PJCW-KABUM-06-CHA-029: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
(3 intermediate revisions by the same user not shown)
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་རྣམ་ཐར་དད་པའི་གསོས་སྨན་བདུད་རྩིའི་བུམ་བཅུད།
|fulltitle=o rgyan 'jigs med chos kyi dbang po'i rnam thar dad pa'i gsos sman bdud rtsi'i bum bcud
|collectiontitletib=དཔལ་སྤྲུལ་བཀའ་འབུམ།
|collectiontitle=dpal sprul bka' 'bum
|collectiontitle=dpal sprul bka' 'bum
|collectiontitletib=དཔལ་སྤྲུལ་བཀའ་འབུམ།
|author=kun bzang dpal ldan
|totalvolumes=6
|authortib=ཀུན་བཟང་དཔལ་ལྡན་
|author=Dpal sprul rin po che
|associatedpeople=Dpal sprul rin po che
|authortib=དཔལ་སྤྲུལ་རིན་པོ་ཆེ་
|associatedpeopletib=དཔལ་སྤྲུལ་རིན་པོ་ཆེ་
|citation=
|tibgenre=Biographies - Hagiography - rnam thar
|terma=No
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=06
|volumenumber=06
|volnumtib=༦
|volnumtib=༦
|volyigtib=ཆ
|volyigtib=ཆ
|totalvolumes=6
|textnuminvol=029
|multivolumework=No
|colophontib=ཅེས་པའང་ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེའི་ཡང་སྤྲུལ་མཚུངས་པ་མེད་པ་འཁོར་ལོའི་མ གོན་པོ་མཚན་བརྗོད་པར་དཀའ་བ་ཀུན་གཟིགས་ཆོས་ཀྱི་བློ་གྲོས་ཞེས་སྙན་ པའི་བ་དན་སྲིད་པར་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཞལ་སྔ་ནས་སྔ་ཕྱི་དུ་མར་བསྟན་འགྲོ་སྤྱི་དང་བྱེ་བྲག་ལ་སྲིད་མཐའི་བར་དུ་ཕན་བདེའི་སྐལ་བཟང་མི་ཉམས་པར་སྤེལ་བའི་ཐུགས་བསྐྱེད་འགྲན་ཟླ་དང་བྲལ་བས། དཔལ་སྤྲུལ་རིན་པོ་ཆེའི་རྣམ་ཐར་རྩོམ་དགོས་ཀྱི་བཀའ་ལུང་གསེར་གྱི་ཅོད་པན་རྟེན་བཅས་སྤྱི་བོར་གནང་བ་ཡིད་ལ་བསྐྱེད་པ་མེད་ཀྱང་། རང་ན་ཚོད་ཤིན་ཏུ་རྒས་ཤིང་བློ་མིག་མི་གསལ་བ་དང་། འཁོས་སྟབས་ཞན་པས་རྣམ་ཐར་ལ་ཕན་པའི་ཡིག་ཆ་མ་མཐོང་བ་དང་། གྲུབ་ཆེན་རིན་པོ་ཆེས་མཛད་པའི་རྣམ་ཐར་དང་། ཨ་མཆོད་བསོད་ཚེས་ཕྱིས་སུ་རང་གཞན་མཐོང་ཐོས་སོགས་ཀྱི་ཟིན་བྲིས་ཀྱང་ད་ལོ་ལས་རང་གི་ལག་ཁར་མ་འབྱོར་པས་ཅི་བྱ་གཏོལ་མེད་ལས་གང་གསུང་ལྟོས་མེད་དུ་མ་བྱས། ད་ལོ་ལག་ཁར་འབྱོར་འཕྲལ་དམ་པ་དེ་གཉིས་ཀྱིས་སྣོན་ཕྲི་བགྱིད་པར་བཀའ་གནང་སྩལ་བ་བཅས། རང་བློ་ཤིན་ཏུ་རྨོངས་ཤིང་མིག་མི་གསལ་བས་སྤྱན་ཚབ་ལ་བསྟེན་ནས་འབྲི་བའི་ཁུར་དང་དུ་བླ ང་བ་ལ་དགེ་མང་མཁན་དམ་པ་བསོད་ནམས་རྡོ་རྗེས་ཀྱང་རྗེས་བསྐུལ་དང་ལེགས་པས་དབུགས་དབྱུང་དར་དང་རིན་ཆེན་དང་པོ་སྩལ་ཞིང་། ཉེ་གནས་དམ་པ་རིས་ལྷ་ནས་ཀྱང་གང་གསུངས་བཞིན་ནན་བསྐུལ་དང་མཐུན་སྦྱོར་བཅས། རྣམ་ཐར་དང་ཟིན་བྲིས་གཉིས་སོར་བཞག་གིས་ཕན་ཚུན་མཐུན་པར་འཁྲུགས་སྡེབ་སོགས་རག་བསྡུས་དཀྱུས་བ ཀོད་དུ་རང་ལོ་དོན་བདུན་པར་རབ་བྱུང་བཅུ་དྲུག་པའི་འབྲུ་མང་པོ་ཞེས་པ་ས་ཕོ་སྟག་གི་ལོ་ཨོ་རྒྱན་སངས་རྒྱས་གཉིས་པའི་ཞབས་པད་བོད་ཡུ ལ་མཐིལ་དུ་བཀོད་པའི་སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་དུས་ཚེས་དགེ་བ་དགའ་བ་དང་པོར་དགེ་གོང་དགོན་འཆི་མེད་རིག་འཛིན་བཤད་སྒྲུབ་འཕེལ་རྒྱས་གླིང་དུ། སངས་རྒྱས་གཉིས་པ་ལྟ་བུའི་དམ་པ་རྣམས་དང་ཁྱད་པར་བདག་ཉིད་ཆེན་པོ་འདིའི་ཞབས་རྡུལ་ལ་རེག་པའི་སྐལ་བཟང་ཐོབ་ཀྱང་། རང་གཤིས་ངན་པས་ཡོན་ཏན་རྡུལ་ཙམ་མེད་པ་ཐ་མལ་ལས་ཀྱང་ཐ་མལ་པ། ཤཱཀྱའི་རྗེས་འཇུག་གི་གཟུགས་བརྙན་རྨོངས་བརྟུལ་གྱི་ན་བ་བྷུ་སུ་ཀུ་པ་ཐུབ་བསྟན་ཀུན་བཟང་ཆོས་གྲགས་འ བོད་པས་རྫོགས་པར་གྲུབ་པའི་ཡི་གེ་པ་ནི་ཤཱཀྱའི་དགེ་ཚུལ་བློ་གསལ་ཕུར་པ་ཚེ་རིང་དང་། ཞལ་བཤུས་གཉིས་པ་དཀོན་མཆོག་ཆོས་འཕེལ་གྱིས་བགྱིས་པ་ཕྱོགས་དུས་ཀུན་ཏུ་དགེ་ཞིང་བཀྲ་ཤིས་ཕུན་སུམ་ཚོགས་པས་ཀུན་བཟང་ཐུགས་ཀྱི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །ཤུ་བྷཾ། མངྒ་ལཾ། །
|colophonwylie=ces pa'ang kun mkhyen 'jam dbyangs mkhyen brtse'i yang sprul mtshungs pa med pa 'khor lo'i ma_gon po mtshan brjod par dka' ba kun gzigs chos kyi blo gros zhes snyan pa'i ba dan srid par yongs su grags pa de nyid kyi zhal snga nas snga phyi du mar bstan 'gro spyi dang bye brag la srid mtha'i bar du phan bde'i skal bzang mi nyams par spel ba'i thugs bskyed 'gran zla dang bral bas/_dpal sprul rin po che'i rnam thar rtsom dgos kyi bka' lung gser gyi cod pan rten bcas spyi bor gnang ba yid la bskyed pa med kyang /_rang na tshod shin tu rgas shing blo mig mi gsal ba dang /_'khos stabs zhan pas rnam thar la phan pa'i yig cha ma mthong ba dang /_grub chen rin po ches mdzad pa'i rnam thar dang /_a mchod bsod tshes phyis su rang gzhan mthong thos sogs kyi zin bris kyang da lo las rang gi lag khar ma 'byor pas ci bya gtol med las gang gsung ltos med du ma byas/_da lo lag khar 'byor 'phral dam pa de gnyis kyis snon phri bgyid par bka' gnang stsal ba bcas/_rang blo shin tu rmongs shing mig mi gsal bas spyan tshab la bsten nas 'bri ba'i khur dang du bla_nga ba la dge mang mkhan dam pa bsod nams rdo rjes kyang rjes bskul dang legs pas dbugs dbyung dar dang rin chen dang po stsal zhing /_nye gnas dam pa ris lha nas kyang gang gsungs bzhin nan bskul dang mthun sbyor bcas/_rnam thar dang zin bris gnyis sor bzhag gis phan tshun mthun par 'khrugs sdeb sogs rag bsdus dkyus ba_kod du rang lo don bdun par rab byung bcu drug pa'i 'bru mang po zhes pa sa pho stag gi lo o rgyan sangs rgyas gnyis pa'i zhabs pad bod yu_la mthil du bkod pa'i smin drug zla ba'i dkar phyogs kyi dus tshes dge ba dga' ba dang por dge gong dgon 'chi med rig 'dzin bshad sgrub 'phel rgyas gling du/_sangs rgyas gnyis pa lta bu'i dam pa rnams dang khyad par bdag nyid chen po 'di'i zhabs rdul la reg pa'i skal bzang thob kyang /_rang gshis ngan pas yon tan rdul tsam med pa tha mal las kyang tha mal pa/_shAkya'i rjes 'jug gi gzugs brnyan rmongs brtul gyi na ba b+hu su ku pa thub bstan kun bzang chos grags 'a_bod pas rdzogs par grub pa'i yi ge pa ni shAkya'i dge tshul blo gsal phur pa tshe ring dang /_zhal bshus gnyis pa dkon mchog chos 'phel gyis bgyis pa phyogs dus kun tu dge zhing bkra shis phun sum tshogs pas kun bzang thugs kyi bstan pa dar zhing rgyas la yun ring du gnas pa'i rgyur gyur cig_/shu b+haM/_mang+ga laM/_/
|pdflink=File:PJCW-KABUM-06-CHA-029.pdf
|volumeLetter=CHA
|volumeLetter=CHA
|textnuminvol=026
|pdflink=File:PJCW-KABUM-06-CHA-026.pdf
|InitCategories=Khyentse Lineage Project; PJCW-KABUM-Volume-06-CHA
|InitCategories=Khyentse Lineage Project; PJCW-KABUM-Volume-06-CHA
}}
}}
Line 31: Line 39:
ན་མོ་གུ་རུ་ཨཽ་ཌི་ཡཱ་ན་ཨ་བྷྱ་དྷརྨ་ཨིནྡྲཱ་ཡ། རྒྱལ་བ་རྒྱ་མཚོའི་སྤྲོ་དང་བསྡུ་བའི་དཔྱིད། །
ན་མོ་གུ་རུ་ཨཽ་ཌི་ཡཱ་ན་ཨ་བྷྱ་དྷརྨ་ཨིནྡྲཱ་ཡ། རྒྱལ་བ་རྒྱ་མཚོའི་སྤྲོ་དང་བསྡུ་བའི་དཔྱིད། །
ཀུན་བཟང་ཧེ་རུ་ཀ་དཔལ་རྡོ་རྗེ་འཆང་། །དཀོན་མཆོག་རྩ་གསུམ་རྒྱ་མཚོའི་སྤྱི་དཔལ་ཆེ། །
ཀུན་བཟང་ཧེ་རུ་ཀ་དཔལ་རྡོ་རྗེ་འཆང་། །དཀོན་མཆོག་རྩ་གསུམ་རྒྱ་མཚོའི་སྤྱི་དཔལ་ཆེ། །
བརྒྱུད་གསུམ་རིག་འཛིན་རྒྱ་མཚོའི་ཚོགས་རྣམས་རྒྱལ། །གདོད་ནས་རྣམ་གྲོལ་ཀུན་བཟང་དགོངས་པ་མངོན་དུ་གྱུར། །མཁའ་ཁྱབ་ཞིང་དུ་གང་འདུལ་སྒྱུ་འཕྲུལ་དྲྭ་བའི་གར། །དབྱིངས་རིག་དབྱེར་མེད་རྟག་ཏུ་འོད་གསལ་འདུས་མ་བྱས། །ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་རྟག་ཏུ་སྐྱོངས། །གང་མཚན་ལན་གཅིག་ཐོས་པས་ཀྱང་། །སྲིད་ཞིའི་རྒུད་པ་དྲུང་འབྱིན་པའི། །མཚུངས་མེད་བླ་མའི་རྣམ་ཐར་ཉིད། །སྲིད་མཐར་མི་ཉམས་འཕེལ་ཕྱིར་སྤྲོ། །དེ་ལ་འདིར་གདོད་མའི་མགོན་པོ་མི་ཡི་རྫུ་ལ་ཞུགས་པ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཞེས་མཚན་སྙན་གྱི་གྲགས་པས་མཁའ་ཁྱབ་ཀྱི་ཞིང་ཀུན་འགེངས་པའི་རྣམ་པར་ཐར་པ་ལས། དད་པའི་གསོས་སུ་རྩ་རྩེའི་ཟིལ་པ་ཙམ་བརྗོད་པ་ལ། ཁྱབ་བདག་རྡོ་རྗེ་འཆང་དང་རྣམ་དབྱེར་མ་མཆིས་པའི་ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པས་དཔལ་སྤྲུལ་རིན་པོ་ཆེར་ཚེ་རབས་རྗེས་འཛིན་བསྟོད་སྨོན་བཀྲ་ཤིས་བིརྺའི་ལྗོན་བཟང་ཀུན་ཏུ་དགའ་བའི་ཚལ་ཞེས་བྱ་བ་འདི་ཉིད་ཟག་པ་མེད་པའི་ཡེ་ཤེས་ཀྱི་སྤྱན་གྱིས་ཇི་ལྟར་གཟིགས་པའི་རྣམ་པར་ཐར་བར་དོན་གྱིས་གྲུབ་པས་འདིས་ཁོག་དབུབ་ན་སྒྲོ་སྐུར་ཕྱོགས་ཞེན་གྱི་ཉེས་པ་དང་བྲལ་བས་ཡིད་ཆེས་ཁུངས་བཙུན་གྱི་གནས་སུ་འགྱུར་ཕྱིར། དེ་དང་ཕན་ཚུན་ལྟོ་སྦྱར་ཏེ་བཤད་ན་རྒྱས་བསྡུས་གང་ལ་དགའ་བའི་བློ་དང་འཚམ་པར་གནད་དོན་ཟིན་པས་དེ་ལྟར་བཤད་པ་ལ། བསྡུས་ཏེ་བསྟན་པ་དང་རྒྱས་པར་བཤད་པའོ།
བརྒྱུད་གསུམ་རིག་འཛིན་རྒྱ་མཚོའི་ཚོགས་རྣམས་རྒྱལ། །གདོད་ནས་རྣམ་གྲོལ་ཀུན་བཟང་དགོངས་པ་མངོན་དུ་གྱུར། །མཁའ་ཁྱབ་ཞིང་དུ་གང་འདུལ་སྒྱུ་འཕྲུལ་དྲྭ་བའི་གར། །དབྱིངས་རིག་དབྱེར་མེད་རྟག་ཏུ་འོད་གསལ་འདུས་མ་བྱས། །ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་རྟག་ཏུ་སྐྱོངས། །གང་མཚན་ལན་གཅིག་ཐོས་པས་ཀྱང་། །སྲིད་ཞིའི་རྒུད་པ་དྲུང་འབྱིན་པའི། །མཚུངས་མེད་བླ་མའི་རྣམ་ཐར་ཉིད། །སྲིད་མཐར་མི་ཉམས་འཕེལ་ཕྱིར་སྤྲོ། །དེ་ལ་འདིར་གདོད་མའི་མགོན་པོ་མི་ཡི་རྫུ་ལ་ཞུགས་པ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཞེས་མཚན་སྙན་གྱི་གྲགས་པས་མཁའ་ཁྱབ་ཀྱི་ཞིང་ཀུན་འགེངས་པའི་རྣམ་པར་ཐར་པ་ལས། དད་པའི་གསོས་སུ་རྩ་རྩེའི་ཟིལ་པ་ཙམ་བརྗོད་པ་ལ། ཁྱབ་བདག་རྡོ་རྗེ་འཆང་དང་རྣམ་དབྱེར་མ་མཆིས་པའི་ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པས་དཔལ་སྤྲུལ་རིན་པོ་ཆེར་ཚེ་རབས་རྗེས་འཛིན་བསྟོད་སྨོན་བཀྲ་ཤིས་བིརྺའི་ལྗོན་བཟང་ཀུན་ཏུ་དགའ་བའི་ཚལ་ཞེས་བྱ་བ་འདི་ཉིད་ཟག་པ་མེད་པའི་ཡེ་ཤེས་ཀྱི་སྤྱན་གྱིས་ཇི་ལྟར་གཟིགས་པའི་རྣམ་པར་ཐར་བར་དོན་གྱིས་གྲུབ་པས་འདིས་ཁོག་དབུབ་ན་སྒྲོ་སྐུར་ཕྱོགས་ཞེན་གྱི་ཉེས་པ་དང་བྲལ་བས་ཡིད་ཆེས་ཁུངས་བཙུན་གྱི་གནས་སུ་འགྱུར་ཕྱིར། དེ་དང་ཕན་ཚུན་ལྟོ་སྦྱར་ཏེ་བཤད་ན་རྒྱས་བསྡུས་གང་ལ་དགའ་བའི་བློ་དང་འཚམ་པར་གནད་དོན་ཟིན་པས་དེ་ལྟར་བཤད་པ་ལ། བསྡུས་ཏེ་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ལ། མཚན་སྨོས་པ་དང་། མཆོད་པར་བརྗོད་པ་དང་། རྣམ་པར་ཐར་པ་བརྗོད་པ་དང་གསུམ་ལས། དང་པོ་ནི། རྒྱ་གར་སྐད་དུ། ཛ་ཡདྐུ་ར་ངྷརྨེནྡྲ་སྟུ་ཏེ། བོད་སྐད་དུ། རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོ་ལ་བསྟོད་པ། གཉིས་པ་ནི། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་ལྷག་པའི་ལྷ་ལ་མཆོད་པར་བརྗོད་པ་དང་། ཨོ༵་རྒྱ༵ན་མཚོ་སྐྱེས་རྡོ་རྗེའི་རིང་ལུགས་འཆད་དང་སྒྲུབ་པས་འཛིན་པ་ལ། འཇི༵གས་མེ༵ད་སྨྲ་བའི་སེང་གེ་ཉིད་ཅེས་འཇིག་རྟེན་ཀུན་ཏུ་གྲགས་འབར་བ། ཆོ༵ས་ཀྱི༵་དབ༵ང་པོ༵་དཔལ་ལྡན་བླ་མའི་ཞབས་སེན་ཉིན་མོར་བྱེད་པའི་གཟིས། བྱང་ཆུབ་བར་དུ་ཤིས་པའི་སྣང་བས་རྟག་ཏུ་དགེ་ལེགས་མཛད་གྱུར་ཅིག །ཅེས་ཤིས་པ་བརྗོད་དེ་རྗེས་དྲན་གྱི་བསྟོད་སྨོན་དོན་གྱི་རྣམ་ཐར་འདི་མཛད་དོ། །གསུམ་པ་རྣམ་པར་ཐར་པ་བརྗོད་པ་ལ། ཆེ་བའི་ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་ཅིང་བསྔགས་པ་དང་། ཡོན་ཏན་དེ་ལྡན་གྱི་ཐུགས་རྒྱུད་བསྐུལ་ཞིང་འདོད་དོན་ལ་གསོལ་བ་བཏབ་པ་གཉིས། དང་པོ་ནི། དེ་ལ་འདིར་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཞེས་མཚན་གྱི་བ་དན་སྲིད་ན་མངོན་པར་མཐོ་བ་དེ་ཉིད་ཐོག་མ་མེད་པའི་དུས་ག༷ང་གི་ཚེ༷་ཤེས་དང་ཤེས་བྱ་རོ་གཅིག་གདོད་མའི་དབྱིངས་སུ་བྱང་ཆུབ་སྟེ་ཀུན་ཏུ་བཟང་པོའི་དགོངས་སྤྱོད་ལས་གཡོ་བ་མེད་པར་བཞུགས་ཀྱ༷ང་། དམི༷གས་མེ༷ད་སྙིང༷་རྗེ༷འི་རྫོ༷གས་ལྡ༷ན་སྤྲིན༷་ཆེ༷ན་རྒྱས༷་པ༷ར་དཀྲི༷གས་པ༷འི་འཛུམ་དཀ༵ར་ལས༷། ཞེས་ཆོས་སྐུའི་ངང་ལས་ལོངས་སྐུར་བཞེངས་པ་དང་། དེ་ལས་མཆོ༷ག་གི༷་སྤྲུལ་སྐུ་སོགས་གང་འདུལ་གྱི་སྤྲུ༷ལ་སྐུ༷འི་སྒྱུ་འཕྲུ༷ལ་རོ༷ལ་མོ༷ས་རྟག་ཁྱབ་ལྷུན་གྲུབ་ཀྱི་མཛད་པས་ཡིད་ཅ༷ན་གདུལ་བྱའི་འདོ༷ད་པ༷་འཇོ༷་བའི་ཕུལ༷་དུ་གྱུར་པ་རྒྱལ༷་བའི་མྱུ༷་གུ༷་ཆོས༷་ཀྱི༷་དབ༷ང་པོ༷ས་བྱ༷ང་ཆུ༷བ་བ༷ར་དུ༷་རྗེ༷ས་སུ༷་ཟུ༷ངས་ཞེས་སྨོན་ཞིང་བསྐུལ་པའོ། །དེ་ལས་ཡུལ་དུས་གནས་སྐབས་འདིར་རིགས་རུས་ཆོ་འབྲང་མ་སྨད་པ་ལས་རྒྱལ་བའི་མྱུ་གུའི་མཚ༷ན་དཔེ༷འི་ཟླ༷་བ༷་བདུད༷་རྩི༷འི་འོད༷་ཅན༷་ཐོག༷་མར༷་བསྟན་འགྲོའི་དཔལ་དུ་འཆ༷ར་ཞིང་འཁྲུངས་པ་དང་ལྷན་ཅིག༷་པར༷་རི༷གས་དང་བརྩེ་སོགས་སྣང༷་ཆེན༷་དཀར༷་པོ༷ས་དཔྱོ༷ད་ལྡན་མཁ༷ས་པའི་ཡི༷ད་ཀྱི༷་ཀུ་མུ༷ད་ཅི་དག༷ར་བཞ༷ད་པའི་ངལ༷་འཚོ༷་སྟེར༷་ལས་བསྟོད་ཅིང་བསྔ༷གས་པའི༷་ཆུ༷་གཏེར༷་འབུམ༷་གཡོ༷་བ༷་གང་ཉིད་དཔལ་དགེའི་བླ་མའི་སྐྱེ་སྲིད་དུ་གྲུབ་ཆེན་རིན་པོ་ཆེས་ངོས་འཛིན་གནང་བ་ལྟར་གདན་སར་འཁོད་པའི་རྒྱལ་བའི་མྱུ་གུ་ཞེས་དང་། ཆུང་ངུ་ནས་ཐེག་པ་ཆེན་པོའི་རིགས་སད་ཅིང་སྐྱེས་ཐོབ་ཀྱི་མཁྱེན་རབ་ཕུལ་དུ་གྱུར་པ་དང་། ལྷག་པའི་ལྷས་བྱིན་གྱིས་བརླབས་པའི་མཐུས་གདུལ་བྱའི་ཁམས་དབང་བཞིན་འདུལ་བའི་ཐབས་མཁས་ཀྱི་མཛད་པས་ཐོས་བསམ་སྒོམ་གསུམ། མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ་གྱི་རྣམ་ཐར་དང་བཞེས་མཛད་པ་སྟེ། མངོན་པ་མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། སྒོམ་པ་ལ་ནི་རབ་ཏུ་སྦྱོར། །
དང་པོ་ལ། མཚན་སྨོས་པ་དང་། མཆོད་པར་བརྗོད་པ་དང་། རྣམ་པར་ཐར་པ་བརྗོད་པ་དང་གསུམ་ལས། དང་པོ་ནི། རྒྱ་གར་སྐད་དུ། ཛ་ཡདྐུ་ར་ངྷརྨེནྡྲ་སྟུ་ཏེ། བོད་སྐད་དུ། རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོ་ལ་བསྟོད་པ། གཉིས་པ་ནི། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་ལྷག་པའི་ལྷ་ལ་མཆོད་པར་བརྗོད་པ་དང་། ཨོ༵་རྒྱ༵ན་མཚོ་སྐྱེས་རྡོ་རྗེའི་རིང་ལུགས་འཆད་དང་སྒྲུབ་པས་འཛིན་པ་ལ། འཇི༵གས་མེ༵ད་སྨྲ་བའི་སེང་གེ་ཉིད་ཅེས་འཇིག་རྟེན་ཀུན་ཏུ་གྲགས་འབར་བ། ཆོ༵ས་ཀྱི༵་དབ༵ང་པོ༵་དཔལ་ལྡན་བླ་མའི་ཞབས་སེན་ཉིན་མོར་བྱེད་པའི་གཟིས། བྱང་ཆུབ་བར་དུ་ཤིས་པའི་སྣང་བས་རྟག་ཏུ་དགེ་ལེགས་མཛད་གྱུར་ཅིག །ཅེས་ཤིས་པ་བརྗོད་དེ་རྗེས་དྲན་གྱི་བསྟོད་སྨོན་དོན་གྱི་རྣམ་ཐར་འདི་མཛད་དོ། །གསུམ་པ་རྣམ་པར་ཐར་པ་བརྗོད་པ་ལ། ཆེ་བའི་ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་ཅིང་བསྔགས་པ་དང་། ཡོན་ཏན་དེ་ལྡན་གྱི་ཐུགས་རྒྱུད་བསྐུལ་ཞིང་འདོད་དོན་ལ་གསོལ་བ་བཏབ་པ་གཉིས། དང་པོ་ནི། དེ་ལ་འདིར་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཞེས་མཚན་གྱི་བ་དན་སྲིད་ན་མངོན་པར་མཐོ་བ་དེ་ཉིད་ཐོག་མ་མེད་པའི་དུས་ག༷ང་གི་ཚེ༷་ཤེས་དང་ཤེས་བྱ་རོ་གཅིག་གདོད་མའི་དབྱིངས་སུ་བྱང་ཆུབ་སྟེ་ཀུན་ཏུ་བཟང་པོའི་དགོངས་སྤྱོད་ལས་གཡོ་བ་མེད་པར་བཞུགས་ཀྱ༷ང་། དམི༷གས་མེ༷ད་སྙིང༷་རྗེ༷འི་རྫོ༷གས་ལྡ༷ན་སྤྲིན༷་ཆེ༷ན་རྒྱས༷་པ༷ར་དཀྲི༷གས་པ༷འི་འཛུམ་དཀ༵ར་ལས༷། ཞེས་ཆོས་སྐུའི་ངང་ལས་ལོངས་སྐུར་བཞེངས་པ་དང་། དེ་ལས་མཆོ༷ག་གི༷་སྤྲུལ་སྐུ་སོགས་གང་འདུལ་གྱི་སྤྲུ༷ལ་སྐུ༷འི་སྒྱུ་འཕྲུ༷ལ་རོ༷ལ་མོ༷ས་རྟག་ཁྱབ་ལྷུན་གྲུབ་ཀྱི་མཛད་པས་ཡིད་ཅ༷ན་གདུལ་བྱའི་འདོ༷ད་པ༷་འཇོ༷་བའི་ཕུལ༷་དུ་གྱུར་པ་རྒྱལ༷་བའི་མྱུ༷་གུ༷་ཆོས༷་ཀྱི༷་དབ༷ང་པོ༷ས་བྱ༷ང་ཆུ༷བ་བ༷ར་དུ༷་རྗེ༷ས་སུ༷་ཟུ༷ངས་ཞེས་སྨོན་ཞིང་བསྐུལ་པའོ། །དེ་ལས་ཡུལ་དུས་གནས་སྐབས་འདིར་རིགས་རུས་ཆོ་འབྲང་མ་སྨད་པ་ལས་རྒྱལ་བའི་མྱུ་གུའི་མཚ༷ན་དཔེ༷འི་ཟླ༷་བ༷་བདུད༷་རྩི༷འི་འོད༷་ཅན༷་ཐོག༷་མར༷་བསྟན་འགྲོའི་དཔལ་དུ་འཆ༷ར་ཞིང་འཁྲུངས་པ་དང་ལྷན་ཅིག༷་པར༷་རི༷གས་དང་བརྩེ་སོགས་སྣང༷་ཆེན༷་དཀར༷་པོ༷ས་དཔྱོ༷ད་ལྡན་མཁ༷ས་པའི་ཡི༷ད་ཀྱི༷་ཀུ་མུ༷ད་ཅི་དག༷ར་བཞ༷ད་པའི་ངལ༷་འཚོ༷་སྟེར༷་ལས་བསྟོད་ཅིང་བསྔ༷གས་པའི༷་ཆུ༷་གཏེར༷་འབུམ༷་གཡོ༷་བ༷་གང་ཉིད་དཔལ་དགེའི་བླ་མའི་སྐྱེ་སྲིད་དུ་གྲུབ་ཆེན་རིན་པོ་ཆེས་ངོས་འཛིན་གནང་བ་ལྟར་གདན་སར་འཁོད་པའི་རྒྱལ་བའི་མྱུ་གུ་ཞེས་དང་། ཆུང་ངུ་ནས་ཐེག་པ་ཆེན་པོའི་རིགས་སད་ཅིང་སྐྱེས་ཐོབ་ཀྱི་མཁྱེན་རབ་ཕུལ་དུ་གྱུར་པ་དང་། ལྷག་པའི་ལྷས་བྱིན་གྱིས་བརླབས་པའི་མཐུས་གདུལ་བྱའི་ཁམས་དབང་བཞིན་འདུལ་བའི་ཐབས་མཁས་ཀྱི་མཛད་པས་ཐོས་བསམ་སྒོམ་གསུམ། མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ་གྱི་རྣམ་ཐར་དང་བཞེས་མཛད་པ་སྟེ། མངོན་པ་མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། སྒོམ་པ་ལ་ནི་རབ་ཏུ་སྦྱོར། །
ཞེས་གསུངས་པ་བཞིན་ཡོངས་འཛིན་དགེ་བའི་བཤེས་གཉེན་ལས་མང་དུ་ཐོས་པ་རྣམས་ཚེགས་ཆུང་ངུས་མཁྱེན་པས་མཁས་པ་དང་། བླང་དོར་གྱི་གནས་ལ་འགལ་བ་མི་མངའ་བས། ཚུལ༷་གནས༷་ཁྲིམ༷ས་ཀྱི༷་མཐོ༷་རིས༷་ཚ༷ལ་དུ་མ༷ང་པོ༷ར་གས༷ན་པ༷འི་ཡོ༷ངས་འ༷དུས་དབ༷ང་ཞེས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ཇི༷་བཞི༷ན་བས༷མ་པ༷འི་མེ༷་ཏོ༷ག་མ༷ཛེས་འབ༷ར་ཞེས་ལྷག་པ་སེམས་དང་། སྒོ༷མ་བྱུ༷ང་ཤེས༷་རབ༷་འབྲ༷ས་དུད༷་པས༷་ཞེས་ལྷག་པ་ཤེས་རབ་ཀྱི་བསླབ་པ་ལ་གནས་པས་འཕ༷གས་ད༷ང་མཁ༷ས་དབ༷ང་མ༷ང་པོའི༷་བློ༷་མཆོ༷ག་གི༷་ཟུར་མིག་ཕྱོ༷གས་དེར༷་གཅི༷ག་ཆ༷ར་ལྷུ༷ང་སྟེ་དད་པའི་ཡིད་དབང་འཕྲོག་པའི་ཞབས་པད་ལ་བསྟེན་པར་གྱུར༷་པ༷་རྒྱ༷ལ་བ༷འི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུང༷ས་ཞེས་པ་འདིས་ཐོས་བསམ་སྒོམ་གསུམ་ཡང་བསྟན་ཏོ། །སྒོམ་པ་དེ་ཡང་འཇིག་རྟེན་ཆོས༷་བརྒྱད༷་ཀྱི་འཁྲུ༷ལ་བ༷འི་རྫུན༷་རིས༷་མ༷་ལུ༷ས་པ་འོ༷ད་གས༷ལ་ཞི༷་བ༷འི་དབྱི༷ངས་སུ༷་སིམ༷་པ་དང་། བསྟན་འགྲོ་ལ་སྨན་པའི་མཛད་བཟང་ཆོ༷ས་བཞི༷ན་སྤྱོ༷ད་པ༷འི་ཕྱི༷ར་དབེ༷ན་པའི༷་རི༷་སུལ༷་ངེས་མེད་རྣམས་ལྷ༷་ཡི༷་ཁ༷ང་བཟ༷ང་བཞི༷ན་བ༷སྟེན་ནས༷་ཀུན་སྤང་གི་སྤྱོད་པས་ཆོ༷ས་ཀྱི༷་སྙི༷ང་པོ༷་ཐེ༷ག་ཆེ༷ན་སྤྱི་དང་ཁྱད་པར་འོད་གསལ་རྡོ་རྗེ་རྩེ་མོའི་ལམ༷་ལ༷་རྩེ༷་གཅི༷ག་ཏུ་སྒྲུ༷བ་པ་ལྷུར༷་བཞེ༷ས་པ༷་རྒྱ༷ལ་བ༷འི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུང༷ས་ཞེས་དང་། གཟོ༷ད་ནས༷་རྣམ༷་གྲོལ༷་ཡེ༷་ཤེས༷་ཆོ༷ས་སྐུ་བརྙེས༷་ཀྱང༷་གདུལ་བྱའི་ངོར་ཚོ༷གས་ཟུ༷ང་བྱེ༷་བ༷ས་རྒྱུད༷་སྦྱང༷ས་ཏེ༷་ཟག༷་མེད༷་སྦྱོར༷་བས༷་འབྲ༷ས་བུ༷་ལས༷་སྐྱེས༷་བདེ༷ན་པ༷་མངོན༷་སུམ༷་ཉིད༷་དུ་མཐོ༷ང་བའི་ཕྱིར༷་སྤོབ༷ས་པ༷འི་གཏེར༷་མཛོ༷ད་མཐ༷འ་ཀླས༷་འཇོ༷་སྒེག༷་འཕགས༷་བཞིའི༷་དབུས༷་སུ་ཆེས༷་རྔམ་པའི་ཚུལ་མཛད་པ༷། རྒྱ༷ལ་བ༷འི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུ༷ངས་ཞེས་པ་དེ་དག་གིས་བསླབ་པ་གསུམ། ཐོས་བསམ་སྒོམ་གསུམ། མཁས་བཙུན་བཟང་གསུམ་རྣམས་དངོས་ཤུགས་ཀྱིས་བསྟན་ཏོ། །སྐལ་ལྡན་རྗེས་སུ་འཛིན་པའི་འཆད་པ་ལ་ཤིང༷་རྟ༷་ཆེན༷་པོ་རྣམས་ཀྱི་ལམ་སྲོལ༷་འཆ༷ད་པ་ལ༷་དགོ༷ས་པ༷འི་དོན༷་གྱི༷ས་མདུ༷ན་བསུ༷ས་ཏེ༷། བསྡུས༷་པའི་དོན་གྱི་ཚོམས་སུ་ལེགས༷་པར༷་བཅ༷ད་ཅིང་། ཚི༷ག་གི༷་སྦྱོ༷ར་བ༷་ཤིན་ཏུ་མཛེས་ཤིང་སྙན་འཇེ༷བས་ཀྱིས༷་ཚིག་དོན་སྔ་ཕྱི༷འི་མཚ༷མས་སྦྱོར༷་དང་། ཕན་ཚུན་བརྒ༷ལ་ལ༷ན་དང༷་བཅ༷ས་པས་འཆད་པ་མ༷་ཕ༷མ་དགྱེ༷ས་པ༷འི་གཟུ༷གས་ག༷ཞན་པ༷་བྱམས་མགོན་གཉིས་པ་ལྟ་བུ་རྒྱ༷ལ་བ༷འི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས་ཞེས་དང་། ལོག་སྨྲ་ཚར་གཅོད་པའི་རྩོད་པ་ལ། གཞལ༷་བྱ༷་མངོ༷ན་སུམ༷་དང༷་། མངོ༷ན་སུམ༷་མི༷ན་པ་ལྐོ༷ག་གྱུ༷ར་དང༷་། ཤིན༷་ཏུ༷་ལྐོག༷་གྱུ༷ར་ཇི༷་སྙེ༷ད་པ༷། རིམ་པར་མངོན་སུམ་ཚད་མ་དང་། རྗེས་དཔག་ཚད་མ། ལུང་ཚད་མ༷་གསུམ༷་གྱི༷ས་གཏན༷་ལ༷་ཕབ༷ས་ནས༷་དངོས༷་སྟོབ༷ས་ཀྱི་རིགས༷་པ༷འི་མཚོ༷ན་རྣོ༷ན་པོ༷ས་ཕ༷ས་རྒོལ༷་གྱི་བརྟན༷་པ༷་གཅི༷ག་ཆ༷ར་འཕྲོ༷ག་པ་ལ་མཁ༷ས་པ་དཔལ་ཆོས༷་ཀྱི་གྲ༷གས་པའི་རྗེས་སུ་འགྲོ་ཞིང་འདྲ་བ༷་རྒྱ༷ལ་བ༷འི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུ༷ངས། ཞེས་དང་། ཐུབ་བསྟན་ཡུན་དུ་གནས་པའི་རྩོམ་ལ་མཁས་པ་མགུ་བ་བསྐྱེད་པའི་བརྗོད་བྱེད་ཀྱི་ཚི༷ག་སྙན༷་པ། རྒྱན༷་གསུ༷མ་གྱི་ལམ༷་ལས༷་དྲང༷ས་ཤིང༷་སྡེབ༷་ལེགས༷་པ། སྦྱོ༷ར་བ༷་མཛེས་པ་འབུམ༷་གྱིས་བཅི༷ང་པ། བརྗོད་བྱའི་དོན༷་བཟང༷་པོ་རི༷ན་ཆེ༷ན་ཐང༷་མར་བརྡལ༷་བས༷་སྐལ་བཟང་དཔྱོད་ཤེས༷་ཡི༷ད་ཀྱི༷་འདོ༷ད་དགུ༷ར་འཇོ༷་བ་ཐུབ༷་བ༷སྟན་སྲོག་ཤིང༷་བསྐལ༷་བརྒྱར་བརྟན་ཞིང་གནས་པ༷ར་མཛ༷ད་པའི་ལེགས༷་བཤད་རྩོམ་པ་ལ༷་དཔ༷འ་བོའི་ཞབ༷ས་ཏེ་སློབ་དཔོན་དཔའ་བོ་དངོས་དང་འདྲ་བ་རྒྱ༷ལ་བ༷འི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུང༷ས་ཞེས་དང་། མཁྱེ༷ན་པས༷་ཤེས༷་དང་ཤེས༷་བྱ༷་ཀུན༷་མངོན་སུམ་གཟི༷གས་པ། འཇམ༷་དཔ༷ལ་གཞོ༷ན་ནུའི༷་རྗེས༷་སུ་འགྲོ༷་ཞིང་མཉམ་པ་དང་། བརྩེ༵་བས༵་སེམ༷ས་ཅ༷ན་གྱི་ཁམ༷ས་ཀུན༷་ལ་ཁྱབ༷་ཅིང་འ༷ཇུག་པ་ཕྱག༷་ན༷་པ༷དྨོའི༷་གཟུ༷གས་ཀྱི༷་ཟླ༷་བོ་གཉིས་པ་དང་། ནུས༷་པས༷་ཡི༷ད་སྲུ༷བ་བདུད་སྡེར༷་བཅས༷་པ་བསྙིལ༷་ཞིང་གཞོམ་པར་མཛ༷ད་པ་གས༷ང་བའི་བདག༷་པོའི༷་སྙེམ༷ས་འཆ༷ང་བ༷་སྟེ་གསང་བདག་གཉིས་པ་ལྟ་བུའི་རྒྱ༷ལ་བ༷འི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུ༷ངས། ཞེས་སོ། །བདག་ཉིད་ཆེན་པོ་འདིའི་རྣམ་པར་ཐར་པ་ཤིན་ཏུ་མ༷དོར་བསྡུ་ན། སྲས༷་དང་བཅ༷ས་པའི་རྣམ་འདྲེ༷ན་རྒྱལ་བ་ཡོ༷ངས་ཀྱི༷་ཡེ༷་ཤེ༷ས་སྒྱུ་འཕྲུལ་དྲྭ་བ༷འི་ཚུལ། རྣམ༷་པ༷་ཉི་ཤུའི༷་མངོ༷ན་པ༷ར་བྱང་ཆུབ༷་སྟེ། སྙིང༷་རྗེ༷་ཆེན་པོས༷་ལོངས་སྤྱོད་རྫོགས་པའི་སྐུ་དང་། མཆོག་གི་སྤྲུལ་སྐུ་སོགས་གང་འདུལ་གྱི་ལུས༷་སམ་གཟུགས་སུ་སྣང་ཞིང་བཟུང་སྟེ་རྒྱལ༷་བ་སྐུ་གསུམ་གྱི་མཛད་པས་སྙིགས༷་མའི༷་མཐ༷ར་ཡ༷ང་རྟག་ཁྱབ་ལྷུན་གྲུབ་གྱིས་བསྟན་འགྲོ་ལ་སྨན་པའི་མཛད་པ་མཁའ་དང་མཉམ་པས་རྒྱལ་བསྟན་སྤྱི་དང་། ཁྱད་པར་ཀུན༷་མཁྱེ༷ན་གཉིས༷་པ་ཨོ་རྒྱན་རྡོ་རྗེ་འཆང་བརྒྱུད་པ་དང་བཅས་པ༷འི་ཕྲི༷ན་ལས༷་འཆད་ཉན་གྱིས་ས༷་གསུ༷མ་འགེངས་ཤིིང་རྒྱས༷་པ༷ར་མཛ༷ད་པ༵་རྒྱལ༷་བའི༷་མྱུ༷་གུ་ཆོས༷་ཀྱི༷་དབ༷ང་པོས༷་བྱང༷་ཆུབ༷་བར༷་དུ༷་རྗེ༷ས་སུ༷་ཟུངས༷། ཞེས་སོ། །གཉིས་པ་ཡོན་ཏན་དེ་ལྡན་གྱི་ཐུགས་རྒྱུད་བསྐུལ་ཞིང་འདོད་པའི་དོན་ལ་གསོལ་བ་འདེབས་པ་ནི། དེ༷་ལྟ༷ར་ང༷ག་གི༷་ནོ༷ར་བུའི༷་རྒྱུ༷ད་མ༷ང་དད་པ་གསུམ་གྱི་སོ༷ར་མོ༷ས་བསྒྲེང་བ༷་དང་བཅ༷ས་རྣམ༷་ཀུན༷་གུས༷་པས༷་ཁྱོ༷ད་ཉི༷ད་ཀྱི་ཐུགས་དམ་གནད་ནས་བསྐུལ་ཞིང་འདོད་པའི་དོན་ལ་གསོལ་འདེབས་ཀྱི་འབོ༷ད་ན༷་གེགས་མེད་ཅིང་མཐུན་རྐྱེན་ཚངས་པས་མཐ༷ས་ཡ༷ས་པའི་འགྲོ༷་བ༷འི་གཉེ༷ན་གཅི༷ག་པུ༷་ཅི༷་སླ༷ད་བ༷དག་ཉིད་ཆེན་པོ་ཁྱེད་ཀྱི་གསང་བ་གསུམ་གྱི་རྣམ་ཐར་བདག་སོགས་འགྲོ་བའི་སྙིང༷་ལ༷་རྫོགས་པའི་ཐུག༷ས་བརྩེར༷་ཅིས་མི༷་མཛ༷ད་དེ་མཛད་དགོས་ཏེ། གཟུངས་དང་ཏིང༷་ངེ་འཛི༷ན་རྫུ༷་འཕྲུལ༷་མཐའ་ཡས༷་པའི་གཏེར༷་དུ་གྱུར་པ་ཡིན་པའི་ཕྱིར་རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས་ཞེས་དང་། དེ་བཞིན་དུ། ཨེ་མ་འཕགས་ཁྱོད་བྱིན་རླབས་བདུད་རྩིས་ཡང་ཡང་ཡིད་ལ་བཤེས་བྱས་པས། །སྲིད་ལས་ངེས་འབྱུང་ཨུཏྤལ་ནགས་ཀླུང་ཐར་པའི་ཕྱོགས་སུ་རབ་གྲོལ་བར། །དད་སོགས་འཕགས་ནོར་འབྲས་བུའི་ཁུར་གྱིས་ཤིན་ཏུ་ལྕི་དང་ལྷན་ཅིག་པར། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །
ཞེས་གསུངས་པ་བཞིན་ཡོངས་འཛིན་དགེ་བའི་བཤེས་གཉེན་ལས་མང་དུ་ཐོས་པ་རྣམས་ཚེགས་ཆུང་ངུས་མཁྱེན་པས་མཁས་པ་དང་། བླང་དོར་གྱི་གནས་ལ་འགལ་བ་མི་མངའ་བས། ཚུལ༷་གནས༷་ཁྲིམ༷ས་ཀྱི༷་མཐོ༷་རིས༷་ཚ༷ལ་དུ་མ༷ང་པོ༷ར་གས༷ན་པ༷འི་ཡོ༷ངས་འ༷དུས་དབ༷ང་ཞེས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ཇི༷་བཞི༷ན་བས༷མ་པ༷འི་མེ༷་ཏོ༷ག་མ༷ཛེས་འབ༷ར་ཞེས་ལྷག་པ་སེམས་དང་། སྒོ༷མ་བྱུ༷ང་ཤེས༷་རབ༷་འབྲ༷ས་དུད༷་པས༷་ཞེས་ལྷག་པ་ཤེས་རབ་ཀྱི་བསླབ་པ་ལ་གནས་པས་འཕ༷གས་ད༷ང་མཁ༷ས་དབ༷ང་མ༷ང་པོའི༷་བློ༷་མཆོ༷ག་གི༷་ཟུར་མིག་ཕྱོ༷གས་དེར༷་གཅི༷ག་ཆ༷ར་ལྷུ༷ང་སྟེ་དད་པའི་ཡིད་དབང་འཕྲོག་པའི་ཞབས་པད་ལ་བསྟེན་པར་གྱུར༷་པ༷་རྒྱ༷ལ་བ༷འི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུང༷ས་ཞེས་པ་འདིས་ཐོས་བསམ་སྒོམ་གསུམ་ཡང་བསྟན་ཏོ། །སྒོམ་པ་དེ་ཡང་འཇིག་རྟེན་ཆོས༷་བརྒྱད༷་ཀྱི་འཁྲུ༷ལ་བ༷འི་རྫུན༷་རིས༷་མ༷་ལུ༷ས་པ་འོ༷ད་གས༷ལ་ཞི༷་བ༷འི་དབྱི༷ངས་སུ༷་སིམ༷་པ་དང་། བསྟན་འགྲོ་ལ་སྨན་པའི་མཛད་བཟང་ཆོ༷ས་བཞི༷ན་སྤྱོ༷ད་པ༷འི་ཕྱི༷ར་དབེ༷ན་པའི༷་རི༷་སུལ༷་ངེས་མེད་རྣམས་ལྷ༷་ཡི༷་ཁ༷ང་བཟ༷ང་བཞི༷ན་བ༷སྟེན་ནས༷་ཀུན་སྤང་གི་སྤྱོད་པས་ཆོ༷ས་ཀྱི༷་སྙི༷ང་པོ༷་ཐེ༷ག་ཆེ༷ན་སྤྱི་དང་ཁྱད་པར་འོད་གསལ་རྡོ་རྗེ་རྩེ་མོའི་ལམ༷་ལ༷་རྩེ༷་གཅི༷ག་ཏུ་སྒྲུ༷བ་པ་ལྷུར༷་བཞེ༷ས་པ༷་རྒྱ༷ལ་བ༷འི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུང༷ས་ཞེས་དང་། གཟོ༷ད་ནས༷་རྣམ༷་གྲོལ༷་ཡེ༷་ཤེས༷་ཆོ༷ས་སྐུ་བརྙེས༷་ཀྱང༷་གདུལ་བྱའི་ངོར་ཚོ༷གས་ཟུ༷ང་བྱེ༷་བ༷ས་རྒྱུད༷་སྦྱང༷ས་ཏེ༷་ཟག༷་མེད༷་སྦྱོར༷་བས༷་འབྲ༷ས་བུ༷་ལས༷་སྐྱེས༷་བདེ༷ན་པ༷་མངོན༷་སུམ༷་ཉིད༷་དུ་མཐོ༷ང་བའི་ཕྱིར༷་སྤོབ༷ས་པ༷འི་གཏེར༷་མཛོ༷ད་མཐ༷འ་ཀླས༷་འཇོ༷་སྒེག༷་འཕགས༷་བཞིའི༷་དབུས༷་སུ་ཆེས༷་རྔམ་པའི་ཚུལ་མཛད་པ༷། རྒྱ༷ལ་བ༷འི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུ༷ངས་ཞེས་པ་དེ་དག་གིས་བསླབ་པ་གསུམ། ཐོས་བསམ་སྒོམ་གསུམ། མཁས་བཙུན་བཟང་གསུམ་རྣམས་དངོས་ཤུགས་ཀྱིས་བསྟན་ཏོ། །སྐལ་ལྡན་རྗེས་སུ་འཛིན་པའི་འཆད་པ་ལ་ཤིང༷་རྟ༷་ཆེན༷་པོ་རྣམས་ཀྱི་ལམ་སྲོལ༷་འཆ༷ད་པ་ལ༷་དགོ༷ས་པ༷འི་དོན༷་གྱི༷ས་མདུ༷ན་བསུ༷ས་ཏེ༷། བསྡུས༷་པའི་དོན་གྱི་ཚོམས་སུ་ལེགས༷་པར༷་བཅ༷ད་ཅིང་། ཚི༷ག་གི༷་སྦྱོ༷ར་བ༷་ཤིན་ཏུ་མཛེས་ཤིང་སྙན་འཇེ༷བས་ཀྱིས༷་ཚིག་དོན་སྔ་ཕྱི༷འི་མཚ༷མས་སྦྱོར༷་དང་། ཕན་ཚུན་བརྒ༷ལ་ལ༷ན་དང༷་བཅ༷ས་པས་འཆད་པ་མ༷་ཕ༷མ་དགྱེ༷ས་པ༷འི་གཟུ༷གས་ག༷ཞན་པ༷་བྱམས་མགོན་གཉིས་པ་ལྟ་བུ་རྒྱ༷ལ་བ༷འི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས་ཞེས་དང་། ལོག་སྨྲ་ཚར་གཅོད་པའི་རྩོད་པ་ལ། གཞལ༷་བྱ༷་མངོ༷ན་སུམ༷་དང༷་། མངོ༷ན་སུམ༷་མི༷ན་པ་ལྐོ༷ག་གྱུ༷ར་དང༷་། ཤིན༷་ཏུ༷་ལྐོག༷་གྱུ༷ར་ཇི༷་སྙེ༷ད་པ༷། རིམ་པར་མངོན་སུམ་ཚད་མ་དང་། རྗེས་དཔག་ཚད་མ། ལུང་ཚད་མ༷་གསུམ༷་གྱི༷ས་གཏན༷་ལ༷་ཕབ༷ས་ནས༷་དངོས༷་སྟོབ༷ས་ཀྱི་རིགས༷་པ༷འི་མཚོ༷ན་རྣོ༷ན་པོ༷ས་ཕ༷ས་རྒོལ༷་གྱི་བརྟན༷་པ༷་གཅི༷ག་ཆ༷ར་འཕྲོ༷ག་པ་ལ་མཁ༷ས་པ་དཔལ་ཆོས༷་ཀྱི་གྲ༷གས་པའི་རྗེས་སུ་འགྲོ་ཞིང་འདྲ་བ༷་རྒྱ༷ལ་བ༷འི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུ༷ངས། ཞེས་དང་། ཐུབ་བསྟན་ཡུན་དུ་གནས་པའི་རྩོམ་ལ་མཁས་པ་མགུ་བ་བསྐྱེད་པའི་བརྗོད་བྱེད་ཀྱི་ཚི༷ག་སྙན༷་པ། རྒྱན༷་གསུ༷མ་གྱི་ལམ༷་ལས༷་དྲང༷ས་ཤིང༷་སྡེབ༷་ལེགས༷་པ། སྦྱོ༷ར་བ༷་མཛེས་པ་འབུམ༷་གྱིས་བཅི༷ང་པ། བརྗོད་བྱའི་དོན༷་བཟང༷་པོ་རི༷ན་ཆེ༷ན་ཐང༷་མར་བརྡལ༷་བས༷་སྐལ་བཟང་དཔྱོད་ཤེས༷་ཡི༷ད་ཀྱི༷་འདོ༷ད་དགུ༷ར་འཇོ༷་བ་ཐུབ༷་བ༷སྟན་སྲོག་ཤིང༷་བསྐལ༷་བརྒྱར་བརྟན་ཞིང་གནས་པ༷ར་མཛ༷ད་པའི་ལེགས༷་བཤད་རྩོམ་པ་ལ༷་དཔ༷འ་བོའི་ཞབ༷ས་ཏེ་སློབ་དཔོན་དཔའ་བོ་དངོས་དང་འདྲ་བ་རྒྱ༷ལ་བ༷འི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུང༷ས་ཞེས་དང་། མཁྱེ༷ན་པས༷་ཤེས༷་དང་ཤེས༷་བྱ༷་ཀུན༷་མངོན་སུམ་གཟི༷གས་པ། འཇམ༷་དཔ༷ལ་གཞོ༷ན་ནུའི༷་རྗེས༷་སུ་འགྲོ༷་ཞིང་མཉམ་པ་དང་། བརྩེ༵་བས༵་སེམ༷ས་ཅ༷ན་གྱི་ཁམ༷ས་ཀུན༷་ལ་ཁྱབ༷་ཅིང་འ༷ཇུག་པ་ཕྱག༷་ན༷་པ༷དྨོའི༷་གཟུ༷གས་ཀྱི༷་ཟླ༷་བོ་གཉིས་པ་དང་། ནུས༷་པས༷་ཡི༷ད་སྲུ༷བ་བདུད་སྡེར༷་བཅས༷་པ་བསྙིལ༷་ཞིང་གཞོམ་པར་མཛ༷ད་པ་གས༷ང་བའི་བདག༷་པོའི༷་སྙེམ༷ས་འཆ༷ང་བ༷་སྟེ་གསང་བདག་གཉིས་པ་ལྟ་བུའི་རྒྱ༷ལ་བ༷འི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུ༷ངས། ཞེས་སོ། །བདག་ཉིད་ཆེན་པོ་འདིའི་རྣམ་པར་ཐར་པ་ཤིན་ཏུ་མ༷དོར་བསྡུ་ན། སྲས༷་དང་བཅ༷ས་པའི་རྣམ་འདྲེ༷ན་རྒྱལ་བ་ཡོ༷ངས་ཀྱི༷་ཡེ༷་ཤེ༷ས་སྒྱུ་འཕྲུལ་དྲྭ་བ༷འི་ཚུལ། རྣམ༷་པ༷་ཉི་ཤུའི༷་མངོ༷ན་པ༷ར་བྱང་ཆུབ༷་སྟེ། སྙིང༷་རྗེ༷་ཆེན་པོས༷་ལོངས་སྤྱོད་རྫོགས་པའི་སྐུ་དང་། མཆོག་གི་སྤྲུལ་སྐུ་སོགས་གང་འདུལ་གྱི་ལུས༷་སམ་གཟུགས་སུ་སྣང་ཞིང་བཟུང་སྟེ་རྒྱལ༷་བ་སྐུ་གསུམ་གྱི་མཛད་པས་སྙིགས༷་མའི༷་མཐ༷ར་ཡ༷ང་རྟག་ཁྱབ་ལྷུན་གྲུབ་གྱིས་བསྟན་འགྲོ་ལ་སྨན་པའི་མཛད་པ་མཁའ་དང་མཉམ་པས་རྒྱལ་བསྟན་སྤྱི་དང་། ཁྱད་པར་ཀུན༷་མཁྱེ༷ན་གཉིས༷་པ་ཨོ་རྒྱན་རྡོ་རྗེ་འཆང་བརྒྱུད་པ་དང་བཅས་པ༷འི་ཕྲི༷ན་ལས༷་འཆད་ཉན་གྱིས་ས༷་གསུ༷མ་འགེངས་ཤིིང་རྒྱས༷་པ༷ར་མཛ༷ད་པ༵་རྒྱལ༷་བའི༷་མྱུ༷་གུ་ཆོས༷་ཀྱི༷་དབ༷ང་པོས༷་བྱང༷་ཆུབ༷་བར༷་དུ༷་རྗེ༷ས་སུ༷་ཟུངས༷། ཞེས་སོ། །གཉིས་པ་ཡོན་ཏན་དེ་ལྡན་གྱི་ཐུགས་རྒྱུད་བསྐུལ་ཞིང་འདོད་པའི་དོན་ལ་གསོལ་བ་འདེབས་པ་ནི། དེ༷་ལྟ༷ར་ང༷ག་གི༷་ནོ༷ར་བུའི༷་རྒྱུ༷ད་མ༷ང་དད་པ་གསུམ་གྱི་སོ༷ར་མོ༷ས་བསྒྲེང་བ༷་དང་བཅ༷ས་རྣམ༷་ཀུན༷་གུས༷་པས༷་ཁྱོ༷ད་ཉི༷ད་ཀྱི་ཐུགས་དམ་གནད་ནས་བསྐུལ་ཞིང་འདོད་པའི་དོན་ལ་གསོལ་འདེབས་ཀྱི་འབོ༷ད་ན༷་གེགས་མེད་ཅིང་མཐུན་རྐྱེན་ཚངས་པས་མཐ༷ས་ཡ༷ས་པའི་འགྲོ༷་བ༷འི་གཉེ༷ན་གཅི༷ག་པུ༷་ཅི༷་སླ༷ད་བ༷དག་ཉིད་ཆེན་པོ་ཁྱེད་ཀྱི་གསང་བ་གསུམ་གྱི་རྣམ་ཐར་བདག་སོགས་འགྲོ་བའི་སྙིང༷་ལ༷་རྫོགས་པའི་ཐུག༷ས་བརྩེར༷་ཅིས་མི༷་མཛ༷ད་དེ་མཛད་དགོས་ཏེ། གཟུངས་དང་ཏིང༷་ངེ་འཛི༷ན་རྫུ༷་འཕྲུལ༷་མཐའ་ཡས༷་པའི་གཏེར༷་དུ་གྱུར་པ་ཡིན་པའི་ཕྱིར་རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས་ཞེས་དང་། དེ་བཞིན་དུ། ཨེ་མ་འཕགས་ཁྱོད་བྱིན་རླབས་བདུད་རྩིས་ཡང་ཡང་ཡིད་ལ་བཤེས་བྱས་པས། །སྲིད་ལས་ངེས་འབྱུང་ཨུཏྤལ་ནགས་ཀླུང་ཐར་པའི་ཕྱོགས་སུ་རབ་གྲོལ་བར། །དད་སོགས་འཕགས་ནོར་འབྲས་བུའི་ཁུར་གྱིས་ཤིན་ཏུ་ལྕི་དང་ལྷན་ཅིག་པར། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །
ཇི་ལྟར་ཁས་བླང་ཁྲིམས་ཀྱིས་རྒྱུད་སྦྱངས་དབེན་པའི་བྲག་རིའི་ཁང་བཟང་དུ། །མང་ཐོས་བསམ་པས་གཏན་ལ་ཕབ་ཅིང་རྩེ་གཅིག་མཉམ་པར་བཞག་པ་ལས། །ལུས་སེམས་ཤིན་སྦྱངས་བདེ་བས་རབ་བརླན་ཤེས་རབ་ཟབ་མོའི་གཟུངས་ཐོབ་བཞིན། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །སྙིང་རྗེ་ཆེན་པོའི་མ་མས་རབ་བསྐྱེད་ཕར་ཕྱིན་དྲུག་གི་མཆོད་སྦྱིན་ཅན། །བསྡུ་དངོས་བཞི་ཡི་ཚང་སྐུད་འཁྲིགས་ཆགས་འཕགས་རྣམས་དགྱེས་པའི་དྲང་སྲོང་ཆེ། །སྤྱོད་ཚུལ་ནམ་ཡང་མཚུངས་པ་སྤང་བས་འཇིག་རྟེན་དགེ་བའི་མཐུ་ཐོབ་བཞིན། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །སྙིང་ནི་བདེ་སྟོང་བདུད་རྩིས་རོས་སིམ་སྣང་སྤྱོད་ཐམས་ཅད་ལྷ་སྐུར་ཤར། །སྲོག་རྩོལ་དྷཱུ་ཏིའི་ཕྱག་རྒྱར་དབང་བྱས་གཞོམ་མེད་འོད་གསལ་ཐིག་ལེ་ཆེར། །རྡོ་རྗེ་གསུམ་གྱི་དགའ་བས་སྙེམས་གྱུར་རིག་འཛིན་ཚོགས་དང་ལྷན་གཅིག་ཏུ། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །གནས་སྐབས་ཆོས་བཞིན་སྤྱོད་པའི་འགལ་ཟླ་ཡིད་སྲུབ་རྒྱུར་བཅས་མཚོན་རྣོན་པོ། །དབང་གཞུ་གསར་བས་རྗེས་སུ་སོན་པས་མཐུན་པའི་རྐྱེན་ཀུན་ཕུན་ཚོགས་ཏེ། །ཕན་དང་བདེ་བའི་ལེགས་བྱས་ཇི་སྙེད་ཉིན་རེ་བཞིན་ཡང་འཕེལ་བཞིན་དུ། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །མདོར་ན་རྒྱལ་བའི་མྱུ་གུའི་ཁྱུ་མཆོག་ཆོས་ཀྱི་དབང་པོའི་གསང་གསུམ་དང་། །རྣམ་དཀར་མཛད་པའི་ངོ་མཚར་མ་ལུས་འགྲོ་ཀུན་སྙིང་ལ་རྫོགས་གྱུར་པས། །སྲིད་དང་ཞི་བའི་ཕ་མཐར་མི་གནས་དགེ་མཚན་བྱེ་བའི་མནྡ་རས། །དེ་ནས་བཟུང་སྟེ་འཇིག་རྟེན་གསུམ་ན་རྟག་ཏུ་བཀྲ་ཤིས་སྣང་གྱུར་ཅིག །
ཇི་ལྟར་ཁས་བླང་ཁྲིམས་ཀྱིས་རྒྱུད་སྦྱངས་དབེན་པའི་བྲག་རིའི་ཁང་བཟང་དུ། །མང་ཐོས་བསམ་པས་གཏན་ལ་ཕབ་ཅིང་རྩེ་གཅིག་མཉམ་པར་བཞག་པ་ལས། །ལུས་སེམས་ཤིན་སྦྱངས་བདེ་བས་རབ་བརླན་ཤེས་རབ་ཟབ་མོའི་གཟུངས་ཐོབ་བཞིན། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །སྙིང་རྗེ་ཆེན་པོའི་མ་མས་རབ་བསྐྱེད་ཕར་ཕྱིན་དྲུག་གི་མཆོད་སྦྱིན་ཅན། །བསྡུ་དངོས་བཞི་ཡི་ཚང་སྐུད་འཁྲིགས་ཆགས་འཕགས་རྣམས་དགྱེས་པའི་དྲང་སྲོང་ཆེ། །སྤྱོད་ཚུལ་ནམ་ཡང་མཚུངས་པ་སྤང་བས་འཇིག་རྟེན་དགེ་བའི་མཐུ་ཐོབ་བཞིན། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །སྙིང་ནི་བདེ་སྟོང་བདུད་རྩིས་རོས་སིམ་སྣང་སྤྱོད་ཐམས་ཅད་ལྷ་སྐུར་ཤར། །སྲོག་རྩོལ་དྷཱུ་ཏིའི་ཕྱག་རྒྱར་དབང་བྱས་གཞོམ་མེད་འོད་གསལ་ཐིག་ལེ་ཆེར། །རྡོ་རྗེ་གསུམ་གྱི་དགའ་བས་སྙེམས་གྱུར་རིག་འཛིན་ཚོགས་དང་ལྷན་གཅིག་ཏུ། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །གནས་སྐབས་ཆོས་བཞིན་སྤྱོད་པའི་འགལ་ཟླ་ཡིད་སྲུབ་རྒྱུར་བཅས་མཚོན་རྣོན་པོ། །དབང་གཞུ་གསར་བས་རྗེས་སུ་སོན་པས་མཐུན་པའི་རྐྱེན་ཀུན་ཕུན་ཚོགས་ཏེ། །ཕན་དང་བདེ་བའི་ལེགས་བྱས་ཇི་སྙེད་ཉིན་རེ་བཞིན་ཡང་འཕེལ་བཞིན་དུ། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །མདོར་ན་རྒྱལ་བའི་མྱུ་གུའི་ཁྱུ་མཆོག་ཆོས་ཀྱི་དབང་པོའི་གསང་གསུམ་དང་། །རྣམ་དཀར་མཛད་པའི་ངོ་མཚར་མ་ལུས་འགྲོ་ཀུན་སྙིང་ལ་རྫོགས་གྱུར་པས། །སྲིད་དང་ཞི་བའི་ཕ་མཐར་མི་གནས་དགེ་མཚན་བྱེ་བའི་མནྡ་རས། །དེ་ནས་བཟུང་སྟེ་འཇིག་རྟེན་གསུམ་ན་རྟག་ཏུ་བཀྲ་ཤིས་སྣང་གྱུར་ཅིག །

Latest revision as of 09:48, 7 June 2024

Wylie title o rgyan 'jigs med chos kyi dbang po'i rnam thar dad pa'i gsos sman bdud rtsi'i bum bcud
Location dpal sprul bka' 'bum
Volume 6, Text 29, Pages (Folios to )
Author ཀུན་བཟང་དཔལ་ལྡན་
Less details More details
Associated People དཔལ་སྤྲུལ་རིན་པོ་ཆེ་ (Dpal sprul rin po che)
Citation
Genre Biographies - Hagiography - rnam thar
Colophon

ཅེས་པའང་ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེའི་ཡང་སྤྲུལ་མཚུངས་པ་མེད་པ་འཁོར་ལོའི་མ གོན་པོ་མཚན་བརྗོད་པར་དཀའ་བ་ཀུན་གཟིགས་ཆོས་ཀྱི་བློ་གྲོས་ཞེས་སྙན་ པའི་བ་དན་སྲིད་པར་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཞལ་སྔ་ནས་སྔ་ཕྱི་དུ་མར་བསྟན་འགྲོ་སྤྱི་དང་བྱེ་བྲག་ལ་སྲིད་མཐའི་བར་དུ་ཕན་བདེའི་སྐལ་བཟང་མི་ཉམས་པར་སྤེལ་བའི་ཐུགས་བསྐྱེད་འགྲན་ཟླ་དང་བྲལ་བས། དཔལ་སྤྲུལ་རིན་པོ་ཆེའི་རྣམ་ཐར་རྩོམ་དགོས་ཀྱི་བཀའ་ལུང་གསེར་གྱི་ཅོད་པན་རྟེན་བཅས་སྤྱི་བོར་གནང་བ་ཡིད་ལ་བསྐྱེད་པ་མེད་ཀྱང་། རང་ན་ཚོད་ཤིན་ཏུ་རྒས་ཤིང་བློ་མིག་མི་གསལ་བ་དང་། འཁོས་སྟབས་ཞན་པས་རྣམ་ཐར་ལ་ཕན་པའི་ཡིག་ཆ་མ་མཐོང་བ་དང་། གྲུབ་ཆེན་རིན་པོ་ཆེས་མཛད་པའི་རྣམ་ཐར་དང་། ཨ་མཆོད་བསོད་ཚེས་ཕྱིས་སུ་རང་གཞན་མཐོང་ཐོས་སོགས་ཀྱི་ཟིན་བྲིས་ཀྱང་ད་ལོ་ལས་རང་གི་ལག་ཁར་མ་འབྱོར་པས་ཅི་བྱ་གཏོལ་མེད་ལས་གང་གསུང་ལྟོས་མེད་དུ་མ་བྱས། ད་ལོ་ལག་ཁར་འབྱོར་འཕྲལ་དམ་པ་དེ་གཉིས་ཀྱིས་སྣོན་ཕྲི་བགྱིད་པར་བཀའ་གནང་སྩལ་བ་བཅས། རང་བློ་ཤིན་ཏུ་རྨོངས་ཤིང་མིག་མི་གསལ་བས་སྤྱན་ཚབ་ལ་བསྟེན་ནས་འབྲི་བའི་ཁུར་དང་དུ་བླ ང་བ་ལ་དགེ་མང་མཁན་དམ་པ་བསོད་ནམས་རྡོ་རྗེས་ཀྱང་རྗེས་བསྐུལ་དང་ལེགས་པས་དབུགས་དབྱུང་དར་དང་རིན་ཆེན་དང་པོ་སྩལ་ཞིང་། ཉེ་གནས་དམ་པ་རིས་ལྷ་ནས་ཀྱང་གང་གསུངས་བཞིན་ནན་བསྐུལ་དང་མཐུན་སྦྱོར་བཅས། རྣམ་ཐར་དང་ཟིན་བྲིས་གཉིས་སོར་བཞག་གིས་ཕན་ཚུན་མཐུན་པར་འཁྲུགས་སྡེབ་སོགས་རག་བསྡུས་དཀྱུས་བ ཀོད་དུ་རང་ལོ་དོན་བདུན་པར་རབ་བྱུང་བཅུ་དྲུག་པའི་འབྲུ་མང་པོ་ཞེས་པ་ས་ཕོ་སྟག་གི་ལོ་ཨོ་རྒྱན་སངས་རྒྱས་གཉིས་པའི་ཞབས་པད་བོད་ཡུ ལ་མཐིལ་དུ་བཀོད་པའི་སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་དུས་ཚེས་དགེ་བ་དགའ་བ་དང་པོར་དགེ་གོང་དགོན་འཆི་མེད་རིག་འཛིན་བཤད་སྒྲུབ་འཕེལ་རྒྱས་གླིང་དུ། སངས་རྒྱས་གཉིས་པ་ལྟ་བུའི་དམ་པ་རྣམས་དང་ཁྱད་པར་བདག་ཉིད་ཆེན་པོ་འདིའི་ཞབས་རྡུལ་ལ་རེག་པའི་སྐལ་བཟང་ཐོབ་ཀྱང་། རང་གཤིས་ངན་པས་ཡོན་ཏན་རྡུལ་ཙམ་མེད་པ་ཐ་མལ་ལས་ཀྱང་ཐ་མལ་པ། ཤཱཀྱའི་རྗེས་འཇུག་གི་གཟུགས་བརྙན་རྨོངས་བརྟུལ་གྱི་ན་བ་བྷུ་སུ་ཀུ་པ་ཐུབ་བསྟན་ཀུན་བཟང་ཆོས་གྲགས་འ བོད་པས་རྫོགས་པར་གྲུབ་པའི་ཡི་གེ་པ་ནི་ཤཱཀྱའི་དགེ་ཚུལ་བློ་གསལ་ཕུར་པ་ཚེ་རིང་དང་། ཞལ་བཤུས་གཉིས་པ་དཀོན་མཆོག་ཆོས་འཕེལ་གྱིས་བགྱིས་པ་ཕྱོགས་དུས་ཀུན་ཏུ་དགེ་ཞིང་བཀྲ་ཤིས་ཕུན་སུམ་ཚོགས་པས་ཀུན་བཟང་ཐུགས་ཀྱི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །ཤུ་བྷཾ། མངྒ་ལཾ། །

ces pa'ang kun mkhyen 'jam dbyangs mkhyen brtse'i yang sprul mtshungs pa med pa 'khor lo'i ma_gon po mtshan brjod par dka' ba kun gzigs chos kyi blo gros zhes snyan pa'i ba dan srid par yongs su grags pa de nyid kyi zhal snga nas snga phyi du mar bstan 'gro spyi dang bye brag la srid mtha'i bar du phan bde'i skal bzang mi nyams par spel ba'i thugs bskyed 'gran zla dang bral bas/_dpal sprul rin po che'i rnam thar rtsom dgos kyi bka' lung gser gyi cod pan rten bcas spyi bor gnang ba yid la bskyed pa med kyang /_rang na tshod shin tu rgas shing blo mig mi gsal ba dang /_'khos stabs zhan pas rnam thar la phan pa'i yig cha ma mthong ba dang /_grub chen rin po ches mdzad pa'i rnam thar dang /_a mchod bsod tshes phyis su rang gzhan mthong thos sogs kyi zin bris kyang da lo las rang gi lag khar ma 'byor pas ci bya gtol med las gang gsung ltos med du ma byas/_da lo lag khar 'byor 'phral dam pa de gnyis kyis snon phri bgyid par bka' gnang stsal ba bcas/_rang blo shin tu rmongs shing mig mi gsal bas spyan tshab la bsten nas 'bri ba'i khur dang du bla_nga ba la dge mang mkhan dam pa bsod nams rdo rjes kyang rjes bskul dang legs pas dbugs dbyung dar dang rin chen dang po stsal zhing /_nye gnas dam pa ris lha nas kyang gang gsungs bzhin nan bskul dang mthun sbyor bcas/_rnam thar dang zin bris gnyis sor bzhag gis phan tshun mthun par 'khrugs sdeb sogs rag bsdus dkyus ba_kod du rang lo don bdun par rab byung bcu drug pa'i 'bru mang po zhes pa sa pho stag gi lo o rgyan sangs rgyas gnyis pa'i zhabs pad bod yu_la mthil du bkod pa'i smin drug zla ba'i dkar phyogs kyi dus tshes dge ba dga' ba dang por dge gong dgon 'chi med rig 'dzin bshad sgrub 'phel rgyas gling du/_sangs rgyas gnyis pa lta bu'i dam pa rnams dang khyad par bdag nyid chen po 'di'i zhabs rdul la reg pa'i skal bzang thob kyang /_rang gshis ngan pas yon tan rdul tsam med pa tha mal las kyang tha mal pa/_shAkya'i rjes 'jug gi gzugs brnyan rmongs brtul gyi na ba b+hu su ku pa thub bstan kun bzang chos grags 'a_bod pas rdzogs par grub pa'i yi ge pa ni shAkya'i dge tshul blo gsal phur pa tshe ring dang /_zhal bshus gnyis pa dkon mchog chos 'phel gyis bgyis pa phyogs dus kun tu dge zhing bkra shis phun sum tshogs pas kun bzang thugs kyi bstan pa dar zhing rgyas la yun ring du gnas pa'i rgyur gyur cig_/shu b+haM/_mang+ga laM/_/

[edit]
༄༅༎ ཨཽཌིཡཱནཱབྷཱཡདྷརྨསྱེནྡྲབིམོཀྵཤྲདྡྷཱསྨཧིཏཱམྲྀཏསྱགྷཊསུརནཱམབིཧརཏིསྨ༎


༄༅། །ཨཽ ཌི ཡཱ ནཱ བྷཱ ཡ དྷ རྨ སྱེ ནྡྲ བི མོ ཀྵ ཤྲ དྡྷཱ སྨ ཧི ཏཱ མྲྀ ཏ སྱ གྷ ཊ སུ ར ནཱ མ བི ཧ ར ཏི སྨ། །


༄༅། །ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་རྣམ་ཐར་དད་པའི་གསོས་སྨན་བདུད་རྩིའི་བུམ་བཅུད་ཅེས་བྱ་བ་བཞུགས་སོ། །


ན་མོ་གུ་རུ་ཨཽ་ཌི་ཡཱ་ན་ཨ་བྷྱ་དྷརྨ་ཨིནྡྲཱ་ཡ། རྒྱལ་བ་རྒྱ་མཚོའི་སྤྲོ་དང་བསྡུ་བའི་དཔྱིད། ། ཀུན་བཟང་ཧེ་རུ་ཀ་དཔལ་རྡོ་རྗེ་འཆང་། །དཀོན་མཆོག་རྩ་གསུམ་རྒྱ་མཚོའི་སྤྱི་དཔལ་ཆེ། ། བརྒྱུད་གསུམ་རིག་འཛིན་རྒྱ་མཚོའི་ཚོགས་རྣམས་རྒྱལ། །གདོད་ནས་རྣམ་གྲོལ་ཀུན་བཟང་དགོངས་པ་མངོན་དུ་གྱུར། །མཁའ་ཁྱབ་ཞིང་དུ་གང་འདུལ་སྒྱུ་འཕྲུལ་དྲྭ་བའི་གར། །དབྱིངས་རིག་དབྱེར་མེད་རྟག་ཏུ་འོད་གསལ་འདུས་མ་བྱས། །ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་རྟག་ཏུ་སྐྱོངས། །གང་མཚན་ལན་གཅིག་ཐོས་པས་ཀྱང་། །སྲིད་ཞིའི་རྒུད་པ་དྲུང་འབྱིན་པའི། །མཚུངས་མེད་བླ་མའི་རྣམ་ཐར་ཉིད། །སྲིད་མཐར་མི་ཉམས་འཕེལ་ཕྱིར་སྤྲོ། །དེ་ལ་འདིར་གདོད་མའི་མགོན་པོ་མི་ཡི་རྫུ་ལ་ཞུགས་པ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཞེས་མཚན་སྙན་གྱི་གྲགས་པས་མཁའ་ཁྱབ་ཀྱི་ཞིང་ཀུན་འགེངས་པའི་རྣམ་པར་ཐར་པ་ལས། དད་པའི་གསོས་སུ་རྩ་རྩེའི་ཟིལ་པ་ཙམ་བརྗོད་པ་ལ། ཁྱབ་བདག་རྡོ་རྗེ་འཆང་དང་རྣམ་དབྱེར་མ་མཆིས་པའི་ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པས་དཔལ་སྤྲུལ་རིན་པོ་ཆེར་ཚེ་རབས་རྗེས་འཛིན་བསྟོད་སྨོན་བཀྲ་ཤིས་བིརྺའི་ལྗོན་བཟང་ཀུན་ཏུ་དགའ་བའི་ཚལ་ཞེས་བྱ་བ་འདི་ཉིད་ཟག་པ་མེད་པའི་ཡེ་ཤེས་ཀྱི་སྤྱན་གྱིས་ཇི་ལྟར་གཟིགས་པའི་རྣམ་པར་ཐར་བར་དོན་གྱིས་གྲུབ་པས་འདིས་ཁོག་དབུབ་ན་སྒྲོ་སྐུར་ཕྱོགས་ཞེན་གྱི་ཉེས་པ་དང་བྲལ་བས་ཡིད་ཆེས་ཁུངས་བཙུན་གྱི་གནས་སུ་འགྱུར་ཕྱིར། དེ་དང་ཕན་ཚུན་ལྟོ་སྦྱར་ཏེ་བཤད་ན་རྒྱས་བསྡུས་གང་ལ་དགའ་བའི་བློ་དང་འཚམ་པར་གནད་དོན་ཟིན་པས་དེ་ལྟར་བཤད་པ་ལ། བསྡུས་ཏེ་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ལ། མཚན་སྨོས་པ་དང་། མཆོད་པར་བརྗོད་པ་དང་། རྣམ་པར་ཐར་པ་བརྗོད་པ་དང་གསུམ་ལས། དང་པོ་ནི། རྒྱ་གར་སྐད་དུ། ཛ་ཡདྐུ་ར་ངྷརྨེནྡྲ་སྟུ་ཏེ། བོད་སྐད་དུ། རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོ་ལ་བསྟོད་པ། གཉིས་པ་ནི། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་ལྷག་པའི་ལྷ་ལ་མཆོད་པར་བརྗོད་པ་དང་། ཨོ༵་རྒྱ༵ན་མཚོ་སྐྱེས་རྡོ་རྗེའི་རིང་ལུགས་འཆད་དང་སྒྲུབ་པས་འཛིན་པ་ལ། འཇི༵གས་མེ༵ད་སྨྲ་བའི་སེང་གེ་ཉིད་ཅེས་འཇིག་རྟེན་ཀུན་ཏུ་གྲགས་འབར་བ། ཆོ༵ས་ཀྱི༵་དབ༵ང་པོ༵་དཔལ་ལྡན་བླ་མའི་ཞབས་སེན་ཉིན་མོར་བྱེད་པའི་གཟིས། བྱང་ཆུབ་བར་དུ་ཤིས་པའི་སྣང་བས་རྟག་ཏུ་དགེ་ལེགས་མཛད་གྱུར་ཅིག །ཅེས་ཤིས་པ་བརྗོད་དེ་རྗེས་དྲན་གྱི་བསྟོད་སྨོན་དོན་གྱི་རྣམ་ཐར་འདི་མཛད་དོ། །གསུམ་པ་རྣམ་པར་ཐར་པ་བརྗོད་པ་ལ། ཆེ་བའི་ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་ཅིང་བསྔགས་པ་དང་། ཡོན་ཏན་དེ་ལྡན་གྱི་ཐུགས་རྒྱུད་བསྐུལ་ཞིང་འདོད་དོན་ལ་གསོལ་བ་བཏབ་པ་གཉིས། དང་པོ་ནི། དེ་ལ་འདིར་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཞེས་མཚན་གྱི་བ་དན་སྲིད་ན་མངོན་པར་མཐོ་བ་དེ་ཉིད་ཐོག་མ་མེད་པའི་དུས་ག༷ང་གི་ཚེ༷་ཤེས་དང་ཤེས་བྱ་རོ་གཅིག་གདོད་མའི་དབྱིངས་སུ་བྱང་ཆུབ་སྟེ་ཀུན་ཏུ་བཟང་པོའི་དགོངས་སྤྱོད་ལས་གཡོ་བ་མེད་པར་བཞུགས་ཀྱ༷ང་། དམི༷གས་མེ༷ད་སྙིང༷་རྗེ༷འི་རྫོ༷གས་ལྡ༷ན་སྤྲིན༷་ཆེ༷ན་རྒྱས༷་པ༷ར་དཀྲི༷གས་པ༷འི་འཛུམ་དཀ༵ར་ལས༷། ཞེས་ཆོས་སྐུའི་ངང་ལས་ལོངས་སྐུར་བཞེངས་པ་དང་། དེ་ལས་མཆོ༷ག་གི༷་སྤྲུལ་སྐུ་སོགས་གང་འདུལ་གྱི་སྤྲུ༷ལ་སྐུ༷འི་སྒྱུ་འཕྲུ༷ལ་རོ༷ལ་མོ༷ས་རྟག་ཁྱབ་ལྷུན་གྲུབ་ཀྱི་མཛད་པས་ཡིད་ཅ༷ན་གདུལ་བྱའི་འདོ༷ད་པ༷་འཇོ༷་བའི་ཕུལ༷་དུ་གྱུར་པ་རྒྱལ༷་བའི་མྱུ༷་གུ༷་ཆོས༷་ཀྱི༷་དབ༷ང་པོ༷ས་བྱ༷ང་ཆུ༷བ་བ༷ར་དུ༷་རྗེ༷ས་སུ༷་ཟུ༷ངས་ཞེས་སྨོན་ཞིང་བསྐུལ་པའོ། །དེ་ལས་ཡུལ་དུས་གནས་སྐབས་འདིར་རིགས་རུས་ཆོ་འབྲང་མ་སྨད་པ་ལས་རྒྱལ་བའི་མྱུ་གུའི་མཚ༷ན་དཔེ༷འི་ཟླ༷་བ༷་བདུད༷་རྩི༷འི་འོད༷་ཅན༷་ཐོག༷་མར༷་བསྟན་འགྲོའི་དཔལ་དུ་འཆ༷ར་ཞིང་འཁྲུངས་པ་དང་ལྷན་ཅིག༷་པར༷་རི༷གས་དང་བརྩེ་སོགས་སྣང༷་ཆེན༷་དཀར༷་པོ༷ས་དཔྱོ༷ད་ལྡན་མཁ༷ས་པའི་ཡི༷ད་ཀྱི༷་ཀུ་མུ༷ད་ཅི་དག༷ར་བཞ༷ད་པའི་ངལ༷་འཚོ༷་སྟེར༷་ལས་བསྟོད་ཅིང་བསྔ༷གས་པའི༷་ཆུ༷་གཏེར༷་འབུམ༷་གཡོ༷་བ༷་གང་ཉིད་དཔལ་དགེའི་བླ་མའི་སྐྱེ་སྲིད་དུ་གྲུབ་ཆེན་རིན་པོ་ཆེས་ངོས་འཛིན་གནང་བ་ལྟར་གདན་སར་འཁོད་པའི་རྒྱལ་བའི་མྱུ་གུ་ཞེས་དང་། ཆུང་ངུ་ནས་ཐེག་པ་ཆེན་པོའི་རིགས་སད་ཅིང་སྐྱེས་ཐོབ་ཀྱི་མཁྱེན་རབ་ཕུལ་དུ་གྱུར་པ་དང་། ལྷག་པའི་ལྷས་བྱིན་གྱིས་བརླབས་པའི་མཐུས་གདུལ་བྱའི་ཁམས་དབང་བཞིན་འདུལ་བའི་ཐབས་མཁས་ཀྱི་མཛད་པས་ཐོས་བསམ་སྒོམ་གསུམ། མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ་གྱི་རྣམ་ཐར་དང་བཞེས་མཛད་པ་སྟེ། མངོན་པ་མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། སྒོམ་པ་ལ་ནི་རབ་ཏུ་སྦྱོར། ། ཞེས་གསུངས་པ་བཞིན་ཡོངས་འཛིན་དགེ་བའི་བཤེས་གཉེན་ལས་མང་དུ་ཐོས་པ་རྣམས་ཚེགས་ཆུང་ངུས་མཁྱེན་པས་མཁས་པ་དང་། བླང་དོར་གྱི་གནས་ལ་འགལ་བ་མི་མངའ་བས། ཚུལ༷་གནས༷་ཁྲིམ༷ས་ཀྱི༷་མཐོ༷་རིས༷་ཚ༷ལ་དུ་མ༷ང་པོ༷ར་གས༷ན་པ༷འི་ཡོ༷ངས་འ༷དུས་དབ༷ང་ཞེས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ཇི༷་བཞི༷ན་བས༷མ་པ༷འི་མེ༷་ཏོ༷ག་མ༷ཛེས་འབ༷ར་ཞེས་ལྷག་པ་སེམས་དང་། སྒོ༷མ་བྱུ༷ང་ཤེས༷་རབ༷་འབྲ༷ས་དུད༷་པས༷་ཞེས་ལྷག་པ་ཤེས་རབ་ཀྱི་བསླབ་པ་ལ་གནས་པས་འཕ༷གས་ད༷ང་མཁ༷ས་དབ༷ང་མ༷ང་པོའི༷་བློ༷་མཆོ༷ག་གི༷་ཟུར་མིག་ཕྱོ༷གས་དེར༷་གཅི༷ག་ཆ༷ར་ལྷུ༷ང་སྟེ་དད་པའི་ཡིད་དབང་འཕྲོག་པའི་ཞབས་པད་ལ་བསྟེན་པར་གྱུར༷་པ༷་རྒྱ༷ལ་བ༷འི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུང༷ས་ཞེས་པ་འདིས་ཐོས་བསམ་སྒོམ་གསུམ་ཡང་བསྟན་ཏོ། །སྒོམ་པ་དེ་ཡང་འཇིག་རྟེན་ཆོས༷་བརྒྱད༷་ཀྱི་འཁྲུ༷ལ་བ༷འི་རྫུན༷་རིས༷་མ༷་ལུ༷ས་པ་འོ༷ད་གས༷ལ་ཞི༷་བ༷འི་དབྱི༷ངས་སུ༷་སིམ༷་པ་དང་། བསྟན་འགྲོ་ལ་སྨན་པའི་མཛད་བཟང་ཆོ༷ས་བཞི༷ན་སྤྱོ༷ད་པ༷འི་ཕྱི༷ར་དབེ༷ན་པའི༷་རི༷་སུལ༷་ངེས་མེད་རྣམས་ལྷ༷་ཡི༷་ཁ༷ང་བཟ༷ང་བཞི༷ན་བ༷སྟེན་ནས༷་ཀུན་སྤང་གི་སྤྱོད་པས་ཆོ༷ས་ཀྱི༷་སྙི༷ང་པོ༷་ཐེ༷ག་ཆེ༷ན་སྤྱི་དང་ཁྱད་པར་འོད་གསལ་རྡོ་རྗེ་རྩེ་མོའི་ལམ༷་ལ༷་རྩེ༷་གཅི༷ག་ཏུ་སྒྲུ༷བ་པ་ལྷུར༷་བཞེ༷ས་པ༷་རྒྱ༷ལ་བ༷འི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུང༷ས་ཞེས་དང་། གཟོ༷ད་ནས༷་རྣམ༷་གྲོལ༷་ཡེ༷་ཤེས༷་ཆོ༷ས་སྐུ་བརྙེས༷་ཀྱང༷་གདུལ་བྱའི་ངོར་ཚོ༷གས་ཟུ༷ང་བྱེ༷་བ༷ས་རྒྱུད༷་སྦྱང༷ས་ཏེ༷་ཟག༷་མེད༷་སྦྱོར༷་བས༷་འབྲ༷ས་བུ༷་ལས༷་སྐྱེས༷་བདེ༷ན་པ༷་མངོན༷་སུམ༷་ཉིད༷་དུ་མཐོ༷ང་བའི་ཕྱིར༷་སྤོབ༷ས་པ༷འི་གཏེར༷་མཛོ༷ད་མཐ༷འ་ཀླས༷་འཇོ༷་སྒེག༷་འཕགས༷་བཞིའི༷་དབུས༷་སུ་ཆེས༷་རྔམ་པའི་ཚུལ་མཛད་པ༷། རྒྱ༷ལ་བ༷འི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུ༷ངས་ཞེས་པ་དེ་དག་གིས་བསླབ་པ་གསུམ། ཐོས་བསམ་སྒོམ་གསུམ། མཁས་བཙུན་བཟང་གསུམ་རྣམས་དངོས་ཤུགས་ཀྱིས་བསྟན་ཏོ། །སྐལ་ལྡན་རྗེས་སུ་འཛིན་པའི་འཆད་པ་ལ་ཤིང༷་རྟ༷་ཆེན༷་པོ་རྣམས་ཀྱི་ལམ་སྲོལ༷་འཆ༷ད་པ་ལ༷་དགོ༷ས་པ༷འི་དོན༷་གྱི༷ས་མདུ༷ན་བསུ༷ས་ཏེ༷། བསྡུས༷་པའི་དོན་གྱི་ཚོམས་སུ་ལེགས༷་པར༷་བཅ༷ད་ཅིང་། ཚི༷ག་གི༷་སྦྱོ༷ར་བ༷་ཤིན་ཏུ་མཛེས་ཤིང་སྙན་འཇེ༷བས་ཀྱིས༷་ཚིག་དོན་སྔ་ཕྱི༷འི་མཚ༷མས་སྦྱོར༷་དང་། ཕན་ཚུན་བརྒ༷ལ་ལ༷ན་དང༷་བཅ༷ས་པས་འཆད་པ་མ༷་ཕ༷མ་དགྱེ༷ས་པ༷འི་གཟུ༷གས་ག༷ཞན་པ༷་བྱམས་མགོན་གཉིས་པ་ལྟ་བུ་རྒྱ༷ལ་བ༷འི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས་ཞེས་དང་། ལོག་སྨྲ་ཚར་གཅོད་པའི་རྩོད་པ་ལ། གཞལ༷་བྱ༷་མངོ༷ན་སུམ༷་དང༷་། མངོ༷ན་སུམ༷་མི༷ན་པ་ལྐོ༷ག་གྱུ༷ར་དང༷་། ཤིན༷་ཏུ༷་ལྐོག༷་གྱུ༷ར་ཇི༷་སྙེ༷ད་པ༷། རིམ་པར་མངོན་སུམ་ཚད་མ་དང་། རྗེས་དཔག་ཚད་མ། ལུང་ཚད་མ༷་གསུམ༷་གྱི༷ས་གཏན༷་ལ༷་ཕབ༷ས་ནས༷་དངོས༷་སྟོབ༷ས་ཀྱི་རིགས༷་པ༷འི་མཚོ༷ན་རྣོ༷ན་པོ༷ས་ཕ༷ས་རྒོལ༷་གྱི་བརྟན༷་པ༷་གཅི༷ག་ཆ༷ར་འཕྲོ༷ག་པ་ལ་མཁ༷ས་པ་དཔལ་ཆོས༷་ཀྱི་གྲ༷གས་པའི་རྗེས་སུ་འགྲོ་ཞིང་འདྲ་བ༷་རྒྱ༷ལ་བ༷འི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུ༷ངས། ཞེས་དང་། ཐུབ་བསྟན་ཡུན་དུ་གནས་པའི་རྩོམ་ལ་མཁས་པ་མགུ་བ་བསྐྱེད་པའི་བརྗོད་བྱེད་ཀྱི་ཚི༷ག་སྙན༷་པ། རྒྱན༷་གསུ༷མ་གྱི་ལམ༷་ལས༷་དྲང༷ས་ཤིང༷་སྡེབ༷་ལེགས༷་པ། སྦྱོ༷ར་བ༷་མཛེས་པ་འབུམ༷་གྱིས་བཅི༷ང་པ། བརྗོད་བྱའི་དོན༷་བཟང༷་པོ་རི༷ན་ཆེ༷ན་ཐང༷་མར་བརྡལ༷་བས༷་སྐལ་བཟང་དཔྱོད་ཤེས༷་ཡི༷ད་ཀྱི༷་འདོ༷ད་དགུ༷ར་འཇོ༷་བ་ཐུབ༷་བ༷སྟན་སྲོག་ཤིང༷་བསྐལ༷་བརྒྱར་བརྟན་ཞིང་གནས་པ༷ར་མཛ༷ད་པའི་ལེགས༷་བཤད་རྩོམ་པ་ལ༷་དཔ༷འ་བོའི་ཞབ༷ས་ཏེ་སློབ་དཔོན་དཔའ་བོ་དངོས་དང་འདྲ་བ་རྒྱ༷ལ་བ༷འི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུང༷ས་ཞེས་དང་། མཁྱེ༷ན་པས༷་ཤེས༷་དང་ཤེས༷་བྱ༷་ཀུན༷་མངོན་སུམ་གཟི༷གས་པ། འཇམ༷་དཔ༷ལ་གཞོ༷ན་ནུའི༷་རྗེས༷་སུ་འགྲོ༷་ཞིང་མཉམ་པ་དང་། བརྩེ༵་བས༵་སེམ༷ས་ཅ༷ན་གྱི་ཁམ༷ས་ཀུན༷་ལ་ཁྱབ༷་ཅིང་འ༷ཇུག་པ་ཕྱག༷་ན༷་པ༷དྨོའི༷་གཟུ༷གས་ཀྱི༷་ཟླ༷་བོ་གཉིས་པ་དང་། ནུས༷་པས༷་ཡི༷ད་སྲུ༷བ་བདུད་སྡེར༷་བཅས༷་པ་བསྙིལ༷་ཞིང་གཞོམ་པར་མཛ༷ད་པ་གས༷ང་བའི་བདག༷་པོའི༷་སྙེམ༷ས་འཆ༷ང་བ༷་སྟེ་གསང་བདག་གཉིས་པ་ལྟ་བུའི་རྒྱ༷ལ་བ༷འི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུ༷ངས། ཞེས་སོ། །བདག་ཉིད་ཆེན་པོ་འདིའི་རྣམ་པར་ཐར་པ་ཤིན་ཏུ་མ༷དོར་བསྡུ་ན། སྲས༷་དང་བཅ༷ས་པའི་རྣམ་འདྲེ༷ན་རྒྱལ་བ་ཡོ༷ངས་ཀྱི༷་ཡེ༷་ཤེ༷ས་སྒྱུ་འཕྲུལ་དྲྭ་བ༷འི་ཚུལ། རྣམ༷་པ༷་ཉི་ཤུའི༷་མངོ༷ན་པ༷ར་བྱང་ཆུབ༷་སྟེ། སྙིང༷་རྗེ༷་ཆེན་པོས༷་ལོངས་སྤྱོད་རྫོགས་པའི་སྐུ་དང་། མཆོག་གི་སྤྲུལ་སྐུ་སོགས་གང་འདུལ་གྱི་ལུས༷་སམ་གཟུགས་སུ་སྣང་ཞིང་བཟུང་སྟེ་རྒྱལ༷་བ་སྐུ་གསུམ་གྱི་མཛད་པས་སྙིགས༷་མའི༷་མཐ༷ར་ཡ༷ང་རྟག་ཁྱབ་ལྷུན་གྲུབ་གྱིས་བསྟན་འགྲོ་ལ་སྨན་པའི་མཛད་པ་མཁའ་དང་མཉམ་པས་རྒྱལ་བསྟན་སྤྱི་དང་། ཁྱད་པར་ཀུན༷་མཁྱེ༷ན་གཉིས༷་པ་ཨོ་རྒྱན་རྡོ་རྗེ་འཆང་བརྒྱུད་པ་དང་བཅས་པ༷འི་ཕྲི༷ན་ལས༷་འཆད་ཉན་གྱིས་ས༷་གསུ༷མ་འགེངས་ཤིིང་རྒྱས༷་པ༷ར་མཛ༷ད་པ༵་རྒྱལ༷་བའི༷་མྱུ༷་གུ་ཆོས༷་ཀྱི༷་དབ༷ང་པོས༷་བྱང༷་ཆུབ༷་བར༷་དུ༷་རྗེ༷ས་སུ༷་ཟུངས༷། ཞེས་སོ། །གཉིས་པ་ཡོན་ཏན་དེ་ལྡན་གྱི་ཐུགས་རྒྱུད་བསྐུལ་ཞིང་འདོད་པའི་དོན་ལ་གསོལ་བ་འདེབས་པ་ནི། དེ༷་ལྟ༷ར་ང༷ག་གི༷་ནོ༷ར་བུའི༷་རྒྱུ༷ད་མ༷ང་དད་པ་གསུམ་གྱི་སོ༷ར་མོ༷ས་བསྒྲེང་བ༷་དང་བཅ༷ས་རྣམ༷་ཀུན༷་གུས༷་པས༷་ཁྱོ༷ད་ཉི༷ད་ཀྱི་ཐུགས་དམ་གནད་ནས་བསྐུལ་ཞིང་འདོད་པའི་དོན་ལ་གསོལ་འདེབས་ཀྱི་འབོ༷ད་ན༷་གེགས་མེད་ཅིང་མཐུན་རྐྱེན་ཚངས་པས་མཐ༷ས་ཡ༷ས་པའི་འགྲོ༷་བ༷འི་གཉེ༷ན་གཅི༷ག་པུ༷་ཅི༷་སླ༷ད་བ༷དག་ཉིད་ཆེན་པོ་ཁྱེད་ཀྱི་གསང་བ་གསུམ་གྱི་རྣམ་ཐར་བདག་སོགས་འགྲོ་བའི་སྙིང༷་ལ༷་རྫོགས་པའི་ཐུག༷ས་བརྩེར༷་ཅིས་མི༷་མཛ༷ད་དེ་མཛད་དགོས་ཏེ། གཟུངས་དང་ཏིང༷་ངེ་འཛི༷ན་རྫུ༷་འཕྲུལ༷་མཐའ་ཡས༷་པའི་གཏེར༷་དུ་གྱུར་པ་ཡིན་པའི་ཕྱིར་རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས་ཞེས་དང་། དེ་བཞིན་དུ། ཨེ་མ་འཕགས་ཁྱོད་བྱིན་རླབས་བདུད་རྩིས་ཡང་ཡང་ཡིད་ལ་བཤེས་བྱས་པས། །སྲིད་ལས་ངེས་འབྱུང་ཨུཏྤལ་ནགས་ཀླུང་ཐར་པའི་ཕྱོགས་སུ་རབ་གྲོལ་བར། །དད་སོགས་འཕགས་ནོར་འབྲས་བུའི་ཁུར་གྱིས་ཤིན་ཏུ་ལྕི་དང་ལྷན་ཅིག་པར། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། ། ཇི་ལྟར་ཁས་བླང་ཁྲིམས་ཀྱིས་རྒྱུད་སྦྱངས་དབེན་པའི་བྲག་རིའི་ཁང་བཟང་དུ། །མང་ཐོས་བསམ་པས་གཏན་ལ་ཕབ་ཅིང་རྩེ་གཅིག་མཉམ་པར་བཞག་པ་ལས། །ལུས་སེམས་ཤིན་སྦྱངས་བདེ་བས་རབ་བརླན་ཤེས་རབ་ཟབ་མོའི་གཟུངས་ཐོབ་བཞིན། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །སྙིང་རྗེ་ཆེན་པོའི་མ་མས་རབ་བསྐྱེད་ཕར་ཕྱིན་དྲུག་གི་མཆོད་སྦྱིན་ཅན། །བསྡུ་དངོས་བཞི་ཡི་ཚང་སྐུད་འཁྲིགས་ཆགས་འཕགས་རྣམས་དགྱེས་པའི་དྲང་སྲོང་ཆེ། །སྤྱོད་ཚུལ་ནམ་ཡང་མཚུངས་པ་སྤང་བས་འཇིག་རྟེན་དགེ་བའི་མཐུ་ཐོབ་བཞིན། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །སྙིང་ནི་བདེ་སྟོང་བདུད་རྩིས་རོས་སིམ་སྣང་སྤྱོད་ཐམས་ཅད་ལྷ་སྐུར་ཤར། །སྲོག་རྩོལ་དྷཱུ་ཏིའི་ཕྱག་རྒྱར་དབང་བྱས་གཞོམ་མེད་འོད་གསལ་ཐིག་ལེ་ཆེར། །རྡོ་རྗེ་གསུམ་གྱི་དགའ་བས་སྙེམས་གྱུར་རིག་འཛིན་ཚོགས་དང་ལྷན་གཅིག་ཏུ། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །གནས་སྐབས་ཆོས་བཞིན་སྤྱོད་པའི་འགལ་ཟླ་ཡིད་སྲུབ་རྒྱུར་བཅས་མཚོན་རྣོན་པོ། །དབང་གཞུ་གསར་བས་རྗེས་སུ་སོན་པས་མཐུན་པའི་རྐྱེན་ཀུན་ཕུན་ཚོགས་ཏེ། །ཕན་དང་བདེ་བའི་ལེགས་བྱས་ཇི་སྙེད་ཉིན་རེ་བཞིན་ཡང་འཕེལ་བཞིན་དུ། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །མདོར་ན་རྒྱལ་བའི་མྱུ་གུའི་ཁྱུ་མཆོག་ཆོས་ཀྱི་དབང་པོའི་གསང་གསུམ་དང་། །རྣམ་དཀར་མཛད་པའི་ངོ་མཚར་མ་ལུས་འགྲོ་ཀུན་སྙིང་ལ་རྫོགས་གྱུར་པས། །སྲིད་དང་ཞི་བའི་ཕ་མཐར་མི་གནས་དགེ་མཚན་བྱེ་བའི་མནྡ་རས། །དེ་ནས་བཟུང་སྟེ་འཇིག་རྟེན་གསུམ་ན་རྟག་ཏུ་བཀྲ་ཤིས་སྣང་གྱུར་ཅིག ། ཅེས་འདོད་དོན་ལ་གསོལ་བ་བཏབ་པ་རྣམས་ཤེས་སླའོ། །དེ་ལྟར་ན་དོན་གྱི་རྣམ་པར་ཐར་པ་འདིས་ཁོག་དབུབ་ཅིང་འབེལ་གཏམ་སྣ་ཚོགས་ཀྱིས་རྣམ་པར་ཐར་པ་རྒྱས་པར་བསྟན་པ་དེ་གཉིས་གཅིག་གིས་གཅིག་མཚོན་ཏེ་གསལ་བར་བྱས་པ་གཅིག་གྲོགས་སུ་གཅིག་འགྲོ་བས་འགགས་བསྡམས་ཏེ་རྟོགས་པར་བྱ་དགོས་པས་སྔ་མ་མདོར་བསྡུས་སུ་བསྟན་ཟིན་ལ། ཕྱི་མ་རྒྱས་པར་བསྟན་པ་ནི་འདི་ལྟར། གདོད་མའི་མགོན་པོ་དང་རྣམ་དབྱེར་མེད་པས་དཔལ་ཀུན་ཏུ་བཟང་པོ་ཉིད་འཁོར་འདས་ཀུན་གྱི་སྤྱི་དཔལ་དུ་ཡེ་ནས་མངོན་པར་བྱང་ཆུབ་པའི་ཡེ་ཤེས་ཀྱི་རང་རྩལ་འགག་པ་མེད་པ་ལས། རང་སྣང་ལོངས་སྤྱོད་རྫོགས་པའི་ཞིང་དུ་མི་ཟད་པའི་རྒྱན་འཁོར་ལྔའི་བཀོད་པ་རྟག་པར་འབྱམས་སུ་ཀླས་ཤིང་། དག་དང་མ་དག་གི་གདུལ་བྱ་རང་རང་གི་སྐལ་བ་དང་འཚམ་པར། བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་པའི་སྐུ་ཞི་ཁྲོ་སོགས་གང་འདུལ་གྱི་རོལ་པ་ཚད་མེད་པ་ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐའ་ཀླས་པ་ལས། ཁྱད་པར་དུ་བདག་ཅག་གི་འདྲེན་མཆོག་དམ་པ་འདི་ནི་ཕྱོགས་ཞེན་གྱིས་རང་བསྟོད་མ་ཡིན་པར། རྒྱལ་བ་ཀུན་གྱི་མཁྱེན་པའི་ཡེ་ཤེས་འཇམ་དཔལ་དབྱངས་དང་། བརྩེ་བའི་ཐུགས་རྗེ་སྤྱན་རས་གཟིགས་དང་། ནུས་པའི་མཐུ་སྟོབས་གསང་བའི་བདག་པོ་གསུམ་དང་རྣམ་དབྱེར་མ་མཆིས་པ་ཉིད། སྙིགས་མའི་དུས་འདིར་རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་བའི་བྱེད་པོར་བསམ་བཞིན་དགེ་བའི་བཤེས་སུ་བསྟན་པ། གང་ཚེ་ཤེས་དང་ཤེས་བྱ་སོགས་གསུངས་བཞིན་ནོ། །དེས་ན་སྔོན་གྱི་སྐྱེས་རབས་དང་ཐུན་མིན་གྱི་རྣམ་ཐར་སོགས་ནི་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ལས་འཕགས་ཆེན་རྣམས་ཀྱིས་ཀྱང་ཇི་བཞིན་གཞལ་དཀའི་གནས་སུ་གྱུར་ན། བདག་འདྲའི་སོ་སྐྱེའི་རྨོངས་རྟུལ་ཞིག་གིས་ལྟ་ཅི་སྨོས་ཏེ། དེས་ན་རེ་ཞིག་ད་ལྟའི་གདུལ་བྱ་ཐུན་མོངས་ཀྱི་ངོ་སྐལ་དུ་ཇི་ལྟར་སྣང་བ་ཙམ་རང་གིས་གང་ཐོས་སྒྲོ་སྐུར་དང་བྲལ་བར་མདོ་ཙམ་བརྗོད་པ་ལ། འཕགས་པའི་ཡུལ་དུ་ཞི་བ་ལྷ་དང་། གྲུབ་ཆེན་ཤ་བ་རི། བོད་དུ་ཨ་རོ་ཡེ་ཤེས་འབྱུང་གནས་ལ་སོགས་པའི་འཁྲུངས་རབས་ཀྱི་ཕྲེང་བ་དུ་མ་ཞིག་རྗེ་བླ་མ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། གཏེར་ཆེན་བདུད་འདུལ་རྡོ་རྗེ་སོགས་ཀྱི་གཏེར་ལུང་ལས་ཀྱང་བསྟན་པ་དང་། དབོན་རིན་པོ་ཆེས་པད་དཀར་ནང་དྲི་བ་ཞིག་ཞུས་ཚེ་ཁོང་རིག་འཛིན་འཇིགས་གླིང་ཡིན་པའི་མངོན་རྟགས་གསལ་ལོ་ཞེས་གསུངས་ཤིང་། སྤྲུལ་པའི་གཏེར་སྟོན་བདུད་འཇོམས་རྡོ་རྗེས་ཀྱང་དེ་ཡིན་པར་གསུངས། དེ་ལྟར་ན་སྤྱན་རས་གཟིགས་དངོས་འཇིགས་མེད་གླིང་པའི་རྣམ་འཕྲུལ། སྐུ་ཡི་སྤྲུལ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། གསུང་གི་སྤྲུལ་པ་དཔལ་སྤྲུལ་རིན་པོ་ཆེ། ཐུགས་ཀྱི་སྤྲུལ་པ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་ཡིན་པར་གྲགས་པ་བཞིན་ཐུགས་རྒྱུད་གཅིག་པར་མངོན་ཞིང་། དེ་ལ་སོགས་པ་སྐྱེ་བའི་ཕྲེང་བ་དུ་མ་ཞིག་ལས། དཔལ་དགེའི་བླ་མ་བསམ་གཏན་ཕུན་ཚོགས་ཞེས་བྱ་བ་འཕགས་པ་འཇམ་དཔལ་ལ་ཐུགས་དམ་གྱི་ལྷར་མཛད་ཅིང་མཚན་བརྗོད་འབུམ་ཕྲག་ལྷག་ཞལ་འདོན་དུ་མཛད་པ་དེ་ཉིད་ཀྱིས་དུང་ཆུ་བར་མ་ཞེས་པར་དགོན་ས་བཏབ་སྟེ་བཞུགས་པས་དཔལ་དགེ་བླ་བྲང་ཞེས་བྱ། ཀཿཐོག་རྨོག་སྟོན་རིན་པོ་ཆེ་རྫ་སྟོད་མ་མོའི་ཐང་དུ་བྱོན་སྐབས། ས་ཕྱོགས་འདིར་འཕགས་པ་ཐུཊ་རྗེ་ཆེན་པོའི་སྤྲུལ་པའི་སྐྱེས་བུ་ཞིག་གིས་དམ་ཆོས་ཡི་གེ་དྲུག་མའི་རྡོ་འབུམ་ངོ་མཚར་ཅན་ཞིག་བཞེངས་པར་འགྱུར་ཞེས་ལུང་བསྟན་པ་དང་། ཡང་ངོར་མཁན་ཆེན་སྡེ་དགེའི་དབུ་བླ་ཞིག་གིས་ཀྱང་དེ་དང་མཚུངས་པར་ལུང་བསྟན་པར་ཡང་བཤད། ཡང་ཤིན་ཏུ་སྔ་མོ་ཞིག་ལ། སྡེ་སྟོད་དཔོན་མོ་ཞེས་པ་ས་དཔྱད་ཤིན་ཏུ་མཁས་པ་ཞིག་ལྷ་ལྡན་དུ་འགྲོ་བའི་སྐབས། མ་མོའི་མདོར་ཞག་མལ་ཕོག །ས་འདི་ལ་ནི། ཤར་ཉི་ཟླ་གཉིས་ཀྱི་སྒྲོན་མེ། ལྷོ་ཙནྡན་ནགས་ཀྱི་བདུག་སྤོས། ནུབ་གངས་དཀར་ཤེལ་གྱི་ལྷ་བཤོས། བྱང་རྫ་ཆབ་སིལ་མའི་ཡོན་ཆབ་ཡོད་པ་སོགས་ཀྱི་ས་དཔྱད་ལེགས་པས་རྟེན་ཆེན་པོ་སོགས་བཞེངས་ན་འགྲོ་དོན་དང་། ས་བཅུད་ཡུལ་བཅུད་ལ་དེ་ལས་ལྷག་པ་མི་འདུག་ཅེས་པའི་ངག་རྒྱུན་ཡོད་པར་ངེས། དཔལ་དགེའི་བླ་མ་བསམ་གཏན་ཕུན་ཚོགས་ཉིད་ཁྲོམ་ཟ་གོང་མའི་ནང་ཞིག་ཏུ་བྱོན་སྐབས་ཆིབས་དྲིལ་རྫ་མ་མོའི་མདོར་ཉལ་ནས། དེར་ཅུང་ཟད་བཞུགས་པའི་གཟིགས་སྣང་དུ་མ་ཎིའི་རང་སྒྲ་སྒྲོགས་གསུངས་ཤིང་། དེར་ལེགས་པའི་རྟེན་འབྲེལ་གྱི་སྒོ་འཕར་བཟང་པོ་བླ་ན་ལྷག་པ་ལྟ་བུར་གྱུར་པ་བཞིན་རྡོ་མཁར་ཆོས་ཀྱི་ཕུང་པོ་འདིའི་གཞི་བཏིང་ནས་བསྟན་འགྲོའི་སྤྱི་དཔལ་ལྷ་དང་བཅས་པའི་མཆོད་སྡོང་། ས་ཡི་བཅུད་ཆེན་སྐྱེ་དགུའི་གཡང་འཕེལ་དུ་ལེགས་པར་བཞེངས་གྲུབ་སྟེ། ཞི་བར་གཤེགས་པའི་གདུང་རྟེན་དེར་བཞེངས་པ་མཆོད་རྟེན་དཀར་རིས་མར་གྲགས་པ་དང་། དེའི་ཡང་སྲིད་རྒྱ་སྡེའི་ནང་ར་ལོ་ཟེར་བར་འཁྲུངས་པ། རྫོགས་སྤྲུལ་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོས་ངོས་འཛིན་གནང་བ་བཞིན། དཔལ་དགེའི་བླ་མ་དབུ་མཛད་ཅེས་པས་དཔལ་དགེ་བླ་མའི་གདན་ཁྲིར་བཀོད་པ། སྤྲུལ་སྐུ་ཀུན་བཟང་ཞུ་བའི་ངོ་མཚར་ཅན་ཞིག་བཞུགས། དེ་ཉིད་ཀྱིས་ཀྱང་རྡོ་འབུམ་རིན་པོ་ཆེ་བདག་གིར་མཛད་ཅིང་གོང་འཕེལ་དུ་ཅུང་ཟད་བཞེངས་ཏེ་འགྲོ་དོན་མཛད། ཁྲོམ་ཟ་གོང་མའི་ནང་ཁྲོམ་དབང་ཞིག་མཛད་སྐབས། དབུ་ཞྭ་བུ་མོ་ཆུང་བ་ཞིག་གི་པང་དུ་ལྷུང་བ་ལ། ང་རང་སྐྱེ་བ་ཕྱི་མར་འདིའི་བུར་སྐྱེ་བར་འགྱུར་གསུངས། སྤྲུལ་སྐུ་དེ་དགུང་ལོ་ཉེར་ལྔའི་དུས་སུ་ལྷ་ལྡན་དུ་ཕེབས་ཁར་རྒྱལ་ཏོག་སར་ཕེབས། དེ་གར་མཆོད་ཆ་ཞིག་ལུས་པ་ཡར་ཕུལ་ཡང་ད་སྐབས་ང་ལ་མི་དགོས་གསུངས་ཏེ་ཚུར་གནང་སྟེ་ལྷ་ལྡན་དུ་ཕེབས་ནས་སེ་ལོ་རྒོད་ཚང་གི་ཉེ་འདབས་སུ་མྱ་ངན་ལས་འདས། དེར་སྐུ་གདུང་བཞུས་སར་དགུན་ཡིན་ཡང་མེ་ཏོག་མང་པོ་སྐྱེས། དེར་བོད་པ་རྣམས་ཀྱིས་ཁམས་པའི་བླ་མ་ཞིག་འདས་ཤུལ་རེད་ཅེས་གླེང་ནས་མཆོད་རྟེན་ཞིག་བརྩིགས་པ་ད་དུང་མཇལ་དུ་ཡོད་ཅིང་། སྟག་ལུང་མ་རིན་པོ་ཆེར་ཡང་སྤྲུལ་ངོས་འཛིན་ཞུས་པ་ན། རང་ཡུལ་གྱི་སྦྲ་སྒོ་ཤར་ལ་བསྟན་པ་སོགས་ཀྱིས་ངོས་འཛིན་གསལ་པོར་གནང་བ་བཞིན་དུ། མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཞེས་པ་འདི་ཉིད་གང་དུ་འཁྲུངས་པའི་ཡུལ་ནི། སྐལ་བཟང་རྣམ་འདྲེན་བཞི་པ་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་བྱོན་པའི་གནས་ལྷོ་འཛམ་བུའི་གླིང་གི་ནང་ཚན། མདོ་ཁམས་སྒང་དྲུག་གི་ཡ་གྱལ། ཆོས་རྒྱལ་སྡེ་དགེའི་ཆབ་འོག་རོང་འབྲོག་གཉིས་ལས། ལྷ་མིང་མི་ལ་ཆགས་པ་བྱང་སྡེ་རྫ་ཆུ་ཁ་པ་ཞེས་པ། ས་གཞི་ཁ་རྒྱ་ཆེ་བ། ལུང་པ་ཕུ་ཐག་རིང་པ། ས་དཔྱད་བཟང་དགུ་འཛོམ་པ། བདེ་སྐྱིད་ཆོས་ཀྱི་ཡུལ་གྲུ་དཀར་ཆུང་སྐོ་འོར་ཞེས་པར། རིགས་ནི་འོད་གསལ་ལྷ་ནས་བྱོན་པར་གྲགས་པའི་ས་སྐྱོང་སྡེ་དགེ་རྒྱལ་པོའི་བློན་རིགས་གདོང་ཞྭ་དཀར་ཅན་གྱི་བརྒྱུད་པ། དཔོན་ཐོབ་སོ་ལྔའི་ནང་ཚན། སྨུག་པོ་གདོང་གི་བརྒྱུད་པ་དགེ་རྩེ་གོང་མ་ཞེས་པའི་སྡེ་ལས། ཡབ་རྒྱལ་ཏོག་ལྷ་དབང་ཟེར་བ་དང་། ཡུམ་ཁྲོམ་ཟ་རྗེས་དངོས་བུ་མོ་སྒྲོལ་མ་ཟེར་བའི་སྲས་སུ་རབ་བྱུང་བཅུ་བཞི་པ་གསར་ཚེས་ཀྱི་རབ་ཡིད་རྣམ་བྱུང་ཞེས་པ་ས་ཕོ་འབྲུག་གི་ལོར་སྐྱེ་བའི་མྱུ་གུ་འཁྲུངས་པའི་དུས་སུ་འོད་དཀར་པོ་ཞིག་གིས་ཁྱིམ་ཀུན་ཁྱབ་ཅིང་དེ་ནུབ་ངག་ནས་ཨ་དང་ཨོ་ཆ་མ་ཆོད་པ་འགའ་དང་། ཨོཾ་ངོ་མ་ཞིག་ལན་འགའ་རེར་གསུངས་ཤིང་། ཕྱིར་ནུབ་ནས་དང་པོ་མི་གསལ་ལ། རྗེས་ནས་ཇེ་གསལ་དུ་རིམ་བཞིན་ཞག་ལྔ་ལ་མ་ཎི་པདྨེ་ཧཱུྃ་གསུངས་ཤིང་། དེ་རྗེས་ཞག་གཉིས་གསུམ་ཙམ་ལ་མ་ཎི་གསུངས། ཕྱག་སྐེ་ལ་མ་ཎི་འབྲུ་དྲུག་གསལ་བར་དོད་པ་དང་། ལྕེ་ལ་དྷཱིཿདམར་པོ་ཞིག་དོད་པ་མཇལ་དུ་ཡོད་ཀྱང་། མོ་རང་ནས་མ་ཁ་མཁས་མས་བུ་སྤྲུལ་སྐུ་ཟེར་བའི་དཔེ་ལྟར་དང་། སྐྱེ་བཟང་དེ་ཡིན་ན་བར་ཆད་སོགས་འོང་གིས་དོགས་ཏེ་ཕ་ལྷ་དབང་ལའང་ཟེར་མ་མྱོང་ཞེས་བཤད་པར་ངེས་པས། ཞལ་ནས་ང་རང་གི་ཨ་མ་དེ་ནི་ཆོས་ལ་དཀར་བ་དང་། ངང་རྒྱུད་བཟང་ཞིང་ཁོག་ཡངས་ཤིང་ཚིག་བཙུན་པ་ཞིག་ཡིན། ཁོང་དང་པོ་ཆོས་ལམ་ལ་ཞུགས་པ། བར་དུ་བླ་ཆེན་དང་དཀོར་ལ་མི་འབགས་པ། ཐ་མ་འགྲོ་དོན་ལ་བར་ཆད་མི་བྱེད་པ་ལ་སོགས་པའི་དྲིན་ཅན་མ་ཞིག་ཡིན་གསུངས། གཞན་ཡང་། དབུ་གདུགས་ལྟར་འདུག་པ་དང་། ཞལ་རས་པདྨ་ལྟར་རྒྱས་པ། སྐྱེ་མཆེད་ཤིན་ཏུ་དྭངས་ཤིང་། རང་བཞིན་གྱིས་སྙུན་ཉུང་བ། ཆུང་ངུ་ཉིད་ནས་རིག་པ་གསལ་ཞིང་། མཁྱེན་པའི་ཤེས་རབ་ཆེ་བ་དང་། བཤའ་ལུག་ཁྲིད་པ་དང་བསད་པ་སོགས་ཉེ་རིང་གང་དུ་མཐོང་ན་སྤྱན་བརླན་ཞིང་བཟའ་བཏུང་མི་གསོལ་བ་སོགས་སྙིང་རྗེ་ཆེ་བ་དང་། ཝ་སྤྲེ་སོགས་གསོད་པ་ཉིད་ཀྱིས་བཀག་ཀྱང་མ་ཉན་པ་ལ་གསོད་པར་མི་ནུས་པར་བྱས་པས་ནུས་པ་ཆེ་བ་དང་། སྙིང་སྟོབས་ཆེས་ཆེ་བ་སྤོབས་པའི་གཟེངས་མཐོ་ཞིང་སྨྲ་མཁས་པ་སོགས་ཡོན་ཏན་གྱི་འབྱོར་བ་ཚད་མེད་པས་མཐོ་བའི་གྲགས་པས་ཀུན་གྱིས་ཡི་རངས་ཤིང་བསྔགས་པའི་ཡུལ་དུ་གྱུར་པ་སྟེ། མཚན་དཔེའི་ཟླ་བ་བདུད་རྩིའི་འོད་ཅན་སོགས་གསུངས་པ་བཞིན་ནོ། ། རྡོ་བླ་འཇིགས་མེད་སྐལ་བཟང་ནས་དཔལ་དགེའི་བླ་མའི་ཡང་སྲིད་དུ་ངོས་བཟུང་ཞིང་། ཁྱད་པར་རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་དཔལ་དགེ་བླ་མའི་སྤྲུལ་སྐུར་འཁྲུལ་མེད་དུ་ངོས་བཟུང་སྟེ། ངས་ཀློང་ཆེན་སྙིང་ཐིག་གི་བསྟན་པ་ཡོངས་རྫོགས་དགོངས་གཏད་སྨོན་ལམ་དང་བཅས་པས་དེ་ལ་གཏད་ཅིང་། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོར་མཚན་གསོལ་བ་ཡིན་ཞེས་ཕྱི་མཐའ་གཟིགས་པའི་ལུང་བསྟན་སྩལ། ཡང་བོ་དོད་ཨ་བུའི་སྤྲུལ་སྐུ་ཡིན་ཞེས་གཞན་གྱིས་ངོས་བཟུང་བ་བཞིན། སྐུ་བདག་ཏུ་གྲྭ་དཔོན་གཡོག་འགའ་ཞིག་ཁ་རྗེ་མངའ་ཐང་ཆེ་བར་རྒྱལ་ཏོག་སར་ཕེབས་ཏེ་བཞུགས་པ་དང་། དེར་ནང་སྔ་མོར་དཔལ་དགེའི་བླ་མར་དབུ་མཛད་ཞེས་པའི་གྲྭ་རྒན་ཞིག་རྒྱལ་ཏོག་ཏུ་སྤྲུལ་སྐུའི་བདག་ཏུ་འོང་བ་ན། མ་ཡུམ་གྱིས་བུ་ཆུང་འཁྱག་ལྟོག་ཏུ་སེམས་ནས་རུམ་དུ་བླང་སྟེ་ནུ་མ་བསྣུན་པ་ན་ནུར་མ་བཏུབ་པར་ཕྱིར་བལྟས་ཏེ། ཨ་ཁུ་བདེའམ་རྒས་འདུག་ཅེས་ངོས་བཟུང་བས་གཞན་སྐུ་བདག་རྣམས་རང་ཡུལ་དུ་ཐེག་སོང་། དེ་དག་ལ་བརྟེན་ནས་དཔལ་དགེ་གོང་མའི་དཔོན་པོ་དཀོན་མཆོག་གིས་བླ་བྲང་དུ་སྤྱན་དྲངས་ཏེ་སྤྲུལ་པའི་སྐུར་མངའ་གསོལ། འབྲི་ཀློག་དཀའ་བ་མེད་པར་མཁྱེན་ཞིང་ལུགས་གཉིས་གང་ལའང་འགྲན་ཟླ་དང་བྲལ་བ། ཆུང་དུས་ནས་ཐེག་པ་ཆེན་པོའི་རིགས་སད་ཅིང་། སྐྱེས་ཐོབ་ཀྱི་མཁྱེན་རབ་ཕུལ་དུ་བྱུང་བ་མངའ་བ་དང་། ལྷག་པའི་ལྷས་བྱིན་གྱིས་བརླབས་པའི་མཐུས་ཡོངས་འཛིན་དགེ་བའི་བཤེས་གཉེན་དག་ལས་དམ་པའི་ཆོས་ཀྱི་བདུད་རྩི་ཐོབ་པ་རྣམས་ཚེགས་ཆུང་ངུས་མཁྱེན་ཅིང་། ཁྱད་པར་རིག་འཛིན་འཇིགས་མེད་གླིང་པའི་ཐུགས་སྲས་འཇིགས་མེད་རྒྱལ་བའི་མྱུ་གུ་ཞེས་འབྲེལ་ཚད་དོན་ལྡན་གྱི་སྐྱེས་བུ་དམ་པ་དེ་ཉིད་དཔལ་དགེ་བླ་བྲང་དུ་སྤྱན་དྲངས་པ་སོགས་སྔ་ཕྱིར་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ཟབ་ཁྲིད་ཁོ་ནའང་ཚར་ཉི་ཤུ་རྩ་ལྔ་གསན་ཅིང་། ཁྲིད་སྦྱངས་ཡང་དེ་སྙེད་གྲུབ་པར་མཛད། གཞན་ཡང་རྩ་རླུང་དང་རྫོགས་ཆེན་གྱི་ཁྲིད་སོགས་ཤིན་ཏུ་གནད་སྨིན་དང་། སྔ་འགྱུར་བཀའ་མའི་ཆོས་སྐོར་སོགས་མང་དུ་གསན། བླ་མ་མཚམས་པས། ཁོང་རྫ་སྟོད་དུ་བཞུགས་དོན་དཔལ་དགེ་སྤྲུལ་སྐུ་གཅིག་པོ་འདིའི་དོན་ཡིན་ཞེས་མཚམས་པའི་སློབ་རྒན་དབུ་མཛད་སངས་རྒྱས་དཔལ་བཟང་ལ་གསུངས། གཞན་ཡང་། འཇིགས་མེད་སྐལ་བཟང་དང་། ཀུན་མཁྱེན་གྱི་དངོས་སློབ་རྗེ་བླ་མ་འཇིགས་མེད་ངོ་མཚར། རྒྱལ་སྲས་གཞན་ཕན་མཐའ་ཡས་སོགས་ལས་ཀྱང་། ངལ་གསོ་སྐོར་གསུམ། སྤྱོད་འཇུག ། རྩ་རྒྱུད་གསང་བ་སྙིང་པོ། རིག་གནས་སྐོར་འགའ་ཞིག་སོགས་དང་། ཞེ་ཆེན་དཔོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་ལས་བཀའ་འགྱུར་གྱི་ལུང་དང་སྒྲ་རིག་གསན། གང་གསན་དེ་དག་ལན་རེ་ཙམ་གྱིས་ཐུགས་སུ་ཆུད་པས་མདོ་རྒྱུད་རིག་གནས་དང་བཅས་པའི་གཞུང་ལ་གཞན་དྲིང་མི་འཇོག་པའི་རྣམ་དཔྱོད་རྣམ་པར་དག་པས་ལེགས་བཤད་སྨྲ་བ་ལ་མི་ཟད་པའི་སྤོབས་པ་ཐོབ་ཅིང་། འཇིག་རྟེན་ཆོས་བརྒྱད་ཀྱི་ཞེན་འཁྲིས་གཏན་ནས་ལོག་པས་སྐུ་ཚེ་ཧྲིལ་པོར་ཟོལ་མེད་ཀྱི་བྱ་བཏང་ཡང་དག་པའི་རྩེ་མོར་སོན་ནས་གཙོ་བོར་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་དང་། རྗེ་ཉིད་ཀྱི་གསུངས་ལས། ལྔ་རིག་སྨྲ་བའི་ཉིན་བྱེད་ས་པཎ་རྗེ། །མདོ་སྔགས་ལེགས་བཤད་འབྱུང་གནས་ཙོང་ཁ་པ། །ཡོངས་རྫོགས་བསྟན་པའི་མངའ་བདག་ཀློང་ཆེན་ཞབས། །གངས་ལྗོངས་འཇམ་པའི་དབྱངས་དངོས་རྣམ་གསུམ་ཡིན། །ཞེས་བསྔགས་པར་མཛད་པའི་ཀུན་མཁྱེན་ཡབ་སྲས། ས་པཎ། རྗེ་ཙོང་ཁ་པ་སོགས་རིས་མེད་ཀྱི་སྐྱེས་ཆེན་རྣམས་ཀྱི་ལེགས་བཤད་ལ་དཔེ་གཟིགས་ཁོ་ན་རྟག་ཏུ་བརྩོན་པར་མཛད་ནས་ཉིན་རེ་བཞིན་མཁྱེན་རྟོགས་ཟླ་བ་ཡར་ངོ་ལྟར་གོང་འཕེལ་དུ་གྱུར། ཀུན་མཁྱེན་མཆོག་སྤྲུལ་རིན་པོ་ཆེ་ཧེ་རུ་ཀ་དཔལ་སྐུ་ཞབས་མཁྱེན་བརྩེ་འཇིགས་མེད་ཡེ་ཤེས་རྡོ་རྗེས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་ཅིང་ཕེབས་སྐབས་ཤིག །རྗེ་འདིའི་ཉེ་སྐོར་དུ་བྱོན་ནས། དཔལ་དགེ་ཞེས་བོས་ཏེ། ཁྱེད་དཔའ་སྙིང་ཅི་འདྲ་བཟང་ན་འདིར་ཤོག་གསུངས་ནས། སྐུ་རྩར་བྱོན་པ་དང་སྐྲ་ནས་བཟུང་སྟེ་ས་ལ་བརྡབས་ཤིང་དྲུད་དེ་བྱོན་པས་མཚམས་ཤིག་ན་ཆང་གི་དྲི་ཞིག་ཆིལ་གྱིས་བྱུང་། དེར་འོ་ཁོང་གིས་ཆང་གསོལ་ཡོད་པ་འདྲ། གྲུབ་ཐོབ་ཆེན་པོ་འདི་འདྲ་ཡང་ཆང་བཟིས་འཆོལ་སྤྱོད་འདི་མཛད་པས་བཅོམ་ལྡན་འདས་ཀྱིས་ཆང་གི་ཉེས་དམིགས་མང་པོ་བཀའ་སྩལ་པ་ཐོག་ཏུ་བབས་སྙམ་པ་ཅིག་བྱུང་བའི་མོད་ལ་ཕྱག་གིས་བཏང་སྟེ། ཁྱོད་ཚོ་རྟོག་གེ་པ་བྱ་བ་འདི་འདྲའི་རྣམ་རྟོག་ངན་པ་འཆར་བ་ཕའུ། ཁྱོད་ཁྱི་རྒན་རེད་ཅེས་གདོང་ལ་ཞལ་མཆིལ་བཏབ། མཛུ་གུ་ཆུང་བསྟན་ནས་བཞུད། དེ་འཕྲལ་ག་རེ་ང་འཁྲུལ་ཏེ་ངོ་སྤྲོད་ཅིག་ཡིན་པར་འདུག་སྙམ་ནས་ལུས་གནད་བཅོས་ཏེ་བཞུགས་པས་ཟང་ཐལ་གྱི་རིག་པ་ནམ་མཁའ་གཡའ་ཐག་ཆད་པ་ལྟ་བུ་ཞིག་མངོན་དུ་གྱུར་ཏེ། སྔོན་ནས་འཇིགས་མེད་རྒྱལ་བའི་མྱུ་གུས་རིག་པ་ངོ་སྤྲད་པ་དེ་ནམ་ལངས་པའི་སྟེང་དུ་ཉི་མ་ཤར་བ་བཞིན་དུ་སོང་། ཕྱིས་སུ་ཡང་ཁྱི་རྒན་ཟེར་བ་འདི་སྐུ་ཞབས་མཁྱེན་བརྩེས་ང་ལ་གསང་མིང་བཏགས་པ་ཡིན་ཞེས་ཞལ་རྩེད་གནང་། གཞན་ཡང་སྐུ་ཞབས་མཁྱེན་བརྩེའི་མདུན་ནས་གཅོད་ཁྲིད་གསན་ནས་གཉན་སར་ཕེབས་ཚེ་ཚད་སློང་དུས་གཅིག་ལ་རྫོགས་པ་དང་། བདུད་བཞི་སྟན་ཐོག་གཅིག་ཏུ་བཅད་པར་བཤད། སྦས་པའི་རྣལ་འབྱོར་བ་བསོད་ནམས་དཔལ་དགེ་དང་ལྷན་གཅིག་ཏུ་ཀློང་སྙིང་རྩ་རླུང་གི་ཁྲིད་ཤིན་ཏུ་ཡུན་རིང་སྦྱངས། ཁོང་གིས་སྡེ་དགེ་ནས་བཟང་ཇ་བག་བརྒྱད་ཀྱི་རིན་གྱིས་ཤོག་སྲབ་ཉོས་ནས་འདྲ་མིན་སྣ་ཚོགས་བྲིས་ཏེ་ཟད་སོང་གསུངས། དགུང་ལོ་ཉེར་ཐམ་ཡན་ཡིན་ནོ། །དེ་ཕྱིར་ཤེར་ཕྱིན་སྤྱི་དོན་སོགས་གཞུང་བཤད་མིན་པ་འདྲ་མིན་བྲི་མ་མྱོང་གསུངས། དཔལ་དགེ་དཔོན་པོ་འདས་ནས་གཤེགས་རྗེས་ཀྱི་བྱ་བ་རྣམས་རྫོགས་འཕྲལ་བླ་བྲང་བསྡུས་ནས་ཇི་སྐད་དུ། །ཉིད་ཀྱི་བཀའ་ལས། སྐྱིད་ན་མི་དགའ་སྡུག་ན་དགའ། །སྐྱིད་ན་ཉོན་མོངས་དུག་ལྔ་འབར། །སྡུག་ན་སྔོན་བསགས་ལས་ངན་འཛད། །སྡུག་བསྔལ་བླ་མའི་ཐུགས་རྗེ་ཡིན། །བསྟོད་ན་མི་དགའ་སྨད་ན་དགའ། །བསྟོད་ན་ང་རྒྱལ་ཁེངས་སེམས་ཆེ། །སྨད་ན་རང་སྐྱོན་ཐེར་ལ་འབུད། །མི་ཁ་ལྷ་ཡི་ཕ་འབབ་ཡིན། །མཐོ་ན་མི་དགའ་དམའ་ན་དགའ། །མཐོ་ན་ཕྲག་དོག་ང་རྒྱལ་སྐྱེ། །དམའ་ན་བག་ཡངས་དགེ་སྦྱོར་འཕེལ། །དམན་ས་གོང་མའི་གདན་ས་ཡིན། །འབྱོར་ན་མི་དགའ་རྒུད་ན་དགའ། །འབྱོར་ན་གསོག་སྲུང་སྡུག་བསྔལ་ཆེ། །རྒུད་ན་དཀའ་སྤྱད་ལྷ་ཆོས་འགྲུབ། །སྤྲང་ལུས་ཆོས་པའི་གཏད་སོ་ཡིན། །བྱིན་ན་མི་དགའ་འཕྲོག་ན་དགའ། །བྱིན་ན་ལན་ཆགས་ཁུར་པོ་འཕེལ། །འཕྲོག་ན་ཚེ་རབས་བུ་ལོན་སོད། །ཆོག་ཤེས་འཕགས་པའི་སྤྱི་ནོར་ཡིན། །གཉེན་ལ་མི་དགའ་དགྲ་ལ་དགའ། །གཉེན་གྱིས་ཐར་ལམ་བར་དུ་གཅོད། །དགྲ་བོ་བཟོད་པའི་ཡུལ་དུ་བྱེད། །རོ་སྙོམས་ཉམས་ལེན་གནད་འགགས་ཡིན། །ཆོས་བཞིན་མཛད་ན་དེ་འདྲ་དགོས། །བློ་ཐག་ཆོད་ན་དེ་འདྲ་དགོས། །རི་ཁྲོད་འཛིན་ན་དེ་འདྲ་དགོས། །རྒྱལ་ཁམས་འགྲིམ་ན་དེ་འདྲ་དགོས། །གདམས་ཟབ་གནད་ཀྱི་མདོ་འགགས་དྲུག །ཕ་གཅིག་བླ་མའི་ཞལ་རྒྱུན་ཡིན། །བུ་གཅིག་སེམས་ཀྱི་གཏད་སོ་ཡིན། །སྙིང་གི་སྙིང་པོ་ཚིག་དྲུག་འདི། །གྲོགས་གཅིག་ཁྱོད་རང་མ་ལགས་པ། །གཞན་ལ་ཚིག་ཟུར་ཕུད་པ་མེད། །ཅེས་གསུངས་པ་ཇི་ལྟ་བ་བཞིན་འཁྲུལ་བ་མེད་པར་ལག་ལེན་དུ་བསྟར་བས་བདག་ཉིད་ཆེན་པོ་འདིས་ཀུན་སྤང་ཀུན་ཏུ་རྒྱུའི་ཚུལ་གྱིས་དབེན་པའི་གནས་སོགས་ངེས་མེད་དུ་ཕེབས་ཏེ། རྫོགས་ཆེན་གདན་སར་ཡུན་རིང་བཞུགས་ཏེ་སྐྱབས་མགོན་རྫོགས་ཆེན་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། སྐུ་ཞབས་གཞན་ཕན་མཐའ་ཡས་འོད་ཟེར་ལས་སྙིང་ཐིག་གོང་འོག་སོགས་དམ་པའི་ཆོས་ཀྱི་བདུད་རྩི་མཐའ་ཡས་པ་བཞེས་ཤིང་། མཁན་སེང་ཕྲུག་པདྨ་བཀྲ་ཤིས་མདུན་ནས་བཀའ་མའི་དབང་ལུང་ཕལ་ཆེར་གསན་པ་དང་། རབ་ཏུ་བྱུང་སྟེ་མཚན་འཇིགས་མེད་དགེ་བའི་འབྱུང་གནས་སུ་གསོལ་ནས་མཁན་པོ་བདེ་གཤེགས་ཚང་གསུངས་ཏེ་ཐུགས་རྩིས་ཆེན་པོར་མཛད། རུ་དམ་ཡང་དབེན་གཤིན་རྗེའི་སྒྲུབ་ཕུག་དང་ཚེ་རིང་ཕུག་སོགས་རི་ཁྲོད་དུ་བཞུགས་སྐབས་ཐུགས་དམ་མཛད་པས། བྱང་ཆུབ་སེམས་གཉིས་དང་། ཁྱད་པར་རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་ཀྱི་རྟོགས་པ་ནམ་མཁའ་དང་མཉམ་པ་བརྙེས། ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་ཆེན་མོ་དང་། ཐེག་ཆེན་མདོ་སྡེ་མཐོང་བའི་ཕན་ཡོན་སོགས་ལེགས་བཤད་ཀྱི་རྩོམ་པ་མང་དུ་མཛད། དགུང་ལོ་སུམ་ཅུའི་ནང་ཤེད་ཨ་མདོ་ཞབས་དཀར་པ་ཚོགས་དྲུག་རང་གྲོལ་གྱི་སྙན་པ་གསན་ནས་མཇལ་དུ་བྱོན་ཚེ་ཞབས་དཀར་གཤེགས་ཚར་བའི་སྐད་ཆ་ལམ་བར་དུ་གསན་ནས་གདུངས་དབྱངས་ཀྱིས། གང་གིས་ཐོག་མེད་བསྐལ་པའི་དུས་རིང་ནས། །ཞེས་པ་ལ་སོགས་པས་སྤྲུལ་སྐུ་མྱུར་འབྱོན་ཡང་མཛད། དེ་ནས་གསེར་ཐལ་ཕྱོགས་ཡར་ལུང་པདྨ་བཀོད་དུ་ཕེབས་ཏེ་དགེ་མང་སྐུ་ཞབས་རིན་པོ་ཆེས་གསང་རྙིང་རྒྱུད་བཤད་རྒྱས་པར་གནང་སྐབས་རྗེ་འདིའི་ཁྲིད་དཔོན་མཛད་ཅིང་། དེ་རྗེས་ཀྱང་གནས་དེར་ལོ་གཉིས་ཙམ་ལ་ཞག་ཞེ་ལྔ་རེའི་རིང་ལ་རྒྱུད་བཤད་ཤིན་ཏུ་རྒྱས་པ་བཀའ་དྲིན་དུ་སྩལ་བས་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་སྤྲིན་མཐོངས་ཀྱི་ཉི་ཞུར་ཙམ་གསལ་བར་བྱུང་བས། ཡུལ་གསེར་སྟོད་དུ་སྙིང་པོའི་བསྟན་པ་དར། །ཞེས་པའི་ལུང་བསྟན་ཐོག་ཏུ་ཁེལ་བར་གླེང་། ཝ་ཤུལ་སྟོབས་རྒྱས་སོགས་ཀྱིས་སྤྱན་དྲངས་ཏེ་ཝ་ཤུལ་ཁག་གསུམ། གསེར་ཐལ་ཚོ་མ་ལག་བཅོ་བརྒྱད་ཕལ་མོ་ཆེ་དང་བཅས་པ་ལ། སྤྱོད་འཇུག ། མ་ཎི་བཀའ་འབུམ་སོགས་ཆོས་ཀྱི་སྦྱིན་པ་གྲངས་མེད་པ་སྩལ་ཞིང་བདེ་སྨོན་དང་ཡི་གེ་དྲུག་མའི་ཕྲིན་ལས་ཁྱབ་བརྡལ་དུ་སྤེལ། གསོན་རིམ་དང་གཤིན་ཆོག་ལ་སྐམ་ལུག་མང་པོ་བསད་དེ། དགེ་འདུན་ལ་དམར་སྟོན་བྱེད་པའི་སྲོལ་ངན་རྒྱུན་བཅད་ཅིང་། ཇག་རྒྱ་རྐུ་ཁྲིམས་བཞག་སྟེ་ཕན་བདེའི་ལམ་སྲོལ་ཆེན་པོ་བཏོད། རིམ་གྱིས་རྡོ་ཡུལ་དུ་ཕེབས་ནས་ཤུག་ཆུང་དགོན་སོགས་སུ་ཆོས་ཅི་རིགས་བསྟན། ཤུག་ཆེན་སྟག་མགོར་ཡུན་རིང་བཞུགས་ནས་བཀའ་འགྱུར་རིན་པོ་ཆེ་ཞིབ་ཏུ་གཟིགས་ཤིང་བཀླག་པས་མདོ་སྡེ་མང་པོ་ཐུགས་ལ་ཟིན་གསུངས། དྷི་ཆུང་ནགས་སམ་ཨ་རིའི་ནགས་སུ་ཁོང་དང་ལུང་རྟོགས་གཉིས་བཞུགས་སྐབས་རྩམ་པ་ཁུག་མ་གང་ཡོད་པ་གསོལ་ཚིགས་དུས་ཅུང་ཟད་གསོལ་ནས་རྩམ་ཁུག་དེ་ཤིང་ལ་བཏེགས། ཁོང་ལ་སྤྱོད་འཇུག་ཚིག་བཞི་རེ་གཉིས་གསུངས། ལྭ་བ་དཀར་པོ་ཞིག་ལས་མནབས་རྒྱུ་མེད་དབྱུག་པ་ཞིག་བསྣམས་ནས་ཧ་ཧ་ཞེས་པའི་འུར་སྒྲ་ཆེན་པོ་མཛད་དེ་ནགས་ནང་དུ་བྱོན་བཞུགས་མཛད། ཡང་ཕྱི་ཉིན་དེ་ལྟར་མཛད་པར་ལུང་རྟོགས་གསུངས། དེ་འདྲའི་ཚུལ་གྱིས་ཟླ་བ་ཁ་ཤས་བཞུགས་ཏེ། ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་། ཞེས་པ་དེ་འདི་འདྲ་ལ་ཟེར་བ་ཡིན་ཞེས་ཐུགས་སྤྲོ་ཉམས་མཛད། དེར་གཞི་ཆེན་སྤྲུལ་སྐུ་སོགས་དོན་གཉེར་ཅན་མང་པོ་ལ། སེམས་ཉིད་ངལ་གསོ་དང་ཡོན་ཏན་མཛོད་སོགས་ཀྱི་བཤད་ཁྲིད་རྒྱུན་རིང་བསྐྱངས། དེ་སྐབས་ཤིག་ལ་བོང་ཆུང་རྟ་ཤུལ་གྱི་རྒད་པོ་ཞིག་ཚོང་ལ་འགྲོ་བའི་ལམ་དུ་ཆུས་ཁྱེར་ནས་ཤི་བ་ཟླ་བོ་རྣམས་ཀྱིས་རོ་བཀལ་ནས་ཕུག་པ་དང་ཉེ་བའི་ཕྱོགས་སུ་ཕྱིན་ཏེ་འཕོ་བ་ཞུས་པས་ཆོས་ཞུ་མང་པོ་དང་བཅས་པས་འཕོ་ལུང་གསུངས། མཚམས་ཤིག་ནས་རྗེ་བླ་མ་ཉིད་རྒྱ་ཆེར་བཞད་དེ་འཕོ་ལུང་གསུང་འཕྲོར་ལུས་ཀྱང་འཁོར་རྣམས་ཀྱིས་མཇུག་རྫོགས་པར་བཏོན། དེ་སྐབས་ཅི་ཡང་མི་གསུངས། ཕྱིས་སུ་རུ་དམ་གཤིན་རྗེའི་སྒྲུབ་ཕུག་འོག་མར་རྗེ་བླ་མ་ཉིད་བཞུགས་ཤིང་། ཕུག་པ་གོང་མར་རྒྱལ་མོ་རོང་པའི་ཆོས་པ་གླེན་ནེ་བ་ཞིག་ཡོད་སྐབས། ཉིན་གཅིག་རྗེའི་ཞལ་ནས། འདི་ལྟར་དབེན་པའི་གནས་སུ་དགེ་སྦྱོར་བྱས་ཏེ་བསྡད་ན་རྣམ་གཡེང་མེད་ཅིང་རིག་པ་ངང་གིས་དངས་པས་སྔོན་གནས་རྗེས་དྲན་སོགས་འོང་བ་ལ་ཚེགས་མེད། ཁྱོད་ལ་དེ་འདྲ་ཅང་ཨེ་བྱུང་གསུངས་པར། ཁོས་ཅི་ཡང་མ་བྱུང་ཟེར། ངས་ནི་རེས་འགའ་སྔ་མའི་ཚེ་རབས་བརྒྱ་ཕྲག་ལྷག་པ་ཡང་དྲན་པར་བྱུང་། སྔོན་དུས་གྲུབ་ཆེན་ནག་པོ་སྤྱོད་པ་གྲོང་ཁྱེར་ཞིག་ཏུ་བྱོན་དུས། ང་རང་གྲོང་ཁྱེར་གྱི་སྨད་འཚོང་མར་གྱུར་པས་གསེར་གྱི་གདུ་བུ་ཞིག་ཕུལ་བས། དེ་ཚུན་ཆད་བླུན་རྨོངས་ཕག་ཐོམ་ལྟ་བུར་ནམ་ཡང་མ་སྐྱེས་པ་ཞིག་ཀྱང་དྲན་གསུངས་སྐད། འདི་ལྟར་མངོན་པར་ཤེས་པ་མངའ་བའི་གསུང་སྒྲོས་སུ་གཏོགས་པ་གཞན་ཡང་། དེ་དུས་རྒད་པོ་ཤི་བ་དེའི་བར་སྲིད་སུམ་བཅུ་རྩ་གསུམ་པའི་ལྷ་ཡུལ་དུ་སྐྱེས་ཏེ་ལྷའི་བྱིས་པའི་གཟུགས་ཀྱིས་སླེབ་པ་ཞིག་མཐོང་ནས་མདུན་དེར་རྒད་པོའི་རོ་མགོ་སེ་ཡེ་རེ་བ་འདུག །དེ་ལ་བལྟས་པས་རྒད་པོ་སེ་བོ་འདིའི་མགྱོགས་པ་ལ་ཨང་སྙམ་ནས། ང་དགོད་ཁ་ཤོར་ཏེ་འཕོ་ལུང་འདོན་འཕྲོ་ཆད་པ་ཞིག་བྱུང་ཞེས་གསུངས་པ་ལྟ་བུ་འགའ་རེ་ཡོད་ཚོད་འདུག །ཡང་དྷི་ཆུང་ཕུག་སོགས་སྨད་ཅིག་ཏུ་བཞུགས་སྐབས། ཁྲོམ་མང་པོ་ལ་ཆོས་ཁྲིད་རྒྱ་ཆེན་ཞིག་གསུང་། དེ་དུས་དངུལ་རྡིལ་ཚད་ཅིག་ཕུལ་བ་སྤྲང་པོ་ཞིག་གིས་མཐོང་། དགོང་མོ་རི་ཁྲོད་དུ་ཕེབས། དེ་ནུབ་སྤྲང་པོ་དངུལ་དོན་གཉེར་གྱིས་བཀྲོང་དུ་སོང་བ་ལ། དགོངས་ཏེ་ང་རང་གསོད་མི་དགོས། དངུལ་ནི་དེ་གར་བསང་ཁྲི་མཐོན་པོ་ཡོད་པའི་གསེབ་ཏུ་བཅུག་ཡོད། སུ་ལ་རིག་མ་བཅུག་ཁྱོད་རང་གསོད་དོ་གསུངས། རྗེས་སུ་གཞན་གྱིས་གོ་ནས་སྤྲང་པོ་བརྡུང་བརྡེག་བྱེད་པ་སོགས་གསན་པ་ན། དེ་ལ་གནོད་པ་བྱས་ན་ཁོང་ང་རང་གསོད་པ་དང་ཁྱད་མེད་གསུངས་ཏེ་སྲོག་བསྐྱབས་ནས་དངོས་སུ་བདག་གཞན་བརྗེ་བར་མཛད། འཛི་དཀར་ཡང་ཕེབས་ཏེ་མ་ཎི་བཀའ་འབུམ་སོགས་གསུངས་ཤིང་ཡིག་དྲུག་གི་ཕྲིན་ལས་རྒྱས་པར་མཛད། འཛམ་ཐང་དུ་ཀུན་མཁྱེན་དོལ་པོའི་འགྲེལ་བའི་སྟེང་ནས་རྒྱུད་བླ་མ་རྒྱས་པར་བཤད་ཅིང་བསྡུས་དོན་བརྩམས། གཙང་པ་དགེ་སློང་ངག་དབང་ཆོས་འབྱོར་ལས་སྦྱོར་དྲུག་གསན། མི་ཉག་ཏུ་བྱོན་ཏེ་འདྲ་པ་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་མདུན་ཕར་ཕྱིན་སྐོར་སོགས་ཀྱི་དྲི་བ་མང་པོ་ཞུས་པས། ཁྱོད་སུ་ཡིན། གང་ནས་འོང་གསུངས་པར། དཔལ་དགེ་ཟེར་བ་ཁམས་རྫ་ཆུ་ཁ་པ་ཞིག་ཡིན་ཞུས་ནས་ཕྱིར་ཕེབས་རྗེས། ཉེར་གནས་ལ་ཁོང་དཔལ་དགེ་བྱ་བ་ཡིན་ཟེར་ཏེ། མདོ་ཕྱོགས་ལ་ང་རང་མཁས་སྙམ་ཡང་། ད་ལྟ་འཛམ་གླིང་ན་མདོ་སྔགས་གཉིས་ལ་ཁོང་ལས་མཁས་པ་མི་འདུག་པས་སྐྱེས་བུ་དམ་པ་ཞིག་ཏུ་སྣང་ངོ་ཞེས་གསུངས་སྐད། རྒྱལ་ཕག་དགོན་དུ་ཀུ་ལུ་ཀུན་བཟང་སོགས་ལ་ཀློང་ཆེན་སྙིང་ཐིག་གི་དབང་ཁྲིད་ཡོངས་རྫོགས་གསུངས་པ་སོགས་སྐལ་ལྡན་རྣམས་ལ་འོད་གསལ་རྡོ་རྗེ་སྙིང་པོའི་དབང་ལུང་ལག་ལེན་དམར་ཁྲིད་ལྐོག་ཆོས་སུ་གནང་བ་མང་པོ་ཡོད་པར་ངེས་སོ། །མགོ་ལོག་སྨར་སྟོད་སྨད། རྨ་ཁོག་སོགས་སུ་ཡང་མ་ཎི་བཀའ་འབུམ་གཙོ་བོར་གྱུར་པའི་དམ་པའི་ཆོས་ཀྱི་ཆར་ཕབ་སྟེ་བ་ལང་ལྟ་བུའི་སྐྱེ་བོ་བླུན་པོ་རྣམས་ལའང་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་བོན་བསྐྲུན། དད་པ་དང་སྙིང་རྗེ་ཆུང་བ་དཀར་ཕྱོགས་ལ་སྡང་ཞིང་སྡིག་ལ་འཛེམ་མེད་དུ་སྤྱོད་པའི་མི་དཔོན་དང་ཇག་དཔོན་ང་རྒྱལ་ཅན་ཤིན་ཏུ་གདུལ་དཀའ་བ་རྣམས་ཀྱང་། སྙིང་རྗེའི་དཀའ་ཐུབ། གྲུབ་པའི་གསུང་གི་མཚམས་ལས་འདའ་བར་མ་ནུས་ཏེ། རྐུན་རྒྱ་ཇག་ཁྲིམས་དང་རྔོན་པ་མང་པོའི་སྡིག་འཕྲོ་གཅོད་པ་སོགས་ཀྱི་སྒོ་ནས་ཡུལ་ཁམས་དཀར་པོར་བསྒྱུར། སྨར་རོང་གི་ཡུལ་མཐའ་སྔོན་ཆད་ཡིག་དྲུག་འདོན་པ་ལྟ་ཅི་བགྲང་ཕྲེང་ལག་ཏུ་འཛིན་སྲོལ་ཙམ་ཡང་གཏན་མེད་པའི་ཕྱོགས་སུ་ཡང་ཆོས་བསྟན་ཏེ། མ་ཎི་འདོན་པའི་སྲོལ་ལམ་པོ་ཆེ་བཞིན་དུ་བཟང་ཞིང་ཡངས་པོར་བཏོད་པས་མཚོན་གདུལ་དཀའ་འདུལ་བའི་ཕྲིན་ལས་བསམ་གྱིས་མི་ཁྱབ་སྟེ། དགེ་དབོན་རིན་པོ་ཆེས་གསུང་བའི་དཔལ་སྤྲུལ་རིན་པོ་ཆེ་སྐུ་བསྟོད་ལས། རྗེ་ཁྱེད་མཇལ་དང་མཚན་ཙམ་ཐོས་ཀྱང་དགེ་ཞེས་དང་། བྱང་ཆུབ་སེམས་བསྐྱེད་ལས། འགྲོ་བའི་དོན་མེད་མི་འགྱུར་ཁྱོད་དང་རྒྱལ་བ་ཁོ་ནའི་ཆོས། ཞེས་པ་ལྟར་རོ། །སླར་ཡང་རྡོ་ཡུལ་དུ་བྱོན་ནས་དྷི་ཆུང་ཕུག་ཏུ་བཞུགས་སྐབས། སྐུ་ཞབས་མཁྱེན་བརྩེ་རིན་པོ་ཆེའི་སྒར་པ་དར་རྩེ་མདོ་ཕྱོགས་ནས་ཡར་བཏེགས་ཏེ། གཉན་པོ་གཡུ་རྩེའི་གནས་མདུན་སྔོ་མཚོའི་ཁར་ཕེབས་པ་གསན་ནས་དེར་ཆེད་གཏད་ཀྱིས་བྱོན། སྐུ་ཞབས་ཀྱང་ཤིན་ཏུ་དགྱེས་ནས་ཆོས་ཀྱི་གསུང་གླེང་མང་དུ་མཛད་ཅིང་། མཁའ་འགྲོ་བདེ་ཆེན་རྒྱལ་མོའི་དབང་ཞིག་གནང་བར་ཞུས་པས། དེ་ངས་གསང་རྒྱས་བཏབ་ནས་སུ་ལའང་མ་བྱིན་པར་ལོ་མང་པོ་སོང་བ་ཡིན་ཏེ། ད་རེས་ཁྱེད་ལ་སྟེར་ཞེས་དགྱེས་བཞིན་དུ་གནང་། ལོ་བརྒྱད་ཅུར་འཚོ་བའི་ལུང་བསྟན་དང་འབྲེལ་ཚད་དོན་ལྡན་གྱིས་དབུགས་དབྱུང་། སྔགས་ཕྱི་ནང་གསང་བའི་བཀའ་ལུང་མང་པོ་ཐོབ་ནས་སླར་ཡང་རྡོ་ཡུལ་དུ་ཆག་ཕེབས་ནས་སྟོད་སྨད་ཕན་ཚུན་གྱི་སའི་ཆ་དུ་མར་སྤྱོད་འཇུག་གཙོ་བོར་གྱུར་པའི་ཆོས་སྦྱིན་རྒྱ་ཆེར་མཛད། དེ་ནས་མི་རིང་བར་སྟོད་ཕྱོགས་སུ་ཞབས་པད་བཀོད་དེ། རྫོགས་ཆེན་ཤྲཱི་སིདྷའི་ཆོས་གྲྭ་དང་། པདྨའི་ཐང་དང་། ནགས་ཆུང་མའི་རི་ཁྲོད་སོགས་སུ་མངོན་རྟོགས་རྒྱན་དང་རྩ་བ་ཤེས་རབ། མདོ་སྡེ་རྒྱན། མངོན་པ་མཛོད། སྒྱུ་འཕྲུལ་གསང་བ་སྙིང་པོ། ཡོན་ཏན་མཛོད། སྡོམ་གསུམ་རྣམ་ངེས་སོགས་མང་དུ་བཤད། ལོ་སྔ་ཕྱིར་དུ་མར་སྤྱོད་འཇུག་གསུངས་སྐབས། ས་ཕྱོགས་དེར་མེ་ཏོག་སེར་ཆེན་འདབ་མ་སུམ་ཅུ་དང་ལྔ་བཅུ་ཡོད་པ་སོགས་སྔར་མེད་མང་དུ་སྐྱེས་པ་ལ་སྤྱོད་འཇུག་མེ་ཏོག་ཏུ་གྲགས་པ་བྱུང་། མངོན་རྟོགས་རྒྱན་ལ་ལེགས་བཤད་གསེར་ཕྲེང་གི་རྗེས་སུ་འབྲང་བའི་སྒོམ་རིམ་བརྩམ་པ། ཕྱིས་སུ་མི་ཕམ་པས་འདི་ལས་ངོ་མཚར་ཆེ་བ་མ་མཐོང་ཞེས་ཆེད་དུ་བསྔགས། སྡེ་དགེ་ལྷ་སྲས་འཆི་མེད་རྟག་པའི་རྡོ་རྗེ་སྐུ་མཆེད་ཉག་རྐེད་ཀྱི་འོག་ནས་ཐར་ཏེ་རྒྱལ་སར་འཁོད་དུས་རྫོགས་ཆེན་བླ་བྲང་ནས་གདན་ཞུས་དགའ་སྟོན་ཕུལ། དེ་སྐབས་རྗེ་འདིས་ཀྱང་བཟང་པོ་སྤྱོད་པའི་ཆོས་འབྲེལ་དགྱེས་བཞིན་གནང་། འདི་སྐབས་མཆོག་གྱུར་བདེ་ཆེན་གླིང་པ་རྫོགས་ཆེན་དགོན་དུ་བྱོན་ཏེ་རུ་དམ་གངས་ཁྲོད་ནས་བདེ་མཆོག་སངས་རྒྱས་མཉམ་སྦྱོར་གྱི་གཏེར་བཞེས། ཆོས་སྐོར་དེ་དང་རིགས་གསུམ་སྙིང་ཐིག་སོགས་ཀྱི་ཆོས་བདག་ཏུ་ངོས་འཛིན་གནང་བ་ལྟར་རྗེ་འདིས་ཀྱང་ཐུགས་དད་ཆེན་པོས་དབང་ལུང་ཁྲིད་གསུམ་ཡོངས་རྫོགས་མནོག་ཆོས་སུ་གསན། སླར་ཡང་ཚོགས་མང་ལ་དགོངས་འདུས་སྒྲུབ་ཐབས་སྐོར་གྱི་ལུང་གནང་བར་རྗེ་འདིས་གསོལ་བ་བཏབ་པ་དེ་བཞིན་སྩལ་བའི་མཇུག་རྫོགས་མཚམས་སུ་གསུང་མཐོན་པོས། འོ་དེ་རིང་རང་རེ་རྣམས་ཀྱིས་གཏེར་སྟོན་སངས་རྒྱས་གླིང་པའི་མདུན་ནས་བླ་མ་དགོངས་འདུས་ཐོབ་པའི་སྐལ་བཟང་བྱུང་བ་རེད་པས་ཀུན་གྱིས་བསྙེན་སྒྲུབ་རེ་གྱིས་ཞེས་གསུངས། ཀཿཐོག་རྡོ་རྗེ་གདན་དུའང་ཞབས་ཀྱིས་བཅགས་ཏེ་དམ་གཙང་བྱམས་གསུམ་གྱི་གདུང་རྟེན་སྐུ་འབུམ་ལ་ཕྱག་སྐོར་མཛད་སྐབས། སྐུ་ཞོག་མཁྱེན་བརྩེ་མདོ་རིན་པོ་ཆེ་ལ་སློབ་གཉེར་བསླབ་དགོས་གསུངས་པའི་ཡི་གེ་དང་བཅས་ཁོང་སྐུ་འབུམ་གྱི་ཤར་སྒོར་ཕེབས་པ་དང་མཉམ་དུ་མདོ་རིན་པོ་ཆེ་དེར་ཕེབས་པ་དང་། ཁོང་གིས་མཚན་བརྗོད་ཞལ་འདོན་བྱེད་པའི་དུས་དེར་རྟེན་འབྲེལ་བརྟགས་པས། ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཞེས་པའི་ཚིག་མཚམས་ལ་བབས་པས། ཁོང་གི་ཐུགས་དགོངས་ལ་ཇི་འདྲའི་མཁས་པ་ཞིག་ཡོང་བསམ། ང་རང་མིན་པ་ཞིག་ཡིན་ན་ལུང་བསྟན་ཡིན་བྱས་ཀྱང་ཆོག་གསུངས་པ་བཞིན་མཁས་པ་ཆེན་པོར་གྱུར་ཏོ། ། སྐབས་དེར་དམ་གཙང་བྱམས་གསུམ་དང་འབུམ་པ་རྣམ་གསུམ་གྱི་གསོལ་འདེབས་ཀྱང་གསུངས། སི་ཏུ་མཆོག་སྤྲུལ་དམ་པ་ཆོས་ཀྱི་བློ་གྲོས་སོགས་ཀྱིས་གསོལ་བ་བཏབ་པ་ལྟར། གཙུག་ལག་ཁང་དུ་འདུས་སྡེ་ཡོངས་ལ་སྤྱོད་འཇུག་རྒྱས་པ་སོགས་གསུངས། ཞིང་སྐྱོང་རིན་པོ་ཆེས་ཀྱང་ཆོས་ཐུན་གསན། ཡང་གཤིན་རྗེའི་སྒྲུབ་ཕུག་ཏུ་བཞུགས་སྐབས་ཤིག་ལ་གཞན་འགའ་རེས། ཁྱོད་ཀྱི་ཤ་མདོག་སོགས་ལ་བལྟས་ནས་མཛེ་ནད་ཀྱི་དོགས་པ་ཞིག་འདུག་ཟེར། རང་ལའང་ཀླུ་གདོན་གྱི་རྟགས་མཚན་འགའ་རེ་བྱུང་བ་ལ། རཏྣ་གླིང་པའི་གཏེར་ཁའི་རྟ་ནག་དེའི་སྒོམ་བཟླས་བྱས་པས་རང་གི་ལུས་ལས་སྦྲུལ་ཆེན་པོ་ཞིག་ཕྱིར་ཐོན་པ་རལ་གྲིས་དུམ་བུར་བཅད་པ་སོགས་རྨི་ལྟས་ཡ་མཚན་ཆེ་བ་དང་བཅས་ཞག་བདུན་ཁོ་ནས་ནད་དེ་ཡུལ་ཕུད་གསུངས། ཡང་མཆོག་གྱུར་གླིང་པའི་རིག་གསུམ་སྙིང་ཐིག་གི་འཇམ་དཔལ་རྫོགས་ཆེན་དེ་ལ་ངས་བསྙེན་སྒྲུབ་ཅིག་བྱས་པས་དེའི་གཞུང་ལས་བཤད་པའི་རྨི་རྟགས་ཚོ་གསལ་པོ་བྱུང་། མཆོག་གྱུར་བདེ་ཆེན་གླིང་པ་དེ་གཏེར་སྟོན་བདེན་པ་ཞིག་རེད་གསུངས་པ་སོགས་ལས་དཔག་ན་བསྙེན་སྒྲུབ་ཀྱི་རིགས་གཞན་ཡང་མང་པོ་མཛད་ཚོད་སྣང་ཡང་ཕྱིར་མི་མངོན་པས་ཤེས་དཀའ། ཡང་རྫོགས་ཆེན་རི་ཁྲོད་དུ་བཞུགས་སྐབས། ཕ་བོང་ཞིག་གི་རྩར་སླེབས་ཚེ་བྱང་ཆུབ་ཀྱི་སེམས་དྲན་དགོས་ཞེས་དྲན་རྟེན་དུ་བཞག་སྟེ་ཕ་བོང་ཆེན་པོ་ཞིག་གི་སྟེང་དུ་བཞུགས་ནས་ཆོས་ཁྲིད་གསུངས། རླུང་དང་རྫི་ཆར་དྲག་པོ་ཇི་ལྟར་བྱུང་ཡང་བསྒུལ་སྐྱོད་ཙམ་ཡང་མི་མཛད། ཕྱི་དྲོ་སོགས་སུ་སྐུ་གཅེར་བུར་བཞུགས་ཏེ་ཤ་སྦྲང་གིས་བར་མཚམས་མེད་པར་སྐུ་ལུས་གཟར་བཅུག་པ་སོགས་དགེ་དཔོན་རིན་པོ་ཆེས་གསུངས། དགེ་རྩེ་སེར་ཤུལ་དགོན་དང་། ལབ། ཁྲི་འདུ། སྒྲུབ་བརྒྱུད་དགོན་སོགས། ས་དགེ་བཀའ་རྙིང་གི་དགོན་སྡེ་ཆེ་ཕྲ་མང་པོར་བྱོན་ནས། སྤྱོད་འཇུག་དང་ཞིང་སྒྲུབ་སོགས་ཀྱི་བཤད་པ་རྒྱ་ཆེར་སྩལ་བ་ཕལ་ཆེར་ད་ལྟའི་བར་དུ་མ་ཉམས་པར་གནས་ལ། ཁྱད་པར་སེར་ཤུལ་དགོན་དུའང་རྒྱུད་བླ་མ་བདེ་གཤེགས་སྙིང་པོ་སྐུ་དང་ཡེ་ཤེས་སོགས་སྒྲ་ཇི་བཞིན་པར་རྒྱས་པར་གནང་སྟེ་མདོ་སྔགས་མཚམས་སྦྱོར་ལྟ་བུ་ཡིན་ཞེས་དགེ་བཤེས་ལྷ་རམ་པ་ཆེན་པོ་སོགས་མཁས་པ་དང་བློ་གསལ་མང་པོའི་དབུས་སུ་གསུངས་གསང་མཐོན་པོའི་གནང་ཡང་ཕྱག་ཐལ་སྦྱར་གྱིས་དང་ལེན་མཛད་པར། སྐུ་བསྟོད་ལས། རྒྱལ་བའི་བཀའ་འཁོར་བར་དང་ཐ་མ་དག །བྱིས་བློའི་ཡུལ་དུ་འགལ་བ་ཁོ་ནར་སྣང་། །འཕགས་ལམ་བརྙེས་པ་གང་གི་གཟིགས་ངོ་ན། །འགལ་མིན་ཕྱིར་ན་གཉིས་ཆར་ངེས་དོན་ཞེས། །རྗེ་ཁྱོད་གསུངས་གསང་མཐོན་པོའི་བཀའ་སྩལ་བ། །ལེགས་ཕྱེ་ལྡེམ་པོར་གསུང་ཞེས་ལག་བརྡར་བའི། །དགེ་བཤེས་འབུམ་ཕྲག་ཚོགས་ཀྱང་ཞུམ་པའི་བློས། །རང་གི་གྲུབ་མཐའ་སྨྲས་བཞིན་གུས་པར་ཉན། །ཞེས་སོ། །དེར་ཡང་། སྤྱོད་འཇུག་ཆོས་ཐུན་ཞག་ཉི་ཤུའི་སྲོལ་དང་དངུལ་རྡིལ་ཚད་དང་ཞིང་ཐང་གནང་ནས་རྗེ་རིན་པོ་ཆེའི་བདེ་སྨོན་ཕུལ་བྱུང་མའི་བཤད་ཁྲིད་དང་ཕྱག་སྦྱངས་སོགས་ཀྱི་སྲོལ་གནང་བར་མཛད། རྫ་དགོན་དུ་ལོ་རེར་སྤྱོད་འཇུག་ཟླ་ཁྲིད་གསུམ་རེ་དང་། ཞིང་ཐང་གནང་ནས་ཞིང་སྒྲུབ་ཉིན་བདུན་རེ་ལ་བཤད་ཁྲིད་དང་ཕྱག་སྦྱངས་སོགས་ཀྱི་སྲོལ་བཏོད། དགེ་གོང་དུ་སྤྱོད་འཇུག་དང་ཞིང་སྒྲུབ་ཀྱི་སྲོལ་བཙུགས་པ་ད་ལྟའི་བར་དུ་མ་ནུབ་པར་གནས་པ་འདིའོ། །དགེ་མང་། དགེ་འགབ་སོགས། རྫ་རྒྱུད་སྟོད་སྨད། གསེར་ཐལ། རྡོ་འཛི་སྨྲར་གསུམ། ཞེ་རྫོགས། གླིང་ཚང་སོགས་ཀྱི་དགོན་གནས་ཡུལ་འབྲོག་ཕལ་ཆེར་ཞབས་ཀྱིས་བཅགས་ཤིང་བསྟན་འགྲོ་ལ་སྨན་པའི་བཤད་སྒྲུབ་ཀྱི་སྐལ་བཟང་དུ་མཛད་དེ་ཡོངས་རྫོགས་བསྟན་པའི་མངའ་བདག་ཏུ་གྱུར་པ་ཡང་། གསར་རྙིང་གི་གཞུང་གང་བཤད་ཐམས་ཅད་དེ་དག་གི་ལུགས་ལྟར་མ་འདྲེས་པར་བཤད་པ་དང་། ཁྱད་པར་སྤྱོད་འཇུག་ནི། ས་སྐྱ་པའི་ནང་དུ་རྗེ་བཙུན་བསོད་ནམས་རྩེ་མོའི་འགྲེལ་པ་ལྟར་དང་། དགེ་ལུགས་པ་ལ་ཟིན་བྲིས་དང་དར་ཊཱིཀ་ལྟར། བཀའ་རྒྱུད་པ་ལ་དཔའ་བོ་གཙུག་ལག་ཕྲེང་བའི་འགྲེལ་པ་ལྟར་དང་། རྙིང་མའི་ནང་ཤེར་འབྱུང་བློ་གྲོས་ཀྱི་འགྲེལ་ཆེན་དང་། ཐོག་འགྲེལ་ལྟར་བཤད་པར་མཛད་ལ། དེ་དག་གི་ཚེ་ཡང་གསར་རྙིང་གི་གྲུབ་མཐའི་ཕྱོགས་འཛིན་དང་། དགག་བཞག་གི་ཟེར་མཆུ་རང་བསྟོད་གཞན་སྨད་སོགས་སྐབས་སུ་མ་བབས་པ་དང་། དུས་ཀྱི་དབང་ལས་ཆགས་སྡང་གི་རྒྱུར་འགྲོ་བའི་གཏམ་རྣམས་ཆ་ཤས་ཙམ་ཡང་མ་འདྲེས་པར་འགྲེལ་པ་མཁན་པོའི་ལུགས་ལྟར་བཤད་པ་དེ་དང་དེའི་རང་བཞེད་ཁ་གཙང་གསལ་ཞིང་། དག་ལ་ཟུར་ཕྱིན་པ། དོན་གྱི་གནད་ཐོག་ཏུ་འདྲིལ་ཞིང་། ཧ་ཅང་རྒྱས་བསྡུས་ཀྱི་མཐར་མ་ལྷུང་བ་ཉམས་ལེན་གྱི་སྟེང་དུ་བསྐོར་ནས་གསུངས་པས་ལྷ་ལྡན་སྨོན་ལམ་རབ་འབྱམས་པ་མང་པོས་ཀྱང་ཡི་རངས་ཀྱི་མེ་ཏོག་འཐོར་ཞིང་གུས་པས་བཏུད། ཧོར་ཁང་གསར་སྐྱབས་མགོན་བྱོན་ནས་གདོལ་བའི་དྲང་སྲོང་གི་གཏམ་དུ་གྲགས་པ། གང་གིས་ཁམས་གསུམ་ཁམ་ཟས་སུ། །ཞེས་པའི་དབུ་ཅན་དེ་བཤད་ཁྲིད་ཀྱི་ལུགས་སུ་གསུངས་པར་ཞུས་པས་སྤྱི་དོན་བཀོད་ནས་བཀྲལ་ཏེ་གསུངས། འདན་པདྨ་རི་མཐོའི་ཤེལ་དཀར་ཕུག་ཏུ་ཡུན་རིང་ཙམ་བཞུགས་སྐབས། སྡེ་དགེའི་གཟིམས་དཔོན་བཀྲ་ཤིས་དགེ་ལེགས་ཀྱིས་ཞུས་ངོར་ལྷ་ཆོས་དང་མཐུན་པའི་གཏམ་པདྨའི་ཚལ་གྱི་ཟློས་གར་ཞེས་བྱ་བའི་ཡ་མཚན་ཅན་དེ་དང་། སྐུ་ཞབས་མཁྱེན་བརྩེའི་གསོལ་འདེབས་ཆེན་མོ་བཀྲ་ཤིས་དགེ་ལེགས་མ་མཛད། ཕྱིས་སུ་གཙོ་བོར་བླ་མ་སྤྱན་རས་གཟིགས་ཀྱི་གདན་ས་རྫ་རྒྱལ་དགོན་དང་། དེའི་ཉེ་སྐོར་ཉིད་དུ་བཞུགས་ཤིང་བྱམས་ཆོས་དང་། རྩ་ཤེས་བུདྡྷ་པཱ་ལི་ཏ། སྤྱོད་འཇུག །ཡོན་ཏན་མཛོད། བཟང་སྤྱོད་སོགས་ཀྱི་བཤད་པ་ཅི་རིགས་པར་གནང་། སྔོན་དུས་དཔལ་དགེ་བསམ་གཏན་ཕུན་ཚོགས་ཀྱིས་རྡོ་འབུམ་ཆེན་མོ་བཞེངས་སྐབས་ད་དུང་སྐྱེ་བ་ཕྱི་མར་ད་ལྟའི་འདི་ལས་རྒྱ་མི་ཆུང་བའི་རྡོ་འབུམ་ཁ་གསོ་བྱེད་རྒྱུ་ཡིན་ཞེས་ཞལ་གྱིས་བཞེས་པར་གྲགས་པ་ལྟར། ཨ་ཐུབ་ཚང་དཔོན་ཆེན་པོའི་རིགས་ལས་བྱུང་བའི་དད་ལྡན་འཇམ་དབྱངས་བློ་གྲོས་སོགས་ཀྱིས་བསྐུལ་ཞིང་ལོ་བཞི་ལྔ་ཙམ་དུ་མཆོག་དམན་སུས་དད་འབུལ་ཆེ་ཕྲ་བྱུང་ཚད་སྔར་དུས་དང་མི་འདྲ་བར་བརྩེ་བཞེས་མཛད་དེ། རྡོ་རྐོ་བཟང་ལ་མང་བ་བསགས་ནས་སྔོན་གྱི་རྡོ་འབུམ་ལས་ཀྱང་རྒྱ་ཆེ་ཞིང་དཔང་མཐོ་བའི་ཁ་གསོ་གནང་ཞིང་། རྡོ་བརྐོས་འབུར་ཐམས་ཅད་རྩིས་ལན་ཞིབ་གཟིགས་ནན་ཏན་དུ་མཛད་པས་ཤིན་ཏུ་དབྱིབས་ལེགས་ཤིང་སྤུས་གཙང་བ་མཐའ་རྒྱས་སུ་གྲུབ། དེ་སྐབས་སྡེ་མཐའ་ཉུལ་བའི་སྤྲང་པོ་མཐོང་དུ་མེད་པ་ལྟ་བུར་གྱུར། བཀའ་ལས། རྟེན་བཞེངས་ཀྱི་རིགས་འདི་སེམས་ཅན་མང་པོ་ལ་ཕན་ཐོགས་ཆེ་བར་འདུག་ཀྱང་། ས་འབུམ་དང་ས་སྐུ་སོགས་ནི་ཆར་ཆུས་འཇིག །ཟངས་གསེར་སོགས་ལས་བྱས་པ་ནི་བདག་པོ་ངན་ན་ཆོམ་རྐུན་ཡང་ལྡང་། ལོགས་རིས་དང་ཐང་ཀ་ཡང་རྐྱེན་ཁྱག་ཆུང་། གཙུག་ལག་ཁང་བཞེངས་ན་ནི། ཐིགས་ཚགས་སོགས་ཉར་ཚགས་ལེགས་པོ་བྱེད་པའི་དཀོར་གཉེར་དང་དེའི་ཟས་གོས་སོགས་འབད་རྩོལ་བརྒྱ་ཕྲག་དགོས་ཤིང་། དེ་བྱས་ཀྱང་དཀོར་གཉེར་བཟང་པོ་བརྒྱུད་མར་རྙེད་དཀའ། གསུང་རྟེན་གླེགས་བམ་ཡང་འཐོར་བརླག་ཆུད་ཟོས་སུ་འགྲོ་སླ་ཞིང་སྤར་རྐོ་དུས་སྤར་ཡིག་ལ་ཞུ་དག་ལན་དགུ་རེ་སོགས་བྱས་ཀྱང་ད་དུང་མི་དག་པ་མང་དུ་སྣང་ཟེར་འདུག་པས་ཆད་ལྷག་འཁྲུལ་གསུམ་གྱིས་མ་གོས་པ་དཀའ་ཚོད་རེད། རྡོ་འབུམ་འདི་ནི་བཞེངས་ཚར་ནས་དབྱར་དུས་ཐིགས་ཚགས་དང་། དགུན་དུས་ཁ་བ་ཕྱགས་སྤྲུགས། ཕུག་རོན་དང་བྱི་བ་སྲུང་བ། དཀོར་གཉེར་བསྐོ་འཇོག་སོགས་གང་ཡང་མི་དགོས། ཡིག་འབྲུ་དྲུག་པོ་དེ་མ་ནོར་ཕན་ཆད་ཞུ་དག་བྱ་མི་དགོས་ཤིང་། དེ་རྡོ་རྐོ་མི་ནག་པ་རྣམས་ཀྱང་བློ་ལ་ཡོད་པས་དཔེ་གཞན་ལ་མི་ལྟོས་མ་ཎི་འདི་སངས་རྒྱས་ཉིད་ཀྱི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་ནང་བཅུད་ཡིག་འབྲུ་དྲུག་ཏུ་བསྡུས་ནས་བྱིན་གྱིས་བརླབས་པ་ཡིན་པས་རྟེན་བཞེངས་གཞན་མང་པོ་ནི་ཡལ་ག་ལ་འཇུས་པ་དང་། ངས་འདི་ནི་ལྗོན་ཤིང་གི་རྩ་བའི་གནད་ནས་བཟུང་བ་དང་འདྲ། ལུང་པ་དམག་གིས་ཁེང་ཡང་འདི་ལ་ཆོམ་རྐུན་ཡོད་དོགས་མི་དགོས་པས་མི་རབས་མང་པོའི་མཐར་ཡང་གནས་ཆོག །གནའ་མིའི་ཁ་སྲོལ་དག་ལས། མ་ཎིའི་རྡོ་ལ་གདན་བཏིང་ན་ད་གཟོད་གཤིན་རྗེ་ཆོས་རྒྱལ་གྱི་དྲུང་དུ་དགེ་སྡིག་རྒྱ་མ་ལ་བཀྱག་དུས་གདན་གྱི་ལྗིད་དེ་དགེ་བའི་ཁ་སྣོན་ལ་བཀྱག་ཆོག་ཟེར། གང་ལྟར་ཡང་འདི་ལ་ནི་འཛམ་བུའི་ཆུ་གསེར་གྱི་གདན་བཏིང་ཡང་འོས་པ་ལས་ལྷག་ཀྱང་ཡིན་ཏེ་འཁོས་ཀྱིས་མི་ལྕོགས། འོན་ཀྱང་ངས་ནི་ས་ཆེན་པོ་འདི་རྡོ་གདན་ལ་བཞག་པ་ཡིན་ཞེས་ངག་ཡིད་གཉིས་ཀས་བསྔོས་ཡོད་པའི་ངའི་དགེ་བ་རྒྱ་མ་ལ་བཀྱག་ན་ཨེ་མི་ལྗིད་སྙམ་ཞེས་གསུངས་ཏེ། རྡོ་འབུམ་འདི་ནི་ཕྱི་རབས་ནས་ཕྱི་རབས་སུ་མཐོང་ཐོས་དྲན་རེག་གི་འགྲོ་བ་གྲངས་མེད་པའི་དོན་དུ་རྗེ་ཉིད་ཀྱི་ཞལ་ཚབ་ཏུ་བྱིན་གྱིས་བརླབས་པ་ཡིན་པར་སྣང་ངོ་། །རྫོགས་ཆེན་མཆོག་སྤྲུལ་ལྔ་པ་དང་། སྐུ་ཞབས་དགེ་མང་མཆོག་སྤྲུལ། མཁན་ཆེན་རྡོ་རྗེ་འཆང་པདྨ་བཛྲ་དང་། མཁན་པོ་དཀོན་མཆོག་འོད་ཟེར་སོགས་གྲྭ་སྟོང་ཕྲག་ཙམ་ལ་ཁྲ་མ་ལུང་དུ་གསང་རྙིང་རྒྱུད་བཤད་སོགས་གནང་ནས་ཕྱིར་བྱོན་སྐབས་རྡོ་འབུམ་ལ་རབ་གནས་དངོས་ཏེ་ཞག་གཉིས་ལ་མཛད་དུ་བཅུག ། སླར་ཡང་རྫོང་གསར་དུ་ཀུན་མཁྱེན་བླ་མ་རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེའི་ཞབས་ཀྱི་སྤྱན་སྔར་དར་ནང་མཛོད་དང་། དངུལ་རྟ་རྨིག་གི་ཞུ་རྟེན་བཅས་རབ་གནས་ཀྱི་ཆེད་དུ་ཕྲིན་གྱིས་གསོལ་འདེབས་མཛད་པས་ཆུ་སྟོད་ཟླ་བའི་ཚེས་བཅུར་རབ་གནས་མཛད་རྒྱུའི་ཞལ་བཞེས་གནང་བ་ལྟར་དུས་ཚོད་དེ་ནས་བརྩམ་པའི་ཉིན་ཞག་གསུམ་ཙམ་གྱི་རིང་རྡོ་འབུམ་གྱི་སྟེང་ཤོད་བར་གསུམ་ཡོངས་རྫོགས་སུ་ལྷག་པར་གནས་པའི་མེ་ཏོག་གི་ཆར་བབས་པ་ཀུན་གྱིས་མཐོང་ཞིང་ལེན་དུ་ཡོད་པས་ངོ་མཚར་བར་མཛད་པ་དང་། ཁྱད་པར་ལྕེ་བཙུན་སྙིང་ཐིག་གཟིགས་པ་སོགས་ཀྱིས་ཐུགས་དྲངས་ཏེ། དེའུ་སྤྲུལ་ཚང་འདི་ནི་རྒྱ་གར་གྱི་གྲུབ་ཆེན་ལྟ་བུའི་ཚོད་དུ་འདུག་ཅེས་དང་། སློབ་མ་མང་པོ་ལའང་ཁོང་ཀུན་མཁྱེན་ཀློང་ཆེན་པ་དངོས་ཡིན་ཚོད་རེད། ད་ལྟ་ས་སྟེང་ན་ཁོང་ཆེ། དེའི་ཞལ་གཅིག་མཐོང་ན་ཁྱེད་ཚོའི་དཔྲལ་བ་ན་མིག་ཅིག་ཡོད་པ་དེ་ལ་དོན་འབྲས་བྱུང་བ་ཡིན། ཞེས་སོགས་ལན་གཅིག་མིན་པར་ཡང་ཡང་བསྔགས། སླད་ནས་ཞབས་དྲུང་རིན་པོ་ཆེའི་མདུན་དུ་སྐུ་ཚེ་སྔ་མ་རིག་འཛིན་འཇིགས་མེད་གླིང་པ་ལ་སངས་རྒྱས་མ་ཆགས་པདྨ་ཅན་གྱི་ལུང་བསྟན་ནང་དུ་སྐུ་ཚེ་བརྒྱད་ཅུ་གྱ་ལྔ་གསུངས་པ་དེར་བཞུགས་པའི་རྟེན་འབྲེལ་དུ་དར་ནང་མཛོད་བཅས། རྒྱལ་བའི་རྒྱལ་ཚབ་རིག་འཛིན་བླ་མ་མཆོག །ཅེས་པའི་དབུ་ཅན་སོགས་ཞབས་བརྟན་ཚིགས་བཅད་རེ་དང་ཚེ་དཔག་མེད་ཀྱི་སྐུ་ལི་མ་དགུ་དང་བླུག་མ་དྲུག་སྟེ་རྟེན་དང་སྦྲག་པ་བཅུ་གསུམ་ཕུལ་སྙམ་ཡང་ད་ནི་བཅོ་ལྔ་རེད་སོང་ཞེས་ཞལ་ནས་གསུངས། དེ་ལས་ཚིགས་བཅད་བདུན་ཙམ་ད་ལྟ་བཀའ་འབུམ་གྱི་ཁྲོད་ན་བཞུགས། གཞན་ཡང་། གོ་འཇོ་བླ་མ་ལ་གསུངས་པ་དད་པའི་རྣམ་དབྱེ་སོགས་ལས་གསུངས་མཆོག་ཡི་གེ་དྲུག་མའི་རྡོ་མཁར་ཆོས་ཀྱི་ཕུང་པོ་འདི་ལ་ཕྱག་མཆོད་བཀུར་སྟི། བསྐོར་བ། ཞིག་གསོས་སོགས་མཐོང་ཐོས་དྲན་རེག་གི་འགྲོ་བ་མི་དང་མི་མིན། ཐ་ན་རླུང་གིས་ཕོག་པ་ཡན་ཆད་ཕྱིར་མི་ལྡོག་པ་ཐོབ་པར་འགྱུར་རོ་ཞེས་རྒྱལ་བའི་བཀའ་སོགས་ལས་བསྔགས་པ་བཞིན་ཡང་ཡང་གཙོ་བོར་གསུངས་སོ། །རྫ་མ་མོའི་ཁ་མདོར་རྒྱ་བོད་གཉིས་འཁྲུགས་སྐབས་མ་ཎི་ལ་གནོད་པ་མེད་པར་མི་ལྔ་བཅུ་སོགས་བསད་ཀྱང་དེར་གྲི་ཤི་ཙམ་ཡང་གྲགས་རྒྱུ་མེད་པ་ནི་མ་ཎིའི་ཐུགས་རྗེ་ཡིན་ཞེས་ཐམས་ཅད་ཀྱིས་གླེང་བ་ལྟར་ངེས་པའོ། །བདག་ཉིད་ཆེན་པོ་འདིས་འདུལ་བའི་ཡུལ་ཁམས་ཀུན་ཏུ་རི་རྒྱ། རྔོན་རྒྱ། ཇག་རྐུས། རྐྱང་ཤ་ཁྱི། ཁ་དུད། སྣ་དུད། མེ་མདའ་བཅག་པ་སོགས་ཀྱིས་སྡིག་རྒྱུན་གཅོད་པ་དང་། ཕྱག་དང་སྐོར་བ་མ་ཎི་སོགས་ཁ་ཏོན་དགེ་སྦྱོར་ལྷ་བྲི་རྟེན་བཞེངས་མཆོད་སྦྱིན་སོགས་དགེ་བཅུ་སྒྲུབ་ཏུ་བཅུག་པ་དང་། སྲོག་གཅོད་སོགས་མི་དགེ་བ་བཅུ་སྤང་དུ་བཅུག་པ་གྲངས་ཀྱིས་མི་ཆོད་པ་དང་། ཆོས་འདོད་ཀྱི་གང་ཟག་བརྩོན་འགྲུས་ཅན་ཡིན་ན་གཅིག་གི་ཕྱིར་ཡང་དཀའ་བ་བརྒྱ་ཕྲག་གིས་བསླབ་དགོས་ཀྱང་སྐྱོ་ངལ་མི་མཛད། དེར་མ་ཟད་ཆོས་འདོད་དེའི་ཅུང་ཟད་ཤེས་ཚེ་ཁོའི་སེམས་དགའ་བ་ལས་ལྷག་པར་ཁོང་གི་ཐུགས་དགྱེས་ལ། དུས་རྟག་ཏུ་སྐྱོ་ཤེས་དང་ངེས་འབྱུང་བསྐྱེད་པའི་གཏམ་ཁོ་ནས་གཞན་སྣང་དགེ་བ་ལ་བསྒྱུར་བའི་ཐབས་མཁས་ཀྱིས་གདུལ་བྱའི་རྒྱུད་ཆུད་མི་གསན་པར་མ་སྨིན་པ་སྨིན་པར་མཛད་པ་དང་། ཅུང་ཟད་སྨིན་པ་རྣམས་བྱང་ཆུབ་ཀྱི་སེམས་དང་ཤེས་རབ་རྣམ་པ་གསུམ་གྱི་བསྔགས་པ་བརྗོད་དེ་ལམ་གོལ་ལམ་ལོག་གི་གཡང་ས་ལས་འདྲེན་པ་དང་། དབང་པོ་མཆོག་དགེ་དབོན་རིན་པོ་ཆེ་སོགས་ལ། རྒྱུད་རྒྱལ་གསང་བ་སྙིང་པོ་དང་། སེམས་ཉིད་ངལ་གསོ། ཡོན་ཏན་མཛོད་སོགས། འོད་གསལ་རྡོ་རྗེ་སྙིང་པོའི་རྒྱུད་དང་ལམ་རིམ་དང་། ཁྱད་པར་འཇིགས་མེད་རྒྱལ་བའི་མྱུ་གུར་རྫ་ཁྲ་མ་བླ་མ་ཞེས་བཞུགས་གནས་ལས་མཚན་ཆགས་པའི་ཁྲ་མ་ལུང་དུ་སྣོད་ལྡན་མཆོག་གི་འཁོར་འགའ་ཞིག་དང་ལྷན་ཅིག་འཁོར་འདས་རུ་ཤན་ནས་བཟུང་རྫོགས་ཆེན་ཐུན་མིན་གྱི་སྔོན་འགྲོ་དང་། དངོས་གཞི་ཁྲེགས་ཆོད་ཐོད་རྒལ་ཡོངས་རྫོགས་ཀྱི་མྱོང་ཁྲིད་ཀྱིས་ཤིན་ཏུ་སྨིན་པར་མཛད་པ་དང་སྦྲགས་ནས་རྗེ་རང་གིས་ཀྱང་ཁྲིད་སྦྱང་ཡུན་རིང་དུ་གནང་། དེ་སྐབས་ཉིན་གཅིག་སྤྲུལ་སྐུ་མི་ར་ཚང་ལ། ང་ལ་དེ་རིང་བཟའ་རྒྱུ་ཆུ་ར་ཕྲན་བུ་ཞིག་ཡོད་ཀྱང་། ཁྱིས་ཁྱེར་བའམ་ལག་ནོར་ནས་གཞན་ལ་བྱིན་པ་གང་ཡིན་ཡང་མི་འདུག་པས་ཁྱོད་ཀྱི་བཟའ་ཁུག་དེ་ང་ལ་ཁྱེར་ཤོག་གསུངས། ཁོང་དགའ་ནས་སྐུ་མདུན་དུ་ཕུལ། དགོང་མོ་དེ་རིང་ང་ལ་མར་དང་ཆུ་ར་ཅུང་ཟད་ཅིག་བྱིན་བྱུང་བས་དགོས་མ་བྱུང་། གསུངས་ནས་ཕྱིར་གནང་ཞེས་མི་རས་གསུངས། དགེ་མང་དབོན་རིན་པོ་ཆེའི་ཞལ་ནས། སྔོན་ཆད་ངེད་ཚོ་རྫོགས་ཆེན་འདི་ལ་ཐོས་ལོ་དང་བཤད་མདོག་བྱས་ཚད་ཚིག་སྤྱི་ཡམ་མེ་བ་ཙམ་ལས་ཆེར་ཤེས་པ་མ་བྱུང་། ཁྲ་མ་ལུང་དུ་ཉམས་ཁྲིད་བཀའ་དྲིན་བསྐྱང་བ་ནས་བཟུང་ཆོས་འདི་ལ་གོ་རྟོགས་མཐིལ་ཕྱིན་པ་ཞིག་ཐོབ་སྙམ་བྱུང་ཞེས་གྲུབ་ཆེན་སྤྲུལ་སྐུ་ལ་གསུངས། རྫོགས་ཆེན་གྱི་ལམ་སྒྲུབ་པ་པོ་གཉིས་ལས་རིག་པ་རང་སྣང་གི་བློ་ཅན་ཡིན་ཡང་བརྟུལ་ཞུགས་རུ་ཤན་གྱི་སྤྱོད་པ་དང་མོས་གུས་བླ་མའི་རྣལ་འབྱོར་དང་སྦྲེལ་ནས་ཉམས་སུ་བླང་ན་བོགས་ཆེ་བས་སྔ་གོང་རུ་དམ་དུ་བཞུགས་དུས་ཀྱང་གངས་ཁྲོད་དང་ཉེ་བའི་རྫ་གསེབ་ཏུ་རུ་ཤན་མཛད་པར་གྲགས་ཤིང་ཕྱིས་སྐུ་ན་ཆེས་མཐོན་པོར་ཕེབས་དུས་ཀྱང་མཚན་མོའི་རིང་ཀློང་སྙིང་བླ་མའི་རྣལ་འབྱོར་ལ་ཐུགས་དམ་མཛད་དེ། སྲོད་དང་ནམ་གུང་དུས་མང་པོར། རྗེ་བཙུན་ཆེན་པོ་པད་འབྱུང་མཁྱེན། །ཞེས་གདུང་དབྱངས་མཛད་པ་ལྕང་མ་ལུང་དུ་སྡོད་སྐབས་བདག་ཅག་གིས་ཀྱང་མངོན་སུམ་དུ་གྱུར་ཞེས་གྲུབ་ཆེན་གསུངས། སྒྲུབ་འབྲས་ཀྱི་གཙོ་བོ་ནི་སྒོམ་རྟགས་ཉོན་མོངས་ཆུང་བ་ཞེས་པ་ལྟར་སྨྱོ་ཤུལ་ལུང་རྟོགས་ཞབས་པད་ཡུན་རིང་བསྟེན་པའི་ཐུགས་ཟིན་གྱི་སློབ་མ་ཡིན་པས་ཆོས་དབྱིངས་མཛོད་ཀྱང་གསུངས། ལན་གཅིག་ཁོང་ལ་ཁྱོད་བླ་མ་སུ་ལ་གསོལ་བ་འདེབས་ཀྱིན་ཡོད་གསུངས་པར། གསོལ་འདེབས་ཀྱང་ཆེར་མི་ཐུབ་འདུག་ཞུས་པ་དང་། མི་ཐུབ་དུས་དེར་ཟད། ཐུབ་དུས་སུ་ལ་འདེབས་གསུངས། ཁྱེད་ལ་གསོལ་བ་རེ་འདེབས་པ་ཡིན་ཞེས་གཅོམ་ཆུང་ངུས་ཞུས་པས། རྒྱལ་ཁམས་ན་བླ་མ་འདིའི་མང་ཉུང་ལ། ང་ལ་གསོལ་བ་འདེབས་པ་ཅི་ཡིན་གསུངས། རང་ལ་དགེ་སེམས་སྐད་ཅིག་མ་རེ་སྐྱེས་ཀྱང་། འོ་ན་དེ་ཅི་ལས་བྱུང་བསམ་ཙ་ན། ཁྱེད་ཀྱིས་ཆོས་རེ་བཤད་ཀྱིན་བསྡད་པའི་མཐུ་ཁོ་ན་རེད་འདུག་པས་དྲིན་ཆེ་སྙམ་པ་ལགས་ཞུས་པས། དེ་ཡིན་ན་ཨ་ཐོ་བདེན་ཐང་། ད་ནི་གསོལ་བ་རེ་བཏབ་ཀྱང་རུང་བ་འདྲ། ངའི་རྒྱུད་འདི་ན་ཉོན་མོངས་པ་ཟེར་རྒྱུ་དེ་ཚོ་གཏན་ནས་འཆར་རྒྱུ་མི་འདུག་ཅེས་གསུང་མཐོན་པོ་བྱོན། རྟག་ཏུ་རྗེས་སུ་བཟུང་བའི་ལྷག་པའི་ལྷ་ནི་རྗེ་བཙུན་འཇམ་པའི་དབྱངས་ཏེ། གསོ་རིག་གི་མན་ངག་དྭངས་མ་འགྲིམ་པའི་རྩ་དགུའི་རྣམ་བཤད་ཁྱད་པར་ཅན་ཞིག་མཛད་པ་ན་མན་ངག་དེ་གཡུ་ཐོག་སྙིང་ཐིག་གི་གསོལ་འདེབས་བསྙེན་པ་མཛད་སྐབས། སྨན་རྒྱལ་གུ་ཎའི་ཞབས་དང་འཇམ་དབྱངས་དབྱེར་མེད་པས་ཞེས་ཞལ་གདམས་དངོས་སུ་གདམས་པ་ཚིག་ཟིན་ལ་ཐོན་ཞིང་། གཞན་དུ་ཡང་། རབ་དཀར་ཀཻ་ལ་ཤ་དཔལ་མཛེས་པ་ལ། །བཻཌཱུར་ཐོར་ཚུགས་བཀོད་དང་ངག་མཚུངས་པ། །འཇམ་དཔལ་དཔའ་བོའི་རྗེས་འཛིན་མཚུངས་མེད་ལྷས། །ཚེ་རབས་ཕྲེང་བ་རྣམས་སུ་སླར་ཡང་སྐྱོངས། །ཞེས་གསུང་པ་འདི་འདྲའི་རིགས་མང་པོ་ཞིག་སྣང་། དེའི་ཕྱིར་སྐུ་ན་ཤིན་ཏུ་གཞོན་ནུ་ནས་ཇི་སྲིད་མྱ་ངན་ལས་འདས་ཀྱི་བར་དུ་ཉིན་མཚན་རྒྱུན་གྱི་འཁོར་ལོ་ཕལ་ཆེ་བར་འཇམ་དཔལ་མཚན་བརྗོད་ཅིག་ཐུགས་དམ་གྱི་མཐིལ་དུ་མཛད། བཀའ་དགོངས་འགྲེལ་གྱི་ཆོས་གང་ཡང་གཟིགས་པ་ཙམ་གྱིས་དོན་ཐུགས་སུ་ཆུད་ཅིང་། སྤྱོད་འཇུག་རྩ་བ་དང་མཚན་བརྗོད་ཀྱི་གླེགས་བམ་རེ། རེས་ཡོད་རེས་གཞན་ལ་གནང་ནས་མེད། དེ་ཙམ་མ་གཏོགས་འགྲེལ་བ་དང་བརྗེད་བྱང་སོགས་ཀྱི་དཔེ་ཆ་ཤོག་ལྡེབ་གཅིག་དང་ཐ་ན་སྣག་སྙུག་ཙམ་ཡང་ཉར་ཚགས་མཛད་པ་མེད་པར་ཀོག་དེ་ལངས་ན་གཞི་རྫོགས་པའི་བྱ་བ་དེ་ཁོ་ནར་བཞུགས། གཞན་རྣམས་ལ་མདོ་སྔགས་རིག་གནས་དང་བཅས་པ་ཕལ་ཆེར་ལན་མང་དུ་གནང་ལ། དེ་དག་གི་ཚེ། དང་པོ་བློ་ཆོས་སུ་འགྲོ་བའི་ཀུན་སློང་རྒྱས་པར་བཅོས་ཏེ། དབུ་ཕར་མངོན་པ་སོགས་གཞུང་གང་འཆད་རུང་དཔེ་ཆ་མང་པོ་བསྡུ་རྩོལ་དང་ཐུགས་གསོལ་སུ་གཟིགས་རྟོག་སྐྱོར་པའི་རིགས་གང་ཡང་མི་དགོས་པར་རལ་གྲི་ཕྱུང་རྒྱབ་ཀྱི་ཚུལ་དུ་ཐོགས་པ་མེད་པར་བཤད་པས་འཕགས་པ་འཇམ་དཔལ་གྱིས་བྱིན་གྱིས་བརླབས་པའི་ཆ་ཤས་ཤིག་ཏུ་མངོན། བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས། དེ་བཞིན་གཤེགས་པའིགསུང་རབ་ནི་ལེགས་པར་མ་བསླབ་པའི་ཉེས་པས་ནུབ་ཚུལ་གསུངས་པ་ཐུགས་ལ་བཞག་ནས་རྟག་ཏུ་དམ་པའི་ཆོས་ཀྱི་འཆད་ཉན་གྱི་བྱ་བ་ལ་གཅེས་སྤྲས་མཛད་ཅིང་། གཞན་འཆད་ཉན་བྱེད་པ་ཀུན་ལ་ཡང་ཐུགས་དགྱེས་པ་ཚད་མེད་པ་གནང་། ཆོས་གང་གསུང་ཡང་མཁས་ངོམ་གྱིས་སྤྲོས་པ་གང་མང་ཙམ་མིན་པར་གདུལ་བྱའི་བློ་ཚོད་དང་བསྟུན་ནས་ཕན་གང་ཆེ་མཛད་པས། མཁས་པས་བརྟགས་ན་དོན་བཟང་བ། བླུན་པོས་ཉན་ན་གོ་སླ་བ། གནད་འདུས་ལ་འཛིན་བདེ་བ། རན་ལ་འབྲེལ་ཆགས་པ། སྙན་ལ་རོ་ཉམས་དང་ལྡན་པ། འཇམ་རྩུབ་ཇི་ལྟར་བཤད་ཀྱང་གདམས་ངག་གི་རོ་གཅིག་ཏུ་མཐུན་པར་འབྱུང་བས་མཁས་རྨོངས་བར་མའི་སྐྱེ་བོ་མཐའ་དག་གི་ཡིད་འཕྲོག་ཅིང་དོན་དང་ལྡན་པར་འགྱུར་བ་དང་། རྫ་ཁོག་ཤེད་འདྲེ་ངན་པ་ཁོག་ཞུགས་སྨྱོན་པ་གཉིས་ཡིད་གཅུགས་པའི་གླེང་མོ་མང་དུ་བྱེད་ཀྱིན་འདུག་པར་གཞན་གཅིག་གིས་ཅི་ཡིན་དྲིས་པས་རྫ་སྟོད་དུ་དཔལ་སྤྲུལ་ཚང་གིས་སྤྱོད་འཇུག་བཤད་དུས་བར་མ་ཟེར་བའི་ལུང་པ་དེའི་མདོ་ཡན་ཆད་གང་པའི་འདྲེའི་ཁྲོམ་ཚོགས་ཀྱིས་ཆོས་ཞུས། དེ་དུས་ངེད་གཉིས་གྲོགས་མཆེད་དུ་གྱུར་པའི་ངོ་ཤེས་ཀྱིས་སྐད་ཆ་ལབ་པ་ཡིན་ཟེར་བ་དང་། གཞན་དམ་སྲི་རྒྱལ་འགོང་གནས་པ་གནོད་འཚེ་ཆེ་བའི་གནས་རྣམས་སུ་སྤྱོད་འཇུག་གསུངས་པས་སྲི་ངན་བཟློག་ཅིང་རྒྱལ་འགོང་ཞི་བའི་གཏམ་གྱིས་མཚོན་ཆོས་སྦྱིན་གྱིས་བསྡུས་ཤིང་བསྐྱང་བའི་མི་མིན་གྱི་འཇིག་རྟེན་ཡང་ཚད་མེད་པ་ཞིག་ཡོད་པར་མངོན་ནོ། །བརྩམ་པའི་བསྟན་བཅོས་ཀྱི་རྣམ་གྲངས་ལ། སྐུ་ན་ཆུང་དུས་ནས་གསུང་རྩོམ་སྣ་ཚོགས་མཛད་པར་འདུག་ཀྱང་རྗེ་ཉིད་ཀྱིས་གཞན་ལ་གནང་བས་ཚགས་མ་མཛད་ལ། གཞན་དག་གིས་ཀྱང་བསྡུ་རྩོལ་བྱེད་པའི་སྐབས་མ་རྙེད་པས་ཕྱོགས་དང་ཕྱོགས་སུ་འཐོར་བ་ལས་རྒྱ་ཆེར་མི་སྣང་ན་ཡང་། བདག་ཉིད་ཆེན་པོ་འདིའི་དངོས་སློབ་ཐུན་མིན་ནང་གི་སྲས་མཆོག་དགེ་མང་དབོན་རིན་པོ་ཆེ་ཨོ་རྒྱན་བསྟན་འཛིན་ནོར་བུས་བསྡུ་རྩོལ་མཛད་པའི་གསུང་འབུམ་ཡོངས་རྫོགས་ལ། ཐུན་མོང་རིག་གནས་ཀྱི་སྐོར་དང་། ཐུན་མིན་ནང་དོན་གྱི་སྐོར་གཉིས་ལས། བརྩམ་པ་ཕྱིན་དྲུག་གི་གྲངས་ལྡན་པོད་དྲུག་ད་ལྟ་བཞུགས། གྲྭ་ས་རྣམ་གསུམ་སོགས་ཁམས་དབུས་གཙང་གསུམ་གྱི་རི་བོ་དགེ་ལྡན་པ་སོགས་ཀྱི་དགེ་བཤེས་ཆེན་པོ་གཟུ་བོར་གནས་པ་དག་གིས་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་ལ་དཔལ་སྤྲུལ་ལམ་རིམ་ཞེས་བཏགས་ཏེ། དཔེ་བམ་རེ་ལྐོག་ཚགས་མཛད་ནས་ཉམས་ལེན་བྱེད་པ་མང་ཞིག་ཡོད་ངེས་པ་དང་། གཞན་ཆགས་སྡང་ཆོས་བརྒྱད་ལ་ཞེན་པས་རང་ལྟ་མཆོག་འཛིན་ཅན་རྣམས་ཀྱིས་ཀྱང་། ཚིག་ཤིན་ཏུ་སྙན་པས་མཚར་ལ་བཞད་གད་ཐོན་པའི་ངག་ལ་དགའ་ནས་དཔེ་ལྟས་བྱེད་པ་མང་དུ་ཡོད་དེ། སྐུ་བསྟོད་ལས། གང་གི་སྙིང་རྗེས་བརྩམ་པའི་བསྟན་བཅོས་ཀྱི། །ཆ་ཙམ་རྣ་བར་སོན་དང་ཆབ་གཅིག་པར། །ངེས་འབྱུང་ཡིད་ཀྱི་ཐར་ལམ་ལ་བརྩོན་པ། །རབ་དགའི་ཚུལ་འདི་རྒྱལ་གསུང་ལས་ཀྱང་ལྷག ། ཅེས་གསུངས་པ་ལྟར་རོ། །སྔོན་དུས་མཚན་ཉིད་ཀྱི་ཆོས་གྲྭ་ཆེ་བ་འདྲ་མ་གཏོགས་གཞན་དུ་སྤྱོད་འཇུག་སོགས་མཚན་ཙམ་ལས་དོན་ཤེས་པ་ལྟ་ཅི། གླེགས་བམ་འཆང་བ་ཙམ་ཡང་དཀོན་པ་ལས་སླད་ནས་རྗེ་བླ་མ་འདི་ཁོ་ནའི་དྲིན་གྱིས་སྟོད་སྨད་བར་གསུམ་ཀུན་ཏུ། དབུ་མ། བྱམས་ཆོས། སྤྱོད་འཇུག །སྡོམ་གསུམ། ཡོན་ཏན་མཛོད་སོགས་ཀྱི་འཆད་ཉན་ས་ལང་རྡོ་ལང་དུ་དར་ཞིང་བཙུན་ཆུང་ལོ་བཅའ་བཅུ་པ་ཡན་ཆད་ཀྱི་ནང་ན་སྤྱོད་འཇུག་གིས་མགྲིན་པ་བརྒྱན་པ་ཆེས་མང་དུ་ཐོན་པ་དང་། དེས་ན་ཐེག་པ་ཆེན་པོའི་ལམ་གྱི་ལུས་ཡོངས་རྫོགས་ལས་དང་པོ་བའི་དུས་ན་ཉམས་སུ་ལེན་པའི་རིམ་པ་ལ་བློ་ཁ་ལེགས་པར་ཕྱོགས་ནས་མོས་པར་བྱེད་པ་ཆེས་མང་བས་ས་འདི་དཔལ་ཡོན་དང་ལྡན་པར་གྱུར་པ་དང་། གསང་སྔགས་རྙིང་མའི་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་བསྟན་པ་སྤྱིའི་སྒྲོམ་ཆུ་མགོ་གངས་ལ་ཐུག་པ་ལྟ་བུ་སྒྱུ་འཕྲུལ་གསང་སྙིང་ཡིན་ཡང་། དེའི་ཆོས་རྒྱུན་ཕལ་ཆེར་ནུབ་ལ་ཉེ་ཡང་བདག་ཉིད་ཆེན་པོ་དགེ་མང་གཞན་ཕན་མཐའ་ཡས་དང་དམ་པ་འདི་གཉིས་ཀྱི་བཀའ་དྲིན་ལས་ད་ལྟའི་བར་དུ་མ་ནུབ་པར་བཞུགས་པ་དང་། ཐེག་མཆོག་བསྟན་པའི་ཡང་རྩེ་འོད་གསལ་རྡོ་རྗེ་རྩེ་མོའི་རིང་ལུགས་ཀྱང་བླུན་སྒོམ་ཡིད་དཔྱོད་ཀྱི་དྲི་མས་མང་དུ་བསླད་དེ་གསེར་ལ་གཡའ་ཞུགས་པ་ལྟ་བུར་གྱུར་པ་རྗེ་འདིས་ཀུན་མཁྱེན་དྲི་མེད་འོད་ཟེར་ཡབ་སྲས་ཀྱི་ལེགས་བཤད་ལ་བརྟེན་ནས་བྱི་དོར་བྱས་ཏེ་ཀུན་བཟང་དགོངས་པའི་གནད་གསང་གསལ་བར་མཛད་པའི་བཀའ་དྲིན་གྱི་བདུད་རྩི་ནོད་དེ་རི་སུལ་དུ་གྲུབ་ཐོབ་གོང་མའི་ལུགས་བཞིན་རྫོགས་ཆེན་སྒོམ་པའི་རྣལ་འབྱོར་བ་མང་དུ་བྱུང་བ་དང་། འཇིག་རྟེན་མི་ནག་གི་སྐྱེ་བོ་ཕོ་མོ་རྣམས་ཀྱང་སྤྱོད་འཇུག་བཤད་པའི་ཆོས་གྲལ་དུ་བག་ཙམ་རེ་ཉན་པས། ཐེག་པ་ཆེན་པོའི་ཆོས་ཀྱི་སྲོག་རྩ་བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་ཡིན་པའི་འགྲོ་ཕྱོགས་ཤེས་ཤིང་། བདེ་སྨོན་གསུང་པ་རྣམས་ཐོས་ནས་བདེ་བ་ཅན་དུ་སྨོན་ལམ་འདེབས་པ་དང་། སངས་རྒྱས་འོད་དཔག་མེད་ཀྱི་མཚན་བརྒྱ་སྟོང་ཁྲི་འབུམ་སོགས་བརྗོད་པ་ལ་ཡི་དམ་ནར་མར་མཛད་པ་དང་། སྟོབས་བཞི་སྡིག་པ་སྦྱོང་བའི་ཐབས་ཀྱི་སྒོ་མཐོང་ནས་དེ་ལ་ནན་ཏན་བྱེད་པ་སོགས་དབྱར་གྱི་རྩི་ཤིང་ལྟར་མང་བ་བྱུང་བས་སྙིགས་མ་ལས་ཀྱང་ཆེས་སྙིགས་མའི་སྐལ་ངན་གྱི་མུན་རུམ་སྟུག་པོའི་ཁྲོད་དུ་བསྟན་འཛིན་དམ་པའི་ཟླ་བ་སྙིང་རྗེའི་གཟི་བརྗིད་ཅན་འདི་ལྟ་བུའི་རྗེས་སུ་བཟུང་བ་ནི་དུས་མཐའི་འགྲོ་བ་རྣམས་བསོད་ནམས་ཀྱི་བགོ་སྐལ་མི་དམན་པར་སྣང་ངོ་། །དུས་ནམ་ཡང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁོ་ན་ཐུགས་དམ་དགེ་སྦྱོར་ཐམས་ཅད་ཀྱི་རྩ་བར་འཛིན་ཞིང་སྐྱེ་བོ་མཆོག་དམན་ཐམས་ཅད་ལ་བསམ་པ་བཟང་པོ་གྱིས་འདི་ལས་གལ་ཆེ་བ་མེད་གསུངས། བསྙེན་སྒྲུབ་བྱེད་པ་ཀུན་ལ་ཡང་སྡེ་སྣོད་མང་པོ་ཤེས་པ་དང་སྟོང་པ་ཉིད་ཀྱི་ལྟ་བའི་ཕྱོགས་མཐོང་ཙམ་ཡོད་པ་དང་། ལྷ་སྒོམ་སྔགས་བཟླས་ཀྱིས་ལོ་ཟླ་མང་པོ་ཕུལ་བ་སོགས་ཀྱང་བསམ་པ་ངན་པའི་དབང་གིས་གདུག་འདྲེར་སྐྱེས་པ་མང་ལ། སྙིང་རྗེ་ཡི་དམ་གྱི་མཐིལ་དུ་འཛིན་པ་ནི་གདུག་འདྲེར་སྐྱེས་པ་གཅིག་ཀྱང་མི་སྲིད་པས་འདི་ཁོ་ན་གད་མེད་གཡང་མེད་ཀྱི་ཆོས་ཡིན་གསུངས། མིང་གནང་བ་རྣམས་ཀྱང་སྙིང་རྗེ་ལས་དྲངས་ཏེ་བཏགས་པར་མཛད། དུས་རྒྱུན་ཐབས་ལ་མཁས་པས་ལས་འབྲས་དང་དཀོར་ལ་བག་ཡོད་པས་ཆོག་ཤེས་མཛད་ཚུལ་ནི། དགེ་དབོན་རིན་པོ་ཆེའི་ཞལ་ནས། འོ་ཅག་ལ་རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་མེད་པས་ཆོས་མི་འགྲུབ་པ་ཡིན། གལ་ཏེ་ལས་འབྲས་ལ་ཡིད་ཆེས་ཤིག་རྙེད་ན་ཁོ་བོའི་བླ་མ་ཨ་བུ་བཀའ་དྲིན་ཅན་ལྟ་བུ་ཞིག་འོང་གི །ཞེས་གསུངས་པ་ལྟར། རྗེ་ཉིད་ཀྱིས་ཀྱང་ངས་ནི་ཆེ་ས་ནས་གསེར་དངུལ་སོགས་དང་། ཆུང་བ་སྔོ་ནི་ཁབ་དང་སྐུད་པ་ཡན་ཆད་དགེ་རྩ་ཞིག་ལ་གཏོང་བ་ལས་གནས་མིན་དུ་གཏོང་མ་མྱོང་གསུངས། སྤོས་ཤེལ་དང་གཟི་བྱུར་སོགས་རྡོ་རྐོ་རྣམས་ཀྱིས་ནོམ་ངོ་མི་ཤེས་པར་ཕམ་ཚོང་བྱེད་པ་རྣམས་ཕལ་ཆེར་གྱིས་མར་ཉོས་ནས་མཚམས་པའི་གདུང་མདུན་སོགས་སུ་མར་མེ་ཁྲི་འབུམ་མང་པོ་ཕུལ། ཕྱིས་དགུང་གྲངས་བདུན་བཅུ་དོན་གཅིག་གཉིས་སྐབས་ཨ་མཆོད་བསོད་ཚེ་སྐུ་མདུན་དུ་བཞུགས། དེ་ཕྱིན་ཇ་བག་རེ་ཙམ་དང་། བཟའ་རྒྱུའི་མར་རྒྱ་དོ་གསུམ། ནས་ཆུར་རྒྱ་མ་བཞི་ལྔ་ཙམ་ལས་ལྷག་པ་ཉར་ཚགས་མི་མཛད། དེ་ཡན་ཁོང་གིས་ཇ་དུམ་ཙམ་གསོག་འཇོག་མ་མྱོང་གསུངས། ཤ་རྐང་རེ་ཙམ་དང་། མར་གྲོག་རེ་ཕུལ་བ་ལ་ཡང་སྐྲག་སྐྲག་མཛད་ནས་སྙིང་བརྩེས་མ་ཎི་གསུངས། བྱང་ཆུབ་སེམས་དཔའ་ཆེན་པོ་དབང་ཐོབ་པ་རྣམས་ལྟར་བདག་ཉིད་ཆེན་པོ་འདི་ཡང་ཤིན་ཏུ་ཕོངས་ཤིང་རྒུད་པ་རྣམས་ལ་ལྷག་པར་ཐུགས་བརྩེ་བར་འགྱུར་ཏེ། རྒྱན་ལས། བཀྲེན་ལ་བརྩེ་དང་མ་རུང་པ་ལ་བརྩེ། །ཀུན་འཁྲུགས་ལ་བརྩེ་བག་མེད་རྣམས་ལ་བརྩེ། །ཡུལ་གྱི་གཞན་དབང་ཅན་ལ་སྙིང་རྗེ་དང་། །ལོག་པར་མངོན་པར་ཞེན་ལ་སྙིང་རྗེའོ། །ཞེས་དང་། རང་ལས་ལྷག་པའི་བྱམས་བརྩེ་ཆེ་བ་ཡང་། །དེ་ལས། ཇི་ལྟར་བློ་ལྡན་སེམས་ཅན་ལ། །ནན་དུ་བྱམས་པར་འགྱུར་བ་ལྟར། །སེམས་ཅན་བདག་དང་ཆུང་མ་དང་། །བུ་བཤེས་གཉེན་ལ་དེ་ལྟ་མིན། །ཞེས་པ་བཞིན། རྡོ་རྐོ་སོགས་ཤིན་ཏུ་ཕོངས་ཤིང་ཉམས་ཐག་པ་རྣམས་འོང་ནས་ཁ་ཟས་མེད་རྒྱབ་གོས་མེད་སོགས་སྡུག་བཤད་སྣ་ཚོགས་ཞུས་ནས་བསླང་བ་ན། ཐུགས་བརྩེ་བས་སྤྱན་རྩ་བརླན་པ་དང་། སྐུ་ཉམས་ལ་ཤ་ཞིག་འགྲོ་བ་ལྟ་བུའི་ཚུལ་མངོན་སུམ་དུ་མཇལ་རྒྱུ་ཡོད། དེ་དག་ལ་སྦྱིན་རྒྱུ་ཡོད་ཚེ་གནང་སྟེ་དེ་ཉིན་ཐུགས་དགའ་བའི་རྣམ་འགྱུར་མཛད། མེད་ཚེ་ད་ཅི་དྲག་ནའང་ཞེས་ཕར་ཚུར་དུ་གཟིགས་ནས་ཐུགས་མི་དགྱེས་པའི་ཚུལ་མཛད། སློང་བ་པོ་མཐོང་ན་མཛེས་སྡུག་གི་སྟོན་མོ་མཐོང་བ་བས་ལྷག་པར་དགའ་བ་དང་། སློང་བའི་སྒྲ་གཏམ་སྙན་ཐོས་པ་ལས་ལྷག་ཅིང་། སློང་བའི་བསམ་པ་རྫོགས་པའི་དགའ་བས་རང་ཉིད་དགའ་བ་ལ་སོགས་པའི་ཚུལ་ཡང་། སྔ་མ་ལས། སློང་བ་མཐོང་རྫོགས་དགའ་བ་དང་། །མི་དགའ་བ་དང་སྨོན་པ་ཡང་། །སྦྱིན་པ་པོར་ནི་བརྩེར་ལྡན་པས། །ལྷག་པར་ལྡན་པས་རྟག་ཟིལ་གནོན། །ཞེས་དང་། སྐྱེ་རབས་ལས། སྐྱེ་བོ་མཛའ་བཤེས་བྱེས་ནས་འོངས་པ་དག ། མཐོང་བར་གྱུར་ནས་དགའ་བའི་མིག་བགྲད་བཞིན། །སློང་བའི་ཚིག་ནི་གཏམ་སྙན་ཐོས་བཞིན་དགའ། །ཕྱིན་ནས་དགའ་བ་སློང་བ་བས་ཀྱང་ལྷག །ཅེས་དང་། ཕར་ཕྱིན་བསྡུས་པ་ལས། སློང་བ་འོངས་པ་མཐོང་ན་ཆེ་བ་རྣམས། །ཉོན་མོངས་མི་དགའ་རྣམ་པར་སྲབ་གྱུར་བས། །དགའ་བའི་སྟོན་མོ་ཆེན་པོ་བྱུང་བ་བས། །སློང་བ་མངོན་དུ་འོངས་ལ་དེ་དག་དགའ། ། ཞེས་གསུངས་པ་རྣམས་དང་ཕན་ཚུན་ཞུས་དག་ཕེར་ངེས་པས་སཙྪ་བརྐོས་ཕོར་ནས་བཏོན་པ་ལྟ་བུ་ཡིན་ནོ། །རྡོ་རྐོ་བུ་རྒོབ་ཞེས་པས་དངུལ་ཞིག་བསླང་པ་ན། ཨ་བུ་ང་ལ་དངུལ་མི་དགོས་ཞེས་བརྗོད་དང་དེ་སྦྱིན་ཞེས་གསུངས་ཀྱང་། ལན་གསུམ་མ་གསུང་བར་མི་དགོས་ཞུ་མ་ཐུབ། དེ་ནས་ཞུས་པས་གནང་བར་མཛད། རྗེས་སོར། དེ་ཅི་ལགས་ཞུས་པས། སྔོན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ལ་དུ་ཞིག་ཕུལ་བ། བྲམ་ཟེའི་ཁྱེའུ་རྟོག་འདོད་ཅན་ཞེས་པས་བདག་ལ་གནང་བར་ཞུས་པ་ལ། གོ་ཏ་མ་བདག་ལ་ལ་དུ་མི་དགོས་སོ་གྱིས་དང་གནང་གསུངས། དེ་ལྟར་ཞུས་པས་གནང་ངོ་། །ཀུན་དགའ་བོས། དེ་ཅི་ལགས་ཞུས་པ། འདིས་ཚེ་རབས་ལྔ་བརྒྱའི་བར་དུ་མི་དགོས་ཞེས་པ་ངག་ནས་ཐོན་མ་མྱོང་བས་དེའི་རྒྱུད་ལ་མི་དགོས་ཞེས་བག་ཆགས་བཞག་པ་ཡིན་གསུངས་པ་དེ་འདྲ་ཨེ་ཡིན་ཅི་ཤེས་གསུངས། ཡང་དབྱར་ཞིག་ལ་རུ་བ་སུ་ཡང་མེད་སྐབས། ནགས་ཤུལ་དགེ་ལེགས་ཉི་མ་དང་། ངེད་དཔོན་གཡོག་གསུམ་ཀར་ཆུང་སྐོ་འོར་ན་བཞུགས། སྒ་ཞེ་ཕུ་མ་སེམས་ཉིད་རྡོ་གྲགས་ཟེར་བའི་ཕྱུག་པོ་དཔོན་གཡོག་འགའ་རེ་མཇལ་དུ་འོང་ནས་དངུལ་རྡིལ་ཚད་གསེར་གཞུང་མ་ཞིག་ཕུལ་བ་ཡར་འཕེན་མར་འཕེན་འགའ་རེ་བྱས་མཐར་རྟ་ཁྱེར་ཏེ་བྲོས་ཤོར། དུས་གཞན་དུ་སྐུ་མདུན་དུ་འོངས་པ་རྣམས་ཀྱི་རྗེས་སྤྲང་པོ་རྣམས་ཀྱིས་དེད་ནས་འོངས་ཀྱང་འདི་དུས་ཞག་གཉིས་གསུམ་བར་སྤྲང་པོ་རྡོ་རྐོ་སུ་ཡང་མ་བྱུང་བས་གཞན་དག་རོས་མནན་པ་ལྟར་དངུལ་དེ་སྦྱིན་ས་མ་ཆུད་པར་ལུས། ཁོ་བོ་གཉིས་ལ་སྤྲང་པོ་ཨེ་འོངས་ལྟོས་གསུངས། དེ་ནས་རྡོ་རྐོ་བཞི་ལྔ་ཞིག་འོངས་པ་ལ། དེ་མ་ཐག་ཏུ་དངུལ་དེ་ཕྱག་གིས་བླངས་ནས་ཨེ་བཟང་ངོ་ཞེས། སྒོར་ཐོན་པ་དང་མཉམ་དུ་འདི་རེད་གསུངས་ནས་དེ་དག་ལ་གནང་། དེ་རིང་རོ་རྒན་དང་འདྲ་བ་དེ་མེད་སོང་བས་ཨ་རེ་དགའ་གསུངས་ཏེ། ཇི་སྐད་དུ། ཇི་ལྟར་བློ་ལྡན་འདི་ནི་ཀུན་གཏོང་བ། །དོན་གཉེར་སྐྱེ་བོ་དགའ་བས་དགའ་བ་ལྟར། ། དེ་ལྟར་སློང་མོ་པ་དག་བླང་བྱ་བ། །འདོད་དགུ་ཐོབ་པ་དག་གིས་དགར་མི་འགྱུར། །ཞེས་ དང་། །བརྟན་པ་བརྩེ་དང་ལྡན་པའི་སྦྱིན་པ་ཡིན། །སྦྱིན་པས་བདེ་བ་བྱེད་པ་གང་ཡིན་པ། །དེ་ལ་ཁམས་གསུམ་ཉེ་བར་སྤྱད་རྣམས་ཀྱི། །བདེ་བ་དེ་ཡི་ཆར་ཡང་མི་ཕོད་དོ། །ཞེས་དང་། ། བཏང་དགའ་ལོངས་སྤྱོད་ཅན་དེ་བྱང་ཆུབ་སེམས་དཔའ་ལས་གཞན་མིན། ཞེས་པ་ལ་སོགས་པའི་སྦྱིན་ཚུལ་མང་པོ་ཡོད་དོ། །གཟན་ཤམས་དང་། ཁྱད་པར་རྡོ་དྲིལ་ནི། བདག་པོ་ནས་རྡོ་ཡོན་ལ་གནང་རོགས་ཞུས་ན་མ་གཏོགས། གྲྭ་ཕྲུག་གམ། གྲྭ་པ་ངོ་མ་རེ་ལ་གནང་བ་ལས་རྡོ་ཡོན་དང་འདོན་གླ་སོགས་ལ་གནང་བར་མི་མཛད། ཡང་རྒྱུན་གྱི་མཛད་སྤྱོད་ནི། སྔ་མོ་དབུ་བཀྱག་དུས་ཕྱག་ཕྲེང་བསྣམས་འདུག་པས་ཡི་དམ་སོགས་གང་གསུངས་མ་ཤེས། སྔ་དྲོ་ང་རང་ནས་བཀའ་ཆོས་འདོན་དུས་དེ་ལ་གསན་ཚུལ་མཛད་ནས་མཉམ་བཞག་ཏུ་བཞུགས་འདུག །ཉིན་གུང་ལ་བསམ་ལྷུན་དང་དཀོན་མཆོག་རྗེས་དྲན་གསུངས། ཁ་ཕུད་དང་བཅས་གུང་ཚིགས་མཛད་རྗེས་འཕྲོག་མ་ལ་ཆངས་བུ་དང་ཡོན་བསྔོ། ལྟུང་བཤགས། ཟབ་མདོ། མ་ཎི་མང་ཉུང་ཅི་རིགས་གསུངས། བསྔོ་ཡིག་ཡོད་ན་དེར་ཞུ། བསྔོ་བ་མཛད། མཚན་བརྗོད་ཚར་གསུམ། གང་བློ་མ་ཕན་ཡོན་དང་བཅས་ཚར་གསུམ། ཕྱི་དྲོ་ངོ་མ་ལ་བཤགས་རྒྱུད་གསུངས་ནས་རྐྱང་ཕྱག་མཛད་པ་རྣམས་ཆགས་མེད་ཡིན། ཡང་སྐོ་འོར་དུ་དབྱར་ཞིག་ལ་ལྷོ་ཁོག་ནས་མཇལ་མི་སྐྱ་སེར་ཇོ་མོ་སོགས་སུམ་ཅུ་ནང་བྱུང་བ་ལ། ནགས་ཤུལ་དགེ་ལེགས་ཉི་མ་དང་ངེད་གཉིས་ཀས་དམ་མཚམས་དང་། སྐུ་ཆམ་ཞིག་བཞེས་པས་མི་ཚུད་བྱས་ཀྱང་ཁོང་སངས་རྒྱས་དངོས་ཡིན་པས་ཚུལ་བསྟན་ལས་བསྙུངས་པ་སོགས་མི་སྲིད་ཟེར་ནས་ཡོན་ཏན་མང་པོ་བཤད་འདུག་པ་སྐུ་མདུན་དུ་མཚར་གཏམ་གྱིས་ཞུས་པས། ང་རང་ངན་དང་ངན་ཏེ་བཤད་ཀྱང་བདེན་དུ་མི་འཛིན་གསུངས། དེ་རྗེས་ཞིག་ལ་ངེད་གཉིས་ཀྱིས་སྐྲག་བཞིན་དུ་མཚར་གཏམ་གྱིས་ཁྱེད་དེ་ཙམ་ངན་ནམ་ཞུས་པས། ངན་དང་ངན་ཏེ་འོན་ཡང་སྤྱོད་འཇུག་དང་ནི་འབྲལ་མ་མྱོང་གསུངས་ཏེ་བཞད་སྒྲ་ཆེན་པོ་མཛད། དུས་རྒྱུན་མཇལ་མི་སུ་མེད་སྐབས། སྐུ་གཅེར་བུར་ཕྱུང་སྟེ་རླུང་བུམ་ཆེན་བཟུང་ནས་བཞུག་པ་དང་། འཁྲུལ་འཁོར་བཅུ་དགུ་པ་ལྟར་ལས་རླུང་དབུ་མར་ཚུད་པའི་རྟགས་དང་། སྙན་རྒྱུད་ཤོག་དྲིལ་ཡིད་བཞིན་ནོར་བུ་ལས། དབུ་མར་ཞུགས་གནས་ཐིམ་གསུམ་གྱི༔ རང་རྩལ་རྫོགས་པའི་རྟེན་འབྲེལ་ལས༔ བུམ་ཅན་རིལ་བ་ཞབས་ཚགས་ཅན༔ མངོན་དུ་སྣང་ཞིང་འོག་རླུང་ལ༔ བཤང་བའི་དྲི་མ་མི་འབྱུང་ཞིང༔ ཞེས་གསུངས་པ་ལྟར་ཐུན་མོང་གི་ཡོན་ཏན་མངོན་སུམ་མིག་གི་དགའ་སྟོན་དུ་མཇལ་བའོ། །ཡང་། འཇམ་རླུང་བུམ་ཅན་བཟུང་ནས་མཚན་བརྗོད་ཚར་གསུམ་རེ་ཙམ་གསུངས་ཚེ་ལ་རླུང་འཕེན་སྡུད་བྱེད་པ་མ་མཇལ་ལ། རེས་འགའ་གཟིམས་ཡུར་ཏེ་རྔུར་བ་ལྟ་བུར་མཛད་ཀྱང་། ང་རང་ཡེངས་ནས་མཚན་བརྗོད་སོགས་འདོན་པ་ཆད་སོང་ཡང་དེ་མ་ཐག་དེ་འཕྲོ་ནས་གསུང་སྐད་ཐོས་པར་ཚིག་ཕྱེད་ཀྱང་མ་ནོར་བར་གསུངས། རང་གིས་ཀྱང་མཚན་བརྗོད་གསུངས་སྐབས་དེར་སོང་ནས་བཏོན་པ་ལ་ཨ་མཆོད་ཐུགས་སྐབས་མིན་སོགས་ཀྱི་ཚེ་གཟིམས་ཡུར་བ་དང་རང་གི་འདོན་པ་ཆད་པ་ན་ཡང་དེ་མ་ཐག་ཚིག་ཕྱེད་ཀྱང་མ་ནོར་བར་གསུངས་པ་སྔ་ཕྱིར་ལན་གྲངས་དུ་མར་བྱུང་བ་འདིས་དུས་རྒྱུན་འོད་གསལ་ལས་མི་གཡོ་བར་མངོན་ནོ་སྙམ། དབུའི་ལྟག་གོང་དུ་སྐྲ་འཁྱིལ་ནག་པོ་འོད་ཅན་ཞིག་དབུ་དཀར་པོའི་དུས་ཀྱང་ནག་འོད་དེ་མཇལ་དུ་ཡོད་པ་མཚན་བཟང་ཞིག་ཡིན་ནམ། ཡང་རྩ་བའི་བླ་མ་སངས་རྒྱས་དངོས་ཀྱི་སྐུ་གདུང་འདི་ནི་ལྷ་སའི་ཇོ་བོ་རིན་པོ་ཆེ་དང་ཁྱད་པར་མེད་པས་སྨོན་ལམ་གང་བཏབ་ཐམས་ཅད་འགྲུབ་ཅིང་། ཚོགས་མཆོད་མར་མེ་ཕྱག་སྐོར་སོགས་གང་བྱས་ཐམས་ཅད་ཀྱིས་ཚེ་འདིར་རྐྱེན་ངན་དང་བར་ཆད་ཞི་ཞིང་། ཕྱི་མ་མངོན་མཐོ་ངེས་ལེགས་ཐམས་ཅད་ཐོབ་པར་འགྱུར་རོ་ཞེས་གསུངས་ཏེ། གཞན་དག་བསྐུལ་ཕྱིར་རང་གིས་ཀྱང་དོན་མཐུན་གྱི་སྤྱོད་པ་ཕྱག་དང་མཆོད་པ་སོགས་མཛད་ཅིང་། གདུང་མདུན་ལ་ནམ་ཕེབས་པ་ན། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ། ལས་ངན་དང་སྡིག་གྲོགས་དབང་དུ་མི་འགྲོ་བར་ཤོག །སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ། སེམས་ཅན་གཅིག་གི་བ་སྤུའི་ཁོང་བུ་ལ་གནོད་འཚེ་མི་བྱེད་པར་ཤོག །སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་དམ་པའི་ཆོས་ཀྱི་སྣང་བ་དང་མི་འབྲལ་བར་ཤོག །གང་གིས་བདག་ལས་ལེགས་བཤད་ཐོས་པའམ། །མཐོང་ཐོས་དྲན་རེག་གཏམ་གྱི་འབྲེལ་བ་ཚུན། །མཚམས་མེད་ལས་བྱང་ངན་སོང་སྒོ་ཁེགས་ནས། །ཞིང་མཆོག་པོ་ཏ་ལ་རུ་སྐྱེ་བར་ཤོག །ཅེས་སོགས་གསུངས་སོ། །སྡུད་པ་ལས། གཉའ་ཤིང་གང་ཙམ་ལྟ་ཞིང་འགྲོ་ལ་སེམས་འཁྲུལ་མེད། །ཅེས་གསུངས་པ་ལྟར། དུས་རྒྱུན་བྱོན་པའི་གནས་སྐབས་སུ་དལ་བྲེལ་སྙོམས་ཤིང་རན་པ་དང་། ཞལ་ཕྱིར་གཟིགས་དགོས་ཀྱང་གཡས་ཕྱོགས་སུ་སྐུ་ལུས་ཐམས་ཅད་དལ་བུས་བསྐོར་ནས་གཟིགས་པ་མ་གཏོགས། དབུ་ཕྱིར་ཀྱོག་ཙམ་མཛད་པ་མི་སྲིད་པ་སོགས། མདོར་ན་བདག་དང་བདག་ལྟ་བུ་མ་ཡིན་པ་རྒྱུ་མཚན་ཤེས་པ་དག་གིས་མཇལ་ན་སྐུ་དང་གསུང་དང་ཐུགས་ཀྱི་མཛད་པ་ཐམས་ཅད་ལ་འཁྲུལ་པ་མེད་པར་མདོ་སྡེ་དང་ཞུ་དག་བྱེད་ཆོག་པ་ཡིན་པར་ངེས། དད་མེད་བླུན་པོ་བདག་ཀྱང་སྐུ་མདུན་དུ་མདོ་སྡེ་འདོན་དུས་རེས་འགའ་འདི་ཡང་དེའོ་འདི་ཡང་དེའོ་བསམ་པ་མང་དུ་བྱུང་ངོ་། །དེ་བཞིན་དུ་གསུང་ལའང་འཁྲུལ་བ་མེད་ཅིང་། བརླང་ཚིག་དང་ཀུ་རེ་བཞད་གད་ཀྱི་རྒྱུ་སོགས་ཅུང་ཟད་རེ་མཛད་ཀྱང་བརྟགས་ཤེས་ན་གདུལ་བྱ་འདུལ་བའི་ཐབས་མཁས་ཀྱི་སྤྱོད་པ་འབའ་ཞིག་ཏུ་སྣང་ངོ་། །ཡང་། གསང་སྔགས་དབང་ཁྲིད་ལུང་རྣམས་མ་གསན་པར་བཤད་ཁྲིད་སོགས་མི་མཛད་པ་ལྟ་ཅི། མདོ་ཕྱོགས་ལའང་བཤད་ལུང་མ་ཐོབ་པར་མི་གསུངས་པར་མངོན་ཏེ། དེ་ཅིས་ཤེས་ན། འབྱེད་གཉིས་དང་བཤེས་སྦྲིངས་ཞུས་པ་ལ་ཁོང་གིས་གསན་མ་མྱོང་བས་མི་ཤེས་ཞེས་མི་གསུངས་པའི་ཕྱིར་རོ། །དེང་དུས་ནི་གང་ནའང་དེ་ལྟར་མཛད་པ་དཀའོ། །རྟོགས་པའི་ཡོན་ཏན་ཡང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཞལ་ནས། སྣ་ཚོགས་རང་གྲོལ་ཆོས་ཉིད་ཟད་པར་ཕྱིན། །མི་འགྱུར་ལྷུན་གྲུབ་འདུན་མ་ལེགས་པའི་རྩེ། །ཞེས་གསུངས་པ་ལྟར་ཉིད་ཀྱི་ཞལ་གསུང་རྟོགས་པའི་སྐྱིད་གླུ་ལས། ཐར་བའི་ལམ་སྣ་ཟིན་པ། འཁྲུལ་བའི་རྟོག་པ་ཟད་པ། ཉམས་མྱོང་རྟོགས་པའི་ཕ་ཕོག་ཐོབ་པ། འཁྲུལ་སྣང་དག་པ། རྩ་བ་གསུམ་གྱིས་བྱིན་གྱིས་བརླབས་པ། འཁྲུལ་བའི་ཨ་འཐས་ཞིག་པ་ལ་སོགས་པ་ལམ་རྟགས་ཀྱི་ཡོན་ཏན་ཐམས་ཅད་རྫོགས་ནས་བྱར་མེད་ཆོས་སྐུའི་ངང་དུ་སྐྱིད་ཉལ་རྒྱབ་ཆོག་པའི་ཨ་བུ་ཧྲལ་པོའི་མཚར་གཏམ་དེ་གོ །ཞེས་གསུངས་པ་ལྟར་ལགས་སོ། །དགེ་དབོན་རིན་པོ་ཆེའི་ཞལ་ནས། ལར་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ནི་གདུལ་བྱ་འདུལ་བའི་དགོངས་གཞི་དང་། དགོངས་པ་བསམ་གྱིས་མི་ཁྱབ་པ་དུ་མས་འགྲོ་དོན་མཛད་པ་སྣ་ཚོགས་སུ་སྟོན་ཡང་ཐབས་མཁས་ཁོ་ན་ལས་མི་འདའ་བས་ལོག་པར་མི་ལྟ་མོད། འོན་ཡང་མདོ་རྒྱུད་བསྟན་བཅོས་ཀྱི་གཞུང་དང་མཐུན་པའི་མཛད་པ་སྟོན་པ་ལ་ནི་ཁོ་བོའི་བླ་མ་ཨ་བུ་བཀའ་དྲིན་ཅན་དང་མཚུངས་པ་ཞིག་དེང་སང་གངས་རིའི་ཕྲེང་བས་བསྐོར་བའི་ཡུལ་ལྗོངས་འདིར་མཐོང་བ་དང་ཐོས་པ་ལྟ་ཅི། ཐེ་ཚོམ་ཟ་བའི་ཡུལ་ཙམ་ཡང་མེད་ངེས་ཡིན། ཞེས་པ་ལ་སོགས་པ་གསུངས་སོ། །དགུང་གྲངས་དོན་གཉིས་པ་ས་ཡོས་ལོར་དཀར་ཆུང་སྐོ་འོར་དུ་བཞུགས་ཏེ་དགེ་ལེགས་ཉི་མ་སོགས་དགེ་གོང་ཆ་ཤས་ལ་ལོ་ཆེན་བསྟན་རྩིས་གཞིར་བཞག་གི་ཆོས་འབྱུང་དང་། ཆོ་འཕྲུལ་གྱི་མཛད་པ་རྒྱས་པར་གསུངས། ཁྱད་པར་བཙུན་ཆུང་དགེ་ལེགས་ཉི་མ་ལ་ས་རིས་ཁྲིད་དེ་རི་མོའི་བྱ་བ་རྫོགས་མཐར། མཉམ་མེད་ཐུབ་པའི་དབང་པོ་དགུང་གྲངས་བརྒྱད་ཅུའམ་ངོ་ཐོག་གྱ་གཅིག་པར་འཕགས་ཡུལ་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དྷཱ་ན་ཤྲཱིའི་གླིང་དུ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་སྟེང་དཔལ་ལྡན་རྒྱུ་སྐར་གྱི་དང་། འོག་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་དུ་བཅོམ་ལྡན་འདས་ཉིད་དཔལ་དུས་ཀྱི་འཁོར་ལོའི་སྐུར་བཞེངས་ནས་ཆོས་རྒྱལ་ཟླ་བ་བཟང་པོ་དང་སྤྲུལ་པའི་ཆོས་རྒྱལ་གོ་དྲུག་ལ་སོགས་པ་ལ་དཔལ་གཉིས་སུ་མེད་པའི་རྒྱུད་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་གསུང་བའི་དུས་ཆེན་གནམ་གནོན་ལྕགས་འབྲུག་འདས་ལོར་བྱས་པའི་ངེས་པ་གསར་སྤོས་ཀྱི་ཐོག་མཐའི་ཚིགས་བཅད་དང་བསླབ་སྟོན་མཛད་ནས་ཡི་གེར་བཀོད་པ་སོགས་དང་། དེའི་སྟོན་དུས་རྫ་དགོན་དུ་ཞིང་སྒྲུབ་དང་། བཟང་སྤྱོད་ལ་ས་བཅད་རེའི་མཚམས་སུ་བཅད་དེ་དོན་གསུངས་ནས་འདོན་སྒོམ་སྤྲག་ནས་རྒྱས་པ་ཞིག་ཞག་བདུན་དུ་གསུངས། དེ་དུས་སེར་ཤུལ་དགོན་ནས་དགེ་བཤེས་མང་པོ་དང་གྲྭ་པ་བརྒྱ་རེ་ཙམ་བྱོན་ནས་གསན་པར་མཛད། དགུང་གྲངས་དོན་བཞི་པ་ལྕགས་སྦྲུལ་ལོའི་བསྙུང་གནས་རྗེས་ཟླ་བ་ལྔ་པའི་ཡར་ཚེས་སྐོར་མཚམས་པའི་སྐུ་གདུང་གི་དྲུང་དུ་ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་ཆོ་གའི་དབུ་བཙུགས་ནས་ཕྱིར་ལོ་ཆུ་རྟའི་ཟླ་བ་བཅུ་བའི་བར་ཏེ་ཟླ་བ་བཅོ་བརྒྱད་དུ་གསུངས་ཏེ་མཆོག་གི་སྦྱིན་སྲེག་འབུམ་ཁ་བཀང་བཅས་མཐར་རྒྱས་མཛད། དེ་ཕྱིན་སྐུ་མ་གཤེགས་བར་དུ་ཉ་སྟོང་གཉིས་ལ་ཉིན་ཆོག་རེ་མི་ཆགས་པར་གསུངས་ཏེ་གདུལ་བྱ་དཔག་ཏུ་མེད་པའི་སྲིད་པའི་རྒྱ་མཚོ་གཏིང་སྤྲུག་པར་མཛད། ཨོ་རྒྱན་སངས་རྒྱས་གཉིས་པ་སྲིན་ཡུལ་དུ་བྱོན་ཀར་ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་ཆོ་གས་བོད་འདིར་སྐུ་དངོས་ཀྱི་གདུལ་བྱའི་འཕྲོ་རྫོགས་པར་མཛད་པ་བཞིན་ནོ། །དེ་སྐོར་སྔ་ཕྱིར་དགེ་དབོན་རིན་པོ་ཆེ་སོགས་ལ་དབུ་མ་རྩ་ཤེས་སོགས་དང་། གཞན་གྲྭ་འགའ་རེ་ལ་སྡོམ་གསུམ་རྩ་འགྲེལ། སྤྱོད་འཇུག །སེམས་ཉིད་ངལ་གསོའི་རྩ་འགྲེལ་སོགས་གསུངས། དེ་སྐབས་སྐུ་མདུན་དུ་བུ་རམ་མང་དུ་ཕུལ་བ་ཉིན་གུང་གསོལ་ཚིགས་དུས་གྲྭ་ཆུང་ཉི་ཤུ་སྐོར་ལ་ཉིན་བཞིན་ཅུང་ཟད་གནང་བ་ཆགས་མེད་མཛད། དེ་ཕྱིན་བསྔོ་རྟེན་དང་རྡོ་ཡོན་རྒྱ་ཆེ་མི་བཞེས་ཀྱང་ཐག་ཉེ་སྐོར་གྱི་རྡོ་ཡོན་མ་བཞེས་ཐབས་མེད་རྣམས། སྐུ་མཆེད་སྟོབས་ལི་དང་ཨ་འཇིག་ལུག་ཅེས་པ་གཉིས་ཀྱིས་ཡོན་དང་མ་ཎི་སྤྲོད་ལེན་བྱེད། བསྔོ་རྟེན་ཕལ་ཆེར་རྫ་དགོན་ལ་གསུངས་ཡོན་དུ་ཕུལ། ཆུ་ལུག༧༦ལོར་རྫ་སྟོད་མ་མོའི་ཐང་དུ་ཁྲོམ་ཚོགས་སྟོང་ཕྲག་སོགས་འདུས་པར་བདེ་སྨོན་དང་མ་ཎི་བཀའ་འབུམ་གྱི་ཁྲིད་རྒྱས་པར་སྩལ། དེ་ཕྱིན་ཆད་ཆོས་ཆེར་མ་གསུངས་ཤིང་། ཆོས་ཞུར་འོང་བ་རྣམས་དབོན་རིན་པོ་ཆེ་བསྟན་འཛིན་ནོར་བུ་སོགས་ཀྱི་དྲུང་དུ་གཏོང་། ནན་བསྐྱེད་དེ་གདམས་ངག་ཞུ་བ་ཕལ་ཆེར་ལ་བཀའ་བཀྱོན་གནང་། སུ་ལ་ཅི་ཙམ་བཀྱོན་ཡང་ཕྱི་ཕྱིར་དད་གུས་ཇེ་འཕེལ་དུ་འགྲོ་བ་མ་གཏོགས་མི་མཐུན་པར་འཛིན་པ་སུ་ཡང་མེད་པས། རྗེ་ཉིད་ཀྱི་གསུང་ལས། དབེན་པའི་རྣལ་འབྱོར་སྨྱོན་པ་རྒྱལ་ཁམས་ཀྱི་གཅེས་ཕྲུག ། ལྷག་བསམ་བྱང་སེམས་འབྱོང་བ་འགྲོ་ཀུན་གྱི་སྐྱབས་མགོན། ཞེས་གསུངས་པ་ལྟར་སེམས་ཅན་ཐམས་ཅད་དང་མ་བཞིན་དུ་མཐུན། སྤྱིར་གྱང་ཚིག་འཇིགས་ལ་ཟིལ་ཆེ་བ་གནང་ཡང་ཆགས་སྡང་སོགས་ཀྱི་གཏམ་དང་མི་འདྲེ་ཞིང་བརྟགས་ཤེས་ན་དངོས་སམ་བརྒྱུད་ནས་གདམས་ངག་འབའ་ཞིག་ཏུ་ཡོང་། གང་གསུངས་ཐམས་ཅད་བདེན་ཞིང་ངོ་ལྐོག་མེད་ལ། ཟོལ་ཟོག་གི་སླད་དང་གཏན་མི་འགྲོགས་པས་རིན་ཆེན་གསེར་ལྟར་བཙུན་པ་ཁོ་ནར་གནས་པས་མཆོག་དམན་ཐམས་ཅད་ཀྱིས་ཚད་མར་རྩི། མཐོན་པོ་ལ་ངོ་སྲུང་སེམས་འཛིན་དང་། དམན་པ་ལ་བརྙས་བཅོས་ཁྱད་གསོད་མི་མཛད་པར། ཆོས་འགལ་སུས་བྱེད་ཀྱང་། བཅོས་སུ་མི་རུང་བའི་གཤིས་ངན་དུ་གཟིགས་ན་མ་གཏོགས་མཚངས་ནས་རྒོལ་ཞིང་། ཆོས་བཞིན་སྤྱོད་པ་རྣམས་ལ་གཟེངས་བསྟོད་དབུགས་འབྱུངས་མཛད། བསྙེན་པར་དཀའ་བ་ལྟར་སྣང་ཡང་དྲུང་དུ་ཅི་ཙམ་འགྲོགས་ཀྱང་ཕྱོགས་འཛིན་རེ་དོགས་འགྱུར་ལྡོག་འགལ་འཛོལ་སོགས་ཐེངས་གཅིག་ཀྱང་ཡོད་མི་སྲིད་པར་འདྲིས་རྟག་ལ། འགྲོགས་བདེ་བ་ཁོག་ཡངས་ཤིང་ལེགས་ཉེས་ཐམས་ཅད་བཟོད་པའི་ངང་ཚུལ་ཅན་ཡིན་པས་འབྲལ་མི་ཕོད་པ་འབའ་ཞིག་ཏུ་འགྱུར། བསམ་སྤྱོད་གཡོ་སྒྱུ་ཁྲམ་གསུམ་ལ་གོམས་པའི་བྱི་ལའི་བརྟུལ་ཞུགས་ཅན་རྣམས་ལ་གཏིང་ནས་མི་མཉེས་ཤིང་། རྗེ་ཉིད་གཡོ་མེད་དྲང་པོ་གསུངས་པའི་ངང་ཚུལ་ལས་ནམ་ཡང་མི་འདའ་བ་གོང་སྨྲོས་ལྟར་བཞུགས་ཀྱང་ཐུགས་ཀྱི་གཏིང་སུས་ཀྱང་དཔོག་པར་དཀའ་བས་རྒྱ་མཚོ་ལྟར་ཟབ་ཅིང་སྒམ་པའང་ཡིན་པ་དང་། འཇིག་རྟེན་ཡ་རབས་ཀྱི་སྤྱོད་ཚུལ་བཟོ་དང་ལས་ཀྱི་གནས་ཕྲ་མོ་ཡན་ཆད་ཀྱི་རྒྱུས་ཞིབ་མོར་འབྱེད་པའི་བློ་གྲོས་ཀུ་ཤའི་རྩེ་ལྟར་མ་འདྲེས་པ་མངའ་ཡང་། གང་ལའང་ཆེད་འཛིན་རྩིས་གདབ། མི་མཛད་པར་ལྟོས་མེད་བག་ཡངས་སུ་སྤྱོད་པའི་བྱ་བཏང་གི་རྒྱལ་པོར་བཞུགས། རྗེ་ཉིད་ཀྱི་བཀའ་ལས། བརྗོད་གཞི་མེད་པའི་སྟོང་སྐད་བསྟོད་ར་གཅིག །ཕན་པ་མེད་པའི་ཆེ་བཀྱག་བཀུར་སྟི་གཉིས། །རྣམ་སྨིན་ལྕི་བའི་དད་རྫས་འབུལ་ནོར་གསུམ། །སྤངས་ནས་ཁྱི་རྒན་བཞིན་དུ་འཆི་ནུས་ཤོག །ཅེས་ཕེབས་པ་ལྟར་ང་རྒྱལ་དང་ཆེ་ཚུགས་བཤིགས་ཤིང་། གསོལ་ཞལ་དང་འཕྲལ་འཚོ་ཙམ་གྱི་ཟས་གོས་མ་གཏོགས་མངའ་ཐང་གི་གཟི་བྱིན་མཆིལ་མའི་ཐལ་བ་བཞིན་བོར་ཏེ། གདོལ་པའི་བྱིས་པ་སྲང་མདོ་ན་རྒྱུ་བ་ལྟ་བུའི་ཀུན་སྤྱོད་ཀྱིས་བཞུགས་ཀྱང་ཐུགས་བརྟན་ཞིང་སྒམ་ལ་ཆོས་ཀྱི་གཟི་བྱིན་མཚུངས་པ་མེད་པས། ཆེ་བའི་སྟོབས་འབྱོར་གྱིས་དྲེགས་པའི་བླ་དཔོན་ཆེ་དགུ་སོགས་ཀྱང་ཟིལ་གྱིས་མནན་ནས་ཐམས་ཅད་ཀྱིས་གདོང་སྨད་དེ་ཞུམ་ཞིང་འདར་བཞིན་དུ་བཏུད། མདོར་ན་གསེར་ས་འོོག་ཏུ་ཡོད་ན་འོད་ནམ་མཁར་འཕྲོ་བའི་དཔེ་ལྟར་སྐུ་ཚེ་རིལ་པོ་སྦས་པའི་བརྟུལ་ཞུགས་བསྐྱལ་ཡང་། ཅི་མཛད་ཐམས་ཅད་བྱང་ཆུབ་ཀྱི་སྤྱོད་པའི་མཚམས་ལས་མི་འདའ་བའི་ཤུགས་ཀྱིས་གང་ནས་བལྟས་ཀྱང་མཛེས་ཤིང་འཚམ་པ། ཅི་ཙམ་བརྟགས་ཀྱང་དག་ཅིང་གཙང་བ། བསམ་ཤིང་བསམ་ན་དད་པ་འཕེལ་བའི་རྣམ་ཐར་འབའ་ཞིག་ཅན་དུ་བཞུགས་པ་གཟུར་གནས་བློ་གྲོས་དང་ལྡན་པ་ཀུན་གྱིས་མདུན་སར་རླུང་ལྟར་གྲགས་པ་ཡིན་ནོ། །ཤིང་སྤྲེལ་༧༧ལོར་སྐོ་འོར་ནས་བསྙུང་གནས་རྒྱབ་རྫ་དགོན་དུ་ཕེབས་བཞུགས་མཛད། མཚམས་པའི་སྐུ་གདུང་མདུན་བཤགས་རྒྱུད་གསུངས་ཏེ་རྐྱང་ཕྱག་ཐུན་གཉིས་རེ་ལ་རྒྱུན་ཆགས་སུ་ཕུལ། ཉིད་ཀྱི་ཞལ་ནས་སྔ་སོར་དགུང་ལོ་ཤིན་ཏུ་ཉུང་དུས་ཞིག་ནས་བཟུང་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུའི་དུས། པདྨ་བཀའ་ཐང་ལས། ཚེས་བཅུ་བྱུང་རེས་ང་ཉིད་བོད་དུ་འོང༔ རླུང་ཁྱེར་རྫས་བཞིན་ཅི་ཡོད་ཚོགས་སུ་ཐོངསཿ ཞེས་གསུངས་པ་ལྟར་སྤྲེལ་ལོ་སྤྲེལ་ཟླ་གཙོ་བོར་གྱུར་པའི་སྤྲེལ་ཟླའི་ཚེས་བཅུ་ཆགས་མ་མྱོང་གསུངས་ནས། ཟླ་བ་འདི་སྟོན་པ་ཐུགས་རྗེ་ཅན་མཛད་ཆེན་ཚེས་བཅོ་ལྔ་ལ་ལྷུམས་སུ་ཞུགས་པ་དང་། ཚེས་བཞི་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཆེན་དང་ཁྱད་པར་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་ལམ་ཟབ་མོ་སྟོན་པའི་སླད་དུ་དུས་གསུམ་མཁྱེན་པ་པདྨ་ཀ་ར་ཉིད། ཉེ་སྒྲོལ་ཞེས་པ་ཤིང་སྤྲེལ་ལོའི་སྤྲེལ་ཟླ་ཆུ་སྟོད་ཟླ་བའི་ཚེས་བཅུའི་ཉི་ཤར་དང་པོར་ཨོ་རྒྱན་དྷཱ་ན་ཀོ་ཤའི་མཚོར་ཕ་ཡི་རྒྱུ་ལས་མ་བྱུང་མ་ཡི་རྐྱེན་ལས་མ་བསྐྱེད་པར་རང་བྱུང་པདྨའི་སྡོང་པོའི་ཟེའུ་འབྲུར་རིག་པ་ཐོལ་སྐྱེས་སུ་སྐུ་འཁྲུངས། ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བོ་ངྷིས་སྤྱན་དྲངས་སྲས་སུ་མངའ་གསོལ་ནས་པདྨ་འབྱུང་གནས་སམ། མཚོ་སྐྱེས་རྡོ་རྗེ་ཞེས་མཚན་གསོལ་བའི་དུས་ཆེན་ལ་བབས་ཞེས་གསུངས་ཏེ། ཚོགས་རྫས་ཅུང་ཟད་ཉར་ཚགས་མཛད་ནས་རྫོགས་ཆེན་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་རྫ་ཆུ་ཁར་ཕེབས་པ་ཚེས་བཅུར་གདན་དྲངས་པ་ལ་སྤྲེལ་ཟླའི་ཚེས་བཅུ་ཆེན་མོ་ཞེས་ཕྱོགས་ཐམས་ཅད་དུ་གྲགས་པས། སེར་ཤུལ་དགོན་སོགས། དགེ་གསར་རྙིང་གཉིས་ཀའི་བླ་སྤྲུལ་དང་སྐྱ་སེར་སོགས་སྟོང་ལས་ལྷག་པ་ཕེབས་ཏེ་བླ་སེར་རྣམས་ཀྱིས་བླ་མ་རིག་འཛིན་འདུས་པའི་ཚོགས་དང་བླ་མ་མཆོད་པ་སོགས་གསུངས་ཤིང་། གཞན་དག་གིས་ཕྱག་དང་བསྐོར་བ་སོགས་ཉིན་རིང་བྱས། དེ་ཐམས་ཅད་ལ་མང་ཇ་གྲོ་མ་སོགས་དྲངས་པར་མཛད། ཚོགས་རྫས་ཀྱང་སྔ་ཕྱིར་ཀ་ར་བུ་རམ་སོགས་མངར་གསུམ་དང་། ཤ་མར་ཐུད་གསུམ། རྩམ་ཆུར་སོགས་རྒྱ་ཆེ་བ་ཟད་མི་ཤེས་པ་ལྟ་བུར་བྱུང་བ། མི་ཉི་ཤུ་ཙམ་གྱིས་ཚོགས་ཀྱི་ཡོ་བྱད་རྣམས་དེར་འདུས་པ་སྟོང་གཉིས་གསུམ་ཙམ་ཡོད་པར་གྲགས་པ་རྣམས་ལ་རྒྱ་ཆེན་པོས་རབ་ཏུ་མཉེས་པར་བྱས། རིན་པོ་ཆེ་དཔོན་གཡོག་ལ་ཐུགས་དགྱེས་པའི་ཞབས་ཏོག་དང་ཡོན་འབུལ་མཛད། དེའི་ཉིན་མོར་ཆར་བབས་པ་དང་། འབྲུག་གྲགས་པ་འཇའ་འོད་ཀྱི་གུར་ཕུབ་པ་སོགས་དགེ་བའི་ལྟས་མང་པོ་བྱུང་། ལས་དག་པ་འགའ་ཞིག་གིས་དགོང་མོ་ཉི་ཟེར་རི་འགོར་སྡུད་པར་ཉེ་བའི་དུས་འཇའ་འོད་ཀྱི་ཀློང་ནས་གུ་རུ་རིན་པོ་ཆེ་མཇལ་ཟེར་བའང་མང་ཞིག་བྱུང་ངོ་། །དུས་རྒྱུན་དུ་དབྱར་ཆར་ཆུ་འབེབ་པ་ལ་ཐུགས་དགྱེས་པ་དང་། ཁྱད་པར་ཆར་གཅོད་མཁན་རྣམས་ལ་བཀའ་བཀྱོན་མཛད་དེ། དེང་སང་ཆེ་དགུར་རློམ་པ་ཀུན་གྱི་སྙིང་ལ་རྒྱལ་འགོང་གི་ཚང་བཅས་ནས་རྒྱལ་ཁམས་མི་བདེ་བའི་ཐབས་ལ་འབད། དབྱར་གསུམ་ལ་བསིལ་དྲོད་སྙོམས་ཤིང་མེ་ཏོག་བཀྲ་བ་ཅུང་ཟད་སྐྱིད་པར་སྣང་བ་ཙམ་ཡོད་པ་དེ་ཡང་ཐབས་སྣ་ཚོགས་ཀྱིས་མེད་པར་བྱས་ནས་དབྱར་ངོ་ཞག་ཆ་ཤས་འདི་དགུན་དཔྱིད་ལྟ་བུར་བསྒྱུར་དུ་མ་འཇུག་པར་འབྱུང་བའི་འཕོ་འགྱུར་དུས་བཞིའི་རྒྱལ་མོ་ལ་བྱེད་དུ་ཆུག །ཡུལ་འབྲོག་ཀུན་ལ་གནོད་ཚབ་ཆེ་ཞིང་ཉ་སྦལ་ལྕོང་གསུམ་ཡན་ཆད་ཁ་གཏགས་པའི་སྡིག་ལས་ཚབས་པོ་ཆེ་དེ་འདྲ་མ་བྱེད་སོགས་ཆར་གཅོད་པ་པོ་དང་གཅོད་དུ་འཇུག་པ་གཉིས་ཀ་ལ་ཐུགས་མི་དགྱེས་པའི་སྤྲིང་ཡིག་བཀའ་འབུམ་ཁྲོད་ན་བཞུགས། དེ་ནས་མཚམས་པ་བླ་བྲང་གི་ལུང་ཕུར་བྱོན་ནས་ཟླ་བ་དྲུག་ལྷག་ཙམ་དུ་བཞུགས་སྐབས། དཔལ་སྤུངས་བླ་མ་བཀྲ་ཤིས། ཡར་འབྲོག་རྡོ་རྗེ་ཕག་མོ། ཕུ་མ་བུ་ལྷ་དབང་བཀྲ་ཤིས་སོགས་སྡེ་དགེ་མང་པོ་འོང་ནས་དགེ་སྒྲུབ་སྡིག་སྤང་རྒྱ་ཆེར་བྱས་པ་ལ་ཆོས་འབྲེལ་གནང་། ཡང་ཉག་རོང་རྫོང་དཔོན་བོད་པའི་སྐུ་དྲག་སྔ་ཕྱི་གཉིས་དཔོན་གཡོག་མང་པོ་འོངས་ནས་ཞལ་མཇལ་བ་དང་གསུངས་ཐོས་པས་ཡིད་དྲངས་ཏེ་ལུས་ཆས་རྡིལ་ཚད་གཉིས་གསུམ་གྱི་ཚོད་ཕུལ་ཞིང་སྲོག་གཅོད་དང་ཁ་སྣའི་དུད་པ་སྤང་བ་དང་། ཆང་རག་མི་བཏུང་བ་སོགས་དགེ་སྒྲུབ་སྡིག་སྤོང་རྒྱ་ཆེན་བྱས་པར་ཆོས་འབྲེལ་གནང་བ་ལ་དད་ནས་འབྲལ་མི་ཕོད་པ་ལྟ་བུར་གྱུར་ནས་སོང་། ཡང་དེ་སྐབས་ཤིག་ལ། སྤོ་ཀ་ནམ་སྡེ་པ་མ་ཡུམ་སྲས་སྐུ་འཁོར་སོགས་ཀྱིས་སྐྱབས་རྟེན་བསྔོ་ཞུས་སོགས་ཀྱི་ཞུ་ཡིག །ཀོང་པོའི་ནོམ་པ་ཇོ་བོ་རིན་པོ་ཆེའི་ཞལ་གསེར་མང་པོ་བཅས་འོང་། ཡང་ལྕགས་པོ་རིའི་བླ་སྨན་གྲྭ་ཚང་སྤྱི་སྒེར་གྱིས། གིའུ་ཝཾ། ཁ་གུར་དོམ་མཁྲིས་དག་མ་ཇོ་བོའི་ཞལ་གསེར་སོགས་སྐྱབས་རྟེན་མང་པོ་བྱུང་། ཡང་ཉིན་གཅིག་མཚམས་སྤྲུལ་རིན་པོ་ཆེ་གདན་དྲངས་ནས་ཉིན་རིང་བཞུགས་པ་ལ། ཁོང་ནམ་འདས་ཐག་ཆོད་གསུང་དགོས་ཞུས། ལོ་གསུམ་དུ་བཞུགས་གསུངས། ཁོང་འདས་སྐབས། ཉིད་ཐག་རིང་ཐུང་གར་བཞུགས་ཀྱང་བྱོན་དགོས། ཁོང་གི་སྐུ་གདུང་ལ་ཕྱག་གིས་མ་རེག །མཆོད་རྟེན་བཞེངས་དགོས་གསུངས་མི་ཉན་སོགས་ཞལ་ཆེམས་དང་། གཞན་ཞལ་ཏ་མང་པོ་གསུངས་ཀྱང་བརྗེད་སོང་ངོ་། །དགུང་ལོ་དོན་བརྒྱད་པ་ཤིང་བྱའི་ལོ་འགོར་སླར་སྐོ་འོར་དུ་ཕེབས་ནས་བཞུགས། དེ་སྐབས་སྡེ་དགེ་མ་ཡུམ་ཚང་གཉེར་ཕྱག་སོགས་མང་པོས་མཇལ་ཏེ་ཉིན་གཅིག་ལ་བདེ་སྨོན་དང་མ་ཎི་བཀའ་འབུམ་གསུངས། དངུལ་སོགས་འབུལ་བ་རྒྱ་ཆེན་པོ་ཕུལ་ཡང་། ཆོས་བཤད་དེ་དངོས་རྫས་དར་ཁ་ཙམ་ཡང་ལེན་མ་མྱོང་གསུངས་ནས་མ་བཞེས། འདི་ལོར་དགེ་གོང་ལ་ཞིང་སྒྲུབ་གསུངས་སྐབས། ཁྱེད་ཅག་གིས་དད་པ་དང་ལོག་ལྟ་ནོར་འདུག་སྟེ། ཆོས་ལ་མི་རྟོན་གང་ཟག་ལ་རྟོན་པ་ནི་ལོག་ལྟ་ཡིན། དད་པ་དམ་པའི་ཆོས་ལ་ཆེ་བར་མཛོད་ཅེས་ལས་རྒྱུ་འབྲས་ལ་ཡིད་ཆེས་པ་ཡིན། ང་རང་ལས་འབྲས་ལ་ཡིད་ཆེས་པས། ཀུན་མཁྱེན་འཇིགས་མེད་གླིང་པས། གསོན་དད་པས་བྱིན་པའི་ཟང་ཟིང་གི་དངོས་པོ། །གཤིན་འགག་ལ་ཐུག་པའི་ཉེར་སྤྱད་ཀྱི་རྣམ་གྲངས། །འདིར་ཐར་བའི་སྲོག་རྩ་བཙན་ཐབས་སུ་གཅོད་པས། །ཁབ་སྐུད་པར་བརྒྱུས་ལ་མཆོད་སྦྱིན་ལ་ཐོངས་མཛོད། །ཅེས་གསུངས་པ་འདི་ལ་སྐྲག་ནས་དད་ཟས་གཤིན་དཀོར་ཆེ་བ་ནས་ཆུང་བ་ཁབ་དང་སྐུད་པ་ཡན་ཆད་དཀོན་མཆོག་གི་ཞིང་སར་གཏོང་བ་ཡིན་པས་ཁྱེད་ཅག་གིས་ང་རང་ལ་ཁ་མིག་ཡར་ལྟོས་རེ་གྱིས་ལ་ལས་རྒྱུ་འབྲས་ལ་གཟབ་པར་གྱིས་ཞེས་གསུངས་པ་ང་རང་གིས་དབོན་རིན་པོ་ཆེ་ལ་ཞུས་པས། སྔོན་ཆད་ང་རང་ལ་མ་ལྟ་ཞེས་པ་ལས་ང་རང་ལ་ལྟོས་ཞེས་གསུང་མི་དར་བས་ད་ཡུན་རིང་མི་བཞུགས་པའི་རྟགས་རེད་གསུངས། བདེ་སྨོན་གྱི་ཆོས་འཁོར་ཐ་མ་དེ་ཡིན་ནོ། །ཡང་ལྕགས་ལའི་རྒྱལ་པོའི་མ་ཡུམ་གྱི་དགོངས་རྫོགས་དང་སྐྱབས་རྟེན་གསེར་གྱི་ལག་གདུབ་ཕྱེད་པོ་སོགས་ཕུལ་ནས་བཀུར་སྟི་ཆེན་པོའི་ཞུ་ཡིག་ཀྱང་ཕེབས། མདོ་རིན་པོ་ཆེ་དྲི་མེད་གྲགས་པས་གསུང་ཤོག་ནང་ཁང་གི་ལོ་རྒྱུས་ཞིབ་ཆ་དང་། མཇུག་རྩོམ་ནང་། ཞབས་བརྟན་དང་སྤྲུལ་སྐུ་མྱུར་འབྱོན་ལྟ་བུ་གཉིས་ཀ་ཡོད་པའི་ངོ་མཚར་ཅན་ཞིག་དང་། རྒྱ་གར་ཏཾ་ཚེ་བཅུ། རྒྱ་ནག་གི་གོས་ཁུག་ཆ། ཕྱིའི་གླིང་ཕྲན་ནས་བྱུང་བའི་འཇའ་ཤེལ་ངོ་མཚར་ཅན་ཞིག་དང་། ལྕགས་སྙུག་བཅས་ཕུལ་བ་འབྱོར། ཁོང་ཐུགས་རྗེ་མ་ཆུང་གསུངས་ཕྱག་དེང་ཙམ་མཛད། དེ་སྐབས་མཆོག་གྱུར་གླིང་པའི་སྲས་ཆུང་བ་ཚེ་དབང་གྲགས་པ་ཕེབས་ནས། དེ་དང་མཁན་ཀུན་དཔལ་སོགས་གྲྭ་པ་བརྒྱད་དགུ་ལ་ཐོག་འགྲེལ་སྟེང་ནས་སྤྱོད་འཇུག་རྒྱས་པ་སྟོན་འབྲིང་པོ་ནས་མེ་ཁྱི་ཟླ་བ་དང་པོའི་ཕྱེད་ཀྱི་བར་ཟླ་ངོ་དྲུག་ཏུ་གསུངས། དེ་ནས་གཟུགས་སྐུ་མ་གཤེགས་བར་སྐོ་མོ་འོ་ལིར་བཞུགས། སྤྱིར་གནས་རི་རྣམས་ལ་རྩ་དབུ་རྐྱང་རོ་གསུམ་མཚོན་པའི་བརྡའ་རྟགས་སོགས་ཚངས་པ་བཞིན་འདིར་ཡང་དེ་ལྟར་ཚངས་པས་གནས་ཞིག་ཡིན་ཞེས་གསུངས་ཤིང་། བཀའ་དྲིན་ཅན་གྱི་མཚན་སྙན་གྱིས་ཁྱབ་ཚད་ས་ཆ་ཡུལ་རིས་ཀྱི་མིང་ཙམ་མི་ཤེས་པ་ཕལ་ཆེར་ལའང་སྐོ་མོ་འོར་གྱི་མིང་གིས་ཁྱབ་ཅིང་། རྗེ་འདི་ཉིད་དང་པོ་འཁྲུངས་པའི་གནས་དང་། བར་དུ་སྐུ་ཚེའི་སྨད་ཕལ་ཆེར་ཡབ་ཚང་དང་ཉེ་ཕྱིར་སྐོ་འོར་དེར་བཞུགས་པ་དང་། མཐར་དགོངས་པ་ཆོས་ཀྱི་དབྱིངས་སུ་བཞུགས་པའི་གནས་ཀྱང་དེ་ཡིན་པས། དད་གུས་ཅན་གྱི་ཤེས་ལྡན་ཕལ་གྱིས་གནས་འདི་བསམ་ཡས་མཆིམ་ཕུ་དང་། གངས་རི་ཐོད་དཀར་སོགས་དང་མཉམ་མོ་ཞེས་གནས་འབྲེལ་དང་། གནས་མཇལ་བྱེད་པ་མང་དུ་ཡོད་དེ། སྐུ་མ་གཤེགས་པའི་སྔ་སོར་ཞིག་ལ་གསོལ་སྨན་དྲངས་བ་པོ་གླིང་བླའི་དཔོན་པོ་ལྷ་རྗེ་འཇམ་དཔལ་ཟེར་བ་དེས་ལན་གཅིག་ཁོང་གི་ཨ་བུ་ཚང་གི་སྔ་ཕྱིའི་གསུངས་སྒྲོས་གང་ལ་བསམས་ཀྱང་། ངེད་རང་ཚོའི་ཚེ་ཕྱི་མའི་དོན་དུ་སྨོནལམ་འདེབས་ས་དེ། ནུབ་ཕྱོགས་བདེ་བ་ཅན་ཁོ་ན་ལ་མཐིལ་གཏད་ན་དགའམ་ཞུས་པས་ཅུང་ཟད་བཞུགས་ནས། འོ། ཁྱོད་ནུབ། ང་ཤར་རེད་ཅེས་གསུངས་ཤིང་། ཡང་། ནངས་སྔ་མོ་ཞིག་ལ་ངེད་ཚོ་གཞན་ལ་བདེ་སྨོན་བཤད་ཀྱང་། དག་པའི་ཞིང་ཁམས་ཡོན་ཏན་མཐའ་ཡས་པ་དང་། སྨོན་ལམ་བཏབ་ན་སྐྱེ་སླ་བ་གཉིས་འཛོམ་པ་ཞིག་ལ་ཤར་ཕྱོགས་མངོན་པར་དགའ་བ་འགྲན་ཟླ་མེད། དེའི་འོག་ན་བདེ་བ་ཅན་ཁྱད་པར་འཕགས་ཞེས་གསུངས་ལ། ང་རང་གིས་ཀྱང་དེར་སྨོན་ལམ་མང་པོ་འདེབས་མདོག་བྱས་ཀྱང་། ཁྱེད་ཅག་ནི་ཨེ་སྐྱེ་མི་ཤེས། ང་རང་ནི་མི་སྐྱེ་ངོ་མ་རེད། མདང་སུམ་ཚོར་ནགས་དང་ཁང་པ་སོགས་རྨིས་པ་དང་སྐོ་འོར་དུ་སྔ་དུས་བཞིན་བསྡད་ཡོད་པའི་ཉིང་འཁྲུལ་ཁོ་ནས་མཚན་ཐོག་ཐག་ཡོལ་བ་བྱུང་བས་ད་དུང་ཡང་དེར་གཅིག་ཡོང་དགོས་པ་ཡིན་ཞེས་གསུངས། ཡང་ཉིན་གཅིག་རིག་འཛིན་འཇིགས་མེད་གླིང་པས་ཁོང་གཤེགས་དུས་ཁྱེད་པདྨ་འོད་ལ་གཤེགས་རན་ནོ། །ཞེས་བརྗོད་ཅིག་གསུངས་པས་དེ་ཚོ་ལ་དེ་འདྲ་ཞུ་དགོས་ན་གཞན་ལ་སྨོས་ཅི་དགོས་གསུངས། ཞལ་ཉམས་ལ་དེ་སེམས་ལ་འཛིན་དགོས་བསམ་ཡང་རྗེས་སོར་ཞུ་བའི་སྤོབས་པ་མ་བྱུང་། ཡང་རེས་འགའ་ལུང་གི་ཡོན་ཏན་ཡོད་པར་གསུངས་ཏེ་མཁས་པར་ཞལ་གྱིས་བཞེས། རྟོགས་པའི་ཡོན་ཏན་མེད་པར་གསུངས་ནས་འདུལ་བ་ལས་གསུངས་པའི་དེ་བཞིན་གཤེགས་པའི་མཆོད་རྟེན་རྣམས་ཐམས་ཅད་རྫོགས་པ་མི་དབང་ཞེས་གསུངས། བནྡེ་རེའི་སྐྱེ་བ་བླང་ན་ཅི་དོན་ཞེས་སྐྱེ་བའམ་སྤྲུལ་སྐུ་ཡོད་པར་གསུངས། ཞི་བ་ལྷས། ས་རབ་དགའ་བ་ཐོབ་པར་དུ། ། རྟག་ཏུ་ཚེ་རབས་དྲན་པ་དང་། །སོགས་གཅོམ་པ་སྐྱུང་ནས་སོ་སྐྱེ་ཡིན་པར་གསུངས་པ་ལྟར། རྗེ་འདིས་ཀྱང་དེ་ལྟར་གསུངས་སོ། །སྐུ་ན་ཤིན་ཏུ་ཕྲ་བ་ནས་སྐུ་མ་གཤེགས་ཀྱི་བར་དུ་བསྟན་འགྲོར་སྨན་པའི་བཤད་སྒྲུབ་ཀྱི་མཛད་བཟང་བསམ་གྱིས་མི་ཁྱབ་པ་དང་། ཀུན་སྤང་བྱ་བྲལ་གྱི་མཛད་པ་འགྲན་ཟླ་དང་བྲལ་བས་མིང་དོན་མཐུན་པ་འདི་ལྟར་གཤེགས་ཁར་མནབས་རྩགས་རྙིང་པ་གཉིས། ཆོས་གོས་ལྷུང་བཟེད། མནབས་གཟན་སེར་པོ། ཤམ་ཐབ་སྣམ་ནག ། ཞག་བཅའ་བཅུའི་གསོལ་ཆས་ཕྲན་བུ་དང་། རྡོ་རྐོ་ལ་གནང་སྦྱིན་མ་གྲུབ་པ་ཊམ་བཅུ། རྒྱ་དངུལ་སྲང་གསུམ། དར་ཆ་ཤས། བྱམས་ཆོས་ཁྲོ་སྤར་མ། དབུ་མ་རྩ་ཤེས་ཙམ་ལས། གཞན་གུར་སྒ་ཆས། རྟ་ཟོག་སེམས་ཅན་སོགས་ཅུང་ཟད་ཀྱང་མེད་པ་ཀུན་གྱི་མཐོང་ཐོས་སུ་གྱུར་པ་ལགས་ལ། དེ་ལྟ་བུ་རྗེས་འཇུག་རྣམས་ཀྱིས་མིག་ལྟོས་ཞུ་བའི་གནས་འདིར་ནི་བཀའ་དྲིན་ཅན་གྱི་རྣམ་ཐར་གྱི་ནང་ན་ཆེ་ཤོས་ཤིག་ཡིན་ནོ། །སྔ་སོར་སེར་ཤུལ་དགོན་གྱི་དགེ་རྩེ་ལྷ་རམ་པ་ཆེན་པོས་བདག་ཉིད་ཆེན་པོ་འདིའི་མཛད་པ་ཐམས་ཅད་སངས་རྒྱས་ཀྱི་མཛད་པ་ལྟ་བུ་ལས་མེད་པས་དགུང་ལོ་ཡང་སངས་རྒྱས་བཞིན་བརྒྱད་ཅུར་བཞུགས་འགྲོ་ཞེས་ཕྱི་མཐའ་གཟིགས་པའི་གསུངས་གནང་བ་བཞིན་དགུང་ལོ་བརྒྱད་ཅུ་བ་རབ་ཚེས་ཐམས་ཅད་འདུལ་ཞེས་པ་མེ་མོ་ཕག་གི་ལོའི་ས་ག་ཟླ་བའི་ཚེས་བཅུ་གསུམ་ནས་སྐུ་ཁམས་ཅུང་ཟད་རྙོག་ཚུལ་བསྟན་པ་ལ་སྔ་སོར་དང་མི་འདྲ་བར་ཅི་ཞུས་ཀྱང་ཁྱེད་ཅག་ཤེས་གསུང་བས་ཡབ་ཚང་ལ་ཆ་བྱས་ནས་གླིང་བླའི་ལྷ་རྗེ་འཇམ་དཔལ་དྲངས། ཞབས་བརྟན་ཞིག་ཀྱང་ཕུལ། ངེད་རང་རྣམས་ཀྱིས་གནས་བརྟན་ཕྱག་མཆོད་ཞིག་བཏོན། ད་ནང་གནས་བརྟན་ཕྱག་མཆོད་འདོན་དགོས་ཟེར་མི་སུ་རེད་གསུངས། ངེད་རང་རྣམས་ཀྱིས་རང་གར་བཏོན་པ་ཡིན་ཞུས། དེ་དུས་ང་རང་གཉིད་མེད་སྣང་ཤར་ཡང་སད་རྒྱུ་ཞིག་འདུག །ཁྱེད་ཅག་གིས། འཕགས་པའི་གནས་བརྟན་ཡན་ལག་འབྱུང་། ཞེས་པའི་ཚིགས་མཚམས་ལ་བབ། ང་རང་གི་རྣ་ལམ་ན་ཁྱོད་ཀྱི་འགྲོ་དོན་ཤར་ཕྱོགས་ན་ཡོད་ཅེས་གྲགས་ཤིང་། དེ་མིན་འགའ་ཞིག་ཀྱང་གྲགས་གསུངས། ཅི་ཡིན་ན་ཞུས། ཇི་ག་ཡིན་ནི་གསུངས། དེ་ལ་སོགས་པ་མ་འོངས་ལུང་བསྟན་སོགས་གཟིགས་སྣང་གི་འཆར་སྒོ་མཐའ་ཡས་པའི་གསུང་གིས་དབྱིབས་དོད་ཀྱང་སྔར་དུས་དེ་འདྲ་ཞུ་བ་ལ་མི་མཉེས་པའི་དབང་གིས་ཞུ་མ་སྤོབས། བཅུ་བདུན་ཉིན་གསོལ་ཚིགས་མཛད། བཤགས་རྒྱུད་གསུངས་ཏེ་རྐྱང་ཕྱག་ཆ་ཤས་ཕུལ། རྩ་རླུང་གི་ཡན་ལག་ལྔ་སྦྱངས་དང་། སྙིང་གི་རྩ་མདུད་གྲོལ་བའི་འཁྲུལ་འཁོར་ཞིག་མཛད། ཚེས་བཅོ་བརྒྱད་ཉིན། སྔ་མོ་ཞོག་ཇ་གསོལ། དེའི་ཉི་དྲོས་ཀྱི་ཆ་ལ་གཟིམས་མལ་ནས་བཞེངས། སྐུ་གཅེར་བུར་མཛད་དེ་ཞབས་སྐྱིལ་ཀྲུང་། ཕྱག་གཉིས་པུས་མོར་བགབ། ང་རང་གིས་ན་བཟའ་གསོལ་ནས་ཅི་ཡང་མི་གསུངས་པར་བཞུགས། ཀུན་རྒྱམ་དང་། ལྷ་རྗེ། ངེད་རང་གསུམ་དེ་གར་བསྡད། རེ་ཞིག་ནས། སྤྱན་གཉིས་ལྟ་སྟངས་དང་། ཕྱག་གཉིས་སེ་གོལ་ཞིག་མཛད་དེ་ན་བཟའ་ནང་མཉམ་བཞག་མཛད་ནས། ཀ་དག་གདོད་མའི་གཞི་དབྱིངས་ནང་གསལ་ཆེན་པོར་རེ་ཞིག་བཞུགས་སོ་ཞེས་ཨ་མཆོད་གསུངས། དེ་ཉིན་ཡབ་ཚང་ནས་དགེ་དཔོན་རིན་པོ་ཆེ་ཕེབས་པར་ཞུས་པ་བཞིན་རྔ་དགོན་ནས་ཕེབས་སྐབས། གཞན་རྣམས་ལ་རེ་ཞིག་མ་འོང་གསུང་། ང་རང་དཔལ་ཤུ་བླ་མ་ཚེས་ལི་གཉིས་ལ་ཁྱེད་གཉིས་ཀྱིས་ཁོང་གི་བཅའ་ལག་ཁྱེར་ནས་ཤོག་གསུངས་པ་བཞིན་སོང་ནས་ཐབ་བཟུང་བ་དང་། མཁན་ཡོན་ཏན་རྒྱ་མཚོ་ཡང་བྱོན། མཚམས་སྤྲུལ་རིན་པོ་ཆེ་དྲངས་མི་གཉིས་མངག་པ་ན་སྔར་ཞུས་བཞིན་མཁྱེན་ནས་ཨ་སེའི་ནང་ནས་ཡར་ཕེབབས་པ་དང་འཕྲད་ནས་ཉི་ཤུ་ཐམ་པ་ཉིན་ཕེབས་ཏེ་ཐུགས་དམ་དཀྲོགས། དཔོན་རིན་པོ་ཆེའི་བཀའ་བཞིན་ངེད་ཅག་རྣམས་ཀྱིས་གདུང་ཆས་ཕུལ་ཏེ་མར་མེ་སོགས་མཆོད་ཚོགས་དང་བཅས་ཏེ་བཤམས་ཤིང་མཇལ་དུ་གནང་། དེ་ནས་མཚམས་སྤྲུལ་རིན་པོ་ཆེ་དང་། གླིང་བླ་དཔོན་གཡོག །དཔོན་རིན་པོ་རྣམས་ཀྱི་གཙོའི་བླ་གྲྭ་མང་པོ་ངེད་རང་གཉིས་བཅས་ཀྱི་ཉེར་ལྔའི་བར་ན་རག་དོང་སྤྲུགས་ཀྱིས་གདུང་མཆོད་ཕུལ། དེའི་རིང་ལ་ཐག་ཉེ་སྐོར་གྱི་དགེ་གསར་རྙིང་གི་དགོན་སྡེ་རྣམས་ཀྱི་མཁན་སྤྲུལ་བླ་གྲྭ་མང་དུ་བྱོན་ཏེ་བླ་མ་མཆོད་པ་སོགས་གསུང་ནས་མཆོད་པ་རྒྱ་ཆེར་ཕུལ་ཞིང་བསྟན་འགྲོ་ལ་སྨན་པའི་བཤད་སྒྲུབ་ཀྱི་མཛད་བཟང་ཐུགས་དམན་དང་ལེན་གྱི་ཞལ་བཞེས་རྒྱ་ཆེར་མཛད་པ་དང་། གཞན་དད་ལྡན་གྱི་སྐྱེ་བོ་སྟོང་ཕྲག་གཉིས་ཙམ་འོང་བ་ལ་ན་བཟའ་ཕྲན་བུ་རེ་དད་རྟེན་དུ་བྱིན་ཞིང་དགེ་སྒྲུབ་སྡིག་སྤང་སོགས་ཁས་ལེན་དམ་བཅའ་རྒྱ་ཆེ་བ་བྱུང་། དེར་གནས་རིང་ལ་ཆགས་སྡང་མེད་པར། སྐྱོ་ཤེས་དང་། ངེས་འབྱུང་གིས་ཉིན་མཚན་དགེ་བས་དུས་འདའ་བར་བྱུང་ངོ་། །ཉེར་ལྔའི་ཉིན་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་བགྱིས་ཏེ་གདུང་ཁང་གི་སྒོ་བསྡམ་ཏེ་བསྲུང་མི་བཞག །དེ་ཚེ་ནམ་མཁའ་དྭངས་ཤིང་འཇའ་འོད་ཀྱིས་ཁེངས་པ་སོགས་རྟགས་མཚན་བཟང་པོ་ཀུན་གྱིས་མཐོང་བར་གྱུར་ཏོ། །རྗེ་བླ་མའི་ཐུགས་བསྐྱེད་ཀྱིས་ཆར་ཆེ་ཞིང་དབྱར་དཀྱིལ་ལྟར་རྩི་ཤིང་མེ་ཏོག་སོགས་བཀྲ་ཞིང་། རྫ་ཆུ་ཡང་ཤིན་ཏུ་རྒྱས་པ་ལ། རྒན་བྱིས་བུད་མེད་སོགས་ཀྱིས་ཚམ་ཚོམ་མེད་པར་བརྒལ་ཡང་ཆུའི་འཇིགས་པ་མ་བྱུང་བ་ནི་ཁོང་གི་ཐུགས་རྗེ་རེད་ཅེས་ཀུན་གྱིས་གླེང་བ་བཞིན་ངེས་པ་ཡིན། ཕྱིས་སུ་ཐན་པ་ཆེན་པོ་ཇི་ལྟར་བྱུང་ཡང་དུས་མཆོད་དུས་ཆར་མི་འབབ་པ་མི་སྲིད་པ་ཡང་ཐུགས་བསྐྱེད་ལས་སོ། །རྫ་སྨད་དུ་སྤྲུལ་སྐུ་མི་ར་ཚང་དགེ་བསྐུལ་དུ་བྱོན་པས་གསན་ནས་ཕེབས་ཏེ་ཐུགས་ཡུས་ཀྱིས་བཤུམས་ཤིང་གཟིམས་ཚང་ནང་ནས་དར་ཅིག་བརྒྱལ། དེ་སངས་པ་དང་། ཨ་ཙེ་ངས། ཁྱེད་འདིར་བཞུགས་མེད་བསམ་གསུངས། དེ་ཕྱིན་ཐུགས་སྡུག་མེད་པར་བཞུགས་པ་ལ་དབོན་རིན་པོ་ཆེས་ཞལ་གཟིགས་ནས་ཐུགས་རྒྱུད་ཀྱི་རྟོགས་པ་འཕོས་པ་རེད་གསུངས། ཉེར་བརྒྱད་ཉིན་གདུང་རུས་བསྡུས་ཤིང་གཟིམས་ཚང་སོགས་ལྷག་མ་མེད་པར་ཡབ་ཚང་དུ་གདན་དྲངས་ནས། དབོན་རིན་པོ་ཆེ་དང་། སྤྲུལ་སྐུ་མི་ར་ཚང་། མཁན་ཡོན་ཏན་རྒྱ་མཚོ། སྐུ་ཚབ་བསམ་ལི། ངེད་རྣམས་ཀྱིས་ཆོ་ག་བཞིན་དུ་གདུང་ཚ་མང་དུ་བཏབ་པ་གསེར་གྱིས་བྱུག་སྟེ་བསྒྲུབས་པར་བྱས། དགོངས་རྫོགས་སུ་སྔ་ཕྱིར་བླ་ཆེན་མང་དུ་དྲངས་པ་དང་། བླ་གྲྭ་བརྒྱ་ཕྲག་ལྷག་ཙམ་གྱིས་ཚོགས་ཆེན་སོགས་གཤེགས་རྗེས་ཀྱི་བྱ་བ་རྣམས་མཐར་རྒྱས་དང་། གདུང་རྟེན་ཡང་དེའི་སྟོན་སོར་དབོན་སྤྲུལ་རྣམ་གཉིས་ཀྱིས། དཔལ་དགེའི་རྡོ་འབུམ་རྩར་ཕྱོགས་རེར་འདོམས་ལྔ་རེ་ཡོད་པའི་ཁང་བུ་བརྩེགས་པའི་མཆོད་རྟེན་ཚད་ལྡན་གདུང་ཚྭ་གཙོ་བོར་གྱུར་པའི་ཟུང་འཇུག་བྱིན་ལྡན་དགོས་རིགས་མ་ཚང་བ་མེད་པ་ཆོ་ག་རྣམ་པར་དག་པས་གཟུངས་སྒྲུབ་དང་གཟུངས་འབུམ་ཕྱག་ལེན་མ་འཁྲུལ་བས་གཏམས་ཤིང་རབ་ཏུ་གནས་པ་བཅས་འབྲེལ་ཚད་དོན་ལྡན་གྱི་གདུང་རྟེན་སྦྱོར་དངོས་རྗེས་གསུམ་འཁྲུལ་བ་མེད་པས་འདི་བཞིན་ལེགས་པར་གྲུབ། མདོ་སྡེ་སྐལ་པ་བཟང་པོ་ལས། སྐུ་གདུང་ནི་རྒྱས་པར་འགྱུར་རོ། །ཞེས་གསུངས་པ་ལྟར། མུ་རའི་མ་ཎིའི་རྡོ་མཁར་རྩར་ཡང་། ཚད་དང་བཀོད་པ་སོགས་སྔ་མ་དང་མཚུངས་པའི་གདུང་རྟེན་མུ་ར་རིན་པོ་ཆེས་བཞེངས་པ་དང་། ཕྱིས་སུ་ཁོ་བོ་ལ་ཞབས་མཐེབ་ཀྱི་སེན་མོ་མཐེབ་མགོ་ཙམ་ཡོད་པ་ཆབ་མདོའི་ཡབ་ཚང་བློ་བཟང་བདེ་ཆེན་གྱིས་ཁང་བརྩེགས་མཆོད་རྟེན་ཕྱོགས་རེར་འདོམས་དགུ་རེ་ཡོད་པ་གཟུངས་འཇུག་ཚད་ལྡན་དང་། སཙྪ་འབུམ་གཉིས་ལྷག་པས་གཏམ་པ་ཆབ་མདོའི་དགོན་ཉེར་ཕྱོགས་བཞེངས་རྒྱུ་དང་། ནས་ཁལ་ཞེ་ཐམ་འགྲོ་བའི་ཞིང་ས་ཚེ་ཐར་བྱས་ཏེ་ས་རྒོད་དུ་བཞག་པའི་ཁས་ལེན་བྱས་པ་ལ་བྱིན་པ་སོགས་གདུང་རྟེན་ཆེ་ཆུང་ལྔ་བརྒྱ་ཙམ་ཕྱོགས་དང་ཕྱོགས་སུ་རྒྱས་པར་གྱུར་ཏོ། །ཟངས་གསེར་ལས་གྲུབ་པའི་གདུང་རྟེན་ཡང་ཆ་ཤས་བྱུང་ངོ་། །བདག་ཉིད་ཆེན་པོ་འདིའི་ཐེག་མཆོག་ཆོས་ཀྱི་དགའ་སྟོན་མྱོང་བའི་སློབ་ཚོགས་བགྲང་ལས་འདས་པ་བྱུང་བའི་ནང་ནས་ཞལ་སློབ་གཙོ་བོ། རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། མཚམས་སྤྲུལ་ཀུན་བཟང་བདེ་ཆེན་རྡོ་རྗེ། དགེ་མང་སྐྱབས་མགོན་ཡང་སྲིད་གཞན་ཕན་ཆོས་ཀྱི་སྣང་བ། སེར་ཤུལ་ལྷ་རམ་པ་དགེ་བཤེས་ཐུབ་བསྟན། ཨ་མྱེའི་གསེར་ཁྲི་རིན་པོ་ཆེ། ལྷ་རམ་པ་དགེ་ལེགས་དར་རྒྱས། ཇོའི་ཁྲི་ཆེན་བློ་བཟང་རྣམ་རྒྱལ། ཨོན་པོའི་བླ་མ་བློ་བཟང་འགྱུར་མེད། གླིང་སྤྲུལ་ཐུབ་བསྟན་རྒྱལ་མཚན། རྒྱ་རོང་ནམ་སྤྲུལ་ཀུན་བཟང་ཐེག་མཆོག་རྡོ་རྗེ། མཁན་པདྨ་རྡོ་རྗེ། རྡོ་གྲུབ་ཡང་སྲིད་འཇིགས་མེད་ཕུན་ཚོགས་འབྱུང་གནས་དང་དྲི་མེད་གྲགས་པ་རྣམ་གཉིས། སྐུ་ཞབས་མཁྱེན་བརྩེའི་སྲས་བདེ་ཆེན་རིག་པའི་རལ་གྲི། རྡོ་གྲུབ་ཡང་སྲིད་གསུམ་པ་འཇིགས་མེད་བསྟན་པའི་ཉི་མ། ཨ་འཛོམ་འབྲུག་སྤྲུལ་འགྲོ་འདུལ་དཔའ་བོ་རྡོ་རྗེ། སྤྲུལ་པའི་གཏེར་སྟོན་ལས་རབ་གླིང་པ། ཀཿཐོག་སི་ཏུ་མཆོག་སྤྲུལ་ཆོས་ཀྱི་བློ་གྲོས། དཔལ་སྤུངས་བླ་མ་བཀྲ་ཤིས་འོད་ཟེར། འབའ་ཕུག་སྤྲུལ་སྐུ་ཆོས་དཔལ་རྒྱ་མཚོ། གནས་གནང་དཔའ་བོ་གཙུག་ལག་ཕྲེང་བའི་ཡང་སྲིད་དང་། ཡར་འབྲོག་རྡོ་རྗེ་ཕག་མོ། གཏེར་སྲས་ཚེ་དབང་གྲགས་པ་སོགས་བགྲང་གིས་མི་ལང་བ་ཡོད་ཀྱང་། ཁྱད་པར་དུ་དམ་པའི་ཆོས་འཆད་ཉན་གྱི་ཕྲིན་ལས་ལྷག་པར་སྐྱོང་བའི་སློབ་མ་ནི། དགེ་མང་རྗེ་དཔོན་བསྟན་འཛིན་ནོར་བུ། མུ་ར་སྤྲུལ་སྐུ་པདྨ་བདེ་ཆེན་བཟང་པོ། མཁས་གྲུབ་ཆེན་པོ་མི་ཕམ་རྣམ་རྒྱལ། རྟོགས་ལྡན་དམ་པ་ལུང་རྟོགས་འཕེལ་རྒྱས་བཟང་པོ། མཁན་ཡོན་ཏན་རྒྱ་མཚོ་སོགས། ཞེ་རྫོགས་ཀཿདཔལ། དཔལ་སྤུངས། སྡེ་དགེའི་དགོན་ཆེན། རེ་སྐོང་སོགས་ས་དགེ་བཀའ་སྙིང་གི་སྤྲུལ་པའི་སྐུ་མཆོག་ཆེན་པོ། གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་པ། བསླབ་པ་གསུམ་ལྡན་གྱི་མཁན་པོ། རིམ་གཉིས་ཀྱི་རྣལ་འབྱོར་ལྡན་པའི་སྔགས་པ། ཚེ་བློས་བཏང་གི་བྱ་བྲལ་རྣམས་དང་། ས་སྐྱོང་སྡེ་དགེ་དང་། གླིང་ཚང་རྒྱལ་པོའི་གཙོས་རྒྱ་བོད་ཧོར་སོག་རྣམས་ཀྱི་རྒྱལ་བློན་ཆེ་དགུ། ཧོར་ལྭ་ཀར་ཚང་སོགས་འབྱོར་ལྡན་བསྟན་པའི་སྦྱིན་བདག་རྣམས་ཀྱིས་མཚོན་ཏེ་ཐུགས་བརྩེ་བས་བཟུང་པ་བགྲང་པ་ལས་འདས་ཤིང་གཞལ་དུ་མ་མཆིས་སོ། །དེ་དག་གི་དྲིན་ལས་མཚུངས་བྲལ་རྗེ་བཙུན་མཆོག་གི་རྣམ་དཀར་ཕྲིན་ལས་ཀྱི་འོད་སྣང་དབྱིག་འཛིན་ཡངས་པའི་རྒྱན་དུ་ད་ལྟ་ནའང་གནས་བཞིན་པ་སྟེ། ད་དུང་ཡང་སྐལ་བཟང་སྒྲོན་མེ་ལྔ་པའི་ཉིན་བྱེད་འཆར་ཀའི་འོད་དམར་སྤྲོ་བ་ལ་ཕྱོགས་པའི་བར་དུ་འཕེལ་རྒྱས་འབྱུང་བར་གྱུར་ཅིག་གུ། རྒྱལ་ཀུན་འདུས་ཞལ་བཀའ་དྲིན་ཅན་གྱི་དུས་དྲན་གདུང་མཆོད་ལ། ཡབ་ཚང་ནས་ལོ་མང་རབས་བླ་མ་མཆོད་པ་ཉིན་གཅིག་གཉིས་ལ་མ་ཆགས་པ་དང་། དགེ་གོང་འདུས་སྡེ་ཞི་བ་ཚོགས་ཀྱིས་ཀློང་སྙིང་བླ་མ་མཆོད་པ་རྒྱས་སྤྲོས་ཉིན་གཉིས་ད་ལྟའི་བར་དུ་ཆགས་མེད་དང་། རྫ་རྒྱལ་དགོན་དང་བ་ཐུར་དགོན་གཉིས་ནས་ཞི་ཁྲོ་ན་རག་དོང་སྤྲུགས་ཀྱི་སྒྲུབ་མཆོད། བདག་ཐུག་སྦྱིན་སྲེག་བཅས་བླ་གྲྭ་ཞིབ་ཚོགས་ཀྱིས་ཉིན་གསུམ་རེར་མི་ཆགས་པ་དང་། དགེ་མང་དགོན་ནས་དཔོན་རིན་པོ་ཆེས་སྒྲུབ་མཆོད་ཀྱི་ཚོགས་རྟེན་དང་ཕྱག་བཞེས་གནང་བ་བཞིན་བླ་གྲྭ་ཞིབ་ཚོགས་ཀྱིས་དོང་སྤྲུགས་ཀྱི་སྒྲུབ་མཆོད་བདག་འཇུག་སྦྱིན་སྲེག་བཅས་ཉིན་བཞི་ཆགས་མེད་དང་། སེར་ཤུལ་དགོན་དུའང་གསར་ལུགས་ཀྱི་བླ་མ་མཆོད་པ་ཉིན་ཆོ་ག་རེ་དང་མར་མེ་སྟོང་མཆོད་རེ་མི་ཆགས་རྒྱུའི་སྤྱི་ཐེབས་ཡབ་ཚང་རྒྱལ་ཏོག་དང་། དཔོན་མགོན་རབ་གཉིས་ཀྱིས་བཞག་པ་བཞིན་ཆད་པ་མེད་པར་གནས་ཤིང་། དེ་དག་ལ་བརྟེན་ནས་དད་ལྡན་གྱི་གང་ཟག་རྣམས་ཀྱིས་དཔལ་སྤྲུལ་རིན་པོ་ཆེའམ་བཀའ་དྲིན་ཅན་ཞེས་གསོལ་འདེབས་སོགས་ལ་བརྩོན་པས་བར་ཆད་ཞི་ཞིང་མཐུན་རྐྱེན་འགྲུབ་པས་ཕྱག་མཆོད་སོགས་ལ་བརྩོན་པ་ཤིན་ཏུ་མང་པོ་ད་ལྟའི་བར་དུ་དར་ཞིང་རྒྱས་པ་དང་། ཕྱིས་ཀྱང་སྲིད་མཐའི་བར་དུ་དར་ཞིང་རྒྱས་པར་སྨོན་ནོ། །དེ་དག་ཐུན་མོང་སྤྱིའི་རྣམ་ཐར་གྱི་ས་བོན་ཙམ་སྟེ་ནང་དང་གསང་བའི་རྣམ་ཐར་ཚུར་མཐོང་གི་ཡུལ་ལས་འདས་པས་འདིར་སྨྲོས་པ་མེད་དོ། །མདོར་ན་བདག་ཉིད་ཆེན་པོ་འདི་ཉིད་གསར་རྙིང་རིས་མེད་ལ་མཁས་ཤིང་གྲུབ་པའི་རྣམ་ཐར་རྩོད་མེད་དུ་གནས་པ་ནི་རྒྱལ་ཁམས་ཀུན་ཏུ་གྲགས་ཤིང་གྲུབ་མོད། ཡང་དག་པའི་དོན་དུ་རྗེ་འདི་ཉིད་འཇམ་པའི་དབྱངས་དང་། སྤྱན་རས་གཟིགས། གསང་བའི་བདག་པོ་སོགས་དང་དགོངས་སྤྱོད་དབྱེར་མེད་ཕྱིར་ལྷའི་ཞལ་གཟིགས་དང་གྲུབ་པའི་ཆོ་འཕྲུལ་མཛད་ཚུལ་སོགས་བདག་ཉིད་ཆེན་པོ་འདི་ལྟ་བུ་ལ་ཡ་མཚན་དུ་རྩི་བའི་འོས་མ་ཡིན་མོད་ཀྱང་། གདུལ་བྱ་ཐུན་མོང་པ་དག་གི་ངོར་གནས་གང་དུ་འཁྲུངས། སྐུ་ཚེ་ཇི་ཙམ་གཞེས། མཛད་པ་ཇི་ཞིག་བསྟན་པ་རྣམས་མ་སྨྲོས་ན་བློ་ཚིམ་པར་མི་འགྱུར་བས་འདིར་རང་གཞན་གྱི་མཐོང་ཐོས་སྒྲོ་སྐུར་དང་བྲལ་བར་བཀོད་པ་ཡིན་ནོ། །དེ་ལྟར་བུའི་རྣམ་ཐར་མཆོག་དང་ལྡན་པའི་ཟབ་རྒྱས་ཆོས་ཀྱི་བདུད་རྩི་མི་ཟད་རིན་པོ་ཆེའི་གཏེར་བཞིན་འཇོ་བས་སྐལ་ལྡན་སྐྱེ་བོའི་རེ་བ་ཡོང་སུ་སྐོང་བར་མཛད་པ་པོ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཉིད་ལ་བཀའ་དྲིན་རྗེས་སུ་དྲན་པའི་ཕྱག་འཚལ་བ་གསང་བ་གསུམ་གྱི་ཡོན་ཏན་ལ་བསྔགས་པ། རྗེས་དྲན་བསྟོད་སྨོན་རྗེ་བཙུན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་བོའི་ཞལ་སྔ་ནས་སྩལ་བ་འདིས་མཐའ་རྟེན་པར་བྱས་པའི་རྗེ་བླ་མ་མི་ཕམ་ཆོས་རྗེས་བཀའ་འབུམ་གྱི་མཐར་རྟེན་དུ་བཞག་པ་ནི་དོན་གྱི་རྣམ་ཐར་ཡིན་པར་གཟིགས་པས་ཡིན་ནོ། །འདིར་སྨྲས་པ། མཁའ་ཁྱབ་ཞིང་གི་ཕན་བདེ་ཇི་སྙེད་པའི། །སྤྲོ་བསྡུའི་བྱེད་པོ་དཀོན་མཆོག་རྩ་གསུམ་ཉིད། །གདོད་མའི་མགོན་དང་རྣམ་དབྱེར་མ་མཆིས་པའི། །ཁྱབ་བདག་བླ་མ་དང་པོའི་སངས་རྒྱས་དངོས། ། ༡གང་གི་སྒྱུ་འཕྲུལ་དྲ་བའི་རོལ་མོ་ལས། །གང་འདུལ་སྤྲུལ་པའི་རྣམ་ཐར་བསམ་ཡས་ཀྱང་། ། གཅིག་ལ་ཀུན་རྫོགས་ཀུན་ལ་གཅིག་འདུས་པས། །མ་འདྲེས་ཡོངས་རྫོགས་ཀུན་བཟང་ཆོས་ཀྱི་སྐུ། །༢ཕྱོགས་དུས་རྒྱལ་བའི་ཡོན་ཏན་རྒྱ་མཚོའི་དཔྱིད། །ཀུན་མཁྱེན་བླ་མའི་གསང་གསུམ་ལས་གཞན་དུ། །མ་དམིགས་མི་དམིགས་དམིགས་པར་མི་འགྱུར་བས། །ཆོས་ཀྱི་དབང་པོའི་རྣམ་ཐར་བསམ་མི་ཁྱབ། །༣དེ་ཕྱིར་གང་ཞིག་མཆོད་བསྟོད་བསྒྲུབས་པས་ཀྱང་། ། རྒྱལ་བའི་དཀྱིལ་འཁོར་མ་ལུས་མཆོད་ཅིང་བསྟོད། །ཚུལ་འདི་གཟིགས་པའི་ཕྲིན་ལས་མཆོག་སྦྱིན་པ། །ཀུན་མཁྱེན་བླ་མའི་རྣམ་འཕྲུལ་ལས་གཞན་སུ། །༤གང་མཚན་དྲན་པ་ཙམ་གྱིས་སྲིད་ཞིའི་སྨག །དྲུང་འབྱིན་ཡེ་ཤེས་ཉི་མ་ཆེན་པོའི་དཔལ། །མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་ལྡན་པའི། །རྣམ་ཐར་མཆོག་འདི་བླ་མའི་དྲིན་གྱིས་སྤྲོས། །༥རང་མཐོང་ཕྱོགས་ཞེན་དུག་གིས་མ་བསླད་པར། །དམ་པ་དག་གིས་ཇི་ལྟར་གསུངས་པ་བཞིན། ཕྱོགས་མཐུན་སྡེབ་ལ་དཀྱུས་བཞིན་བཀོད་པ་ལས། །རྙེད་དང་གྲགས་པའི་སྙེམས་པ་མེད་སྙམ་ཡང་། །༦མ་རྟོག་ལོག་པར་རྟོག་པའི་གཞན་དབང་གིས། །མ་ཚངས་མི་དགོས་འགལ་འདུ་ཅི་རིགས་པའི། ། ནོངས་པ་གང་མཆིས་རྩ་གསུམ་བླ་མར་འཆག །འདི་ཕྱིའི་སྒྲིབ་པར་མི་འགྱུར་དག་ཚངས་སྩོལ། །༧དགེ་བ་འདིས་མཚོན་བདག་གཞན་དུས་གསུམ་གྱི། །དགེ་ཚོགས་ཇི་སྙེད་བསྟན་འགྲོར་སྨན་པའི་ཕྱིར། །སྲས་བཅས་རྒྱལ་བས་ཡོངས་བསྔོ་ཇི་བཞིན་དུ། །བསྔོས་པས་མཐུན་འགྱུར་རྩ་གསུམ་བླ་མར་ཞུ། །༨བསྟན་འཛིན་ཞབས་བརྟན་བསྟན་པ་དར་རྒྱས་ཤིང་། སྐྱེ་དགུ་བདེ་ཞིང་ནད་མུག་མཚོན་འཁྲུག་སོགས། །མི་མཐུན་དུས་ཀྱི་རྒུད་པ་ཇི་སྙེད་པ། །འཇིག་རྟེན་ཁམས་སུ་གྲགས་པར་མ་གྱུར་ཅིག །༩ཐུབ་བསྟན་མཛེས་རྒྱན་ཀུན་མཁྱེན་ཡབ་སྲས་དང་། །

བཤད་སྒྲུབ་བསྟན་པའི་མངའ་བདག་ཆོས་ཀྱི་དབང་། །མཚུངས་མེད་བླ་མའི་བསྟན་པ་སྲིད་མཐའི་བར། །མཁའ་ཁྱབ་ཞིང་དུ་འཛིན་ཞིང་སྤེལ་གྱུར་ཅིག །༡༠ཅེས་པའང་ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེའི་ཡང་སྤྲུལ་མཚུངས་པ་མེད་པ་འཁོར་ལོའི་མ གོན་པོ་མཚན་བརྗོད་པར་དཀའ་བ་ཀུན་གཟིགས་ཆོས་ཀྱི་བློ་གྲོས་ཞེས་སྙན་ པའི་བ་དན་སྲིད་པར་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཞལ་སྔ་ནས་སྔ་ཕྱི་དུ་མར་བསྟན་འགྲོ་སྤྱི་དང་བྱེ་བྲག་ལ་སྲིད་མཐའི་བར་དུ་ཕན་བདེའི་སྐལ་བཟང་མི་ཉམས་པར་སྤེལ་བའི་ཐུགས་བསྐྱེད་འགྲན་ཟླ་དང་བྲལ་བས། དཔལ་སྤྲུལ་རིན་པོ་ཆེའི་རྣམ་ཐར་རྩོམ་དགོས་ཀྱི་བཀའ་ལུང་གསེར་གྱི་ཅོད་པན་རྟེན་བཅས་སྤྱི་བོར་གནང་བ་ཡིད་ལ་བསྐྱེད་པ་མེད་ཀྱང་། རང་ན་ཚོད་ཤིན་ཏུ་རྒས་ཤིང་བློ་མིག་མི་གསལ་བ་དང་། འཁོས་སྟབས་ཞན་པས་རྣམ་ཐར་ལ་ཕན་པའི་ཡིག་ཆ་མ་མཐོང་བ་དང་། གྲུབ་ཆེན་རིན་པོ་ཆེས་མཛད་པའི་རྣམ་ཐར་དང་། ཨ་མཆོད་བསོད་ཚེས་ཕྱིས་སུ་རང་གཞན་མཐོང་ཐོས་སོགས་ཀྱི་ཟིན་བྲིས་ཀྱང་ད་ལོ་ལས་རང་གི་ལག་ཁར་མ་འབྱོར་པས་ཅི་བྱ་གཏོལ་མེད་ལས་གང་གསུང་ལྟོས་མེད་དུ་མ་བྱས། ད་ལོ་ལག་ཁར་འབྱོར་འཕྲལ་དམ་པ་དེ་གཉིས་ཀྱིས་སྣོན་ཕྲི་བགྱིད་པར་བཀའ་གནང་སྩལ་བ་བཅས། རང་བློ་ཤིན་ཏུ་རྨོངས་ཤིང་མིག་མི་གསལ་བས་སྤྱན་ཚབ་ལ་བསྟེན་ནས་འབྲི་བའི་ཁུར་དང་དུ་བླ ང་བ་ལ་དགེ་མང་མཁན་དམ་པ་བསོད་ནམས་རྡོ་རྗེས་ཀྱང་རྗེས་བསྐུལ་དང་ལེགས་པས་དབུགས་དབྱུང་དར་དང་རིན་ཆེན་དང་པོ་སྩལ་ཞིང་། ཉེ་གནས་དམ་པ་རིས་ལྷ་ནས་ཀྱང་གང་གསུངས་བཞིན་ནན་བསྐུལ་དང་མཐུན་སྦྱོར་བཅས། རྣམ་ཐར་དང་ཟིན་བྲིས་གཉིས་སོར་བཞག་གིས་ཕན་ཚུན་མཐུན་པར་འཁྲུགས་སྡེབ་སོགས་རག་བསྡུས་དཀྱུས་བ ཀོད་དུ་རང་ལོ་དོན་བདུན་པར་རབ་བྱུང་བཅུ་དྲུག་པའི་འབྲུ་མང་པོ་ཞེས་པ་ས་ཕོ་སྟག་གི་ལོ་ཨོ་རྒྱན་སངས་རྒྱས་གཉིས་པའི་ཞབས་པད་བོད་ཡུ ལ་མཐིལ་དུ་བཀོད་པའི་སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་དུས་ཚེས་དགེ་བ་དགའ་བ་དང་པོར་དགེ་གོང་དགོན་འཆི་མེད་རིག་འཛིན་བཤད་སྒྲུབ་འཕེལ་རྒྱས་གླིང་དུ། སངས་རྒྱས་གཉིས་པ་ལྟ་བུའི་དམ་པ་རྣམས་དང་ཁྱད་པར་བདག་ཉིད་ཆེན་པོ་འདིའི་ཞབས་རྡུལ་ལ་རེག་པའི་སྐལ་བཟང་ཐོབ་ཀྱང་། རང་གཤིས་ངན་པས་ཡོན་ཏན་རྡུལ་ཙམ་མེད་པ་ཐ་མལ་ལས་ཀྱང་ཐ་མལ་པ། ཤཱཀྱའི་རྗེས་འཇུག་གི་གཟུགས་བརྙན་རྨོངས་བརྟུལ་གྱི་ན་བ་བྷུ་སུ་ཀུ་པ་ཐུབ་བསྟན་ཀུན་བཟང་ཆོས་གྲགས་འ བོད་པས་རྫོགས་པར་གྲུབ་པའི་ཡི་གེ་པ་ནི་ཤཱཀྱའི་དགེ་ཚུལ་བློ་གསལ་ཕུར་པ་ཚེ་རིང་དང་། ཞལ་བཤུས་གཉིས་པ་དཀོན་མཆོག་ཆོས་འཕེལ་གྱིས་བགྱིས་པ་ཕྱོགས་དུས་ཀུན་ཏུ་དགེ་ཞིང་བཀྲ་ཤིས་ཕུན་སུམ་ཚོགས་པས་ཀུན་བཟང་ཐུགས་ཀྱི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །ཤུ་བྷཾ། མངྒ་ལཾ། །