༔ ཡན་ལག་ཁྲོ་བོ་ཁྲོ་མོའི་སྡེ༔ གདན་གསུམ་དཀྱིལ་འཁོར་ལྷ་རུ་རྫོགས༔ རྩ་གནས་གནས་གསུམ་མཁའ་འགྲོའི་ཚོགས༔ ཉི་ཟེར་རྡུལ་ལྟར་ལྷུན་གྱིས་གྲུབ༔ དེ་ཡི་ཐུགས་ཀར་ཡེ་ཤེས་ནི༔ འོད་ལྔའི་ཐིག་ལེ་ཟླུམ་འཁྱིལ་དབུས༔ སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ༔ སྐུ་མདོག་དྭངས་གསལ་ཤིན་ཏུ་འཚེར༔ སྤྱི་བོར་ཕག་ཞལ་མཁའ་ལ་ངུར༔ ཕྱག་གཡས་གྲི་གུག་ཐོད་ཁྲག་ཐོགས༔ རྟེན་མེད་གར་སྟབས་ལིང་ངེར་བཞུགས༔ རྩ་བའི་མཁའ་འགྲོའི་ཕྱོགས་བཞི་རུ༔ ཤར་དུ་རྡོ་རྗེ་མཁའ་འགྲོ་མ༔ ལྷོ་རུ་རིན་ཆེན་མཁའ་མགྲོ་མ༔ ནུབ་ཏུ་པདྨ་མཁའ་འགྲོ་མ༔ བྱང་དུ་ཀརྨ་མཁའ་འགྲོ་མ༔ ཀུན་ཀྱང་རུས་རྒྱན་དར་དཔྱང་དང་༔ གྲི་ཐོད་འཛིན་ཅིང་གར་སྟབས་འཁྱུག༔ མཚམས་བཞིར་ཤར་ལྷོ་ནས་བཟུང་སྟེ༔ དམ་ཚིག་ལས་དང་སྣ་ཚོགས་གཟུགས༔ ཤ་ཟ་མཁའ་འགྲོ་བཞི་པོ་ཡང་༔ དཀར་སྔོ་སེར་དམར་ལྗང་སེར་སྡེ༔ དམར་ནག་རྒྱན་དང་ཆ་ལུགས་ནི༔ གཞན་གསུམ་དར་གྱི་སྟོད་གཡོགས་དང་༔ ཤམ་ཐབས་ལ་སོགས་དར་དཔྱངས་སྤྲས༔ ཤ་ཟ་ཌཱཀྐི་མི་ལྤགས་དང་༔ སྟག་ཤམ་ཁྲོ་མོའི་ཆས་ཀུན་རྫོགས༔ གཡས་རྣམས་སོ་སོའི་རང་རྟགས་ནི༔ རིན་པོ་ཆེ་དང་ཌཱ་མ་རུ༔ ལྕགས་ཀྱུ་རལ་གྲི་འབར་བ་དང་༔ གཡོན་རྣམས་ཐོད་ཁྲག་ཐུགས་ཀར་བསྣམས༔ རང་རང་རིགས་ཀྱི་འཁོར་ཚོགས་ནི༔ སྤྲུལ་པ་བྱེ་བ་འབུམ་སྡེ་བཅས༔ བར་སྣང་འོད་ཀྱི་སྣམ་བུའི་སྟེང་༔ སྤྲུལ་བསྒྱུར་བྱིན་རླབས་ལྷ་མོ་ནི༔ ཏཱ་རེ་ཉེར་གཅིག་རང་རང་གི༔ སྐུ་མདོག་ཕྱག་མཚན་སོ་སོའི་ཚུལ༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྐུར༔ མ་འདྲེས་ཡོངས་རྫོགས་ལམ་གྱིས་གསལ༔ མཐའ་བསྐོར་གླིང་ལྷ་དྲེགས་བྱེད་ཚོགས༔ གཏུམ་རྔམས་བརྗིད་བག་འགྱིང་བའི་སྐུ༔ བསྟན་བསྲུང་དྲེགས་པའི་ཚོགས་རྣམས་ཀུན༔ རེ་རེ་ལ་ཡང་ཕོ་ཉ་ནི༔ ཤན་པ་འཁོར་ཚོགས་འབུམ་སྡེ་རེ༔ མཚོ་ལ་གཟའ་སྐར་ཤར་བཞིན་བཀྲ༔ དེ་ལྟར་གསལ་བའི་ལྷ་ཚོགས་ཀྱི༔ སྤྱི་བོར་ཨོཾ་དཀར་ཨཱ༔དམར་དང་༔ ཧཱུཾ་མཐིང་འོད་ཀྱི་རྣམ་ཐར་གསལ༔ རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབསཿ ཁྱད་པར་གཙོ་མོའི་ཐུགས་ཀ་ནས༔ འོད་ཟེར་འཕྲོས་པས་ནུབ་ཕྱོགས་གླིང་༔ ཨོ་རྒྱན་ཡུལ་གྱི་དུར་ཁྲོད་དང་༔ ཁྱད་པར་གཡུ་ལོ་བཀོད་པའི་ཞིང་༔ སྤྲུལ་པའི་ཞིང་ཁམས་ཆེན་པོ་ནས༔ སྤྱན་འདྲེན་གནས་འདིར་ས་མ་ཛ༔ «དད་དང་དམ་ཚིག་ཤུགས་བསྐྱེད་ལ༔ གདུང་བའི་དབྱངས་ཀྱིས་སྤྱན་འདྲེན་པ༔ »ཨོཾ༔ པོ་ཊ་ལ་ཡི་གནས་མཆོག་ནས༔ ཏཾཿཡིག་ས་བོན་གྱིས་འཁྲུངས་པའི༔ མཚན་དཔེ་འོད་ཀྱིས་འགྲོ་བ་སྒྲོལ༔ སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ༔ སྔོན་གྱི་ཐུགས་དམ་ཆེར་དགོངས་ལ༔ རྫུ་འཕྲུལ་ཐོགས་པ་མེད་པ་རུ༔ བརྩེ་བའི་ཤུགས་ཀྱིས་འདིར་སྤྱོན་ལ༔ འགྲོ་རྣམས་སྐྱོབས་པའི་དུས་ལ་བབ༔ སྐུ་མདོག་དཀར་གསལ་འོད་ཕུང་གིས༔ འཇིག་རྟེན་མ་རིག་སེལ་མཛད་ཅིང་༔ འགྲོ་རྣམས་བདེ་བའི་ལམ་མཆོག་ལ༔ དཀྲི་ཕྱིར་མགོན་ཁྱོད་གཤེགས་སུ་གསོལ༔ ཁྱེད་རྣམས་བཏང་སྙོམས་མ་བཞུགས་པར༔ རྫུ་འཕྲུལ་སྟོབས་ཀྱིས་ཤུགས་བསྐྱེད་ལ༔ བྱིན་རླབས་ཏཱ་རེ་སྤྲུལ་བསྒྱུར་འཁོར༔ ཉེར་གཅིག་དང་བཅས་གཤེགས་སུ་གསོལ༔ གཞན་ཡང་རིགས་བཞིའི་ཌཱཀྐི་དང་༔ བཀའ་ཉན་སྤྲུལ་པ་འབུམ་སྡེ་བཅས༔ འཇིག་རྟེན་སྡུག་བསྔལ་གྱིས་མནར་བའི༔ འཇིགས་པ་སྐྱོབ་ཕྱིར་གཤེགས་སུ་གསོལ༔ ཀྱེ་ཧོ༔ ལྔ་བརྒྱའི་འགྲོ་བ་འདི་དག་ཀུན༔ ནད་དང་གདོན་གྱི་འཇིགས་པས་མནར༔ མུ་གེ་སད་སེར་བཙའ་ཐན་དང་༔ འབྱུང་བཞིའི་གནོད་པས་འཕོ་འཕྱུག་སོགས༔ བཀྲ་མི་ཤིས་པའི་ལྟས་དུ་མའི༔ མནར་བའི་གནས་སྐབས་འདིར་དགོངས་ལ༔ སྐུ་མཆོག་མཚན་དཔེའི་དཀྱིལ་འཁོར་ནི༔ བྱིན་རླབས་འོད་ཕུང་ལྡེམས་སེ་ལྡེམ༔ གསུང་མཆོག་རྡོ་རྗེའི་སྒྲ་དབྱངས་ནི༔ གསང་ཆེན་བརྡ་སྐད་སངས་སེ་སང་༔ ཐུགས་མཆོག་དགོངས་པ་གཡོ་མེད་ཀྱི༔ འགྲོ་དོན་སྤྲུལ་བསྒྱུར་ལམས་སེ་ལམ༔ ཡོན་ཏན་རེ་བ་ཡིད་བཞིན་དུ༔ སྐོང་མཛད་བྱིན་རླབས་ཁྱུགས་སེ་ཁྱུག༔ ཕྲིན་ལས་རོལ་གར་སྣ་ཚོགས་ཀྱིས༔ རྗེས་བརྩེའི་དགོངས་པ་དུངས་སེ་དུང་༔ འདིར་ཚོགས་མོས་པའི་བུ་རྣམས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ ད་ལྟ་ཉིད་དུ་སྩོལ་བར་མཛོད༔ སྐད་ཅིག་ཉིད་ལ་སྩོལ་བར་མཛོད༔ འདུག་པ་འདི་རུ་སྩོལ་བར་མཛོད༔ ལུས་ལ་སྐུ་ཡིས་བྱིན་གྱིས་རློབས༔ ངག་ལ་གསུང་གིས་བྱིན་གྱིས་རློབས༔ ཡིད་ལ་ཐུགས་ཀྱིས་བྱིན་གྱིས་རློབས༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ༔ འཇའ་ལུས་འོད་སྐུར་གྲོལ་བ་རུ༔ བཙན་ཐབས་ཉིད་དུ་བྱིན་གྱིས་རློབས༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་བྷུདྡྷ་ཛྙཱ་ན་ཌཱཀྐི་ནི་དྷརྨཱ་ཀཱ་ཡ༔ སམྦྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ༔ བཛྲ་ཝཱཀྐ་དྷརྟུ་ཙིཏྟ་སརྦ་ས་མ་ཡ་ཛ་ཛ༔ «དེ་ལྟར་བྱས་པས་རྟགས་མཚན་གསལ༔ རབ་ནི་ཞལ་མཐོང་གསུང་ཐོས་ཤིང་༔ འབྲིང་ནི་ཉམས་འགྱུར་ཏིང་འཛིན་སྐྱེས༔ ཐ་མས་ལུས་སྦྲི་མོས་གུས་སྐྱེས༔ ངུ་གྲོད་ཡོན་ཏན་སེམས་ལ་ཤར༔ ཐེ་ཚོམ་ཅན་ལ་དེ་ལྟར་མིན༔ ས་མ་ཡཱ༔ དེ་ནས་བཞུགས་སུ་གསོལ་བ་ཡི༔ དང་པོ་བྱིན་རླབས་དབང་བསྐུར་ནི༔ »ནམ་མཁར་བཞུགས་པའི་ལྷ་རྣམས་ཀྱི༔ བདུད་རྩིའི་བུམ་པ་བཟུང་བ་ལ༔ ཁྱེད་རྣམས་ཀྱིས་ནི་བདག་ལ་ནི༔ མངོན་པར་དབང་མཆོག་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབས་པས༔ ཇི་ལྟར་སྔོན་གྱི་རྒྱལ་བ་ལ༔ འོད་ཟེར་ཆེན་པོའི་དབང་བསྐུར་ལྟར༔ དེ་བཞིན་བདག་གི་དེང་འདིར་ནི༔ མངོན་པར་དབང་བསྐུར་བགྱི་བར་བྱ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏེ་ས་མ་ཡ་ཤྲྀ་ཡེ་ཧཱུཾ༔ བདུད་རྩིའི་ཁྲུས་བྱས་སྤྱི་བོར་བླུག༔ ཆུ་ཡི་ལྷག་མ་ཡར་འཁྱིལ་བས༔ ཐུན་མོང་རིགས་པའི་དབང་ལྔ་དང་༔ ཐུན་མིན་ཡོངས་རྫོགས་དབང་མཆོག་བཅས༔ བསྐུར་བས་རང་རྟགས་དབུ་རྒྱན་གྱུར༔ ཛ་ཧཱུཾ་བཾ་ཧོ༔ དབྱེར་མེད་ཆུ་ལ་ཆུ་བཞག་བཞིན༔ ཡེ་ནས་དམ་ཡེ་གཉིས་སུ་མེད༔ གཉིས་མེད་དགའ་བ་ཆེན་པོ་ཡིས༔ ཕྱག་རྒྱ་གར་གྱིས་བརྡ་ཕྱག་འཚལ༔ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པུ་ཧོ༔ པྲ་ཏི་ཙ་ཧོ༔« དེ་ནས་མཆོད་པ་འབུལ་བ་ནི༔ »ཧོཿ རབ་འབྱམས་རྒྱ་མཚོ་དཔག་མེད་ན༔ མཆོད་ཡོན་ཇི་སྙེད་ཡོད་པ་ཀུན༔ དེང་འདིར་བློ་ཡིས་ལེགས་བླངས་ཏེ༔ དངོས་བཤམས་གཙང་སྦྱར་མཆོད་པ་འདིས༔ ཨཱརྱ་ཏཱ་རེ་འཁོར་བཅས་ཀྱིས༔ ཞལ་ལ་སྐོམ་པ་མི་མངའ་ཡང་༔ འགྲོ་བའི་སྒྲིབ་པ་སྦྱང་སླད་དུ༔ མཆོད་པ་བླ་མེད་འདི་བཞེས་ཤིག༔ ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏིཙྪ་པཱུ་ཙ་མེ་གས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨཱ་ཧཱུཾ༔ རབ་འབྱམས་རྒྱ་མཚོ་དཔག་མེད་ན༔ ཞབས་བསིལ་ཇི་སྙེད་ཡོད་པ་ཀུན༔ དེང་འདིར་བློ་ཡིས་ལེགས་བླངས་དེ༔ དངོས་བཤམས་གཙང་སྦྱར་མཆོད་པ་འདིས༔ ཨཱརྱ་ཏཱ་རེ་འཁོར་བཅས་ཀྱི༔ སྐུ་ལ་དྲི་མ་མི་མངའ་ཡང་༔ འགྲོ་བའི་སྒྲིབ་པ་སྦྱང་སླད་དུ༔ སྐུ་དང་ཕྱག་ཞབས་བཀྲུ་བར་བགྱི༔ ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏིཙྪ་པུ་ཙ་མེ་ག་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨཱ་ཧཱུཾ༔ རབ་འབྱམས་རྒྱ་མཚོ་དཔག་མེད་ན༔ མེ་ཏོག་ཇི་སྙེད༴ དེང་འདིར་བློ༴ དངོས་བཤམས༴ ཨཱཏྱ་ཏཱ་རེ༴ སྤྱན་ལ་བླང་དོར་མ་མཆིས་ཀྱང་༔ འགྲོ་བའི་སྒྲིབ༴ ཕྲེང་བ་རྒྱན་གྱིས་བརྒྱན་པར་བྱ༔ ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏི༴ སོགས༴ རབ་འབྱམས་རྒྱ་མཚོ་དཔག་མེད་ན༔ བདུག་སྤོས་ཇི་སྙེད༴ དེང་འདིར་བློ་ཡིས༴ དངོས་བཤམས༴ ཨཱརྱ་ཏ་རེ༴ ཤངས་ལ་བླང་དོར༴ འགྲོ་བའི་སྒྲིབ་པ༴ དྲི་ཞིམ་བདུག་པའི་མཆོད་པར་བྱ༔ ཨོཾ་ཨཱརྱ་ཏཱ་རེ་སྥ་རི་ཝ་ར་དྷུཔྤེ་པྲ་ཏི༴ «སོགས།» རབ་འབྱམས་རྒྱ་མཚོ་དཔག་མེད་ན༔ མར་མེ་ཇི་སྙེད༴ དེང་འདིར་བློ་ཡིས༴ དངོས་བཤམས༴ ཨཱརྱ་ཏཱ་རེ༴ མི་ཤེས་སྒྲིབ་པ་མ་མཆིས་ཀྱང་༔ འགྲོ་བའི་སྒྲིབ་པ༴ རིག་པའི་སྒྲོན་མེ་དབུལ་བར་བྱ༔ ཨོཾ་ཨཱརྱ་ཏཱ་རེ་སྥ་རི་ཝ་ར་ཨཱ་ལོ་ཀེ་པྲ་ཏིཙྪ་པུ་ཙ་མེ་ག་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨཱ་ཧཱུཾ༔ རབ་འབྱམས་རྒྱ་མཚོ་དཔག་མེད་ན༔ དྲི་ཆབ་ཇི་སྙེད་ཡོད་པ་ཀུན༔ དེང་འདིར་བློ་ཡིས་ལེགས་བླངས་དེ༔ དངོས་བཤམས་གཙང་སྦྱར་མཆོད་པ་འདིས༔ ཨཱརྱ་ཏཱ་རེ་འཁོར་བཅས་ཀྱི༔ དྲི་ཡིས་བླང་དོར་མ་མཆིས་ཀྱང་༔ འགྲོ་བའི་སྒྲིབ་པ་སྦྱང་སླད་དུ༔ ཚུལ་ཁྲིམས་དྲི་ཡིས་བྱུག་པར་བྱ༔ ཨོཾ་ཨཱརྱ་ཏཱ་རེ་སྥ་རི་ཝཱ་ར་གྷནྡྷེ་པྲ་ཏི༴ «སོགས༔ »རབ་འབྱམས་རྒྱ་མཚོ་དཔག་མེད་ན༔ ཞལ་ཟས་ཇི་སྙེད༴ དེང་འདིར་བློ་ཡིས༴ དངོས་བཤམས༴ ཨཱརྱ་ཏཱ་རེ༴ རོ་ཡི་བླང་དོར་མ་མཆིས་ཀྱང་ཿ འགྲོ་བའི་སྒྲིབ་པ༴ རོ་མཆོག་ཞལ་ཟས་འབུལ་བར་བགྱི༔ ཨོཾ་ཨཱརྱ་ཏཱ་རེ་སྥ་རི་ཝི་ར་ནཻ་ཝ་དྱེ་པྲ་ཏི༴ «སོགས༔ »རབ་འབྱམས་རྒྱ་མཚོ་དཔག་མེད་ན༔ རོལ་མོ་ཇི་སྙེད༴ དེང་འདིར་བློ་ཡིས༴ དངོས་བཤམས༴ ཨཱརྱ་ཏཱ་རེ་སྙན་ལ་བླང་དོར༴ འགྲོ་བའི་སྒྲིབ་པ༴ སྙན་འཇེབས་རོལ་མོ་དབུལ་བར་བགྱི༔ ཨོཾ་ཨཱརྱ་ཏཱ་རེ་པ་ས་རི་ཝ་ར་ཤབྟ་པྲ་ཏི༴ «སོགས༔ དེ་ནས་ནང་མཆོད་འབུལ་བ་ལ༔ སྤྱི་དང་བྱེ་བྲག་འབུལ་བ་ཟུང་༔ དང་པོ་སྤྱི་ཡི་མཆོད་པ་ནི༔» ཧཱུྃ༔ སྒེག་སོགས་ལྷ་མོ་བཅུ་དྲུག་གིས༔ འཇོ་སྒེག་གར་གྱི་ཉམས་སྟབས་ཀྱིས༔ བླ་མེད་མཆོད་པ་དཔག་མེད་ཐོགས༔ གཟུགས་སྒྲ་དྲི་རོ་རེག་བྱ་དང་༔ དབང་པོ་སོ་སོར་དགྱེས་སྐོངས་བའི༔ ཟག་མེད་ཡེ་ཤེས་རོལ་རྩལ་གྱིས༔ བླ་མེད་མཆོད་པ་འདི་བཞེས་ཤིག༔ ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝ་ར་རཱུ་པ་ཤབྟ་གྷནྡྷེ་ར་ས་སྤརྴེ་པྲ་ཏིཙྪ་པུ་ཙ་མེ་ག་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨཱ་ཧཱུཾ༔ «དེ་ནས་བྱེ་བྲག་མཆོད་པ་ནི༔ ཐོག་མར་སྨན་གྱི་མཆོད་པ་ནི༔» ཨོཾ༔རང་བྱུང་ཐོད་པའི་ཞལ་བུ་རུ༔ བྱང་ཆུབ་སེམས་ཀྱི་བདུད་རྩི་ནི༔ ཟག་མེད་བདེ་བ་བསྐྱེད་ནུས་པའི༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི༔ སྐུ་ཡི་མཆོད་པ་འདི་བཞེས་ཤིག༔ སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧཱི༔ ཨོཾ་ཨཱ༔ཧཱུཾ༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ ལོངས་སྐུ་རིགས་ལྔའི་སངས་རྒྱས་ཞལ་དུ་སརྦ༴ སྤྲུལ་སྐུ་དགའ་རབ་རྡོ་རྗེའི་ཞལ་དུ་སརྦ་པཉྩ༴ རྗེ་བཙུན་འཕགས་མ་སྒྲོལ་མའི་ཞལ་དུ་སརྦ༴ ཡེ་ཤེས་རིགས་ལྔའི་མཁའ་འགྲོའི་ཞལ་དུ་སརྦ་པཉྩ༴ སྤྲུལ་བསྒྱུར་ཏཱ་རེ་ཉེར་གཅིག་ཞལ་དུ༴ སངས་རྒྱས་སྤྲུལ་པ་བྱང་སེམས་འཁོར་བཅས་ཞལ་དུ་སརྦ༴ སྤྲུལ་སྐུ་པདྨ་ཐོད་ཕྲེང་རྩལ་གྱི་ཞལ་དུ་སརྦ༴ ཡང་སྤྲུལ་བདུད་འདུལ་སྐྱེས་བུའི་ཞལ་དུ་སརྦ༴ སྣ་ཚོགས་རིགས་བཞིའི་མཁའ་འགྲོའི་ཞལ་དུ་སརྦ༴ གནས་ཡུལ་ཞིང་སྐྱོང་ཌཱཀྐིའི་ཚོགས་ཀྱི་ཞལ་དུ་སརྦ༴ བཀའ་འཁོར་དྲེགས་པ་སྡེ་བརྒྱད་ཞལ་དུ་སརྦ༴ ཡང་འཁོར་དྲེགས་ཚོགས་སྤྲུལ་འཁོར་རྣམས་ཀྱི་ཞལ་དུ་སརྦ༴ དགྲ་བླ་ཝེར་མའི་ཚོགས་ཀྱི་ཞལ་དུ་སརྦ༴ ཡང་འཁོར་དྲེགས་ཚོགས་སྤྲུལ་འཁོར་རྣམས་ཀྱི་ཞལ་དུ་སརྦ༴ དགྲ་བླ་ཝེར་མའི་ཚོགས་ཀྱི་ཞལ་དུ་སརྦ༴ དེ་ལྟར་བདུད་རྩི་སྨན་གྱི་མཆོད་པ་རྒྱ་ཆེན་པོ་འདི་ཉིད་ཕུལ་བས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ཚོགས་གཉིས་རྫོགས་སྒྲིབ་གཉིས་བྱང་ཏེ་རྣམ་མཁྱེན་བླ་ན་མེད་པའི་གོ་འཕང་མཆོག་བདེ་བླག་ཏུ་ཐོབ་པར་མཛད་དུ་གསོལ༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ ཐུགས་རྗེ་དམ་པས་ཉེ་བར་བཟུང་ཏེ་ཇི་སྲིད་བླ་ན་མེད་པའི་གོ་འཕང་དམ་པས་རྒྱུར་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ མཚན་ལྡན་ཐོད་པའི་གཞལ་ཡས་སུ༔ རང་བྱུང་བདུད་རྩི་ཨ་མྲྀ་ཏ༔ རྡོ་རྗེ་ལྕེ་ཡི་དམ་ཚིག་གིས༔ མྱང་བས་དངོས་གྲུབ་ཀུན་ཐོབ་གྱུར༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀྐ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུཾ༔ «དེ་ནས་རཀྟའི་མཆོད་འབུལ་ནི༔ »ཨཱ༔ རང་བྱུང་ཆགས་པ་ཆེན་པོའི་རྫས༔ དམ་ཚིག་གསོ་བའི་རྫས་མཆོག་དམར༔ བླང་དོར་མེད་པར་འབུལ་ལགས་ན༔ གསུང་གི་མཆོད་པ་འདི་བཞེས་ཤིག༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ «དེ་ནས་གཏོར་མཆོད་འབུལ་བ་ནི༔» ཧཱུྃ༔ རང་བྱུང་པདྨའི་སྣོད་མཆོག་ཏུ༔ ཟུང་འཇུག་ཡེ་ཤེས་དམ་རྫས་བཅུད༔ གཏོར་མ་འདོད་ཡོན་ཕུང་པོའི་རྒྱན༔ ཐུགས་ཀྱི་མཆོད་པ་འདི་བཞེས་ཤིག༔ མ་ཧཱ་བཱ་ལིཾ་ཏ་ཁཱ་ཧི༔ «དེ་ནས་སྟོང་ཆེན་མཆོད་པ་ནི༔ »ཧོ༔ དྷརྨ་དྷརྟུ་ཆོས་ཀྱི་དབྱིངས༔ མ་ཧཱ་སུ་ཁ་བདེ་བ་ཆེ༔ ཨ་ལ་ལ་སྟེ་མཉམ་སྦྱོར་བ༔ ཧོ་ཞེས་མཉམ་ཉིད་དབྱིངས་སུ་བཞེས༔ «དེའི་དོན་དྲན་བཞིན་མཉམ་པར་བཞག༔ དེ་རྗེས་བསྟོད་པ་བྱེད་པ་ནི༔» ཧཱུྃ༔ སྐུ་མཆོག་མཐོང་བ་ཙམ་གྱིས་ཀྱང་༔ སྲིད་ཞིའི་འཇིགས་པ་ཀུན་སེལ་ཞིང་༔ འཇོ་སྒེག་ཉམས་བརྒྱར་འབར་བ་ཡིས༔ དགའ་བཞིའི་དངོས་གྲུབ་སྩོལ་ལ་བསྟོད༔ གསུང་མཆོག་ཐོས་པ་ཙམ་གྱིས་ཀྱང་༔ འགོག་རྒྱུན་རྣམ་པར་སད་བྱས་ཤིང་༔ རྡོ་རྗེའི་སྒྲ་དབྱངས་བླ་མེད་ཀྱིས༔ འཁོར་བའི་འཆིང་ཐག་གཅོད་ལ་བསྟོད༔ ཐུགས་མཆོག་གཏད་པ་ཙམ་གྱིས་ཀྱང་༔ བླ་མེད་ཞི་བ་དམ་པར་སྦྱོར༔ ས་དང་ལམ་གྱི་ཡོན་ཏན་ཀུན༔ འབད་མེད་ལྷུག་པར་འཆར་ལ་བསྟོད༔ ཡོན་ཏན་རེ་བ་ཡིད་བཞིན་དུ༔ སྐོང་བའི་མཆོག་དང་ཐུན་མོང་གི༔ དངོས་གྲུབ་མྱུར་དུ་སྩོལ་མཛད་ཅིང་༔ གཏན་གྱི་བདེ་བར་སྦྱོར་ལ་བསྟོད༔ ཕྲིན་ལས་རྣམ་རོལ་ཚད་མེད་ཀྱིས༔ སྤྲུལ་བསྒྱུར་ཏཱ་རེ་ཉེར་གཅིག་སོགས༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཀུན༔ ཐོགས་མེད་མྱུར་མཛད་མ་ལ་བསྟོད༔ གཞན་ཡང་སྟོང་གསུམ་འདི་དག་ནི༔ ཁྱོད་ཞལ་འགྲན་པའི་ཟླ་བོ་ནི༔ མ་མཆིས་སྤྲུལ་པའི་སྐུ་མཆོག་གར༔ མཚན་དཔེའི་འཇོ་སྒེག་མ་ལ་བསྟོད༔ གང་གི་རྣམ་ཐར་བསྐལ་པ་རུ༔ བརྗོད་ཀྱང་ཟད་མི་ཤེས་པ་ཉིད༔ སངས་རྒྱས་སྟོང་གི་ཕྲིན་ལས་མ༔ ཡོན་ཏན་རྫོགས་པའི་བདག་ཉིད་བསྟོད༔ སྲིད་ཁམས་རྒྱ་མཚོའི་སྡུག་བསྔལ་ཀུན༔ ཁྱེད་ཐུགས་གཏད་པས་སྐད་ཅིག་སྒྲོལ༔ ལྔ་བརྒྱའི་འགྲོ་བ་འདྲེན་པའི་མ༔ ཀུན་འབྱུང་ཡིད་བཞིན་ནོར་བུར་བསྟོད༔ ཟབ་དང་རྒྱ་ཆེའི་ཆོས་ཁམས་ཀུན༔ མ་ལུས་ཀུན་བྱུང་ཁྱོད་ཀྱིས་མཁྱེན༔ དོན་བསྡུས་གསང་ཆེན་བརྡ་གཅིག་གིས༔ མྱུར་བར་རྫོགས་པའི་ཐབས་མཁས་ཀྱི༔ མཛད་པའི་ཕྲིན་ལས་མཆོག་ལྡན་མ༔ མྱུར་མ་དཔལ་མོ་རྗེ་བཙུན་མ༔ མཐོང་ཐོས་དྲན་རེག་ཞི་བར་བྱེད༔ ལྷུན་རྫོགས་སངས་རྒྱས་སྐུའི་ངོ་བོ༔ སྙིགས་མའི་སྐྱབས་གཅིག་རིན་ཆེན་བསྟོད༔ ཕྱག་གཡས་ཞི་ལ་མི་གནས་རྒྱས༔ འགྲོ་རྣམས་སྐད་ཅིག་གཅིག་གིས་འདྲེན༔ རྣམ་གྲོལ་བྱང་ཆུབ་གོ་འཕང་ལ༔ བདེ་བར་དཀྲི་མཛད་མ་ལ་བསྟོད༔ ཕྱག་གཡོན་སྲིད་ལ་མི་འཇིགས་པའི༔ ཐུགས་བསྐྱེད་དཀོན་མཆོག་གསུམ་མཚོན་རྒྱའི༔ གསང་གསུམ་རྡོ་རྗེའི་རོལ་གར་གྱིས༔ གང་འདུལ་ཕྲིན་ལས་འགྱེད་ལ་བསྟོད༔ མི་ཤེས་དྲ་བ་གཅོད་མཛད་ཅིང་༔ ཟུང་འཇུག་ཡེ་ཤེས་ཆེན་པོ་ཡིས༔ འཁོར་བའི་རྒྱུན་ཐག་གཅོད་མཛད་པའི༔ འཁོར་ལོའི་ལྟེ་བ་འཆང་ལ་བསྟོད༔ དམྱལ་སོགས་སྡུག་བསྔལ་ཞི་མཛད་ཅིང་༔ ལྷ་མིན་ཡི་དྭགས་དུད་འགྲོ་སོགས༔ བཙན་ཐབས་ཉིད་དུ་སྒྲོལ་མཛད་པའི༔ ཟླ་བའི་རྒྱབ་ཡོལ་མཛད་ལ་བསྟོད༔ གང་ཞིག་ཞིང་ཁམས་རྟེན་བརྟེན་པ༔ ཡེ་ཤེས་གསང་བ་དམ་པའི་མཛོད༔ ཀུན་ཁྱབ་བྱང་ཆུབ་སེམས་མཆོག་གར༔ གཡོ་བ་མེད་པའི་དོན་ལ་བསྟོད༔ འཁོར་གྱི་རྣམ་པ་མཐའ་དག་ཀུན༔ གཏུམ་དང་རྔམས་པའི་ཕྲིན་ལས་གར༔ ཐོགས་མེད་ཕྲིན་ལས་བསྒྲུབ་མཛད་པའི༔ དེ་དག་ཀུན་ལའང་བདག་བསྟོད་དོ༔ «སླར་ཡང་སྒྲོལ་དཀར་བསྟོད་པ་ནི༔ »ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ༔ འཁོར་བ་ལས་སྒྲོལ་ཏཱ་རེ་མ༔ «སོགས་དང་སྒྲོལ་དཀར་ཉེར་གཅིག་བཟླ༔ ཕྱག་འཚལ་ཉེར་གཅིག་དག་གིས་བསྟོད༔ དེ་ནས་བསྙེན་པ་བྱ་བ་ནི༔ »རང་ཉིད་ཨཱརྱ་ཏཱ་རེ་མ༔ གསལ་བའི་ཐུགས་ཀར་འོད་ལྔའི་དབུས༔ ཡེ་ཤེས་སེམས་དཔའི་ཐུགས་ཀ་རུ༔ ཉི་མའི་གདན་ལ་ཧྲཱི༔ཡིག་མཐར༔ སྔགས་ཕྲེང་བཀོད་པའི་འོད་ཟེར་ནི༔ དཔག་ཏུ་མེད་པར་འཕྲོས་པ་ཡིས༔ རབ་འབྱམས་རྒྱལ་བ་སྲས་བཅས་ཀྱི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀུན༔ མ་ལུས་བསྡུས་ནས་སྩོལ་བར་དམིགས༔ «རྩ་བའི་བསྙེན་སྔགས་འདི་ཉིད་བཟླ༔» ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཧྲཱིཿཛྙཱ་ན་སརྦ་སིདྡྷི་སྭཱ་ཧཱ༔« ཅེས་པ་ཆུ་བོའི་རྒྱུན་བཞིན་བཟླ༔ ཡང་ཅིག་བསྙེན་པའི་དམར་བྱང་ནི༔ བདུད་དུ་བྱུང་ལྟར་གནད་དུ་བཟླ༔ ཚེ་བསྒྲུབ་ཚེ་བསྙེན་དམིགས་པ་རྣམས༔ ཁོ་རང་གཞུང་བཞིན་བྱས་པས་འཐུས༔ ཡང་ཅིག་འཇིགས་པ་བརྒྱད་སྐྱོབས་ཀྱི༔ བསྙེན་དམིགས་རིམ་པ་འདི་བཞིན་བྱ༔ རང་ཉིད་ཡེ་ཤེས་མཁའ་འགྲོའི་སྐུར༔ གསལ་བའི་སྐུ་ཡི་སྤྱན་བདུན་དང་༔ ཕྱག་གི་འཁོར་ལོའི་འོད་ཟེར་ནི༔ སྣ་ཚོགས་བ་ཐག་བསྐྱངས་བ་བཞིན༔ སོ་སོར་འཕྲོས་པས་འཇིག་རྟེན་ན༔ འཇིགས་པ་བརྒྱད་དང་བཅུ་དྲུག་གིས༔ མནར་བའི་འགྲོ་བར་ཕོག་མ་ཐག༔ མྱུར་དུ་བསལ་ནས་ཕན་བདེ་ཡི༔ གོ་འཕང་མཆོག་ལ་སྦྱོར་བར་བསམ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཧྲཱི༔ཛྙཱ་ན་ད་ན་ཏྲ་ཡ་སྭཱ་ཧཱ༔ ཞེས་པ་རྒྱུན་མ་ཆད་པར་བཟླ༔ འདི་ནི་རྩ་བའི་བསྒྲུབ་ཁོག་སྟེ༔ འདི་ལས་གཞན་དུ་བཤད་པ་མེད༔ རང་གི་སྙིང་ལས་ལྷག་པར་ཡང་༔ གཅེས་སྤྲས་བྱེད་དགོས་ཡིད་ལ་ཟུངས༔ ཤིན་ཏུ་གསང་བའི་སྒོ་ནས་ནི༔ རང་གཞན་དོན་གཉིས་བྱེད་པ་ལས༔ ཟ་འདོད་གྲོང་ཆོག་བྱེད་པ་དང་༔ ངོ་སྲུང་ཟས་ཕྱིར་སྦྱིན་པ་དང་༔ རང་གར་ཁྱབ་བརྡལ་བྱེད་ན་ནི༔ གཅིག་ཏུ་ཆོས་ཀྱི་བྱིན་རླབས་ཡལ༔ གཉིས་སུ་ཌཱཀྐིའི་འཁྲེན་དུར་འབྱུང་༔ གསུམ་དུ་བླ་མའི་བཀའ་རྒྱ་ཉམས༔ གཞི་རུ་རང་གི་ཚེ་ལ་གཟན༔ ལྔ་རུ་ཕྱི་མ་སྡུག་བསྔལ་བསྐྱེད༔ དེ་ཕྱིར་འདི་ལ་གཅེས་པར་ཟུངས༔ རང་ཉིད་བསྲུང་བའི་མཆོག་ཀྱང་ཡིན༔ གཞན་དོན་དཔག་མེད་འབྱུང་བའི་སྒོ༔ འདི་ཡི་ཡོན་ཏན་ཡིན་འཚལ་ན༔ གསང་སྒོ་བསྡམས་ནས་རང་བསྒྲུབ་ན༔ ཆ་ལག་ཟད་མི་ཤེས་པ་ཡོད༔ དེ་ཕྱིར་སྙིང་གི་དཀྱིལ་དུ་སྦོས༔ ས་མ་ཡཱ༔ གུ་ཧྱ༔ དྷ་ཐིམ༔ གཞན་ཡང་ཉེར་གཅིག་ལས་ཚོགས་དང་༔ ཕན་དང་བསྲུང་བའི་ལས་རིམ་རྣམས༔ གུད་དུ་བྱུང་བས་ཤེས་པར་བྱ༔ དང་པོ་འདི་ཉིད་ལ་བསྒྲུབ་པར༔ རང་གར་འབེབ་པ་མ་ཡིན་ཏེ༔ ཡི་དམ་གཅིག་པུར་བསྩོན་འཚལ་ལོ༔ དེ་རྗེས་བསོད་ནམས་བསོགས་པའི་ཐབས༔ ཚོགས་འཁོར་ཉིད་ལས་གཞན་མེད་པའི༔ དེ་ཕྱིར་དཀར་གསུམ་མངར་གསུམ་དང་༔ ཤིང་ཐོག་རྩི་འབྲས་སྣ་ཚོགས་བསགས༔ བྱིན་གྱིས་བརླབས་ནུས་རྣལ་འབྱོར་པས༔ ཤ་ཆང་རྫས་ཡང་བཞག་ན་རུང་༔ དེ་མིན་དོར་དེ་ཤྭ་མང་དང་༔ འོ་མའི་སྐྱེམས་སྣ་བསགས་བྱས་ཏེ༔ དང་པོ་བྱིན་གྱིས་བརླབ་པ་ནི༔» ཧྲཱི༔ རང་ཉིད་ཡེ་ཤེས་མཁའ་འགྲོ་མ༔ ཨཱརྱ་ཏཱ་རེ་གསལ་བ་ཡི༔ ཐུགས་ལས་ལས་བྱེད་ཌཱཀྐི་མ༔ དཀར་གསལ་འོད་ཕུང་འབུམ་ལྡན་ཅན༔ རིན་ཆེན་རུས་རྒྱན་སྣ་ཚོགས་གསོལ༔ གར་སྟབས་ཁྱུག་ཁྱུག་བྱེད་པ་ཞིག༔ རལ་གྱིས་ཐོན་པའི་ཐུགས་ཀ་ནས༔ འོད་ཟེར་ཚུལ་གྱིས་རཾ་ཡཾ་ཁཾ༔ འཕྲོས་པ་ཡེ་ཤེས་མེ་རླུང་ཆུར༔ གྱུར་བས་དངོས་འཛིན་མི་གཙང་ཀུན༔ བསྲེགས་གཏོར་བཀྲུས་ཤིང་དག་པར་གྱུར༔ རཾ་ཡཾ་ཁཾ༔ «ལན་གསུམ༔ »སླར་ཡང་ཨོཾ་ཨཱ༔ཧཱུྃ་འཕྲོས་པས༔ སྦྱངས་སྤེལ་བསྒྱུར་ནས་འདོད་ཡོན་གྱི༔ སྤྲིན་ཕུང་བླ་ན་མེད་པར་གྱུར༔ དེ་ཡང་པདྨའི་སྣོད་མཆོག་ཏུ༔ ངོ་བོ་ཡེ་ཤེས་བདུད་རྩི་ལ༔ རྣམ་པ་ལྷ་ཡི་ཞལ་ཟས་བཞིན༔ གང་འདོད་འཆར་བའི་ལོངས་སྤྱོད་ནི༔ ཟག་མེད་བདེ་བ་བསྐྱེད་ནུས་གྱུར༔ ཨོཾ་ཨཱ༔ཧཱུྃ༔ «ལན་གྲངས་ཅི་ནུས་བཟླས་ནས་ནི༔ ཚོགས་ཞིང་སྤྱན་འདྲེན་འདི་ལྟར་བྱ༔ ཌཱ་དྲིལ་སྤོས་བསྲེག་སྣང་བ་གཏད༔ »ཧོ༔ དབྱིངས་བཞུགས་རྒྱལ་བ་སྲས་བཅས་དང་༔ ཇི་སྙེད་མཚན་དཔེ་རྣམ་རོལ་གར༔ སྟོན་མཛད་བསྐལ་བ་འདི་ཉིད་ལ༔ བྱོན་དང་འབྱོན་གྱུར་རྒྱལ་བ་སྟོང་༔ དེ་སྲས་བྱང་སེམས་ས་བཅུའི་ཚོགས༔ སྤྲུལ་པའི་ཉན་རང་གཟུང་འཛིན་བཅས༔ ཁྱད་པར་ཨཱརྱ་ཏཱ་རེ་མ༔ ཞི་བ་དམ་པའི་གོ་འཕང་ན༔ གཡོ་མེད་དགོངས་པ་འཁྱིལ་ལགས་ཀྱང་༔ ཐུགས་བསྐྱེད་རྒྱ་མཚོའི་མཐུས་དྲངས་བའི༔ མཚན་དཔེའི་སྒྱུ་མའི་རོལ་བའི་གར༔ མ་ཐོགས་བྱམས་བརྩེའི་ཤུགས་ཀྱིས་སྤྱན༔ མཛེས་སྡུག་འཇོ་སྒེགས་དཔལ་སྦྱིན་མ༔ མཐོང་བ་ཙམ་གྱིས་ཡིད་འཕྲོག་ཅིང་༔ བཅུ་དྲུག་ཉམས་ཀྱིས་གཟི་འོད་འབར༔ བྱིན་གྱིས་རློབས་ཕྱིར་འདིར་གཤེགས་ཤིག༔ གཤེགས་ནས་དངོས་གྲུབ་མྱུར་དུ་སྩོལ༔ བྱིན་རླབས་སྤྲུལ་བསྒྱུར་ལྷ་མོ་ནི༔ རིགས་བཞི་ཏཱ་རེ་ཉེར་གཅིག་འཁོར༔ རྫུ་འཕྲུལ་རོལ་བ་ཆེན་པོ་ཡིས༔ སྐད་ཅིག་ཉིད་དུ་འདིར་གཤེགས་ཤིག༔ གཤེགས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ བཀའ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ མཐའ་འཁོར་རང་རང་ཕྲིན་ལས་སྒྲུབས༔ སངས་རྒྱས་བསྟན་པའི་བྱ་ར་མཛད༔ ཕྲིན་ལས་སྣ་ཚོགས་བརྟུལ་ཞུགས་ཀྱིས༔ གནས་འདིར་མྱུར་བ་ཉིད་དུ་གཤེགས༔ གཤེགས་ནས་ཕྱི་ནང་བར་ཆད་སེལ༔ ཀྱེ་ཧོ༔ ཁྱེད་རྣམས་ཞིང་ཁམས་ཆེན་པོ་འདིར༔ བྱོན་ནས་སྒྲུབ་པོའི་གང་ཟག་རྣམས༔ དཔའ་བོ་དཔའ་མོར་བྱིན་གྱིས་རློབས༔ གནས་ཁང་སྤྲུལ་པའི་ཞིང་ཁམས་འདིར༔ གཡུ་ལོ་བཀོད་དུ་བྱིན་གྱིས་རློབས༔ ཚོགས་རྫས་གཙང་སྦྱར་གཏོར་ཚོགས་འདི༔ ཟག་མེད་བདུད་རྩིར་བྱིན་གྱིས་རློབས༔ འཇའ་དང་འོད་སྐུར་ཡ་ལ་ལ༔ བྱིན་རླབས་ན་བུན་ཐིབས་སེ་ཐིབ༔ དངོས་གྲུབ་སྦྲང་ཆར་སི་ལི་ལི༔ གསང་གསུམ་རོལ་གར་ཏ་ལ་ལ༔ མ་ཚོགས་མཁའ་འགྲོ་ཉི་ལི་ལི༔ བདག་དང་གནས་ཁང་ཡོ་བྱད་ཀུན༔ སྐད་ཅིག་ཉིད་དུ་བྱིན་གྱིས་རློབས༔ ཨེ་སརྦ་ས་མ་ཡ་ཛ༔ ཌཱཀྐི་ནི་ཕཻཾ་ཕཻཾ་སིདྡྷི་ཧཱུཾ༔ «དེ་ནས་ལས་བྱེད་མཁའ་འགྲོ་ལས༔ རོལ་གར་ཆེན་པོའི་རིག་འཛིན་གྱིས༔ གཙོ་འཁོར་ཏཱ་རེ་ཉེར་གཅིག་དང་༔ སངས་རྒྱས་བྱང་སེམས་སྤྲུལ་བཅས་ལ༔ ཞལ་ཟས་མཆོད་པ་འབུལ་བ་ནི༔ »ཧོ༔ སྐུ་གསུམ་རྒྱལ་བ་སྲས་བཅས་ཀྱི༔ ཡུམ་གྱུར་ཨཱརྱ་ཏཱ་རེ་མ༔ གཙོ་འཁོར་ཆུ་ཟླ་ཆུ་སྣོད་བཞིན༔ ཉེར་གཅིག་ཏཱ་རེ་ལྷ་མོའི་ཚོགས༔ སངས་རྒྱས་བྱང་སེམས་སྤྲུལ་བཅས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ དམ་སྐོང་དངོས་གྲུབ་བླ་མེད་སྩོལ༔ ག་ན་ཙཀྲ་པཉྩ་པཱུ་ཙ་ཁཱ་ཧི༔ «རིགས་བཞིའི་མཁའ་འགྲོ་འཁོར་བཅས་ལ༔ བཤགས་པ་བྱ་ཕྱིར་ཚོགས་འབུལ་བ༔ »ཧོ༔ བདག་ནི་མ་རིག་དབང་གྱུར་ནས༔ རྩ་བ་ཡན་ལག་དམ་ཚིག་ལ༔ ཉམས་ཆགས་འགལ་འཁྲུལ་ཅི་མཆིས་དང་༔ གཞན་ཡང་གསང་སྔགས་སྒྲུབ་པའི་རྫས༔ ཆོ་ག་དུས་དང་བསྙེན་པ་སོགས༔ བག་མེད་མ་གསང་སྤྱད་ཉེས་སོགས༔ ཕོག་ཐུག་ཉེས་པ་ཅི་མཆིས་པ༔ མཐོལ་ལོ་བཤགས་སོ་གནོང་ངོ་འགྱོད༔ དེ་ཕྱིར་ཚོགས་ཀྱིས་བཤགས་པ་བྱ༔ ཌཱཀྐི་ནི་ས་མ་ཡ་ཤུདྡྷེ་ཨཱ༔ «ཡི་གེ་བརྒྱ་པ་བཟླ་བར་བྱ༔ དེ་ནས་སྤྲུལ་བ་བཀའ་འཁོར་ལ༔ རུ་ཏྲ་བསྒྲལ་བསྟབ་བྱ་བ་ནི༔ »ཨེ་ཛ་ཕཊ༔ སྐད་ཅིག་ཨེ་ཡི་དཀྱིལ་འཁོར་ནི༔ རྒྱ་ཁྱོན་གཏིང་ཟབ་དེའི་ནང་དུ༔ བདག་ལྟའི་དངོས་ཞེན་རུ་ཏྲ་ཀུན༔ སྐད་ཅིག་ཉིད་ལ་འདིར་ཁུག་ཅིག༔ ལས་བྱེད་མཁའ་འགྲོ་དམར་གསལ་ནི༔ ཁྲོ་འཛུམ་རལ་གྲི་འབར་བ་ཐོགས༔ རིག་པ་ཡེ་ཤེས་མཚོན་རྣོན་པོ༔ ཟུང་འཇུག་སྐྱེ་མེད་ཀློང་དུ་བསྒྲལ༔ དུག་གསུམ་ཤ་ཁྲག་རུས་པ་དེ༔ བཀའ་འཁོར་སྤྲུལ་པའི་ཞལ་དུ་བསྟབ༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ རྣམ་ཤེས་སྟོང་ཆེན་ཡུམ་ཀློང་སྦོས༔ རུ་ཏྲ་སརྦ་ཧཱ་ལ་པཉྩ་པཱུ་ཙ་ཧོ༔« དེ་རྗེས་བསྐང་བཤགས་བྱེད་པ་ལ༔ ནམ་མཁའ་མཛོདཀྱི་སྔགས་རྒྱ་བརྗོད༔ »ཨོཾ་ཨཱ༔ཧཱུྃ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་༔ སྤྲུལ་པའི་ཞིང་མཆོག་ཆེན་པོ་ནས༔ སངས་རྒྱས་འོད་དཔག་མེད་པ་ནི༔ དམར་གསལ་མཚན་དང་དཔེ་བྱད་སྤྲས༔ མཆོག་གི་སྤྲུལ་སྐུའི་ཆ་བྱད་ཅན༔ གཞན་ཡང་བསྐལ་བཟང་སངས་རྒྱས་སྟོང་༔ བྱང་སེམས་ས་བཅུའི་འཁོར་ཚོགས་དང་༔ སྤྲུལ་པའི་ཉན་རང་བཅས་པ་རྣམས༔ ཁྱད་པར་ཨཱརྱ་ཏཱ་རེ་མ༔ སྤྲུལ་བསྒྱུར་ཏཱ་རེ་ཉེར་གཅིག་འཁོར༔ རིགས་བཞིའི་མཁའ་འགྲོ་བྱེ་བ་འབུམ༔ བཀའ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ གཞན་ཡང་ལྷ་དང་རིག་འཛིན་དང་༔ དྲང་སྲོང་དཔའ་བོ་དཔའ་མོའི་ཚོགས༔ གཡུ་ལོ་བཀོད་པའི་རྟེན་བརྟེན་པ༔ ཐུགས་དམ་བསྐང་ཕྱིར་གནས་འདིར་གཤེགས༔ གཞལ་ཡས་ཞིང་ཁམས་པདྨ་དང་༔ ཉི་ཟླའི་གདན་ལ་དགྱེས་པར་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ སྲིད་ཞིའི་འདོད་ཡོན་མ་ལུས་འབུལ༔ ཚེ་རབས་ཐོག་མེད་སྡིག་སྒྲིབ་བཤགས༔ ཁྱོད་ཀྱི་རྣམ་ཐར་རྗེས་ཡི་རང་༔ ཟབ་རྒྱས་གསང་ཆེན་ཆོས་འཁོར་བསྐུལ༔ མ་ཁྱོད་མྱ་ངན་མི་འདར་བཞུགས༔ འདིས་མཚོན་དགེ་བ་བླ་མེད་བསྔོ༔ ཧྲཱི༔ ཐུགས་དམ་སྐོང་བར་བྱེད་པའི་ཚོགས༔ དག་བྱེད་གཙང་མའི་ཡོན་ཆབ་རྒྱུན༔ སྙོགས་མེད་ཞབས་བསིལ་དྭངས་བ་དང་༔ ལྷ་དང་མི་ཡི་མེ་ཏོག་རིགས༔ རང་བྱུང་བདུག་པའི་སྤོས་མཆོག་དང་༔ འབྲུ་མར་རྩི་མར་སྣང་གསལ་བཀྲ༔ སྨན་སྣའི་གཏམས་པའི་དྲི་ཡི་ཆབ༔ རོ་བརྒྱ་ལྡན་པའི་ཞལ་ཟས་རིགས༔ སྒྲ་སྙན་རོལ་མོ་སྣ་ཚོགས་འདིས༔ རྗེ་བཙུན་སྒྲོལ་མའི་ཐུགས་དམ་བསྐངས༔ རིགས་བདག་སྤྲུལ་སྐུའི་ཐུགས་དམ་བསྐངས༔ སངས་རྒྱས་བྱང་སེམས་ཐུགས་དམ་བསྐངས༔ ཏཱ་རེ་ཉེར་གཅིག་ཐུགས་དམ་བསྐངས༔ རིག་བཞིའི་ཌཱཀྐིའི་ཐུགས་དམ་བསྐངས༔ ས་གསུམ་ཌཱཀྐིའི་ཐུགས་དམ་བསྐང་༔ བཀའ་འཁོར་དྲེགས་སྡེའི་ཐུགས་དམ་བསྐངས༔ ཐུགས་དམ་སྐོང་ལ་འགལ་འཁྲུལ་བཤགས༔ དག་ཚང་ཆེན་པོའི་དངོས་གྲུབ་སྩོལ༔ ཧྲཱི༔ སྲིད་པའི་འདོད་ཡོན་སྣ་ཚོགས་གཟུགས༔ བདེ་སྟོང་མཆོད་པའི་ལྷ་མོ་ཡིས༔ རབ་འབྱམས་མཆོད་རྫས་དཔག་མེད་ཐོགས༔ ཏིང་འཛིན་ནམ་མཁའ་ཁམས་བཀང་སྟེ༔ དབང་པོ་ཡུལ་དང་སྦྱོར་བ་ཡིས༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ ཀུན་ཁྱབ་ཟུང་འཇུག་བདེ་ཆེན་འདིས༔ རྗེ་བཙུན་སྒྲོལ་མའི་ཐུགས་དམ་བསྐངས༔ རིགས་བདག་སྤྲུལ་སྐུའི༴ སངས་རྒྱས་བྱང་སེམས༴ ཏཱ་རེ་ཉེར་གཅིག༴ རིགས་བཞིའི་ཌཱཀྐིའི༴ ས་གསུམ་ཌཱཀྐིའི༴ བཀའ་འཁོར་དྲེགས་སྡེའི༴ ཐུགས་དམ་སྐོངས་ལ་འགལ་འཁྲུལ་བཤགས༔ དག་ཚངས་ཆེན་པོའི་དངོས་གྲུབ་སྩོལ༔ ཧྲཱི༔ གཞན་ཡང་ཚོགས་མཆོད་དམ་པ་འདི༔ རང་བྱུང་རྒྱུ་རྐྱེན་གྱིས་བསྐྱེད་པའི༔ དཀར་གསུམ་མངར་གསུམ་ཤིང་ཏོག་རྩི༔ ཇ་འོ་ཞོ་བཅུད་སྐྱེམས་སྦྱར་བའི༔ བདུད་རྩིའི་མཆོད་པ་དམ་པ་འབུལ༔ ཕྱི་ནང་དུས་ཀྱི་རྒུད་པ་དང་༔ ནད་མཚོན་མུ་གེའི་འཇིགས་པ་སྐྱོབས༔ ཆར་ཆུ་དུས་འབེབ་བཀྲ་ཤིས་ཀྱི༔ ལོ་ལེགས་འབྲུ་འཕེལ་ཕྱུགས་སྤེལ་ཞིང་༔ འགྲོ་རྣམས་བདེ་སྐྱིད་རྫོགས་ལྡན་གྱི༔ དཔལ་ལ་སྤྱོད་པའི་དགེ་ལེགས་སྩོལ༔ «དེ་ལྟར་བསྐང་བ་བྱས་ནས་ནི༔ རྣལ་འབྱོར་ཚོགས་རྫས་བདུད་རྩིར་སྤྱོད༔ དེ་ནས་ལྷག་མ་བསྔོ་བར་བྱ༔ »ཨ་ཀ་རོ་«ཡིས་བརླབ་ནས་སུ༔ »ཀྱེ༔ ལྷག་སྡུད་འབར་མ་དབང་ཕྱུག་དང་༔ གིང་ལིང་བསྟན་མ་སྨན་མོའི་ཚོགས༔ འཇིག་རྟེན་འདས་དང་མ་འདས་པའི༔ ས་མཚམས་སྐྱོང་བའི་མཁའ་འགྲོ་ནི༔ རང་རང་རིགས་ཀྱི་འཁོར་ཚོགས་བཅས༔ རྣམ་འགྱུར་སྣ་ཚོགས་སྒྱུ་འཕྲུལ་གར༔ ཁྱེད་ཅག་དཀྱིལ་འཁོར་མཐར་གནས་དེ༔ དམ་ཚིག་ཅན་གྱིས་སྡོང་གྲོགས་དང་༔ དམ་མེད་སྲོག་གི་གཤེད་མ་རུ༔ ཁས་བླངས་བྲོ་བོར་བཅས་པ་བཞིན༔ ད་ལྟ་ལྷག་གཏོར་འདི་བཞེས་ལ༔ སྐལ་ལྡན་སྒྲུབ་པོའི་ཕྲིན་ལས་རྣམས༔ གེགས་མེད་འགྲུབ་པའི་ཕྲིན་ལས་མཛོད༔ མ་མ་ཧྲིང་ཧྲིང་ཨུཥྩི་ཊ་བཱ་ལིཾ་ཏ་ཁཱ་ཧི༔ «དེ་ནས་ལྷག་མའི་རྗེས་འབྲང་བའི༔ འབྱུང་པོ་ལྷག་སྡུད་འཁོར་བཅས་ལ༔ ཚིག་གི་འདི་ལྟར་སྦྱིན་པར་བྱ༔ »ཀྱེ༔ མཐུ་ལྡན་ཚོགས་ཀྱི་རྗེས་འབྲང་བའི༔ འབྱུང་པོ་ཤ་ཟ་སྲིན་པོ་དང་༔ མཁའ་རྒྱུའི་ཡི་དྭགས་མི་མ་ཡིན༔ ཁྱེད་ཅག་འཁོར་དང་བཅས་པ་ནི༔ ལྷག་མའི་ཕུད་ལ་མི་དབང་ཞིང་༔ ལྷག་མར་རེ་བ་ཉིད་ཡིན་པའི༔ སྦྱིན་པའི་གཏོར་མ་འདི་ལོངས་ལ༔ ཞི་དང་བྱམས་པའི་ཚུལ་གྱིས་ནི༔ རྒྱུན་དུ་བདེ་བར་གནས་པར་གྱིས༔ དེ་ནས་ལན་ཆགས་བསྔོ་བ་ནི༔ བགེགས་རྒྱལ་བི་ན་ཡ་ག་དང་༔ བྱིང་གནས་ཡི་དྭགས་ཁ་འབར་མ༔ འཇུར་གེགས་ཐེའུ་རང་དམན་མོའི་ཚོགས༔ ཆང་བུའི་གཏོར་མ་འདི་ཁྱེར་ལ༔ རྟག་ཏུ་འཚེ་བའི་བློ་སྤོང་ལ༔ རང་རང་སོ་སོའི་གནས་སུ་དེངས༔ སརྦ་གཙྪ་«སོགས་ཀྱིས་བསྔོ༔» «དེ་ནས་དབྱིངས་ཀྱི་ལྷ་ཚོགས་ལ༔ ཐུགས་དམ་བསྐུལ་བའི་རིམ་པ་ནི༔ རྗེས་ཆགས་ཆེན་པོའི་མོས་འདུན་བློས༔» ཀྱེ༔ གསོན་ཅིག་ཡེ་ཤེས་དབྱིངས་ཀྱི་ཡུམ༔ ཨཱརྱ་ཏཱ་རེ་རྗེ་བཙུན་མ༔ བྱིན་རློབས་ལྷ་མོ་ཉེར་གཅིག་བཅས༔ སངས་རྒྱས་བྱང་སེམས་ཌཱཀྐིའི་ཚོགས༔ བཀའ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ མ་གཡེལ་ཐུགས་རྗེའི་ཤུགས་ཕྱུང་ལ༔ བརྩེ་བའི་ཕྲིན་ལས་མཛད་དུ་གསོལ༔ ཀྱེ༔ ལྔ་བརྒྱ་ཐ་མའི་དུས་སྐབས་འདིར༔ སངས་རྒྱས་བསྟན་པ་རིན་པོ་ཆེ༔ འཆོལ་ཉོག་བསྟན་པའི་ཆོམ་རྐུན་ཆེ༔ ཚུལ་མིན་ཆོས་ལྟར་བཅོས་པ་ཡིས༔ དོན་གྱི་བསྟན་པ་མིང་དུ་བྱས༔ དེ་ཕྱིར་ཐུགས་དམ་གནད་བསྐུལ་ལ༔ ཟབ་གསང་བླ་མེད་བརྡ་ཆོས་ཀྱི༔ ཡང་གསང་ལུས་མེད་ཌཱཀྐིའི་སྲོག༔ མི་ཉམས་གོང་ནས་གོང་འཕེལ་མཛོད༔ ཚེ་ཐུང་ཚེ་གཅིག་འདི་ཉིད་ལ༔ ཁ་བཤད་གྲུབ་མཐའི་མཐའ་འཁྱོལ་ན༔ ཕྱི་མ་འབྲས་བུ་སྡུག་བསྔལ་དུ༔ དེ་ཕྱིར་སྨིན་གྲོལ་ལམ་མཆོག་གི༔ སྒོ་འཕར་ཕྱེ་བའི་དངོས་གྲུབ་སྩོལ༔ འཇིག་རྟེན་འདིར་ཡང་མི་དགེའི་ཚོགས༔ ནད་མུག་མཚོན་འཁྲུགས་འཇིགས་པ་སོགས༔ མིང་མེད་ཉིད་དུ་མཛད་ནས་ནི༔ ཕན་བདེའི་གོ་འཕང་དམ་པ་རུ༔ སྦྱོར་བའི་ཕྲིན་ལས་ཁྱོད་ཀྱིས་མཛོད༔ «དེ་རྗེས་ཆད་ཐོ་དམ་བསྒྲག་ནི༔» ཧཱུཾ༔ སྔོན་ཚེ་འོག་མིན་ཆོས་དབྱིངས་ནས༔ སྟོན་པ་དྲི་མ་མེད་པ་ཡིས༔ གསང་ཆེན་བླ་ན་མེད་པའི་ཆོས༔ ཐུགས་རྒྱུད་དགོངས་པ་གཅིག་པའི་འཁོར༔ གཡོ་མེད་དགོངས་བརྒྱུད་ཚུལ་དུ་གདམས༔ བར་དུ་སྟུག་པོ་བཀོད་པ་རུ༔ ལོངས་སྐུ་རྡོ་རྗེ་སེམས་དཔའ་ཡིས༔ བླ་མེད་སྙིང་ཐིག་ཆོས་འཁོར་བསྐོར༔ ས་བཅུའི་བྱང་སེམས་འཁོར་རྣམས་ལ༔ བརྡ་དང་བརྡ་ཡིས་ཚུལ་དུ་གདམས༔ ཐ་མ་ཟངས་མདོག་དཔལ་རིའི་རྩེར༔ སྤྲུལ་སྐུ་པདྨ་ཐོད་ཕྲེང་གི༔ ཟབ་དགུ་རིན་ཆེན་གདམས་པའི་མཛོད༔ རིག་འཛིན་བྱེ་བ་འབུམ་སྡེ་ལ༔ སྙན་རྒྱུད་བྱིན་རླབས་འཕྱུགས་མེད་གདམས༔ དེ་འོག་སྤྲུལ་པའི་ཞིང་ཁམས་སུ༔ སྤྲུལ་སྐུ་བདུད་འདུལ་རྒྱལ་པོ་ཡིས༔ རིག་འཛིན་ཕོ་མོ་བྱེ་བ་རུ༔ བརྒྱུད་གསུམ་གདམས་པའི་སྒོ་ཕྱེས་ཚེ༔ ཁྱེད་རྣམས་དྲེགས་བྱེད་སྤྲུལ་འཁོར་གྱིས༔ རང་རང་སོ་སོའི་ཁས་བླངས་བཞིན༔ མ་འོངས་ལྔ་བརྒྱའི་ཐ་མ་རུ༔ རྗེས་འཇུག་རིག་འཛིན་རྣལ་འབྱོར་གྱིས༔ བཀའ་བསྒོས་གཏོར་མ་བཞེས་ནས་ནི༔ ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ ད་ལྟ་སྔགས་འཆང་བདག་ཅག་ལ༔ བརྒྱུད་གསུམ་བླ་མའི་རྣམ་རོལ་གར༔ སྟོན་མཆོག་ཆོས་རྗེ་བླ་མ་ཡིས༔ ཕ་ནོར་བུ་ལ་གཏད་པའི་ཚེ༔ གང་ཤར་རྟེན་འབྲེལ་སྒོ་ཕྱེས་ཚེ༔ གསང་བའི་སྲུང་མ་ཀུན་གྲགས་མ༔ ཐུན་མོང་ཤ་ཟ་མཆོད་སྡེ་ལྔ༔ གཞན་ཡང་དྲེགས་པའི་འཁོར་ཚོགས་ལ༔ དམ་གཏད་ཁས་བླངས་བཅས་པ་བཞིན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ ཟབ་མོ་གཏེར་གྱི་འགྲོ་དོན་ནི༔ ཉི་འོག་ཁྱབ་པའི་ཕྲིན་ལས་དང་༔ རང་ལུགས་བསྟན་པའི་སྙིང་པོའི་ནོར༔ མི་ཉམས་སྲིད་མཐར་བརྟན་པར་མཛོད༔ «ཅེས་བརྗོད་གཏོར་མ་འབུལ་བར་བྱ༔ དེ་རྗེས་བཤལ་ཆུའི་བསྟན་གཏོར་སྐྱོངས༔ »ཀྱེ༔ བོད་ཡུལ་ཁ་བ་ཅན་གྱི་ལྗོངས༔ སྐྱོང་མཛད་བསྟན་མ་བཅུ་གཉིས་ལ༔ དམ་རྫས་བརྒྱན་པའི་གཏོར་མ་འབུལ༔ དམ་སྲི་འགོང་པོ་མུ་སྟེགས་དང་༔ རྒྱ་འདྲེ་འདུལ་བའི་ཕྲིན་ལས་མཛོད༔ ལ་ལ༔ ལེ་ལེ༔ ཏཾ་ཏཾ༔ ཏེ་ཏེ༔ མ་མ་སྲིང་འགྲོ་མ་ཨི་དམ་བྷ་ལིངྟ་ཁཱ་ཧི༔« དེ་རྗེས་གཏོར་གཞོང་ཁ་སྦུབས་ལ༔ རྡོ་རྗེ་བྲོ་ཡིས་བརྟུལ་ཞུགས་ཀྱིས༔ »ཧཱུྃ༔ དམ་སྲི་རྒབ་འདྲེ་ཐེའུ་རང་ཀུན༔ དམིགས་མེད་ཏིང་ངེ་འཛིན་གྱིས་བཀུགས༔ གཏོར་གཞོང་རི་རབ་འབར་བའི་འོག༔ མནན་པས་བྱང་ཆུབ་སེམས་མཆོག་ནི༔ མ་སྐྱེས་བར་དུ་མི་གཏོང་ངོ་༔ བསྐལ་པ་ཞིག་ཀྱང་མི་གཏོང་ངོ་༔ ཨོཾ་ཧཱུྃ་ཏྲཾ་ཧྲཱི༔ཨཱ༔ མཱུཾ་ལཾ་མཾ་པཾ་ཏཾ༔ སྟྭཾ་པ་ཡ་ལཾ་ནན༔ «དེ་ནས་དངོས་གྲུབ་ཞུ་བ་ནི༔ བདག་འཇུག་ལེན་ནམ་བསྡུས་ན་ནི༔ ཚིག་གིས་འདིལྟར་ལེན་པར་བྱ༔ »ཨོཾ་ཨཱ༔ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་མཛད༔ རྗེ་བཙུན་ཨཱརྱ་ཏཱ་རེ་མ༔ འཁོར་ཚོགས་སྤྲུལ་པར་བཅས་པ་ཡིས༔ བསྙེན་བསྒྲུབ་གཞུང་བཞིན་བགྱིས་ལགས་དེ༔ ད་ལྟ་དངོས་གྲུབ་ཞུ་བ་ནི༔ གནས་སྐབས་གྲུབ་པ་བརྒྱད་དང་ནི༔ མཐར་ཐུག་མཆོག་གི་དངོས་གྲུབ་ཞུ༔ དེ་ཕྱིར་རིག་འཛིན་བདག་ཅག་གིས༔ མོས་འདུན་རྩེ་གཅིག་ཟབ་མོ་ཡིས༔ ཁྱོད་དང་དབྱེར་མེད་མཉམ་སྦྱོར་ཕྱིར༔ མཚན་དཔེའི་སྐུ་མཆོག་དཀྱིལ་འཁོར་ནས༔ བུམ་པའི་དབང་མཆོག་སྩལ་དུ་གསོལ༔ སྤྲུལ་པའི་སྐུ་རུ་སྨིན་པར་མཛོད༔ རྩག་བ་ནས་ཡེ་ཤེས་རླུང་འཁོར་ནས༔ གསང་བའི་དབང་མཆོག་སྩལ་དུ་གསོལ༔ ལོངས་སྤྱོད་རྫོགས་སྐུར་སྨིན་པར་མཛོད༔ གསང་བ་མཁའ་དབྱིངས་དཀྱིལ་འཁོར་ནས༔ ཤེས་རབ་ཡེ་ཤེས་དབང་བསྐུར་སྩོལ༔ ཆོས་ཀྱི་སྐུ་རུ་སྨིན་པར་མཛོད༔ མཉམ་སྦྱོར་མཉམ་ཉིད་དཀྱིལ་འཁོར་ནས༔ དོན་དམ་བླ་མེད་དབང་བསྐུར་སྩོལ༔ ངོ་བོ་ཉིད་སྐུར་སྨིན་པར་མཛོད༔ གཞན་ཡང་འཆི་བ་མེད་པའི་ཚེ༔ འགྱུར་བ་མེད་པའི་སྲོག་བརྟན་ཅིང་༔ རྒས་མེད་ལང་ཚོ་བདེ་དྲོད་འབར༔ ངག་ལ་ནུས་པ་མེ་ལྟར་འབར༔ ཡིད་ལ་འཁྲུལ་མེད་ཡེ་ཤེས་འབར༔ ཟས་གྲོགས་ཆོས་རྣམས་འདུས་ནས་ནི༔ སྲིད་གསུམ་ཟིལ་གནོན་དངོས་གྲུབ་སྩོལ༔ མཆོག་དང་ཐུན་མོང་དངོས་གྲུབ་རྣམས༔ མ་ལུས་སྩོལ་བར་མཛད་དུ་གསོལ༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟ་རེ་བྷུདྡྷ་དྷརྨ་སཾ་གྷ་གུ་རུ་དྷེ་ཝ་ཌཱཀྐི་ནི་དྷརྨ་ཀཱ་ཡ༔ སཾ་བྷ་ཀཱ་ཡཱ༔ ནིརྨ་ཀ་ཡཱ༔ བཛྲ་ཝཱཀྐ་ཛྙཱ་ན་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ «བསྒྲུབ་རྫས་གནས་གསུམ་གཏུགས་ཤིང་མྱོང་༔ མེ་ལོང་ཡི་གེ་སྙིང་ཀར་བྱུགས༔ ཤེལ་རྡོ་ལ་བལྟ་གཟུང་མའི་ཀློང་༔ མཐའ་བྲལ་ལྟ་བར་མཉམ་པར་བཞག༔ འདི་ནི་སྐལ་ལྡན་གང་ཟག་ལ༔ དངོས་གྲུབ་བདེ་བླགས་ཉིད་དུ་རྟོགས༔ ས་དང་ལམ་གྱི་ཡོན་ཏན་ཀུན༔ འབད་པ་མེད་པར་སངས་རྒྱས་པའི༔ གདམས་པ་འདི་ཡི་ཁྱད་ཆོས་སོ༔ ས་མ་ཡཱ༔ དེ་ནས་སླར་ཡང་མཆོད་ཅིང་བསྟོད༔ སྤྲོ་བ་ཚོགས་བསྐང་རྒྱས་བསྡུས་བྱ༔ རྗེས་སུ་ནོངས་བཤགས་བཟོད་གསོལ་ནི༔ »ཧོ༔ གསང་སྔགས་དངོས་གྲུབ་རྩ་བ་ནི༔ བླ་མའི་ཅི་གསུང་བཀའ་བསྒྲུབས་ཤིང་༔ ཐེ་ཚོམ་ཡིད་གཉིས་མེད་ལགས་ན༔ འདི་ཕྱིའི་བདེ་ལེགས་ཇི་སྙེད་འབྱུང་༔ དེ་ཉིད་མ་ཤེས་འཁྲུལ་དབང་གིས༔ ཉེས་པ་དུ་མའི་སྐྱོན་གྱུར་ཕྱིར༔ མགོན་པོ་ཐུགས་རྗེ་ཆེ་ལྡན་པས༔ སེམས་ཅན་ཉེས་པར་དགོངས་ལགས་ཀྱང་༔ ལེགས་ཉེས་སྟངས་འཛིན་དམ་ཚིག་གིས༔ མཚམས་འཛིན་ཌཱཀྐི་འཁོར་བཅས་ཀྱི༔ ཐུགས་ལ་ནོངས་པ་གྱུར་ལགས་ན༔ དེ་ཕྱིར་འགལ་འཁྲུལ་ཅི་མཆིས་པ༔ མཐོལ་ལོ་བཤགས་སོ་ཚངས་པར་སྩོལ༔ མི་འཆབ་མི་སྦེད་སྙིང་ནས་བཤགས༔ ཨོཾ་བཛྲ་ས་ཏྭ་ས་མ་ཡཱ༔ མ་ནུ་པ་ལ༴ «སོགས་ཉེར་གཅིག་བཟླ༔ དེ་ནས་སྤྲོས་པ་ཅན་གྱིས་ནི༔ ཉེར་བསྡུ་ལྷར་ལྡང་བྱ་བ་ནི༔» ཧོ༔ ཡེ་ཤེས་དབྱིངས་ཀྱི་སྤྲུལ་པ་ཡིས༔ དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས༔ རང་གནས་སྤྲུལ་པའི་ཞིང་ཁམས་སུ༔ རྫུ་འཕྲུལ་སྟོབས་ཀྱིས་གཤེགས་ནས་ནི༔ སླར་ཡང་རྗེས་བརྩེའི་ཤུགས་ཀྱིས་བྱོན༔ རང་གི་ཏིང་ངེ་འཛིན་གྱིས་སྤྲུལ༔ དམ་ཚིག་སེམས་དཔའ་རྟེན་བརྟེན་པ༔ མཐའ་ནས་རང་ཡལ་གཙོ་མོར་ཐིམ༔ དེ་ཡང་ཡེ་ཤེས་སེམས་དཔར་ཐིམ༔ དེ་ཡང་ཐུགས་སྲོག་ཧྲཱི༔ཡིག་ལ༔ རིམ་ཡལ་གདོད་མའི་གཤིས་སུ་ཨཱ༔ «རིག་པའི་རང་ངོར་ཅེར་གྱིས་བལྟ༔ སླར་ཡང་སྤྱོད་ལམ་རྣལ་འབྱོར་ནི༔» ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ༔ ཞེས་པའི་སྒྲ་དབྱངས་ཀྱིས་བསྐུལ་བའི༔ ཏཱ་རེ་ཞལ་གཅིག་ཕྱག་གཉིས་མ༔ གཡས་པ་མཆོག་སྦྱིན་གཡོན་པད་དཀར༔ བཞེངས་སྟབས་དར་དང་རིན་ཆེན་བརྒྱན༔ དཀར་གསལ་སྐུ་རུ་ཀྲོང་གིས་གྱུར༔ «འདི་ཡིས་སྤྱོད་ལམ་ཐམས་ཅད་འདའ༔ མཚན་མོའི་རྣལ་འབྱོར་ཞལ་ལས་ཤེས༔ སྤྲོས་པ་མེད་ལ་དེ་དག་གི༔ སྤྲོ་བསྡུ་མི་དགོས་རང་ངོར་བཞག༔ སྣང་སྲིད་སྣོད་བཅུད་དཀྱིལ་འཁོར་བལྟ༔ དེ་ལས་གཡོ་ན་མེད་པའོ༔ ས་མ་ཡཱ༔ དགེ་བསྔོ་སྨོན་ལམ་མཚམས་སྦྱར་ནི༔ »ཧོ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ༔ ཞུགས་ནས་ལྷ་བསྐྱེད་བཟླས་བརྗོད་ཀྱི༔ ཟབ་མོའི་ལམ་ཁྱེར་ལ་བསླབ་པའི༔ དགེ་ཚོགས་ཇི་སྙེད་མཆིས་པ་དེས༔ བདག་ཅག་གསང་སྔགས་སྒོར་ཞུགས་ཀུན༔ མི་འབྲལ་ཚོམ་བུ་གཅིག་ཏུ་ནི༔ བླ་མེད་ས་ལ་རེག་གྱུར་ཅིག༔ མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀུན༔ གནས་སྐབས་ཚེ་རིང་ནད་མེད་ཅིང་༔ འདོད་པའི་དོན་ཀུན་ཉེར་འགྲུབ་ཅིང་༔ ཕན་བདེའི་གཞི་ལ་འཁོད་གྱུར་ནས༔ མཐར་ཐུག་འཁོར་བ་ངན་སོང་གི༔ འཇིགས་ལས་མྱུར་བར་ཐར་ནས་ནི༔ གདོད་མའི་ས་ལ་གྲོལ་གྱུར་ཅིག༔ «ལན་གསུམ་བྱ་ཞིང་ཤིས་བརྗོད་ནི༔» ཨོཾ་ཡེ་དྷརྨཱ༴ «སོགས༔» ཨོཾ༔ སྐུ་མཆོག་མཚན་དཔེའི་དཀྱིལ་འཁོར་ནི༔ རབ་གསལ་སྒྲིབ་པ་ཀུན་བྲལ་ནས༔ བྱམས་བརྩེའི་སྤྱན་བདུན་གྱིས་གཟིགས་པའི༔ སྒྱུ་འཕྲུལ་རྡོ་རྗེའི་བཀྲ་ཤིས་གང་༔ བཀྲ་ཤིས་དེས་ཀྱང་བདེ་ལེགས་ཤོག༔ ཨཱ༔ གསུང་མཆོག་རྡོ་རྗེའི་སྒྲ་དབྱངས་ཀྱིས༔ འགྲོ་བའི་མི་ཤེས་རྨོངས་པ་སེལ༔ ཟབ་གསང་བླ་མེད་ཆོས་ཆར་བསྙིལ༔ ཚངས་དབྱངས་འགགས་མེད་བཀྲ་ཤིས་གང་༔ བཀྲ་ཤིས་དེས་ཀྱང་བདེ་ལེགས་ཤོག༔ ཧཱུྃ༔ ཐུགས་མཆོག་སྙིང་རྗེའི་ཤུགས་འཆང་ཞིང་༔ གཡོ་བ་མེད་པའི་དོན་མངའ་བས༔ སེམས་ཅན་ཀུན་ལ་བུ་ལྟར་གཟིགས༔ འཁྲུལ་མེད་རྡོ་རྗེའི་བཀྲ་ཤིས་གང་༔ བཀྲ་ཤིས་དེས་ཀྱང་བདེ་ལེགས་ཤོག༔ གཞན་ཡང་སངས་རྒྱས་བྱང་སེམས་དང་༔ སྤྲུལ་སྐུ་ཏཱ་རེ་ཉེར་གཅིག་བཅས༔ ཞི་རྒྱས་དབང་དྲག་རོལ་གར་གྱིས༔ བྱིན་རླབས་འཛད་མེད་བཀྲ་ཤིས་གང་༔ བཀྲ་ཤིས་དེས་ཀྱང་བདེ་ལེགས་ཤོག༔ བཀའ་འཁོར་ས་གསུམ་ཌཱཀྐི་དང་༔ དྲེགས་བྱེད་སྡེ་བརྒྱད་སྤྲུལ་འཁོར་བཅས༔ ནུས་པའི་ཚ་དབལ་མེ་ལྟར་རྣོ༔ ཕྲིན་ལས་ཐོགས་མེད་བཀྲ་ཤིས་གང་༔ བཀྲ་ཤིས་དེས་ཀྱང་བདེ་ལེགས་ཤོག༔ བཀྲ་ཤིས་དཔལ་གྱི་ཉི་མ་དེས༔ ཉིན་ཡང་བདེ་ལེགས་མཚན་ཡང་བདེ༔ ཉིན་མཚན་འཁོར་ཡུག་སྐྱོང་བྱེད་པའི༔ ཕན་བདེའི་ལེགས་ཚོགས་བཀྲ་ཤིས་གང་༔ བཀྲ་ཤིས་དེས་ཀྱང་བདེ་ལེགས་ཤོག༔ «ཅེས་སོགས་བཀྲ་ཤིས་གང་རྒྱས་བྱ༔ ཕྱོགས་ཀུན་མེ་ཏོག་འབུམ་ཆར་བསྙིལ༔ ཨེ་མ༔ ཤིན་ཏུ་ཡང་ཟབ་མཐར་ཐུག་པའི༔ ཡང་ཐིག་བརྣག་བྱའི་ཆོས་འདི་ཉིད༔ གེ་སར་སྐྱེ་བུ་ཁོ་ན་ལས༔ གཞན་དུ་མ་ཡིན་རང་ཉམས་ལོངས༔ རང་དོན་གནས་སྐབས་ཕྱོགས་བཞིའི་དོན༔ བདེ་བླགས་ཟིལ་གྱིས་གནོན་ནས་ནི༔ མཐར་ཐུག་པདྨ་འོད་གླིང་དུ༔ སྤྲུལ་བསྒྱུར་སྣ་ཚོགས་བརྟུལ་ཞུགས་ཀྱིས༔ ལུས་མ་སྤང་བར་གནས་ན་ཡང་༔ གསང་བའི་གང་ཟག་རེ་རེ་ལས༔ གཞན་དུ་སྣང་མིན་གུ་ཧྱ་སྦ༔ ང་སྤྲུལ་སྐྱེས་རབས་བརྒྱ་བའི་ཚེ༔ ཕྱི་ལྟར་ང་ཉིད་སྐྱེས་བུ་ལ༔ ནང་ལྟར་པདྨ་ཐོད་ཕྲེང་རྩལ༔ གསང་བ་དྲི་མ་མེད་པའི་སྐུ༔ ཡོངས་བཞེངས་གཏད་མེད་སྤྱོད་པ་ཅན༔ ཁྲག་འཐུང་རྔམས་པའི་རྒྱལ་པོ་ཡིས༔ ཐུགས་ཉམས་བསྟར་ནས་སྐུ་ཚེའི་སྨད༔ རྟེན་འབྲེལ་དུས་བབ་གནས་སྐབས་སུ༔ སྲས་མཆོག་གཟི་འོད་འབར་བའི་སྤྲུལ༔ སྐལ་བཟང་སྐྱེས་བུ་དེ་ཉིད་ལ༔ བརྡ་དང་བྱིན་རླབས་ཚུལ་གྱིས་གདམས༔ དེས་ཀྱང་བགྲང་བྱ་གསུམ་ཙམ་དུ༔ གསང་རྒྱས་བཏབ་ཅིང་སླར་ཡང་ནི༔ ཡེ་ཤེས་མཁའ་འགྲོ་ཏཱ་རེ་ཡིས༔ བྱིན་བརླབས་ཕ་ཕོགས་ཐོབ་ནས་ནི༔ ལོ་གཅིག་མཚམས་སུ་སྐྱབས་རྗེའི་བཀས༔ བསྐུལ་མ་གནང་བཞིན་བརྡ་དག་པར༔ ཡི་གེ་ལམ་དུ་ཕབ་པ་ཡིན༔ ཆོས་འདི་གསང་བའི་བསྲུང་མ་དང་༔ ཤ་ཟ་མཆེད་སྡེབ་ཐུབ་པར་སྲུངས༔ ཆོས་འདི་རང་གི་ཉམས་བླངས་ནས༔ འགྲོ་དོན་སྤྱོད་དང་རང་དོན་ལས༔ གཞན་ལ་བྱིན་ནས་བར་ཆད་རྒྱུ༔ དེ་ཕྱིར་སྙིང་ལ་གཅེས་པར་ཟུངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཆོས་འདི་བསྐལ་པ་མ་སྟོང་བར་དུ་མི་ཉམས་ཤིང་༔ སྐྱབས་མགོན་བླ་མའི་སྐུ་ཚེ་མཆོག་ཏུ་བསྟན་ནས་མཛད་ཕྲིན་ཉིད་འོག་ལ་སྤྱོད་པའི་རྒྱུར་གྱུར་ཅིག༔