SPCD-KABUM-01-KA-008: Difference between revisions

From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing)
 
No edit summary
 
(4 intermediate revisions by 2 users not shown)
Line 1: Line 1:
{{Text
|classification=Tibetan Publications
|subclass=Tibetan Texts
|sectionheading=No
|fulltitletib=ཐུན་མིན་སྔོན་འགྲོའི་བསྡུས་དོན་ཚིགས་བཅད་ནོར་བུའི་ཕྲེང་བ།
|fulltitle=thun min sngon 'gro'i bsdus don tshigs bcad nor bu'i phreng ba
|citation=[['phags mchog rdo rje]]. ''Thun min sngon 'gro'i bsdus don tshigs bcad nor bu'i phreng ba''. In ''Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che '', Vol. 1: 507-644.  Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
|collectiontitletib=འཕགས་མཆོག་བཀའ་འབུམ།
|collectiontitle='phags mchog bka' 'bum
|author='phags mchog rdo rje
|authortib=འཕགས་མཆོག་རྡོ་རྗེ་
|tibgenre=Contemplative Guide Books and Instructional Manuals - khrid yig, Preliminary Practices - sngon 'gro
|terma=No
|language=Tibetan
|volumenumber=01
|volnumtib=༡
|volyigtib=ཀ
|totalvolumes=3
|textnuminvol=008
|pagenumbers=507-644
|totalpages=137
|beginfolioline=1a1
|endfolioline=69a5
|totalfolios=69
|multivolumework=No
|versonotes=thun min sngon 'gro'i tshigs bcad
|colophontib=།ཅེས་ཐུན་མིན་སྔོན་འགྲོའི་ཁྲིད་ཡིག་ཚིགས་བཅད་ནོར་བུའི་ཕྲེང་བ་ཞེས་བྱ་བ་འདི། ཐེག་པ་མཆོག་གི་རྣལ་འབྱོར་པ་གྲུབ་དབང་ཤཱཀྱ་ཤྲཱི་ཛྙཱ་ནའི་གདུང་རིགས་སུ་གྱུར་པ་འཕགས་མཆོག་རྡོ་རྗེས་གྲུ་རི་གསོལ་སྡེར་བཀྲ་ཤིས་འཁྱིལ་བའི་དབེན་གནས་གཟིམས་སྤྱིལ་འོད་གསལ་རྫོང་དུ་རབ་རྒྱས་ཤིང་ཁྱི་གྲོ་བཞིན་ཟླ་བའིདཀར་ཕྱོགས་གུ་རུ་པདྨ་འབྱུང་གནས་ཀྱི་དུས་ཆེན་བཟང་པོར་བཀོད་པ་དགེའོ།།
|colophonwylie=/ces thun min sngon 'gro'i khrid yig tshigs bcad nor bu'i phreng ba zhes bya ba 'di/_theg pa mchog gi rnal 'byor pa grub dbang shAkya shrI dz+nyA na'i gdung rigs su gyur pa 'phags mchog rdo rjes gru ri gsol sder bkra shis 'khyil ba'i dben gnas gzims spyil 'od gsal rdzong du rab rgyas shing khyi gro bzhin zla ba'idakar phyogs gu ru pad+ma 'byung gnas kyi dus chen bzang por bkod pa dge'o//
|pdflink=File:SPCD-KABUM-01-KA-008.pdf
|volumeLetter=KA
|InitCategories=Khyentse Lineage Project; SPCD-KABUM-Volume-01-KA
}}
<h1>Tibetan Text</h1>
<onlyinclude>
{{TibP|
༄༅། །ཐུན་མིན་སྔོན་འགྲོའི་བསྡུས་དོན་ཚིགས་བཅད་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།


ཐུན་མིན་སྔོན་འགྲོའི་བསྡུས་དོན་ཚིགས་བཅད་ནོར་བུའི་ཕྲེང་བ་
༄༅། །རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་བླ་མ་དང་། །ཐར་ལམ་སྟོན་པའི་དེད་དཔོན་བླ་མེད་པ། །ཡོངས་འཛིན་དགེ་བའི་བཤེས་གཉེན་མཆོག་རྣམས་ལ། །སྒོ་གསུམ་འཇུག་པ་གཅིག་པས་ཕྱག་བཙལ་ནས། །སེམས་ཅན་ཨ་འཐས་གཟུང་འཛིན་གྱིས་འཁྲུལ་ནས། །དགེ་སྡིག་བླང་དོར་མི་ཤེས་རྨོངས་པ་རྣམས། །ཚོགས་བསགས་སྒྲིབ་སྦྱོང་ཐར་པའི་ལམ་སྟོན་ཕྱིར། །ཐུན་མིན་སྔོན་འགྲོའི་ཚིག་དོན་གསལ་བར་བཀོད། །དེ་ཡང་སྐལ་ལྡན་ཐར་ལམ་མོས་པ་དག །ཆོས་རྣམས་ཀུན་གྱི་སྔོན་འགྲོ་བསགས་སྦྱང་ལ། །ཚིག་ཙམ་གྲངས་གསོག་དམིགས་འདུན་ཙམ་མེད་པ། །ཆོས་བཞིན་མི་ལྡན་དཔོན་ལ་ཁྲལ་འཇལ་ལམ། །གཡོག་ངན་ལ་ལའི་ལས་ཀ་ལྟར་བྱས་པས། །ཚོགས་རྫོགས་སྒྲིབ་བྱང་གནད་ལ་མི་སྨིན་ཏེ། །དོན་གཉེར་བརྩོན་འགྲུས་མེད་པའི་མི་གང་གིས། །འཇིག་རྟེན་བྱ་བ་སྣ་རེའང་མི་འགྲུབ་ན༑ །དམ་ཆོས་ཟབ་མོ་འགྲུབ་པ་ལྟ་ཅི་སྨོས། །དེ་ཕྱིར་དད་པ་དོན་གཉེར་དཀའ་སྤྱད་དང་། །བརྩོན་འགྲུས་ཁྱད་པར་འཕགས་པ་མཆོག་ཏུ་གཅེས། །དེ་ནས་བརྒྱུད་ལྡན་བླ་མའི་ཞལ་རྒྱུན་དང་། །ཕྱག་བཞེས་ཟབ་མོ་ཇི་ལྟར་མ་ནོར་བར། །སྒོ་གསུམ་ཤིན་ཏུ་མ་ཡེངས་རྣལ་བབ་དང་། །དོན་རྣམས་གསོལ་འདེབས་འདོན་བྱ་གང་ཡིན་རྣམས། །ཞིབ་པར་མ་ནོར་ངེས་པར་བློ་ལ་འཛིན། །དེ་ནས་རང་ཉིད་གང་ལ་མོས་པ་ཡི། །སྐྱབས་ཡུལ་ལ་སོགས་མ་འདྲེས་གསལ་བཏབ་ལ། །ཡིད་ཆེས་དད་པ་རྩེ་གཅིག་དང་བཅས་པས། །སྤྱན་སྔར་མཆོད་སོགས་དངོས་སུ་བཤམས་པ་དང་། །ཡིད་སྤྲུལ་ཁྱད་མེད་སྣང་བ་མ་འགྱུར་བར། །དམིགས་འདུན་རྩེ་གཅིག་དྲིལ་ནས་སྒོམ་པ་ལས། །ས་རྡོ་རི་བྲག་བར་སྣང་སྟོང་པ་ལ༑ །འབུལ་ཡུལ་འབུལ་བྱ་འབུལ་བྱེད་ལྟ་བུ་ཡི། །སླ་ཆོས་ཙམ་ལ་ཡིད་བརྟེན་མ་བྱེད་པར། །དཀའ་བ་དང་བླངས་སླ་བ་རྒྱབ་ཏུ་དོར། །སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། །རྗེས་སུ་སྒྱུ་མ་ལྟ་བུའི་བསྔོ་བ་སྟེ། །དམ་པ་གསུམ་གྱི་ལག་ལེན་ཚད་ལྡན་རེ། །ངེས་པར་རྒྱུད་ལ་འབྱོར་བ་མ་གཏོགས་པ། །དད་པ་དོན་གཉེར་ཅི་ཡང་མེད་པའི་ངང་། །མགོ་ཆད་གཞུག་རྡུམ་བསྒོམ་བྲལ་བཟླས་བརྗོད་ཀྱི། །ཚོགས་རྫོགས་སྒྲིབ་པ་བྱང་བ་ལྟ་ཞོག་གི། །ཆོས་ལ་བརྟེན་པའི་ཚོགས་ངན་ཚབས་པོ་ཆེ། །བསགས་པའི་རྒྱུ་རུ་མི་འགྱུར་ངེས་ངེས་མེད། །ལར་ནི་ཚེ་རབས་བསགས་པའི་སྡིག་སྒྲིབ་རྣམས། །དངོས་པོའི་གཟུགས་སུ་མཆིས་ན་རི་བོ་འམ། །རྒྱ་མཚོའི་གཏིང་ངམ་ཐང་གི་མཐའ་རྒྱ་ལྟར། །ཟབ་ཅིང་རྒྱ་ཆེ་ཕ་མཐའ་ཡས་པར་ཡོད། །དེ་དག་མ་བཤགས་བཏང་སྙོམས་སུ་འཇོག་ན། །ཤེས་བཞིན་དུག་ནི་འཐུང་བ་ཇི་ལྟ་བུར། །རང་གི་རང་ཉིད་ངེས་པར་བསླུས་པ་ཡིན། །དེ་ནས་ཐབས་ཤེས་འབྱོར་བ་ཕུན་ཚོགས་དུས། །དད་བརྩོན་དྲག་པོས་ངེས་པར་མ་སྦྱངས་ན། །འཁོར་བའི་འཇིགས་པ་སྡུག་བསྔལ་དཔག་མེད་རྣམས། །སེལ་ཐབས་དམིགས་འདུན་གཏད་ཡུལ་གང་ལ་བྱ། །དམ་ཆོས་གང་འགྲུབ་ཕྱི་མའི་གཏན་དོན་དུ། །བསམ་བློ་འཁོར་ངེས་བཏང་སྟེ་སྤང་བླང་རྣམས། །ངེས་ཤེས་བརྟན་པོས་གཞི་བཟུང་གལ་དུ་ཆེ།།  ༈  །།དེ་ནས་རང་རྒྱུད་ལས་སུ་རུང་བྱེད་པ། །སྐྱབས་སུ་འགྲོ་བའི་རིམ་པ་འདི་ལྟ་སྟེ། །དཀོན་མཆོག་གསུམ་སོགས་ཞེས་པའི་ཚིག་དོན་ནི། །འཇིག་རྟེན་དག་ན་འབྱུང་བར་དཀའ་བས་དཀོན། །བླ་མེད་དྲི་མེད་མཐུ་ལྡན་རྒྱན་གྱུར་མཆོག །གསུམ་ནི་དོན་གཉིས་མཐར་ཕྱིར་རྫོགས་སངས་རྒྱས། །སྒྲིབ་གཉིས་མུན་སེལ་བདེན་གཉིས་དམ་པའི་ཆོས། །རིམ་གཉིས་མཐར་ཕྱིན་རིག་གྲོལ་དགེ་འདུན་ཏེ། །སྲིད་ཞིའི་འཇིགས་པ་མཐའ་དག་སྐྱབས་པའི་ཕྱིར། །ཡང་དག་ལམ་ལ་འགྲོ་བར་རྩོམ་པས་ན༑ །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཞེས་པ་ཡིན། །དེ་ལྟར་སྐྱབས་སུ་འགྲོ་བ་གལ་གནད་ཆེ། །སྐྱབས་སུ་མ་སོང་སྡོམ་པ་ཙམ་མི་ཐོབ། །སྡོམ་པ་མ་བསྡམས་ལམ་ནི་གཏན་ནས་མེད། །དེ་ཕྱིར་ལམ་རྣམས་ཀུན་གྱི་གཞི་རྟེན་ཏེ། །ཆོས་ལ་འཇུག་སྒོ་མ་ནོར་ཡང་དག་བྱེད། །ལམ་སྣ་ཟིན་ནས་འདི་ཕྱི་ཀུན་ཏུ་སྐྱོབས། །ཕན་བདེ་ཚད་མེད་གཏན་བདེའི་གོ་འཕང་སྟེར། །དེ་ཕྱིར་ཀུན་གྱི་འབྱུང་གནས་ཡིན་པའི་ཕྱིར། །ངེས་ཤེས་ཁྱད་འཕགས་བསྐྱེད་པ་སྔོན་སོང་ནས། །ཉམས་ལེན་སྙིང་པོ་གཅིག་ཏུ་དྲིལ་བའི་སྐབས། །དད་པ་རྣམ་པ་གསུམ་གྱི་གཞི་བཟུང་དགོས། །དེ་ཡང་མཆོག་གསུམ་རྟེན་སོགས་མཇལ་བའི་ཚེ། །དང་བའི་དད་པ་འཕྲལ་དུ་སྐྱེས་པ་ཡིན། །གནས་སྐབས་མཐར་ཐུག་ཡོན་ཏན་ཡོད་པ་རྣམས། །འདོད་པའི་དད་པ་རང་རྒྱུད་འབྱོར་སེམས་ཡིན། །སྐྱབས་སོང་རྣམས་ལ་འདི་ཕྱི་ཚེ་རབས་ཀུན། །ངེས་པར་མི་བསླུ་ཤེས་པ་ཡིད་ཆེས་ཏེ། །དད་པའི་ཨ་ལོང་ཐུགས་རྗེའི་ལྕགས་ཀྱུའི་དཔེས། །དད་པ་རབ་འབྲིང་ཐ་མ་གང་ཡོད་པར། །ཐུགས་རྗེ་བྱིན་རླབས་དངོས་གྲུབ་དེ་ལྟར་འཇུག །དེ་ཡང་རྒྱལ་རྣམས་གཤེགས་བཞུགས་འཕོ་འགྱུར་མེད། །མཁྱེན་པའི་ཡེ་ཤེས་གསལ་འགྲིབ་སྤྲོས་པ་མེད། །བརྩེ་བ་ཆེན་པོ་འགྲོ་དོན་སྐྱོ་ངལ་མེད། །ནུས་པ་ཐོགས་རྡུགས་མེད་པའི་ཕྲིན་ལས་ཀྱིས། །གསང་གསུམ་འཇུག་པ་གང་ལ་གང་འདུལ་སྟོན། །དེ་ཕྱིར་རྒྱལ་བའི་ཡོན་ཏན་ཁྱད་པར་འཕགས། །རང་རེས་སྙིང་ནས་གསོལ་བ་འདེབས་ནུས་ན། །ཆོས་ཉིད་དབྱིངས་ནས་བྱིན་རླབས་དངོས་གྲུབ་ཀུན། །ཐོགས་རྡུགས་མེད་པ་ངམ་ངམ་ཤུགས་ཀྱིས་འབྱུང་། །དེ་ནས་དད་པ་དག་སྣང་མོས་གུས་རིགས། །ཕལ་དང་ཕལ་ལས་ཁྱད་པར་འཕགས་པ་ཡི། །བཟོད་མེད་མོས་གུས་དྲག་པོས་བསྐྱེད་པ་གནད། །དེ་ནས་ཐེག་པ་ཆེ་འབྲིང་ཆུང་གསུམ་གྱི། །སྐྱབས་ཡུལ་སྐྱབས་མཁན་དུས་དང་འབྲས་བུ་སོགས། །རྣམ་དབྱེ་དཔག་མེད་ཡོད་ཀྱང་མདོར་བསྡུས་ན། །སྐྱབས་འགྲོའི་དོན་ཀྱང་སེམས་བསྐྱེད་རྣམ་གསུམ་སྟེ། །ཆུང་ངུས་མངོན་མཐོ་ལྷ་མིའི་བདེ་འབྲས་འདོད། །ངན་སོང་གསུམ་གྱི་འཇིགས་ལས་གྲོལ་ཕྱིར་སྐྱབས། །ཉན་རང་རྣམས་ནི་རིགས་དྲུག་གནས་ལས་འཇིགས། །རང་ཉིད་ཞི་བདེ་ཐོབ་ཕྱིར་སྐྱབས་སུ་འགྲོ། །ཆེན་པོས་རང་དོན་ཞི་བདེའི་འདོད་པ་སྤང་། །གཞན་དོན་སངས་རྒྱས་ཐོབ་ཕྱིར་སྐྱབས་སུ་འགྲོ། །དུས་ནི་ཆུང་ངུས་ཚེ་འདིའི་འདོད་དོན་དང་། །ཕྱི་མ་མཐོ་རིས་གོ་འཕང་མ་ཐོབ་བར། །འབྲིང་གིས་གནས་སྐབས་ཇི་སྲིད་འཚོ་ཡི་བར། །མཐར་ཐུག་དགྲ་བཅོམ་གོ་འཕང་མ་ཐོབ་བར། །ཆེན་པོས་སྙིང་པོ་བྱང་ཆུབ་མཆིས་ཀྱི་བར། །ཆོས་སྐུའི་ཡེ་ཤེས་མངོན་དུ་མ་གྱུར་བར། །ཡུལ་ཡང་ཆུང་ངུས་སངས་རྒྱས་མཆོག་སྤྲུལ་དང་། །ཆོས་ནི་ལུང་དང་རྟོགས་པའི་གསུང་རབ་སྟེ། །དགེ་འདུན་སོ་སྐྱེ་འཕགས་པ་གཉིས་ལའོ། །འབྲིང་པོས་སངས་རྒྱས་མཆོག་སྤྲུལ་ཤཱཀ་ཐུབ་དང་། །ཆོས་ནི་འགོག་བདེན་ཞི་བའི་བདག་ཉིད་དང་། །དགེ་འདུན་བདག་མེད་རྟོགས་པའི་ཉན་རང་ཚོགས། །ཆེན་པོས་སངས་རྒྱས་སྐུ་གསུམ་བདག་ཉིད་དང་། །ཆོས་ནི་དོན་དམ་རྣམ་པར་ངེས་པ་སྟེ། །དགེ་འདུན་འདུས་མ་བྱས་པའི་ཚོགས་ལའོ། །མཐར་ཐུག་དོན་དམ་ཆེན་པོའི་སྐྱབས་འགྲོ་ནི། །གཟུགས་སྐུ་མ་ཡིན་ཆོས་སྐུ་ཉག་གཅིག་དང་། །སྒྲ་ཚིག་ལས་འདས་སོ་སོར་རང་རིག་ཆོས། །ཀུན་རྫོབ་མ་ཡིན་དོན་དམ་དགེ་འདུན་ལའོ། །ཡང་གསང་དེ་ཁོ་ན་ཡི་སྐྱབས་འགྲོ་ནི། །དཀོན་མཆོག་གསུམ་ཀ་རང་སེམས་ལྷུན་གྲུབ་སྟེ། །ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་ཅན། །གཞན་དུ་མི་སྨོན་འབྲས་བུའི་མཐར་ཐུག་ཉིད། །བསྐྱབ་བྱ་སྐྱོབ་བྱེད་སྐྱབས་འབྲས་ཡོངས་སུ་རྫོགས། །སྐྱབས་ཀྱི་སྙིང་པོ་ཡང་ཟབ་ཤེས་པར་བྱོས། །དེ་ལྟར་འབྲས་བུའི་སྐྱབས་འགྲོ་རྟོགས་པའི་ཕྱིར། །གང་ཟག་གསར་བུ་རྣམས་ཀྱིས་གནས་སྐབས་སུ། །སངས་རྒྱས་སྐྱབས་གནས་ཆོས་ལ་ལམ་མཁན་བྱེད། །དགེ་འདུན་ལམ་གྲོགས་ཚུལ་དུ་སྐྱབས་སུ་འགྲོ། །གནས་སྐབས་སྐྱབས་གནས་ཆོས་དང་དགེ་འདུན་ཏེ། །མཐར་ཐུག་སྐྱབས་གནས་ཆོས་སྐུའི་སངས་རྒྱས་སོ། །དེ་ཡི་སྐྱབས་ཚུལ་དཀོན་མཆོག་རྣམ་གསུམ་ལ། །སྐྱབས་འགྲོའི་སྡོམ་དང་བསླབ་བྱར་འཇུག་པར་བྱ། །དེ་བཞིན་ལག་ལེན་འདེབས་ཚུལ་མདོར་བསྡུས་ནི། །སེམས་ཅན་རྟེན་གཞི་མ་དག་སྣང་བ་རྣམས། །གང་ཡང་མ་དམིགས་སྟོང་ཉིད་གཅིག་ཏུ་སྦྱངས། །རང་མདུན་མ་དག་ས་ཁམས་མ་ཡིན་པར། །གསེར་གྱི་ས་གཞི་མེ་ལོང་ངོས་ལྟར་འཇམ། །དྭངས་ཤིང་གསལ་ལ་འོད་ཟེར་དང་ལྡན་པ། །མནན་ན་ནེམ་ལ་བཏེགས་ན་འཕར་བ་དང་། །རྒྱ་ཁྱོན་ཚད་མེད་རབ་ཏུ་ཡངས་པ་དང་། །བཻཌཱུརྻ་ཡིས་མིག་མང་རིས་དང་བཅས། །ཞིང་ཁམས་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས། །བདུད་རྩིའི་རྒྱ་མཚོ་བསིལ་དྲོད་སྙོམས་པ་ལ། །རོ་མངར་བསུང་ལྡན་རེག་བྱ་འཇམ་པ་དང་། །དྲི་མེད་རྙོག་མེད་རབ་ཏུ་དྭངས་པ་དང་། །མགྲིན་པར་འཇུག་བདེ་ལྟོ་ལ་འཇུ་བདེ་བ། །ཆུ་བོ་ཡན་ལག་བརྒྱད་ལྡན་འཁྱིལ་བའི་ནང་། །ཆུ་གནས་ངང་པ་ཁྲུང་ཁྲུང་མཐིང་རིལ་དང་། །ཀ་ལ་པིངྐ་སོགས་ཀྱིས་སྐད་སྙན་སྒྲོགས། །མཛེས་ཤིང་ཡིད་རབ་འཕྲོག་པའི་རྒྱ་མཚོའི་དབུས། །རིན་ཆེན་ལས་གྲུབ་དཔག་བསམ་སྡོང་པོ་ནི། །རྒྱ་ཆེ་དཔངས་མཐོ་ནམ་མཁའི་ཁམས་ཁྱབ་པའི། །དབུས་དང་ཕྱོགས་བཞིར་ཡལ་ག་གྱེས་པ་སྟེ། །ལོ་མ་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས། །དར་དང་རིན་ཆེན་རིགས་ཀྱི་དྲྭ་བ་དང་། །དྲྭ་ཕྱེད་དྲིལ་བུ་གཡེར་ཁས་བརྒྱན་པ་ལས། །ཆོས་ཀྱི་སྒྲ་སྐད་སྙན་པར་ལྷང་ལྷང་སྒྲོགས། །མཛེས་ཤིང་ཡིད་འོང་པད་སྡོང་དབུས་མའི་སྟེང་། །རིན་ཆེན་སྣ་ཚོགས་རྒྱུ་ལས་གྲུབ་པའི་ཁྲི། །རྒྱ་ཆེ་དཔངས་མཐོ་མཛེས་ཤིང་ཡིད་འོང་བ། །ཕྱོགས་བཞི་སེང་གེ་བརྒྱད་ཀྱིས་བཏེགས་པའི་སྟེང་། །སྣ་ཚོགས་པདྨ་འབུམ་བདལ་ཟེའུ་འབྲུ་ལྡན། །ཉི་ཟླའི་དཀྱིལ་འཁོར་དྭངས་གསལ་དྲི་མེད་ཐོག །ངོ་བོ་སངས་རྒྱས་ཀུན་དང་དབྱེར་མེད་པ། །རྣམ་པ་གང་ཟག་གདུལ་བྱའི་སྣང་ངོ་རུ། །མི་ཡི་གཟུགས་སུ་བྱོན་པའི་སྒྱུ་འཕྲུལ་གར། །ཇི་ལྟ་ཇི་སྙེད་མཁྱེན་གཉིས་མཐར་ཕྱིན་ཅན། །འགྲོ་ཀུན་བུ་གཅིག་ལྟར་བརྩེ་རྗེས་སུ་འཛིན། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ནུས་སྟོབས་ཀྱིས། །དངོས་བརྒྱུད་བར་གསུམ་གང་ལ་གང་འདུལ་སྟོན། །འབྲེལ་ཚད་སྨིན་གྲོལ་ལམ་ལ་འགོད་མཛད་པ། །རང་རིག་ཆོས་སྐུར་རྗེན་པར་ངོ་སྤྲོད་པའི། །མཚུངས་མེད་དཔལ་ལྡན་བླ་མ་ཉིད་ཡིན་ལ། །རྣམ་པ་འཛམ་གླིང་ཀུན་དང་གངས་ལྗོངས་ཀྱི། །རྒྱལ་བསྟན་སྲོལ་འབྱེད་འགྲོ་བའི་མགོན་གཅིག་པུ། །གུ་རུ་མཚོ་སྐྱེས་རྡོ་རྗེ་འཆང་ཡིན་པས། །དེ་ཡང་སྐུ་མདོག་དཀར་ལ་དམར་མདངས་ཆགས། །ཞལ་གཅིག་ཅུང་ཟད་ཁྲོ་འཛུམ་ཆགས་པའི་ཉམས། །སྤྱན་གཉིས་ནམ་མཁའི་དབྱིངས་སུ་ཟླུམ་འཁྱིལ་གཟིགས། །ཕྱག་གཡས་སྣང་སྲིད་ཟིལ་གྱིས་གནོན་པའི་ཕྱིར། །གསེར་གྱི་རྡོ་རྗེ་རྩེ་ལྔ་སྡིགས་ཐབས་འཛིན། །ཡོ་ག་ཚེ་ཡི་དངོས་གྲུབ་བརྙེས་པའི་ཕྱིར། །ཕྱག་གཡོན་མཉམ་བཞག་སྟེང་ན་ཀ་པཱ་ལ། །ཚེ་བུམ་དཔག་བསམ་ལྗོན་ཤིང་གིས་བརྒྱན་བསྣམས། །ན་བཟའ་ནང་ནས་རིམ་པར་གསང་གོས་དཀར། །འདུང་མ་དམར་པོ་ཕོད་ཆེན་མཐིང་ག་དང་། །ཆོས་གོས་དམར་པོ་གསེར་གྱི་ཧ་རི་ཅན། །ཟ་འོག་བེར་ཆེན་དམར་སྨུག་དང་བཅས་པ། །བརྩེགས་མར་མནབས་ཤིང་དབུ་ལ་པད་ཞུ་གསོལ། །ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས། །ཡུལ་མཆོག་ཡེ་ཤེས་མཚོ་རྒྱལ་སྐུ་མདོག་དཀར། །གྲི་ཐོད་འཛིན་ཏེ་ཞབས་གཉིས་ཕྱེད་སྐྱིལ་གྱིས། །ཡབ་ལ་འཁྱུད་ཅིང་གཉིས་མེད་སྣང་སྟོང་སྐུ། །གཟི་བྱིན་འབར་ཞིང་བལྟ་བས་ཆོག་མི་ཤེས། །རྩ་བའི་བླ་མ་ཉིད་དང་དབྱེར་མེད་པར། །བཞུགས་པའི་དབུ་སྟེང་སྙིང་ཐིག་བརྒྱུད་ལུགས་ལྟར། །རྩ་བའི་བླ་མ་བཀའ་དྲིན་གསུམ་ལྡན་པ། །གྲུབ་པའི་དབང་ཕྱུག་ཤཱཀྱ་ཤྲཱི་ཉིད། །སྐུ་མདོག་དཀར་གསལ་དབུ་སྐྲ་ཐོར་ཚུགས་ལ། །པུཎྜ་རི་ཀས་བརྒྱན་ཅིང་ཕྱག་གཡོན་པས། །ཐོད་པ་ཚེ་བུམ་བདུད་རྩིའི་གང་བ་དང་། །གཡོན་པས་ཐབས་ཤེས་དབྱེར་མེད་མདའ་གཞུ་འགེངས། །སྒོམ་ཐག་དར་དཔྱངས་ཨང་རག་དམར་པོ་མནབས། །ཞབས་གཉིས་ཕྱེད་སྐྱིལ་ཚུལ་དུ་བཞུགས་པའི་སྟེང་། །ཁམས་སྤྲུལ་བསྟན་པའི་ཉི་མ་རྡོར་སློབ་ཆས། །དབུ་ལ་པད་ཞུ་ཕྱག་གཡོན་ཐོད་པ་དང་། །གཡས་པས་རྡོ་རྗེ་རྩེ་ལྔ་འཕྱར་སྟབས་འཛིན། །དེ་སྟེང་པདྨ་འོད་གསལ་མདོ་སྔགས་གླིང་། །སྔ་འགྱུར་པཎ་གྲུབ་ཆས་ཅན་ཕྱག་གཡས་པས། །མཆོག་སྦྱིན་རྡོ་རྗེ་དང་ནི་ཚེ་བུམ་འཛིན། །གཡོན་པས་མཉམ་བཞག་དྲིལ་བུ་པོད་རལ་འཛིན། །དེ་སྟེང་འཇིགས་མེད་རྒྱལ་བའི་མྱུ་གུ་ནི། །རྡོ་རྗེ་སློབ་དཔོན་ཆས་ཀྱིས་སྤྲས་པ་ལ། །ཕྱག་གཉིས་མཉམ་བཞག་གསེར་གྱི་འཁོར་ལོ་བསྣམས། །དེ་སྟེང་རིག་འཛིན་འཇིགས་མེད་གླིང་པ་ནི། །ན་བཟའ་དཀར་ཆས་དབུ་རལ་གླེགས་བམ་བཅིངས། །ཕྱག་གཡས་མཆོད་སྦྱིན་གཡོན་པས་གདན་ལ་བརྟེན། །པད་སྡོང་པོད་རལ་འཛིན་ཅིང་ཕྱེད་སྐྱིལ་བཞུགས། །དེ་སྟེང་ཀློང་ཆེན་རབ་འབྱམས་པཎ་གྲུབ་ཆས། །ཞབས་གཉིས་སྐྱིལ་ཀྲུང་ཕྱག་གཉིས་ངལ་གསོ་ཡི། །ཕྱག་རྒྱས་པད་སྡོང་པོད་རལ་འཛིན་པའི་སྟེང་། །དབུས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ནི། །དབུ་ལ་དར་ཐོད་ཕྱག་གཉིས་མཉམ་བཞག་ཁར། །གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་པ་བསྣམས། །གཡས་སུ་ལོ་ཆེན་བཻ་རོ་ཙ་ན་ནི། །པཎ་གྲུབ་ཆས་ཅན་ཕྱག་གཡས་སྐྱབས་སྦྱིན་དང་། །གཡོན་པའི་མཉམ་བཞག་སྟེང་ན་པུ་ཏི་བསྣམས། །གཡོན་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ནི། །ལོངས་སྤྱོད་རྫོགས་པའི་རྒྱན་ཆས་ཀྱིས་བརྒྱན་ཅིང་། །ཕྱག་གཡས་མཆོག་སྦྱིན་གཡོན་པས་ཀ་པཱ་ལ༑ །བདུད་རྩིས་གང་བ་དཀུ་ལ་བརྟེན་པར་མཛད། །རྒྱལ་པོའི་སྤྱི་གཙུག་ཨོ་རྒྱན་རིན་པོ་ཆེ། །པདྨ་འོད་འབར་རྒྱན་ཆས་ཇི་བཞིན་དང་། །དེ་སྟེང་དྲི་མེད་བཤེས་གཉེན་པཎ་གྲུབ་ཆས། །ཕྱག་གཉིས་མཉམ་བཞག་བདུད་རྩིའི་ཐོད་པ་བསྣམས། །དེ་སྟེང་ཛྙཱ་ན་སུ་ཏྲ་ཕྱག་གཡས་ཀྱིས། །སྐྱབས་སྦྱིན་གཡོན་པས་མཉམ་བཞག་པུ་ཏི་འཛིན། །དེ་སྟེང་ཤྲཱི་སིདྷ་ཕྱག་གཡས་ཀྱིས། །རྡོ་རྗེ་འཛིན་ཅིང་སྡིགས་མཛུབ་ནམ་མཁར་གཏད། །གཡོན་པས་ཀ་པཱ་ལ་འཛིན་དཀུར་བརྟེན་པ། །དེ་སྟེང་འཇམ་དཔལ་བཤེས་གཉེན་ཕྱག་གཡས་ཀྱིས། །ཆོས་འཆད་གཡོན་པས་མཉམ་བཞག་པུ་ཏི་འཛིན། །དེ་ཡང་གསུམ་ཀ་ཧེ་རུ་ཀ་ཡི་ཆས། །རུས་རྒྱན་སྟག་ཤམ་ཨང་རག་ལྡན་པའོ། །དེ་སྟེང་དགའ་རབ་རྡོ་རྗེ་ཞབས་སྐྱིལ་ཀྲུང་། །ཕྱག་གཡས་ཆོས་འཆད་གཡོན་པས་མཉམ་བཞག་མཛད། །མཆོག་གི་སྤྲུལ་སྐུའི་ཆ་ལུགས་ཇི་བཞིན་གསལ། །དེ་སྟེང་རྡོར་སེམས་ལོངས་སྤྱོད་རྫོགས་སྐུའི་ཆས། །ཕྱག་གཉིས་རྡོ་རྗེ་དང་ནི་དྲིལ་བུ་འཛིན། །དེ་སྟེང་ཆོས་སྐུ་ཀུན་ཏུ་བཟང་པོ་ནི། །རྒྱན་མེད་ཡབ་རྐྱང་མཉམ་བཞག་སྐྱིལ་ཀྲུང་བཞུགས། །གོང་མ་གོང་མའི་གདན་ལ་འོག་མ་ཡི། །དབུ་གཙུག་མ་རེག་ཙམ་དུ་བརྩེགས་མར་བཞུགས། །མཁྱེན་བརྩེ་ནུས་པའི་བདག་ཉིད་ཆེན་པོ་རྣམས། །ཡེ་ཤེས་ལྔ་ཡི་རང་མདངས་འོད་དང་ཟེར། །དཔག་མེད་འཕྲོ་བཞིན་མངོན་སུམ་བཞུགས་པར་གསལ། །དེ་ཡི་སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་དུ། །དགོངས་བརྡ་སྙན་ཁུང་བརྒྱུད་པ་ལས་བྱོན་པའི། །རྒྱ་བོད་པཎ་གྲུབ་མ་ལུས་ཁྲོམ་ཚོགས་བཞུགས། །དེ་བཞིན་མདུན་གྱི་ཡལ་ག་པད་ཟླའི་སྟེང་། །སྤྲུལ་སྐུ་ཤཱཀ་ཐུབ་བཙོ་མ་གསེར་གྱི་མདོག །མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུས་མཛེས། །ངུར་སྨྲིག་མནབས་ཤིང་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཕྱག་གཡས་ས་གནོན་གཡོན་པས་མཉམ་བཞག་སྟེང་། །བཻཌཱུརྻ་ཡི་ལྷུང་བཟེད་ཞོས་བཀང་བསྣམས། །དེ་ཡི་འཁོར་དུ་བསྐལ་བཟང་སངས་རྒྱས་སྟོང་། །ལ་སོགས་དུས་གསུམ་སངས་རྒྱས་ཀུན་གྱིས་བསྐོར། །ཐམས་ཅད་ཤཱཀ་ཐུབ་ཇི་བཞིན་མཚན་དཔེ་རྫོགས། །གཡས་ཀྱི་ཡལ་གར་རིགས་གསུམ་མགོན་པོས་གཙོས། །ཉེ་སྲས་བརྒྱད་དང་བྱང་ཆུབ་སེམས་དཔའི་ཚོགས། །ལོངས་སྤྱོད་རྫོགས་པའི་རྒྱན་ཆས་བཅུ་གསུམ་སྤྲས། །ཞབས་གཉིས་མཉམ་དང་སེམས་དཔའི་སྐྱིལ་ཀྲུང་བཞུགས། །རྒྱབ་ཀྱི་ཡལ་གར་འོད་ལྔའི་དྲྭ་མིག་ཀློང་། །རྫོགས་ཆེན་རྒྱུད་གཙོས་མདོ་སྔགས་གསུང་རབ་རྣམས། །གླེགས་བམ་བརྩེགས་བཞིན་ཆོས་སྒྲ་ལྷང་ལྷང་སྒྲོགས། །གཡོན་གྱི་ཡལ་གར་ཉན་ཐོས་མཆོག་ཟུང་གཙོས། །དགྲ་བཅོམ་དཔག་མེད་ཞབས་གཉིས་བཞེངས་སྟབས་མཛད། །ཆོས་གོས་གསུམ་གསོལ་ཕྱག་གཡས་མཁར་བསིལ་དང་། །གཡོན་པས་ལྷུང་བཟེད་འཛིན་ཅིང་སྐྱབས་ཡུལ་རྣམས། །བདག་ལ་དགྱེས་འཛུམ་བརྩེ་བས་གཟིགས་བཞིན་བཞུགས། །མཐའ་བསྐོར་བར་གྱི་ཕྱོགས་མཚམས་རྣམས་སུ་ཡང་། །རྒྱུད་སྡེ་བཞི་འམ་དྲུག་གི་ཁོངས་གཏོགས་པ། །ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོ་དང་། །ཆོས་སྲུང་ཕོ་རྒྱུད་རྣམས་ཀྱི་ཞལ་ཕྱིར་གཟིགས། །ཕྱི་ཡི་བར་ཆད་ནང་དུ་མི་གཏོང་ཞིང་། །ཆོས་སྲུང་མོ་རྒྱུད་རྣམས་ཀྱི་ཞལ་ནང་གཟིགས། །ནང་གི་དངོས་གྲུབ་ཕྱི་རུ་མི་གཏོང་བའི། །ཕྲིན་ལས་གཉེན་པོ་སྲུང་བའི་ཚུལ་དུ་བྱེད། །དེ་དག་རྣམས་ཀྱང་སྐུ་མདོག་ཞལ་ཕྱག་དང་། །རྒྱན་ཆས་རྣམ་འགྱུར་རྣམ་པ་སྣ་ཚོགས་པ། །གཅིག་ཏུ་མ་ངེས་དུ་མར་སྟོན་མཛད་དེ། །དཔེར་ན་སྒྱུ་མ་མཁན་པོས་སྒྱུ་མའམ། །ནམ་མཁར་སྤྲིན་ཕུང་འཁྲིགས་པ་ཇི་བཞིན་དུ། །ངོ་བོ་ཆོས་ཀྱི་དབྱིངས་སུ་རོ་གཅིག་ཀྱང་། །རྣམ་པ་ཞི་དྲག་སྐུ་ཡི་རོལ་པ་སྟེ། །གང་ལ་གང་འདུལ་ཕྲིན་ལས་སྣ་ཚོགས་སྟོན། །མཆོག་གསུམ་རྩ་གསུམ་སྐུ་གསུམ་འདུས་པའི་བདག །ཡོན་ཏན་ཕྲིན་ལས་ཐུགས་རྗེ་བྱིན་རླབས་དང་། །ནུས་སྟོབས་མངའ་བདག་ཅན་དུ་ངེས་ཤེས་བསྐྱེད། །དེ་ཡི་མདུན་དུ་རང་གཞན་སེམས་ཅན་ཀུན། །ཚོགས་ནས་ནད་གདོན་རྐྱེན་ངན་འདྲེ་འབྱུང་པོ། །མཚོན་དང་ཟས་དུག་དུག་སྦྲུལ་གཅན་གཟན་དང་། །རྦབ་དང་གཡང་ས་མེ་ཆུ་ཆད་པ་སོགས། །ཚེ་འདིའི་འཇིགས་པ་མཐའ་དག་སྐྱོབ་ཕྱིར་དང་། །འཆི་དུས་བར་དོའི་འཇིགས་སྐྲག་དངངས་པ་དང་། །ངན་སོང་ཚ་གྲང་བཀྲེས་སྐོམ་བཀོལ་སྤྱོད་སོགས། །སྡུག་བསྔལ་རྒྱུ་འབྲས་གནས་དུས་མཐའ་དག་ལས། །སྐྱོབ་ཕྱིར་དེང་ནས་བཟུང་སྟེ་བྱང་ཆུབ་བར། །རྩེ་གཅིག་སྐྱབས་མཆི་སྒོ་གསུམ་ཁྱེད་ལ་འབུལ། །འདི་ཕྱི་ཚེ་རབས་དུས་རྣམས་ཀུན་ཏུ་ཡང་། །སྐྱིད་སྡུག་ལེགས་ཉེས་ཅི་མཛད་ཁྱེད་རང་མཁྱེན། །སྙམ་པའི་བློ་གཏད་ལིང་གིས་བསྐྱུར་བ་ཡིས། །དད་འདུན་མོས་གུས་དྲག་པོས་གཞི་བཟུང་དགོས། །དེ་ཡང་ཕྱག་གི་རྣམ་གྲངས་འགའ་མཆིས་རུང་། །ད་ལན་ཡན་ལག་ལྔ་ལྡན་ཕྱག་ཅེས་ཏེ། །དཔྲལ་བ་ལག་མཐིལ་པུས་མོ་དང་བཅས་པ། །ལུས་ཀུན་སར་ཕབ་རྐང་ལག་བརྐྱང་ཕྱག་འཚལ། །གཡས་གཡོན་ཕ་མ་མདུན་དུ་དགྲ་བགེགས་སོགས། །རིགས་དྲུག་སེམས་ཅན་མ་ལུས་ཀུན་འདུས་ཏེ། །ལོ་ཏོག་སྙེ་མ་རླུང་གིས་བསྐྱོད་པ་ལྟར། །རང་གཞན་འཇུག་འདུན་གཅིག་པས་ཕྱག་འཚལ་དམིགས། །ངག་གིས་གུས་པས་སྐྱབས་འགྲོའི་ཚིག་གང་དག །བུང་བ་ཚང་ནས་ཞིག་ལྟར་འུར་གྱིས་འདོན། །ཡིད་ནི་གུས་པས་སྐྱབས་དང་རེ་གཞན་མེད། །འདི་ཕྱི་ཚེ་རབས་སྐྱིད་སྡུག་ལེགས་ཉེས་རིགས། །ཅི་མཛད་ཁྱེད་མཁྱེན་སྙམ་པའི་བློ་དུང་ངེ་། །ནམ་ཡང་འབྲལ་མེད་བུ་ཤིའི་མ་ལྟར་དུ། །བསམ་རྒྱུ་དཀོན་མཆོག་གསུམ་ལས་མེད་པར་བྱ། །ཕྱག་འཚལ་ངག་འདོན་ཡིད་འདུན་ཆབས་ཅིག་བཅས། །ན་ཚ་གཟེར་ཟུག་ལྟོགས་སྐོམ་འཁྱག་སྡུག་སོགས། །དཀའ་ཚེགས་ཁྱད་བསད་སྡིག་སྒྲིབ་བྱང་ངེས་པའི། །རྟགས་མཚན་དངོས་ཉམས་རྨི་ལམ་གང་རུང་ལ། །མ་བྱུང་བར་དུ་ཕྱག་ལ་བརྩོན་དགོས་ཤིང་། །ཐུན་མཐར་མོས་གུས་ཡང་ཡང་བསྐྱེད་པ་ཡིས། །དར་གྱི་ཡོལ་བ་བསྡུས་པ་ཇི་ལྟ་བར། །སྐྱབས་ཡུལ་རྣམས་ནི་རིམ་བཞིན་གཡས་བསྐོར་དུ། །འོད་ཞུ་དེ་བཞིན་བརྒྱུད་པའི་བླ་མ་རྣམས། །རྩྭ་མགོའི་ཟིལ་པ་གཅིག་ལ་གཅིག་འདྲིལ་བཞིན། །རིམ་པར་འོད་ཀྱི་གོང་བུ་གཅིག་ཏུ་གྱུར། །དེ་ཡང་རྩ་བའི་བླ་མར་ཐིམ་པའི་མཐུས། །འོད་དང་འོད་ཟེར་ལྷག་པར་འབར་བ་ཡིས། །ཉི་མས་མུན་པ་གཅིག་ཆར་གསལ་བ་ལྟར། །རང་གཞན་སེམས་ཅན་ཀུན་ལ་ཕོག་པའི་མོད། །ཚེ་བསོད་དཔལ་འབྱོར་ཤེས་རབ་ལ་སོགས་རྒྱས། །ནད་གདོན་སྡིག་སྒྲིབ་བར་ཆད་ཀུན་ཞི་ཞིང་། །ཐམས་ཅད་འོད་ཀྱི་རྣམ་པ་ལྟ་བུར་གྱུར། །བྱ་ཚོགས་འུར་རྡོས་དཀྲོག་པ་བཞིན་དུ་ཡར། །ཁབ་ལེན་རྡོ་བས་ལྕགས་ཕྱེ་ཇི་ལྟ་བར། །རྩ་བའི་བླ་མའི་ཐུགས་ཀར་འུབས་ཀྱིས་ཐིམ། །བླ་མ་ཆོས་སྐུ་སྤྲོས་བྲལ་ཀློང་དུ་བསྡུ། །ཅི་ཡང་མི་དམིགས་ཅུང་ཟད་མཉམ་པར་བཞག །དགེ་བ་འདི་ཡིས་ལ་སོགས་བསྔོ་སྨོན་དང་། །ཤིས་བརྗོད་ལེགས་པར་བྱས་ཏེ་ཐུན་གྲོལ་ལོ།།  ༈  །།དེ་ལྟར་དཀོན་མཆོག་གསུམ་ལ་སྐྱབས་སོང་ནས། །ཕྱིན་ཆད་སྤང་བླང་ཆ་མཐུན་རིམ་པ་ལ། །ཚུལ་བཞིན་སྲུང་སྡོམ་བྱ་བ་གལ་ཆེ་སྟེ། །སངས་རྒྱས་སྐྱབས་སོང་འཇིག་རྟེན་ལྷ་མ་མཆོད། །ཆོས་ལ་སྐྱབས་སོང་སེམས་ཅན་གནོད་མི་བྱ། །དགེ་འདུན་སྐྱབས་སོང་ལྟ་ལོག་གྲོགས་མི་འགྲོགས། །དེ་བཞིན་བསྒྲུབ་བྱའི་རིམ་པ་འདི་ལྟ་སྟེ། །སྐུ་རྟེན་ཆེ་ཕྲ་གསར་རྙིང་ཐམས་ཅད་ལ། །བཟང་ངན་མི་ཕྱེད་སངས་རྒྱས་འདུ་ཤེས་བསྐྱེད། །ཕྱག་བསྐོར་མཆོད་པའི་རྟེན་གྱི་གཙོ་བོ་བྱ། །དེ་བཞིན་གསུང་རབ་གླེགས་བམ་འབྲུ་གཅིག་ཚུན། །ས་རྗེན་སྟེང་དང་དམན་པར་མི་འཇོག་པར། །གཙང་སར་བརྩེགས་ཏེ་ཕྱག་མཆོད་རྟེན་དུ་བྱ། །དེ་བཞིན་དགེ་འདུན་བཞི་སྡེ་ཡན་ཆོད་ལ། །གུས་པ་ཆེན་པོས་ཕྱག་མཆོད་བཀུར་སྟི་དང་། །ལྷན་པ་དམར་སེར་ཚུན་ལ་དགའ་སྣང་བསྐྱེད། །དེ་བཞིན་ཆ་མཐུན་བསྒྲུབ་པའི་བསླབ་བྱ་ལ། །སངས་རྒྱས་བྱང་སེམས་སྐུ་བཞེངས་གསུང་རབ་ཀློག །དགེ་འདུན་ཚོགས་ལ་བཀུར་སྟི་ཞབས་ཏོག་སྒྲུབས། །ལྷག་པར་སྐྱབས་གནས་མ་ལུས་ཀུན་འདུས་པ། །བླ་མར་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག །ཐ་ན་སྐུ་ཡི་གྲིབ་མ་ཙམ་མི་འགོམ། །ཞབས་ཏོག་བསྙེན་བཀུར་ལ་སོགས་ཅི་འགྲུབ་འབད། །ཇི་ལྟར་བཀའ་སྩལ་དམ་ཆོས་འདུ་ཤེས་བཞག །དང་དུ་བླངས་ནས་དེ་བཞིན་ཀུན་བསྒྲུབ་བྱ། །བླ་མའི་ཉེ་འཁོར་རང་གི་མཆེད་གྲོགས་སོགས། །དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག །སྒོ་གསུམ་གུས་འདུད་ཆེན་པོས་བསྟེན་པ་ལས། །མི་མཉེས་སྐད་ཅིག་ཙམ་ཡང་བྱར་མི་རུང་། །སྐྱབས་ཡུལ་གཙོ་བོ་བླ་མ་རང་ལ་ཐུག །ཐུགས་ནི་སངས་རྒྱས་ཀུན་གྱི་ངོ་བོ་སྟེ། །གསུང་ཡང་ལོངས་སྐུ་ཆོས་ཀུན་ངོ་བོ་དང་། །སྐུ་ཡང་སྤྲུལ་སྐུ་དགེ་འདུན་ཀུན་ངོ་བོ། །དེ་བཞིན་ཡོན་ཏན་ནོར་ལྷ་གཏེར་བདག་དང་། །ཕྲིན་ལས་ཆོས་སྐྱོང་སྲུང་མ་དང་བཅས་ཏེ། །དེ་བཞིན་སྐུ་ནི་བླ་མ་གསུང་ཡི་དམ། །ཐུགས་ནི་མཁའ་འགྲོ་རྩ་གསུམ་ཀུན་འདུས་ཤིང་། །སྐུ་ནི་སྤྲུལ་སྐུ་གསུང་ནི་ལོངས་སྤྱོད་རྫོགས། །ཐུགས་ནི་ཆོས་སྐུ་སྐུ་གསུམ་ཀུན་འདུས་ཏེ། །ཀུན་འདུས་ངོ་བོ་ཡིན་པར་ཤེས་བྱས་ནས། །འཕྲལ་ཡུན་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་། །བློ་གཏད་ལིང་བཀལ་རྩེ་གཅིག་གསོལ་འདེབས་དང་། །ཕྱག་བསྐོར་མཆོད་བསྟོད་སོགས་ལ་འབད་པར་བྱ། །གལ་ཏེ་བླ་མའི་ཐུགས་དཀྲུགས་སུན་དབྱུང་ན། །སངས་རྒྱས་ཀུན་དང་ངོ་བོ་གཅིག་པའི་ཕྱིར། །མགོ་བོ་ཆད་ན་གསོ་མི་རུང་བ་བཞིན། །སྐྱབས་ཡུལ་མཐའ་དག་དུས་གཅིག་སྤང་འགྲོ་བས། །ཁ་ཚིག་ཚུལ་འཆོས་ཟོབ་བརྫུ་མ་ཡིན་པར། །དོགས་ཟོན་སྙིང་ནས་བྱ་བ་གལ་དུ་ཆེ། །དེ་ལྟར་སྐྱབས་སོང་བསླབ་བྱ་ཚུལ་ལྡན་པས། །ཕན་ཡོན་ཚད་མེད་མདོར་བསྡུས་ཙམ་བཤད་ན། །ཚེ་འདིའི་ནད་གདོན་བར་ཆད་ཉོན་མོངས་ཞི། །ཚེ་བསོད་ཉམས་རྟོགས་ཡོན་ཏན་གང་བསམ་འགྲུབ། །མ་ཟད་ཕྱི་མ་ངན་འགྲོའི་འཇིགས་ཀུན་སྐྱོབས། །ཕན་བདེ་ཚད་མེད་ལམ་ལ་དུས་ཀུན་སྦྱོར། །མཐར་ཐུག་སངས་རྒྱས་སྐུ་འགྲུབ་ཆོས་འཁོར་བསྐོར། །དགེ་འདུན་རྒྱ་མཚོ་ལྟ་བུ་འདུ་བ་སོགས། །ཕན་ཡོན་དཔེ་དང་ལུང་འདྲེན་མཐའ་ཡས་སོ།།  ༈  །།ད་ནི་རང་ཉིད་ནང་པའི་ཁྱུར་ཚུད་ཅིང་། །མིང་དོན་གནས་གྱུར་བྱང་ཆུབ་སེམས་བསྐྱེད་པ། །དེ་ཡི་མཚན་དོན་མདོ་ཙམ་འགོད་པ་ནི། །དོན་གྱི་ཀུན་གཞིར་དྲི་མ་མེད་པས་བྱང་། །བཟང་ངན་གཉིས་མེད་ཡོན་ཏན་མངོན་པར་ཆུབ། །བསྒྲུབ་བྱའི་མཆོག་ཏུ་གྱུར་པ་ཡིན་ན་ཡང་། །དེ་སྔོན་རང་སེམས་འཁྲུལ་བའི་དབང་སོང་ནས། །ད་ལན་ཡོན་ཏན་ཡར་ཟླ་ལྟར་རྒྱས་ཕྱིར། །སྨོན་འཇུག་གཉིས་ཀྱིས་གོང་འཕེལ་སྐྱེད་བསྲིང་བར། །གཞན་ཕན་སེམས་བསྐྱེད་ཟེར་བ་དེ་དོན་ཡིན། །དེ་ཕྱིར་སེམས་བསྐྱེད་ཆོས་ཀྱི་གཞི་རྩ་སྟེ། །མདོ་སྔགས་གང་ལའང་སེམས་བསྐྱེད་མི་ལྡན་ན། །དམུས་ལོང་དམིགས་བུ་མེད་དང་འདྲ་བས་ན། །གཞི་ནས་དགེ་སྡིག་རྣམ་དབྱེ་མི་ཕྱེད་ཅིང་། །ཆོས་དང་གང་ཟག་མཚམས་སྦྱོར་བྱེད་མཁན་དང་། །དགེ་རྩ་འགྱུར་སྐྱེད་རྩལ་རྣམས་སྟོན་མཁན་དང་། །གཞན་དོན་ཆེ་ཆུང་ས་ལམ་མྱུར་ཞན་དང་། །འབྲས་བུ་རབ་འབྲིང་ཐ་མ་ཐོབ་ལུགས་སོགས། །ཀུན་སློང་བཟང་ངན་ཁོ་ནར་རག་ལས་ཏེ། །མདོར་ན་རང་འདོད་ངན་པའི་བསམ་སྦྱོར་གྱིས། །དབང་སོང་ལེ་ལན་ངན་པས་འཁོར་བར་འཁྱམས། །ལས་འབྲས་རྒྱུན་མི་ཆད་པས་མནར་བས་ན། །ད་ལན་དེ་ཡི་གཉེན་པོར་ཆོས་སྒྲུབ་ན། །རང་འདོད་ཡིད་བྱེད་བློ་ངན་དྲུངས་ནས་འབྱིན། །གཞན་ཕན་བསམ་སྦྱོར་བསླད་མེད་གཙོར་འདོན་དགོས། །དེས་ན་ད་ལྟ་དགྲ་གཉེན་བར་མ་རྣམས། །འོ་ཅག་རང་རྒྱུད་རྨོངས་པའི་རང་བཞིན་གྱིས། །བསྒྲིབས་ནས་ཅི་ཆ་མེད་པར་སོང་བ་དང་། །རིགས་གཟུགས་འདྲ་མིན་ངོ་མི་ཤེས་པ་ཙམ། །མ་གཏོགས་རང་རེ་ཚེ་རབས་གྲངས་མེད་ནས། །འབྲེལ་བའི་ཕ་མ་དྲིན་ཆེན་ཤ་སྟག་པར། །ཡིན་པ་ལུང་རིགས་ཚད་མས་མངོན་སུམ་གྲུབ། །དེས་ན་ནམ་མཁས་གར་ཁྱབ་སེམས་ཅན་གྱིས། །ཁྱབ་པས་དེ་དག་ཕ་མ་དྲིན་ཆེན་ཏེ། །སེམས་ཅན་ཕ་མ་དྲིན་ཆེན་གར་ཡོད་ཀུན། །ཚོར་བ་བདེ་སྡུག་བར་མ་བཏང་སྙོམས་དང་། །ལས་ངན་རྒྱུ་འབྲས་གཉིས་ཀྱིས་ཁྱབ་པས་ན། །དེ་དག་ཀུན་ལ་ཕྱོགས་དང་རིས་མེད་པར། །སྙིང་རྗེ་ཕྱམས་གཅིག་སྐྱེས་པར་མ་གྱུར་པར། །དགྲ་གཉེན་བར་མ་མཐོ་དམན་གང་ལ་འང་། །ཆགས་སྡང་མ་སྐྱེས་ཙམ་གྱིས་མི་འོང་སྟེ། །ཕན་མེད་གནོད་མེད་གཏི་མུག་བཏང་སྙོམས་ཞེས། །ལུང་མ་བསྟན་དུ་གོལ་བས་ཅི་ཞིག་འགྲུབ། །དེ་ཕྱིར་མར་ཤེས་དྲིན་དྲན་དྲིན་འཇལ་ཚུལ། །མདོར་བསྡུས་ཙམ་ཞིག་བཤད་ན་འདི་ལྟ་སྟེ། །དང་པོ་འགྲོ་ཀུན་མ་རུ་ཤེས་པ་ལ། །ཚེ་རབས་གྲངས་མེད་སྐྱེས་པ་ཕར་ཞོག་གི། །ད་ལྟའང་སེམས་ཅན་ལ་ལ་ཚུར་སྐྱེ་ཞིང་། །ལ་ལ་ཕར་འཆི་སྐྱེ་འཆི་རེས་མོས་ཀྱིས། །ལུས་ཀྱི་རྣམ་པ་གྲངས་མེད་བརྗེ་བ་དང་། །གནས་ཀྱང་ངེས་མེད་ཚེ་ཡང་ངེས་མེད་དང་། །རིགས་ལ་འདྲ་མིན་རིགས་དྲུག་ཁམས་གསུམ་འཁོར། །དམྱལ་བ་ལྷ་གནས་མ་གཏོགས་ཕལ་ཆེར་ཀུན། །ཕ་མར་མ་བརྟེན་སེམས་ཅན་གཅིག་མེད་དེ། །དུས་བཟང་བསྐལ་པ་ཐོག་མ་མེད་པ་ནས། །འཁྲུལ་པས་གོས་ནས་བཟུང་སྟེ་དེང་ཕན་ཆོད། །སེམས་ཅན་གཅིག་གིས་མ་བུ་བྱས་པའི་གྲངས། །བགྲངས་ཀྱང་ཚད་དང་མུ་མཐར་ཐུག་པ་མེད། །ཚིག་དང་བསམ་པའི་ཡུལ་ལས་འདས་པ་སྟེ། །སེམས་ཅན་གཅིག་གིས་སྐྱེ་འཆིར་མ་གྱུར་པའི། །ས་ནི་ཁབ་རྩེའི་གནས་ཙམ་མེད་པར་གསུངས། །དེ་ཕྱིར་མ་གྱུར་གྲངས་མེད་དེ་ལྟར་ལགས། །གཉིས་པ་དྲིན་ཆེན་ལས་ཀྱང་ཚད་མེད་དེ། །ལས་ངན་ལུས་ངན་སྣ་ཚོགས་བླངས་པའི་དུས། །དགྲ་གཉེན་བར་མ་གསུམ་དུ་མ་གྱུར་མེད། །སྐྱེ་འཆི་ཁ་བརྒྱུད་སྡིག་སྒྲིབ་ཆེ་དབང་གིས། །སྔོན་གནས་རྗེས་སུ་དྲན་པ་ལྟ་ཞོག་གིས། །ད་ལྟ་ཚེ་འདིའི་སྟོད་སྨད་བར་ནས་ཀྱང་། །དྲིན་ཆེན་ལས་རྣམས་བརྗེད་ནས་འགྲོ་བ་ལྟར། །དེ་དག་ཕ་མ་དྲིན་ཆེན་མ་ཤེས་ལས། །དགྲ་གཉེན་བར་མར་བཟུང་ནས་འཁྲུལ་བ་སྟེ། །དོན་དུ་མཐོང་ཆོས་ཕྱོགས་རྒྱུར་གྲུབ་པ་ནི། །ད་ལྟའི་ཕ་མ་རྣམས་དང་སེམས་ཅན་ཀུན། །ངོ་མི་ཤེས་དང་ཅི་ཆ་ཡོད་མེད་ལས། །ཁྱད་པར་ཅུང་ཟད་མེད་པར་ཤ་སྟག་སྟེ། །ཚེ་རབས་དུ་མར་འབྲལ་མི་ཕོད་བཞིན་དུ། །བྲལ་བའི་ཕ་མ་དྲིན་ཆེན་ཤ་སྟག་ནི། །ཡིན་པའི་རྒྱུ་མཚན་ཅུང་ཟད་འགོད་བྱེད་ན། །རང་རེ་རིགས་དྲུག་གང་དུ་སྐྱེ་ན་ཡང་། །དྲིན་ལྡན་ཕ་མས་བསྐྱེད་པ་མ་གཏོགས་པ། །ཐོག་བབ་མེ་ཏོག་སྐྱེས་ལྟར་ག་ལ་ཡིན། །ཁྲ་དང་གཅན་གཟན་མ་རུངས་གཏུམ་པོ་ཡི། །བུ་རུ་སྐྱེས་ནའང་མ་ཉིད་དྲིན་ཆེན་ཡིན། །དེ་ཡང་བར་དོའི་རྣམ་ཤེས་རླུང་ཞོན་ཏེ། །གང་འོང་གར་འགྲོ་སུ་ཡིན་མི་ཤེས་པ༑ །མ་ཡི་མངལ་དུ་འཐུམས་ཤིང་གནས་པ་ཉིད། །ལུས་ཀྱི་རྣམ་པ་ཡོངས་སུ་མ་གྲུབ་བར། །ནད་གདོན་སྡུག་བསྔལ་གྱིས་མནར་ཁུར་ལྕི་བས། །ཟླ་དགུ་ངོ་བཅུ་མ་རྫོགས་བར་དུ་ཡང་། །ཉིན་མཚན་མེད་པ་ཁོང་དུ་བསྐྱང་པ་ཡིས། །ལུས་ཀྱི་རྣམ་པ་མ་ལུས་ཚད་རྫོགས་པ། །ཡོངས་སུ་སྦྱིན་པའི་དྲིན་རང་ཚད་མེད་དོ། །སྲོག་ཀྱང་ཡལ་བར་དོར་ནས་བཙས་པའི་ཚེ། །བྱ་སྒོང་འབྱེད་མ་ཐག་པའི་ཕྲུག་གུ་བཞིན། །གསོན་པོ་ཟེར་ཀྱང་རང་མགོ་མི་ཁྱོག་པ། །ཤི་བ་མ་ཡིན་སྲོག་དང་དབུགས་ཡོད་ཙམ། །ཤིན་ཏུ་ཉམ་ཐག་ཉ་རེ་ཉོ་རེ་དེ། །རུལ་བམ་འཁྱག་ལྟོགས་དབང་གིས་འཆིར་མ་བཅུག །འཛུམ་པའི་མདངས་ཕྱུང་སྙན་པའི་མིང་ནས་བོས། །འཇམ་པའི་གདན་བཏིང་སྣབས་ལུད་ཁ་ཡིས་ཕྱིས། །ཚ་གྲང་དང་ནི་འགྲང་ལྟོགས་ལག་གིས་ཉུལ། །མི་གཙང་གཅིན་རྟུག་ལ་སོགས་བྱབ་ཅིང་དོར། །བྱམས་སྐྱོང་ཚད་མེད་ཉིན་མཚན་བར་མེད་པར། །གནོད་པ་དུ་མའི་སྒོ་ལས་སྐྱོབས་པ་སྟེ། །ལུས་ཀྱི་དྲོད་དང་ལུས་བཅུད་འོ་མས་གསོས། །རང་སྲོག་ལས་ཀྱང་ཤིན་ཏུ་དམར་བར་བྱས། །ཉིན་མོ་དལ་མེད་མཚན་མོ་གཉིད་བཅག་ནས། །ཞག་དང་ཟླ་བ་ལོ་གྲངས་མང་པོའི་བར། །ལུས་སྐྱེད་ཕྲ་མོ་ནས་ཀྱང་རིམ་པར་བསྲིང་། །དེ་ཕྱིར་སྲོག་ཀྱང་སྦྱིན་པའི་དྲིན་ཚད་མེད། །ཕར་ངོ་ཚུར་ངོ་ཕྱོགས་ཙམ་མི་ཤེས་ཤིང་། །རང་ཉིད་སྡུག་ལ་སྦྲེལ་བའི་བྱེད་པོ་ལ༑ །ཡར་མཆོད་མར་སྦྱིན་དགེ་རྩར་བཏང་མ་བྲ། །གསོན་པོའི་ལོངས་སུ་སྤྱོད་པར་མ་བྲ་བའི། །སྡིག་སྡུག་གཏམ་ངན་སྲོག་ལ་མ་བལྟས་པར། །བསྒྲུབས་པའི་ཁང་པ་ས་ཞིང་ཕུའི་འབྲོག་པ། །ཟས་གོས་ནོར་ཕྱུགས་རྒྱན་གོས་གང་ཡོད་པ། །གཅེས་དགུ་དམར་དགུ་ཐམས་ཅད་སྦྱིན་བྱེད་ཅིང་། །ཁ་ཟས་མེད་ལ་ཟས་སྐོམ་དུ་མ་སྟེར། །ལག་ན་ནོར་མེད་ནོར་གྱིས་ཕྱུག་པར་བྱས། །རྒྱབ་ན་གོས་མེད་གོས་ཀྱིས་གཡོགས་པ་སོགས། །རྒྱུ་ནོར་སྦྱིན་པའི་དྲིན་ཀྱང་ཚད་མེད་དོ། །ཕ་མའི་མིང་དང་ཀ་ཁ་ལ་སོགས་པ། །སྐལ་ལྡན་རྣམས་ལ་ཆོས་སྤྱོད་བྱེད་ལུགས་དང་། །སྐལ་དམན་རྣམས་ལ་འཇིག་རྟེན་བསྒྲུབ་ལུགས་དང་། །ཟས་གོས་ལོངས་སྤྱོད་བྱ་ལུགས་ལ་སོགས་པ། །རྨང་ནས་མ་ཤེས་པ་ལ་རིམ་པར་བསླབ། །དལ་འབྱོར་བཅོ་བརྒྱད་ལྡན་པའི་ལུས་རྟེན་བསྐྱེད། །བྱང་ཆུབ་སེམས་དང་སྤྱོད་ལ་འཇུག་ཤེས་པ། །རང་གཞན་དོན་རྣམས་རླབས་ཆེན་འགྲུབ་ནུས་པ། །མ་ཟད་སྲིད་ཞིའི་མཐའ་ལ་མི་གནས་པ། །ཡང་དག་རྫོགས་པའི་སངས་རྒྱས་བདེ་བླག་ཏུ། །སྒྲུབ་པར་ནུས་པའི་རྟེན་བཟང་ཕུན་ཚོགས་འདི། །དཔེར་ན་འཇིག་རྟེན་དག་ན་དཀོན་པའི་མཆོག །དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར་རྙེད་ལས། །འབུམ་འགྱུར་ལྷག་པར་སྟེར་བའི་དྲིན་ཆེན་ཡིན། །གསུམ་པ་དྲིན་ལན་འཇལ་བའི་རིམ་པ་ནི། །ཚེ་རབས་འབྲེལ་བའི་མ་རྒན་དྲིན་ཆེན་གྱི། །ཁེ་དང་རྒྱལ་ཁ་ཐམས་ཅད་བུ་ལ་སྦྱིན། །གྱོང་དང་བུག་ཁ་ཐམས་ཅད་རང་གིས་བླངས། །བདེ་སྐྱིད་འབྱོར་ཚོགས་ཐམས་ཅད་བུ་ལ་སྒྲུབ། །སྡིག་སྡུག་གཏམ་ངན་ཐམས་ཅད་རང་གིས་བྱས། །ན་དོགས་ཤི་དོགས་སྡུག་དོགས་འཁྱག་དོགས་ཀྱི། །རེ་དོགས་ཆེད་དུ་ངག་གིས་ཚིག་བརྗོད་དེ། །ལུས་ཀྱིས་ལས་དང་སེམས་ཀྱིས་བྱ་ར་བྱས། །ཉིན་མཚན་མེད་པར་རྣམ་གཡེང་དབང་དུ་འདས། །རང་ལ་ཡོང་ངེས་འཆི་བ་མ་ཚོར་ཏེ། །དགོས་ངེས་དམ་ཆོས་ཡང་དག་སྒྲུབ་མ་ཁོམ། །སྡིག་པ་སྣ་ཚོགས་ཚབ་ནི་ཅི་ཆེར་བསགས། །དེ་ཡི་ལན་གྱིས་འཁོར་བ་མཐའ་མེད་འཁྱམས། །གནས་སྐབས་མཐར་ཐུག་བདེ་སྐྱིད་འབྱུང་བ་ཡི། །རྒྱུ་འབྲས་གཉིས་ལ་རྒྱབ་ཀྱིས་རིང་དུ་ཕྱོགས། །ལ་ལ་སྡུག་བསྔལ་འབྲས་བུ་དངོས་སུ་སྤྱོད། །ལ་ལ་སྡུག་བསྔལ་རྒྱུ་འགྱུར་ལས་ལ་འབད། །སྡིག་སྡུག་གསོག་འཇོག་དང་ནི་བསུ་སྐྱེལ་བྱེད། །སྡུག་བསྔལ་ཡོ་ལང་འཁྲུགས་པའི་གནས་སུ་ཚུད། །ཆགས་ཞེན་འཁྲུལ་པས་རྒྱུད་ནི་ཡོངས་སུ་བསྡམས། །འཁོར་བ་མུན་པའི་གནས་སུ་གོམ་ཚུགས་འཆོལ། །ངན་སོང་གཡང་སར་ལྷུང་ལ་ཁད་པ་ཡི། །མ་རྒན་ཉམ་ཐག་ཡལ་བར་དོར་བྱས་ནས། །རང་ཉིད་གཅིག་པུར་ཞི་བདེ་དོན་གཉེར་ན། །འཇིག་རྟེན་འདི་ན་ཁྲེལ་ཆེན་དེ་ལས་སུ། །དཔེར་ན་རྩ་བའི་མ་དེ་ཆུས་ཁྱེར་བ། །མཐོང་ཞིང་འདོན་པའི་ཐབས་ཀྱང་ཡོད་བཞིན་དུ། །མི་འདོན་རང་ཉིད་བདེ་བར་གནས་དང་མཚུངས། །དེ་བས་འཇིག་རྟེན་ཁམས་འདིར་ངོ་ཚ་དང་། །ཁྲེལ་མེད་ཐབས་རྡུགས་བླུན་ཆེན་ཡིན་མིན་སོགས། །ཞིབ་ཀྱིས་ཡང་དང་ཡང་དུ་དཔྱད་བྱ་སྟེ། །ཞེ་འདོད་ལག་ལེན་ཕྱིན་ཅི་ལོག་གྱུར་པ། །བཤེས་མེད་ལོང་བ་ཐང་སྟོང་འཁྱམས་པ་ལྟར། །ཉམ་ཐག་མ་རྒན་འགྲོ་དྲུག་སེམས་ཅན་ཡིན། །རང་རེས་ད་ལན་མཚན་ལྡན་བླ་མ་མཇལ། །ཆོས་ཀྱང་ཐེག་པ་ཆེ་སོགས་ཉམས་ལེན་བྱེད། །ཁེ་ཉེས་ཐམས་ཅད་ལེགས་པར་ཤེས་པའི་དུས། །དྲིན་ལན་དུ་ནི་དྲིན་དྲན་ཤེས་པའི་ངང་། །ཕན་ལན་ཕན་པ་ཆོས་ཀྱིས་འཇལ་དགོས་ཤག །དེས་ན་ད་ལྟའི་གནས་སྐབས་ཚེ་འདི་ཡི། །ལོངས་སྤྱོད་བདེ་སྟེར་བྱམས་སྐྱོང་ལ་སོགས་པ། །བརྩེ་བས་ཇི་ལྟར་བསྐྱང་ཁུལ་བྱས་གྱུར་ཀྱང་། །གནས་སྐབས་བྱ་བ་ཕྱོགས་རེ་ལན་རེ་ཡིས། །དྲིན་ལན་ཆ་ཙམ་གཞལ་བ་མ་གཏོགས་པར། །ཚེ་རབས་ཐོག་མ་མེད་ནས་མ་བྱས་པའི། །དྲིན་ལན་ཆེན་པོ་སོབ་པ་མི་ཡོང་སྟེ། །དཔེར་ན་རྒྱ་མཚོ་སྐྲ་རྩེས་གཞལ་དང་མཚུངས། །དེས་ན་གཏན་དུ་ཕན་ངེས་ཐབས་མཆོག་ནི། །སྡུག་བསྔལ་རྒྱུ་འབྲས་གཉིས་དང་ཡོངས་བྲལ་ཞིང་། །བདེ་རྒྱུར་ལོངས་སྤྱོད་བྱེད་པ་ཞིག་བྱུང་ན། །དེས་ན་གནས་སྐབས་མཐར་ཐུག་འཕྲལ་ཡུན་ཀུན། །ཕན་བདེའི་གནས་ལ་ལེགས་པར་སྦྱོར་བས་ན། །དྲིན་ལན་ཡང་དག་སོབ་པར་འགྱུར་བ་སྟེ། །འབད་པ་དོན་ལྡན་བྱ་བ་རླབས་ཆེན་ཡིན། །ཕན་པ་མཆོག་གྱུར་དྲིན་ལན་ལོན་པ་ཡིན། །དེ་ཕྱིར་དེ་ལྟར་ལྷག་པར་ཤེས་བྱས་ནས། །སྡུག་བསྔལ་རྒྱུ་འབྲས་བྲལ་བའི་གཉེན་པོ་འམ། །བཟློག་པའི་ཐབས་ཟབ་བླ་ན་མེད་པ་ནི། །རང་གཞན་དམ་ཆོས་སྒྲུབ་པ་གལ་ཆེ་ཞིང་། །སྤྱིར་ན་མི་ལུས་རྟེན་བཟང་ཐོབ་པ་དང་། །ནང་པ་སངས་རྒྱས་ཞེས་པའི་མིང་དོན་དང་། །བྱེ་བྲག་སེར་གཟུགས་འཆང་བའི་དོན་སྒོ་དང་། །ཁྱད་པར་དུས་གསུམ་རྒྱལ་བའི་གཞུང་ལམ་དང་། །གཤེགས་ཤུལ་བསྒྲུབ་བྱའི་རིམ་པ་མ་ལུས་རྣམས། །དྲིན་ལྡན་བླ་མས་ལེགས་པར་གདམས་པ་ཀུན། །ཤེས་བཞིན་གལ་ཆུང་ནམ་ཡང་མི་འཇོག་པར། །རང་ཉིད་ཉམས་བླང་གཞན་ལ་ཕན་པའི་བློས། །ད་ལྟའི་ཕ་མ་ཡུལ་མི་ཉེ་རིང་དང་། །གྲོགས་མཆེད་གཙོས་གྱུར་མཐོང་ཐོས་དྲན་རེག་གི། །སེམས་ཅན་ཀུན་ལ་ལུས་ངག་ཡིད་གསུམ་པོས། །དངོས་བརྒྱུད་བར་གསུམ་ཆོས་ལ་བསྐུལ་མ་གདབ། །གཤིན་པོ་རྣམས་ལ་སྙིང་རྗེའི་ཤུགས་བསྐྱེད་དེ། །དགེ་བའི་རམ་མདའ་སྦྲན་ནས་བསྔོ་སྨོན་གྱིས། །ཡང་དག་རྒྱས་འདེབས་བྱེད་པ་གལ་དུ་ཆེ། །དེ་ཡང་མཐོ་རིས་ཚངས་དང་བརྒྱ་བྱིན་སོགས། །གོ་འཕང་ཐོབ་ཀྱང་སླར་ཡང་སྡུག་བསྔལ་རྒྱུར། །མ་འདས་པས་ན་ཕན་པ་ཅི་ཞིག་ཡོད། །ཞི་བ་ཉན་རང་གོ་འཕང་ཐོབ་གྱུར་ཀྱང་། །སངས་རྒྱས་ཡོན་ཏན་བྱང་སེམས་སར་མི་ལྡན། །དོན་གཉེར་ལམ་དུ་གཉིད་ལོག་དང་མཚུངས་པས། །མཐའ་གཉིས་མི་གནས་དོན་གཉིས་ལྷུན་གྲུབ་པ། །ཡང་དག་སངས་རྒྱས་ས་ལ་འགོད་ཕྱིར་དུ། །མཐོང་ཐོས་དྲན་རེག་ཙམ་གྱིས་དངོས་བརྒྱུད་ནས། །འགྲོ་དོན་དཔག་མེད་བདེ་བླག་གཉེར་ནུས་མཁན། །མཚུངས་མེད་རྫོགས་པའི་སངས་རྒྱས་ཡིན་བཞིན་དུ། །གོ་འཕང་མཆོག་དེ་ལུས་རྟེན་འདི་ཐོག་ནས། །ཐོབ་པར་བྱའོ་སྙམ་པའི་བློ་དུང་ངེ་། །དཔེར་ན་སྐོམ་པ་ཆུ་ལ་གདུང་བ་ལྟར། །འབྲལ་མེད་སྒོ་ནས་ཆོས་ལ་བརྩོན་འགྲུས་སོགས། །རིམ་གྱིས་སྤར་བར་ནུས་པ་ཞིག་དགོས་སོ། །འོན་ཀྱང་བཤད་མ་ཐག་པའི་ཚུལ་ལྟར་ཏེ། །རང་རེས་ཚེ་རབས་ཐོག་མ་མེད་པ་ནས། །རང་གིས་སྡུག་བསྔལ་ཕྲ་མོ་མི་བཟོད་བཞིན། །གཞན་སྲོག་བཅད་ཀྱང་སྡུག་བསྔལ་མེད་ཆགས་དང་། །ཆགས་སྡང་ལས་དང་ཚིག་དང་བསམ་ངན་སོགས། །རང་འདོད་ངན་པ་ཁོ་ནའི་དབང་དུ་སོང་། །གཞན་ཕན་བསམ་པ་ནམ་ཡང་མ་སྐྱེས་པས། །དེ་ཕྱིར་སངས་རྒྱས་ས་ལ་མ་ཉེ་བར། །ཉོན་མོངས་ཞེ་སྡང་ཕྲག་དོག་ང་རྒྱལ་དང་། །འདོད་ཆགས་གཏི་མུག་ལ་སོགས་མི་དགེའི་ལས། །ཁོ་ནའི་དབང་དུ་སོང་དང་སོང་འདི་དག །སེམས་ཅན་ཕ་མར་མ་མཐོང་དྲིན་མ་ཚོར། །བྱམས་དང་སྙིང་རྗེ་བསྒོམ་མ་ཤེས་པའམ། །སྙིང་རྗེ་གོ་ཡུལ་ཤོར་བའི་ལེ་ལན་གྱིས། །འཁོར་བར་འཁྱམས་ཤིང་ལས་ངན་ལུས་ངན་པ། །རྒྱུན་ཆད་མེད་པར་བླངས་ནས་སྡུག་བསྔལ་ཞིང་། །ཤིན་ཏུ་ཉམ་ཐག་མནར་བ་ཡིན་འདུག་པས། །ད་ལན་དེ་ཡི་གཉེན་པོར་ཆོས་སྒྲུབ་པར། །ཡོད་ན་དེས་ཆོག་མེད་ན་ཐབས་ཆག་པ། །ཡང་དག་ཚད་མེད་བཞི་ཡིས་བློ་སྦྱོང་བྱ། །དེ་ཡང་སྙིང་རྗེ་ཚད་མེད་ཞེས་པ་ནི། །ལག་རྡུམ་མ་ཡི་བུ་ནི་ཆུས་ཁྱེར་ལྟར། །སྙིང་རྗེ་ཚད་མེད་པ་ཞིག་སྐྱེ་དགོས་ཏེ། །ཟས་གོས་དབུལ་དང་ནད་གདོན་གྱིས་མནར་བ༑ །ཁྲིམས་ཕོག་མི་དང་བཤས་ལུག་དུད་འགྲོ་སོགས། །སྡུག་བསྔལ་གདུང་བ་བློ་ཡུལ་གསལ་བ་འམ། །མཐོང་ཐོས་རེག་པར་གྱུར་པ་དེ་དག་ཀྱང་། །རང་ཉིད་ཡིན་པའི་འདུ་ཤེས་སེམས་ལ་བཞག །ཅི་དྲག་སྙམ་སྟེ་བསམ་བློ་ཞིབ་ཀྱིས་བསྐོར། །འཇིགས་སྐྲག་ལྷང་ལྷང་མ་སྐྱེས་བར་དུ་སྦྱངས། །དེ་བཞིན་ཕ་མ་ཉེ་རིང་རྣམས་ལ་བསྒོམ། །རིམ་གྱིས་འབྲེལ་ཐོགས་མཐོང་ཐོས་རིགས་རྣམས་དང་། །དགྲ་བོ་གདོན་བགེགས་མི་མཐུན་ཕྱོགས་ལའང་སྒོམས། །མ་ཟད་ཚེ་རབས་འབྲེལ་བའི་ཕ་མ་རྣམས། །ངན་སོང་སྡུག་བསྔལ་མནར་བ་སྙིང་རྗེ་བསྐྱེད། །མི་དང་དུད་འགྲོ་འབུ་སྲིན་ལ་སོགས་པར། །མི་འདོད་ཅུང་ཟད་མཐོང་ཐོས་རེག་གྱུར་ཚེ། །དེ་དག་རང་རྒྱུད་བྱུང་དང་ཁྱད་མེད་པར། །ངེས་ཤེས་བཟོད་མེད་དྲག་པོ་མ་སྐྱེས་པར། །ཡང་ཡང་བསྒོམས་ནས་དེ་དག་སྐྱོབ་ནུས་པའམ། །བླ་མ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །ཆོས་ལ་བརྩོན་འགྲུས་ལྷག་པར་བསྐྱེད་དགོས་ཏེ། །སྙིང་རྗེ་འབྱོང་རྟགས་ཕ་རོལ་སྡུག་བསྔལ་རྣམས། །རང་ལ་བྱུང་བ་ལས་ཀྱང་མི་བཟོད་པའི། །སྙིང་རྗེ་འབྱོང་བ་ངམ་ངམ་ཤུགས་འབྱུང་སྐྱེས། །དགའ་བ་ལ་ནི་རྔ་མོང་རྔེའུ་རྙེད་ལྟར། །སྡུག་བསྔལ་རྒྱུ་འབྲས་གཉིས་ལས་རབ་བྲལ་ཞིང་། །བདེ་བའི་རྒྱུ་འབྲས་གཉིས་དང་ལྡན་གྱུར་ན། །ཅི་མ་རུང་སྙམ་བདེ་སྐྱིད་ལྡན་པ་ལ། །དགའ་བ་ཁྱད་པར་ཅན་སོགས་སྐྱེ་དགོས་ཏེ། །རིགས་རུས་སྟོབས་འབྱོར་མངའ་ཐང་སྙན་གྲགས་ཅན། །ཤེས་རབ་རྣོ་དང་ཡོན་ཏན་ཆེ་བ་དང་། །མཛད་ཕྲིན་རྒྱས་ཤིང་བྱ་བ་ལམ་སློང་རྣམས། །ཡང་ཡང་ཡིད་ཡུལ་གསལ་བཏབ་དགའ་བ་བསྒོམ། །ཕྲག་དོག་བློ་ངན་དྲུངས་ནས་འབྱིན་བྱེད་ཅིང་། །ད་ལྟའི་དགྲ་བོ་འགྲན་སེམས་ཅན་རྣམས་གཙོས། །སེམས་ཅན་ཀུན་ལ་དེ་འདྲའི་འབྱོར་ལྡན་ན། །ཅི་མ་རུང་སྙམ་དགའ་བ་བསྐྱེད་དགོས་ཏེ། །བུ་རྒྱུད་བདེ་ལ་ཕ་མ་དགའ་བ་ལྟར། །རང་རེ་རྒྱལ་བའི་སྲས་ཀྱི་རྗེས་ཞུགས་ནས། །གཞན་འབྱོར་སོགས་ལ་ཕྲག་དོག་སྡང་གྱུར་ན། །དེ་ལས་ངོ་ཚ་ཐབས་རྡུགས་བློ་རྨོངས་པ། །ཅི་ཡོད་སྙམ་ནས་དུས་ཀུན་ངོས་བཟུང་སྟེ། །ཕྲག་དོག་འགྲན་སེམས་བློ་ངན་དྲུངས་འབྱིན་ཏེ། །རྗེས་སུ་ཡི་རང་བློ་རྒྱ་མ་ཡངས་པར། །ཡང་དག་དགའ་བ་བསྒོམ་ཞིང་འབྱོངས་རྟགས་སུ། །གཞན་འབྱོར་ཇི་ཙམ་མཐོང་ཐོས་རེག་གྱུར་ཀྱང་། །ཕྲག་དོག་བློ་ངན་ཅུང་ཟད་མི་སྐྱེ་བར། །རང་འབྱོར་ལས་ལྷག་དགའ་བའི་རང་བཞིན་སྐྱེས། །བྱམས་པ་བྱ་མས་བྱིའུ་གསོ་བ་ལྟར། །བྱམས་སྐྱོང་ཁོ་ན་ཕན་ཐོགས་བྱ་དགོས་ཏེ། །རང་བདེ་འདོད་པ་སེམས་ཅན་ཀུན་མཉམ་ཀྱང་། །ཐབས་ལ་མི་མཁས་ལས་ངན་ལུས་ངན་བླངས། །སྡུག་གིས་མནར་ལ་སྙིང་རྗེ་ལྷག་པར་བསྐྱེད། །ལུས་ངག་ཡིད་གསུམ་རྒྱུ་ནོར་ལོངས་སྤྱོད་དང་། །ཐབས་དང་རྣམ་པ་ཅི་དྲག་གང་དྲག་གིས། །འཕྲལ་ཡུན་ཕན་བདེའི་གནས་ལ་འགོད་ཕྱིར་དུ། །དངོས་བརྒྱུད་བར་གསུམ་ཕན་འདོགས་གང་ལེགས་རྩོམ། །སྐྱེ་འགྲོ་ཆེ་ཕྲ་ཀུན་གྱི་ལུས་སྲོག་དང་། །སེམས་ལ་གནོད་འཚེ་ཅུང་ཟད་མི་བྱ་བར། །བཟོད་པའི་གོ་ཆ་ཡོངས་སུ་གྱོན་བྱས་ཏེ། །གང་ལ་གང་འདུལ་བྱམས་སྐྱོང་ཁོ་ན་ཡིས། །ཤིན་ཏུ་དགེ་བསྐུལ་གནད་ལ་མཁས་པར་བྱ། །དེ་ཡང་བཟང་ལན་རེ་ཞིང་འགྲན་སེམས་དང་། །འཇིག་རྟེན་ཆོས་བརྒྱད་དུག་དང་མ་འདྲེས་པར། །ཕ་མ་རྒན་འཁོགས་ཐག་རིང་མགྲོན་པོ་དང་། །ཡུན་རིང་ནད་པ་སྒོ་ཁྱི་སྒོ་ཟོག་དང་། །ཐ་ན་ཤིག་དང་འབུ་སྲིན་ཕྲ་མོའི་ཚུན། །རང་གི་ལུས་སེམས་འདི་ཐོག་དཔེ་བླངས་ནས། །བྱམས་སྐྱོང་ཅི་དྲག་ཐབས་ལ་འབད་དགོས་ཤིང་། །འབྱོངས་རྟགས་ཀུན་ལ་མ་ཡིས་བུ་གཅིག་ལྟར། །བརྩེ་གདུང་རང་བཞིན་ངམ་ངམ་ཤུགས་འབྱུང་ཡོང་། །བཏང་སྙོམས་དྲང་སྲོང་མགྲོན་འགྱེད་ལྟ་བུ་ཞེས། །བྱམས་དང་སྙིང་རྗེ་དགའ་བ་ལ་སོགས་པ། །དགྲ་གཉེན་ཆགས་སྡང་ཕྱོགས་སུ་མི་ལྷུང་བར། །དཔེར་ན་རྩིང་ཧྲུབ་བཏུལ་ནས་ཚགས་བཙགས་ལྟར། །ཀུན་ལ་ཡོངས་སུ་སྙོམས་པའི་བསམ་སྦྱོར་གྱིས། །ད་ལྟའི་ལུས་རྟེན་འདི་ཡི་བར་སྐབས་སུ། །དགྲ་དང་གཉེན་དུ་གྱུར་རྣམས་བདག་བཟུང་སྟེ། །ཕལ་ཆེར་ལུང་མ་བསྟན་དུ་ལྷག་པ་ཡང་། །དོན་དུ་ཚེ་རབས་འབྲེལ་བའི་ཕ་མ་སྟེ། །དེ་དག་ཆགས་སྡང་ཕྱོགས་རིས་ཅི་ཞིག་བྱ། །ཐ་ན་ངོ་ཚ་དགེ་བ་ལམ་མི་སློང་། །ཕྱི་མ་རྣམ་སྨིན་ཁུར་པོ་ལྕི་བས་ན། །བྱམས་དང་སྙིང་རྗེ་དགའ་བ་ལ་སོགས་པ། །ཕྱོགས་རིས་ཆེ་ཕྲའི་དབང་དུ་མ་སོང་བར། །ནམ་མཁའ་བཞིན་དུ་ཀུན་ལ་ཡོངས་སྙོམས་པའི། །བློ་རྒྱ་ཡང་ཡང་བསྐྱེད་ཅིང་བསམ་སྦྱོར་གང་། །ཀུན་སློང་བཟང་པོ་ཚད་ལྡན་འབྱོང་དགོས་སོ། །ལར་ནི་ཚད་མེད་བཞི་ཡི་བློ་སྦྱོང་དང་། །སྨོན་འཇུག་སེམས་བསྐྱེད་བསླབ་བྱ་ཚུལ་ལྡན་རུང་། །བཟང་ངན་ཆེ་ཕྲའི་རྐྱེན་དང་འཕྲད་པའི་དུས། །གཉེན་པོ་བཟོད་བསྲན་ཅུང་ཟད་ཙམ་མེད་པར། །རང་གི་རྣམ་རྟོག་ལའང་དགྲ་རུ་མཐོང་། །མེ་སྟག་ཡལ་བའི་སྟེང་དུ་གྲི་འདོན་ཅིང་། །བན་རྒན་ཕྲེང་བའི་ལྕག་ཚན་བྱེད་པའམ། །ཆོས་གོས་ཞབས་ཀྱི་དུག་མདའ་ཟེར་བའི་དཔེ། །ཆོས་པས་མི་བྱེད་ངེས་པ་ཅང་མེད་པས། །སྲུང་སྡོམ་ལྡན་ཞིང་ཡོན་ཏན་སྣ་རེས་ཀྱང་། །རང་རྒྱུད་རྟག་ཏུ་ང་རྒྱལ་གྱིས་ཁེངས་ཞིང་། །གཞན་གྱིས་ཚིག་དང་ལྟ་ལུགས་མཐོ་དམན་ལའང་། །ང་ལ་བརྙས་བྱུང་སྙམ་ནས་ཅི་གནོད་བྱེད། །སོ་ཐར་སྡོམ་པ་བྱང་སེམས་བསླབ་པ་དང་། །གསང་སྔགས་དག་སྣང་དྲན་ཙམ་མི་ནུས་པར། །བཟང་རྒྱུའི་འོག་ནས་ཆོས་པ་ཕུང་བ་མང་། །མ་ཟད་ཡོན་བདག་སློབ་མས་བཏེག་པའི་ཚེ། །རང་རྒྱུད་ཉམས་ཕབ་བརྟག་དཔྱད་མི་བྱ་བར། །ང་ནི་འདི་དང་འདི་ལྟར་ཡིན་སྙམ་ནས། །ང་རྒྱལ་རྒྱུད་སྦོས་སྣང་བ་འུར་ལངས་ཏེ། །ངས་ནི་གང་བྱས་གང་ལབ་ཆོག་སྙམ་ནས། །མིག་འཕང་མཐོ་ཞིང་ཤེས་པ་རྩུབ་ཧྲག་གེར། །གྱུར་པའི་ཆོས་པ་བདུད་ཀྱིས་བསླུས་པ་ཡིན། །ཐོས་བསམ་བྱས་བཞིན་ང་རྒྱལ་ཇེ་ཆེར་སོང་། །བཟོད་བསྲན་ཅུང་ཟད་མེད་པ་ཤ་འུ་འདྲ། །ཀོ་ལོང་གཙང་བཙན་ལས་ཀྱང་དམ་པ་དེ། །ཐོས་བསམ་སྒོམ་གསུམ་གང་ལྟར་བྱས་གྱུར་ཀྱང་། །རང་གི་ཤེས་རྒྱུད་ལོག་པར་སོང་རྟགས་ཡིན། །དེ་ཕྱིར་བཟོད་པའི་གོ་ཆ་ལེགས་བགོས་ནས། །གཞན་གྱིས་ཇི་ལྟར་གཤེ་ཡང་སླར་མི་གཤེ། །ཁྲོས་ཀྱང་སླར་ཡང་ཕར་ལ་མི་ཁྲོ་ཞིང་། །བསྡིགས་ཀྱང་སླར་ཡང་ཕར་ལ་མི་བསྡིག་པར། །མཚང་འབྲུ་བྱེད་ཀྱང་ཕར་ལ་མི་འབྲུ་བའི། །དགེ་སྦྱོང་བྱ་བའི་ཆོས་བཞི་ཞེས་པ་འདིར། །དུས་རྣམ་ཀུན་ཏུ་ཐུགས་ཉམས་ལེགས་བསྟར་ཏེ། །ཚིག་ངན་བརྙས་བཅོས་རྡུང་རྡེག་བཀོལ་སྤྱོད་དང་། །རྐུ་དང་འཕྲོག་བཅོམ་མཐོ་དམན་འབྱོར་རྒུད་དང་། །གྱོང་དང་བུབ་ཁ་ཆེ་ཕྲ་བར་མ་དོ། །ཇི་ལྟར་བཀལ་རུང་དེ་དུས་དགའ་སྤྲོ་དང་། །ལྡན་པས་ལྷག་པར་བཟོད་པར་བྱ་དགོས་ཏེ། །སྐྱེ་བོ་མ་རིག་བླུན་རྨོངས་སྒྲིབ་རྣམས་ཀྱིས། །མ་དག་སྣང་བས་འཁྲུལ་གཏམ་ལས་ཅི་ཡོད། །རང་འདོད་ངན་པའི་གཏམ་ལས་མ་མཆིས་སྙམ། །ལྷག་པར་བཟོད་པར་བྱ་བའི་གནས་སུ་རིགས། །ཁྱད་པར་རིང་བའི་མཆེད་ནི་སེམས་ཅན་ཀུན། །ཉེ་བ་བསྟན་པའི་སྒོ་རུ་ཞུགས་ཚད་དང་། །ནང་གི་ཆོས་བརྒྱུད་གྲུབ་མཐའ་གཅིག་པ་རྣམས། །གསང་བ་བླ་མ་དཀྱིལ་འཁོར་གཅིག་གིས་བསྡུས། །དམ་ལྡན་རྡོ་རྗེའི་མཆེད་དང་ལྕམ་དྲལ་དང་། །དེ་དག་ཀུན་ལ་ལྷག་པར་བཟོད་པར་རིགས། །ཚིག་ངན་བརྗོད་ཀྱང་རྡུང་རྡེག་མ་བྱུང་སྙམ། །འཆི་ཉེར་བརྡུང་རུང་ངན་སོང་མི་སྐྱེ་སྙམ། །འདིར་སྣང་སྙན་གྲགས་འབྱོར་ཚོགས་ཀྱིས་དབུལ་ཀྱང་། །དགེ་བ་ཆུད་ཟོས་མེད་ཕྱིར་བཟོད་པར་རིགས། །ཁེངས་དྲེགས་ཅན་གྱིས་རྩོད་དང་བརྙས་གྱུར་ཀྱང་། །ཐ་སྙད་མཁས་ལ་ང་རྒྱལ་ཁེངས་དྲེགས་དང་། །གནས་ལུགས་རྟོགས་ལ་ཞི་དུལ་བག་ཡོད་རེ། །ལོས་འབྱུང་སྙམ་ནས་ལྷག་པར་བཟོད་པར་རིགས། །བཟང་ངན་རྐྱེན་དང་འཕྲད་དུས་རྩོལ་བཅས་དང་། །རྩོལ་མེད་བཟོད་པའི་ཁུར་ཆེན་མ་ཐེག་ན། །ཆོས་པའི་མཚང་རྟགས་གཅལ་དུ་བཀྲམ་ཡོང་བས། །དེ་ལྟར་བསམས་ནས་ལྷག་ཏུ་བཟོད་པར་རིགས། །བཟོད་མེད་བཟེ་རེ་ཅན་གྱི་ཆོས་པ་དེས། །སྔར་བསྒྲུབས་དགེ་བ་ཆུད་ཟོས་འགྲོ་བ་དང་། །ད་ལྟ་གང་སྒྲུབ་ལམ་དུ་མི་འགྲོ་ཞིང་། །ཕྱིས་ནས་དགེ་བ་སྒྲུབ་པའི་སྣོད་མི་རུང་། །ཞེ་སྡང་རྣམ་སྨིན་ཚ་དམྱལ་སྐྱེ་བས་ན། །ཐུགས་ཉམས་ཕབ་ནས་ལྷག་པར་བཟོད་པར་རིགས། །དུག་ལྔའི་ནང་ནས་ཁོང་ཁྲོ་གློ་བུར་འཁྲུགས། །དགེ་བ་གང་འགྲུབ་ཆུད་ཟོས་གཏོང་བས་ན། །ཆོས་པ་རབ་འབྲིང་ཐ་མ་མ་ལུས་ཀུན། །ཞེ་སྡང་དགྲ་ཆེན་འདི་ལ་ལྷག་པར་གཟོབ། །བྱང་ཆུབ་སེམས་མཆོག་མ་སྐྱེས་སྐྱེས་པར་བྱེད། །མི་ཉམས་བསྲུང་ཕྱིར་བཟོད་པའི་གོ་ཆ་གྱོན། །གོང་འཕེལ་འགྱུར་ཕྱིར་ཕར་ཕྱིན་དྲུག་སོགས་སློབས། །ད་ནི་སྨོན་འཇུག་སེམས་བསྐྱེད་དངོས་ལ་ནི། །གཏན་བདེ་རྫོགས་སངས་རྒྱས་ཀྱི་གོ་འཕང་དུ། །མཁའ་ཁྱབ་སེམས་ཅན་མྱུར་བར་འགོད་བྱའོ། །སྙམ་པ་དེ་ནི་སྨོན་པ་སེམས་བསྐྱེད་ཡིན། །དེ་ནས་སྔོན་འགྲོ་དངོས་གཞི་རྗེས་ལ་སོགས། །རྩེ་གཅིག་ཉམས་སུ་བླངས་ནས་མཐར་ཕྱིན་པར། །བྱེད་པ་དེ་ནི་འཇུག་པ་སེམས་བསྐྱེད་ཡིན། །ཆོས་དང་གངཟག་ཡང་དག་མཚམས་སྦྱོར་མཁན། །སྨོན་འཇུག་སེམས་བསྐྱེད་ཁྱད་པར་ཅན་དང་འབྲེལ། །ངག་འདོན་གང་ཡིན་ཚིག་རྗེས་དོན་དྲན་དང་། །འབུམ་ཐེར་ཁ་བསྐང་བཅས་ཏེ་ལེགས་པར་གསོག །དེ་ལྟར་སེམས་བསྐྱེད་ལམ་ལ་ཞུགས་ནས་བཟུང་། །སྐྱེས་པ་མི་ཉམས་གོང་དུ་འཕེལ་བའི་ཐབས། །རྒྱལ་སྲས་སྤྱོད་པའི་ཚུལ་ལ་བརྩོན་དགོས་པས། །སྨོན་འཇུག་གཉིས་ཀྱི་བསླབ་བྱ་འདི་ལྟ་སྟེ། །དང་པོ་སྨོན་པའི་སེམས་ཀྱི་བསླབ་བྱ་ནི། །རང་རེའི་བདེ་སྐྱིད་ཕྲ་མོ་ནས་བཟུང་སྟེ། །རྫོགས་པའི་སངས་རྒྱས་གོ་འཕང་བསྒྲུབ་འདོད་དང་། །སྡུག་བསྔལ་ཕྲ་མོ་ནས་བཟུང་ངན་འགྲོའི་གནས། །སྤང་འདོད་བློ་ནི་སེམས་ཅན་ཀུན་གཅིག་པར། །ཤེས་པས་རང་ཉིད་བསམ་སྦྱོར་གང་བྱེད་རུང་། །བདག་གཞན་བརྗེ་བར་ནུས་པ་བྱ་དགོས་ཏེ། །དཔེར་ན་རྫི་བོ་རྣམས་ལ་ཕྱིང་པའི་གོས། །གཅིག་ལས་མེད་ཀྱང་མཉམ་དུ་གྱོན་བྱེད་ལྟར། །དགེ་བ་གང་བྱས་སེམས་ཅན་ཀུན་དོན་བྱ། །རང་གི་དབུགས་ཀྱང་ནང་དུ་རྔུབ་པའི་དུས། །མཁའ་ཁྱབ་སེམས་ཅན་ལུས་ཀྱི་ན་ཚ་དང་། །སེམས་ཀྱི་སྡུག་བསྔལ་སྡིག་ལྟུང་ཉེས་སྒྲིབ་དང་། །མདོར་ན་རྒྱུ་དང་འབྲས་བུ་ངན་པ་ཀུན། །རླུང་ནག་རྣམ་པར་བྱུང་ནས་རང་ཐིམ་བསམ། །རང་དབུགས་ཕྱི་རུ་ནར་གྱིས་གཏོང་བའི་དུས། །རང་གི་དད་པ་ངེས་འབྱུང་བྱང་ཆུབ་སེམས། །ཚེ་བསོད་ཁ་རྗེ་དབང་ཐང་ལུས་ལོངས་སྤྱོད། །འབྲས་བུ་མངོན་མཐོ་ཉན་རང་བྱང་སེམས་དང་། །ཡང་དག་རྫོགས་པའི་སངས་རྒྱས་ཐོབ་པའི་ཚུན། །བདེ་སྐྱིད་བདེ་བའི་དངོས་པོ་ཐམས་ཅན་ཀུན། །རླུང་དཀར་རྣམ་པ་བྱུང་ནས་གཞན་ཐིམ་བསམ། །དངོས་སུ་བདེ་སྡུག་གཏོང་ལེན་ངེས་པར་བྱ། །དཔེར་ན་ཁ་བའི་ནང་དུ་ལྷམ་ཡ་དེ། །གཞན་ལ་གཡར་བར་བྱེད་པ་ཇི་བཞིན་དུ། །ལྷག་བསམ་ལྡན་པའི་གཞན་ཕན་སྤྱོད་པ་བྱ། །ངན་སོང་སྐྱེ་བའི་སེམས་ཅན་བདེ་ལྡན་ན། །རང་ཉིད་ཚབ་ཏུ་འགྲོ་ནུས་བཟོད་པ་དང་། སྙིང་སྟོབས་ཡང་ཡང་བསྐྱེད་པ་གཞན་གཅེས་ཡིན། །རང་ཉིད་འཁྱག་ལྟོགས་ནད་ཀྱིས་ཤི་གྱུར་ཀྱང་། །བཟོད་པར་བྱེད་ནས་གོས་སོགས་སྦྱིན་པ་ལྟར། །རིགས་སུ་འགྲེ་ནས་རིམ་གྱིས་བསྒྲུབ་པར་བྱ། །ཚིག་ཙམ་མ་ཡིན་སེམས་ཐོག་ཡང་ཡང་བསྒོམ། །དང་པོ་བཅོས་མའི་སྙིང་རྗེ་ཡང་ཡང་བསྐྱེད། །བར་དུ་བཅོས་མིན་སྙིང་རྗེ་ངམ་ངམ་སྐྱེ། །མཐར་ནི་ངེས་ཤེས་བཟོད་མེད་དུང་ངེ་བ། །རྒྱུན་ཆགས་སྐྱེས་པ་ཞིག་གི་ངང་ཉིད་དུ། །ད་ལྟའི་བཟང་ངན་རྐྱེན་དང་འཕྲད་པའི་དུས། །དངོས་སུ་ལག་ལེན་འཛོལ་མེད་ཐེབ་ངེས་དང་། །ཕུགས་སུ་བསམ་སྦྱོར་དེ་འདྲའི་གདེང་ལྡན་ཞིག །མེད་ན་རང་གཞན་ཕན་ཐོགས་འབྱུང་དཀའ་བས། །ཚིག་དང་ཚུལ་འཆོས་བསྒོམ་ལོ་ཙམ་མིན་པར། །ཡང་ཡང་བསྒོམ་ཞིང་ལག་ལེན་ཐེབ་པར་བྱ། །ད་ནི་འཇུག་པའི་བསླབ་བྱ་སྦྱིན་སོགས་ནི། །རང་གི་ཟས་གོས་ནོར་རྫས་ཕྲ་མོའི་ཚུན། །རྟ་དང་གླང་ཆེན་བུ་དང་བུ་མོ་དང་། །ཆུང་མ་ཡན་ལག་ལུས་སྲོག་ལ་སོགས་པ། །གཏོང་དང་གཏོང་ཆེན་ཤིན་ཏུ་གཏོང་བ་ཞེས། །དེ་དག་ཟང་ཟིང་སྦྱིན་པ་ཡིན་པས་གཅིག །དབང་བསྐུར་བ་དང་ཆོས་བཤད་ལུང་འབོག་དང་། །སྣག་སྨྱུག་ཤོག་བུ་གླེགས་བམ་སྦྱིན་པ་སོགས། །དེ་དག་ཆོས་ཀྱི་སྦྱིན་པ་ཡིན་པས་གཉིས། །སྐྱབས་མགོན་མེད་ལ་མགོན་སྐྱབས་བྱེད་པ་དང་། །རི་རྒྱ་ཀླུང་རྒྱ་བསྡམས་ནས་སྲོག་བསླུ་སོགས། །མི་འཇིགས་སྐྱབས་ཀྱི་སྦྱིན་པ་ཡིན་པར་གསུང་། །དེ་ལྟར་སྦྱིན་པས་སེར་སྣའི་སྒྲིབ་པ་བྱང་། །ཡི་དྭགས་གནས་སུ་སྐྱེ་བའི་རྒྱུན་གཅོད་ཅིང་། །བསོད་ནམས་ཚོགས་རྫོགས་གཞན་དོན་རླབས་ཆེན་འབྱུང་། །ལུས་ངག་ཡིད་གསུམ་སྒོ་ནས་མི་དགེའི་རིགས། །ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཡིན་པས་གཅིག །དགེ་བ་བཅུ་སོགས་ཅི་འགྲུབ་བྱེད་པས་ན༑ །དགེ་བ་ཆོས་སྡུད་ཚུལ་ཁྲིམས་ཡིན་པས་གཉིས། །བསྡུ་དངོས་བཞི་སོགས་གཞན་དོན་འབད་པ་ནི། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་ཡིན་པས་གསུམ། །དེ་ལྟར་ཚུལ་ཁྲིམས་རྣམ་གསུམ་སྲུང་བ་ཡིས། །མཐོ་རིས་ཡོན་ཏན་བདུན་ལྡན་ལུས་ཐོབ་ཅིང་། །སྤངས་རྟོགས་ཕྲིན་ལས་ཕུན་སུམ་ཚོགས་པར་བྱེད། །རྡུང་རྡེག་འཕྲོག་བཅོམ་ཚིག་ངན་སྨྲ་སོགས་ལ། །ཁོང་ཁྲོ་མི་བྱ་སྙིང་རྗེ་སྒོམ་པ་ནི། །གཞན་གྱིས་ལོག་སྒྲུབ་བཟོད་པ་ཡིན་པས་གཅིག །དཀའ་ཚེགས་ཚ་གྲང་བཀྲེས་སྐོམ་སོགས་བཟོད་ནས། །བློ་ཕུགས་ཆོས་གཏད་ཆོས་ཕུགས་སྤྲང་པོར་གཏད། །སྤྲང་ཕུགས་ཤི་གཏད་ཤི་ཕུགས་གྲོགས་སྟོང་གཏད། །ཆོས་ཕྱིར་དཀའ་སྤྱོད་ཡིན་པས་བཟོད་པ་གཉིས། །བླ་མ་གདམས་པ་གྲུབ་མཐའ་སྣ་ཚོགས་ལ། །ཕྱོགས་རིས་མི་བྱ་དག་སྣང་འབྱོང་བ་དང་། །སྟོང་པ་ཉིད་ལ་མོས་ཤིང་ཉམས་ལེན་པ། །དོན་ལ་མི་སྐྲག་བཟོད་པ་ཡིན་པས་གསུམ། །དེ་ལྟར་རྣམ་པ་གསུམ་ལ་བཟོད་བྱས་པས། །དགེ་ཚོགས་ཆུད་མི་ཟ་ཞིང་ལམ་དུ་སློང་། །ཞེ་སྡང་འབྲས་བུ་དམྱལ་བའི་སྐྱེ་སྒོ་ཆོད། །མཚན་དཔེ་ལྡན་པའི་སྐུ་མཆོག་ཐོབ་པར་བྱེད། །ཐོས་བསམ་སྒོམ་གསུམ་རང་དོན་སྒྲུབ་པ་དང་། །དཀའ་སྤྱད་སྙིང་སྟོབས་ཡོན་ཏན་ཚད་མེད་དེ། །འཆད་རྩོད་རྩོམ་པས་ཡོན་ཏན་རླབས་ཆེན་གྱི། །ཕྲིན་ལས་རྣམ་ཐར་སོགས་ལ་མི་ཞུམ་པར། །སྒྱིད་མི་ལུག་ཅིང་རང་ལ་མི་བརྙས་པར། །དལ་འབྱོར་ཐོབ་འདིར་དོན་ལྡན་བརྩོན་པར་བྱ། །སྙམ་པའི་བློ་སྟོབས་ལྷག་པར་བསྐྱེད་པ་ནི། །གོ་ཆའི་བརྩོན་འགྲུས་ཞེས་པ་ཡིན་པས་གཅིག །སང་བྱ་གནངས་སྒྲུབ་ངང་ནས་ཚེ་ཟད་པར། །མི་རྟག་བསྐུལ་གདབ་ཕྱི་བཤོལ་དབང་མི་བཏང་། །བསམ་འཕྲལ་ཉིད་ནས་ཆོས་ལ་འཇུག་པ་ནི། །སྦྱོར་བའི་བརྩོན་འགྲུས་ཞེས་པ་ཡིན་པས་གཉིས། །མཚམས་དང་དགེ་སྦྱོར་བསྙེན་སྒྲུབ་ལ་སོགས་པ། །ལོ་ཟླ་གྲངས་དང་རྟགས་མཚན་ཕྲན་བུ་ལ། །ཆོག་ཤེས་མི་བྱ་ཚེ་དང་སྒྲུབ་མཉམ་པའི། །བརྩོན་འགྲུས་ཤུགས་དྲག་རྒྱུན་རིང་ཆུ་བོ་བཞིན། །ཉི་མཚན་བར་མེད་དུས་ཀུན་འབད་པ་ནི། །ཆོག་པར་མི་འཛིན་བརྩོན་འགྲུས་ཡིན་པས་གསུམ། །དེ་ལྟར་བརྩོན་འགྲུས་གསུམ་པོ་ཉམས་བླངས་པས། །ལེ་ལོའི་དགྲ་འཇོམས་རྫུ་འཕྲུལ་རྐང་བཞི་ཐོབ། །འཇིག་རྟེན་ཀུན་གྱིས་མཆོད་ཅིང་བསྟོད་པ་དང་། །རང་གི་བསམ་པ་མ་ལུས་འགྲུབ་པ་དང་། །ཡོན་ཏན་ཚོགས་འཕེལ་མྱ་ངན་འདའ་བར་བྱེད། །དགྲ་འདུལ་གཉེན་སྐྱོང་ཟས་གོས་འབད་རྩོལ་དང་། །འདུ་འཛི་གཡེང་བའི་རིགས་ཀུན་སྤངས་བྱས་ནས། །མི་མེད་ལུང་སྟོང་མཉམ་པར་བཞག་པའི་དུས། །བདེ་གསལ་མི་རྟོག་ཞེན་ཅིང་ཆགས་པ་ནི། །བྱིས་པ་ཉེར་སྤྱོད་བསམ་གཏན་ཡིན་པས་གཅིག །ཉམས་ཀྱི་ཞེན་པ་དག་ནས་སྟོང་འཛིན་དུས། །དོན་རབ་འབྱེད་པའི་བསམ་གཏན་ཡིན་པས་གཉིས། །སྟོང་འཛིན་གཉེན་པོ་བློ་དང་ཡོངས་བྲལ་ཞིང་། །ཆོས་ཉིད་རང་བབ་ངང་ལས་མ་གཡོས་པ། །བདེ་གཤེགས་དགྱེས་པའི་བསམ་གཏན་ཡིན་པས་གསུམ། །དེ་ལྟར་བསམ་གཏན་གསུམ་པོ་ཉམས་བླངས་པས། །རྣམ་གཡེང་དགྲ་འཇོམས་ཞི་གནས་ལས་སུ་རུང་། །འདོད་ཡོན་ཉོན་མོངས་ཚོགས་རྣམས་མགོ་སྙོམས་ཏེ། །སེམས་ལ་དབང་འབྱོར་སྤྱན་དང་མངོན་ཤེས་འཆར། །རྫུ་འཕྲུལ་ཉམས་རྟོགས་ཡོན་ཏན་གོང་འཕེལ་འབྱུང་། །ཐོས་པའི་ཤེས་རབ་ཕྱི་ཡི་སྒྲོ་འདོགས་ཆོད། །བསམ་པའི་ཤེས་རབ་ནང་གི་ཐེ་ཚོམ་སེལ། །སྒོམ་པའི་ཤེས་རབ་རྨོངས་པའི་དྲྭ་བ་འདྲལ། །དེ་ལྟར་ཤེས་རབ་རྣམ་གསུམ་ཉམས་བླངས་པས། །ཤེས་འཆལ་དགྲ་འཇོམས་འཁོར་བའི་གཡུལ་ལས་རྒྱལ། །ཡེ་ཤེས་སྤྱན་ཐོབ་སྲིད་ཞིའི་མཐར་མི་གནས། །དགོངས་པའི་ཀློང་རྡོལ་ཆོས་ཉིད་མངོན་དུ་འགྱུར། །ཡེ་ཤེས་ཚོགས་རྫོགས་ཆོས་སྐུ་ཐོབ་པར་བྱེད། །དེ་ལྟར་སེམས་བསྐྱེད་བསླབ་བྱ་ཚུལ་ལྡན་པས། །ཐེག་ཆེན་རྩ་བ་སེམས་བསྐྱེད་འགྲོ་བ་དང་། །དགེ་བ་སྣ་གཅིག་ཙམ་ཡང་བྱས་གྱུར་ཀྱང་། །སངས་རྒྱས་ཡོན་ཏན་སེམས་ཅན་གྲངས་དང་མཉམ། །དགེ་རྩ་ཆུད་མི་ཟ་ཞིང་གོང་དུ་འཕེལ། །བསོད་ནམས་རྒྱ་ཆེ་རྒྱལ་བའི་གདུང་འཛིན་ཅིང་། །གཞན་དོན་རྒྱ་ཆེ་རྒྱུན་རིང་རླབས་ཆེན་འགྲུབ། །མཚམས་མེད་ལས་བསགས་དམྱལ་བ་སྐྱེ་གྱུར་ཀྱང་། །ཡུད་ཙམ་ཞིག་ནས་ཐར་འི་གོ་འཕང་བགྲོད། །སྡིག་བྱས་ཐམས་ཅད་དུས་མཐའི་མེ་ལྕེ་ཡིས། །རྩྭ་སྦུར་ཡུད་ཀྱིས་སྲེག་ལྟར་རྨང་ནས་འཇོམས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཐོབ། །ས་དང་ལམ་རྣམས་ཀུན་གྱི་སྙིང་པོར་འགྱུར། །སེམས་ཅན་ཀུན་གྱི་འདྲེན་པ་མཆོག་འགྱུར་ཏེ། །བླ་ན་མེད་པའི་ཁང་བཟང་དུ་བགྲོད་པའི། །བཞོན་པ་བཟང་པོ་ལྟ་བུ་ཡིན་པ་སོགས། །ཕན་ཡོན་ཚད་མེད་ལྷག་པར་ཤེས་དགོས་སོ།།  ༈  །།དེ་ནས་སྡིག་སྒྲིབ་དག་པར་བྱེད་པའི་ཐབས། །རྡོ་རྗེ་སེམས་དཔའི་སྒོམ་བཟླས་རིམ་པ་ནི། །དང་པོ་རྡོ་རྗེ་སེམས་དཔའི་མཚན་དོན་ནི། །ལོངས་སྐུ་ངེས་པ་ལྔ་ལྡན་ཡིན་པས་དཔལ། །དེ་ནས་འཕོ་འགྱུར་བགྲེས་རྒུད་གཞོམ་གཞིག་སོགས། །ཀུན་ལས་འདས་པ་ཡིན་ཕྱིར་རྡོ་རྗེ་དང་། །དེ་ཡི་ངང་ལས་སྤྲུལ་པ་སྣ་ཚོགས་པ། །འབྱུང་བར་སྟོན་པས་སེམས་དཔའ་ཞེས་བྱ་སྟེ། །རིགས་ཀུན་ཁྱབ་བདག་དཀྱིལ་འཁོར་ཀུན་གྱི་གཙོ། །རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཡིན་པར་བཤད། །ལྷ་ཀུན་ཞི་ཁྲོ་དམ་པ་རིགས་བརྒྱར་འདུས། །དེ་ཡང་རྒྱལ་བ་རིགས་ལྔའི་ཁོངས་སུ་འདུས། །དེ་ཡང་གསང་ཆེན་ལྷ་གཅིག་རིགས་ཀུན་བདག །དཔལ་ལྡན་རྡོ་རྗེ་སེམས་དཔར་ཡོངས་འདུས་ཏེ། །དེས་ཀྱང་དང་པོ་ཐུགས་མཆོག་བསྐྱེད་པའི་དུས། །བདག་གི་སྒོམ་བཟླས་བྱེད་རྣམས་སྡིག་བྱང་ཤོག །ཅེས་པའི་སྨོན་ལམ་བཏབ་པས་ཡོངས་གྲུབ་སྟེ། །ཡང་དག་སངས་རྒྱས་གོ་འཕང་བརྙེས་པས་ན༑ །ཕྱོགས་བཅུའི་སངས་རྒྱས་རེ་རེའི་མདུན་ཕྱིན་ཅིང་། །བཤགས་པའི་ཐབས་ལ་ཇི་ལྟར་འབད་པ་བས། །གོང་གསལ་དཀྱིལ་འཁོར་ཀུན་གྱི་སྤྲོ་བསྡུའི་གནས། །རྡོ་རྗེ་སེམས་དཔའ་སྒོམ་བཟླས་བྱས་པ་ཡིས། །ལྷག་པར་དུའང་འགྱུར་སྟོབས་ཆེ་བ་དང་། །ངོ་བོ་རྩ་བའི་བླ་མ་ཡིན་ཤེས་ན། །ལྷག་པར་བྱིན་རླབས་འཇུག་མྱུར་དགོས་ཆེད་ཡོད། །འདག་བྱེད་རྒྱལ་བའི་ཡོན་ཏན་དེ་ལྟར་ན། །དད་པ་དོན་གཉེར་ལྷག་ཏུ་བསྐྱེད་པར་བྱ། །དག་བྱ་རང་རྒྱུད་ཉོན་མོངས་སྡིག་སྒྲིབ་རྣམས། །ཕྱོགས་ཙམ་ངོས་བཟུང་ཞིབ་པར་མ་བཤད་ན། །ཐོག་མེད་འཁྲུལ་འབྱམས་གཉེན་པོ་བག་ཉལ་བས། །སྡིག་ལ་འགྲོགས་ཞིང་སྒྲིབ་པ་གཏིང་ཟབ་ཕྱིར། །དེ་ཡི་དབང་གིས་གང་ཟག་ལས་དང་པོས། །ངོ་ཙམ་མི་ཟིན་སྒྲིབ་བྱང་བྱ་དགོས་དོན། །ཕྱོགས་ལམ་ཧ་གོ་དཀའ་བ་ལྟ་བུའང་སྣང་། །ངོས་ཙམ་ཟིན་པ་མེད་ན་ཅི་ཞིག་བཤགས། །བླང་ཞིང་དོར་བའི་གནས་སྐབས་སུ་ཡིས་འབྱེད། །འགྱོད་ཅིང་བཤགས་པས་སོར་ཆུད་མ་བྱས་ཚེ། །ཉེས་ལྟུང་ཚད་མེད་ཤུགས་ཀྱིས་འབྱུང་བས་ན། །དེ་ཕྱིར་སྦྱང་བྱ་སྡིག་པའི་སྒོ་དྲུག་ཅེས། །དང་པོ་ཀུན་སློང་སྒོ་ནི་འདི་ལྟ་སྟེ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ་པོ་དང་། །གཉིས་པ་རྟེན་གྱི་སྒོ་ནི་འདི་ལྟ་སྟེ། །ལུས་ངག་ཡིད་གསུམ་སྒོ་ནས་བསགས་པ་དང་། །གསུམ་པ་ཡུལ་གྱི་གཙོ་བོ་བླ་མ་དང་། །མཁན་པོ་མཆེད་གྲོགས་ལ་སོགས་ཁྱད་པ་ཅན། །ཕ་མ་རྒན་ཁོག་ཡུན་རིང་ནད་པ་དང་། །ཕལ་པ་སེམས་ཅན་ཆེ་ཕྲ་སྲིད་དོ་ཅོག །བཞི་པ་ངོ་བོའི་སྒོ་ནི་མི་དགེ་བཅུ། །མཚམས་མེད་ལྔ་དང་བཅས་པའི་ལྟུང་བ་དང་། །ལྔ་པ་དུས་ཀྱི་སྒོ་ནི་ཐོག་མེད་ནས། །དེང་བར་ལོ་ཟླ་ཉི་མ་དུས་ཚོད་དོ། །དྲུག་པ་བྱེད་པའི་ལས་ནི་ཚེ་འདི་ལ། །ནད་མང་ནོར་དབུལ་དགྲ་ཡིས་འཇིགས་པ་དང་། །ཕྱི་མ་ངན་འགྲོའི་སྡུག་བསྔལ་ལ་སོགས་པ། །བསམས་ནས་ཡོངས་སུ་སྦྱང་བར་བྱ་དགོས་ཤིང་། །དེ་ཡང་ཅུང་ཟད་སྤྲོས་པ་བྱེད་པ་ནི། །རང་རེ་ཚེ་རབས་ཐོག་མེད་དེང་ཕན་ཆོད། །སྤྱིར་ནི་མ་རིག་པ་ཡིས་རྣམ་ཀུན་སྒྲིབ། །སྒོས་སུ་ཉོན་མོངས་ཤུགས་དྲག་ཀུན་སློང་བས། །ལས་ནི་མི་དགེ་བཅུ་དང་མཚམས་མེད་ལྔ། །ཉེ་བ་ལྔ་དང་ལྕི་བ་བཞི་པོ་དང་། །ལོག་པ་བརྒྱད་སོགས་རང་གིས་སྤྱོད་པའམ། །གཞན་དག་རྣམས་ལ་བྱེད་དུ་འཇུག་པའམ། །བྱས་ལ་རྗེས་སུ་ཡི་རང་སྐྱེས་པ་དང་། །ཐ་མ་འགྲོ་འདུག་བབ་ཅོལ་ལས་བྱས་དང་། །ཟས་གོས་རྒྱུན་ཆད་མེད་ལ་ལོངས་སྤྱོད་དང་། །གཉིད་དུ་ལོག་ཀྱང་འཁྲུལ་སྣང་དྲག་པོ་ལྡང་། །ངག་གི་ཆགས་སྡང་བར་མའི་གཏམ་རྒྱུན་དང་། །ཡིད་ཀྱི་དྲན་འཕྲུལ་ཆེ་ཞིང་ཆེ་བ་ནས། །ཕྲ་ཞིང་ཕྲ་བར་དངོས་བརྒྱུད་བར་གསུམ་འཕྲོ། །ལམ་ཙམ་ངོས་ནི་ཟིན་ལ་མི་ཟིན་ལ། །སྡིག་པ་མི་དགེའི་ལས་ནི་གྲངས་མེད་ཅིག །ད་ལྟ་ཉིན་ཞག་རེ་ཡི་ཁོངས་སུ་ཡང་། །ཆུ་གཉེར་ཇི་བཞིན་བསགས་དང་གསོག་བཞིན་པ། །ཐོག་མ་མེད་ནས་སྐྱེ་འཆི་འཁོར་མོ་ཡུག །ད་ལྟའི་བར་དུ་སྐད་ཅིག་མ་ཁོམ་པ༑ །སྡིག་པའི་ཡོ་ལང་འཁྲུགས་ལ་ལོངས་སྤྱོད་ཅིང་། །དེ་དག་ལ་ཡང་བཤགས་པའི་གཉེན་པོ་མེད། །དགེ་བ་བསྒྲུབས་ཀྱང་ཤིན་ཏུ་སྟོབས་ཤུགས་ཆུང་། །དེ་བཞིན་སྡིག་ལྟུང་རིམ་པ་ཆེ་ཆེར་འཕེལ། །ཞག་ཟླ་ལོ་གྲངས་ཚེ་རབས་དུ་མར་སོང་། །ཉེས་ལྟུང་མཐའ་ཡས་ཡོད་པ་གཞིར་བཅས་མོད། །དེས་ན་གང་ཟག་རབ་འབྲིང་ཐ་མས་ཀྱང་། །ད་ལྟ་ཐབས་དང་ཤེས་རབ་མཆོག་ལྡན་ཅིང་། །རང་དབང་ཡོད་དུས་བཤགས་པས་སོར་ཆུད་རེ། །མཛད་པ་ཅི་ནས་གལ་ཆེའི་རང་བཞིན་དང་། །ཁྱད་པར་རང་རེའི་བླ་གྲྭ་ཆོས་བྱེད་རྣམས། །ཆོས་ཀྱི་སྒོ་རུ་ཡང་ཡང་ཞུགས་བྱས་ཀྱང་། །སོ་ཐར་སྡོམ་པ་བྱང་སེམས་བསླབ་བྱ་དང་། །གསང་སྔགས་དམ་ཚིག་ཕ་མཐའ་ཡས་པ་ལས། །ཚིག་དང་རྣམ་གྲངས་ཙམ་ཡང་མི་ཤེས་ན། །སྤང་བླང་རྒྱས་འབྲིང་བསྡུས་པའི་རྣམ་བཞག་ཀུན། །ཡང་དག་ཤེས་པར་འགྱུར་བ་ལྟ་ཅི་སྨོས། །དེ་ཕྱིར་ཉིན་རེའི་ཁོང་ནས་མི་དགེ་བཅུ། །ཁ་ཚང་རེ་སོགས་བཤགས་པའི་གཉེན་པོ་མེད། །བྱེ་བྲག་ས་དགེ་རྙིང་མ་དཀར་འབྲུག་སོགས། །བསྟན་པ་སྤྱི་དར་ཆེ་བའི་དབང་སོང་སྟེ། །བྱིས་པ་ནས་བཟུང་རྒན་རབ་ཕལ་ཆེར་ལ། །དབང་དང་སྡོམ་པ་སྐྱབས་འགྲོ་ཁྲིད་ལུང་སོགས། །ལན་གྲངས་ཐོབ་མཁས་ཕལ་ཆེ་མང་བ་དང་། །ཆོས་འབྲེལ་སྣ་རེ་མ་ཐོབ་མེད་ན་ཡང་། །དབང་སོགས་དམ་ཚིག་སྐྱབས་འགྲོ་བསླབ་བྱ་དང་། །ཁྲིད་ལུང་ཐོབ་པས་ཉམས་ལེན་བྱ་དགོས་སོགས། །སྙམ་པའི་བག་ཆགས་ཙམ་ཡང་མི་འཇོག་པར། །བསྐྱེད་རྫོགས་དམ་ཚིག་ལྡན་པ་ལྟ་ཅི་སྨོས། །སེམས་བསྐྱེད་བསྐྱེད་རྫོགས་དམ་ཚིག་མི་ལྡན་ཞིང་། །ཆོ་ག་ཆད་ལྷག་བསྔོ་སྨོན་ཙམ་མེད་ཅིང་། །བླ་མར་གཤིན་པོའི་རྣམ་ཤེས་ཁག་འཁྲི་དང་། །གྲྭ་པར་གསོན་རིམ་རྒྱུ་ནོར་ཁག་འཁྲི་དང་། །གྲྭ་པའི་དཀོར་རྫས་ཁྱིམ་པར་ཁག་འཁྲི་དང་། །གཞན་ཡང་བཟོ་སོགས་རིག་གནས་མཁས་རྣམས་དང་། །ལྷ་བཟོའི་ཐིག་ཚད་མི་ལྡན་ཆད་ལྷག་བྲི། །སྔགས་པ་རྣམས་ཀྱིས་རྩིས་གཏོ་མདོས་ལ་སོགས། །ཀུན་སློང་བསྐྱེད་རྫོགས་མི་ལྡན་ཉེས་པ་དང་། །སྨན་པས་སྨན་ལོག་འཆོལ་བར་གཏོང་བ་དང་། །དེ་དག་རྣམས་ཀྱིས་ཡོ་བྱད་དོན་དུ་ནི། །གླ་ཡོན་ཟས་ལ་རྔམ་པ་གཙོར་འཛིན་ནས། །ཕལ་པའི་ཉོ་ཚོང་བྱེད་པ་ལྟ་བུ་ལས། །ལྷག་བསམ་སེམས་བསྐྱེད་བཟང་པོར་ཅུང་མི་འབྱོངས། །མི་རུང་འདོད་ཞེན་རེ་འཁོན་ཆགས་སྡང་དང་། །ང་རྒྱལ་ཕྲག་དོག་མི་དགེའི་ལས་ངན་པ། །ཤུགས་ཀྱིས་གསོག་རྣམས་ཉེས་པའི་རང་བཞིན་ལས། །ཅུང་ཟད་མ་འདས་ཁྲིད་ཡིག་རྣམས་སུ་གསུངས། །ད་ལྟ་རང་གི་རྒྱུད་ཐོག་ལ་བལྟས་པས། །གསུང་ཟབ་གནད་དུ་ཁེལ་བ་ཤ་སྟག་བྱུང་། །དེ་ཕྱིར་སེར་སྐྱ་ཆོས་ལ་འདུན་པ་རྣམས། །ཐུགས་ཉམས་ཕབ་ནས་ནང་དུ་བློ་བསྐོར་ཏེ། །ཡང་ཡང་རང་ལ་དཔྱད་པ་ཤིན་ཏུ་གཅེས། །ཤེས་དང་མི་ཤེས་དབང་གིས་སྡིག་བྱས་རྣམས། །འགྱོད་བཤགས་དྲག་པོས་སོར་ཆུད་མཛད་པ་ལས། །ཉེས་ལྟུང་བསགས་པའི་སྡིག་སྒྲིབ་བག་ཆགས་ཀྱིས། །དྲི་མ་འཐུག་པོས་རང་རེ་དུས་རྣམ་ཀུན། །གཡོགས་ནས་སྒྲིབ་བསྡད་ཡོད་པ་གཞིར་བཅས་ཏེ། །ད་ལྟ་ཉིན་ཞག་གཅིག་ཏུའང་དགེ་སྡིག་གི། །ལས་ཤས་ཆེ་ཆུང་ཆོས་ལ་མོས་དཀའ་དང་། །འགྲུབ་དཀའ་བསམ་ན་ཤུགས་ཀྱིས་མངོན་ཡོང་ཞིང་། །དཔེར་ན་མེ་ལོང་བདག་ཏུ་མ་བཟུང་བའི། །ལན་གྱིས་བཙའ་གཡའ་སྐྱོན་ཆེར་བཟུང་བ་ལྟར། །དེ་སྔོན་དགེ་སྡིག་སྐྱོན་ཡོན་མ་བརྟགས་པས། །སྡིག་སྒྲིབ་གཡའ་ཡིས་རང་རིག་སྒྲིབ་པ་ཡིན། །ད་རེས་བདག་བཟུང་སྐྱོན་ཡོན་ཕྱོགས་ཤེས་ནས། །སྒྲིབ་སྦྱང་ཚོགས་གསོག་བྱི་དོར་བྱས་པའི་ངོགས། །དོན་དམ་གཟུགས་བརྙན་འཆར་ཐབས་བྱེད་ལས་ཀྱི། །བཙན་དུག་ནག་པོ་ཁོངས་སུ་སོང་བ་ལས། །བརྒྱ་འགྱུར་ལས་ཀྱང་སྡིག་བྱས་ཉེས་ཚབས་ལྕི། །དུག་གི་ལུས་འདི་ན་འཆི་བྱེད་པ་ལས། །ཚེ་རབས་ཀུན་ཏུ་སྡུག་བསྔལ་སྦྱོར་མི་ནུས། །ལས་ངན་མི་དགེས་ཚེ་འདིར་མི་བདེ་ཞིང་། །རྐྱེན་ངན་རྣམ་པ་སྣ་ཚོགས་འབྱུང་བ་དང་། །ཕྱི་མ་བར་དོའི་འཁྲུལ་སྣང་མཚམས་སྦྱོར་ནས། །ངན་སོང་གནས་སུ་སྐྱེ་ནས་སྡུག་བསྔལ་གྱིས། །བཟོད་དཀའ་ཤུགས་དྲག་རྒྱ་ཆེས་ཡུན་རིང་མནར། །མཐར་མེད་འཁོར་བའི་གནས་སུ་སྡུག་བསྔལ་མྱོང་། །ཤིན་ཏུ་ཕུང་ཚབས་ཆེ་བའི་རང་བཞིན་ཏེ། །མི་བཤགས་སྐྱོན་མེད་འཇོག་པར་ག་ལ་ནུས། །བཙན་དུག་ཁོང་དུ་སོང་ན་དེ་མ་ཐག །བཤལ་སྐྱུག་སྨན་བཏང་ཞི་བར་བྱེད་པ་ལྟར། །ལས་ངན་སྡིག་ལྟུང་ཉེས་བྱས་ཆེ་ཕྲ་ཀུན། །གནོང་འགྱོད་དྲག་པོས་སྡིག་སྒྲིབ་ལྷག་མེད་དུ། །སྦྱང་བའི་ཐབས་ལ་འབད་པ་གལ་ཏུ་ཆེ། །དེ་ཡང་རྒྱལ་བ་ཐབས་མཁས་ཐུགས་རྗེ་ལས། །གང་ཟག་རྣམས་ཀྱི་བློ་རིམ་དང་བསྟུན་ཏེ། །སྒྲིབ་སྦྱང་རྣམ་གྲངས་དཔག་མེད་གསུངས་པའི་ནང་། །མཆོག་གྱུར་གསང་ཆེན་རིགས་རྣམས་ཀུན་འདུས་པ། །བླ་མ་རྡོ་རྗེ་སེམས་པའི་སྒོམ་བཟླས་ཡིན། །དེ་ཕྱིར་ངེས་ཤེས་ཁྱད་འཕགས་ལྡན་པའི་ངང་། །ཉམས་ལེན་དངོས་གཞི་སྒོམ་དུས་འདི་ལྟར་བྱ། །གཉེན་པོ་སྟོབས་བཞི་ངེས་པར་ཚང་བའི་སྒོ། །བཤགས་པའི་ཐབས་ལ་ཅི་ནས་འབད་དགོས་པས། །ངག་འདོན་གང་ཡིན་རྣམས་དང་རིམ་པས་འབྲེལ། །མཆོག་གསུམ་རྟེན་ལ་བརྟེན་པས་སྡིག་པཟད། །དེ་ཕྱིར་རྟེན་གྱི་སྟོབས་ཞེས་བྱ་བ་ཡིན། །རང་གི་སྤྱི་བོར་པད་སྡོང་ཟླ་དཀྱིལ་སྟེང་། །ཧཱུྃ་དཀར་འོད་ཟེར་འབར་བ་གནས་གྱུར་ཏེ། །ངོ་བོ་རྩ་བའི་བླ་མ་ཡིན་པ་ལ། །རྣམ་པ་བཅོམ་ལྡན་རྡོ་རྗེ་སེམས་དཔའ་ནི། །ཉེས་སྐྱོན་མ་གོས་མེ་ལོང་ཡེ་ཤེས་སྐུ། །ཡིན་ཕྱིར་སྐུ་མདོག་དཀར་གསལ་དྲི་མ་མེད། །གངས་རིའི་ལྷུན་པོ་ཟླ་གཞོན་བྱེ་བ་ཡིས། །འཁྱུད་པ་ལྟ་བུ་གཟི་བརྗིད་རབ་འཕྲོ་བ། །ཆོས་སྐུ་ཐིག་ལེ་ཉག་གཅིག་རྟོགས་པའི་བརྡར། །ཞལ་གཅིག་ཐབས་ཤེས་མཚོན་བྱེད་ཕྱག་གཉིས་ཏེ། །ཕྱག་གཡས་རིག་སྟོང་རྡོ་རྗེ་ཐུགས་ཀར་འཛིན། །གཡོན་པས་སྣང་སྟོང་དྲིལ་བུ་དཀུ་ལ་བརྟེན། །ཞབས་གཉིས་རྡོར་སྐྱིལ་སྲིད་ཞིར་མི་གནས་བརྡ། །དབུ་སྐྲ་ཟུར་ཕུད་འགྲན་ཟླ་བྲལ་བའི་བརྡ། །གདུལ་བྱའི་ཉོན་མོངས་གདུང་བ་སེལ་བའི་བརྡར། །སྐུ་ལ་ལྷ་རྫས་དར་གྱི་ཆས་གོས་ལྔ། །མཐིང་ཁྲའི་ཟི་ལྡིར་དབུ་རྒྱབ་ནས་འཕྱང་བ། །སྙན་གོང་སྣ་ཚོགས་དར་དཔྱངས་ཞབས་ནས་འཁྱིལ། །གར་གོས་སྟོད་ཐུང་དཔུང་ཕྱེད་ཙམ་སླེབ་པ། །སྟོད་ལེ་སྔོན་པོར་ལྗང་གུའི་སྦབ་ལེ་ཅན། །ཚིག་གུ་དར་ཚོན་འཇའ་སྣམ་སྨད་དཀྲིས་དང་། །འདོད་ཡོན་མ་སྤངས་རྒྱན་དུ་རྫོགས་པ་དང་། །འགྲོ་བའི་རེ་བ་ཡོངས་སུ་བསྐང་བའི་བརྡར། །རིན་པོ་ཆེ་ཡི་རྒྱན་ཆས་བརྒྱད་པོ་ནི། །རིན་ཆེན་དབུ་རྒྱན་རྩེ་ཕྲན་འབར་བ་དང་། །སྙན་རྒྱན་རིན་ཆེན་ནོར་བུའི་ཕྲ་ཚོམ་བཀྲ། །རིན་ཆེན་སྣ་ཚོགས་རྒྱུད་པའི་མགུལ་རྒྱན་དང་། །དེ་མཚུངས་ནུ་སྟེང་སླེབ་པ་སེ་མོ་དོ། །དེ་བཞིན་ལྟེ་འོག་སླེབ་པའི་དོ་ཤལ་དང་། །དབུ་རྒྱན་ཕྱག་གདུབ་སོར་གདུབ་རྣམས་དང་ནི། །ཞབས་གདུབ་བཅས་ཏེ་བཟོ་དབྱིབས་ཕྱོགས་མཚུངས་དང་། །སྐ་རགས་རིན་ཆེན་ཕྲ་ཚོམ་དྲྭ་ཕྱེད་བཅས། །ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་བཅུ་གསུམ་སྟེ། །སྤྲོས་དང་མཛེས་ཆོས་ཐ་མལ་རྒྱན་མ་ཡིན། །ནང་གི་ཡོན་ཏན་ཕྱི་རོལ་མངོན་པ་སྟེ། །རྒྱན་ཆས་སྐུ་མདོག་ཞལ་ཕྱག་གར་སྟབས་སོགས། །བརྡ་དོན་རྟགས་ཀྱི་རྩིས་སུ་ཟིན་པར་བྱ། །ཐབས་དང་ཤེས་རབ་དབྱེ་བ་མེད་པའི་བརྡར། །ཡུམ་མཆོག་སྙེམ་མ་དཀར་མོ་གྲི་ཐོད་འཛིན། །ཞབས་གཉིས་པད་སྐྱིལ་ཡབ་ཀྱི་སྐེད་ནས་འཁྲིལ། །སྣང་ལ་རང་བཞིན་མ་གྲུབ་ཆུ་ཟླ་ལྟར། །ཡེ་ཤེས་སྐུ་ཡི་རང་བཞིན་མངོན་སུམ་གསལ། །རིགས་དང་དཀྱིལ་འཁོར་རྒྱ་མཚོའི་སྤྱི་དཔལ་ཆེ། །རྡོར་སེམས་མངོན་སུམ་བཞུགས་པའི་སྤྱན་སྔ་རུ། །མི་དགེའི་ལས་ལ་གནོང་འགྱོད་སྐྱེས་པས་ན། །རྣམ་པར་སུན་འབྱིན་སྟོབས་ཞེས་བྱ་བ་སྟེ། །རང་གཞན་སེམས་ཅན་ཚེ་རབས་ཐོག་མེད་ནས། །དེང་ཕན་དུག་གསུམ་ཀུན་སློང་གྱིས་བསྐྱེད་པའི། །སྤྱིར་ནི་སྒོ་གསུམ་མི་དགེའི་ལས་རྣམས་ཀུན། །ཤེས་དང་མི་ཤེས་སྒོ་ནས་བསགས་པ་དང་། །ཁྱད་པར་སྡོམ་གསུམ་འགལ་ཉམས་འདས་རལ་ཀུན། །ངོ་ཚ་འཇིགས་སྐྲག་གནོང་འགྱོད་དྲག་པོ་ཡིས། །སྙིང་ནས་ཡོངས་སུ་བཤགས་པར་བགྱིད་པ་ན། །མྱུར་བར་འདུག་ས་སྟན་ཐོག་འདི་ཉིད་དུ། །བྱང་ཞིང་དག་པའི་ཐུགས་རྗེ་མ་ཆུང་སྙམ། །གསོལ་བ་དྲག་པོ་ཡང་ཡང་གདབ་པར་བྱ། །དེང་ཕྱིན་མི་བགྱི་སྡོམ་པ་བླངས་བས་ན། །སྡོམ་པའི་སྟོབས་ཞེས་བྱ་བ་འདི་ལྟ་སྟེ། །སྔོན་ཆད་མི་ཤེས་བག་མེད་དབང་གྱུར་ནས། །ལས་ངན་ཚབ་ཆེན་དེ་དག་བསགས་པར་འདུག །ད་ནི་བླ་མའི་བཀའ་དྲིན་ལ་བརྟེན་ནས། །སྤང་བླང་གནད་རྣམས་ཚུལ་བཞིན་ཤེས་ནས་བཟུང་། །ཤེས་བཞིན་དུག་ནི་ཟ་བར་མི་ནུས་ཤིང་། །མཐོང་བཞིན་གཡང་སར་མི་མཆོང་དཔེ་ཇི་བཞིན། །སྲོག་ལ་ཐུག་ཀྱང་སྡིག་པ་ཆེ་ཕྲ་ཀུན། །དེང་ནས་མི་བྱེད་ཁྱེད་ཀྱི་སྤྱན་སྔ་རུ། །དམ་བཅའ་དྲག་པོ་བཟུང་སྟེ་བསྡོམས་པའོ། །སྡིག་བཤགས་དགེ་བའི་ལས་ལ་འབད་པས་ན། །གཉེན་པོ་ཀུན་སྤྱོད་སྟོབས་ཞེས་བྱ་བ་སྟེ། །རྡོར་སེམས་ཡབ་ཡུམ་གཉིས་མེད་ཐུགས་ཀ་རུ། །ཟླ་དཀྱིལ་སྲན་མ་ཕྱེད་པའི་ཚད་ཀྱི་སྟེང་། །ཧཱུྃ་ཡིག་དཀར་པོ་སྤུ་བྲིས་ལྟ་བུའི་མཐར། །ཡིག་བརྒྱའི་སྔགས་འཁོར་རིམ་པ་ཕྱེད་གསུམ་བཀོད། །མ་ཡེངས་གསོལ་འདེབས་ཚུལ་དུ་རྩེ་གཅིག་བཟླས། །དེ་ཡི་རྐྱེན་གྱིས་ཐུགས་སྲོག་སྔགས་ཕྲེང་ལས། །ངོ་བོ་ཐུགས་རྗེ་ཡེ་ཤེས་རང་བཞིན་ལ། །རྣམ་པ་བདུད་རྩི་དཀར་པོ་ཆར་ལྟར་བབས། །སྐུ་ཡི་དབྱིབས་བརྒྱུད་སྦྱོར་མཚམས་ནས་ལྷུང་སྟེ། །རང་གཞན་སེམས་ཅན་ཀུན་གྱི་སྤྱི་བོ་ནས། །ལུས་ནང་ཞུགས་པའི་སྟོབས་ཀྱིས་ངོ་བོ་ནི། །ནད་དང་རྣམ་པ་རྣག་དང་ཁྲག་ལ་སོགས། །ངོ་བོ་གདོན་དང་རྣམ་པ་སྡོམ་སྡིག་པ། །ཉ་སྦལ་སྲེ་མོང་ལ་སོགས་སེམས་ཅན་རིགས། །ངོ་བོ་སྡིག་སྒྲིབ་རྣམ་པ་དུད་སོལ་ཁུ། །རྡུལ་དང་རླངས་པ་སྤྲིན་དང་ཁུག་སྣའི་ཚོགས། །བདུད་རྩིའི་རྒྱུན་གྱིས་ཤག་གིས་དེད་བྱས་ཏེ། །འོག་སྒོ་རྐང་མཐིལ་བ་སྤུའི་བུ་ག་ནས། །ཐམས་ཅད་ཉིལ་གྱིས་ཕྱི་རོལ་ཐོན་པའི་མོད། །ས་ཡང་རིམ་དགུ་ཤག་གེར་གས་པའི་འོག །འཆི་བདག་གཤིན་རྗེ་གླང་དམར་རྣམ་པ་ཅན། །འཇིགས་རུང་ལས་མཁན་འཁོར་ཚོགས་དང་བཅས་པའི། །ཁ་ལག་བཟེད་པའི་ནང་དུ་སོང་བ་ཡིས། །རབ་ཏུ་ངོམས་ཤིང་ཚིམ་པར་གྱུར་པའི་མོད། །ཤ་འཁོན་བུ་ལོན་ལན་ཆགས་ཐམས་ཅད་བྱང་། །རང་གཞན་དུས་མིན་འཆི་བའི་འཇིགས་ལས་གྲོལ། །དེ་དག་བྱང་ཆུབ་སེམས་དང་ལྡན་གྱུར་ནས། །ཁ་ཕྱིར་བསྐོར་ཏེ་ས་འོག་ཏུ་སོང་ཞིང་། །ས་གཞི་གས་པ་སླར་ལ་འབྱར་བ་དེ། །དབང་ཆེན་གསེར་གྱི་རྡོ་རྗེར་གྱུར་པར་བསྒོམ། །རང་ལུས་རྩ་གསུམ་འཁོར་ལོ་བཞི་ལ་སོགས། །བདུད་རྩིའི་རྒྱུན་གྱིས་ཡོངས་སུ་གང་བ་ནི། །དཔེར་ན་ཤེལ་བུམ་འོ་མས་གང་བ་ལྟར། །ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་གྱུར། །དབང་བཞི་ཐོབ་ཅིང་སྒྲིབ་བཞི་རྣམ་པར་དག །དགའ་བ་བཞི་སྐྱེས་སྐུ་བཞིའི་གོ་འཕང་མཆོག །ཐོབ་པའི་རྒྱུར་གྱུར་བསམས་ནས་ངེས་ཤེས་བསྐྱེད། །དེ་ནས་མགོན་པོ་བདག་ནི་མི་ཤེས་སོགས། །འགྱོད་བཤགས་དྲག་པོས་བརྗོད་ཅིང་ཕུལ་བ་ན། །བུ་ཡིས་བྱ་བ་བཟང་པོ་བྱས་པ་ལ། །མ་ཡིས་ལྷག་པར་རྗེས་སུ་ཡི་རང་ལྟར། །རྡོར་སེམས་དགྱེས་པའི་སྤྱན་ཟུམ་འཛུམ་པའི་ངང་། །རིགས་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉམས་ཆགས་ཀུན། །དག་པ་ཡིན་ཞེས་གསུང་གིས་དབུགས་དབྱུང་ནས། །སྐུ་ནི་ཐིག་ལེའི་རྣམ་པ་འོད་དུ་ཞུ། །དེ་ཡང་རང་དང་དབྱེར་མེད་ཐིམ་རྐྱེན་གྱིས། །རང་ཉིད་རྡོ་རྗེ་སེམས་དཔར་གནས་གྱུར་པའི། །ཐུགས་ཀར་ཟླ་དཀྱིལ་ཡུངས་འབྲུ་ཙམ་གྱི་དབུས། །ཧཱུྃ་མཐིང་གྱེན་ལང་མདུན་དུ་ཨོཾ་དཀར་པོ། །གཡས་སུ་བཛྲ་སེར་པོ་རྒྱབ་ཏུ་ས། །དམར་པོ་གཡོན་དུ་ཏྭ་ཡིག་ལྗང་གུ་གསལ། །ངག་ནས་དེ་དག་ཅི་འགྲུབ་བཟླས་པ་ལས། །ཡིག་འབྲུ་ལྔ་ལས་འོད་ལྔའི་ཟེར་འཕྲོའི་རྩེར། །འདོད་ཡོན་ལ་སོགས་བསམ་གྱིས་མི་ཁྱབ་པས། །མཆོད་རྫས་དུ་མ་ཐོགས་ཏེ་ཕྱོགས་བཅུ་ཡི། །རྒྱལ་བ་སྲས་བཅས་མཉེས་པའི་མཆོད་པ་འབུལ། །རང་བཞིན་སེམས་ཅན་ཐམས་ཅད་ཚོགས་རྫོགས་ཤིང་། །སྒྲིབ་པ་བྱང་ནས་ཐུགས་རྗེ་བྱིན་རླབས་ཀྱི། །ངོ་བོ་འོད་ལྔའི་རྣམ་པ་ཆར་ལྟར་བབས། །རང་ལ་ཐིམ་པས་མཆོག་ཐུན་དངོས་གྲུབ་ཐོབ། །རང་དོན་ཆོས་སྐུའི་རྟེན་འབྲེལ་འགྲིགས་པར་བསྒོམ། །འོད་ཟེར་སྣ་ལྔ་མར་འཕྲོས་རིགས་དྲུག་གི། །སེམས་ཅན་ཀུན་ལ་ཕོག་པས་སྡུག་བསྔལ་དང་། །སྡིག་སྒྲིབ་བག་ཆགས་བཅས་པ་བྱང་ཞིང་དག །ཕྱི་སྣོད་ཐམས་ཅད་མངོན་དགའི་ཞིང་ཁམས་དང་། །ནང་བཅུད་སེམས་ཅན་རྡོར་སེམས་རིགས་ལྔ་དང་། །ཞལ་ནས་སྔགས་ཀྱང་འུར་དིར་འདོན་པར་བསམ། །གཞན་དོན་གཟུགས་སྐུའི་རྟེན་འབྲེལ་འགྲིགས་པ་ཡིན། །ཐུན་མཐར་གཞལ་ཡས་ཁང་ནི་ནང་བཅུད་ལ། །ནང་བཅུད་གཙོ་བོར་གཙོ་བོ་ཨོཾ་ལ་སོགས། །རིམ་པར་ཐུགས་སྲོག་ཧཱུྃ་ལ་ཧཱུྃ་ཞབས་ཀྱུ། །ཞབས་ཀྱུ་འ་ཆུང་འ་ཆུང་ཧ་ཁོག་ལ། །ཧ་ཁོག་མགོ་བོ་མགོ་བོ་ཟླ་ཚེས་ལ། །ཟླ་ཚེས་ཐིག་ལེ་ཐིག་ལེ་ནཱ་དའི་བར། །རིམ་པར་རྗེས་ཞིག་ཚུལ་དུ་ཐིམ་པའི་མཐར། །ནམ་མཁར་འཇའ་ཚོན་གནས་མེད་ཡལ་བ་བཞིན། །གང་ལའང་མི་དམིགས་སྤྲོས་བྲལ་གདོད་མའི་ངང་། །ཡུན་ནི་ཅི་རིང་མཉམ་པར་བཞག་པར་བྱ། །དེ་ནི་སྤྲོས་མེད་དོན་དམ་སྒོམ་བཟླས་ཏེ། །བཤགས་པའི་མཐར་ཐུག་ཡང་ཟབ་མཆོག་གྱུར་ཡིན། །དཔེར་ན་ལོ་སྟོང་མེ་ལོང་རྡུལ་ཆགས་པ། །རས་ཀྱིས་སྐད་ཅིག་གནས་མེད་ཕྱིས་པའམ། །ལོ་སྟོང་སོང་བའི་བྲག་ཕུག་སྨག་རུམ་ཀུན། །མར་མེ་གཅིག་གིས་སྐད་ཅིག་གསལ་བ་ལྟར། །ཆོས་ཉིད་བདེན་པ་མཐོང་བའི་རྣལ་འབྱོར་པས། །གྲངས་མེད་སྡིག་བྱས་སྐད་ཅིག་བྱང་བར་འགྱུར། །དེ་ཕྱིར་ངེས་གསང་ལམ་ལ་ཉམས་ལེན་མཛོད། །གཞན་ཡང་སྒོམ་བཟླས་འདི་ལ་བརྩོན་བྱས་པའི། །སྟོབས་ཀྱིས་ཉེས་བྱས་ཕྲ་མོ་རྩད་ནས་འབྱིན། །འབྲིང་རྣམས་ཁ་བྲི་མྱུར་དུ་དག་པར་བྱེད། །ཆེན་པོ་མི་འཕེལ་མགོ་གནོན་རིམ་བཞིན་དུ། །ལྷག་མ་མེད་པ་བྱང་བར་འགྱུར་བ་སྟེ། །དཔེར་ན་ཉི་མས་ཆབ་རོམ་བཞུ་བ་ལྟར། །སྡིག་པ་བྱ་རུ་བཏུབ་ན་བཤགས་སུ་བཏུབ། །སྡིག་ལྟུང་བྱས་ན་ཡོན་ཏན་མེད་ན་ཡང་། །འགྱོད་བཤགས་བྱས་ནས་དག་པ་ཡོན་ཏན་གསུངས། །དེ་བཞིན་ཆོས་རྣམས་ཐམས་ཅད་འདུན་པ་ཡིན། །དེ་ལྟར་སྒོམ་པའི་ཕན་ཡོན་ལོ་རྒྱུས་དང་། །ལུང་འདྲེན་མཐའ་ཡས་ལ་སོགས་གསུངས་པ་ལྟར། །ངེས་ཤེས་ལྷག་པར་བསྐྱེད་པ་གལ་དུ་ཆེ། །སླར་ཡང་སྣོད་བཅུད་རྡོར་སེམས་ལམ་གྱིས་གསལ། །དགེ་བ་འདི་སོགས་བསྔོ་སྨོན་རྒྱས་འདེབས་བྱ། །དེ་ལྟར་དམིགས་པ་ཐམས་ཅད་དྲན་རྫོགས་སུ། །ཤེས་པ་གཅིག་ཐོག་འཆར་བར་དཀའ་ན་ཡང་། །རེས་འགའ་རྡོར་སེམས་ཡབ་ཡུམ་ཞལ་ཕྱག་དང་། །རྒྱན་ཆས་བཅས་པ་རིམ་གྱིས་གསལ་ནས་བཟླ། །རེས་འགའ་གནོང་འགྱོད་དྲག་པོ་ཡང་ཡང་བསྐྱེད། །སྔགས་འཁོར་བསྐོར་ཞིང་བདུད་རྩི་འབེབ་སྦྱང་བྱ། །རེས་འགའ་རང་ཉིད་རྡོར་སེམས་ཡབ་ཡུམ་གསལ། །དོན་གཉིས་བྱེད་པའི་དམིགས་པ་སྤྲོ་བསྡུ་ལས། །རྩེ་གཅིག་སེམས་གཏད་བཟླ་བར་བྱེད་པ་སོགས། །རང་ཡིད་རང་ལ་ཆེས་པའི་དད་བརྩོན་གྱིས། །སྡིག་པ་དག་པའི་ངེས་ཤེས་མ་སྐྱེས་ན། །ཁ་ཡེངས་མིག་ཡེངས་བཟླས་བརྗོད་འུར་འུར་གྱིས། །སྡིག་སྒྲིབ་བྱང་ལ་ཕྱོགས་ཙམ་མི་ཉེ་སྟེ། །དེས་ན་བླ་མ་ལྷ་ཡིས་གནང་བ་དང་། །རི་རྩེར་ཕྱིན་དང་ནམ་མཁར་འཕུར་བ་དང་། །ཉི་ཟླ་ཤར་དང་མེ་ཏོག་ཚལ་དུ་ཕྱིན། །ཁྲུས་བྱས་གོས་དཀར་གྱོན་དང་མཆོད་རྟེན་རྙེད། །ལུས་ནས་མི་གཙང་འབུ་སྲིན་རྡོལ་བ་སོགས། །དངོས་ཉམས་རྨི་ལམ་རབ་འབྲིང་ཐ་གསུམ་དང་། །སྡིག་སྒྲིབ་དག་པའི་རྟགས་མཚན་བཟང་པོ་འགའ། །མངོན་སུམ་གསལ་བར་མ་གྱུར་བར་དུ་ཡང་། །ཤུགས་དྲག་རྒྱུན་རིང་འབད་པ་གལ་དུ་ཆེ། །ད་དུང་ཅིའི་ཕྱིར་སྙམ་ནས་ཐེ་ཚོམ་ན། །ཚེ་འདིའི་རྒྱལ་པོ་བཙན་པོ་ཉེ་འབྲེལ་དང་། །ཁྱིམ་ཚེས་ཡུལ་མིའི་ངོ་སྲུང་བྱ་ཕྱིར་དང་། །ཡང་ན་ཁ་དྲག་གཏམ་སྙན་ཕྱིར་དུ་ཡང་། །ཡང་ན་དགྲ་འདུལ་གཉེན་སྐྱོང་ཟས་གོས་ཀྱི། །ཆེད་དུ་སྡིག་པ་ཆེ་ཕྲ་ཅི་བསགས་ཀྱང་། །རང་ཉིད་འཆི་དུས་བཞག་ས་བསྒོ་ས་མེད། །གཞན་གྱིས་མི་ཁུར་དངོས་བརྒྱུད་བར་གསུམ་ནས། །བསགས་པའི་སྡིག་པ་ཆེ་ཕྲ་མ་ལུས་ཀུན། །ཚེགས་མེད་རང་གི་ཐོག་ཏུ་ངེས་པར་སྨིན། །ལས་ངན་ངན་སོང་སྡུག་བསྔལ་བཟོད་དཀའ་བ། །བར་མེད་བསྐལ་ཆེན་དུ་མར་མྱོང་ཞིང་མནར། །ཤིན་ཏུ་ཉམ་ཐག་འོ་དོད་འབོད་པའི་དུས། །སྔར་གྱི་རྒྱལ་བློན་ཉེ་འབྲེལ་ལ་སོགས་པའི། །ལྟ་རྟོག་ལྟ་ཅི་བསམ་པའི་ཡུལ་ནའང་མེད། །རྒྱུ་ནོར་སྙན་གྲགས་ཐོབ་ཐང་ལ་སོགས་ཀྱིས། །ཕན་པ་ཕར་ཞོག་གནོད་གཞི་འབའ་ཞིག་འགྱུར། །ཐ་ནའང་མཐོང་ཐོས་རེག་པའི་ཆར་མི་འོང་། །དེ་དག་རྣམས་ཀྱིས་ངན་གཡོ་ཆེན་པོ་ཡིས། །རང་ཉིད་ཆེད་དུ་བསླུས་པ་ཡིན་བཞིན་དུ། །སྡིག་པ་ཆེ་ཕྲ་གང་བྱས་ཐམས་ཅད་ཀྱི། །རྣམ་སྨིན་འབྲས་བུའི་ཁུར་ཆེན་རང་ཉིད་ཀྱིས། །ཁུར་ནས་འཁོར་བའི་གནས་ནས་ཡུན་རིང་དུ། །མི་ཐར་སྡུག་བསྔལ་མྱོང་བའི་སྡིག་ལྟུང་དག །ལྷག་ལུས་མེད་པར་ཡོངས་སུ་སྦྱང་དགོས་པས། །དེས་ན་ད་ལྟ་ཐབས་ཤེས་གཉིས་ལྡན་དུས། །དང་པོ་སྡིག་པས་མི་གོས་ཐབས་ལ་འབད། །དཔེར་ན་རྫི་བོས་ཕྱུགས་ལུག་འཚོ་བ་ལྟར། །དགེ་སྡིག་འཆོལ་ཉོག་སྤྱོད་ཀྱིན་འདུག་མིན་ལ། །དྲན་ཤེས་བག་ཡོད་ལྡན་པས་བརྟག་དཔྱད་བྱ། །གལ་ཏེ་གློ་བུར་མི་དགེའི་ལས་བསགས་ཏེ། །ལེ་ལོས་ལྟུང་བ་དེ་དང་འགྲོགས་གྱུར་ན། །དུག་མདའ་ངན་པས་ཟིན་ལྟར་རྒྱུད་འབྱམས་ནས། །ཉེས་ལྟུང་སྣ་རེས་དམྱལ་བར་བསྐྱུར་ནུས་པས། །ཉེས་ལྟུང་དེ་དང་ཉིན་གཅིག་ཞག་གཅིག་དང་། །སྐད་ཅིག་ཐང་ཅིག་ཙམ་ཡང་མི་འགྲོགས་པར། །བཤགས་དགོས་དཔེར་ན་ཟས་དུག་ཁོག་སོང་ཚེ། །ལ་འུར་སྨན་པ་བོས་ཏེ་བཤལ་བཏང་བཞིན། །སྡིག་པ་བྱས་འཕྲལ་གནོང་འགྱོད་དྲག་པོ་ཡིས། །ཡོངས་སུ་བཤགས་ནས་བྱང་བར་བྱ་དགོས་ཤིང་། །མ་ཟད་ཕྱིན་ཆད་སྡིག་པ་མི་དགེའི་རིགས། །གཏན་ནས་མི་བྱ་སྙམ་པས་འཕྲོ་བཅད་བྱ། །དཔེར་ན་སྔ་མོ་དུག་གིས་མནར་བའི་མིས། །ཕྱིས་སུ་དུག་གི་སྒྲ་ཙམ་ཐོས་པས་ཀྱང་། །འཇིགས་ནས་ཟས་སྤྱོད་ཀུན་ལ་འཛེམ་ལྟར་དགོས། །དེ་མིན་སྐུད་པ་ཡར་ཕྱིར་བསྒྲིམ་འདྲ་ཡིས། །སྡིག་པ་མི་འདག་དགེ་བ་མི་འགྲུབ་པས། །བླང་དོར་གནད་ལ་མི་བརྗེད་དྲན་པས་བརྟེན། །ཤེས་བཞིན་བྱ་ར་བྱེད་ཅིང་བག་ཡོད་ཀྱིས། །ཚུལ་བཞིན་སྡོམ་པའི་ངང་ལ་གནས་པར་དགོས། །གང་ཞིག་དམ་ཆོས་ཡང་དག་སྒྲུབ་འདོད་ཀྱིས། །ཐོག་མཐའ་བར་གསུམ་སྡིག་པ་བྱང་བའི་ཐབས། །དེ་ལྟར་ཁོ་ན་ཐུགས་ལ་བཞག་པར་མཛོད།།  ༈  །།དེ་ལྟར་འགལ་རྐྱེན་སྡིག་སྒྲིབ་སྦྱངས་བྱས་ནས། །ཚོགས་གཉིས་རྫོགས་ནས་ཆོས་སྐུ་མངོན་འགྱུར་ཕྱིར། །བསོད་ནམས་ཚོགས་བསགས་མཎྜལ་རིམ་པ་ནི། །དེ་ཡང་མཚན་དོན་འགྲེལ་ཙམ་ཞིག་འགོད་ན། །འབུལ་ཡུལ་འབུལ་བྱ་འབུལ་བྱེད་ཕུན་སུམ་ཚོགས། །བསོད་ནམས་བསགས་པའི་རིམ་པ་གཅིག་ཆར་རྫོགས། །དེ་ལྟར་ལག་ཏུ་ལེན་པར་བྱེད་པའི་ཐབས། །རྒྱ་སྐད་མཎྜལ་བོད་སྐད་དཀྱིལ་འཁོར་ཞེས། །དེ་ལྟར་ལྷ་ཚོགས་རྣམས་ལ་འབུལ་བར་བྱ། །ཚོགས་ཆེན་རྫོགས་པར་བྱེད་པའི་ཐབས་མཎྜལ། །འབུལ་བར་བྱེད་པས་དེ་སྐད་ཅེས་པ་ཡིན། །ཕུལ་བའི་དགོས་ཆེད་སོགས་ཀྱི་དོན་བཤད་པ། །ད་ལྟ་འབྱོར་བ་ཡོད་མེད་ལ་དཔྱད་ན། །ཕྱི་ཡུལ་ཁང་ཞིང་ཆུ་ཤིང་ལོ་འབྲས་དང་། །སྤང་ལྗོངས་བྲག་རི་ཡིད་འོང་ལ་སོགས་པ། །ནང་བཅུད་སྐྱེ་འགྲོ་འཁོར་འབངས་ཕྱུགས་རིགས་དང་། །རིན་ཆེན་ནོར་རྫས་ཟས་གོས་ཕུན་ཚོགས་དང་། །གསང་བ་རང་ལུས་དབང་པོ་ཚང་བ་དང་། །སེམས་གསལ་ཤེས་རིག་རྣམ་པར་བཀྲ་ལ་སོགས། །སྔོན་བསགས་རྣམ་དཀར་འབྲས་བུ་སྨིན་པ་ལས། །སུས་ཀྱང་མ་བྱས་གང་ནས་ཀྱང་མ་བྱུང་། །དེ་བཞིན་དབུལ་པོ་ཉམ་ཐག་རྣམས་ལ་ཡང་། །བདག་ཏུ་འཛིན་པའི་ས་དང་ཁང་ཁྱིམ་དང་། །ཟས་གོས་ལ་སོགས་ཅུང་ཟད་ཙམ་མེད་ཐོག །དབང་པོ་མ་ཚང་ཤེས་པ་ལྐུགས་པ་དང་། །འཁྱག་ལྟོགས་སྐོམ་དང་ནད་གདོན་རྐྱེན་ངན་སོགས། །རྣམ་པ་དུ་མས་ཤིན་ཏུ་ཉམ་ཐག་མནར། །ཕན་ཐབས་བྱས་ཀྱང་ལོག་པར་འགྲོ་བ་སྟེ། །དེ་དག་སྔོན་གྱི་བསོད་ནམས་མ་བསགས་པའི། །ལས་ངན་འབྲས་བུ་ལུས་ངན་བླངས་པ་ལ། །སུས་ཀྱང་མ་བྱས་བྱེད་པ་པོ་ཡང་མེད། །དེ་བཞིན་སྔོན་གྱི་བསྐལ་བཟང་རྫོགས་ལྡན་དུས། །དཔོན་ལ་འཁོར་བསྒྱུར་ཁྲིམས་ལ་དགེ་བཅུ་དང་། །དེ་ཕྱིར་ལྷ་མི་འབྱོར་ལྡན་མང་པོས་ཁེངས། །དེང་སང་སྡིག་དཔོན་མི་དགེ་བཅུ་དར་བས། །ངན་སོང་གསུམ་དང་དབུལ་ཕོངས་སྐྱེ་འགྲོ་མང་། །དེ་ཕྱིར་བསོད་ནམས་ཚོགས་གསོག་རྒྱ་ཆེན་པོ། །ལྟ་ཅི་ཅུང་ཟད་གསོག་མཁན་མེད་དབང་གིས། །ཐམས་ཅད་དབུལ་པོའི་རང་བཞིན་གྱུར་པ་དང་། །འགྱུར་དང་འགྱུར་བར་ཉེ་བར་ཤ་སྟག་པ། །འདི་ལ་དཔྱད་དང་མངོན་སུམ་ཚད་མས་གྲུབ། །ད་ལྟ་རང་རེ་བླ་མ་ཆོས་པ་རྣམས། །བསོད་ནམས་ཚོགས་ཆེན་བསགས་མཁན་གཙོར་ཡིན་རུང་། །དེས་ཀྱང་དངོས་སུ་འབྱོར་བ་རྒྱ་ཆུང་ཞིང་། །ཁྱད་པར་སེམས་བསྐྱེད་བསྐྱེད་རྫོགས་ལྡན་པ་དཀོན། །དགོས་མེད་ཚེ་འདིའི་འཇིག་རྟེན་ཆོས་བརྒྱད་ཀྱི། །དབང་དུ་སོང་ན་བསོད་ནམས་ཚོགས་ཡང་དག །གསོག་མཁན་ཡོན་མཆོད་གཉིས་ཆར་དཀོན་པ་སྟེ། །ཅིའི་ཕྱིར་ཞེ་ན་ཞིང་བསམ་དངོས་པོ་གསུམ། །མ་དག་པས་ནི་ཚོགས་རྫོགས་མི་འགྱུར་གསུངས། །དེ་ཡི་མཐུ་ལས་ད་ལྟ་ཕལ་ཆེར་ལ། །མཆོད་སྦྱིན་གཏོང་རྒྱུ་ལ་སོགས་ཆེར་མེད་ཐོག །རང་གི་ཟས་གོས་ལོངས་སྤྱོད་ཙམ་ལ་ཡང་། །དབུལ་ཞིང་བཀྲེས་ནས་དབྱར་ལྡོམ་སྟོན་ལྡོམ་བྱེད། །ཚོང་དང་ཁེ་སྤོག་སྡིག་ལས་ཀྱིས་བྲེལ་ནས། །དགེ་བ་སྒྲུབ་པའི་ལོང་ཁོམ་མི་ཡོང་ཞིང་། །རེ་དོགས་རྩོལ་སྒྲུབ་རྣམ་གཡེང་ཁོ་ན་ཡི། །དབང་དུ་མི་ཚེ་ཧྲིལ་པོར་ཟད་པ་མང་། །རྣམ་དག་ཚོགས་བསགས་མེད་པའི་ལེ་ལན་གྱིས། །འབྲས་བུ་བདེ་སྐྱིད་མ་འབྱོར་དབུལ་བ་ཡིན། །དེས་ན་འབད་རྩོལ་རི་ཙམ་བྱེད་པ་བས། །བསོད་ནམས་མེ་སྟག་ཙམ་ཞིག་གསོག་པ་མཆོག །བཀའ་དང་ལུང་དང་རིགས་པ་ཚད་མ་ཡིས། །མཐོང་ཆོས་མྱོང་གྱུར་མངོན་སུམ་གྲུབ་པས་ན། །བསོད་ནམས་ཚོགས་ཆེན་བསགས་ལ་འབད་གལ་ཆེ། །དེ་ཡི་མཐུ་ལས་དགེ་བའི་བག་ཆགས་སད། །དངོས་གཞི་ཉམས་མྱོང་འཕྲལ་དུ་སྐྱེ་སླ་ཞིང་། །གེགས་དང་གོལ་ས་རྣམས་ཀྱང་ཆུང་བ་དང་། །ཁྱད་པར་རང་རེའི་བསྒྲུབ་བྱའི་མཐར་ཐུག་པ། །རང་དོན་ཆོས་སྐུ་རྟོགས་པ་ཕུན་སུམ་ཚོགས། །གཞན་དོན་གཟུགས་སྐུ་ཐུགས་རྗེ་ཕུན་ཚོགས་ཏེ། །དོན་གཉིས་ལྷུན་གྲུབ་སྐུ་གཉིས་ཐོབ་པ་སོགས། །དགོས་ཆེད་དུ་མར་ཡོད་པས་ཚོགས་གསོག་མཛོད། །རྒྱལ་བ་ཐབས་མཁས་ཐུགས་རྗེ་ལྡན་པ་ཡིས། །ལུས་ངག་ཡིད་དང་ཕྱི་ནང་གསང་བ་དང་། །འབྱོར་ཚོགས་དུ་མའི་སྒོ་ནས་ཚོགས་བསགས་པའི། །རིམ་པ་མཐའ་ཡས་གསུངས་པའི་ནང་ཚན་ནས། །མཆོག་ཏུ་གྱུར་པ་མཎྜལ་འདི་ཉིད་ཡིན། །དངོས་པོའི་རྒྱུ་ནོར་ལོངས་སྤྱོད་འབྱོར་བ་ལ། །སྡིག་ཚོགས་སེར་སྣའི་དྲི་མས་མ་གོས་པ། །ཅི་ལྟར་བྱས་ཀྱང་ཕལ་ཆེར་འབྱུང་བ་དཀའ། །དེས་ན་གླིང་བཞི་གླིང་ཕྲན་སྟོང་གསུམ་གྱི། །འཇིག་རྟེན་རབ་འབྱམས་མཐའ་དང་མུ་མེད་དང་། །བདག་གི་ལུས་དང་ལོངས་སྤྱོད་དང་བཅས་པ། །སྒོ་གསུམ་འདུན་སྤྱོད་ཆིག་དྲིལ་འབུལ་བ་ནི། །སེར་སྣའི་དྲི་བྲལ་སྡིག་གིས་མ་གོས་ཤིང་། །བྱ་སླ་ཆོད་ཆེ་ཚོགས་ཆེན་རྫོགས་པ་སོགས། །གསང་སྔགས་ཐབས་ཀྱི་ཁྱད་ཆོས་དུ་མས་འཕགས། །དེ་ཕྱིར་ངེས་ཤེས་ལྷག་ཏུ་བསྐྱེད་བྱས་ནས། །དེ་ལྟར་ལག་ལེན་དངོས་སུ་བཏབ་པའི་སྐབས། །མཎྜལ་རྒྱུ་ནི་ཡང་རབ་རིན་ཆེན་རིགས། །འབྲིང་ནི་མཁར་བ་ལི་ཟངས་ལ་སོགས་པ། །བཀོད་རྒྱུའི་ཚོམ་བུ་རབ་ནི་རིན་ཆེན་རིགས། །འབྲིང་ནི་སྨན་སྣ་འབྲུ་རིགས་ཅི་འབྱོར་རྣམས། །རྡོ་ཐལ་ཕུབ་མ་བྱ་བྲུན་མེད་པར་བསལ། །ཆུས་བཀྲུ་དྲི་བཟང་གིས་ནི་ཁ་དོག་བསྒྱུར། །བ་བྱུང་ཆུ་དང་བཅས་ཏེ་ཚོགས་པར་བྱ། །གནས་ཁང་བྱི་དོར་བྱས་ནས་ཆག་ཆག་གདབ། །རང་གི་མདུན་ངོགས་ཅོག་སྟེགས་མཐོ་བའི་ཁར། །སྟོན་པའི་སྐུ་བརྙན་ལ་སོགས་སྐུ་རྟེན་རིགས། །སྡུད་པ་གསང་སྙིང་ལ་སོགས་གསུང་རྟེན་དང་། །བཀའ་གདམས་མཆོད་རྟེན་ལ་སོགས་ཐུགས་རྟེན་དང་། །སྒྲུབ་པའི་མཎྜལ་ཚོམ་བུ་ལྔ་བཀོད་ཏེ། །མཆོད་པ་བྱེ་བྲག་བཟང་ལ་སྤུས་གཙང་བས། །མཐའ་བསྐོར་མཆོད་འབུལ་དམིགས་པའི་རྟེན་དུ་བཞག །ཨོ་རྒྱན་རྡོར་འཆང་ལ་སོགས་རྟེན་བརྟེན་པ། །ཚོགས་ཞིང་སྤྱི་ལྟར་གསལ་བའི་སྤྱན་སྔར་རུ། །མཆོད་པའི་མཎྜལ་མེ་ཏོག་ཅུང་ཟད་བཅས། །གཡོན་གྱིས་བཏེགས་ཏེ་སྒྲིབ་པ་སྦྱང་ཕྱིར་དུ། །ངག་ནས་ཡིག་བརྒྱ་ཚར་གསུམ་བཟླ་བའི་ཚེ། །གཡས་ཀྱི་མཁྲིག་མས་ཕྱི་ནང་གསུམ་རེར་ཕྱིས། །ཡན་ལག་བདུན་པ་བརྗོད་ཅིང་ཚིག་རྗེས་སུ། །དོན་རྣམས་ལེགས་པར་དྲན་པའི་ངང་ཉིད་ནས། །ས་སྐྱ་འགྲོ་མགོན་འཕགས་པས་མཛད་པའི་ལུགས། །མཎྜལ་སོ་བདུན་མ་ཞེས་ཡོངས་གྲགས་ཡིན། །དེ་ལྟར་ཨོཾ་ནས་སྔགས་རྣམས་བརྗོད་པ་ཡིས། །བྱིན་གྱིས་རླབས་ནས་རྡོ་རྗེའི་ས་གཞིར་གྱུར། །བྱང་ཆུབ་སེམས་རྒྱུན་བརླན་ཕྱིར་བ་བྱུང་དང་། །དྲི་བཟང་གིས་ནི་ཆག་ཆག་ལེགས་པར་གདབ། །དམིགས་པའི་གསོལ་འདེབས་འོག་གཞི་འབྱུང་ལྔ་ནི། །རིམ་བརྩེགས་ནམ་མཁའ་སྔོན་པོ་དབྱིབས་གྲུ་གསུམ། །དེ་སྟེང་རླུང་གི་རྡོ་རྗེ་རྒྱ་གྲམ་ལྗང་། །དེ་སྟེང་ཆུ་དཀྱིལ་དཀར་པོ་ཟླུམ་པོ་འཁྱིལ། །ཟུར་བཞིའི་འོག་ནས་ཅུང་ཟད་རླུང་གཡོ་བས། །རྒྱ་མཚོའི་སྟེང་ཡང་སྤྲིས་མ་ལྟ་བུ་ཆགས། །མཐར་ནི་དབང་ཆེན་གསེར་གྱི་ས་གཞིར་གྱུར། །ཁོད་སྙོམས་རྒྱ་ཁྱོན་རབ་ཏུ་ཡོངས་སུ་མཛེས། །བར་བར་ལྟ་ན་སྡུག་པའི་སྤོས་ཆུས་གང་། །མེ་ཏོག་སྣ་ཚོགས་བཅལ་དུ་བཀྲམ་པར་དམིགས། །གཡས་ཀྱི་མཐེབ་སྲིན་མེ་ཏོག་ཚོམ་བུ་བཟུང་། །ཨོཾ་སོགས་སྔགས་རྣམས་བརྗོད་པས་སྣོད་བྱིན་རླབས། །གླིང་བཞིའི་ཕྱི་རིམ་ལྕགས་རི་ནག་པོས་བསྐོར། །གཡས་བསྐོར་དབུས་བཞག་ཧཱུྃ་ཞེས་བགེགས་བསལ་ཞིང་། །དངོས་སུ་ལྕགས་རི་ཡོད་ན་ཕྱི་ལ་འགོད། །དེ་སྟེང་ཚོམ་བུ་ཆེ་བ་ཞིག་བཀོད་དེ། །གསེར་གྱི་ས་གཞི་རྒྱ་མཚོ་ཆེན་པོའི་དབུས། །རི་ཡི་རྒྱལ་པོ་གྲུ་བཞི་བང་རིམ་བཞི། །འོག་མ་དང་པོ་གཡུ་ཡི་རྡོ་རྗེ་ཅན། །གཉིས་པ་རྣམ་དཔུང་གསུམ་པ་ཤེལ་འོད་འབར། །བཞི་པ་འཁོར་ལོ་རྣམ་བརྩེགས་ཞེས་བྱ་སྟེ། །ཤར་ཕྱོགས་ཤེལ་ལས་གྲུབ་པའི་དཀར་པོ་དང་། །ལྷོ་ཕྱོགས་བཻཌཱུར་ལས་གྲུབ་སྔོན་པོ་དང་། །ནུབ་ཕྱོགས་པད་རག་ལས་གྲུབ་དམར་པོ་དང་། །བྱང་ཕྱོགས་གསེར་ལས་གྲུབ་པའི་སེར་པོ་སྟེ། །ཤིན་ཏུ་མཛེས་ཤིང་རབ་ཏུ་བརྗིད་ཆགས་པ། །རི་དབང་ལྷུན་པོ་ཞེས་པ་དེ་ཡི་ཕྱིར། །མཐོ་ཚད་དཔག་ཚད་བརྒྱད་ཁྲི་ཡོད་པར་གསུང་། །དེ་ཡི་མཐའ་བསྐོར་གསེར་གྱི་རི་བདུན་ཏེ། །གཉའ་ཤིང་འཛིན་ཅེས་གཉའ་ཤིང་བཞིན་དུ་དྲང་། །བཤོལ་མདའ་འཛིན་ཞེས་བཤོལ་མདའ་ལྟར་དྲང་བ༑ །སེང་ལྡིང་ཅན་ཞེས་རྩེ་མོ་ནགས་ཚལ་ཡོད། །ལྟ་ན་སྡུག་ཅེས་རྩེ་མོ་མཛེས་པ་དང་། །ལྟ་རྣ་ཅན་ཞེས་བྲག་རི་རྟ་རྣ་འདྲ། །རྣམ་འདུད་ཅེས་པ་རྩེ་མོ་ནང་དུ་འདུད། །མུ་ཁྱུད་འཛིན་ཞེས་ཀུན་གྱི་མཐའ་བསྐོར་ཡོད། །དེ་བཞིན་རོལ་མཚོ་ཡན་ལག་བརྒྱད་ལྡན་ནི། །བསིལ་དྲོད་སྙོམས་ཞིང་དྲི་བཟང་རེག་བྱ་འཇམ། །རྙོག་པ་མེད་པ་རབ་ཏུ་དྭངས་པ་དང་། །དྲི་མ་མེད་པ་མགྲིན་པར་འཇུག་བདེ་ཞིང་། །ལྟོ་བར་འཇུ་བདེ་རོལ་མཚོ་བདུན་གྱིས་བསྐོར། །རི་རབ་སྟེང་ཕྱོགས་སུམ་རྩེན་ལྷའི་གྲོང་ཁྱེར། །དབུས་སུ་བརྒྱ་བྱིན་ཕོ་བྲང་རྣམ་རྒྱལ་ཁང་། །མཐའ་བསྐོར་རྣམས་སུ་སྐྱེད་མོའི་ཚལ་ཆེན་དང་། །དཔག་བསམ་ཤིང་དང་ཁྲུས་ཀྱི་རྫིང་བུ་དང་། །རྡོ་ཡི་ཨར་མོ་ནིག་དང་ནོར་བུའི་ཕུང་། །མེ་ཏོག་རྙིང་པ་དོར་ཅིང་གསར་པ་བཀྲམ། །ལམ་སྲང་གསེར་ཕྱེ་ཙནྡན་ཆུ་ཆག་གདབ། །ལ་སོགས་འབྱོར་ཚོགས་བསམ་མི་ཁྱབ་པ་དང་། །དེ་སྟེང་དགའ་ལྡན་འཕྲུལ་དགའ་ལ་སོགས་པ། །འདོད་གཟུགས་གཟུགས་མེད་ཁམས་སོགས་རིམ་པས་ཆགས། །བདེ་སྐྱིད་ལོངས་སྤྱོད་ཚེ་ཚད་སོ་སོ་སྟེ། །དགེ་བའི་སྟོབས་ལས་གྲུབ་པ་དཔག་མེད་གསལ། །རི་རབ་བང་རིམ་གསེར་རི་བདུན་སོགས་ལ། །རྒྱལ་ཆེན་རིགས་བཞིའི་ལྷ་དང་ལྷ་མིན་གནས། །རོལ་མཚོར་ཀླུ་རིགས་བཞི་སོགས་དུད་འགྲོ་གནས། །ཤར་རི་རང་ཕྱོགས་རྩིས་པའི་ཚོམ་བུ་རེ། །རིམ་གྱིས་གནས་ལ་མཚམས་མེད་འགོད་བྱ་སྟེ། །འཛམ་གླིང་མི་ལས་བདུན་འགྱུར་དཔངས་མཐོ་བས། །ལུས་འཕགས་གླིང་ཞེས་བྱ་བ་ཤར་ན་གནས། །ཆུ་ཤེལ་ལས་གྲུབ་དབྱིབས་ནི་ཟླ་གམ་མོ། །འཛམ་བུ་བྲྀཀྵའི་ཤིང་འབྲས་མཚོར་ལྷུང་བས། །འཛམ་ཞེས་སྒྲ་གྲགས་པས་ན་འཛམ་གླིང་ལྷོར། །བཻཌཱུར་ལས་གྲུབ་དབྱིབས་ནི་སོག་ཁ་འོ། །མི་རྣམས་འདོད་འཇོའི་བ་ལ་ལོངས་སྤྱོད་པས། །བ་གླང་སྤྱོད་ཅེས་བྱ་བ་ནུབ་ན་གནས། །པད་རག་ལས་གྲུབ་དབྱིབས་ནི་ཟླུམ་པོ་འོ། །མི་རྣམས་འཆི་བའི་དུས་ལ་བབ་པ་ན། །དཔག་བསམ་ཤིང་ལས་སྒྲ་མི་སྙན་པར་གྲགས། །སྒྲ་མི་སྙན་ཞེས་གྲགས་པ་བྱང་ན་གནས། །གསེར་ལས་གྲུབ་ཅིང་དབྱིབས་ནི་གྲུབ་བཞི་འོ། །དེ་ལྟར་དམིགས་ནས་ཚོམ་བུ་སོར་སོར་འགོད། །ལར་ནི་ལྷུན་པོ་གསེར་གྱི་མུ་ཁྱུད་དང་། །གླིང་བཞི་ལ་སོགས་བསྐལ་པ་ཆགས་པའི་དུས། །རླུང་སོགས་འབྱེད་སྡུད་རབ་འབྲིང་ཐ་མས་གྲུབ། །ཤར་གླིང་གཡས་སུ་ལུས་དང་གཡོན་ལུས་འཕགས། །ལྷོར་གླིང་གཡས་གཡོན་རྔ་ཡབ་རྔ་ཡབ་གཞན། །ནུབ་གླིང་གཡས་གཡོན་གཡོ་ལྡན་ལམ་མཆོག་འགྲོ། །བྱང་གླིང་གཡས་གཡོན་སྒྲ་མི་སྙན་དང་ཟླ། །དེ་དག་སོ་སོའི་གླིང་གི་ཕྱེད་ཆ་སྟེ། །རྒྱུ་ནོར་དབྱིབས་དང་བཀོད་པ་ལ་སོགས་མཚུངས། །གཉའ་ཤིང་འཛིན་གྱིས་རི་རབ་ཕྱེད་ཆར་སླེབ། །དེ་བཞིན་གསེར་རི་བདུན་པོ་ཕྱེད་ཕྱེད་ཕྲི། །གླིང་བཞི་མུ་ཁྱུད་འཛིན་གྱི་ཕྱེད་ཆ་སྟེ། །དེ་དག་ཕྱི་ནས་ལྕགས་རི་གཅིག་གིས་བསྐོར། །ཡུལ་ལྗོངས་ཆེན་པོ་དེ་དག་ལར་གནས་མི། །དུད་འགྲོའི་རིགས་དང་ལོངས་སྤྱོད་བསམ་མི་ཁྱབ། །དེ་དག་ཐམས་ཅད་འབུལ་བའི་དམིགས་འདུན་བྱ། །ཤར་གླིང་ནང་དུ་རིན་ཆེན་སྣ་ཚོགས་ཀྱིས། །རི་བོ་རྒྱ་དཔངས་ཚད་མེད་གང་འདོད་འབྱུང་། །ལྷོ་ཡི་གླིང་དུ་རིན་ཆེན་དཔག་བསམ་ཤིང་། །ཡལ་ག་ལོ་འབྲས་མེ་ཏོག་ཕུན་སུམ་ཚོགས། །དགོས་འདོད་ཐམས་ཅད་འབད་མེད་འཇོ་བ་དང་། །ནུབ་གླིང་འདོད་འཇོའི་བ་མཆོག་གཟུགས་བཟང་བ། །ལྟ་ན་སྡུག་པ་འདོད་དགུ་འབད་མེད་འཇོ། །བྱང་གླིང་མ་རྨོས་པ་ཡི་ལོ་ཐོག་འབྲས། །ནངས་བརྔས་ནུབ་སྐྱེས་ནུབ་བརྔས་ནངས་སྐྱེས་པ། །ས་ཡི་ཀ་ཞེས་འཛད་མེད་འབྱུང་བ་དང་། །རོ་བཅུད་ནུས་པ་ཕུན་སུམ་ཚོགས་པ་སྟེ། །དེ་དག་གླིང་བཞིའི་འདོད་ཡོན་ཁྱད་འཕགས་ཡིན། །གཅིག་ཙམ་མ་ཡིན་གླིང་རྣམས་ས་གཞི་གང་། །གྲངས་མང་རྒྱ་ཆེ་མཐའ་ཡས་གསལ་ནས་འབུལ། །དེ་བཞིན་ཤར་རིའི་མདུན་གྱི་ནམ་མཁའ་ལ། །འཁོར་ལོས་སྒྱུར་རྒྱལ་བསོད་ནམས་ལས་བྱུང་བའི། །ལྷ་རྫས་ལས་གྲུབ་གསེར་འཁོར་རྩིབས་སྟོང་པ། །ལྟེ་བ་མུ་ཁྱུད་ལྡན་པ་འོད་ཟེར་འབར། །ཉིན་རེར་དཔག་ཚད་འབུམ་ཕྲག་ལམ་གཅོད་ཅིང་། །གླིང་བཞི་སུམ་ཅུ་རྩ་གསུམ་ལ་སོགས་བགྲོད། །དཔག་བསམ་ཤིང་མདུན་ནོར་བུ་རིན་པོ་ཆེ། །ཟུར་བརྒྱད་འོད་ཀྱིས་དཔག་ཚད་བརྒྱ་གསལ་བ། །ཚ་གྲངས་སྙོམས་ཞིང་ནད་དང་འཆི་བ་སྐྱོབ། །གང་བསམ་ཐམས་ཅད་མོད་ལས་བྱུང་བ་དང་། །འདོད་འཇོའི་བ་མདུན་བཙུན་མོ་རིན་པོ་ཆེ། །བུད་མེད་སྐྱོན་གྱི་རྣམ་པ་ལྔ་བྲལ་ཞིང་། །བསམ་པ་མཐུན་ཅིང་བུ་མང་བཙའ་བ་དང་། །རིགས་མཐུན་སྲིད་མཐོ་ཕྲག་དོག་ཀྱལ་ཚིག་མེད། །ལོག་ལྟ་མེད་ཅིང་རང་ཚུགས་ཟིན་པ་དང་། །ཡོན་ཏན་བརྒྱད་ལྡན་མཛེས་ཤིང་ལྟ་ན་སྡུག །འདོད་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞིར་མཁས། །རེག་པ་ཙམ་གྱིས་བདེ་བའི་མཆོག་སྟེར་མའོ། །མ་རྨོས་མདུན་དུ་བློན་པོ་རིན་པོ་ཆེ། །ས་ཡི་བདག་པོས་གང་བསམ་ཡིད་ལ་ཤེས། །གཟུགས་བཟང་རྒྱུད་དྲང་ཤིན་ཏུ་བརླིང་བ་དང་། །སྟོབས་དང་དཔའ་རྩལ་མཆོག་ལྡན་དཔུང་རྣམས་ཀྱིས། །འགྲོ་གནས་ལྡོག་ལ་ངང་གིས་མཁས་པ་དང་། །དར་དང་རིན་ཆེན་སྣ་ཚོགས་བརྒྱན་ལྡན་པའོ། །དེ་བཞིན་ཤར་ལྷོའི་གླིང་ཕྲན་བར་ལམ་དུ། །གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་ཡང་། །དཔག་ཚད་བརྒྱད་ཁྲིར་ཡུད་ཀྱིས་བགྲོད་པ་ཅན། །སྤྱི་གཙུག་དམར་ཞིང་མཐོ་བའི་གདོང་པ་ལ། །ནོར་བུ་རིན་ཆེན་དྲྭ་བས་གཡོགས་པ་དང་། །གླང་ཆེན་ཕལ་པ་སྟོང་གི་སྟོབས་ལྡན་པ། །གཡུལ་ལས་རབ་ཏུ་རྒྱལ་བར་བྱེད་པའོ། །ལྷོ་ནུབ་གླིང་ཕྲན་གཉིས་ཀྱི་བར་ལམ་དུ། །རྟ་མཆོག་རིན་ཆེན་གཡུ་ལྟར་སྔོ་བ་དང་། །ནད་མེད་གཟི་བརྗིད་ཆེན་པོ་དང་ལྡན་པ། །ཁོ་ལག་ཡོངས་རྫོགས་མགྱོགས་པའི་བང་རྩལ་གྱིས། །དཔག་ཚད་བརྒྱད་ཁྲི་སྐད་ཅིག་ཉིད་ལ་བགྲོད། །ནུབ་བྱང་གླིང་ཕྲན་གཉིས་ཀྱི་བར་ལམ་དུ། །དམག་དཔོན་རིན་ཆེན་སྟོབས་དང་ལྡན་པ་སྟེ། །སྒྱུ་རྩལ་ཆེ་ཞིང་དམག་གི་འགྲོ་ལྡོག་དང་། །གཡུལ་གྱི་བྱ་བ་བྱེད་ལ་མཁས་པ་སྟེ། །གོ་ཞུབ་ཀྱིས་སྤྲས་གཟི་བརྗིད་ལྡན་པ་དང་། །རིན་ཆེན་གསེར་དངུལ་བང་མཛོད་འཛད་མེད་པས། །སྐྱེ་བོ་རྣམས་ནི་རབ་ཏུ་དགའ་བྱེད་པའོ། །བྱང་ཤར་གླིང་ཕྲན་གཉིས་ཀྱི་བར་ལམ་དུ། །དྲང་སྲོང་རྣམས་ཀྱི་རིག་སྔགས་མཐུས་གྲུབ་པའི། །གཏེར་གྱི་བུམ་བཟང་དགོས་འདོད་ཀུན་འབྱུང་བ། །གང་འདོད་ཆར་འབེབ་དབུལ་བའི་གདུང་བ་སེལ། །འཛད་པ་མེད་པ་གཏེར་གྱི་བུམ་པ་སྟེ། །དེ་ལྟར་རྒྱལ་སྲིད་སྣ་བདུན་ལེགས་པར་གསལ། །ལྕགས་རི་ཡོད་ན་བར་སྐབས་དེ་རུ་དགོད། །དེ་བཞིན་ཤར་གྱི་འཁོར་ལོའི་མདུན་མཁའ་རུ། །སྒེག་མོ་དཀར་མོ་མཛེས་ཤིང་ལྟ་ན་སྡུག །ལང་ཚོ་རྒྱས་པའི་ཉམས་འགྱུར་སྣ་ཚོགས་སྟོན། །ཤེལ་གྱི་མེ་ལོང་ཐོགས་ནས་འགྱིང་བ་དང་། །ནོར་བུའི་མདུན་དུ་ཕྲེང་བ་སེར་མོ་ཡིས། །རིན་པོ་ཆེ་ཡི་ཕྲེང་བ་འཛིན་པ་དང་། །བཙུན་མོའི་མདུན་དུ་གླུ་མ་དམར་མོ་ཡིས། །སྙན་འགྱུར་ལྡན་པའི་གླུ་ལེན་པི་ཝང་འཛིན། །བློན་པོའི་མདུན་དུ་གར་མ་ལྗང་གུ་ཡིས། །མིག་འཕྲུལ་ལྟ་བུ་གར་གྱི་ཉམས་འགྱུར་རྩེ། །དེ་དག་རྣམས་ནི་ནང་སྒེག་བཞི་ཡིན་ནོ། །ཤར་ལྷོའི་གླང་ཆེན་མདུན་དུ་མེ་ཏོག་མ། །དཀར་སེར་འགྱིང་སྟབས་མེ་ཏོག་སྣ་ཚོགས་འཛིན། །རྟ་མཆོག་མདུན་དུ་བདུག་སྤོས་སྔོན་མོ་ཡིས། །བདུག་སྤོས་འཛིན་པའི་དྲི་ངད་སྟོང་གསུམ་ཁྱབ། །དམག་དཔོན་མདུན་དུ་སྣང་གསལ་དམར་མོ་ཡིས། །སྣང་གསལ་འཛིན་པའི་འོད་ཀྱིས་ཉི་བཞིན་གསལ། །བུམ་པའི་སྟེང་དུ་དྲི་ཆབ་ལྗང་གུ་ཡིས། །དྲི་ཆབ་དུང་ཞལ་འཛིན་ཏེ་ཕྱི་སྒེག་བཞི། །སྒེག་མོའི་སྟེང་གི་ནམ་མཁའི་ཀློང་དཀྱིལ་ན། །ཉི་མའི་དཀྱིལ་འཁོར་འོག་གཞི་མེ་ཤེལ་དང་། །མཐའ་ཆགས་གསེར་ལས་གྲུབ་པ་དཔག་ཚད་ནི། །ལྔ་བཅུ་ང་གཅིག་ཚད་དང་མཉམ་པ་དང་། །ཟེར་གྱིས་གླིང་བཞིའི་མུན་པ་སེལ་ཅིང་དྲོ། །གླུ་མའི་མདུན་མཁར་ཟླ་བའི་དཀྱིལ་འཁོར་ནི། །ཆུ་ཤེལ་ལས་གྲུབ་དངུལ་གྱི་མཐའ་ཆགས་ཅན། །དཔག་ཚད་ལྔ་བཅུའི་ཚད་དང་ལྡན་པ་སྟེ། །དྭངས་ཤིང་གསལ་ལ་བསིལ་བའི་རང་བཞིན་ཅན། །གར་མའི་མདུན་མཁར་རིན་པོ་ཆེ་ཡི་གདུགས། །དཀར་པོ་གསེར་གྱི་ཡུ་ཅན་གཡོན་ཕྱོགས་འཁོར། །ཕྲེང་བའི་མདུན་མཁར་ཕྱོགས་ལས་རྣམ་རྒྱལ་བའི། །རྒྱལ་མཚན་དྲངས་ཤིང་དར་སྣའི་ཤམ་བུ་ཅན། །ཞིབ་པར་གསལ་ནས་སོ་སོར་མེ་ཏོག་བཀོད། །ལྕགས་རི་ཡོད་ན་བར་སྐབས་དེ་རུ་འགོད། །མཐར་ནི་དབུས་དང་བར་མཚམས་མེད་པ་རུ། །ལྷ་མིའི་འབྱོར་ཚོགས་ཕུན་སུམ་ཚོགས་པ་ཡིས། །ཕྱུར་བུར་བཀང་སྟེ་འབུལ་བའི་དམིགས་འདུན་དང་། །མེ་ཏོག་ཕྱུར་བུར་བཀང་སྟེ་ཏོག་འཛུགས་དགོས། །གུ་རུ་ཨི་དཾ་ལ་སོགས་བརྗོད་བྱས་ནས། །བོད་སྐད་བླ་མ་མཆོད་པའི་དཀྱིལ་འཁོར་དང་། །བདག་ལུས་ལོངས་སྤྱོད་འབུལ་ལོ་ཞེས་པ་ཡིན། །དེ་ལྟར་ཕུལ་ནས་སྨོན་ལམ་གདབ་པ་ནི། །མཉེས་བྱེད་མཎྜལ་བཟང་པོ་སོགས་བརྗོད་ཅིང་། །རྒྱལ་བ་མཉེས་བྱེད་མཎྜལ་བླ་མེད་འདི། །ཕུལ་བས་སྒྲུབ་ལ་བར་ཆད་མི་འབྱུང་ཞིང་། །མཐུན་པའི་རྐྱེན་རྣམས་ཕུན་སུམ་ཚོགས་པ་དང་། །དུས་གསུམ་རྒྱལ་བའི་ཐུགས་དགོངས་རྫོགས་པ་དང་། །བདག་གཞན་སྲིད་པར་མི་འཁྲུལ་རང་དོན་འགྲུབ། །ཞི་བར་མི་གོལ་མཁའ་མཉམ་སེམས་ཅན་སྒྲོལ། །ནུས་པ་ཤོག་ཅེས་སྨོན་ལམ་བཏབ་པ་ཡིན། །ཚིག་རྗེས་དོན་དྲན་ངང་ནས་ཞིབ་པར་འབུལ། །དེ་ནས་གཡས་སུ་འབྲུ་རྣམས་དལ་བུས་བསྡུ། །དེ་ལྟར་ལན་ལྔ་བདུན་སོགས་གང་རུང་འབུལ། །དེ་བཞིན་སྙིང་ཐིག་སྐུ་གསུམ་མཎྜལ་ནི། །ཚོམ་བུ་བཀོད་པའི་སྐབས་སུ་བཤད་པ་བཞིན། །གཅིག་ཏུ་བརྩི་བས་སྟོང་ཞིག་ལོན་པ་ན། །སྟོང་ནི་དང་པོ་སྤྱི་ཕུད་འཇིག་རྟེན་བྱ། །དེ་འདྲ་སྟོང་ཞིག་སོང་བར་གྱུར་པའི་ཚེ། །སྟོང་ནི་གཉིས་པ་བར་མའི་འཇིག་རྟེན་བྱ། །དེ་འདྲ་སྟོང་ཞིག་སོང་བར་གྱུར་པའི་ཚེ། །སྟོང་གསུམ་སྟོང་ཆེན་འཇིག་རྟེན་ཞིང་ཁམས་བྱ། །དེ་དག་མི་མཇེད་འཇིག་རྟེན་ཞིང་ཁམས་ཏེ། །ཤཱཀ་ཐུབ་སྤྲུལ་སྐུ་གཅིག་གི་འདུལ་ཞིང་ཡིན། །དེ་ལྟར་ཞིང་ཁམས་བསམ་གྱིས་མི་ཁྱབ་ན། །ལྷ་མིའི་ཡོ་བྱད་འབྱོར་ཚོགས་བསམ་མི་ཁྱབ། །རང་གི་ལུས་དང་ལོངས་སྤྱོད་དགེ་རྩ་བཅས། །ཆགས་ཞེན་མེད་པ་ཡོངས་སུ་སྤུངས་བྱས་ཏེ། །བླ་མ་སྤྲུལ་སྐུའི་ལྷ་ཚོགས་འབུལ་བར་དམིགས། །ཚོམ་བུ་བསྡུས་པ་དགུ་ཙམ་བཀོད་པར་བྱ། །དེ་ནི་ཐུན་མོང་སྤྲུལ་སྐུའི་མཎྜལ་ཡིན། །དེ་སྟེང་བཀོད་པ་ཆེན་པོ་ལྔའི་ཞིང་ན། །སྒེག་སོགས་འདོད་ཡོན་ལྷ་མོ་གྲངས་མེད་པ། །མཆོད་སྤྲིན་མཐའ་ཡས་ལོངས་སྐུའི་ལྷ་ཚོགས་ལ། །འབུལ་བར་དམིགས་ནས་ཚོམ་བུ་ལྔ་ཙམ་བཀོད། །དེ་ནི་ཐུན་མིན་ལོངས་སྐུའི་མཎྜལ་ཡིན། །དེ་སྟེང་ཆོས་སྐུ་སྐྱེ་མེད་མཎྜལ་ཚུལ། །སྣང་བཞི་ལ་སོགས་རྟོག་ཚོགས་ཚོམ་བུ་བཀོད། །བླ་མ་ཆོས་སྐུའི་ལྷ་ཚོགས་འབུལ་བར་དམིགས། །ཚོམ་བུ་བསྡུས་པ་གསུམ་ཙམ་བཀོད་བྱས་པ། །ཁྱད་པར་ཆོས་སྐུའི་མཎྜལ་ཉིད་ཡིན་ནོ། །དེ་ལྟར་སྐུ་གསུམ་མཎྜལ་གྲངས་གསོག་གམ། །ཚོམ་བུ་བདུན་པ་ལག་ལེན་བདེ་བའི་ཕྱིར། །ས་གཞི་སྤོས་ཆུ་ལ་སོགས་བརྗོད་བྱས་ནས། །གླིང་བཞི་རི་རབ་ཉི་ཟླ་དང་བཅས་པ། །ཚོམ་བུ་བདུན་དུ་བཀོད་དེ་དམིགས་པ་དང་། །དེ་ལྟར་རགས་པའི་ཁོངས་སུ་བསྡུ་བར་བྱ། །གྲངས་སོགས་ཆད་ལྷག་མེད་པར་ཞིབ་ཀྱིས་གསོག །འབུལ་ཟིན་འབྲུ་རྣམས་རྟེན་དྲུང་སྤུང་བའམ། །བྱ་སྤྲང་སོགས་ལ་སྦྱིན་པ་སྟེར་ན་ལེགས། །མིན་ཀྱང་དམིགས་པའི་རྟེན་དུ་བསྐྱར་བྱས་རུང་། །དོན་དུ་འབུལ་ཡུལ་འབུལ་བྱ་ལ་སོགས་པ། །སེམས་ཀྱི་དམིགས་པ་ཟབ་མོ་གཙོར་འདོན་ཏེ། །བསོད་ནམས་ཚོགས་ཆེན་ལེགས་པར་རྫོགས་དགོས་ཤིང་། །དེ་ཡང་རྟགས་མཚན་འདི་དག་དང་ལྡན་པར། །ཆོས་ནི་མང་ཤེས་སྔར་བརྗོད་པ་ཡང་དྲན། །ཉི་ཟླ་ཤར་དང་མེ་ཏོག་ཚལ་དུ་ཕྱིན། །གོས་གསར་གྱོན་དང་རྒྱན་བཟང་བཏགས་པ་དང་། །མཎྜལ་མེ་ལོང་ཕྱི་ཞིང་ལྟ་བ་དང་། །དུང་འབུད་རོལ་མོ་དཀྲོལ་ཞིང་རྔ་ཆེན་བརྡུང་། །ལྷ་ཁང་མཐོང་སོགས་དངོས་ཉམས་རྨི་ལམ་དུ། །རིམ་པར་མ་བྱུང་བར་དུ་ཅི་ནས་ཀྱང་། །དད་འདུན་རྣམ་དག་གཙང་སྦྲ་ལྡན་པས་འབུལ། །གནས་སྐབས་མཐར་ཐུག་ཕན་པ་བསམ་མི་ཁྱབ། །འབྱོར་ཚོགས་རྒྱས་ཤིང་བསམ་དོན་ལྷུན་གྱིས་འགྲུབ། །ས་ལམ་ཡོན་ཏན་ཐམས་ཅད་གོང་འཕེལ་ཞིང་། །སངས་རྒྱས་སྐུ་གཉིས་མངོན་དུ་འགྱུར་བར་བྱེད། །དེས་ན་འདི་ལ་ལག་ལེན་རྩེ་གཅིག་མཛོད།།  ༈  །།དེ་ནས་རྒྱུད་ལ་བྱིན་རླབས་མྱུར་འཇུག་ཐབས། །ལམ་ཟབ་བླ་མའི་རྣལ་འབྱོར་རིམ་པ་ནི། །དེ་ཡི་མཚན་དོན་འགྲེལ་ཙམ་ཞིག་འགོད་ན། །རྒྱལ་བ་སྲས་བཅས་ཕྲིན་ལས་རྒྱ་མཚོ་ཡི། །ཕོ་ཉ་གདུལ་བྱའི་དཔལ་དུ་ཤར་བས་བླ། །ཉམ་ཐག་སེམས་ཅན་ཐམས་ཅད་འཕྲལ་ཡུན་གྱི། །ཕན་བདེའི་ལམ་ལ་མྱུར་དུ་བཀྲི་བས་མ། །ཐུགས་རྗེ་བྱིན་རླབས་ཡོན་ཏན་རང་བཞིན་གྱི། །སྐུ་སྒོམ་གསོལ་འདེབས་མཚན་བསྙེན་བཟླས་པ་ཡིས། །ཐུགས་རྒྱུད་བྱིན་རླབས་ཡོངས་སུ་ཉེ་བར་འཕོ། །རྣལ་མའི་གནས་ལུགསཡེ་ཤེས་འཁྲུལ་བྲལ་བ། །རང་གི་རྒྱུད་ལ་མྱུར་དུ་འབྱོར་བྱེད་པས། །དེ་ཕྱིར་བླ་མའི་རྣལ་འབྱོར་ཞེས་པ་ཡིན། །དེ་འདྲའི་ལམ་མཁན་འགྲོ་བ་ལྷ་དང་བཅས། །སྐྱེ་དགུ་བདག་པོ་ཚངས་པ་ལ་སོགས་དང་། །རང་ཉིད་རྩེ་བའི་ཕ་མ་ཉེ་འབྲེལ་གྱིས། །གང་ཞིག་ཕྱོགས་ཙམ་སྟོན་པར་མི་ནུས་པའི། །ཐར་ལམ་སྟོན་པའི་དཔལ་ལྡན་བླ་མ་དེ། །རྒྱལ་བ་སྲས་དང་བཅས་པའི་སྒྱུ་འཕྲུལ་ལགས། །དཔེར་ན་གྲུ་མེད་ཆུ་ཡི་ཕ་རོལ་ན། །ཕྱིན་མི་ནུས་བཞིན་བླ་མ་མེད་པ་ན། །འཁོར་བའི་རྒྱ་མཚོ་ཆེ་ལས་ཡོངས་མི་སྒྲོལ། །ལོང་ཁྲིད་མེད་ན་ཕྱིན་པར་མི་ནུས་བཞིན། །བླ་མ་མེད་ན་ཐར་ལམ་ག་ལ་རྙེད། །ཉི་ཟླ་མེད་ན་མུན་ཚོགས་མི་སེལ་ལྟར། །བླ་མ་མེད་ན་རྨོངས་མུན་སུ་ཡིས་སེལ། །བཀྲེས་ཤིང་སྐོམ་པའི་ནད་ཀྱིས་མནར་བ་ལ། །འདོད་ཡོན་མེད་ན་གདུང་བ་མི་སེལ་བཞིན། །བླ་མའི་བརྩེ་བས་དམ་ཆོས་མ་གསུངས་ན། །སྲིད་ཞིའི་མཐར་ལྷུང་གདུང་བ་སུ་ཡིས་སེལ། །འཇིག་རྟེན་རྒྱལ་པོ་ཕ་མ་ལ་སོགས་ཀྱིས། །སྟོན་པར་མི་ནུས་འཕྲལ་ཡུན་ཀུན་བདེ་ཞིང་། །དོན་གཉིས་འགྲུབ་ཅིང་བླང་དོར་མིག་འབྱེད་པ། །ཐར་ལམ་ཡང་དག་སྟོན་པའི་བླ་མ་ནི། །བརྩེ་གདུང་འབྲེལ་མེད་སྒོ་ནས་བསྟེན་པར་འོས། །ཕྱི་པ་རྣམས་ཀྱིས་མེ་ལྔ་ལ་སོགས་ལ། །བརྟེན་ཏེ་དཀའ་བ་དཔག་མེད་སྤྱོད་པས་ན། །བདེ་ནས་བདེ་བར་ཁྲིད་པའི་བླ་མ་དེ། །བདག་གིས་དཀའ་བས་བསྙེན་བཀུར་ཅིས་མི་བྱེད། །སྙམ་ནས་བློ་རྒྱ་བསྐྱེད་དེ་བསྟེན་པར་རིགས། །ཚེ་འདིའི་རྒྱལ་བློན་བཙན་པོ་ལ་སོགས་ཀྱང་། །བསྐྱབ་ཏུ་རེ་ནས་རྒྱུ་ནོར་ཐམས་ཅད་འབུལ། །འཇིག་རྟེན་བཟོ་རིགས་མཁས་ལའང་བསྙེན་བཀུར་བྱེད། །འདུ་བ་སྙོམས་པར་བྱེད་པའི་སྨན་པ་ལའང་། །མཆོད་ཅིང་བསྟོད་དེ་དྲིན་ཆེར་རློམ་པས་ན། །སེམས་ཅན་སངས་རྒྱས་སུ་སྒྲུབ་གཏན་བདེ་སྟེར། །དུག་ལྔའི་གཅོང་ནད་རྩ་བ་ནས་འབྱིན་པའི། །བླ་མ་དེ་ལ་བདག་གིས་གུས་པ་དང་། །བསྙེན་བཀུར་ཅི་ཕྱིར་མི་བྱེད་སྙམ་དུ་ནི། །ལྷག་པར་བློ་རྒྱ་བསྐྱེད་དེ་བསྟེན་པར་རིགས། །ཉིན་ཞག་རེ་ཡི་འཇིགས་པ་སྐྱོབ་ཕྱིར་དུ། །སྐྱེས་བསུ་བྱེད་ཅིང་ཟས་གོས་ནོར་ཐོབ་ཕྱིར། །རྩོལ་སྒྲུབ་དཀའ་སྤྱད་ཅི་ཙམ་ནུས་བྱེད་ཅིང་། །གཉེན་འདུན་གྲོགས་ལ་དགའ་སྤྲོ་ལྡན་པ་ཡིས། །རྒྱུ་ནོར་ཐམས་ཅད་སྟེར་བར་བྱེད་ནུས་ན། །བདུད་བཞིའི་དགྲ་བཅོམ་དགོས་འདོད་ནོར་བུ་སྟེར། །གཏན་བདེའི་གནས་སྦྱིན་དམ་པའི་ཆོས་ཟབ་མོ། །རང་ངོ་སྤྲོད་པའི་བླ་མ་དམ་པ་དེ། །བདག་གི་གུས་དང་བསྙེན་བཀུར་ཅིས་མི་བྱེད། །སྙམ་ཞིང་བློ་རྒྱ་བསྐྱེད་དེ་བསྟེན་པར་རིགས། །མདོར་ན་གནས་སྐབས་ཚེ་འདིའི་ཟས་གོས་ནོར། །འཇིགས་པ་ཕྲན་བུ་སྐྱོབ་ལའང་དྲིན་ཆེ་རློམ། །དྲིན་ལན་འཇལ་བར་ཀུན་གྱིས་བྱེད་སྲོལ་ན། །འཁོར་བ་སྡུག་བསྔལ་མཐའ་དག་ལས་བསྒྲལ་ཞིང་། །གཏན་གྱི་བདེ་བ་ཕུན་ཚོགས་སྟེར་བ་ཡི། །བཀའ་དྲིན་སྟོང་གསུམ་གསེར་གྱིས་བཀང་ནས་སུ། །འབུལ་བར་བྱས་ཀྱང་ཆ་ཙམ་གཞལ་མི་བཏུབ། །དེ་འདྲའི་བླ་མ་བཀའ་དྲིན་མཚུངས་མེད་པ། །བསྟེན་ནས་བྱིན་རླབས་འཇུག་པར་བྱེད་པ་ལ། །དད་དང་དག་སྣང་སྒོ་ནས་ཤེས་བྱ་ནི། །བླ་མའི་གསང་གསུམ་སངས་རྒྱས་དངོས་མཐོང་དང་། །སྤྱོད་པ་བཟང་ངན་ཅི་མཛད་ཐམས་ཅད་ལ། །སངས་རྒྱས་མཛད་ཕྲིན་ཡིན་པར་ཤེས་པ་དང་། །ཡོན་ཏན་སངས་རྒྱས་ཀུན་དང་མཉམ་གྱུར་ཀྱང་། །བཀའ་དྲིན་སངས་རྒྱས་ཀུན་ལས་ཆེས་ལྷག་ཅིང་། །མཚུངས་ཟླ་མེད་པའི་བླ་མ་དམ་པ་དེ། །སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཡིན་པ་དང་། །ལམ་ཁྱེར་གཞན་ལ་རག་ནི་མ་ལུས་པར། །མོས་གུས་ཅན་ལ་བྱིན་རླབས་གཅིག་ཆར་དུ། །འཕོ་བར་ཤེས་པ་ལྔ་ཡི་རང་བཞིན་དང་། །དོན་དུ་མོས་ཁམས་ཐ་དད་འདུལ་ཕྱིར་དུ། །ཞི་བས་འདུལ་ལ་ཞི་བའི་ཆོས་འདོམས་ཤིང་། །སྦྱིན་པས་འདུལ་ལ་ཡོད་བྱད་འབྱེད་པ་དང་། །དབང་གིས་འདུལ་ལ་དབང་དུ་བསྡུ་བ་དང་། །དྲག་པོས་འདུལ་ལ་སྡིགས་འཚོག་རྔམ་པས་འདུལ། །རྡོ་རྗེའི་རིགས་རྣམས་གསང་གསུམ་སྤྲོས་ཀུན་ཞི། །རིན་ཆེན་རིགས་རྣམས་སྒེག་ཆོས་རྒྱན་ནོར་ལྡན། །པདྨའི་རིགས་རྣམས་ཡུམ་བཅས་གང་འདུལ་སྟོན། །ལས་ཀྱི་རིགས་རྣམས་དྲག་ཤུལ་གཏུམ་རྔམ་སོགས། །མདོར་ན་འགྲོ་བ་གང་ལ་གང་འདུལ་གྱི། །ཕྲིན་ལས་ངེས་མེད་བཟང་ངན་བར་མ་དོ། །རྣམ་པ་སྣ་ཚོགས་སྟོན་པར་མཛད་པ་ཡིན། །དེས་ན་ནོར་རྫས་སྲེད་པ་ཆེ་སྙམ་དང་། །རང་དོན་ང་རྒྱལ་སེར་སྣ་ཆེ་བ་དང་། །བརྣབ་སེམས་ཁོང་ཁྲོ་ཉོན་མོངས་ཧྲག་པ་དང་། །ཡུམ་དང་བཅས་ཏེ་རིགས་གཟུགས་ངན་པ་དང་། །ཅིར་ཡང་མི་ཤེས་སྙམ་པ་ལ་སོགས་པས། །དངོས་སུ་གཞན་ལ་ངག་གིས་བརྗོད་པ་དང་། །མ་གུས་རྣམ་པར་སྤྱོད་པ་ལྟ་ཅི་སྨོས། །སྐད་ཅིག་ཙམ་ཡང་ཡིད་ཀྱིས་དྲན་པའམ། །རྨི་ལམ་དུ་ཡང་རྨི་བར་མི་བྱ་སྟེ། །བྱས་ན་ཉེས་པ་གཞན་དག་ལས་ཚབ་ཆེ། །དེ་ཕྱིར་མ་གུས་རྣམ་པ་ཡོངས་སྤངས་ནས། །ལུས་ངག་ཡིད་གསུམ་འདུན་པ་ཆིག་དྲིལ་གྱིས། །སྒོ་ནས་ལེགས་པ་བསྟེན་པ་གལ་ཆེ་བས། །དང་པོ་ལུས་ཀྱི་སྒོ་ནས་མ་གུས་པའི། །རྣམ་པ་སྤང་བྱའི་རིམ་པ་མདོར་བསྡུ་ན། །བླ་མའི་སྐུ་དང་བཞུགས་གདན་གྲིབ་མ་དང་། །ན་བཟའ་ལ་སོགས་འགོམ་པར་མི་བྱ་སྟེ། །མདུན་དུ་སྐྱིལ་ཀྲུང་བཅའ་དང་སྒེག་ཆོས་དང་། །སྐུ་ཆེས་ཉམས་འགྱུར་རིགས་རྣམས་བསྟེན་པ་དང་། །རྒྱབ་བརྟེན་གཞོགས་སྔས་རྐང་པ་བརྐྱང་པ་སོགས། །མདོར་ན་མ་གུས་རྣམ་པ་ཉེས་ལྕི་བས། །དེ་དག་ཐམས་ཅད་ཡོངས་སུ་སྤངས་བྱས་ནས། །གུས་འདུད་ཆེན་པོའི་ངང་ནས་འདི་ལྟར་བསྟེན། །ལུས་ཀྱི་ལས་ནི་གཞན་དུ་མངགས་པ་དང་། །ཉེར་མཁོ་གང་དགོས་རིགས་དང་མེ་ཆུ་གཡང་། །གཅན་གཟན་དགྲ་རྐུན་འཇིགས་པ་ཀུན་སྲུང་ཞིང་། །ཕེབས་དུས་བསུ་སྐྱེལ་ཕྱག་དང་སྐོར་བ་དང་། །ལེགས་པར་བྱ་བཞིན་བསྟེན་པར་བྱ་དགོས་སོ། །ངག་གི་རྫུན་དང་ཕྲ་མ་ཚིག་རྩུབ་དང་། །འཆལ་གཏམ་བཀའ་གཅོག་གདོང་བཟློག་བྱེད་པ་དང་། །ལྐོག་ནས་གཤེ་བ་ལ་སོགས་ཉེས་ལྕི་རིགས། །སྤངས་ཏེ་ཕན་ཡོན་ཀུན་གྱི་མཆོག་ཤེས་པའི། །སྒོ་ནས་ངག་གི་གུས་འདུད་འདི་ལྟར་བྱ། །གསོལ་འདེབས་ཞབས་བརྟན་བསྟོད་པ་སྐྱབས་འགྲོ་སོགས། །རྒྱུན་དུ་དབྱངས་བཅས་སྣང་བ་འགྱུར་ངེས་འདོན། །བདེན་པའི་ཚིག་དང་འཇམ་པོ་སྙན་པོ་བཅས། །གསོང་པོར་སྨྲ་ཞིང་ཅི་གསུངས་བཀའ་ཐམས་ཅད། །སྒྲུབ་པའི་ལན་ནི་སྙན་པོར་འབུལ་དགོས་སོ། །ཡིད་ཀྱི་སྒོ་ནས་མ་དད་ལོག་ལྟ་དང་། །ཁོང་ཁྲོ་དང་ནི་སྐྱོན་དུ་བཏགས་པ་དང་། །བརྙས་སེམས་འགྲན་སེམས་བརྣབ་སེམས་གནོད་སེམས་དང་། །ང་རྒྱལ་བསྐྱེད་སོགས་ཉེས་པའི་རིགས་རྣམས་སྤོངས། །ཕན་ཡོན་ལྷག་ཏུ་ཆེ་བར་ཤེས་པའི་ངང་། །ཕལ་ལས་འབུམ་འགྱུར་ལྷག་པའི་དག་སྣང་དང་། །དོན་གཉེར་མོས་གུས་དྲག་པོ་ཆེར་བསྐྱེད་དེ། །བླ་མའི་ཕྱི་ནང་གསང་གསུམ་ཡོན་ཏན་དང་། །ལྷག་པར་བཀའ་དྲིན་ཆེ་བ་ལ་སོགས་པ། །དྲན་དང་ཤེས་བཞིན་འབྲལ་བ་མེད་པ་ཡི། །བླ་མའི་སྐུ་སྒོམ་ཡིད་ཆེས་མོས་གུས་བསྐྱེད། །ནོར་རྫས་ཟས་ནོར་ཆེ་ཕྲ་གང་ཡོད་རྣམས། །ནུས་བསྟུན་བླ་མ་ཆོས་ཕྱོགས་གཏོང་བར་བྱ། །ཕན་ཡོན་མཆོག་ཏུ་ཆེ་བའི་རང་བཞིན་ཏེ། །དགེ་བའི་འབྲས་བུ་ནམ་ཡང་ཆུད་མི་ཟ། །སྔ་མ་བསྐལ་པ་བཟང་ལྡན་དུས་ཀྱི་ཚེ། །རྣམ་རྟོག་ཤས་ཆུང་དགེ་སྡིག་ལས་སྲབ་པས། །འབྲས་བུ་ནམ་ཞིག་གཞན་དུ་སྨིན་པར་འགྱུར། །དེང་དུས་སྙིགས་ལྔའི་རྟོགས་པ་ཧྲག་དྲག་པས། །དགེ་སྡིག་གང་བྱས་ལས་མཐུག་ཆེས་པས་ན། །ཚེ་འདིར་ལས་ཀྱི་མཐོང་ཆོས་སྤྱིར་སྨིན་ཅིང་། །ཡུལ་མཆོག་འབྲེལ་ན་ཟླ་བས་བར་མི་ཆོད། །དངོས་སུ་སྨིན་པ་མདོ་སྡེ་དག་ལས་གསུངས། །དེ་དག་ལས་ཀྱང་སྒྲུབ་པའི་ཞབས་ཏོག་ནི། །མཆོག་རབ་རྩེ་མོ་གཅིག་ཏུ་གྱུར་པས་ན། །བླ་མའི་བསྟན་བྱ་སློབ་མའི་བསྒྲུབ་བྱ་ཡི། །གཙོ་བོ་རང་སེམས་གཏན་ལ་ཕབ་པ་ཉིད། །ཡིན་ཕྱིར་དབེན་པའི་གནས་སུ་དཀའ་སྤྱད་དང་། །བརྩོན་འགྲུས་ཤེས་རབ་ཕུན་སུམ་ཚོགས་པ་ཡིས། །རང་དོན་ཉམས་མྱོང་རྟོགས་པས་ཕྱུག་པར་བྱ། །གཞན་དོན་གང་ལ་གང་འདུལ་ཆོས་འཁོར་བསྐོར། །རྒྱལ་བའི་སྐུ་གསུང་ཐུགས་རྟེན་བཞེངས་པ་སོགས། །བླ་མའི་ཐུགས་དགོངས་མཉེས་ཤིང་རྫོགས་པའི་ཕྱིར། །གཙོ་བོར་སྙིང་པོ་སྒྲུབ་པས་དུས་འདའ་བའི། །མཉེས་པ་གསུམ་གྱི་སྒོ་ནས་བསྟེན་པར་བྱ། །དེ་ལྟར་བླ་མ་ཚུལ་བཞིན་བསྟེན་པ་ཡིས། །ཕན་ཡོན་ཚད་མེད་ཡང་དག་ལམ་ལ་ཁྲིད། །ཐེ་ཚོམ་སེལ་ཞིང་རྟོགས་པ་རྒྱུད་ལ་འཆར། །སྡུག་བསྔལ་ཞི་ཞིང་འཁོར་བའི་འདམ་ནས་འབྱིན། །མ་རིག་མུན་སེལ་ཡོན་ཏན་གཏེར་ཆེན་རྡོལ། །དངོས་གྲུབ་བཅུད་མྱོང་བླང་དོར་མིག་འབྱེད་ཅིང་། །དག་པའི་ཞིང་བགྲོད་ཚེ་རབས་ཀུན་ཏུ་ཡང་། །དགེ་བའི་བཤེས་ཀྱིས་རྗེས་སུ་བཟུང་བ་སོགས། །ཕན་ཡོན་ཚད་མེད་ལྷག་ཏུ་ཤེས་བྱས་ནས། །རྟོགས་པའི་ཡེ་ཤེས་རྒྱུད་ལ་བཙན་ཐབས་སུ། །འཕོ་བའི་མན་ངག་ཀུན་གྱི་མཐར་ཐུག་པ། །བླ་མའི་རྣལ་འབྱོར་མཆོག་ཏུ་ཟབ་པ་ཡིན། །ཅི་ཕྱིར་ཞེ་ན་བྱིན་རླབས་དངོས་གྲུབ་ཀུན། །འབྱུང་བའི་གནས་ནི་སྤྲོས་བྲལ་བདེ་གཤེགས་ཏེ། །དེ་ལྟར་དབྱེར་མེད་རྟོགས་ཤིང་མཆོག་ཐུན་གྱི། །དངོས་གྲུབ་ཡོངས་སུ་བརྙེས་ཤིང་བྱིན་རླབས་ཀྱི། །ཚན་ཁ་རབ་ཏུ་འབར་བ་བླ་མ་ལས། །གཞན་ནི་ནམ་ཡང་གང་དུ་མ་དམིགས་ཏེ། །དེ་འདྲའི་བྱིན་རླབས་ཁྱད་པར་འཕགས་པ་དེ། །གང་ཟག་སོ་སོའི་རང་རྒྱུད་སྙིང་དབུས་སུ། །འཇུག་པར་བྱ་བའི་ཐབས་ཀྱི་ཡང་ཟབ་ནི། །དད་དང་མོས་གུས་ཉེར་ལེན་ཁོ་ན་ཡིན། །དེ་ཕྱིར་ལམ་ནས་ལེགས་པར་དྲངས་དགོས་ཤིང་། །རང་གནས་ཡེ་ཤེས་ངོ་མ་འཕྲོད་པའམ། །མ་སྨིན་སྨིན་པར་བྱེད་པའང་བྱིན་རླབས་ཀྱི། །སྙིང་པོ་ཡོངས་སུ་ཐོབ་པར་འགྱུར་བའི་ཕྱིར། །དཔེར་ན་མཆན་ལ་ཕབ་བཏབ་དེ་ཡི་རྐྱེན། །རོ་བཅུད་ནུས་པ་མྱུར་དུ་སྟོན་པ་ལྟར། །ཡིན་ཕྱིར་ཁྱད་པར་འཕགས་པའི་མོས་གུས་བསྐྱེད། །དེ་ནས་སྒོམ་པ་དངོས་ཀྱི་སྐབས་སུ་ཡང་། །བླ་མའི་བྱིན་རླབས་དབང་བཞི་ཞུ་བ་ལ། །རྣམ་པ་བསྒྱུར་དང་མི་བསྒྱུར་གཉིས་ཡོད་དེ། །དད་པ་དག་སྣང་ཆེ་བའི་གང་ཟག་གིས། །བླ་མའི་སྐུ་ཡི་རྣམ་པ་བསྒྱུར་མི་དགོས། །ན་བཟའ་རྒྱན་ཆས་ལ་སོགས་གང་བཞུགས་པ། །དེ་ལྟར་བསྒོམས་པས་མཆོག་ཏུ་ཟབ་པ་ཡིན། །གཞན་དག་ལས་ནི་དང་པོ་པ་རྣམས་ཀྱིས། །ཐ་མལ་མི་ཡི་རྣམ་པ་སྒོམ་ཙ་ན། །ལོག་ལྟ་གིས་སྒྲིབ་བྱིན་རླབས་གེགས་བྱེད་ཅིང་། །སངས་རྒྱས་སྐུ་དངོས་མཐོང་བའི་སྐལ་པ་ཕྲ། །དེ་ཕྱིར་རྣམ་པ་འདི་ལྟར་བསྒྱུར་དགོས་གསུངས། །སྣང་སྲིད་དག་པ་རབ་འབྱམས་གཞིར་བཞུགས་སུ། །ཡོད་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པ་དེ། །ལམ་གྱི་དུས་འདིར་གཞིར་བཞེངས་གསལ་འདེབས་དགོས། །སེམས་ཅན་ཀུན་གྱི་འགྲོ་འདུག་བྱ་བའི་ཡུལ། །རྟེན་གཞི་མ་དག་སྣང་བ་འདི་ཐམས་ཅད། །གང་ཡང་མི་དམིགས་སྟོང་ཉིད་ངང་དུ་སྦྱངས། །པདྨ་འོད་ཀྱི་ཕོ་བྲང་རྒྱ་ཁྱོན་དང་། །མཚན་ཉིད་བཀོད་པ་ཡོངས་རྫོགས་གསལ་བའི་དབུས། །རང་ཉིད་དབང་རྟེན་ཡེ་ཤེས་སྐྱེ་ཕྱིར་དང་། །གུ་རུའི་རྗེས་སུ་འཛིན་པའི་རྟེན་འབྲེལ་ཆེ། །ངོ་བོ་ཡེ་ཤེས་མཚོ་རྒྱལ་རྣམ་པ་ནི། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་གསལ་སྟེ། །སྐུ་མདོག་དམར་གསལ་གཅེར་བུ་ཤེས་རབ་མཚོན། །དབྱིངས་རིག་དབྱེར་མེད་ཟུང་འཇུག་རྟོགས་པའི་བརྡར། །སྤྱན་གསུམ་རིང་བའི་ཚུལ་གྱིས་དབྱིངས་ལ་གཟིགས། །ཕྱག་གཡས་འགྲོ་རྣམས་གཏི་མུག་གཉིད་བསླང་ཕྱིར། །ཐོད་རྔ་ཁྲོལ་ཞིང་ཕྱག་ལག་གཡོན་པ་ཡིས། །དུག་གསུམ་རྩད་གཅོད་གྲི་གུག་དཀུར་བརྟེན་པ། །རུས་པའི་རྒྱན་ལྔ་མེ་ཏོག་ཆུན་འཕྱང་བརྒྱན། །དར་དཔྱངས་རླུང་བསྐྱོད་མཛེས་ཤིང་ལྟ་ན་སྡུག །བཅུ་དྲུག་ལོན་པའི་ན་ཚོད་དར་ལ་བབ། །སྣང་ལ་རང་བཞིན་མེད་པ་ནམ་མཁའ་ཡི། །འཇའ་ཚོན་ཇི་བཞིན་ལེགས་པར་གསལ་བཏབ་པའི། །སྤྱི་བོར་མདའ་གང་ནམ་མཁར་རིན་པོ་ཆེ། །སྣ་ཚོགས་ལས་གྲུབ་པདྨ་འབུམ་བདལ་དབུས། །སྲིད་ཞིའི་དྭངས་བཅུད་ཐབས་ཤེས་མཚོན་བྱེད་དུ། །ཉི་མ་དང་ནི་ཟླ་བའི་དཀྱིལ་འཁོར་དབུས། །ངོ་བོ་དུས་གསུམ་སངས་རྒྱས་འདུས་པའི་ཕྱིར། །མཁྱེན་བརྩེ་ནུས་གསུམ་མངའ་བའི་བདག་ཉིད་ཅན། །དཔལ་ལྡན་རྩ་བའི་བླ་མ་ཡིན་པ་ལ། །རྣམ་པ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོ། །བདེ་སྟོང་འདུ་འབྲལ་མེད་པས་མྱོས་པའི་ཕྱིར། །སྐུ་མདོག་དཀར་ལ་དམར་མདངས་ཅུང་ཟད་ཆགས། །ན་བཟའ་བྱང་སེམས་ཐེག་པ་རྫོགས་པའི་བརྡར། །གསང་གོས་དཀར་པོ་མདུང་མ་དམར་པོ་དང་། །གསང་སྔགས་ཐེགས་པ་རྫོགས་པའི་རྟགས་སུ་ནི། །སྔགས་པའི་ཆས་གོས་ཕོད་ཆེན་མཐིང་ག་དང་། །སོ་ཐར་ཐེག་པ་རྫོགས་པའི་རྟགས་སུ་ཡང་། །ཆོས་གོས་དམར་སེར་གསེར་གྱི་ཧ་རིས་ཅན། །ཐེག་པ་མ་ལུས་ཡོངས་སུ་རྫོགས་པའི་རྟགས། །ཟ་འོག་སྨུག་པོའི་བེར་བཅས་བརྩེགས་མར་གསོལ། །དབུ་ལ་པད་ཞུ་འདབ་མ་ལྔ་པ་མནབས། །ཕྱི་ནང་གཉིས་ནི་བསྐྱེད་རྫོགས་ཟུང་འཇུག་བརྡར། །སྐུ་གསུམ་མཚོན་བྱེད་ཡར་གྱི་རྩེ་གསུམ་དང་། །སྐུ་ལྔའི་འགྲོ་དོན་མཛད་ཕྱིར་འོད་ལྔ་བསྒྲིལ། །གསེར་དངུལ་ཉི་ཟླས་བརྒྱན་པ་ཐབས་ཤེས་བརྡ། །མུ་ཁྱུད་མཐིང་བསྒྲིལ་དམ་ཚིག་རྣམ་དག་བརྡ། །ཏིང་འཛིན་བརྟན་བརྡར་གསེར་རྡོར་ཕྱེད་པའི་ཏོག །ལྟ་བའི་ཡང་རྩེ་ཡོངས་སུ་ཕྱིན་པའི་རྟགས། །རྒོད་དང་རྨ་བྱའི་སྒྲོ་མདོངས་ཀྱིས་བརྒྱན་པ། །སྣང་སྲིད་ལྷ་འདྲེ་སྡིགས་ཤིང་དབང་བསྡུས་ཕྱིར། །ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན། །ཡོ་ག་ཚེ་ཡི་དངོས་གྲུབ་བརྙེས་པའི་རྟགས། །གཡོན་པ་མཉམ་བཞག་ཀཔཱ་ལིའི་ཚེ་རིལ་སྟེང་། །བདུད་རྩིས་བཀང་བའི་ཚེ་བུམ་དཔག་བསམ་གྱི། །ཁ་རྒྱན་ཅན་འཛིན་ཞབས་གཉིས་སག་ལྷམ་གསོལ། །རྒྱལ་པོ་རོལ་པའི་སྟབས་སུ་བརྗིད་ཆགས་བཞུགས། །མཆན་ཁུང་གཡོན་ན་ཡུམ་མཆོག་མནྡཱ་ར། །སྦས་པའི་ཚུལ་གྱི་ཁ་ཊྭཾ་ག་འཛིན་པ། །དེ་ཡང་ངོ་བོ་རང་བཞིན་ཐུགས་རྗེ་ཡི། །མཚོན་བྱེད་ཡར་གྱི་རྩེ་གསུམ་སྐུ་གསུམ་གྱི། །མཚོན་བྱེད་ཐོད་པ་སྐམ་རློན་རྙིད་པ་བརྩེགས། །ཚེ་ཡི་དངོས་གྲུབ་ཐོབ་པའི་ཚེ་བུམ་དང་། །སྐྱེ་འཆི་བགྲེས་རྒུད་སྤང་པ་རྒྱ་གྲམ་མཚན། །རྭ་ལ་ཐེག་དགུའི་མཚོན་བྱེད་ལྕགས་ལུང་དགུ །ཡེ་ཤེས་ལྔ་ཡི་མཚོན་བྱེད་དར་སྣ་ལྔ། །དུར་ཁྲོད་ཆེན་པོ་བརྒྱད་དུ་བརྟུལ་ཞུགས་ཀྱིས། །མ་མོ་མཁའ་འགྲོ་དབང་དུ་སྡུད་པའི་རྟགས། །གསང་བའི་རྔེའུ་ཆུང་དྲིལ་བུའི་ལྕེ་རྩེ་རུ། །ཐབས་ཤེས་མཚོན་བྱེད་ཉི་མ་ཟླ་བས་བསྐུལ། །ཤི་སྐྲ་གསོན་སྐྲ་སོགས་ཀྱིས་བརྒྱན་པ་སྟེ། །དེ་དག་མ་འདྲེས་ཡོངས་རྫོགས་གསལ་བཏབ་ཅིང་། །དེ་ཡི་མཐའ་བསྐོར་བར་མཚམས་རྣམས་སུ་ཡང་། །འོད་ལྔའི་དྲྭ་བ་མིག་མང་རིས་ཀྱི་དཀྱིལ། །འཇའ་འོད་ཟླུམ་འཁྱིལ་སྤྲིན་ལྟར་འཁྲིགས་པའི་དབུས། །རྒྱ་གར་རིག་འཛིན་བརྒྱད་དང་བོད་ལྗོངས་ཀྱི། །རྗེ་འབངས་ཉེར་ལྔ་བཀའ་གཏེར་བླ་མ་དང་། །ཡི་དམ་རྒྱུད་སྡེ་བཞི་དྲུག་ལྷ་ཚོགས་དང་། །ཆོས་སྲུང་དམ་ཅན་རྒྱ་མཚོ་མངོན་སུམ་དུ། །བཞུགས་པར་གསལ་ལ་ངག་འདོན་གང་ཡིན་འབྲེལ། །མོས་གུས་གདུང་ཤུགས་དྲག་པོ་ཡང་ཡང་བསྐྱེད། །ཚིག་བདུན་གསོལ་འདེབས་ལ་སོགས་བརྗོད་པ་ཡིས། །ཨོ་རྒྱན་གཙོ་འཁོར་རྟེན་དང་བརྟེན་པར་བཅས། །མངོན་སུམ་བྱོན་ནས་བསྐྱེད་པའི་དམ་ཚིག་དང་། །གཉིས་སུ་མེད་པ་ཆུ་ལ་ཆུ་འདྲེས་ལྟར། །གྱུར་ཅིང་བརྟན་པར་བཞུགས་པའི་སྤྱན་སྔ་རུ། །ཚོགས་བསགས་ཐབས་ཀྱི་རིམ་པ་མཐའ་ཡས་ཀྱང་། །བསྡུ་ན་ཡན་ལག་བདུན་པ་འདིར་འདུས་ཤིང་། །དེ་ལྟར་ཕུལ་བའི་རིམ་པ་དང་པོ་ནི། །ང་རྒྱལ་གཉེན་པོ་གྱུར་པ་ཕྱག་འཚལ་ནི། །རང་གཞན་སེམས་ཅན་ལུས་ནི་གྲངས་མེད་པ། །མགོ་ཡང་གྲངས་མེད་ཁ་ལྕེ་དཔག་མེད་ཀྱིས། །བསྟོད་དབྱངས་གྲངས་མེད་སྤྲུལ་ནས་ཆབས་ཅིག་ཏུ། །རང་གཞན་སེམས་ཅན་ཀུན་གྱིས་ཕྱག་འཚལ་ཞིང་། །ངག་གིས་འུར་དིར་སྐྱབས་འགྲོ་དབྱངས་བཅས་འདོན། །ཡིད་ཀྱིས་བློ་གཏད་ལིང་བསྐྱུར་གསོལ་བ་གདབ། །རང་གཞན་སྒོ་གསུམ་འཇུག་པ་གཅིག་པར་དམིགས། །དངོས་སུ་ཕྱག་གི་གྲངས་ཀྱང་གསོག་པར་བྱ། །འདོད་ཆགས་སེར་སྣའི་གཉེན་པོ་མཆོད་འབུལ་ནི། །མཆོད་རྫས་ཅི་འབྱོར་གཙང་སྦྲ་ཡིད་འོང་བར། །བཤམས་བཀོད་རྒྱ་ཆེན་བྱས་ལ་དངོས་སུ་འབུལ། །ཡིད་སྤྲུལ་མཆོད་པའི་ལྷ་མོ་བརྒྱད་སོགས་ཀྱིས། །མཆོད་རྫས་སྣ་ཚོགས་སོ་སོར་ཐོགས་པ་དང་། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་བརྒྱད་དང་། །ལྷམ་སྟན་བཞོན་པ་མལ་ཆ་བཞུགས་ཁྲི་དང་། །རལ་གྲི་པགས་པ་ཉེ་བའི་རིན་ཆེན་བདུན། །གཞན་ཡང་མཆོད་པའི་རྣམ་པ་སྣ་ཚོགས་པ། །གཞལ་ཡས་ཁང་དང་རིན་ཆེན་དྲྭ་ཕྱེད་དང་། །གླུ་གར་སིལ་སྙན་པི་ཝཾ་བསྟོད་དབྱངས་དང་། །མེ་ཏོག་རྣམ་པ་སྣ་ཚོགས་ཆར་བབ་པ། །རིན་ཆེན་རིགས་དང་སྨན་རིགས་ནགས་ཀྱི་ཚལ། །རྒྱ་མཚོ་དྭངས་པ་ངང་པས་བརྒྱན་པ་དང་། །སྨན་དང་སྤོས་རིགས་དྲི་ཞིམ་ངད་ལྡང་བ། །རོ་བཅུད་ནུས་པ་ལྡན་པ་ཕུན་ཚོགས་དང་། །བྲག་རི་སྤང་ལྗོངས་ཆུ་བསིལ་ཡིད་འོང་དང་། །ནམ་མཁའ་དྭངས་དང་ཉི་ཟླ་གཟའ་སྐར་བཀྲ། །ནམ་མཁའི་ཁམས་ཀུན་གང་བར་དམིགས་ནས་འབུལ། །ཞེ་སྡང་གཉེན་པོ་སྡིག་པ་བཤགས་པ་ནི། །དེ་ཡང་སྡིག་པ་གསོག་པའི་སྒོ་དྲུག་སྟེ། །ཉོན་མོངས་དུག་གསུམ་ལུས་ངག་ཡིད་གསུམ་དང་། །ཡུལ་ནི་ཕ་མ་བླ་མ་མཁན་པོ་སོགས། །ངོ་བོ་མི་དགེ་བཅུ་དང་མཚམས་མེད་ལྔ། །འཁོར་བ་ངན་སོང་སྐྱེ་བའི་འབྲས་བུ་རྣམས། །དུས་ཀྱང་ཐོག་མེད་ནས་བཟུང་དེང་ཕན་ཆོད། །རང་གཞན་དངོས་བརྒྱུད་བར་གསུམ་བསགས་པ་ཀུན། །དུག་ཆེན་ཁོང་དུ་སོང་ལྟར་འགྱོད་བྱེད་པ། །སྐྲག་པའི་རྣམ་པ་ཀུན་ཏུ་སུན་འབྱིན་སྟོབས། །སྡིག་སྒྲིབ་ཐམས་ཅད་ལྕེ་ཐོག་ཕུང་ངེར་འདུས། །བླ་མའི་མཛོད་སྤུའི་ཡེ་ཤེས་མེ་ལྕེས་བསྲེགས། །སྙམ་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། །ཕྱིན་ཆོད་སྡིག་པ་གཏན་ནས་མི་བྱེད་པར། །དམ་བཅའ་བླང་བ་རང་སོར་ཆུད་པའི་སྟོབས། །བླ་མར་བསྟེན་པས་བྱིན་རླབས་ཞུགས་པའི་མཐུས། །སྡིག་པ་དག་སོང་སྙམ་པའི་ངེས་ཤེས་བཅས། །སྡོམ་པའི་སྟོབས་ཏེ་སྟོབས་བཞི་ཚང་བ་ཡིས། །ཡང་ཡང་བཤགས་ཤིང་དག་པ་གལ་དུ་ཆེ། །ཁྱད་པར་སྡིག་པའི་ངོ་བོ་ཇི་ལྟར་འདུག །ཞིབ་པར་དཔྱོད་པས་ངོ་བོ་ཆེར་མ་རྙེད། །མཁའ་ལྟར་རྟོགས་པའི་ངང་དེར་མཉམ་བཞག་པས། །སྡིག་པ་གནས་པའི་ཡུལ་ཡང་རང་སངས་འགྲོའོ། །དེ་ནི་རྨད་བྱུང་བཤགས་པའི་རྒྱལ་པོ་ཡིན། །ཕྲག་དོག་གཉེན་པོ་རྗེས་སུ་ཡི་རང་ནི། །འཇིག་རྟེན་ཕལ་དང་ཉན་ཐོས་རང་སངས་རྒྱས། །བྱང་སེམས་འཕགས་དང་རྫོགས་པའི་སངས་རྒྱས་དང་། །སྲས་དང་སློབ་མར་རྗེས་འཇུག་དང་བཅས་པས། །དུས་གསུམ་བསགས་པའི་དགེ་ཚོགས་ཀུན་ལའང་། །བསམ་པ་རྣམ་དག་རྗེས་སུ་ཡི་རང་གིས། །བློ་རྒྱ་བསྐྱེད་དེ་དགའ་བ་རྒྱ་ཆེར་བསྒོམ། །དེའི་སྟོབས་དགེ་བ་གང་འགྲུབ་ཆུད་མི་ཟ། །གོང་འཕེལ་བསོད་ནམས་ཚད་མེད་མཉམ་དུ་ཐོབ། །གཏི་མུག་གཉེན་པོ་བསྐུལ་མ་གདབ་པ་ནི། །རྒྱལ་བ་སྲས་བཅས་དམ་ཆོས་མ་གསུངས་ན། །བསྟན་འགྲོའི་འཕྲལ་ཡུན་བདེ་སྐྱིད་ཅུང་མི་འབྱུང་། །ཐར་ལམ་སྟོན་མཁན་མེད་པས་མུན་གླིང་འགྱུར། །དེ་ཕྱིར་ཚངས་པས་གསེར་གྱི་འཁོར་ལོ་སོགས། །སྟོན་པར་ཕུལ་ནས་བསྐུལ་མ་གདབ་པ་ལྟར། །བདག་གིས་རིས་མེད་བསྟན་འཛིན་སྐྱེས་ཆེན་རྣམས། །གང་ལ་གང་འདུལ་ཆོས་འཁོར་རྒྱུན་ཆགས་སུ། །བསྐོར་ཕྱིར་དངོས་སུ་འབྱོར་ཚོགས་ཁྱད་འཕགས་བཅས། །ཕུལ་ནས་ཆོས་ཀྱི་རྔ་བརྡུང་དུང་འབུད་ཅིང་། །ཆོས་ཀྱི་དར་ཕྱར་སྒྲོན་མེ་སྤར་དུ་གསོལ། །ཞེས་ཏེ་དངོས་བརྒྱུད་བར་གསུམ་སྨོན་འདུན་བཅས། །སྒོ་གསུམ་རྩེ་གཅིག་གུས་པས་བཏུད་པར་བྱ། །དེས་ནི་ཆོས་སྤང་བྱས་པའི་སྡིག་པ་དག །ཚེ་རབས་ཐབས་ཅད་ཆོས་ཀྱི་བརྒྱུད་འཛིན་འགྱུར། །ལོག་ལྟའི་གཉེན་པོ་བཞུགས་སུ་གསོལ་བ་ནི། །འཇིག་རྟེན་ཁམས་འདིར་སངས་རྒྱས་བྱང་སེམས་དང་། །ཉན་རང་དགྲ་བཅོམ་མཁན་པོ་སློབ་དཔོན་དང་། །མཆེད་གྲོགས་ཆོས་རྒྱལ་ལ་སོགས་བསྟན་འགྲོ་ལ། །དངོས་བརྒྱུད་བར་གསུམ་ཕན་པ་མཛད་པ་ཡི། །སྐྱེས་བུ་དམ་པ་གང་ན་སུ་བཞུགས་ཀུན། །སྙིགས་དུས་ངན་དང་སེམས་ཅན་ལོག་སྒྲུབ་ཀྱིས། །སྐྱོ་ངལ་སོགས་ལ་ཅུང་ཟད་མི་དགོངས་པར། །ཇི་སྲིད་འཁོར་བ་མཐའ་རུ་མ་སྟོངས་བར། །གཟུགས་སྐུ་ནམ་ཡང་མྱ་ངན་མི་འདའ་བར། །བཞུགས་པའི་ཞབས་བརྟན་དངོས་བརྒྱུད་བར་གསུམ་འབུལ། །སྙིང་ནས་གསོལ་བ་རྩེ་གཅིག་གདབ་པར་བྱ། །དེས་ནི་དེད་དཔོན་རྣམས་དང་མི་འབྲལ་ཞིང་། །སྲོག་བཅད་སྡིག་སྦྱང་ཚེ་རིང་ནད་མེད་འགྱུར། །ཐེ་ཚོམ་གཉེན་པོ་དགེ་བ་བསྔོ་བ་ནི། །རང་གཞན་དུས་གསུམ་བསགས་པའི་དགེ་ཚོགས་ཀུན། །གཏན་བདེ་བླ་མེད་སངས་རྒྱས་གོ་འཕང་དུ། །མཁའ་ཁྱབ་སེམས་ཅན་མྱུར་དུ་འགོད་པའི་ཕྱིར། །ཡོངས་སུ་བསྔོ་བའི་འདུན་སྨོན་རྩེ་གཅིག་བྱ། །དེ་ཡིས་དགེ་བ་ཡང་དག་གོང་འཕེལ་ཞིང་། །བྱང་ཆུབ་མ་ཐོབ་བར་དུ་འཛད་མེད་འགྱུར། །དེ་ལྟར་ཡན་ལག་བདུན་པ་ཕུལ་བའི་མཐུས། །དྲི་མ་ཅན་གྱི་རིགས་ནི་ཆུས་བཀྲུས་ཏེ། །ཚོས་མདོག་བསྒྱུར་དང་ཉེ་བར་མཚུངས་པ་སྟེ། །སྡིག་སྒྲིབ་རགས་པ་ཕལ་ཆེར་སྦྱང་བ་དང་། །གཞི་ཡི་གནས་ལུགས་རྟོགས་པ་སླ་བ་སོགས། །དགོས་ཆེད་དུ་མར་ལྡན་ཕྱིར་ལྷག་པར་དུ། །དོན་གཉེར་རྩེ་གཅིག་བསྐྱེད་པ་གལ་དུ་ཆེ། །བསྙེན་སྔགས་བཛྲ་གུ་རུ་ལ་སོགས་པ། །བཟླ་ཚུལ་ལ་ཡང་ལེགས་པར་འཇུག་དགོས་ཏེ། །སྔགས་ཀྱི་སྒྲ་དོན་ནམ་ནི་ངོ་བོ་ནི། །ཨོཾ་ཞེས་སྐུ་ཡི་རྡོ་རྗེ་འགྱུར་བ་མེད། །ཨཱཿནི་གསུང་གི་རྡོ་རྗེ་འགག་པ་མེད། །ཧཱུྃ་ནི་ཐུགས་ཀྱི་རྡོ་རྗེ་འཁྲུལ་བ་མེད། །བཛྲ་འཕོ་འགྱུར་བྲལ་བས་རྡོ་རྗེ་སྟེ། །གུ་རུ་བླ་མ་པདྨ་བདེ་བ་དང་། །སིདྡྷི་དངོས་གྲུབ་སརྦ་ཐམས་ཅད་དང་། །ཧཱུྃ་ནི་སྩོལ་ཞེས་དེ་ཡང་བསྡུ་བྱས་ན། །རྡོ་རྗེའི་བླ་མ་བདེ་བའི་དངོས་གྲུབ་སྩོལ། །ཞེས་པ་ཡིན་གྱི་སྔགས་ཀྱི་སྒྲ་དོན་ཕྱིར། །ལ་ལ་མཚན་ནས་འབོད་ཅིང་ཐུགས་དམ་བསྐུལ། །ལ་ལ་ཡོན་ཏན་བརྗོད་ཅིང་བསྟོད་པར་བྱ། །དེ་ལྟར་བཟླས་པས་ཡེ་ཤེས་པ་བྱོན་ནས། །བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོགས་མེད་དུ། །ངེས་པར་སྟེར་བར་གདོན་མི་ཟ་བར་ཡིན། །དེ་ཕྱིར་ངེས་ཤེས་ལྷག་ཏུ་བསྐྱེད་པར་མཛོད། །བཟླ་ཚུལ་དངོས་ནི་ཆད་ལྷག་མ་སོང་བར། །ངག་གི་སྒྲ་དག་འདོན་ནས་རྣ་བས་ཉན། །རེད་མིན་སེམས་ཀྱིས་དཔྱད་དེ་མ་ཡེངས་བཟླ། །ལྷག་པར་འཕྲོ་འདུ་ཕྲིན་ལས་དམིགས་པ་ནི། །རང་ཉིད་རྣལ་འབྱོར་མ་ཡི་ཐུགས་ཀ་རུ། །ཟླ་དཀྱིལ་སྲན་མ་བཀས་པ་ཙམ་གྱི་སྟེང་། །ཧཱུྃ་དཀར་མཐར་རུ་སྔགས་ཕྲེང་གཡོན་དུ་བཀོད། །གཡས་སུ་འཁོར་ལས་འོད་ཟེར་ཁ་དོག་ལྔ། །རྩེ་མོར་མཆོད་པའི་ལྷ་མོ་དཔག་མེད་ཀྱིས། །མཆོད་རྫས་ནམ་མཁའ་གང་བ་རབ་སྤྲོས་ལ། །ཆོས་དབྱིངས་ཞིང་བཞུགས་སྐུ་གསུམ་རྒྱལ་བ་དང་། །སྲས་དང་སློབ་མ་བཅས་པ་ཐུགས་མཉེས་མཆོད། །འབུལ་བས་ལྷ་རྣམས་ཟག་མེད་བདེ་བས་མྱོས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ནི། །སྐུ་ནི་ཞི་དྲག་གསུང་ནི་ཡིག་འབྲུའི་རིགས། །ཐུགས་ནི་ཕྱག་མཚན་རྣམ་པར་དཔག་མེད་དང་། །འོད་ཟེར་དཀར་གསལ་དམར་མཐིང་སོགས་བཀྲག་ལ། །དྭངས་པ་བཅུད་ལ་སྣུམ་པ་དཔག་མེད་བྱུང་། །རང་གཞན་ཀུན་གྱི་སྤྱི་མགྲིན་སྙིང་ག་ནས། །ནང་དུ་ཞུགས་ཤིང་ཐིམ་པར་གྱུར་པའི་མོད། །སྡུག་བསྔལ་སྡིག་སྒྲིབ་ཆེས་ཆེར་བསལ་བ་ཡི། །ངན་སོང་མ་སྐྱེས་པ་རྣམས་སྐྱེ་སྒོ་ཁེགས། །སྐྱེས་པ་རྣམས་ཀྱི་སྡུག་བསྔལ་ཐག་བསྲིང་སྟེ། །ཅུང་ཟད་ལས་ཀྱི་རྣམ་སྨིན་སྲབ་པ་རྣམས། །སྐད་ཅིག་ཚེ་འཕོས་མི་ལུས་ཆོས་ལྡན་སྐྱེས། །ཆོས་སྒོ་མ་ཞུགས་ཞུགས་པར་བློ་རྒྱུད་བསྐུལ། །ཞུགས་རྣམས་བར་ཆད་ཞི་ཞིང་ལེགས་ལམ་བགྲོད། །བགྲོད་རྣམས་ཆོས་མཐར་ཕྱིན་ནས་མངོན་འཚང་རྒྱས། །ལུས་ནི་མ་སྨིན་སྨིན་ནས་གཟི་བརྗིད་ཆགས། །ངག་ནི་མ་སྨིན་སྨིན་ནས་ནུས་མཐུ་འབྱུང་། །ཡིད་ནི་མ་སྨིན་སྨིན་ནས་ཉམས་རྟོགས་འཕེལ། །ཡོན་ཏན་མ་རྫོགས་པ་རྣམས་རྫོགས་པ་དང་། །ཤེས་བྱའི་གནས་ལ་ཆགས་ཐོགས་མེད་པར་འགྱུར། །ཕྲིན་ལས་མ་རྒྱས་པ་རྣམས་རྒྱས་པ་ཡིས། །ལས་བཞིའི་ཕྲིན་ལས་ཐམས་ཅད་ལྷུན་གྲུབ་འགྱུར། །ཉན་རང་འགོག་པ་ལས་བསླང་བྱང་སེམས་ནི། །ཤེས་སྒྲིབ་ལས་ཀྱང་གྲོལ་སོང་སྙམ་པའི་ངང་། །རྟགས་བསྙེན་དུས་བསྙེན་གྲངས་བསྙེན་ལ་སོགས་པ། །གང་རུང་ཚད་དང་ལྡན་པ་བཟླ་བར་བྱ། །དེ་ལྟར་དམིགས་བཟླས་བྱས་པའི་ཕན་ཡོན་ནི། །ཚེ་འདིར་བགེགས་དང་བར་ཆད་མྱུར་ཞི་ཞིང་། །ལུས་ལ་ནད་མེད་བདེ་ལྡན་སྤྲུལ་སྐུ་ཐོབ། །ངག་ལ་བདེན་ནུས་སྟོབས་འབྱུང་ལོངས་སྐུ་ཐོབ། །སེམས་ལ་རྟོགས་པའི་རྩལ་རྫོགས་ཆོས་སྐུ་ཐོབ། །ཡི་དམ་ལྷ་ཡི་བྱིན་རླབས་དངོས་གྲུབ་སྟེར། །སྒྲིབ་གཉིས་བྱང་ནས་ཚོགས་གཉིས་རབ་རྫོགས་ཏེ། །ལས་བཞིའི་དཀྱིལ་འཁོར་རབ་འབྱམས་ལ་དབང་ཞིང་། །ཚེ་རབས་ཀུན་ཏུ་བླ་མ་ལྷག་པའི་ལྷས། །རྗེས་སུ་བཟུང་ནས་མཐར་ཐུག་རིགས་བདག་གིས། །ཐུགས་ཀློང་མངོན་པར་བྱང་ཆུབ་དགོས་ཆེད་སོགས། །དུ་མ་ཡོད་པས་དེ་ལྟར་ངེས་ཤེས་བསྐྱེད། །གཞན་དུ་མ་ཡེངས་རྩེ་གཅིག་བཟླ་བ་དང་། །མོས་གདུང་དྲག་པོས་གསོལ་བ་ཡང་ཡང་བཏབ། །བསྙེན་པའི་གྲངས་ཟིན་ཐུན་མཐར་བསྡུ་བའི་སྐབས། །གཞི་དབང་ཐོབ་པ་མི་ཉམས་སྲུང་བ་དང་། །མཐར་ཐུག་འབྲས་དབང་མངོན་དུ་འགྱུར་བའི་ཕྱིར། །ལམ་དབང་བཞི་པ་རྒྱུན་དུ་འདི་ལྟར་ཞུ། །གུ་རུའི་སྨིན་མཚམས་ཨོཾ་ཡིག་དཀར་པོ་ལ། །ཟླ་བའི་འོད་བཞིན་འོད་དཀར་འཕྲོས་པ་དེ། །རང་གི་དཔྲལ་བར་ཡོངས་སུ་ཐིམ་པའི་མོད། །སྐུ་ནི་བུམ་པའི་དབང་ཐོབ་ལུས་ཀྱི་ལས། །གསུམ་དང་རྩ་ཡི་སྒྲིབ་པ་ཐམས་ཅད་དག །ལམ་ནི་བསྐྱེད་རིམ་སྒོམ་པའི་སྣོད་དུ་རུང་། །འབྲས་བུ་སྤྲུལ་སྐུའི་ས་བོན་ཐེབ་པར་བསྒོམ། །དེ་ནས་མགྲིན་པ་ཨཱཿཡིག་དམར་པོ་ལས། །ཉི་མའི་ཟེར་བཞིན་དམར་སེར་འོད་འཕྲོས་པ། །རང་གི་མགྲིན་པར་ཡོངས་སུ་ཐིམ་པའི་མོད། །གསང་བའི་དབང་ཐོབ་ངག་གི་མི་དགེ་བཞི། །རླུང་གི་སྒྲིབ་དག་རྫོགས་རིམ་བསྒོམ་ལ་དབང་། །འབྲས་བུ་ལོངས་སྐུ་ས་བོན་ཐེབ་པར་བསྒོམ། །དེ་ནས་ཐུགས་ཀའི་ཧཱུྃ་ཡིག་སྔོན་པོ་ལས། །སྤོས་དུད་ཇི་བཞིན་འོད་ཟེར་སྔོན་པོ་འཕྲོས། །རང་གི་སྙིང་གར་ཡོངས་སུ་ཐིམ་པའི་མོད། །ཤེས་རབ་ཡེ་ཤེས་དབང་ཐོབ་ཡིད་ཀྱི་ལས། །གསུམ་དང་ཐིག་ལེའི་སྒྲིབ་པ་མ་ལུས་དག །ལམ་ནི་བདེ་སྟོང་བསྒོམ་ལ་དབང་བ་དང་། །འབྲས་བུ་ལོངས་སྐུའི་ས་བོན་ཐེབ་པར་བསྒོམ། །སླར་ཡང་ཐུགས་ཀའི་ཧཱུྃ་ལས་གཉིས་པ་ཞིག །སྐར་མདའ་ཆད་པ་བཞིན་དུ་བྱུང་བ་དེ། །རང་གི་སེམས་དང་དབྱེར་མེད་འདྲེས་པའི་མོད། །ཚིག་དབང་ཐོབ་ཅིང་སྒོ་གསུམ་རྟེན་གཞི་དང་། །བག་ཆགས་ཤེས་བྱའི་སྒྲིབ་པ་ཡོངས་སུ་དག །ལམ་ནི་ཀ་དག་ཁྲེགས་ཆོད་སྒོམ་ལ་དབང་། །འབྲས་བུ་ངོ་བོ་ཉིད་སྐུའི་ས་བོན་ཐེབ། །སྙམ་ནས་ལྷག་པར་རྩེ་གཅིག་གསོལ་བ་བཏབ། །གུ་རུའི་ཐུགས་ནི་བརྩེ་བ་ཆེན་པོའི་ངང་། །ཞལ་འཛུམ་སྤྱན་གཉིས་རྗེས་ཆགས་གཡོ་བ་ཅན། །སླར་ཡང་ཐུགས་ཀའི་ཧཱུྃ་ལས་ཟེར་དམར་པོ། །དྲོད་དང་ལྡན་པ་ཐོན་ནས་རང་ཉིད་ཀྱི། །སྙིང་གར་ཐིམ་པའི་མོད་ལ་ལུས་འོད་ཀྱི། །གོང་བུ་སྲན་མ་ཙམ་དུ་གྱུར་ནས་ཀྱང་། །མེ་སྟག་ཡལ་བཞིན་གུ་རུའི་ཐུགས་ཀར་ཐིམ། །དེའི་ངང་ཅི་གནས་མཉམ་པར་བཞག་པར་བྱ། །དེ་ལྟར་སྒོམ་བཟླས་ཕན་ཡོན་ཚད་མེད་དེ། །བླ་མ་འགྲུབ་པའི་རྟགས་མཚན་འདི་ལྟར་འབྱུང་། །ཞལ་འཇལ་དབང་ཐོབ་ཆོས་གསུང་ལུང་བསྟན་དང་། །འོད་ཟེར་སྤྲོ་བསྡུ་བྱིན་རླབས་འཇུག་པ་སོགས། །དངོས་སུ་དྲན་པ་ཙམ་གྱིས་ཉམས་མྱོང་འབར། །ཕྱི་ཡི་སྣང་བ་བན་བུན་ལང་ལོང་འགྲོ། །ནང་གི་ཤེས་པ་གསལ་རྗེན་འཆར་བ་དང་། །བར་དུ་རྣམ་པར་རྟོག་པའི་རྒྱུན་ཆད་ནས། །བླ་མའི་མཚན་ནས་འབོད་པར་མི་བྲ་ཞིང་། །ཅུང་ཟད་འབྲལ་བར་མི་ནུས་ལྟ་བུ་སོགས། །དངོས་ཉམས་རྨི་ལམ་རྟགས་མཚན་སྣ་ཚོགས་འབྱུང་། །ཐར་ལམ་འཇུག་ཅིང་ས་ལམ་བར་ཆད་ཞི། །དངོས་གཞིའི་ཉམས་མྱོང་རྒྱུད་ལ་འབྱོར་སླ་ཞིང་། །གནས་ལུགས་རྩལ་རྫོགས་བརྟན་པ་ཐོབ་པ་དང་། །མཆོག་ཐུན་དངོས་གྲུབ་མྱུར་དུ་ཐོབ་པ་སོགས། །ཕན་ཡོན་ཚད་མེད་ལྷག་ཏུ་ཤེས་པར་བྱོས། །སླར་ཡང་རྗེས་སུ་ཅིར་སྣང་བླ་མའི་སྐུ། །གྲགས་ཚད་གསུང་དང་དྲན་རྟོག་ཐུགས་རང་བཞིན། །སྣང་སྲིད་ཐམས་ཅད་བླ་མའི་གསང་གསུམ་གྱི། །རྣམ་པར་ཤེས་པ་ཡོངས་སུ་ཤེས་པའི་ངང་། །དག་པའི་སྣང་བ་རྒྱུན་ཆད་མེད་པར་སྒོམས།།  ༈  །།ད་ནི་དེ་དག་ཀུན་དང་འབྲེལ་དགོས་ངེས། །རྗེས་ཀྱི་བྱ་བ་བསྔོ་སྨོན་རིམ་པ་ནི། །དགེ་བའི་ཁ་བསྒྱུར་ཡིན་པས་མེད་ཐབས་མེད། །དགེ་བ་འདི་ཡི་མྱུར་དུ་བདག་སོགས་བརྗོད། །དགེ་བ་གང་འགྲུབ་བསྔོ་སྨོན་རྒྱས་ཐེབ་དགོས། །དེ་ཡང་མཚན་དོན་འགྲེལ་ཙམ་ཞིག་འགོད་པ༑ །སེམས་ཅན་སངས་རྒྱས་གོ་འཕང་ཐོབ་ཕྱིར་དུ། །དགེ་བའི་རྩ་བ་བསྔོ་བར་བྱ་བ་ཡིན། །རང་གཞན་དོན་གཉིས་འགྲུབ་པ་ཡིད་ཀྱིས་སྨོན། །བདེན་པའི་ཚིག་དང་བཅས་ཏེ་ལམ་ལ་སྦྱོར། །དེ་ཕྱིར་བསྔོ་བ་སྨོན་ལམ་ཅེས་པ་ཡིན། །དེ་ལྟར་ཚིག་དོན་ཟུང་དུ་འབྲེལ་བའི་ངང་། །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་སོགས། །བསྔོ་སྨོན་རིམ་པས་ཡང་དག་མཚམས་སྦྱར་ན། །དགེ་བའི་འབྲས་བུ་གོང་ནས་གོང་དུ་འཕེལ། །དགེ་རྩ་གནད་ལ་སྨིན་སོགས་དགོས་གལ་ཆེ། །དེ་ཕྱིར་བསྔོ་སྨོན་འདི་ལ་ནན་ཏན་མཛོད། །བསྔོ་བྱ་བསྔོ་བྱེད་དམིགས་བཅས་དམིགས་མེད་སོགས། །གང་གིས་རྩིས་ནི་ཟིན་པར་མ་གྱུར་ཚེ། །གཏི་མུག་བཏང་སྙོམས་ལུང་མ་བསྟན་ཞེས་བྱ། །དགེ་རྩ་གང་འགྲུབ་ཕན་གནོད་ཅུང་ཟད་མེད། །བར་མ་དོ་རུ་ཆུད་ཟོས་འགྲོ་ཉན་ཡོད། །དེས་ན་ཇི་ལྟར་བསྔོ་བར་བྱ་སྙམ་ན། །རྒྱུ་ནི་རང་གི་བསྐྱེད་རྫོགས་གང་བསྒོམ་པའི། །དགེ་བ་དེ་དག་དམིགས་རྟེན་མཚོན་བྱས་ནས། །རྒྱལ་བ་སྲས་དང་སློབ་མར་བཅས་པ་ཡིས། །དུས་གསུམ་བསགས་པའི་དགེ་ཚོགས་གང་མཆིས་ཀུན། །མཚོན་བྱར་བྱས་ཏེ་གཅིག་ཏུ་བསྡོམས་པའི་ངང་། །ཡུལ་ནི་གང་དུ་བསྔོ་བར་བྱ་སྙམ་ན། །ལྷ་མིའི་བདེ་བ་ཙམ་དང་ཉན་རང་དང་། །བྱང་སེམས་གོ་འཕང་ཐོབ་ཕྱིར་ཙམ་བསྔོས་ན། །དམིགས་བཅས་བསྔོ་བ་དུག་ཅན་ཞེས་པ་སྟེ། །ས་ལམ་ཅུང་ཟད་འགལ་དུ་འགྲོ་བ་ཡིན། །དེས་ན་ཡུལ་མཆོག་མཐར་ཐུག་དུས་གཏན་གྱི། །བདེ་བ་བླ་མེད་དོན་གཉིས་ལྷུན་གྲུབ་པའི། །སྐུ་བཞི་ཡེ་ཤེས་ལྔ་ཡི་ངོ་བོ་སྟེ། །ཁྱབ་བདག་རྒྱལ་བ་རྡོ་རྗེ་འཆང་ཉིད་ཀྱི། །གོ་འཕང་དྲི་མ་མེད་ལ་ཚད་འཛུགས་དགོས། །དེ་ནི་སུ་ཡི་ཆེད་དུ་བསྔོ་སྙམ་ན། །རང་དོན་ཉེ་འབྲེལ་འབྲེལ་ཐོགས་ལ་སོགས་པ༑ །ཕྱོགས་རེ་ཙམ་གྱི་ཕྱིར་དུ་མ་ཡིན་པར། །ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ་ཡོད། །སེམས་ཅན་གར་ཡོད་ཕ་མ་དྲིན་ཆེན་ཡིན། །དེ་ཀུན་བདེ་སྡུག་ལས་འབྲས་ཀྱིས་ཁྱབ་པས། །དེ་དག་སངས་རྒྱས་གོ་འཕང་དམ་པ་རུ། །མྱུར་བ་ཉིད་དུ་ཕྱམ་གཅིག་འགོད་པའི་ཕྱིར། །བསྔོ་སྨོན་ཟབ་མོས་རྒྱས་འདེབས་བྱ་དགོས་ཤིང་། །དེ་ཡང་འཁོར་གསུམ་དམིགས་པ་མེད་པ་ཡི། །ཤེས་རབ་ཟབ་མོས་ཡོངས་སུ་རྩིས་ཟིན་ན། །དམིགས་མེད་བསྔོ་བ་དུག་མེད་ཅེས་པ་སྟེ། །ཁྱད་པར་དུ་མས་འཕགས་པ་ཉིད་ཡིན་ནོ། །ལམ་མཆོག་ཤེས་རབ་སྙིང་རྗེས་མ་ཟིན་པའི། །དགེ་བ་དམན་ཏེ་དཔེར་ན་ཆུ་ཤིང་ནི། །འབྲས་བུ་ལན་གཅིག་སྨིན་ནས་སྐམ་པ་ལྟར། །དེ་ནི་གཏི་མུག་ས་པས་བསྡུས་པའི་ཕྱིར། །དགེ་རྩ་རྐྱེན་གྱིས་འཇོམས་ཤིང་སྐྱེད་མི་འཕེལ། །མངོན་མཐོའི་བདེ་འབྲས་བསྐྱེད་ནས་ཟད་འགྱུར་པས། །བསོད་ནམས་ཆ་མཐུན་དགེ་བ་ཞེས་བྱའོ། །ལམ་མཆོག་ཤེས་རབ་ཟབ་མོས་ཟིན་ནས་བཟུང་། །དགེ་རྩ་རྐྱེན་གྱིས་མི་འཇིགས་གོང་འཕེལ་འགྱུར། །དེས་ནི་བྱང་ཆུབ་བླ་མེད་ཐོབ་བྱེད་པས། །ཐར་པ་ཆ་མཐུན་དགེ་བ་ཞེས་བྱ་སྟེ། །དཔེར་ན་ལྕགས་ལ་གསེར་འགྱུར་རྩིས་ཐེབས་ལྟར། །གནས་སྐབས་མངོན་མཐོ་མཐར་ཐུག་ངེས་ལེགས་ཀྱི། །གོ་འཕང་མྱུར་དུ་ཐོབ་པའི་རྒྱུ་བྱེད་པས། །དགེ་རྩ་བདེན་མེད་སྟོང་པའི་ཤེས་རབ་ཀྱིས། །རྩིས་སུ་ཟིན་ན་ཁྱད་པར་དུ་མས་འཕགས། །དེ་ཕྱིར་དེ་ལྟར་འབྱོང་བ་གལ་དུ་ཆེ། །འོན་ཀྱང་རང་རེ་ལས་ནི་དང་པོ་པས། །འཁོར་གསུམ་བདེན་མེད་མཉམ་པར་བཞག་བྱས་ཀྱང་། །དམིགས་བཅས་དེ་ལས་ནམ་ཡང་མི་འདའ་ཞིང་། །ནམ་ཞིག་སྟོང་ཉིད་ཟབ་མོ་རྟོགས་པའི་ཚེ། །རྣམ་པ་དམིགས་བཅས་ཇི་ལྟར་བསྒོམས་གྱུར་ཀྱང་། །ངོ་བོ་ཤེས་རབ་སྟོང་པས་རང་ཤུགས་ཟིན། །དེ་ལྟར་མ་རྟོགས་བར་དུ་རེ་ཞིག་ལ། །ལྷག་བསམ་ལྡན་པ་ཁོ་ན་རག་ལས་ཤིང་། །དེ་སྟོབས་ཆེ་བས་རེ་ཞིག་གོམས་པར་མཛོད། །དེ་ཡང་གོང་དུ་བཤད་བཞིན་ཚུལ་བསྡུ་ན། །མཁའ་ཁྱབ་སེམས་ཅན་ཕ་མ་ཐམས་ཅད་ནི། །མྱུར་དུ་སངས་རྒྱས་ས་ལ་འགོད་པའི་ཕྱིར། །རྒྱལ་བ་སྲས་བཅས་ཇི་ལྟར་བསྔོས་པ་བཞིན། །བདག་ཀྱང་རྗེས་སུ་སློབ་ནས་དགེ་བ་ཀུན། །ཡོངས་སུ་བསྔོ་བར་བགྱི་འོ་སྙམ་པ་ཡི། །འདུན་པ་རྩེ་གཅིག་ངང་དུ་འདུས་ཡོད་པས། །ཚིག་རྗེས་དོན་དྲན་ངང་ནས་བསྔོ་སྨོན་གྱིས། །བདེན་ཚིག་ཟབ་མོ་ཆད་ལྷག་མ་སོང་བར། །ཤིན་ཏུ་དལ་ཆགས་ཞིབ་ཀྱིས་འདོན་པར་བྱའོ། །གྲུབ་རིགས་སྐྱེས་ནས་མན་ངག་ཟབ་མོ་ཡིས། །ཀུན་བྱེད་སེམས་ཀྱི་རྩ་བ་བཅད་པ་ལས། །གཟུང་འཛིན་དྲྭ་བར་བསྡོམས་པའི་ཐོས་བསམ་དང་། །ཚེ་འདི་འཇིག་རྟེན་ཆོས་བརྒྱད་སྒྲུབ་མཁན་མིན། །ཆོས་དང་གང་ཟག་གཅིག་ཏུ་མ་ངེས་ཀྱང་། །སྔོན་འགྲོ་ཕལ་ཆེར་རྒྱས་བསྡུས་མཚམས་པ་དཀོན། །དཔེ་དང་ལུང་འདྲེན་ཟབ་ཅིང་རྒྱ་ཆེ་བ། །བླུན་རྨོངས་སོ་སྐྱེའི་གོ་བས་མ་ཆུན་ཏེ། །འཆད་ཉན་གང་བགྱིས་ཚིག་ཐོག་ན་བུན་ཡལ། །ཤེས་རློམ་ང་རྒྱལ་ཆེ་བས་ཡུས་ཀྱིས་བརྒྱལ། །གསུང་རབ་ཕལ་ཆེར་རྡུལ་ཁྲོད་གཟིམས་དུ་ཉེ། །ངན་འགྲོར་ཕྱོགས་རྣམས་དབང་ཤེས་ལྡོང་བའི་སྐབས། །ཉམ་ཐག་རི་ཡི་སུལ་ན་གནས་བཅས་ཏེ། །དོན་གནད་ཉམས་ལེན་སྙིང་པོར་དྲིལ་འདོད་མཁས། །སྔོན་བསགས་དགེ་བའི་ལས་ཀྱི་མཐུ་སྟོབས་དང་། །རྒྱལ་བའི་ཐུགས་རྗེས་འགའ་ཡང་འབྱུང་སྲིད་ན། །སྙམ་སྟེ་ལྷག་བསམ་བཟང་པོའི་ཤུགས་དང་བཅས། །བཤད་བདེ་ཉན་བདེ་ཉམས་ལེན་འཇུག་བདེ་ཕྱིར། །གྲུབ་དབང་མཆོག་གི་ཞལ་རྒྱུན་གཙོ་བོར་བཟུང་། །མཁས་གྲུབ་དུ་མའི་གསུང་གིས་ཟུར་བརྒྱན་ཏེ། །གོང་འོག་འཕྲི་བས་རྒྱས་བསྡུས་འཚམས་པ་དང་། །ཤིན་ཏུ་ཁ་གསལ་གནད་ཐོག་བསྣུན་པ་ཡི། །ཐུན་མིན་སྔོན་འགྲོའི་ཁྲིད་ཡིག་ནོར་བུའི་ཕྲེང་། །སྐལ་བཟང་མགུལ་པ་མཛེས་པའི་རྒྱན་དུ་སྤེལ། །དགེ་བ་འདིས་མཚོན་དུས་གསུམ་དགེ་ཚོགས་ཀུན། །གཅིག་ཏུ་བསྡུས་པ་ནམ་མཁའི་ནོར་བུ་ཉིད། །མ་རྒན་ཡིད་ཅན་ཡིད་ཀྱི་མཁར་ཤར་ཏེ། །མི་ཤེས་རྨོངས་པའི་མུན་པ་རིང་དུ་བཅིལ། །ཕྱོགས་རྣམས་ཀུན་ཏུ་རྒྱལ་བསྟན་པད་ཚལ་བཞད། །བསྟན་འཛིན་སྐྱེས་བུའི་མཛད་དགེའི་འདབ་མ་གྲོལ། །དགེ་འདུན་ཚོགས་རྣམས་ཆོས་སྤྱོད་བཅུ་རབ་རྒྱས། །དམ་ཆོས་མི་ནུབ་བསྟན་པ་འཕེལ་རྒྱས་ཤོག །ཅེས་ཐུན་མིན་སྔོན་འགྲོའི་ཁྲིད་ཡིག་ཚིགས་བཅད་ནོར་བུའི་ཕྲེང་བ་ཞེས་བྱ་བ་འདི། ཐེག་པ་མཆོག་གི་རྣལ་འབྱོར་པ་གྲུབ་དབང་ཤཱཀྱ་ཤྲཱི་ཛྙཱ་ནའི་གདུང་རིགས་སུ་གྱུར་པ་འཕགས་མཆོག་རྡོ་རྗེས་གྲུ་རི་གསོལ་སྡེར་བཀྲ་ཤིས་འཁྱིལ་བའི་དབེན་གནས་གཟིམས་སྤྱིལ་འོད་གསལ་རྫོང་དུ་རབ་རྒྱས་ཤིང་ཁྱི་གྲོ་བཞིན་ཟླ་བའིདཀར་ཕྱོགས་གུ་རུ་པདྨ་འབྱུང་གནས་ཀྱི་དུས་ཆེན་བཟང་པོར་བཀོད་པ་དགེའོ།། །། }}
ཞེས་བྱ་བ་བཞུགས་སོ།།
</onlyinclude>
རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་བླ་མ་དང་། །ཐར་ལམ་སྟོན་པའི་དེད་དཔོན་བླ་མེད་པ། །ཡོངས་འཛིན་དགེ་བའི་བཤེས་གཉེན་མཆོག་རྣམས་ལ། །སྒོ་གསུམ་འཇུག་པ་གཅིག་པས་ཕྱག་བཙལ་ནས། །སེམས་ཅན་ཨ་འཐས་གཟུང་འཛིན་གྱིས་འཁྲུལ་ནས། །དགེ་སྡིག་བླང་དོར་མི་ཤེས་རྨོངས་པ་རྣམས། །ཚོགས་བསགས་སྒྲིབ་སྦྱོང་ཐར་པའི་ལམ་སྟོན་ཕྱིར། །ཐུན་མིན་སྔོན་འགྲོའི་ཚིག་དོན་གསལ་བར་བཀོད། །དེ་ཡང་སྐལ་ལྡན་ཐར་ལམ་མོས་པ་དག །ཆོས་རྣམས་ཀུན་གྱི་སྔོན་འགྲོ་བསགས་སྦྱང་ལ། །ཚིག་ཙམ་གྲངས་གསོག་དམིགས་འདུན་ཙམ་མེད་པ། །ཆོས་བཞིན་མི་ལྡན་དཔོན་ལ་ཁྲལ་འཇལ་ལམ། །གཡོག་ངན་ལ་ལའི་ལས་ཀ་ལྟར་བྱས་པས། །ཚོགས་རྫོགས་སྒྲིབ་བྱང་གནད་ལ་མི་སྨིན་ཏེ། །དོན་གཉེར་བརྩོན་འགྲུས་མེད་པའི་མི་གང་གིས། །འཇིག་རྟེན་བྱ་བ་སྣ་རེའང་མི་འགྲུབ་ན༑ །དམ་ཆོས་ཟབ་མོ་འགྲུབ་པ་ལྟ་ཅི་སྨོས། །དེ་ཕྱིར་དད་པ་དོན་གཉེར་དཀའ་སྤྱད་དང་། །བརྩོན་འགྲུས་ཁྱད་པར་འཕགས་པ་མཆོག་ཏུ་གཅེས། །དེ་ནས་བརྒྱུད་ལྡན་བླ་མའི་ཞལ་རྒྱུན་དང་། །ཕྱག་བཞེས་ཟབ་མོ་ཇི་ལྟར་མ་ནོར་བར། །སྒོ་གསུམ་ཤིན་ཏུ་མ་ཡེངས་རྣལ་བབ་དང་། །དོན་རྣམས་གསོལ་འདེབས་འདོན་བྱ་གང་ཡིན་རྣམས། །ཞིབ་པར་མ་ནོར་ངེས་པར་བློ་ལ་འཛིན། །དེ་ནས་རང་ཉིད་གང་ལ་མོས་པ་ཡི། །སྐྱབས་ཡུལ་ལ་སོགས་མ་འདྲེས་གསལ་བཏབ་ལ། །ཡིད་ཆེས་དད་པ་རྩེ་གཅིག་དང་བཅས་པས། །སྤྱན་སྔར་མཆོད་སོགས་དངོས་སུ་བཤམས་པ་དང་། །ཡིད་སྤྲུལ་ཁྱད་མེད་སྣང་བ་མ་འགྱུར་བར། །དམིགས་འདུན་རྩེ་གཅིག་དྲིལ་ནས་སྒོམ་པ་ལས། །ས་རྡོ་རི་བྲག་བར་སྣང་སྟོང་པ་ལ༑ །འབུལ་ཡུལ་འབུལ་བྱ་འབུལ་བྱེད་ལྟ་བུ་ཡི། །སླ་ཆོས་ཙམ་ལ་ཡིད་བརྟེན་མ་བྱེད་པར། །དཀའ་བ་དང་བླངས་སླ་བ་རྒྱབ་ཏུ་དོར། །སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། །རྗེས་སུ་སྒྱུ་མ་ལྟ་བུའི་བསྔོ་བ་སྟེ། །དམ་པ་གསུམ་གྱི་ལག་ལེན་ཚད་ལྡན་རེ། །ངེས་པར་རྒྱུད་ལ་འབྱོར་བ་མ་གཏོགས་པ། །དད་པ་དོན་གཉེར་ཅི་ཡང་མེད་པའི་ངང་། །མགོ་ཆད་གཞུག་རྡུམ་བསྒོམ་བྲལ་བཟླས་བརྗོད་ཀྱི། །ཚོགས་རྫོགས་སྒྲིབ་པ་བྱང་བ་ལྟ་ཞོག་གི། །ཆོས་ལ་བརྟེན་པའི་ཚོགས་ངན་ཚབས་པོ་ཆེ། །བསགས་པའི་རྒྱུ་རུ་མི་འགྱུར་ངེས་ངེས་མེད། །ལར་ནི་ཚེ་རབས་བསགས་པའི་སྡིག་སྒྲིབ་རྣམས། །དངོས་པོའི་གཟུགས་སུ་མཆིས་ན་རི་བོ་འམ། །རྒྱ་མཚོའི་གཏིང་ངམ་ཐང་གི་མཐའ་རྒྱ་ལྟར། །ཟབ་ཅིང་རྒྱ་ཆེ་ཕ་མཐའ་ཡས་པར་ཡོད། །དེ་དག་མ་བཤགས་བཏང་སྙོམས་སུ་འཇོག་ན། །ཤེས་བཞིན་དུག་ནི་འཐུང་བ་ཇི་ལྟ་བུར། །རང་གི་རང་ཉིད་ངེས་པར་བསླུས་པ་ཡིན། །དེ་ནས་ཐབས་ཤེས་འབྱོར་བ་ཕུན་ཚོགས་དུས། །དད་བརྩོན་དྲག་པོས་ངེས་པར་མ་སྦྱངས་ན། །འཁོར་བའི་འཇིགས་པ་སྡུག་བསྔལ་དཔག་མེད་རྣམས། །སེལ་ཐབས་དམིགས་འདུན་གཏད་ཡུལ་གང་ལ་བྱ། །དམ་ཆོས་གང་འགྲུབ་ཕྱི་མའི་གཏན་དོན་དུ། །བསམ་བློ་འཁོར་ངེས་བཏང་སྟེ་སྤང་བླང་རྣམས། །ངེས་ཤེས་བརྟན་པོས་གཞི་བཟུང་གལ་དུ་ཆེ།།  ༈  །།དེ་ནས་རང་རྒྱུད་ལས་སུ་རུང་བྱེད་པ། །སྐྱབས་སུ་འགྲོ་བའི་རིམ་པ་འདི་ལྟ་སྟེ། །དཀོན་མཆོག་གསུམ་སོགས་ཞེས་པའི་ཚིག་དོན་ནི། །འཇིག་རྟེན་དག་ན་འབྱུང་བར་དཀའ་བས་དཀོན། །བླ་མེད་དྲི་མེད་མཐུ་ལྡན་རྒྱན་གྱུར་མཆོག །གསུམ་ནི་དོན་གཉིས་མཐར་ཕྱིར་རྫོགས་སངས་རྒྱས། །སྒྲིབ་གཉིས་མུན་སེལ་བདེན་གཉིས་དམ་པའི་ཆོས། །རིམ་གཉིས་མཐར་ཕྱིན་རིག་གྲོལ་དགེ་འདུན་ཏེ། །སྲིད་ཞིའི་འཇིགས་པ་མཐའ་དག་སྐྱབས་པའི་ཕྱིར། །ཡང་དག་ལམ་ལ་འགྲོ་བར་རྩོམ་པས་ན༑ །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཞེས་པ་ཡིན། །དེ་ལྟར་སྐྱབས་སུ་འགྲོ་བ་གལ་གནད་ཆེ། །སྐྱབས་སུ་མ་སོང་སྡོམ་པ་ཙམ་མི་ཐོབ། །སྡོམ་པ་མ་བསྡམས་ལམ་ནི་གཏན་ནས་མེད། །དེ་ཕྱིར་ལམ་རྣམས་ཀུན་གྱི་གཞི་རྟེན་ཏེ། །ཆོས་ལ་འཇུག་སྒོ་མ་ནོར་ཡང་དག་བྱེད། །ལམ་སྣ་ཟིན་ནས་འདི་ཕྱི་ཀུན་ཏུ་སྐྱོབས། །ཕན་བདེ་ཚད་མེད་གཏན་བདེའི་གོ་འཕང་སྟེར། །དེ་ཕྱིར་ཀུན་གྱི་འབྱུང་གནས་ཡིན་པའི་ཕྱིར། །ངེས་ཤེས་ཁྱད་འཕགས་བསྐྱེད་པ་སྔོན་སོང་ནས། །ཉམས་ལེན་སྙིང་པོ་གཅིག་ཏུ་དྲིལ་བའི་སྐབས། །དད་པ་རྣམ་པ་གསུམ་གྱི་གཞི་བཟུང་དགོས། །དེ་ཡང་མཆོག་གསུམ་རྟེན་སོགས་མཇལ་བའི་ཚེ། །དང་བའི་དད་པ་འཕྲལ་དུ་སྐྱེས་པ་ཡིན། །གནས་སྐབས་མཐར་ཐུག་ཡོན་ཏན་ཡོད་པ་རྣམས། །འདོད་པའི་དད་པ་རང་རྒྱུད་འབྱོར་སེམས་ཡིན། །སྐྱབས་སོང་རྣམས་ལ་འདི་ཕྱི་ཚེ་རབས་ཀུན། །ངེས་པར་མི་བསླུ་ཤེས་པ་ཡིད་ཆེས་ཏེ། །དད་པའི་ཨ་ལོང་ཐུགས་རྗེའི་ལྕགས་ཀྱུའི་དཔེས། །དད་པ་རབ་འབྲིང་ཐ་མ་གང་ཡོད་པར། །ཐུགས་རྗེ་བྱིན་རླབས་དངོས་གྲུབ་དེ་ལྟར་འཇུག །དེ་ཡང་རྒྱལ་རྣམས་གཤེགས་བཞུགས་འཕོ་འགྱུར་མེད། །མཁྱེན་པའི་ཡེ་ཤེས་གསལ་འགྲིབ་སྤྲོས་པ་མེད། །བརྩེ་བ་ཆེན་པོ་འགྲོ་དོན་སྐྱོ་ངལ་མེད། །ནུས་པ་ཐོགས་རྡུགས་མེད་པའི་ཕྲིན་ལས་ཀྱིས། །གསང་གསུམ་འཇུག་པ་གང་ལ་གང་འདུལ་སྟོན། །དེ་ཕྱིར་རྒྱལ་བའི་ཡོན་ཏན་ཁྱད་པར་འཕགས། །རང་རེས་སྙིང་ནས་གསོལ་བ་འདེབས་ནུས་ན། །ཆོས་ཉིད་དབྱིངས་ནས་བྱིན་རླབས་དངོས་གྲུབ་ཀུན། །ཐོགས་རྡུགས་མེད་པ་ངམ་ངམ་ཤུགས་ཀྱིས་འབྱུང་། །དེ་ནས་དད་པ་དག་སྣང་མོས་གུས་རིགས། །ཕལ་དང་ཕལ་ལས་ཁྱད་པར་འཕགས་པ་ཡི། །བཟོད་མེད་མོས་གུས་དྲག་པོས་བསྐྱེད་པ་གནད། །དེ་ནས་ཐེག་པ་ཆེ་འབྲིང་ཆུང་གསུམ་གྱི། །སྐྱབས་ཡུལ་སྐྱབས་མཁན་དུས་དང་འབྲས་བུ་སོགས། །རྣམ་དབྱེ་དཔག་མེད་ཡོད་ཀྱང་མདོར་བསྡུས་ན། །སྐྱབས་འགྲོའི་དོན་ཀྱང་སེམས་བསྐྱེད་རྣམ་གསུམ་སྟེ། །ཆུང་ངུས་མངོན་མཐོ་ལྷ་མིའི་བདེ་འབྲས་འདོད། །ངན་སོང་གསུམ་གྱི་འཇིགས་ལས་གྲོལ་ཕྱིར་སྐྱབས། །ཉན་རང་རྣམས་ནི་རིགས་དྲུག་གནས་ལས་འཇིགས། །རང་ཉིད་ཞི་བདེ་ཐོབ་ཕྱིར་སྐྱབས་སུ་འགྲོ། །ཆེན་པོས་རང་དོན་ཞི་བདེའི་འདོད་པ་སྤང་། །གཞན་དོན་སངས་རྒྱས་ཐོབ་ཕྱིར་སྐྱབས་སུ་འགྲོ། །དུས་ནི་ཆུང་ངུས་ཚེ་འདིའི་འདོད་དོན་དང་། །ཕྱི་མ་མཐོ་རིས་གོ་འཕང་མ་ཐོབ་བར། །འབྲིང་གིས་གནས་སྐབས་ཇི་སྲིད་འཚོ་ཡི་བར། །མཐར་ཐུག་དགྲ་བཅོམ་གོ་འཕང་མ་ཐོབ་བར། །ཆེན་པོས་སྙིང་པོ་བྱང་ཆུབ་མཆིས་ཀྱི་བར། །ཆོས་སྐུའི་ཡེ་ཤེས་མངོན་དུ་མ་གྱུར་བར། །ཡུལ་ཡང་ཆུང་ངུས་སངས་རྒྱས་མཆོག་སྤྲུལ་དང་། །ཆོས་ནི་ལུང་དང་རྟོགས་པའི་གསུང་རབ་སྟེ། །དགེ་འདུན་སོ་སྐྱེ་འཕགས་པ་གཉིས་ལའོ། །འབྲིང་པོས་སངས་རྒྱས་མཆོག་སྤྲུལ་ཤཱཀ་ཐུབ་དང་། །ཆོས་ནི་འགོག་བདེན་ཞི་བའི་བདག་ཉིད་དང་། །དགེ་འདུན་བདག་མེད་རྟོགས་པའི་ཉན་རང་ཚོགས། །ཆེན་པོས་སངས་རྒྱས་སྐུ་གསུམ་བདག་ཉིད་དང་། །ཆོས་ནི་དོན་དམ་རྣམ་པར་ངེས་པ་སྟེ། །དགེ་འདུན་འདུས་མ་བྱས་པའི་ཚོགས་ལའོ། །མཐར་ཐུག་དོན་དམ་ཆེན་པོའི་སྐྱབས་འགྲོ་ནི། །གཟུགས་སྐུ་མ་ཡིན་ཆོས་སྐུ་ཉག་གཅིག་དང་། །སྒྲ་ཚིག་ལས་འདས་སོ་སོར་རང་རིག་ཆོས། །ཀུན་རྫོབ་མ་ཡིན་དོན་དམ་དགེ་འདུན་ལའོ། །ཡང་གསང་དེ་ཁོ་ན་ཡི་སྐྱབས་འགྲོ་ནི། །དཀོན་མཆོག་གསུམ་ཀ་རང་སེམས་ལྷུན་གྲུབ་སྟེ། །ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་ཅན། །གཞན་དུ་མི་སྨོན་འབྲས་བུའི་མཐར་ཐུག་ཉིད། །བསྐྱབ་བྱ་སྐྱོབ་བྱེད་སྐྱབས་འབྲས་ཡོངས་སུ་རྫོགས། །སྐྱབས་ཀྱི་སྙིང་པོ་ཡང་ཟབ་ཤེས་པར་བྱོས། །དེ་ལྟར་འབྲས་བུའི་སྐྱབས་འགྲོ་རྟོགས་པའི་ཕྱིར། །གང་ཟག་གསར་བུ་རྣམས་ཀྱིས་གནས་སྐབས་སུ། །སངས་རྒྱས་སྐྱབས་གནས་ཆོས་ལ་ལམ་མཁན་བྱེད། །དགེ་འདུན་ལམ་གྲོགས་ཚུལ་དུ་སྐྱབས་སུ་འགྲོ། །གནས་སྐབས་སྐྱབས་གནས་ཆོས་དང་དགེ་འདུན་ཏེ། །མཐར་ཐུག་སྐྱབས་གནས་ཆོས་སྐུའི་སངས་རྒྱས་སོ། །དེ་ཡི་སྐྱབས་ཚུལ་དཀོན་མཆོག་རྣམ་གསུམ་ལ། །སྐྱབས་འགྲོའི་སྡོམ་དང་བསླབ་བྱར་འཇུག་པར་བྱ། །དེ་བཞིན་ལག་ལེན་འདེབས་ཚུལ་མདོར་བསྡུས་ནི། །སེམས་ཅན་རྟེན་གཞི་མ་དག་སྣང་བ་རྣམས། །གང་ཡང་མ་དམིགས་སྟོང་ཉིད་གཅིག་ཏུ་སྦྱངས། །རང་མདུན་མ་དག་ས་ཁམས་མ་ཡིན་པར། །གསེར་གྱི་ས་གཞི་མེ་ལོང་ངོས་ལྟར་འཇམ། །དྭངས་ཤིང་གསལ་ལ་འོད་ཟེར་དང་ལྡན་པ། །མནན་ན་ནེམ་ལ་བཏེགས་ན་འཕར་བ་དང་། །རྒྱ་ཁྱོན་ཚད་མེད་རབ་ཏུ་ཡངས་པ་དང་། །བཻཌཱུརྻ་ཡིས་མིག་མང་རིས་དང་བཅས། །ཞིང་ཁམས་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས། །བདུད་རྩིའི་རྒྱ་མཚོ་བསིལ་དྲོད་སྙོམས་པ་ལ། །རོ་མངར་བསུང་ལྡན་རེག་བྱ་འཇམ་པ་དང་། །དྲི་མེད་རྙོག་མེད་རབ་ཏུ་དྭངས་པ་དང་། །མགྲིན་པར་འཇུག་བདེ་ལྟོ་ལ་འཇུ་བདེ་བ། །ཆུ་བོ་ཡན་ལག་བརྒྱད་ལྡན་འཁྱིལ་བའི་ནང་། །ཆུ་གནས་ངང་པ་ཁྲུང་ཁྲུང་མཐིང་རིལ་དང་། །ཀ་ལ་པིངྐ་སོགས་ཀྱིས་སྐད་སྙན་སྒྲོགས། །མཛེས་ཤིང་ཡིད་རབ་འཕྲོག་པའི་རྒྱ་མཚོའི་དབུས། །རིན་ཆེན་ལས་གྲུབ་དཔག་བསམ་སྡོང་པོ་ནི། །རྒྱ་ཆེ་དཔངས་མཐོ་ནམ་མཁའི་ཁམས་ཁྱབ་པའི། །དབུས་དང་ཕྱོགས་བཞིར་ཡལ་ག་གྱེས་པ་སྟེ། །ལོ་མ་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས། །དར་དང་རིན་ཆེན་རིགས་ཀྱི་དྲྭ་བ་དང་། །དྲྭ་ཕྱེད་དྲིལ་བུ་གཡེར་ཁས་བརྒྱན་པ་ལས། །ཆོས་ཀྱི་སྒྲ་སྐད་སྙན་པར་ལྷང་ལྷང་སྒྲོགས། །མཛེས་ཤིང་ཡིད་འོང་པད་སྡོང་དབུས་མའི་སྟེང་། །རིན་ཆེན་སྣ་ཚོགས་རྒྱུ་ལས་གྲུབ་པའི་ཁྲི། །རྒྱ་ཆེ་དཔངས་མཐོ་མཛེས་ཤིང་ཡིད་འོང་བ། །ཕྱོགས་བཞི་སེང་གེ་བརྒྱད་ཀྱིས་བཏེགས་པའི་སྟེང་། །སྣ་ཚོགས་པདྨ་འབུམ་བདལ་ཟེའུ་འབྲུ་ལྡན། །ཉི་ཟླའི་དཀྱིལ་འཁོར་དྭངས་གསལ་དྲི་མེད་ཐོག །ངོ་བོ་སངས་རྒྱས་ཀུན་དང་དབྱེར་མེད་པ། །རྣམ་པ་གང་ཟག་གདུལ་བྱའི་སྣང་ངོ་རུ། །མི་ཡི་གཟུགས་སུ་བྱོན་པའི་སྒྱུ་འཕྲུལ་གར། །ཇི་ལྟ་ཇི་སྙེད་མཁྱེན་གཉིས་མཐར་ཕྱིན་ཅན། །འགྲོ་ཀུན་བུ་གཅིག་ལྟར་བརྩེ་རྗེས་སུ་འཛིན། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ནུས་སྟོབས་ཀྱིས། །དངོས་བརྒྱུད་བར་གསུམ་གང་ལ་གང་འདུལ་སྟོན། །འབྲེལ་ཚད་སྨིན་གྲོལ་ལམ་ལ་འགོད་མཛད་པ། །རང་རིག་ཆོས་སྐུར་རྗེན་པར་ངོ་སྤྲོད་པའི། །མཚུངས་མེད་དཔལ་ལྡན་བླ་མ་ཉིད་ཡིན་ལ། །རྣམ་པ་འཛམ་གླིང་ཀུན་དང་གངས་ལྗོངས་ཀྱི། །རྒྱལ་བསྟན་སྲོལ་འབྱེད་འགྲོ་བའི་མགོན་གཅིག་པུ། །གུ་རུ་མཚོ་སྐྱེས་རྡོ་རྗེ་འཆང་ཡིན་པས། །དེ་ཡང་སྐུ་མདོག་དཀར་ལ་དམར་མདངས་ཆགས། །ཞལ་གཅིག་ཅུང་ཟད་ཁྲོ་འཛུམ་ཆགས་པའི་ཉམས། །སྤྱན་གཉིས་ནམ་མཁའི་དབྱིངས་སུ་ཟླུམ་འཁྱིལ་གཟིགས། །ཕྱག་གཡས་སྣང་སྲིད་ཟིལ་གྱིས་གནོན་པའི་ཕྱིར། །གསེར་གྱི་རྡོ་རྗེ་རྩེ་ལྔ་སྡིགས་ཐབས་འཛིན། །ཡོ་ག་ཚེ་ཡི་དངོས་གྲུབ་བརྙེས་པའི་ཕྱིར། །ཕྱག་གཡོན་མཉམ་བཞག་སྟེང་ན་ཀ་པཱ་ལ། །ཚེ་བུམ་དཔག་བསམ་ལྗོན་ཤིང་གིས་བརྒྱན་བསྣམས། །ན་བཟའ་ནང་ནས་རིམ་པར་གསང་གོས་དཀར། །འདུང་མ་དམར་པོ་ཕོད་ཆེན་མཐིང་ག་དང་། །ཆོས་གོས་དམར་པོ་གསེར་གྱི་ཧ་རི་ཅན། །ཟ་འོག་བེར་ཆེན་དམར་སྨུག་དང་བཅས་པ། །བརྩེགས་མར་མནབས་ཤིང་དབུ་ལ་པད་ཞུ་གསོལ། །ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས། །ཡུལ་མཆོག་ཡེ་ཤེས་མཚོ་རྒྱལ་སྐུ་མདོག་དཀར། །གྲི་ཐོད་འཛིན་ཏེ་ཞབས་གཉིས་ཕྱེད་སྐྱིལ་གྱིས། །ཡབ་ལ་འཁྱུད་ཅིང་གཉིས་མེད་སྣང་སྟོང་སྐུ། །གཟི་བྱིན་འབར་ཞིང་བལྟ་བས་ཆོག་མི་ཤེས། །རྩ་བའི་བླ་མ་ཉིད་དང་དབྱེར་མེད་པར། །བཞུགས་པའི་དབུ་སྟེང་སྙིང་ཐིག་བརྒྱུད་ལུགས་ལྟར། །རྩ་བའི་བླ་མ་བཀའ་དྲིན་གསུམ་ལྡན་པ། །གྲུབ་པའི་དབང་ཕྱུག་ཤཱཀྱ་ཤྲཱི་ཉིད། །སྐུ་མདོག་དཀར་གསལ་དབུ་སྐྲ་ཐོར་ཚུགས་ལ། །པུཎྜ་རི་ཀས་བརྒྱན་ཅིང་ཕྱག་གཡོན་པས། །ཐོད་པ་ཚེ་བུམ་བདུད་རྩིའི་གང་བ་དང་། །གཡོན་པས་ཐབས་ཤེས་དབྱེར་མེད་མདའ་གཞུ་འགེངས། །སྒོམ་ཐག་དར་དཔྱངས་ཨང་རག་དམར་པོ་མནབས། །ཞབས་གཉིས་ཕྱེད་སྐྱིལ་ཚུལ་དུ་བཞུགས་པའི་སྟེང་། །ཁམས་སྤྲུལ་བསྟན་པའི་ཉི་མ་རྡོར་སློབ་ཆས། །དབུ་ལ་པད་ཞུ་ཕྱག་གཡོན་ཐོད་པ་དང་། །གཡས་པས་རྡོ་རྗེ་རྩེ་ལྔ་འཕྱར་སྟབས་འཛིན། །དེ་སྟེང་པདྨ་འོད་གསལ་མདོ་སྔགས་གླིང་། །སྔ་འགྱུར་པཎ་གྲུབ་ཆས་ཅན་ཕྱག་གཡས་པས། །མཆོག་སྦྱིན་རྡོ་རྗེ་དང་ནི་ཚེ་བུམ་འཛིན། །གཡོན་པས་མཉམ་བཞག་དྲིལ་བུ་པོད་རལ་འཛིན། །དེ་སྟེང་འཇིགས་མེད་རྒྱལ་བའི་མྱུ་གུ་ནི། །རྡོ་རྗེ་སློབ་དཔོན་ཆས་ཀྱིས་སྤྲས་པ་ལ། །ཕྱག་གཉིས་མཉམ་བཞག་གསེར་གྱི་འཁོར་ལོ་བསྣམས། །དེ་སྟེང་རིག་འཛིན་འཇིགས་མེད་གླིང་པ་ནི། །ན་བཟའ་དཀར་ཆས་དབུ་རལ་གླེགས་བམ་བཅིངས། །ཕྱག་གཡས་མཆོད་སྦྱིན་གཡོན་པས་གདན་ལ་བརྟེན། །པད་སྡོང་པོད་རལ་འཛིན་ཅིང་ཕྱེད་སྐྱིལ་བཞུགས། །དེ་སྟེང་ཀློང་ཆེན་རབ་འབྱམས་པཎ་གྲུབ་ཆས། །ཞབས་གཉིས་སྐྱིལ་ཀྲུང་ཕྱག་གཉིས་ངལ་གསོ་ཡི། །ཕྱག་རྒྱས་པད་སྡོང་པོད་རལ་འཛིན་པའི་སྟེང་། །དབུས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ནི། །དབུ་ལ་དར་ཐོད་ཕྱག་གཉིས་མཉམ་བཞག་ཁར། །གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་པ་བསྣམས། །གཡས་སུ་ལོ་ཆེན་བཻ་རོ་ཙ་ན་ནི། །པཎ་གྲུབ་ཆས་ཅན་ཕྱག་གཡས་སྐྱབས་སྦྱིན་དང་། །གཡོན་པའི་མཉམ་བཞག་སྟེང་ན་པུ་ཏི་བསྣམས། །གཡོན་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ནི། །ལོངས་སྤྱོད་རྫོགས་པའི་རྒྱན་ཆས་ཀྱིས་བརྒྱན་ཅིང་། །ཕྱག་གཡས་མཆོག་སྦྱིན་གཡོན་པས་ཀ་པཱ་ལ༑ །བདུད་རྩིས་གང་བ་དཀུ་ལ་བརྟེན་པར་མཛད། །རྒྱལ་པོའི་སྤྱི་གཙུག་ཨོ་རྒྱན་རིན་པོ་ཆེ། །པདྨ་འོད་འབར་རྒྱན་ཆས་ཇི་བཞིན་དང་། །དེ་སྟེང་དྲི་མེད་བཤེས་གཉེན་པཎ་གྲུབ་ཆས། །ཕྱག་གཉིས་མཉམ་བཞག་བདུད་རྩིའི་ཐོད་པ་བསྣམས། །དེ་སྟེང་ཛྙཱ་ན་སུ་ཏྲ་ཕྱག་གཡས་ཀྱིས། །སྐྱབས་སྦྱིན་གཡོན་པས་མཉམ་བཞག་པུ་ཏི་འཛིན། །དེ་སྟེང་ཤྲཱི་སིདྷ་ཕྱག་གཡས་ཀྱིས། །རྡོ་རྗེ་འཛིན་ཅིང་སྡིགས་མཛུབ་ནམ་མཁར་གཏད། །གཡོན་པས་ཀ་པཱ་ལ་འཛིན་དཀུར་བརྟེན་པ། །དེ་སྟེང་འཇམ་དཔལ་བཤེས་གཉེན་ཕྱག་གཡས་ཀྱིས། །ཆོས་འཆད་གཡོན་པས་མཉམ་བཞག་པུ་ཏི་འཛིན། །དེ་ཡང་གསུམ་ཀ་ཧེ་རུ་ཀ་ཡི་ཆས། །རུས་རྒྱན་སྟག་ཤམ་ཨང་རག་ལྡན་པའོ། །དེ་སྟེང་དགའ་རབ་རྡོ་རྗེ་ཞབས་སྐྱིལ་ཀྲུང་། །ཕྱག་གཡས་ཆོས་འཆད་གཡོན་པས་མཉམ་བཞག་མཛད། །མཆོག་གི་སྤྲུལ་སྐུའི་ཆ་ལུགས་ཇི་བཞིན་གསལ། །དེ་སྟེང་རྡོར་སེམས་ལོངས་སྤྱོད་རྫོགས་སྐུའི་ཆས། །ཕྱག་གཉིས་རྡོ་རྗེ་དང་ནི་དྲིལ་བུ་འཛིན། །དེ་སྟེང་ཆོས་སྐུ་ཀུན་ཏུ་བཟང་པོ་ནི། །རྒྱན་མེད་ཡབ་རྐྱང་མཉམ་བཞག་སྐྱིལ་ཀྲུང་བཞུགས། །གོང་མ་གོང་མའི་གདན་ལ་འོག་མ་ཡི། །དབུ་གཙུག་མ་རེག་ཙམ་དུ་བརྩེགས་མར་བཞུགས། །མཁྱེན་བརྩེ་ནུས་པའི་བདག་ཉིད་ཆེན་པོ་རྣམས། །ཡེ་ཤེས་ལྔ་ཡི་རང་མདངས་འོད་དང་ཟེར། །དཔག་མེད་འཕྲོ་བཞིན་མངོན་སུམ་བཞུགས་པར་གསལ། །དེ་ཡི་སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་དུ། །དགོངས་བརྡ་སྙན་ཁུང་བརྒྱུད་པ་ལས་བྱོན་པའི། །རྒྱ་བོད་པཎ་གྲུབ་མ་ལུས་ཁྲོམ་ཚོགས་བཞུགས། །དེ་བཞིན་མདུན་གྱི་ཡལ་ག་པད་ཟླའི་སྟེང་། །སྤྲུལ་སྐུ་ཤཱཀ་ཐུབ་བཙོ་མ་གསེར་གྱི་མདོག །མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུས་མཛེས། །ངུར་སྨྲིག་མནབས་ཤིང་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཕྱག་གཡས་ས་གནོན་གཡོན་པས་མཉམ་བཞག་སྟེང་། །བཻཌཱུརྻ་ཡི་ལྷུང་བཟེད་ཞོས་བཀང་བསྣམས། །དེ་ཡི་འཁོར་དུ་བསྐལ་བཟང་སངས་རྒྱས་སྟོང་། །ལ་སོགས་དུས་གསུམ་སངས་རྒྱས་ཀུན་གྱིས་བསྐོར། །ཐམས་ཅད་ཤཱཀ་ཐུབ་ཇི་བཞིན་མཚན་དཔེ་རྫོགས། །གཡས་ཀྱི་ཡལ་གར་རིགས་གསུམ་མགོན་པོས་གཙོས། །ཉེ་སྲས་བརྒྱད་དང་བྱང་ཆུབ་སེམས་དཔའི་ཚོགས། །ལོངས་སྤྱོད་རྫོགས་པའི་རྒྱན་ཆས་བཅུ་གསུམ་སྤྲས། །ཞབས་གཉིས་མཉམ་དང་སེམས་དཔའི་སྐྱིལ་ཀྲུང་བཞུགས། །རྒྱབ་ཀྱི་ཡལ་གར་འོད་ལྔའི་དྲྭ་མིག་ཀློང་། །རྫོགས་ཆེན་རྒྱུད་གཙོས་མདོ་སྔགས་གསུང་རབ་རྣམས། །གླེགས་བམ་བརྩེགས་བཞིན་ཆོས་སྒྲ་ལྷང་ལྷང་སྒྲོགས། །གཡོན་གྱི་ཡལ་གར་ཉན་ཐོས་མཆོག་ཟུང་གཙོས། །དགྲ་བཅོམ་དཔག་མེད་ཞབས་གཉིས་བཞེངས་སྟབས་མཛད། །ཆོས་གོས་གསུམ་གསོལ་ཕྱག་གཡས་མཁར་བསིལ་དང་། །གཡོན་པས་ལྷུང་བཟེད་འཛིན་ཅིང་སྐྱབས་ཡུལ་རྣམས། །བདག་ལ་དགྱེས་འཛུམ་བརྩེ་བས་གཟིགས་བཞིན་བཞུགས། །མཐའ་བསྐོར་བར་གྱི་ཕྱོགས་མཚམས་རྣམས་སུ་ཡང་། །རྒྱུད་སྡེ་བཞི་འམ་དྲུག་གི་ཁོངས་གཏོགས་པ། །ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོ་དང་། །ཆོས་སྲུང་ཕོ་རྒྱུད་རྣམས་ཀྱི་ཞལ་ཕྱིར་གཟིགས། །ཕྱི་ཡི་བར་ཆད་ནང་དུ་མི་གཏོང་ཞིང་། །ཆོས་སྲུང་མོ་རྒྱུད་རྣམས་ཀྱི་ཞལ་ནང་གཟིགས། །ནང་གི་དངོས་གྲུབ་ཕྱི་རུ་མི་གཏོང་བའི། །ཕྲིན་ལས་གཉེན་པོ་སྲུང་བའི་ཚུལ་དུ་བྱེད། །དེ་དག་རྣམས་ཀྱང་སྐུ་མདོག་ཞལ་ཕྱག་དང་། །རྒྱན་ཆས་རྣམ་འགྱུར་རྣམ་པ་སྣ་ཚོགས་པ། །གཅིག་ཏུ་མ་ངེས་དུ་མར་སྟོན་མཛད་དེ། །དཔེར་ན་སྒྱུ་མ་མཁན་པོས་སྒྱུ་མའམ། །ནམ་མཁར་སྤྲིན་ཕུང་འཁྲིགས་པ་ཇི་བཞིན་དུ། །ངོ་བོ་ཆོས་ཀྱི་དབྱིངས་སུ་རོ་གཅིག་ཀྱང་། །རྣམ་པ་ཞི་དྲག་སྐུ་ཡི་རོལ་པ་སྟེ། །གང་ལ་གང་འདུལ་ཕྲིན་ལས་སྣ་ཚོགས་སྟོན། །མཆོག་གསུམ་རྩ་གསུམ་སྐུ་གསུམ་འདུས་པའི་བདག །ཡོན་ཏན་ཕྲིན་ལས་ཐུགས་རྗེ་བྱིན་རླབས་དང་། །ནུས་སྟོབས་མངའ་བདག་ཅན་དུ་ངེས་ཤེས་བསྐྱེད། །དེ་ཡི་མདུན་དུ་རང་གཞན་སེམས་ཅན་ཀུན། །ཚོགས་ནས་ནད་གདོན་རྐྱེན་ངན་འདྲེ་འབྱུང་པོ། །མཚོན་དང་ཟས་དུག་དུག་སྦྲུལ་གཅན་གཟན་དང་། །རྦབ་དང་གཡང་ས་མེ་ཆུ་ཆད་པ་སོགས། །ཚེ་འདིའི་འཇིགས་པ་མཐའ་དག་སྐྱོབ་ཕྱིར་དང་། །འཆི་དུས་བར་དོའི་འཇིགས་སྐྲག་དངངས་པ་དང་། །ངན་སོང་ཚ་གྲང་བཀྲེས་སྐོམ་བཀོལ་སྤྱོད་སོགས། །སྡུག་བསྔལ་རྒྱུ་འབྲས་གནས་དུས་མཐའ་དག་ལས། །སྐྱོབ་ཕྱིར་དེང་ནས་བཟུང་སྟེ་བྱང་ཆུབ་བར། །རྩེ་གཅིག་སྐྱབས་མཆི་སྒོ་གསུམ་ཁྱེད་ལ་འབུལ། །འདི་ཕྱི་ཚེ་རབས་དུས་རྣམས་ཀུན་ཏུ་ཡང་། །སྐྱིད་སྡུག་ལེགས་ཉེས་ཅི་མཛད་ཁྱེད་རང་མཁྱེན། །སྙམ་པའི་བློ་གཏད་ལིང་གིས་བསྐྱུར་བ་ཡིས། །དད་འདུན་མོས་གུས་དྲག་པོས་གཞི་བཟུང་དགོས། །དེ་ཡང་ཕྱག་གི་རྣམ་གྲངས་འགའ་མཆིས་རུང་། །ད་ལན་ཡན་ལག་ལྔ་ལྡན་ཕྱག་ཅེས་ཏེ། །དཔྲལ་བ་ལག་མཐིལ་པུས་མོ་དང་བཅས་པ། །ལུས་ཀུན་སར་ཕབ་རྐང་ལག་བརྐྱང་ཕྱག་འཚལ། །གཡས་གཡོན་ཕ་མ་མདུན་དུ་དགྲ་བགེགས་སོགས། །རིགས་དྲུག་སེམས་ཅན་མ་ལུས་ཀུན་འདུས་ཏེ། །ལོ་ཏོག་སྙེ་མ་རླུང་གིས་བསྐྱོད་པ་ལྟར། །རང་གཞན་འཇུག་འདུན་གཅིག་པས་ཕྱག་འཚལ་དམིགས། །ངག་གིས་གུས་པས་སྐྱབས་འགྲོའི་ཚིག་གང་དག །བུང་བ་ཚང་ནས་ཞིག་ལྟར་འུར་གྱིས་འདོན། །ཡིད་ནི་གུས་པས་སྐྱབས་དང་རེ་གཞན་མེད། །འདི་ཕྱི་ཚེ་རབས་སྐྱིད་སྡུག་ལེགས་ཉེས་རིགས། །ཅི་མཛད་ཁྱེད་མཁྱེན་སྙམ་པའི་བློ་དུང་ངེ་། །ནམ་ཡང་འབྲལ་མེད་བུ་ཤིའི་མ་ལྟར་དུ། །བསམ་རྒྱུ་དཀོན་མཆོག་གསུམ་ལས་མེད་པར་བྱ། །ཕྱག་འཚལ་ངག་འདོན་ཡིད་འདུན་ཆབས་ཅིག་བཅས། །ན་ཚ་གཟེར་ཟུག་ལྟོགས་སྐོམ་འཁྱག་སྡུག་སོགས། །དཀའ་ཚེགས་ཁྱད་བསད་སྡིག་སྒྲིབ་བྱང་ངེས་པའི། །རྟགས་མཚན་དངོས་ཉམས་རྨི་ལམ་གང་རུང་ལ། །མ་བྱུང་བར་དུ་ཕྱག་ལ་བརྩོན་དགོས་ཤིང་། །ཐུན་མཐར་མོས་གུས་ཡང་ཡང་བསྐྱེད་པ་ཡིས། །དར་གྱི་ཡོལ་བ་བསྡུས་པ་ཇི་ལྟ་བར། །སྐྱབས་ཡུལ་རྣམས་ནི་རིམ་བཞིན་གཡས་བསྐོར་དུ། །འོད་ཞུ་དེ་བཞིན་བརྒྱུད་པའི་བླ་མ་རྣམས། །རྩྭ་མགོའི་ཟིལ་པ་གཅིག་ལ་གཅིག་འདྲིལ་བཞིན། །རིམ་པར་འོད་ཀྱི་གོང་བུ་གཅིག་ཏུ་གྱུར། །དེ་ཡང་རྩ་བའི་བླ་མར་ཐིམ་པའི་མཐུས། །འོད་དང་འོད་ཟེར་ལྷག་པར་འབར་བ་ཡིས། །ཉི་མས་མུན་པ་གཅིག་ཆར་གསལ་བ་ལྟར། །རང་གཞན་སེམས་ཅན་ཀུན་ལ་ཕོག་པའི་མོད། །ཚེ་བསོད་དཔལ་འབྱོར་ཤེས་རབ་ལ་སོགས་རྒྱས། །ནད་གདོན་སྡིག་སྒྲིབ་བར་ཆད་ཀུན་ཞི་ཞིང་། །ཐམས་ཅད་འོད་ཀྱི་རྣམ་པ་ལྟ་བུར་གྱུར། །བྱ་ཚོགས་འུར་རྡོས་དཀྲོག་པ་བཞིན་དུ་ཡར། །ཁབ་ལེན་རྡོ་བས་ལྕགས་ཕྱེ་ཇི་ལྟ་བར། །རྩ་བའི་བླ་མའི་ཐུགས་ཀར་འུབས་ཀྱིས་ཐིམ། །བླ་མ་ཆོས་སྐུ་སྤྲོས་བྲལ་ཀློང་དུ་བསྡུ། །ཅི་ཡང་མི་དམིགས་ཅུང་ཟད་མཉམ་པར་བཞག །དགེ་བ་འདི་ཡིས་ལ་སོགས་བསྔོ་སྨོན་དང་། །ཤིས་བརྗོད་ལེགས་པར་བྱས་ཏེ་ཐུན་གྲོལ་ལོ།།  ༈  །།དེ་ལྟར་དཀོན་མཆོག་གསུམ་ལ་སྐྱབས་སོང་ནས། །ཕྱིན་ཆད་སྤང་བླང་ཆ་མཐུན་རིམ་པ་ལ། །ཚུལ་བཞིན་སྲུང་སྡོམ་བྱ་བ་གལ་ཆེ་སྟེ། །སངས་རྒྱས་སྐྱབས་སོང་འཇིག་རྟེན་ལྷ་མ་མཆོད། །ཆོས་ལ་སྐྱབས་སོང་སེམས་ཅན་གནོད་མི་བྱ། །དགེ་འདུན་སྐྱབས་སོང་ལྟ་ལོག་གྲོགས་མི་འགྲོགས། །དེ་བཞིན་བསྒྲུབ་བྱའི་རིམ་པ་འདི་ལྟ་སྟེ། །སྐུ་རྟེན་ཆེ་ཕྲ་གསར་རྙིང་ཐམས་ཅད་ལ། །བཟང་ངན་མི་ཕྱེད་སངས་རྒྱས་འདུ་ཤེས་བསྐྱེད། །ཕྱག་བསྐོར་མཆོད་པའི་རྟེན་གྱི་གཙོ་བོ་བྱ། །དེ་བཞིན་གསུང་རབ་གླེགས་བམ་འབྲུ་གཅིག་ཚུན། །ས་རྗེན་སྟེང་དང་དམན་པར་མི་འཇོག་པར། །གཙང་སར་བརྩེགས་ཏེ་ཕྱག་མཆོད་རྟེན་དུ་བྱ། །དེ་བཞིན་དགེ་འདུན་བཞི་སྡེ་ཡན་ཆོད་ལ། །གུས་པ་ཆེན་པོས་ཕྱག་མཆོད་བཀུར་སྟི་དང་། །ལྷན་པ་དམར་སེར་ཚུན་ལ་དགའ་སྣང་བསྐྱེད། །དེ་བཞིན་ཆ་མཐུན་བསྒྲུབ་པའི་བསླབ་བྱ་ལ། །སངས་རྒྱས་བྱང་སེམས་སྐུ་བཞེངས་གསུང་རབ་ཀློག །དགེ་འདུན་ཚོགས་ལ་བཀུར་སྟི་ཞབས་ཏོག་སྒྲུབས། །ལྷག་པར་སྐྱབས་གནས་མ་ལུས་ཀུན་འདུས་པ། །བླ་མར་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག །ཐ་ན་སྐུ་ཡི་གྲིབ་མ་ཙམ་མི་འགོམ། །ཞབས་ཏོག་བསྙེན་བཀུར་ལ་སོགས་ཅི་འགྲུབ་འབད། །ཇི་ལྟར་བཀའ་སྩལ་དམ་ཆོས་འདུ་ཤེས་བཞག །དང་དུ་བླངས་ནས་དེ་བཞིན་ཀུན་བསྒྲུབ་བྱ། །བླ་མའི་ཉེ་འཁོར་རང་གི་མཆེད་གྲོགས་སོགས། །དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག །སྒོ་གསུམ་གུས་འདུད་ཆེན་པོས་བསྟེན་པ་ལས། །མི་མཉེས་སྐད་ཅིག་ཙམ་ཡང་བྱར་མི་རུང་། །སྐྱབས་ཡུལ་གཙོ་བོ་བླ་མ་རང་ལ་ཐུག །ཐུགས་ནི་སངས་རྒྱས་ཀུན་གྱི་ངོ་བོ་སྟེ། །གསུང་ཡང་ལོངས་སྐུ་ཆོས་ཀུན་ངོ་བོ་དང་། །སྐུ་ཡང་སྤྲུལ་སྐུ་དགེ་འདུན་ཀུན་ངོ་བོ། །དེ་བཞིན་ཡོན་ཏན་ནོར་ལྷ་གཏེར་བདག་དང་། །ཕྲིན་ལས་ཆོས་སྐྱོང་སྲུང་མ་དང་བཅས་ཏེ། །དེ་བཞིན་སྐུ་ནི་བླ་མ་གསུང་ཡི་དམ། །ཐུགས་ནི་མཁའ་འགྲོ་རྩ་གསུམ་ཀུན་འདུས་ཤིང་། །སྐུ་ནི་སྤྲུལ་སྐུ་གསུང་ནི་ལོངས་སྤྱོད་རྫོགས། །ཐུགས་ནི་ཆོས་སྐུ་སྐུ་གསུམ་ཀུན་འདུས་ཏེ། །ཀུན་འདུས་ངོ་བོ་ཡིན་པར་ཤེས་བྱས་ནས། །འཕྲལ་ཡུན་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་། །བློ་གཏད་ལིང་བཀལ་རྩེ་གཅིག་གསོལ་འདེབས་དང་། །ཕྱག་བསྐོར་མཆོད་བསྟོད་སོགས་ལ་འབད་པར་བྱ། །གལ་ཏེ་བླ་མའི་ཐུགས་དཀྲུགས་སུན་དབྱུང་ན། །སངས་རྒྱས་ཀུན་དང་ངོ་བོ་གཅིག་པའི་ཕྱིར། །མགོ་བོ་ཆད་ན་གསོ་མི་རུང་བ་བཞིན། །སྐྱབས་ཡུལ་མཐའ་དག་དུས་གཅིག་སྤང་འགྲོ་བས། །ཁ་ཚིག་ཚུལ་འཆོས་ཟོབ་བརྫུ་མ་ཡིན་པར། །དོགས་ཟོན་སྙིང་ནས་བྱ་བ་གལ་དུ་ཆེ། །དེ་ལྟར་སྐྱབས་སོང་བསླབ་བྱ་ཚུལ་ལྡན་པས། །ཕན་ཡོན་ཚད་མེད་མདོར་བསྡུས་ཙམ་བཤད་ན། །ཚེ་འདིའི་ནད་གདོན་བར་ཆད་ཉོན་མོངས་ཞི། །ཚེ་བསོད་ཉམས་རྟོགས་ཡོན་ཏན་གང་བསམ་འགྲུབ། །མ་ཟད་ཕྱི་མ་ངན་འགྲོའི་འཇིགས་ཀུན་སྐྱོབས། །ཕན་བདེ་ཚད་མེད་ལམ་ལ་དུས་ཀུན་སྦྱོར། །མཐར་ཐུག་སངས་རྒྱས་སྐུ་འགྲུབ་ཆོས་འཁོར་བསྐོར། །དགེ་འདུན་རྒྱ་མཚོ་ལྟ་བུ་འདུ་བ་སོགས། །ཕན་ཡོན་དཔེ་དང་ལུང་འདྲེན་མཐའ་ཡས་སོ།།  ༈  །།ད་ནི་རང་ཉིད་ནང་པའི་ཁྱུར་ཚུད་ཅིང་། །མིང་དོན་གནས་གྱུར་བྱང་ཆུབ་སེམས་བསྐྱེད་པ། །དེ་ཡི་མཚན་དོན་མདོ་ཙམ་འགོད་པ་ནི། །དོན་གྱི་ཀུན་གཞིར་དྲི་མ་མེད་པས་བྱང་། །བཟང་ངན་གཉིས་མེད་ཡོན་ཏན་མངོན་པར་ཆུབ། །བསྒྲུབ་བྱའི་མཆོག་ཏུ་གྱུར་པ་ཡིན་ན་ཡང་། །དེ་སྔོན་རང་སེམས་འཁྲུལ་བའི་དབང་སོང་ནས། །ད་ལན་ཡོན་ཏན་ཡར་ཟླ་ལྟར་རྒྱས་ཕྱིར། །སྨོན་འཇུག་གཉིས་ཀྱིས་གོང་འཕེལ་སྐྱེད་བསྲིང་བར། །གཞན་ཕན་སེམས་བསྐྱེད་ཟེར་བ་དེ་དོན་ཡིན། །དེ་ཕྱིར་སེམས་བསྐྱེད་ཆོས་ཀྱི་གཞི་རྩ་སྟེ། །མདོ་སྔགས་གང་ལའང་སེམས་བསྐྱེད་མི་ལྡན་ན། །དམུས་ལོང་དམིགས་བུ་མེད་དང་འདྲ་བས་ན། །གཞི་ནས་དགེ་སྡིག་རྣམ་དབྱེ་མི་ཕྱེད་ཅིང་། །ཆོས་དང་གང་ཟག་མཚམས་སྦྱོར་བྱེད་མཁན་དང་། །དགེ་རྩ་འགྱུར་སྐྱེད་རྩལ་རྣམས་སྟོན་མཁན་དང་། །གཞན་དོན་ཆེ་ཆུང་ས་ལམ་མྱུར་ཞན་དང་། །འབྲས་བུ་རབ་འབྲིང་ཐ་མ་ཐོབ་ལུགས་སོགས། །ཀུན་སློང་བཟང་ངན་ཁོ་ནར་རག་ལས་ཏེ། །མདོར་ན་རང་འདོད་ངན་པའི་བསམ་སྦྱོར་གྱིས། །དབང་སོང་ལེ་ལན་ངན་པས་འཁོར་བར་འཁྱམས། །ལས་འབྲས་རྒྱུན་མི་ཆད་པས་མནར་བས་ན། །ད་ལན་དེ་ཡི་གཉེན་པོར་ཆོས་སྒྲུབ་ན། །རང་འདོད་ཡིད་བྱེད་བློ་ངན་དྲུངས་ནས་འབྱིན། །གཞན་ཕན་བསམ་སྦྱོར་བསླད་མེད་གཙོར་འདོན་དགོས། །དེས་ན་ད་ལྟ་དགྲ་གཉེན་བར་མ་རྣམས། །འོ་ཅག་རང་རྒྱུད་རྨོངས་པའི་རང་བཞིན་གྱིས། །བསྒྲིབས་ནས་ཅི་ཆ་མེད་པར་སོང་བ་དང་། །རིགས་གཟུགས་འདྲ་མིན་ངོ་མི་ཤེས་པ་ཙམ། །མ་གཏོགས་རང་རེ་ཚེ་རབས་གྲངས་མེད་ནས། །འབྲེལ་བའི་ཕ་མ་དྲིན་ཆེན་ཤ་སྟག་པར། །ཡིན་པ་ལུང་རིགས་ཚད་མས་མངོན་སུམ་གྲུབ། །དེས་ན་ནམ་མཁས་གར་ཁྱབ་སེམས་ཅན་གྱིས། །ཁྱབ་པས་དེ་དག་ཕ་མ་དྲིན་ཆེན་ཏེ། །སེམས་ཅན་ཕ་མ་དྲིན་ཆེན་གར་ཡོད་ཀུན། །ཚོར་བ་བདེ་སྡུག་བར་མ་བཏང་སྙོམས་དང་། །ལས་ངན་རྒྱུ་འབྲས་གཉིས་ཀྱིས་ཁྱབ་པས་ན། །དེ་དག་ཀུན་ལ་ཕྱོགས་དང་རིས་མེད་པར། །སྙིང་རྗེ་ཕྱམས་གཅིག་སྐྱེས་པར་མ་གྱུར་པར། །དགྲ་གཉེན་བར་མ་མཐོ་དམན་གང་ལ་འང་། །ཆགས་སྡང་མ་སྐྱེས་ཙམ་གྱིས་མི་འོང་སྟེ། །ཕན་མེད་གནོད་མེད་གཏི་མུག་བཏང་སྙོམས་ཞེས། །ལུང་མ་བསྟན་དུ་གོལ་བས་ཅི་ཞིག་འགྲུབ། །དེ་ཕྱིར་མར་ཤེས་དྲིན་དྲན་དྲིན་འཇལ་ཚུལ། །མདོར་བསྡུས་ཙམ་ཞིག་བཤད་ན་འདི་ལྟ་སྟེ། །དང་པོ་འགྲོ་ཀུན་མ་རུ་ཤེས་པ་ལ། །ཚེ་རབས་གྲངས་མེད་སྐྱེས་པ་ཕར་ཞོག་གི། །ད་ལྟའང་སེམས་ཅན་ལ་ལ་ཚུར་སྐྱེ་ཞིང་། །ལ་ལ་ཕར་འཆི་སྐྱེ་འཆི་རེས་མོས་ཀྱིས། །ལུས་ཀྱི་རྣམ་པ་གྲངས་མེད་བརྗེ་བ་དང་། །གནས་ཀྱང་ངེས་མེད་ཚེ་ཡང་ངེས་མེད་དང་། །རིགས་ལ་འདྲ་མིན་རིགས་དྲུག་ཁམས་གསུམ་འཁོར། །དམྱལ་བ་ལྷ་གནས་མ་གཏོགས་ཕལ་ཆེར་ཀུན། །ཕ་མར་མ་བརྟེན་སེམས་ཅན་གཅིག་མེད་དེ། །དུས་བཟང་བསྐལ་པ་ཐོག་མ་མེད་པ་ནས། །འཁྲུལ་པས་གོས་ནས་བཟུང་སྟེ་དེང་ཕན་ཆོད། །སེམས་ཅན་གཅིག་གིས་མ་བུ་བྱས་པའི་གྲངས། །བགྲངས་ཀྱང་ཚད་དང་མུ་མཐར་ཐུག་པ་མེད། །ཚིག་དང་བསམ་པའི་ཡུལ་ལས་འདས་པ་སྟེ། །སེམས་ཅན་གཅིག་གིས་སྐྱེ་འཆིར་མ་གྱུར་པའི། །ས་ནི་ཁབ་རྩེའི་གནས་ཙམ་མེད་པར་གསུངས། །དེ་ཕྱིར་མ་གྱུར་གྲངས་མེད་དེ་ལྟར་ལགས། །གཉིས་པ་དྲིན་ཆེན་ལས་ཀྱང་ཚད་མེད་དེ། །ལས་ངན་ལུས་ངན་སྣ་ཚོགས་བླངས་པའི་དུས། །དགྲ་གཉེན་བར་མ་གསུམ་དུ་མ་གྱུར་མེད། །སྐྱེ་འཆི་ཁ་བརྒྱུད་སྡིག་སྒྲིབ་ཆེ་དབང་གིས། །སྔོན་གནས་རྗེས་སུ་དྲན་པ་ལྟ་ཞོག་གིས། །ད་ལྟ་ཚེ་འདིའི་སྟོད་སྨད་བར་ནས་ཀྱང་། །དྲིན་ཆེན་ལས་རྣམས་བརྗེད་ནས་འགྲོ་བ་ལྟར། །དེ་དག་ཕ་མ་དྲིན་ཆེན་མ་ཤེས་ལས། །དགྲ་གཉེན་བར་མར་བཟུང་ནས་འཁྲུལ་བ་སྟེ། །དོན་དུ་མཐོང་ཆོས་ཕྱོགས་རྒྱུར་གྲུབ་པ་ནི། །ད་ལྟའི་ཕ་མ་རྣམས་དང་སེམས་ཅན་ཀུན། །ངོ་མི་ཤེས་དང་ཅི་ཆ་ཡོད་མེད་ལས། །ཁྱད་པར་ཅུང་ཟད་མེད་པར་ཤ་སྟག་སྟེ། །ཚེ་རབས་དུ་མར་འབྲལ་མི་ཕོད་བཞིན་དུ། །བྲལ་བའི་ཕ་མ་དྲིན་ཆེན་ཤ་སྟག་ནི། །ཡིན་པའི་རྒྱུ་མཚན་ཅུང་ཟད་འགོད་བྱེད་ན། །རང་རེ་རིགས་དྲུག་གང་དུ་སྐྱེ་ན་ཡང་། །དྲིན་ལྡན་ཕ་མས་བསྐྱེད་པ་མ་གཏོགས་པ། །ཐོག་བབ་མེ་ཏོག་སྐྱེས་ལྟར་ག་ལ་ཡིན། །ཁྲ་དང་གཅན་གཟན་མ་རུངས་གཏུམ་པོ་ཡི། །བུ་རུ་སྐྱེས་ནའང་མ་ཉིད་དྲིན་ཆེན་ཡིན། །དེ་ཡང་བར་དོའི་རྣམ་ཤེས་རླུང་ཞོན་ཏེ། །གང་འོང་གར་འགྲོ་སུ་ཡིན་མི་ཤེས་པ༑ །མ་ཡི་མངལ་དུ་འཐུམས་ཤིང་གནས་པ་ཉིད། །ལུས་ཀྱི་རྣམ་པ་ཡོངས་སུ་མ་གྲུབ་བར། །ནད་གདོན་སྡུག་བསྔལ་གྱིས་མནར་ཁུར་ལྕི་བས། །ཟླ་དགུ་ངོ་བཅུ་མ་རྫོགས་བར་དུ་ཡང་། །ཉིན་མཚན་མེད་པ་ཁོང་དུ་བསྐྱང་པ་ཡིས། །ལུས་ཀྱི་རྣམ་པ་མ་ལུས་ཚད་རྫོགས་པ། །ཡོངས་སུ་སྦྱིན་པའི་དྲིན་རང་ཚད་མེད་དོ། །སྲོག་ཀྱང་ཡལ་བར་དོར་ནས་བཙས་པའི་ཚེ། །བྱ་སྒོང་འབྱེད་མ་ཐག་པའི་ཕྲུག་གུ་བཞིན། །གསོན་པོ་ཟེར་ཀྱང་རང་མགོ་མི་ཁྱོག་པ། །ཤི་བ་མ་ཡིན་སྲོག་དང་དབུགས་ཡོད་ཙམ། །ཤིན་ཏུ་ཉམ་ཐག་ཉ་རེ་ཉོ་རེ་དེ། །རུལ་བམ་འཁྱག་ལྟོགས་དབང་གིས་འཆིར་མ་བཅུག །འཛུམ་པའི་མདངས་ཕྱུང་སྙན་པའི་མིང་ནས་བོས། །འཇམ་པའི་གདན་བཏིང་སྣབས་ལུད་ཁ་ཡིས་ཕྱིས། །ཚ་གྲང་དང་ནི་འགྲང་ལྟོགས་ལག་གིས་ཉུལ། །མི་གཙང་གཅིན་རྟུག་ལ་སོགས་བྱབ་ཅིང་དོར། །བྱམས་སྐྱོང་ཚད་མེད་ཉིན་མཚན་བར་མེད་པར། །གནོད་པ་དུ་མའི་སྒོ་ལས་སྐྱོབས་པ་སྟེ། །ལུས་ཀྱི་དྲོད་དང་ལུས་བཅུད་འོ་མས་གསོས། །རང་སྲོག་ལས་ཀྱང་ཤིན་ཏུ་དམར་བར་བྱས། །ཉིན་མོ་དལ་མེད་མཚན་མོ་གཉིད་བཅག་ནས། །ཞག་དང་ཟླ་བ་ལོ་གྲངས་མང་པོའི་བར། །ལུས་སྐྱེད་ཕྲ་མོ་ནས་ཀྱང་རིམ་པར་བསྲིང་། །དེ་ཕྱིར་སྲོག་ཀྱང་སྦྱིན་པའི་དྲིན་ཚད་མེད། །ཕར་ངོ་ཚུར་ངོ་ཕྱོགས་ཙམ་མི་ཤེས་ཤིང་། །རང་ཉིད་སྡུག་ལ་སྦྲེལ་བའི་བྱེད་པོ་ལ༑ །ཡར་མཆོད་མར་སྦྱིན་དགེ་རྩར་བཏང་མ་བྲ། །གསོན་པོའི་ལོངས་སུ་སྤྱོད་པར་མ་བྲ་བའི། །སྡིག་སྡུག་གཏམ་ངན་སྲོག་ལ་མ་བལྟས་པར། །བསྒྲུབས་པའི་ཁང་པ་ས་ཞིང་ཕུའི་འབྲོག་པ། །ཟས་གོས་ནོར་ཕྱུགས་རྒྱན་གོས་གང་ཡོད་པ། །གཅེས་དགུ་དམར་དགུ་ཐམས་ཅད་སྦྱིན་བྱེད་ཅིང་། །ཁ་ཟས་མེད་ལ་ཟས་སྐོམ་དུ་མ་སྟེར། །ལག་ན་ནོར་མེད་ནོར་གྱིས་ཕྱུག་པར་བྱས། །རྒྱབ་ན་གོས་མེད་གོས་ཀྱིས་གཡོགས་པ་སོགས། །རྒྱུ་ནོར་སྦྱིན་པའི་དྲིན་ཀྱང་ཚད་མེད་དོ། །ཕ་མའི་མིང་དང་ཀ་ཁ་ལ་སོགས་པ། །སྐལ་ལྡན་རྣམས་ལ་ཆོས་སྤྱོད་བྱེད་ལུགས་དང་། །སྐལ་དམན་རྣམས་ལ་འཇིག་རྟེན་བསྒྲུབ་ལུགས་དང་། །ཟས་གོས་ལོངས་སྤྱོད་བྱ་ལུགས་ལ་སོགས་པ། །རྨང་ནས་མ་ཤེས་པ་ལ་རིམ་པར་བསླབ། །དལ་འབྱོར་བཅོ་བརྒྱད་ལྡན་པའི་ལུས་རྟེན་བསྐྱེད། །བྱང་ཆུབ་སེམས་དང་སྤྱོད་ལ་འཇུག་ཤེས་པ། །རང་གཞན་དོན་རྣམས་རླབས་ཆེན་འགྲུབ་ནུས་པ། །མ་ཟད་སྲིད་ཞིའི་མཐའ་ལ་མི་གནས་པ། །ཡང་དག་རྫོགས་པའི་སངས་རྒྱས་བདེ་བླག་ཏུ། །སྒྲུབ་པར་ནུས་པའི་རྟེན་བཟང་ཕུན་ཚོགས་འདི། །དཔེར་ན་འཇིག་རྟེན་དག་ན་དཀོན་པའི་མཆོག །དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར་རྙེད་ལས། །འབུམ་འགྱུར་ལྷག་པར་སྟེར་བའི་དྲིན་ཆེན་ཡིན། །གསུམ་པ་དྲིན་ལན་འཇལ་བའི་རིམ་པ་ནི། །ཚེ་རབས་འབྲེལ་བའི་མ་རྒན་དྲིན་ཆེན་གྱི། །ཁེ་དང་རྒྱལ་ཁ་ཐམས་ཅད་བུ་ལ་སྦྱིན། །གྱོང་དང་བུག་ཁ་ཐམས་ཅད་རང་གིས་བླངས། །བདེ་སྐྱིད་འབྱོར་ཚོགས་ཐམས་ཅད་བུ་ལ་སྒྲུབ། །སྡིག་སྡུག་གཏམ་ངན་ཐམས་ཅད་རང་གིས་བྱས། །ན་དོགས་ཤི་དོགས་སྡུག་དོགས་འཁྱག་དོགས་ཀྱི། །རེ་དོགས་ཆེད་དུ་ངག་གིས་ཚིག་བརྗོད་དེ། །ལུས་ཀྱིས་ལས་དང་སེམས་ཀྱིས་བྱ་ར་བྱས། །ཉིན་མཚན་མེད་པར་རྣམ་གཡེང་དབང་དུ་འདས། །རང་ལ་ཡོང་ངེས་འཆི་བ་མ་ཚོར་ཏེ། །དགོས་ངེས་དམ་ཆོས་ཡང་དག་སྒྲུབ་མ་ཁོམ། །སྡིག་པ་སྣ་ཚོགས་ཚབ་ནི་ཅི་ཆེར་བསགས། །དེ་ཡི་ལན་གྱིས་འཁོར་བ་མཐའ་མེད་འཁྱམས། །གནས་སྐབས་མཐར་ཐུག་བདེ་སྐྱིད་འབྱུང་བ་ཡི། །རྒྱུ་འབྲས་གཉིས་ལ་རྒྱབ་ཀྱིས་རིང་དུ་ཕྱོགས། །ལ་ལ་སྡུག་བསྔལ་འབྲས་བུ་དངོས་སུ་སྤྱོད། །ལ་ལ་སྡུག་བསྔལ་རྒྱུ་འགྱུར་ལས་ལ་འབད། །སྡིག་སྡུག་གསོག་འཇོག་དང་ནི་བསུ་སྐྱེལ་བྱེད། །སྡུག་བསྔལ་ཡོ་ལང་འཁྲུགས་པའི་གནས་སུ་ཚུད། །ཆགས་ཞེན་འཁྲུལ་པས་རྒྱུད་ནི་ཡོངས་སུ་བསྡམས། །འཁོར་བ་མུན་པའི་གནས་སུ་གོམ་ཚུགས་འཆོལ། །ངན་སོང་གཡང་སར་ལྷུང་ལ་ཁད་པ་ཡི། །མ་རྒན་ཉམ་ཐག་ཡལ་བར་དོར་བྱས་ནས། །རང་ཉིད་གཅིག་པུར་ཞི་བདེ་དོན་གཉེར་ན། །འཇིག་རྟེན་འདི་ན་ཁྲེལ་ཆེན་དེ་ལས་སུ། །དཔེར་ན་རྩ་བའི་མ་དེ་ཆུས་ཁྱེར་བ། །མཐོང་ཞིང་འདོན་པའི་ཐབས་ཀྱང་ཡོད་བཞིན་དུ། །མི་འདོན་རང་ཉིད་བདེ་བར་གནས་དང་མཚུངས། །དེ་བས་འཇིག་རྟེན་ཁམས་འདིར་ངོ་ཚ་དང་། །ཁྲེལ་མེད་ཐབས་རྡུགས་བླུན་ཆེན་ཡིན་མིན་སོགས། །ཞིབ་ཀྱིས་ཡང་དང་ཡང་དུ་དཔྱད་བྱ་སྟེ། །ཞེ་འདོད་ལག་ལེན་ཕྱིན་ཅི་ལོག་གྱུར་པ། །བཤེས་མེད་ལོང་བ་ཐང་སྟོང་འཁྱམས་པ་ལྟར། །ཉམ་ཐག་མ་རྒན་འགྲོ་དྲུག་སེམས་ཅན་ཡིན། །རང་རེས་ད་ལན་མཚན་ལྡན་བླ་མ་མཇལ། །ཆོས་ཀྱང་ཐེག་པ་ཆེ་སོགས་ཉམས་ལེན་བྱེད། །ཁེ་ཉེས་ཐམས་ཅད་ལེགས་པར་ཤེས་པའི་དུས། །དྲིན་ལན་དུ་ནི་དྲིན་དྲན་ཤེས་པའི་ངང་། །ཕན་ལན་ཕན་པ་ཆོས་ཀྱིས་འཇལ་དགོས་ཤག །དེས་ན་ད་ལྟའི་གནས་སྐབས་ཚེ་འདི་ཡི། །ལོངས་སྤྱོད་བདེ་སྟེར་བྱམས་སྐྱོང་ལ་སོགས་པ། །བརྩེ་བས་ཇི་ལྟར་བསྐྱང་ཁུལ་བྱས་གྱུར་ཀྱང་། །གནས་སྐབས་བྱ་བ་ཕྱོགས་རེ་ལན་རེ་ཡིས། །དྲིན་ལན་ཆ་ཙམ་གཞལ་བ་མ་གཏོགས་པར། །ཚེ་རབས་ཐོག་མ་མེད་ནས་མ་བྱས་པའི། །དྲིན་ལན་ཆེན་པོ་སོབ་པ་མི་ཡོང་སྟེ། །དཔེར་ན་རྒྱ་མཚོ་སྐྲ་རྩེས་གཞལ་དང་མཚུངས། །དེས་ན་གཏན་དུ་ཕན་ངེས་ཐབས་མཆོག་ནི། །སྡུག་བསྔལ་རྒྱུ་འབྲས་གཉིས་དང་ཡོངས་བྲལ་ཞིང་། །བདེ་རྒྱུར་ལོངས་སྤྱོད་བྱེད་པ་ཞིག་བྱུང་ན། །དེས་ན་གནས་སྐབས་མཐར་ཐུག་འཕྲལ་ཡུན་ཀུན། །ཕན་བདེའི་གནས་ལ་ལེགས་པར་སྦྱོར་བས་ན། །དྲིན་ལན་ཡང་དག་སོབ་པར་འགྱུར་བ་སྟེ། །འབད་པ་དོན་ལྡན་བྱ་བ་རླབས་ཆེན་ཡིན། །ཕན་པ་མཆོག་གྱུར་དྲིན་ལན་ལོན་པ་ཡིན། །དེ་ཕྱིར་དེ་ལྟར་ལྷག་པར་ཤེས་བྱས་ནས། །སྡུག་བསྔལ་རྒྱུ་འབྲས་བྲལ་བའི་གཉེན་པོ་འམ། །བཟློག་པའི་ཐབས་ཟབ་བླ་ན་མེད་པ་ནི། །རང་གཞན་དམ་ཆོས་སྒྲུབ་པ་གལ་ཆེ་ཞིང་། །སྤྱིར་ན་མི་ལུས་རྟེན་བཟང་ཐོབ་པ་དང་། །ནང་པ་སངས་རྒྱས་ཞེས་པའི་མིང་དོན་དང་། །བྱེ་བྲག་སེར་གཟུགས་འཆང་བའི་དོན་སྒོ་དང་། །ཁྱད་པར་དུས་གསུམ་རྒྱལ་བའི་གཞུང་ལམ་དང་། །གཤེགས་ཤུལ་བསྒྲུབ་བྱའི་རིམ་པ་མ་ལུས་རྣམས། །དྲིན་ལྡན་བླ་མས་ལེགས་པར་གདམས་པ་ཀུན། །ཤེས་བཞིན་གལ་ཆུང་ནམ་ཡང་མི་འཇོག་པར། །རང་ཉིད་ཉམས་བླང་གཞན་ལ་ཕན་པའི་བློས། །ད་ལྟའི་ཕ་མ་ཡུལ་མི་ཉེ་རིང་དང་། །གྲོགས་མཆེད་གཙོས་གྱུར་མཐོང་ཐོས་དྲན་རེག་གི། །སེམས་ཅན་ཀུན་ལ་ལུས་ངག་ཡིད་གསུམ་པོས། །དངོས་བརྒྱུད་བར་གསུམ་ཆོས་ལ་བསྐུལ་མ་གདབ། །གཤིན་པོ་རྣམས་ལ་སྙིང་རྗེའི་ཤུགས་བསྐྱེད་དེ། །དགེ་བའི་རམ་མདའ་སྦྲན་ནས་བསྔོ་སྨོན་གྱིས། །ཡང་དག་རྒྱས་འདེབས་བྱེད་པ་གལ་དུ་ཆེ། །དེ་ཡང་མཐོ་རིས་ཚངས་དང་བརྒྱ་བྱིན་སོགས། །གོ་འཕང་ཐོབ་ཀྱང་སླར་ཡང་སྡུག་བསྔལ་རྒྱུར། །མ་འདས་པས་ན་ཕན་པ་ཅི་ཞིག་ཡོད། །ཞི་བ་ཉན་རང་གོ་འཕང་ཐོབ་གྱུར་ཀྱང་། །སངས་རྒྱས་ཡོན་ཏན་བྱང་སེམས་སར་མི་ལྡན། །དོན་གཉེར་ལམ་དུ་གཉིད་ལོག་དང་མཚུངས་པས། །མཐའ་གཉིས་མི་གནས་དོན་གཉིས་ལྷུན་གྲུབ་པ། །ཡང་དག་སངས་རྒྱས་ས་ལ་འགོད་ཕྱིར་དུ། །མཐོང་ཐོས་དྲན་རེག་ཙམ་གྱིས་དངོས་བརྒྱུད་ནས། །འགྲོ་དོན་དཔག་མེད་བདེ་བླག་གཉེར་ནུས་མཁན། །མཚུངས་མེད་རྫོགས་པའི་སངས་རྒྱས་ཡིན་བཞིན་དུ། །གོ་འཕང་མཆོག་དེ་ལུས་རྟེན་འདི་ཐོག་ནས། །ཐོབ་པར་བྱའོ་སྙམ་པའི་བློ་དུང་ངེ་། །དཔེར་ན་སྐོམ་པ་ཆུ་ལ་གདུང་བ་ལྟར། །འབྲལ་མེད་སྒོ་ནས་ཆོས་ལ་བརྩོན་འགྲུས་སོགས། །རིམ་གྱིས་སྤར་བར་ནུས་པ་ཞིག་དགོས་སོ། །འོན་ཀྱང་བཤད་མ་ཐག་པའི་ཚུལ་ལྟར་ཏེ། །རང་རེས་ཚེ་རབས་ཐོག་མ་མེད་པ་ནས། །རང་གིས་སྡུག་བསྔལ་ཕྲ་མོ་མི་བཟོད་བཞིན། །གཞན་སྲོག་བཅད་ཀྱང་སྡུག་བསྔལ་མེད་ཆགས་དང་། །ཆགས་སྡང་ལས་དང་ཚིག་དང་བསམ་ངན་སོགས། །རང་འདོད་ངན་པ་ཁོ་ནའི་དབང་དུ་སོང་། །གཞན་ཕན་བསམ་པ་ནམ་ཡང་མ་སྐྱེས་པས། །དེ་ཕྱིར་སངས་རྒྱས་ས་ལ་མ་ཉེ་བར། །ཉོན་མོངས་ཞེ་སྡང་ཕྲག་དོག་ང་རྒྱལ་དང་། །འདོད་ཆགས་གཏི་མུག་ལ་སོགས་མི་དགེའི་ལས། །ཁོ་ནའི་དབང་དུ་སོང་དང་སོང་འདི་དག །སེམས་ཅན་ཕ་མར་མ་མཐོང་དྲིན་མ་ཚོར། །བྱམས་དང་སྙིང་རྗེ་བསྒོམ་མ་ཤེས་པའམ། །སྙིང་རྗེ་གོ་ཡུལ་ཤོར་བའི་ལེ་ལན་གྱིས། །འཁོར་བར་འཁྱམས་ཤིང་ལས་ངན་ལུས་ངན་པ། །རྒྱུན་ཆད་མེད་པར་བླངས་ནས་སྡུག་བསྔལ་ཞིང་། །ཤིན་ཏུ་ཉམ་ཐག་མནར་བ་ཡིན་འདུག་པས། །ད་ལན་དེ་ཡི་གཉེན་པོར་ཆོས་སྒྲུབ་པར། །ཡོད་ན་དེས་ཆོག་མེད་ན་ཐབས་ཆག་པ། །ཡང་དག་ཚད་མེད་བཞི་ཡིས་བློ་སྦྱོང་བྱ། །དེ་ཡང་སྙིང་རྗེ་ཚད་མེད་ཞེས་པ་ནི། །ལག་རྡུམ་མ་ཡི་བུ་ནི་ཆུས་ཁྱེར་ལྟར། །སྙིང་རྗེ་ཚད་མེད་པ་ཞིག་སྐྱེ་དགོས་ཏེ། །ཟས་གོས་དབུལ་དང་ནད་གདོན་གྱིས་མནར་བ༑ །ཁྲིམས་ཕོག་མི་དང་བཤས་ལུག་དུད་འགྲོ་སོགས། །སྡུག་བསྔལ་གདུང་བ་བློ་ཡུལ་གསལ་བ་འམ། །མཐོང་ཐོས་རེག་པར་གྱུར་པ་དེ་དག་ཀྱང་། །རང་ཉིད་ཡིན་པའི་འདུ་ཤེས་སེམས་ལ་བཞག །ཅི་དྲག་སྙམ་སྟེ་བསམ་བློ་ཞིབ་ཀྱིས་བསྐོར། །འཇིགས་སྐྲག་ལྷང་ལྷང་མ་སྐྱེས་བར་དུ་སྦྱངས། །དེ་བཞིན་ཕ་མ་ཉེ་རིང་རྣམས་ལ་བསྒོམ། །རིམ་གྱིས་འབྲེལ་ཐོགས་མཐོང་ཐོས་རིགས་རྣམས་དང་། །དགྲ་བོ་གདོན་བགེགས་མི་མཐུན་ཕྱོགས་ལའང་སྒོམས། །མ་ཟད་ཚེ་རབས་འབྲེལ་བའི་ཕ་མ་རྣམས། །ངན་སོང་སྡུག་བསྔལ་མནར་བ་སྙིང་རྗེ་བསྐྱེད། །མི་དང་དུད་འགྲོ་འབུ་སྲིན་ལ་སོགས་པར། །མི་འདོད་ཅུང་ཟད་མཐོང་ཐོས་རེག་གྱུར་ཚེ། །དེ་དག་རང་རྒྱུད་བྱུང་དང་ཁྱད་མེད་པར། །ངེས་ཤེས་བཟོད་མེད་དྲག་པོ་མ་སྐྱེས་པར། །ཡང་ཡང་བསྒོམས་ནས་དེ་དག་སྐྱོབ་ནུས་པའམ། །བླ་མ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །ཆོས་ལ་བརྩོན་འགྲུས་ལྷག་པར་བསྐྱེད་དགོས་ཏེ། །སྙིང་རྗེ་འབྱོང་རྟགས་ཕ་རོལ་སྡུག་བསྔལ་རྣམས། །རང་ལ་བྱུང་བ་ལས་ཀྱང་མི་བཟོད་པའི། །སྙིང་རྗེ་འབྱོང་བ་ངམ་ངམ་ཤུགས་འབྱུང་སྐྱེས། །དགའ་བ་ལ་ནི་རྔ་མོང་རྔེའུ་རྙེད་ལྟར། །སྡུག་བསྔལ་རྒྱུ་འབྲས་གཉིས་ལས་རབ་བྲལ་ཞིང་། །བདེ་བའི་རྒྱུ་འབྲས་གཉིས་དང་ལྡན་གྱུར་ན། །ཅི་མ་རུང་སྙམ་བདེ་སྐྱིད་ལྡན་པ་ལ། །དགའ་བ་ཁྱད་པར་ཅན་སོགས་སྐྱེ་དགོས་ཏེ། །རིགས་རུས་སྟོབས་འབྱོར་མངའ་ཐང་སྙན་གྲགས་ཅན། །ཤེས་རབ་རྣོ་དང་ཡོན་ཏན་ཆེ་བ་དང་། །མཛད་ཕྲིན་རྒྱས་ཤིང་བྱ་བ་ལམ་སློང་རྣམས། །ཡང་ཡང་ཡིད་ཡུལ་གསལ་བཏབ་དགའ་བ་བསྒོམ། །ཕྲག་དོག་བློ་ངན་དྲུངས་ནས་འབྱིན་བྱེད་ཅིང་། །ད་ལྟའི་དགྲ་བོ་འགྲན་སེམས་ཅན་རྣམས་གཙོས། །སེམས་ཅན་ཀུན་ལ་དེ་འདྲའི་འབྱོར་ལྡན་ན། །ཅི་མ་རུང་སྙམ་དགའ་བ་བསྐྱེད་དགོས་ཏེ། །བུ་རྒྱུད་བདེ་ལ་ཕ་མ་དགའ་བ་ལྟར། །རང་རེ་རྒྱལ་བའི་སྲས་ཀྱི་རྗེས་ཞུགས་ནས། །གཞན་འབྱོར་སོགས་ལ་ཕྲག་དོག་སྡང་གྱུར་ན། །དེ་ལས་ངོ་ཚ་ཐབས་རྡུགས་བློ་རྨོངས་པ། །ཅི་ཡོད་སྙམ་ནས་དུས་ཀུན་ངོས་བཟུང་སྟེ། །ཕྲག་དོག་འགྲན་སེམས་བློ་ངན་དྲུངས་འབྱིན་ཏེ། །རྗེས་སུ་ཡི་རང་བློ་རྒྱ་མ་ཡངས་པར། །ཡང་དག་དགའ་བ་བསྒོམ་ཞིང་འབྱོངས་རྟགས་སུ། །གཞན་འབྱོར་ཇི་ཙམ་མཐོང་ཐོས་རེག་གྱུར་ཀྱང་། །ཕྲག་དོག་བློ་ངན་ཅུང་ཟད་མི་སྐྱེ་བར། །རང་འབྱོར་ལས་ལྷག་དགའ་བའི་རང་བཞིན་སྐྱེས། །བྱམས་པ་བྱ་མས་བྱིའུ་གསོ་བ་ལྟར། །བྱམས་སྐྱོང་ཁོ་ན་ཕན་ཐོགས་བྱ་དགོས་ཏེ། །རང་བདེ་འདོད་པ་སེམས་ཅན་ཀུན་མཉམ་ཀྱང་། །ཐབས་ལ་མི་མཁས་ལས་ངན་ལུས་ངན་བླངས། །སྡུག་གིས་མནར་ལ་སྙིང་རྗེ་ལྷག་པར་བསྐྱེད། །ལུས་ངག་ཡིད་གསུམ་རྒྱུ་ནོར་ལོངས་སྤྱོད་དང་། །ཐབས་དང་རྣམ་པ་ཅི་དྲག་གང་དྲག་གིས། །འཕྲལ་ཡུན་ཕན་བདེའི་གནས་ལ་འགོད་ཕྱིར་དུ། །དངོས་བརྒྱུད་བར་གསུམ་ཕན་འདོགས་གང་ལེགས་རྩོམ། །སྐྱེ་འགྲོ་ཆེ་ཕྲ་ཀུན་གྱི་ལུས་སྲོག་དང་། །སེམས་ལ་གནོད་འཚེ་ཅུང་ཟད་མི་བྱ་བར། །བཟོད་པའི་གོ་ཆ་ཡོངས་སུ་གྱོན་བྱས་ཏེ། །གང་ལ་གང་འདུལ་བྱམས་སྐྱོང་ཁོ་ན་ཡིས། །ཤིན་ཏུ་དགེ་བསྐུལ་གནད་ལ་མཁས་པར་བྱ། །དེ་ཡང་བཟང་ལན་རེ་ཞིང་འགྲན་སེམས་དང་། །འཇིག་རྟེན་ཆོས་བརྒྱད་དུག་དང་མ་འདྲེས་པར། །ཕ་མ་རྒན་འཁོགས་ཐག་རིང་མགྲོན་པོ་དང་། །ཡུན་རིང་ནད་པ་སྒོ་ཁྱི་སྒོ་ཟོག་དང་། །ཐ་ན་ཤིག་དང་འབུ་སྲིན་ཕྲ་མོའི་ཚུན། །རང་གི་ལུས་སེམས་འདི་ཐོག་དཔེ་བླངས་ནས། །བྱམས་སྐྱོང་ཅི་དྲག་ཐབས་ལ་འབད་དགོས་ཤིང་། །འབྱོངས་རྟགས་ཀུན་ལ་མ་ཡིས་བུ་གཅིག་ལྟར། །བརྩེ་གདུང་རང་བཞིན་ངམ་ངམ་ཤུགས་འབྱུང་ཡོང་། །བཏང་སྙོམས་དྲང་སྲོང་མགྲོན་འགྱེད་ལྟ་བུ་ཞེས། །བྱམས་དང་སྙིང་རྗེ་དགའ་བ་ལ་སོགས་པ། །དགྲ་གཉེན་ཆགས་སྡང་ཕྱོགས་སུ་མི་ལྷུང་བར། །དཔེར་ན་རྩིང་ཧྲུབ་བཏུལ་ནས་ཚགས་བཙགས་ལྟར། །ཀུན་ལ་ཡོངས་སུ་སྙོམས་པའི་བསམ་སྦྱོར་གྱིས། །ད་ལྟའི་ལུས་རྟེན་འདི་ཡི་བར་སྐབས་སུ། །དགྲ་དང་གཉེན་དུ་གྱུར་རྣམས་བདག་བཟུང་སྟེ། །ཕལ་ཆེར་ལུང་མ་བསྟན་དུ་ལྷག་པ་ཡང་། །དོན་དུ་ཚེ་རབས་འབྲེལ་བའི་ཕ་མ་སྟེ། །དེ་དག་ཆགས་སྡང་ཕྱོགས་རིས་ཅི་ཞིག་བྱ། །ཐ་ན་ངོ་ཚ་དགེ་བ་ལམ་མི་སློང་། །ཕྱི་མ་རྣམ་སྨིན་ཁུར་པོ་ལྕི་བས་ན། །བྱམས་དང་སྙིང་རྗེ་དགའ་བ་ལ་སོགས་པ། །ཕྱོགས་རིས་ཆེ་ཕྲའི་དབང་དུ་མ་སོང་བར། །ནམ་མཁའ་བཞིན་དུ་ཀུན་ལ་ཡོངས་སྙོམས་པའི། །བློ་རྒྱ་ཡང་ཡང་བསྐྱེད་ཅིང་བསམ་སྦྱོར་གང་། །ཀུན་སློང་བཟང་པོ་ཚད་ལྡན་འབྱོང་དགོས་སོ། །ལར་ནི་ཚད་མེད་བཞི་ཡི་བློ་སྦྱོང་དང་། །སྨོན་འཇུག་སེམས་བསྐྱེད་བསླབ་བྱ་ཚུལ་ལྡན་རུང་། །བཟང་ངན་ཆེ་ཕྲའི་རྐྱེན་དང་འཕྲད་པའི་དུས། །གཉེན་པོ་བཟོད་བསྲན་ཅུང་ཟད་ཙམ་མེད་པར། །རང་གི་རྣམ་རྟོག་ལའང་དགྲ་རུ་མཐོང་། །མེ་སྟག་ཡལ་བའི་སྟེང་དུ་གྲི་འདོན་ཅིང་། །བན་རྒན་ཕྲེང་བའི་ལྕག་ཚན་བྱེད་པའམ། །ཆོས་གོས་ཞབས་ཀྱི་དུག་མདའ་ཟེར་བའི་དཔེ། །ཆོས་པས་མི་བྱེད་ངེས་པ་ཅང་མེད་པས། །སྲུང་སྡོམ་ལྡན་ཞིང་ཡོན་ཏན་སྣ་རེས་ཀྱང་། །རང་རྒྱུད་རྟག་ཏུ་ང་རྒྱལ་གྱིས་ཁེངས་ཞིང་། །གཞན་གྱིས་ཚིག་དང་ལྟ་ལུགས་མཐོ་དམན་ལའང་། །ང་ལ་བརྙས་བྱུང་སྙམ་ནས་ཅི་གནོད་བྱེད། །སོ་ཐར་སྡོམ་པ་བྱང་སེམས་བསླབ་པ་དང་། །གསང་སྔགས་དག་སྣང་དྲན་ཙམ་མི་ནུས་པར། །བཟང་རྒྱུའི་འོག་ནས་ཆོས་པ་ཕུང་བ་མང་། །མ་ཟད་ཡོན་བདག་སློབ་མས་བཏེག་པའི་ཚེ། །རང་རྒྱུད་ཉམས་ཕབ་བརྟག་དཔྱད་མི་བྱ་བར། །ང་ནི་འདི་དང་འདི་ལྟར་ཡིན་སྙམ་ནས། །ང་རྒྱལ་རྒྱུད་སྦོས་སྣང་བ་འུར་ལངས་ཏེ། །ངས་ནི་གང་བྱས་གང་ལབ་ཆོག་སྙམ་ནས། །མིག་འཕང་མཐོ་ཞིང་ཤེས་པ་རྩུབ་ཧྲག་གེར། །གྱུར་པའི་ཆོས་པ་བདུད་ཀྱིས་བསླུས་པ་ཡིན། །ཐོས་བསམ་བྱས་བཞིན་ང་རྒྱལ་ཇེ་ཆེར་སོང་། །བཟོད་བསྲན་ཅུང་ཟད་མེད་པ་ཤ་འུ་འདྲ། །ཀོ་ལོང་གཙང་བཙན་ལས་ཀྱང་དམ་པ་དེ། །ཐོས་བསམ་སྒོམ་གསུམ་གང་ལྟར་བྱས་གྱུར་ཀྱང་། །རང་གི་ཤེས་རྒྱུད་ལོག་པར་སོང་རྟགས་ཡིན། །དེ་ཕྱིར་བཟོད་པའི་གོ་ཆ་ལེགས་བགོས་ནས། །གཞན་གྱིས་ཇི་ལྟར་གཤེ་ཡང་སླར་མི་གཤེ། །ཁྲོས་ཀྱང་སླར་ཡང་ཕར་ལ་མི་ཁྲོ་ཞིང་། །བསྡིགས་ཀྱང་སླར་ཡང་ཕར་ལ་མི་བསྡིག་པར། །མཚང་འབྲུ་བྱེད་ཀྱང་ཕར་ལ་མི་འབྲུ་བའི། །དགེ་སྦྱོང་བྱ་བའི་ཆོས་བཞི་ཞེས་པ་འདིར། །དུས་རྣམ་ཀུན་ཏུ་ཐུགས་ཉམས་ལེགས་བསྟར་ཏེ། །ཚིག་ངན་བརྙས་བཅོས་རྡུང་རྡེག་བཀོལ་སྤྱོད་དང་། །རྐུ་དང་འཕྲོག་བཅོམ་མཐོ་དམན་འབྱོར་རྒུད་དང་། །གྱོང་དང་བུབ་ཁ་ཆེ་ཕྲ་བར་མ་དོ། །ཇི་ལྟར་བཀལ་རུང་དེ་དུས་དགའ་སྤྲོ་དང་། །ལྡན་པས་ལྷག་པར་བཟོད་པར་བྱ་དགོས་ཏེ། །སྐྱེ་བོ་མ་རིག་བླུན་རྨོངས་སྒྲིབ་རྣམས་ཀྱིས། །མ་དག་སྣང་བས་འཁྲུལ་གཏམ་ལས་ཅི་ཡོད། །རང་འདོད་ངན་པའི་གཏམ་ལས་མ་མཆིས་སྙམ། །ལྷག་པར་བཟོད་པར་བྱ་བའི་གནས་སུ་རིགས། །ཁྱད་པར་རིང་བའི་མཆེད་ནི་སེམས་ཅན་ཀུན། །ཉེ་བ་བསྟན་པའི་སྒོ་རུ་ཞུགས་ཚད་དང་། །ནང་གི་ཆོས་བརྒྱུད་གྲུབ་མཐའ་གཅིག་པ་རྣམས། །གསང་བ་བླ་མ་དཀྱིལ་འཁོར་གཅིག་གིས་བསྡུས། །དམ་ལྡན་རྡོ་རྗེའི་མཆེད་དང་ལྕམ་དྲལ་དང་། །དེ་དག་ཀུན་ལ་ལྷག་པར་བཟོད་པར་རིགས། །ཚིག་ངན་བརྗོད་ཀྱང་རྡུང་རྡེག་མ་བྱུང་སྙམ། །འཆི་ཉེར་བརྡུང་རུང་ངན་སོང་མི་སྐྱེ་སྙམ། །འདིར་སྣང་སྙན་གྲགས་འབྱོར་ཚོགས་ཀྱིས་དབུལ་ཀྱང་། །དགེ་བ་ཆུད་ཟོས་མེད་ཕྱིར་བཟོད་པར་རིགས། །ཁེངས་དྲེགས་ཅན་གྱིས་རྩོད་དང་བརྙས་གྱུར་ཀྱང་། །ཐ་སྙད་མཁས་ལ་ང་རྒྱལ་ཁེངས་དྲེགས་དང་། །གནས་ལུགས་རྟོགས་ལ་ཞི་དུལ་བག་ཡོད་རེ། །ལོས་འབྱུང་སྙམ་ནས་ལྷག་པར་བཟོད་པར་རིགས། །བཟང་ངན་རྐྱེན་དང་འཕྲད་དུས་རྩོལ་བཅས་དང་། །རྩོལ་མེད་བཟོད་པའི་ཁུར་ཆེན་མ་ཐེག་ན། །ཆོས་པའི་མཚང་རྟགས་གཅལ་དུ་བཀྲམ་ཡོང་བས། །དེ་ལྟར་བསམས་ནས་ལྷག་ཏུ་བཟོད་པར་རིགས། །བཟོད་མེད་བཟེ་རེ་ཅན་གྱི་ཆོས་པ་དེས། །སྔར་བསྒྲུབས་དགེ་བ་ཆུད་ཟོས་འགྲོ་བ་དང་། །ད་ལྟ་གང་སྒྲུབ་ལམ་དུ་མི་འགྲོ་ཞིང་། །ཕྱིས་ནས་དགེ་བ་སྒྲུབ་པའི་སྣོད་མི་རུང་། །ཞེ་སྡང་རྣམ་སྨིན་ཚ་དམྱལ་སྐྱེ་བས་ན། །ཐུགས་ཉམས་ཕབ་ནས་ལྷག་པར་བཟོད་པར་རིགས། །དུག་ལྔའི་ནང་ནས་ཁོང་ཁྲོ་གློ་བུར་འཁྲུགས། །དགེ་བ་གང་འགྲུབ་ཆུད་ཟོས་གཏོང་བས་ན། །ཆོས་པ་རབ་འབྲིང་ཐ་མ་མ་ལུས་ཀུན། །ཞེ་སྡང་དགྲ་ཆེན་འདི་ལ་ལྷག་པར་གཟོབ། །བྱང་ཆུབ་སེམས་མཆོག་མ་སྐྱེས་སྐྱེས་པར་བྱེད། །མི་ཉམས་བསྲུང་ཕྱིར་བཟོད་པའི་གོ་ཆ་གྱོན། །གོང་འཕེལ་འགྱུར་ཕྱིར་ཕར་ཕྱིན་དྲུག་སོགས་སློབས། །ད་ནི་སྨོན་འཇུག་སེམས་བསྐྱེད་དངོས་ལ་ནི། །གཏན་བདེ་རྫོགས་སངས་རྒྱས་ཀྱི་གོ་འཕང་དུ། །མཁའ་ཁྱབ་སེམས་ཅན་མྱུར་བར་འགོད་བྱའོ། །སྙམ་པ་དེ་ནི་སྨོན་པ་སེམས་བསྐྱེད་ཡིན། །དེ་ནས་སྔོན་འགྲོ་དངོས་གཞི་རྗེས་ལ་སོགས། །རྩེ་གཅིག་ཉམས་སུ་བླངས་ནས་མཐར་ཕྱིན་པར། །བྱེད་པ་དེ་ནི་འཇུག་པ་སེམས་བསྐྱེད་ཡིན། །ཆོས་དང་གངཟག་ཡང་དག་མཚམས་སྦྱོར་མཁན། །སྨོན་འཇུག་སེམས་བསྐྱེད་ཁྱད་པར་ཅན་དང་འབྲེལ། །ངག་འདོན་གང་ཡིན་ཚིག་རྗེས་དོན་དྲན་དང་། །འབུམ་ཐེར་ཁ་བསྐང་བཅས་ཏེ་ལེགས་པར་གསོག །དེ་ལྟར་སེམས་བསྐྱེད་ལམ་ལ་ཞུགས་ནས་བཟུང་། །སྐྱེས་པ་མི་ཉམས་གོང་དུ་འཕེལ་བའི་ཐབས། །རྒྱལ་སྲས་སྤྱོད་པའི་ཚུལ་ལ་བརྩོན་དགོས་པས། །སྨོན་འཇུག་གཉིས་ཀྱི་བསླབ་བྱ་འདི་ལྟ་སྟེ། །དང་པོ་སྨོན་པའི་སེམས་ཀྱི་བསླབ་བྱ་ནི། །རང་རེའི་བདེ་སྐྱིད་ཕྲ་མོ་ནས་བཟུང་སྟེ། །རྫོགས་པའི་སངས་རྒྱས་གོ་འཕང་བསྒྲུབ་འདོད་དང་། །སྡུག་བསྔལ་ཕྲ་མོ་ནས་བཟུང་ངན་འགྲོའི་གནས། །སྤང་འདོད་བློ་ནི་སེམས་ཅན་ཀུན་གཅིག་པར། །ཤེས་པས་རང་ཉིད་བསམ་སྦྱོར་གང་བྱེད་རུང་། །བདག་གཞན་བརྗེ་བར་ནུས་པ་བྱ་དགོས་ཏེ། །དཔེར་ན་རྫི་བོ་རྣམས་ལ་ཕྱིང་པའི་གོས། །གཅིག་ལས་མེད་ཀྱང་མཉམ་དུ་གྱོན་བྱེད་ལྟར། །དགེ་བ་གང་བྱས་སེམས་ཅན་ཀུན་དོན་བྱ། །རང་གི་དབུགས་ཀྱང་ནང་དུ་རྔུབ་པའི་དུས། །མཁའ་ཁྱབ་སེམས་ཅན་ལུས་ཀྱི་ན་ཚ་དང་། །སེམས་ཀྱི་སྡུག་བསྔལ་སྡིག་ལྟུང་ཉེས་སྒྲིབ་དང་། །མདོར་ན་རྒྱུ་དང་འབྲས་བུ་ངན་པ་ཀུན། །རླུང་ནག་རྣམ་པར་བྱུང་ནས་རང་ཐིམ་བསམ། །རང་དབུགས་ཕྱི་རུ་ནར་གྱིས་གཏོང་བའི་དུས། །རང་གི་དད་པ་ངེས་འབྱུང་བྱང་ཆུབ་སེམས། །ཚེ་བསོད་ཁ་རྗེ་དབང་ཐང་ལུས་ལོངས་སྤྱོད། །འབྲས་བུ་མངོན་མཐོ་ཉན་རང་བྱང་སེམས་དང་། །ཡང་དག་རྫོགས་པའི་སངས་རྒྱས་ཐོབ་པའི་ཚུན། །བདེ་སྐྱིད་བདེ་བའི་དངོས་པོ་ཐམས་ཅན་ཀུན། །རླུང་དཀར་རྣམ་པ་བྱུང་ནས་གཞན་ཐིམ་བསམ། །དངོས་སུ་བདེ་སྡུག་གཏོང་ལེན་ངེས་པར་བྱ། །དཔེར་ན་ཁ་བའི་ནང་དུ་ལྷམ་ཡ་དེ། །གཞན་ལ་གཡར་བར་བྱེད་པ་ཇི་བཞིན་དུ། །ལྷག་བསམ་ལྡན་པའི་གཞན་ཕན་སྤྱོད་པ་བྱ། །ངན་སོང་སྐྱེ་བའི་སེམས་ཅན་བདེ་ལྡན་ན། །རང་ཉིད་ཚབ་ཏུ་འགྲོ་ནུས་བཟོད་པ་དང་། སྙིང་སྟོབས་ཡང་ཡང་བསྐྱེད་པ་གཞན་གཅེས་ཡིན། །རང་ཉིད་འཁྱག་ལྟོགས་ནད་ཀྱིས་ཤི་གྱུར་ཀྱང་། །བཟོད་པར་བྱེད་ནས་གོས་སོགས་སྦྱིན་པ་ལྟར། །རིགས་སུ་འགྲེ་ནས་རིམ་གྱིས་བསྒྲུབ་པར་བྱ། །ཚིག་ཙམ་མ་ཡིན་སེམས་ཐོག་ཡང་ཡང་བསྒོམ། །དང་པོ་བཅོས་མའི་སྙིང་རྗེ་ཡང་ཡང་བསྐྱེད། །བར་དུ་བཅོས་མིན་སྙིང་རྗེ་ངམ་ངམ་སྐྱེ། །མཐར་ནི་ངེས་ཤེས་བཟོད་མེད་དུང་ངེ་བ། །རྒྱུན་ཆགས་སྐྱེས་པ་ཞིག་གི་ངང་ཉིད་དུ། །ད་ལྟའི་བཟང་ངན་རྐྱེན་དང་འཕྲད་པའི་དུས། །དངོས་སུ་ལག་ལེན་འཛོལ་མེད་ཐེབ་ངེས་དང་། །ཕུགས་སུ་བསམ་སྦྱོར་དེ་འདྲའི་གདེང་ལྡན་ཞིག །མེད་ན་རང་གཞན་ཕན་ཐོགས་འབྱུང་དཀའ་བས། །ཚིག་དང་ཚུལ་འཆོས་བསྒོམ་ལོ་ཙམ་མིན་པར། །ཡང་ཡང་བསྒོམ་ཞིང་ལག་ལེན་ཐེབ་པར་བྱ། །ད་ནི་འཇུག་པའི་བསླབ་བྱ་སྦྱིན་སོགས་ནི། །རང་གི་ཟས་གོས་ནོར་རྫས་ཕྲ་མོའི་ཚུན། །རྟ་དང་གླང་ཆེན་བུ་དང་བུ་མོ་དང་། །ཆུང་མ་ཡན་ལག་ལུས་སྲོག་ལ་སོགས་པ། །གཏོང་དང་གཏོང་ཆེན་ཤིན་ཏུ་གཏོང་བ་ཞེས། །དེ་དག་ཟང་ཟིང་སྦྱིན་པ་ཡིན་པས་གཅིག །དབང་བསྐུར་བ་དང་ཆོས་བཤད་ལུང་འབོག་དང་། །སྣག་སྨྱུག་ཤོག་བུ་གླེགས་བམ་སྦྱིན་པ་སོགས། །དེ་དག་ཆོས་ཀྱི་སྦྱིན་པ་ཡིན་པས་གཉིས། །སྐྱབས་མགོན་མེད་ལ་མགོན་སྐྱབས་བྱེད་པ་དང་། །རི་རྒྱ་ཀླུང་རྒྱ་བསྡམས་ནས་སྲོག་བསླུ་སོགས། །མི་འཇིགས་སྐྱབས་ཀྱི་སྦྱིན་པ་ཡིན་པར་གསུང་། །དེ་ལྟར་སྦྱིན་པས་སེར་སྣའི་སྒྲིབ་པ་བྱང་། །ཡི་དྭགས་གནས་སུ་སྐྱེ་བའི་རྒྱུན་གཅོད་ཅིང་། །བསོད་ནམས་ཚོགས་རྫོགས་གཞན་དོན་རླབས་ཆེན་འབྱུང་། །ལུས་ངག་ཡིད་གསུམ་སྒོ་ནས་མི་དགེའི་རིགས། །ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཡིན་པས་གཅིག །དགེ་བ་བཅུ་སོགས་ཅི་འགྲུབ་བྱེད་པས་ན༑ །དགེ་བ་ཆོས་སྡུད་ཚུལ་ཁྲིམས་ཡིན་པས་གཉིས། །བསྡུ་དངོས་བཞི་སོགས་གཞན་དོན་འབད་པ་ནི། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་ཡིན་པས་གསུམ། །དེ་ལྟར་ཚུལ་ཁྲིམས་རྣམ་གསུམ་སྲུང་བ་ཡིས། །མཐོ་རིས་ཡོན་ཏན་བདུན་ལྡན་ལུས་ཐོབ་ཅིང་། །སྤངས་རྟོགས་ཕྲིན་ལས་ཕུན་སུམ་ཚོགས་པར་བྱེད། །རྡུང་རྡེག་འཕྲོག་བཅོམ་ཚིག་ངན་སྨྲ་སོགས་ལ། །ཁོང་ཁྲོ་མི་བྱ་སྙིང་རྗེ་སྒོམ་པ་ནི། །གཞན་གྱིས་ལོག་སྒྲུབ་བཟོད་པ་ཡིན་པས་གཅིག །དཀའ་ཚེགས་ཚ་གྲང་བཀྲེས་སྐོམ་སོགས་བཟོད་ནས། །བློ་ཕུགས་ཆོས་གཏད་ཆོས་ཕུགས་སྤྲང་པོར་གཏད། །སྤྲང་ཕུགས་ཤི་གཏད་ཤི་ཕུགས་གྲོགས་སྟོང་གཏད། །ཆོས་ཕྱིར་དཀའ་སྤྱོད་ཡིན་པས་བཟོད་པ་གཉིས། །བླ་མ་གདམས་པ་གྲུབ་མཐའ་སྣ་ཚོགས་ལ། །ཕྱོགས་རིས་མི་བྱ་དག་སྣང་འབྱོང་བ་དང་། །སྟོང་པ་ཉིད་ལ་མོས་ཤིང་ཉམས་ལེན་པ། །དོན་ལ་མི་སྐྲག་བཟོད་པ་ཡིན་པས་གསུམ། །དེ་ལྟར་རྣམ་པ་གསུམ་ལ་བཟོད་བྱས་པས། །དགེ་ཚོགས་ཆུད་མི་ཟ་ཞིང་ལམ་དུ་སློང་། །ཞེ་སྡང་འབྲས་བུ་དམྱལ་བའི་སྐྱེ་སྒོ་ཆོད། །མཚན་དཔེ་ལྡན་པའི་སྐུ་མཆོག་ཐོབ་པར་བྱེད། །ཐོས་བསམ་སྒོམ་གསུམ་རང་དོན་སྒྲུབ་པ་དང་། །དཀའ་སྤྱད་སྙིང་སྟོབས་ཡོན་ཏན་ཚད་མེད་དེ། །འཆད་རྩོད་རྩོམ་པས་ཡོན་ཏན་རླབས་ཆེན་གྱི། །ཕྲིན་ལས་རྣམ་ཐར་སོགས་ལ་མི་ཞུམ་པར། །སྒྱིད་མི་ལུག་ཅིང་རང་ལ་མི་བརྙས་པར། །དལ་འབྱོར་ཐོབ་འདིར་དོན་ལྡན་བརྩོན་པར་བྱ། །སྙམ་པའི་བློ་སྟོབས་ལྷག་པར་བསྐྱེད་པ་ནི། །གོ་ཆའི་བརྩོན་འགྲུས་ཞེས་པ་ཡིན་པས་གཅིག །སང་བྱ་གནངས་སྒྲུབ་ངང་ནས་ཚེ་ཟད་པར། །མི་རྟག་བསྐུལ་གདབ་ཕྱི་བཤོལ་དབང་མི་བཏང་། །བསམ་འཕྲལ་ཉིད་ནས་ཆོས་ལ་འཇུག་པ་ནི། །སྦྱོར་བའི་བརྩོན་འགྲུས་ཞེས་པ་ཡིན་པས་གཉིས། །མཚམས་དང་དགེ་སྦྱོར་བསྙེན་སྒྲུབ་ལ་སོགས་པ། །ལོ་ཟླ་གྲངས་དང་རྟགས་མཚན་ཕྲན་བུ་ལ། །ཆོག་ཤེས་མི་བྱ་ཚེ་དང་སྒྲུབ་མཉམ་པའི། །བརྩོན་འགྲུས་ཤུགས་དྲག་རྒྱུན་རིང་ཆུ་བོ་བཞིན། །ཉི་མཚན་བར་མེད་དུས་ཀུན་འབད་པ་ནི། །ཆོག་པར་མི་འཛིན་བརྩོན་འགྲུས་ཡིན་པས་གསུམ། །དེ་ལྟར་བརྩོན་འགྲུས་གསུམ་པོ་ཉམས་བླངས་པས། །ལེ་ལོའི་དགྲ་འཇོམས་རྫུ་འཕྲུལ་རྐང་བཞི་ཐོབ། །འཇིག་རྟེན་ཀུན་གྱིས་མཆོད་ཅིང་བསྟོད་པ་དང་། །རང་གི་བསམ་པ་མ་ལུས་འགྲུབ་པ་དང་། །ཡོན་ཏན་ཚོགས་འཕེལ་མྱ་ངན་འདའ་བར་བྱེད། །དགྲ་འདུལ་གཉེན་སྐྱོང་ཟས་གོས་འབད་རྩོལ་དང་། །འདུ་འཛི་གཡེང་བའི་རིགས་ཀུན་སྤངས་བྱས་ནས། །མི་མེད་ལུང་སྟོང་མཉམ་པར་བཞག་པའི་དུས། །བདེ་གསལ་མི་རྟོག་ཞེན་ཅིང་ཆགས་པ་ནི། །བྱིས་པ་ཉེར་སྤྱོད་བསམ་གཏན་ཡིན་པས་གཅིག །ཉམས་ཀྱི་ཞེན་པ་དག་ནས་སྟོང་འཛིན་དུས། །དོན་རབ་འབྱེད་པའི་བསམ་གཏན་ཡིན་པས་གཉིས། །སྟོང་འཛིན་གཉེན་པོ་བློ་དང་ཡོངས་བྲལ་ཞིང་། །ཆོས་ཉིད་རང་བབ་ངང་ལས་མ་གཡོས་པ། །བདེ་གཤེགས་དགྱེས་པའི་བསམ་གཏན་ཡིན་པས་གསུམ། །དེ་ལྟར་བསམ་གཏན་གསུམ་པོ་ཉམས་བླངས་པས། །རྣམ་གཡེང་དགྲ་འཇོམས་ཞི་གནས་ལས་སུ་རུང་། །འདོད་ཡོན་ཉོན་མོངས་ཚོགས་རྣམས་མགོ་སྙོམས་ཏེ། །སེམས་ལ་དབང་འབྱོར་སྤྱན་དང་མངོན་ཤེས་འཆར། །རྫུ་འཕྲུལ་ཉམས་རྟོགས་ཡོན་ཏན་གོང་འཕེལ་འབྱུང་། །ཐོས་པའི་ཤེས་རབ་ཕྱི་ཡི་སྒྲོ་འདོགས་ཆོད། །བསམ་པའི་ཤེས་རབ་ནང་གི་ཐེ་ཚོམ་སེལ། །སྒོམ་པའི་ཤེས་རབ་རྨོངས་པའི་དྲྭ་བ་འདྲལ། །དེ་ལྟར་ཤེས་རབ་རྣམ་གསུམ་ཉམས་བླངས་པས། །ཤེས་འཆལ་དགྲ་འཇོམས་འཁོར་བའི་གཡུལ་ལས་རྒྱལ། །ཡེ་ཤེས་སྤྱན་ཐོབ་སྲིད་ཞིའི་མཐར་མི་གནས། །དགོངས་པའི་ཀློང་རྡོལ་ཆོས་ཉིད་མངོན་དུ་འགྱུར། །ཡེ་ཤེས་ཚོགས་རྫོགས་ཆོས་སྐུ་ཐོབ་པར་བྱེད། །དེ་ལྟར་སེམས་བསྐྱེད་བསླབ་བྱ་ཚུལ་ལྡན་པས། །ཐེག་ཆེན་རྩ་བ་སེམས་བསྐྱེད་འགྲོ་བ་དང་། །དགེ་བ་སྣ་གཅིག་ཙམ་ཡང་བྱས་གྱུར་ཀྱང་། །སངས་རྒྱས་ཡོན་ཏན་སེམས་ཅན་གྲངས་དང་མཉམ། །དགེ་རྩ་ཆུད་མི་ཟ་ཞིང་གོང་དུ་འཕེལ། །བསོད་ནམས་རྒྱ་ཆེ་རྒྱལ་བའི་གདུང་འཛིན་ཅིང་། །གཞན་དོན་རྒྱ་ཆེ་རྒྱུན་རིང་རླབས་ཆེན་འགྲུབ། །མཚམས་མེད་ལས་བསགས་དམྱལ་བ་སྐྱེ་གྱུར་ཀྱང་། །ཡུད་ཙམ་ཞིག་ནས་ཐར་འི་གོ་འཕང་བགྲོད། །སྡིག་བྱས་ཐམས་ཅད་དུས་མཐའི་མེ་ལྕེ་ཡིས། །རྩྭ་སྦུར་ཡུད་ཀྱིས་སྲེག་ལྟར་རྨང་ནས་འཇོམས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཐོབ། །ས་དང་ལམ་རྣམས་ཀུན་གྱི་སྙིང་པོར་འགྱུར། །སེམས་ཅན་ཀུན་གྱི་འདྲེན་པ་མཆོག་འགྱུར་ཏེ། །བླ་ན་མེད་པའི་ཁང་བཟང་དུ་བགྲོད་པའི། །བཞོན་པ་བཟང་པོ་ལྟ་བུ་ཡིན་པ་སོགས། །ཕན་ཡོན་ཚད་མེད་ལྷག་པར་ཤེས་དགོས་སོ།།  ༈  །།དེ་ནས་སྡིག་སྒྲིབ་དག་པར་བྱེད་པའི་ཐབས། །རྡོ་རྗེ་སེམས་དཔའི་སྒོམ་བཟླས་རིམ་པ་ནི། །དང་པོ་རྡོ་རྗེ་སེམས་དཔའི་མཚན་དོན་ནི། །ལོངས་སྐུ་ངེས་པ་ལྔ་ལྡན་ཡིན་པས་དཔལ། །དེ་ནས་འཕོ་འགྱུར་བགྲེས་རྒུད་གཞོམ་གཞིག་སོགས། །ཀུན་ལས་འདས་པ་ཡིན་ཕྱིར་རྡོ་རྗེ་དང་། །དེ་ཡི་ངང་ལས་སྤྲུལ་པ་སྣ་ཚོགས་པ། །འབྱུང་བར་སྟོན་པས་སེམས་དཔའ་ཞེས་བྱ་སྟེ། །རིགས་ཀུན་ཁྱབ་བདག་དཀྱིལ་འཁོར་ཀུན་གྱི་གཙོ། །རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཡིན་པར་བཤད། །ལྷ་ཀུན་ཞི་ཁྲོ་དམ་པ་རིགས་བརྒྱར་འདུས། །དེ་ཡང་རྒྱལ་བ་རིགས་ལྔའི་ཁོངས་སུ་འདུས། །དེ་ཡང་གསང་ཆེན་ལྷ་གཅིག་རིགས་ཀུན་བདག །དཔལ་ལྡན་རྡོ་རྗེ་སེམས་དཔར་ཡོངས་འདུས་ཏེ། །དེས་ཀྱང་དང་པོ་ཐུགས་མཆོག་བསྐྱེད་པའི་དུས། །བདག་གི་སྒོམ་བཟླས་བྱེད་རྣམས་སྡིག་བྱང་ཤོག །ཅེས་པའི་སྨོན་ལམ་བཏབ་པས་ཡོངས་གྲུབ་སྟེ། །ཡང་དག་སངས་རྒྱས་གོ་འཕང་བརྙེས་པས་ན༑ །ཕྱོགས་བཅུའི་སངས་རྒྱས་རེ་རེའི་མདུན་ཕྱིན་ཅིང་། །བཤགས་པའི་ཐབས་ལ་ཇི་ལྟར་འབད་པ་བས། །གོང་གསལ་དཀྱིལ་འཁོར་ཀུན་གྱི་སྤྲོ་བསྡུའི་གནས། །རྡོ་རྗེ་སེམས་དཔའ་སྒོམ་བཟླས་བྱས་པ་ཡིས། །ལྷག་པར་དུའང་འགྱུར་སྟོབས་ཆེ་བ་དང་། །ངོ་བོ་རྩ་བའི་བླ་མ་ཡིན་ཤེས་ན། །ལྷག་པར་བྱིན་རླབས་འཇུག་མྱུར་དགོས་ཆེད་ཡོད། །འདག་བྱེད་རྒྱལ་བའི་ཡོན་ཏན་དེ་ལྟར་ན། །དད་པ་དོན་གཉེར་ལྷག་ཏུ་བསྐྱེད་པར་བྱ། །དག་བྱ་རང་རྒྱུད་ཉོན་མོངས་སྡིག་སྒྲིབ་རྣམས། །ཕྱོགས་ཙམ་ངོས་བཟུང་ཞིབ་པར་མ་བཤད་ན། །ཐོག་མེད་འཁྲུལ་འབྱམས་གཉེན་པོ་བག་ཉལ་བས། །སྡིག་ལ་འགྲོགས་ཞིང་སྒྲིབ་པ་གཏིང་ཟབ་ཕྱིར། །དེ་ཡི་དབང་གིས་གང་ཟག་ལས་དང་པོས། །ངོ་ཙམ་མི་ཟིན་སྒྲིབ་བྱང་བྱ་དགོས་དོན། །ཕྱོགས་ལམ་ཧ་གོ་དཀའ་བ་ལྟ་བུའང་སྣང་། །ངོས་ཙམ་ཟིན་པ་མེད་ན་ཅི་ཞིག་བཤགས། །བླང་ཞིང་དོར་བའི་གནས་སྐབས་སུ་ཡིས་འབྱེད། །འགྱོད་ཅིང་བཤགས་པས་སོར་ཆུད་མ་བྱས་ཚེ། །ཉེས་ལྟུང་ཚད་མེད་ཤུགས་ཀྱིས་འབྱུང་བས་ན། །དེ་ཕྱིར་སྦྱང་བྱ་སྡིག་པའི་སྒོ་དྲུག་ཅེས། །དང་པོ་ཀུན་སློང་སྒོ་ནི་འདི་ལྟ་སྟེ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ་པོ་དང་། །གཉིས་པ་རྟེན་གྱི་སྒོ་ནི་འདི་ལྟ་སྟེ། །ལུས་ངག་ཡིད་གསུམ་སྒོ་ནས་བསགས་པ་དང་། །གསུམ་པ་ཡུལ་གྱི་གཙོ་བོ་བླ་མ་དང་། །མཁན་པོ་མཆེད་གྲོགས་ལ་སོགས་ཁྱད་པ་ཅན། །ཕ་མ་རྒན་ཁོག་ཡུན་རིང་ནད་པ་དང་། །ཕལ་པ་སེམས་ཅན་ཆེ་ཕྲ་སྲིད་དོ་ཅོག །བཞི་པ་ངོ་བོའི་སྒོ་ནི་མི་དགེ་བཅུ། །མཚམས་མེད་ལྔ་དང་བཅས་པའི་ལྟུང་བ་དང་། །ལྔ་པ་དུས་ཀྱི་སྒོ་ནི་ཐོག་མེད་ནས། །དེང་བར་ལོ་ཟླ་ཉི་མ་དུས་ཚོད་དོ། །དྲུག་པ་བྱེད་པའི་ལས་ནི་ཚེ་འདི་ལ། །ནད་མང་ནོར་དབུལ་དགྲ་ཡིས་འཇིགས་པ་དང་། །ཕྱི་མ་ངན་འགྲོའི་སྡུག་བསྔལ་ལ་སོགས་པ། །བསམས་ནས་ཡོངས་སུ་སྦྱང་བར་བྱ་དགོས་ཤིང་། །དེ་ཡང་ཅུང་ཟད་སྤྲོས་པ་བྱེད་པ་ནི། །རང་རེ་ཚེ་རབས་ཐོག་མེད་དེང་ཕན་ཆོད། །སྤྱིར་ནི་མ་རིག་པ་ཡིས་རྣམ་ཀུན་སྒྲིབ། །སྒོས་སུ་ཉོན་མོངས་ཤུགས་དྲག་ཀུན་སློང་བས། །ལས་ནི་མི་དགེ་བཅུ་དང་མཚམས་མེད་ལྔ། །ཉེ་བ་ལྔ་དང་ལྕི་བ་བཞི་པོ་དང་། །ལོག་པ་བརྒྱད་སོགས་རང་གིས་སྤྱོད་པའམ། །གཞན་དག་རྣམས་ལ་བྱེད་དུ་འཇུག་པའམ། །བྱས་ལ་རྗེས་སུ་ཡི་རང་སྐྱེས་པ་དང་། །ཐ་མ་འགྲོ་འདུག་བབ་ཅོལ་ལས་བྱས་དང་། །ཟས་གོས་རྒྱུན་ཆད་མེད་ལ་ལོངས་སྤྱོད་དང་། །གཉིད་དུ་ལོག་ཀྱང་འཁྲུལ་སྣང་དྲག་པོ་ལྡང་། །ངག་གི་ཆགས་སྡང་བར་མའི་གཏམ་རྒྱུན་དང་། །ཡིད་ཀྱི་དྲན་འཕྲུལ་ཆེ་ཞིང་ཆེ་བ་ནས། །ཕྲ་ཞིང་ཕྲ་བར་དངོས་བརྒྱུད་བར་གསུམ་འཕྲོ། །ལམ་ཙམ་ངོས་ནི་ཟིན་ལ་མི་ཟིན་ལ། །སྡིག་པ་མི་དགེའི་ལས་ནི་གྲངས་མེད་ཅིག །ད་ལྟ་ཉིན་ཞག་རེ་ཡི་ཁོངས་སུ་ཡང་། །ཆུ་གཉེར་ཇི་བཞིན་བསགས་དང་གསོག་བཞིན་པ། །ཐོག་མ་མེད་ནས་སྐྱེ་འཆི་འཁོར་མོ་ཡུག །ད་ལྟའི་བར་དུ་སྐད་ཅིག་མ་ཁོམ་པ༑ །སྡིག་པའི་ཡོ་ལང་འཁྲུགས་ལ་ལོངས་སྤྱོད་ཅིང་། །དེ་དག་ལ་ཡང་བཤགས་པའི་གཉེན་པོ་མེད། །དགེ་བ་བསྒྲུབས་ཀྱང་ཤིན་ཏུ་སྟོབས་ཤུགས་ཆུང་། །དེ་བཞིན་སྡིག་ལྟུང་རིམ་པ་ཆེ་ཆེར་འཕེལ། །ཞག་ཟླ་ལོ་གྲངས་ཚེ་རབས་དུ་མར་སོང་། །ཉེས་ལྟུང་མཐའ་ཡས་ཡོད་པ་གཞིར་བཅས་མོད། །དེས་ན་གང་ཟག་རབ་འབྲིང་ཐ་མས་ཀྱང་། །ད་ལྟ་ཐབས་དང་ཤེས་རབ་མཆོག་ལྡན་ཅིང་། །རང་དབང་ཡོད་དུས་བཤགས་པས་སོར་ཆུད་རེ། །མཛད་པ་ཅི་ནས་གལ་ཆེའི་རང་བཞིན་དང་། །ཁྱད་པར་རང་རེའི་བླ་གྲྭ་ཆོས་བྱེད་རྣམས། །ཆོས་ཀྱི་སྒོ་རུ་ཡང་ཡང་ཞུགས་བྱས་ཀྱང་། །སོ་ཐར་སྡོམ་པ་བྱང་སེམས་བསླབ་བྱ་དང་། །གསང་སྔགས་དམ་ཚིག་ཕ་མཐའ་ཡས་པ་ལས། །ཚིག་དང་རྣམ་གྲངས་ཙམ་ཡང་མི་ཤེས་ན། །སྤང་བླང་རྒྱས་འབྲིང་བསྡུས་པའི་རྣམ་བཞག་ཀུན། །ཡང་དག་ཤེས་པར་འགྱུར་བ་ལྟ་ཅི་སྨོས། །དེ་ཕྱིར་ཉིན་རེའི་ཁོང་ནས་མི་དགེ་བཅུ། །ཁ་ཚང་རེ་སོགས་བཤགས་པའི་གཉེན་པོ་མེད། །བྱེ་བྲག་ས་དགེ་རྙིང་མ་དཀར་འབྲུག་སོགས། །བསྟན་པ་སྤྱི་དར་ཆེ་བའི་དབང་སོང་སྟེ། །བྱིས་པ་ནས་བཟུང་རྒན་རབ་ཕལ་ཆེར་ལ། །དབང་དང་སྡོམ་པ་སྐྱབས་འགྲོ་ཁྲིད་ལུང་སོགས། །ལན་གྲངས་ཐོབ་མཁས་ཕལ་ཆེ་མང་བ་དང་། །ཆོས་འབྲེལ་སྣ་རེ་མ་ཐོབ་མེད་ན་ཡང་། །དབང་སོགས་དམ་ཚིག་སྐྱབས་འགྲོ་བསླབ་བྱ་དང་། །ཁྲིད་ལུང་ཐོབ་པས་ཉམས་ལེན་བྱ་དགོས་སོགས། །སྙམ་པའི་བག་ཆགས་ཙམ་ཡང་མི་འཇོག་པར། །བསྐྱེད་རྫོགས་དམ་ཚིག་ལྡན་པ་ལྟ་ཅི་སྨོས། །སེམས་བསྐྱེད་བསྐྱེད་རྫོགས་དམ་ཚིག་མི་ལྡན་ཞིང་། །ཆོ་ག་ཆད་ལྷག་བསྔོ་སྨོན་ཙམ་མེད་ཅིང་། །བླ་མར་གཤིན་པོའི་རྣམ་ཤེས་ཁག་འཁྲི་དང་། །གྲྭ་པར་གསོན་རིམ་རྒྱུ་ནོར་ཁག་འཁྲི་དང་། །གྲྭ་པའི་དཀོར་རྫས་ཁྱིམ་པར་ཁག་འཁྲི་དང་། །གཞན་ཡང་བཟོ་སོགས་རིག་གནས་མཁས་རྣམས་དང་། །ལྷ་བཟོའི་ཐིག་ཚད་མི་ལྡན་ཆད་ལྷག་བྲི། །སྔགས་པ་རྣམས་ཀྱིས་རྩིས་གཏོ་མདོས་ལ་སོགས། །ཀུན་སློང་བསྐྱེད་རྫོགས་མི་ལྡན་ཉེས་པ་དང་། །སྨན་པས་སྨན་ལོག་འཆོལ་བར་གཏོང་བ་དང་། །དེ་དག་རྣམས་ཀྱིས་ཡོ་བྱད་དོན་དུ་ནི། །གླ་ཡོན་ཟས་ལ་རྔམ་པ་གཙོར་འཛིན་ནས། །ཕལ་པའི་ཉོ་ཚོང་བྱེད་པ་ལྟ་བུ་ལས། །ལྷག་བསམ་སེམས་བསྐྱེད་བཟང་པོར་ཅུང་མི་འབྱོངས། །མི་རུང་འདོད་ཞེན་རེ་འཁོན་ཆགས་སྡང་དང་། །ང་རྒྱལ་ཕྲག་དོག་མི་དགེའི་ལས་ངན་པ། །ཤུགས་ཀྱིས་གསོག་རྣམས་ཉེས་པའི་རང་བཞིན་ལས། །ཅུང་ཟད་མ་འདས་ཁྲིད་ཡིག་རྣམས་སུ་གསུངས། །ད་ལྟ་རང་གི་རྒྱུད་ཐོག་ལ་བལྟས་པས། །གསུང་ཟབ་གནད་དུ་ཁེལ་བ་ཤ་སྟག་བྱུང་། །དེ་ཕྱིར་སེར་སྐྱ་ཆོས་ལ་འདུན་པ་རྣམས། །ཐུགས་ཉམས་ཕབ་ནས་ནང་དུ་བློ་བསྐོར་ཏེ། །ཡང་ཡང་རང་ལ་དཔྱད་པ་ཤིན་ཏུ་གཅེས། །ཤེས་དང་མི་ཤེས་དབང་གིས་སྡིག་བྱས་རྣམས། །འགྱོད་བཤགས་དྲག་པོས་སོར་ཆུད་མཛད་པ་ལས། །ཉེས་ལྟུང་བསགས་པའི་སྡིག་སྒྲིབ་བག་ཆགས་ཀྱིས། །དྲི་མ་འཐུག་པོས་རང་རེ་དུས་རྣམ་ཀུན། །གཡོགས་ནས་སྒྲིབ་བསྡད་ཡོད་པ་གཞིར་བཅས་ཏེ། །ད་ལྟ་ཉིན་ཞག་གཅིག་ཏུའང་དགེ་སྡིག་གི། །ལས་ཤས་ཆེ་ཆུང་ཆོས་ལ་མོས་དཀའ་དང་། །འགྲུབ་དཀའ་བསམ་ན་ཤུགས་ཀྱིས་མངོན་ཡོང་ཞིང་། །དཔེར་ན་མེ་ལོང་བདག་ཏུ་མ་བཟུང་བའི། །ལན་གྱིས་བཙའ་གཡའ་སྐྱོན་ཆེར་བཟུང་བ་ལྟར། །དེ་སྔོན་དགེ་སྡིག་སྐྱོན་ཡོན་མ་བརྟགས་པས། །སྡིག་སྒྲིབ་གཡའ་ཡིས་རང་རིག་སྒྲིབ་པ་ཡིན། །ད་རེས་བདག་བཟུང་སྐྱོན་ཡོན་ཕྱོགས་ཤེས་ནས། །སྒྲིབ་སྦྱང་ཚོགས་གསོག་བྱི་དོར་བྱས་པའི་ངོགས། །དོན་དམ་གཟུགས་བརྙན་འཆར་ཐབས་བྱེད་ལས་ཀྱི། །བཙན་དུག་ནག་པོ་ཁོངས་སུ་སོང་བ་ལས། །བརྒྱ་འགྱུར་ལས་ཀྱང་སྡིག་བྱས་ཉེས་ཚབས་ལྕི། །དུག་གི་ལུས་འདི་ན་འཆི་བྱེད་པ་ལས། །ཚེ་རབས་ཀུན་ཏུ་སྡུག་བསྔལ་སྦྱོར་མི་ནུས། །ལས་ངན་མི་དགེས་ཚེ་འདིར་མི་བདེ་ཞིང་། །རྐྱེན་ངན་རྣམ་པ་སྣ་ཚོགས་འབྱུང་བ་དང་། །ཕྱི་མ་བར་དོའི་འཁྲུལ་སྣང་མཚམས་སྦྱོར་ནས། །ངན་སོང་གནས་སུ་སྐྱེ་ནས་སྡུག་བསྔལ་གྱིས། །བཟོད་དཀའ་ཤུགས་དྲག་རྒྱ་ཆེས་ཡུན་རིང་མནར། །མཐར་མེད་འཁོར་བའི་གནས་སུ་སྡུག་བསྔལ་མྱོང་། །ཤིན་ཏུ་ཕུང་ཚབས་ཆེ་བའི་རང་བཞིན་ཏེ། །མི་བཤགས་སྐྱོན་མེད་འཇོག་པར་ག་ལ་ནུས། །བཙན་དུག་ཁོང་དུ་སོང་ན་དེ་མ་ཐག །བཤལ་སྐྱུག་སྨན་བཏང་ཞི་བར་བྱེད་པ་ལྟར། །ལས་ངན་སྡིག་ལྟུང་ཉེས་བྱས་ཆེ་ཕྲ་ཀུན། །གནོང་འགྱོད་དྲག་པོས་སྡིག་སྒྲིབ་ལྷག་མེད་དུ། །སྦྱང་བའི་ཐབས་ལ་འབད་པ་གལ་ཏུ་ཆེ། །དེ་ཡང་རྒྱལ་བ་ཐབས་མཁས་ཐུགས་རྗེ་ལས། །གང་ཟག་རྣམས་ཀྱི་བློ་རིམ་དང་བསྟུན་ཏེ། །སྒྲིབ་སྦྱང་རྣམ་གྲངས་དཔག་མེད་གསུངས་པའི་ནང་། །མཆོག་གྱུར་གསང་ཆེན་རིགས་རྣམས་ཀུན་འདུས་པ། །བླ་མ་རྡོ་རྗེ་སེམས་པའི་སྒོམ་བཟླས་ཡིན། །དེ་ཕྱིར་ངེས་ཤེས་ཁྱད་འཕགས་ལྡན་པའི་ངང་། །ཉམས་ལེན་དངོས་གཞི་སྒོམ་དུས་འདི་ལྟར་བྱ། །གཉེན་པོ་སྟོབས་བཞི་ངེས་པར་ཚང་བའི་སྒོ། །བཤགས་པའི་ཐབས་ལ་ཅི་ནས་འབད་དགོས་པས། །ངག་འདོན་གང་ཡིན་རྣམས་དང་རིམ་པས་འབྲེལ། །མཆོག་གསུམ་རྟེན་ལ་བརྟེན་པས་སྡིག་པཟད། །དེ་ཕྱིར་རྟེན་གྱི་སྟོབས་ཞེས་བྱ་བ་ཡིན། །རང་གི་སྤྱི་བོར་པད་སྡོང་ཟླ་དཀྱིལ་སྟེང་། །ཧཱུྃ་དཀར་འོད་ཟེར་འབར་བ་གནས་གྱུར་ཏེ། །ངོ་བོ་རྩ་བའི་བླ་མ་ཡིན་པ་ལ། །རྣམ་པ་བཅོམ་ལྡན་རྡོ་རྗེ་སེམས་དཔའ་ནི། །ཉེས་སྐྱོན་མ་གོས་མེ་ལོང་ཡེ་ཤེས་སྐུ། །ཡིན་ཕྱིར་སྐུ་མདོག་དཀར་གསལ་དྲི་མ་མེད། །གངས་རིའི་ལྷུན་པོ་ཟླ་གཞོན་བྱེ་བ་ཡིས། །འཁྱུད་པ་ལྟ་བུ་གཟི་བརྗིད་རབ་འཕྲོ་བ། །ཆོས་སྐུ་ཐིག་ལེ་ཉག་གཅིག་རྟོགས་པའི་བརྡར། །ཞལ་གཅིག་ཐབས་ཤེས་མཚོན་བྱེད་ཕྱག་གཉིས་ཏེ། །ཕྱག་གཡས་རིག་སྟོང་རྡོ་རྗེ་ཐུགས་ཀར་འཛིན། །གཡོན་པས་སྣང་སྟོང་དྲིལ་བུ་དཀུ་ལ་བརྟེན། །ཞབས་གཉིས་རྡོར་སྐྱིལ་སྲིད་ཞིར་མི་གནས་བརྡ། །དབུ་སྐྲ་ཟུར་ཕུད་འགྲན་ཟླ་བྲལ་བའི་བརྡ། །གདུལ་བྱའི་ཉོན་མོངས་གདུང་བ་སེལ་བའི་བརྡར། །སྐུ་ལ་ལྷ་རྫས་དར་གྱི་ཆས་གོས་ལྔ། །མཐིང་ཁྲའི་ཟི་ལྡིར་དབུ་རྒྱབ་ནས་འཕྱང་བ། །སྙན་གོང་སྣ་ཚོགས་དར་དཔྱངས་ཞབས་ནས་འཁྱིལ། །གར་གོས་སྟོད་ཐུང་དཔུང་ཕྱེད་ཙམ་སླེབ་པ། །སྟོད་ལེ་སྔོན་པོར་ལྗང་གུའི་སྦབ་ལེ་ཅན། །ཚིག་གུ་དར་ཚོན་འཇའ་སྣམ་སྨད་དཀྲིས་དང་། །འདོད་ཡོན་མ་སྤངས་རྒྱན་དུ་རྫོགས་པ་དང་། །འགྲོ་བའི་རེ་བ་ཡོངས་སུ་བསྐང་བའི་བརྡར། །རིན་པོ་ཆེ་ཡི་རྒྱན་ཆས་བརྒྱད་པོ་ནི། །རིན་ཆེན་དབུ་རྒྱན་རྩེ་ཕྲན་འབར་བ་དང་། །སྙན་རྒྱན་རིན་ཆེན་ནོར་བུའི་ཕྲ་ཚོམ་བཀྲ། །རིན་ཆེན་སྣ་ཚོགས་རྒྱུད་པའི་མགུལ་རྒྱན་དང་། །དེ་མཚུངས་ནུ་སྟེང་སླེབ་པ་སེ་མོ་དོ། །དེ་བཞིན་ལྟེ་འོག་སླེབ་པའི་དོ་ཤལ་དང་། །དབུ་རྒྱན་ཕྱག་གདུབ་སོར་གདུབ་རྣམས་དང་ནི། །ཞབས་གདུབ་བཅས་ཏེ་བཟོ་དབྱིབས་ཕྱོགས་མཚུངས་དང་། །སྐ་རགས་རིན་ཆེན་ཕྲ་ཚོམ་དྲྭ་ཕྱེད་བཅས། །ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་བཅུ་གསུམ་སྟེ། །སྤྲོས་དང་མཛེས་ཆོས་ཐ་མལ་རྒྱན་མ་ཡིན། །ནང་གི་ཡོན་ཏན་ཕྱི་རོལ་མངོན་པ་སྟེ། །རྒྱན་ཆས་སྐུ་མདོག་ཞལ་ཕྱག་གར་སྟབས་སོགས། །བརྡ་དོན་རྟགས་ཀྱི་རྩིས་སུ་ཟིན་པར་བྱ། །ཐབས་དང་ཤེས་རབ་དབྱེ་བ་མེད་པའི་བརྡར། །ཡུམ་མཆོག་སྙེམ་མ་དཀར་མོ་གྲི་ཐོད་འཛིན། །ཞབས་གཉིས་པད་སྐྱིལ་ཡབ་ཀྱི་སྐེད་ནས་འཁྲིལ། །སྣང་ལ་རང་བཞིན་མ་གྲུབ་ཆུ་ཟླ་ལྟར། །ཡེ་ཤེས་སྐུ་ཡི་རང་བཞིན་མངོན་སུམ་གསལ། །རིགས་དང་དཀྱིལ་འཁོར་རྒྱ་མཚོའི་སྤྱི་དཔལ་ཆེ། །རྡོར་སེམས་མངོན་སུམ་བཞུགས་པའི་སྤྱན་སྔ་རུ། །མི་དགེའི་ལས་ལ་གནོང་འགྱོད་སྐྱེས་པས་ན། །རྣམ་པར་སུན་འབྱིན་སྟོབས་ཞེས་བྱ་བ་སྟེ། །རང་གཞན་སེམས་ཅན་ཚེ་རབས་ཐོག་མེད་ནས། །དེང་ཕན་དུག་གསུམ་ཀུན་སློང་གྱིས་བསྐྱེད་པའི། །སྤྱིར་ནི་སྒོ་གསུམ་མི་དགེའི་ལས་རྣམས་ཀུན། །ཤེས་དང་མི་ཤེས་སྒོ་ནས་བསགས་པ་དང་། །ཁྱད་པར་སྡོམ་གསུམ་འགལ་ཉམས་འདས་རལ་ཀུན། །ངོ་ཚ་འཇིགས་སྐྲག་གནོང་འགྱོད་དྲག་པོ་ཡིས། །སྙིང་ནས་ཡོངས་སུ་བཤགས་པར་བགྱིད་པ་ན། །མྱུར་བར་འདུག་ས་སྟན་ཐོག་འདི་ཉིད་དུ། །བྱང་ཞིང་དག་པའི་ཐུགས་རྗེ་མ་ཆུང་སྙམ། །གསོལ་བ་དྲག་པོ་ཡང་ཡང་གདབ་པར་བྱ། །དེང་ཕྱིན་མི་བགྱི་སྡོམ་པ་བླངས་བས་ན། །སྡོམ་པའི་སྟོབས་ཞེས་བྱ་བ་འདི་ལྟ་སྟེ། །སྔོན་ཆད་མི་ཤེས་བག་མེད་དབང་གྱུར་ནས། །ལས་ངན་ཚབ་ཆེན་དེ་དག་བསགས་པར་འདུག །ད་ནི་བླ་མའི་བཀའ་དྲིན་ལ་བརྟེན་ནས། །སྤང་བླང་གནད་རྣམས་ཚུལ་བཞིན་ཤེས་ནས་བཟུང་། །ཤེས་བཞིན་དུག་ནི་ཟ་བར་མི་ནུས་ཤིང་། །མཐོང་བཞིན་གཡང་སར་མི་མཆོང་དཔེ་ཇི་བཞིན། །སྲོག་ལ་ཐུག་ཀྱང་སྡིག་པ་ཆེ་ཕྲ་ཀུན། །དེང་ནས་མི་བྱེད་ཁྱེད་ཀྱི་སྤྱན་སྔ་རུ། །དམ་བཅའ་དྲག་པོ་བཟུང་སྟེ་བསྡོམས་པའོ། །སྡིག་བཤགས་དགེ་བའི་ལས་ལ་འབད་པས་ན། །གཉེན་པོ་ཀུན་སྤྱོད་སྟོབས་ཞེས་བྱ་བ་སྟེ། །རྡོར་སེམས་ཡབ་ཡུམ་གཉིས་མེད་ཐུགས་ཀ་རུ། །ཟླ་དཀྱིལ་སྲན་མ་ཕྱེད་པའི་ཚད་ཀྱི་སྟེང་། །ཧཱུྃ་ཡིག་དཀར་པོ་སྤུ་བྲིས་ལྟ་བུའི་མཐར། །ཡིག་བརྒྱའི་སྔགས་འཁོར་རིམ་པ་ཕྱེད་གསུམ་བཀོད། །མ་ཡེངས་གསོལ་འདེབས་ཚུལ་དུ་རྩེ་གཅིག་བཟླས། །དེ་ཡི་རྐྱེན་གྱིས་ཐུགས་སྲོག་སྔགས་ཕྲེང་ལས། །ངོ་བོ་ཐུགས་རྗེ་ཡེ་ཤེས་རང་བཞིན་ལ། །རྣམ་པ་བདུད་རྩི་དཀར་པོ་ཆར་ལྟར་བབས། །སྐུ་ཡི་དབྱིབས་བརྒྱུད་སྦྱོར་མཚམས་ནས་ལྷུང་སྟེ། །རང་གཞན་སེམས་ཅན་ཀུན་གྱི་སྤྱི་བོ་ནས། །ལུས་ནང་ཞུགས་པའི་སྟོབས་ཀྱིས་ངོ་བོ་ནི། །ནད་དང་རྣམ་པ་རྣག་དང་ཁྲག་ལ་སོགས། །ངོ་བོ་གདོན་དང་རྣམ་པ་སྡོམ་སྡིག་པ། །ཉ་སྦལ་སྲེ་མོང་ལ་སོགས་སེམས་ཅན་རིགས། །ངོ་བོ་སྡིག་སྒྲིབ་རྣམ་པ་དུད་སོལ་ཁུ། །རྡུལ་དང་རླངས་པ་སྤྲིན་དང་ཁུག་སྣའི་ཚོགས། །བདུད་རྩིའི་རྒྱུན་གྱིས་ཤག་གིས་དེད་བྱས་ཏེ། །འོག་སྒོ་རྐང་མཐིལ་བ་སྤུའི་བུ་ག་ནས། །ཐམས་ཅད་ཉིལ་གྱིས་ཕྱི་རོལ་ཐོན་པའི་མོད། །ས་ཡང་རིམ་དགུ་ཤག་གེར་གས་པའི་འོག །འཆི་བདག་གཤིན་རྗེ་གླང་དམར་རྣམ་པ་ཅན། །འཇིགས་རུང་ལས་མཁན་འཁོར་ཚོགས་དང་བཅས་པའི། །ཁ་ལག་བཟེད་པའི་ནང་དུ་སོང་བ་ཡིས། །རབ་ཏུ་ངོམས་ཤིང་ཚིམ་པར་གྱུར་པའི་མོད། །ཤ་འཁོན་བུ་ལོན་ལན་ཆགས་ཐམས་ཅད་བྱང་། །རང་གཞན་དུས་མིན་འཆི་བའི་འཇིགས་ལས་གྲོལ། །དེ་དག་བྱང་ཆུབ་སེམས་དང་ལྡན་གྱུར་ནས། །ཁ་ཕྱིར་བསྐོར་ཏེ་ས་འོག་ཏུ་སོང་ཞིང་། །ས་གཞི་གས་པ་སླར་ལ་འབྱར་བ་དེ། །དབང་ཆེན་གསེར་གྱི་རྡོ་རྗེར་གྱུར་པར་བསྒོམ། །རང་ལུས་རྩ་གསུམ་འཁོར་ལོ་བཞི་ལ་སོགས། །བདུད་རྩིའི་རྒྱུན་གྱིས་ཡོངས་སུ་གང་བ་ནི། །དཔེར་ན་ཤེལ་བུམ་འོ་མས་གང་བ་ལྟར། །ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་གྱུར། །དབང་བཞི་ཐོབ་ཅིང་སྒྲིབ་བཞི་རྣམ་པར་དག །དགའ་བ་བཞི་སྐྱེས་སྐུ་བཞིའི་གོ་འཕང་མཆོག །ཐོབ་པའི་རྒྱུར་གྱུར་བསམས་ནས་ངེས་ཤེས་བསྐྱེད། །དེ་ནས་མགོན་པོ་བདག་ནི་མི་ཤེས་སོགས། །འགྱོད་བཤགས་དྲག་པོས་བརྗོད་ཅིང་ཕུལ་བ་ན། །བུ་ཡིས་བྱ་བ་བཟང་པོ་བྱས་པ་ལ། །མ་ཡིས་ལྷག་པར་རྗེས་སུ་ཡི་རང་ལྟར། །རྡོར་སེམས་དགྱེས་པའི་སྤྱན་ཟུམ་འཛུམ་པའི་ངང་། །རིགས་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉམས་ཆགས་ཀུན། །དག་པ་ཡིན་ཞེས་གསུང་གིས་དབུགས་དབྱུང་ནས། །སྐུ་ནི་ཐིག་ལེའི་རྣམ་པ་འོད་དུ་ཞུ། །དེ་ཡང་རང་དང་དབྱེར་མེད་ཐིམ་རྐྱེན་གྱིས། །རང་ཉིད་རྡོ་རྗེ་སེམས་དཔར་གནས་གྱུར་པའི། །ཐུགས་ཀར་ཟླ་དཀྱིལ་ཡུངས་འབྲུ་ཙམ་གྱི་དབུས། །ཧཱུྃ་མཐིང་གྱེན་ལང་མདུན་དུ་ཨོཾ་དཀར་པོ། །གཡས་སུ་བཛྲ་སེར་པོ་རྒྱབ་ཏུ་ས། །དམར་པོ་གཡོན་དུ་ཏྭ་ཡིག་ལྗང་གུ་གསལ། །ངག་ནས་དེ་དག་ཅི་འགྲུབ་བཟླས་པ་ལས། །ཡིག་འབྲུ་ལྔ་ལས་འོད་ལྔའི་ཟེར་འཕྲོའི་རྩེར། །འདོད་ཡོན་ལ་སོགས་བསམ་གྱིས་མི་ཁྱབ་པས། །མཆོད་རྫས་དུ་མ་ཐོགས་ཏེ་ཕྱོགས་བཅུ་ཡི། །རྒྱལ་བ་སྲས་བཅས་མཉེས་པའི་མཆོད་པ་འབུལ། །རང་བཞིན་སེམས་ཅན་ཐམས་ཅད་ཚོགས་རྫོགས་ཤིང་། །སྒྲིབ་པ་བྱང་ནས་ཐུགས་རྗེ་བྱིན་རླབས་ཀྱི། །ངོ་བོ་འོད་ལྔའི་རྣམ་པ་ཆར་ལྟར་བབས། །རང་ལ་ཐིམ་པས་མཆོག་ཐུན་དངོས་གྲུབ་ཐོབ། །རང་དོན་ཆོས་སྐུའི་རྟེན་འབྲེལ་འགྲིགས་པར་བསྒོམ། །འོད་ཟེར་སྣ་ལྔ་མར་འཕྲོས་རིགས་དྲུག་གི། །སེམས་ཅན་ཀུན་ལ་ཕོག་པས་སྡུག་བསྔལ་དང་། །སྡིག་སྒྲིབ་བག་ཆགས་བཅས་པ་བྱང་ཞིང་དག །ཕྱི་སྣོད་ཐམས་ཅད་མངོན་དགའི་ཞིང་ཁམས་དང་། །ནང་བཅུད་སེམས་ཅན་རྡོར་སེམས་རིགས་ལྔ་དང་། །ཞལ་ནས་སྔགས་ཀྱང་འུར་དིར་འདོན་པར་བསམ། །གཞན་དོན་གཟུགས་སྐུའི་རྟེན་འབྲེལ་འགྲིགས་པ་ཡིན། །ཐུན་མཐར་གཞལ་ཡས་ཁང་ནི་ནང་བཅུད་ལ། །ནང་བཅུད་གཙོ་བོར་གཙོ་བོ་ཨོཾ་ལ་སོགས། །རིམ་པར་ཐུགས་སྲོག་ཧཱུྃ་ལ་ཧཱུྃ་ཞབས་ཀྱུ། །ཞབས་ཀྱུ་འ་ཆུང་འ་ཆུང་ཧ་ཁོག་ལ། །ཧ་ཁོག་མགོ་བོ་མགོ་བོ་ཟླ་ཚེས་ལ། །ཟླ་ཚེས་ཐིག་ལེ་ཐིག་ལེ་ནཱ་དའི་བར། །རིམ་པར་རྗེས་ཞིག་ཚུལ་དུ་ཐིམ་པའི་མཐར། །ནམ་མཁར་འཇའ་ཚོན་གནས་མེད་ཡལ་བ་བཞིན། །གང་ལའང་མི་དམིགས་སྤྲོས་བྲལ་གདོད་མའི་ངང་། །ཡུན་ནི་ཅི་རིང་མཉམ་པར་བཞག་པར་བྱ། །དེ་ནི་སྤྲོས་མེད་དོན་དམ་སྒོམ་བཟླས་ཏེ། །བཤགས་པའི་མཐར་ཐུག་ཡང་ཟབ་མཆོག་གྱུར་ཡིན། །དཔེར་ན་ལོ་སྟོང་མེ་ལོང་རྡུལ་ཆགས་པ། །རས་ཀྱིས་སྐད་ཅིག་གནས་མེད་ཕྱིས་པའམ། །ལོ་སྟོང་སོང་བའི་བྲག་ཕུག་སྨག་རུམ་ཀུན། །མར་མེ་གཅིག་གིས་སྐད་ཅིག་གསལ་བ་ལྟར། །ཆོས་ཉིད་བདེན་པ་མཐོང་བའི་རྣལ་འབྱོར་པས། །གྲངས་མེད་སྡིག་བྱས་སྐད་ཅིག་བྱང་བར་འགྱུར། །དེ་ཕྱིར་ངེས་གསང་ལམ་ལ་ཉམས་ལེན་མཛོད། །གཞན་ཡང་སྒོམ་བཟླས་འདི་ལ་བརྩོན་བྱས་པའི། །སྟོབས་ཀྱིས་ཉེས་བྱས་ཕྲ་མོ་རྩད་ནས་འབྱིན། །འབྲིང་རྣམས་ཁ་བྲི་མྱུར་དུ་དག་པར་བྱེད། །ཆེན་པོ་མི་འཕེལ་མགོ་གནོན་རིམ་བཞིན་དུ། །ལྷག་མ་མེད་པ་བྱང་བར་འགྱུར་བ་སྟེ། །དཔེར་ན་ཉི་མས་ཆབ་རོམ་བཞུ་བ་ལྟར། །སྡིག་པ་བྱ་རུ་བཏུབ་ན་བཤགས་སུ་བཏུབ། །སྡིག་ལྟུང་བྱས་ན་ཡོན་ཏན་མེད་ན་ཡང་། །འགྱོད་བཤགས་བྱས་ནས་དག་པ་ཡོན་ཏན་གསུངས། །དེ་བཞིན་ཆོས་རྣམས་ཐམས་ཅད་འདུན་པ་ཡིན། །དེ་ལྟར་སྒོམ་པའི་ཕན་ཡོན་ལོ་རྒྱུས་དང་། །ལུང་འདྲེན་མཐའ་ཡས་ལ་སོགས་གསུངས་པ་ལྟར། །ངེས་ཤེས་ལྷག་པར་བསྐྱེད་པ་གལ་དུ་ཆེ། །སླར་ཡང་སྣོད་བཅུད་རྡོར་སེམས་ལམ་གྱིས་གསལ། །དགེ་བ་འདི་སོགས་བསྔོ་སྨོན་རྒྱས་འདེབས་བྱ། །དེ་ལྟར་དམིགས་པ་ཐམས་ཅད་དྲན་རྫོགས་སུ། །ཤེས་པ་གཅིག་ཐོག་འཆར་བར་དཀའ་ན་ཡང་། །རེས་འགའ་རྡོར་སེམས་ཡབ་ཡུམ་ཞལ་ཕྱག་དང་། །རྒྱན་ཆས་བཅས་པ་རིམ་གྱིས་གསལ་ནས་བཟླ། །རེས་འགའ་གནོང་འགྱོད་དྲག་པོ་ཡང་ཡང་བསྐྱེད། །སྔགས་འཁོར་བསྐོར་ཞིང་བདུད་རྩི་འབེབ་སྦྱང་བྱ། །རེས་འགའ་རང་ཉིད་རྡོར་སེམས་ཡབ་ཡུམ་གསལ། །དོན་གཉིས་བྱེད་པའི་དམིགས་པ་སྤྲོ་བསྡུ་ལས། །རྩེ་གཅིག་སེམས་གཏད་བཟླ་བར་བྱེད་པ་སོགས། །རང་ཡིད་རང་ལ་ཆེས་པའི་དད་བརྩོན་གྱིས། །སྡིག་པ་དག་པའི་ངེས་ཤེས་མ་སྐྱེས་ན། །ཁ་ཡེངས་མིག་ཡེངས་བཟླས་བརྗོད་འུར་འུར་གྱིས། །སྡིག་སྒྲིབ་བྱང་ལ་ཕྱོགས་ཙམ་མི་ཉེ་སྟེ། །དེས་ན་བླ་མ་ལྷ་ཡིས་གནང་བ་དང་། །རི་རྩེར་ཕྱིན་དང་ནམ་མཁར་འཕུར་བ་དང་། །ཉི་ཟླ་ཤར་དང་མེ་ཏོག་ཚལ་དུ་ཕྱིན། །ཁྲུས་བྱས་གོས་དཀར་གྱོན་དང་མཆོད་རྟེན་རྙེད། །ལུས་ནས་མི་གཙང་འབུ་སྲིན་རྡོལ་བ་སོགས། །དངོས་ཉམས་རྨི་ལམ་རབ་འབྲིང་ཐ་གསུམ་དང་། །སྡིག་སྒྲིབ་དག་པའི་རྟགས་མཚན་བཟང་པོ་འགའ། །མངོན་སུམ་གསལ་བར་མ་གྱུར་བར་དུ་ཡང་། །ཤུགས་དྲག་རྒྱུན་རིང་འབད་པ་གལ་དུ་ཆེ། །ད་དུང་ཅིའི་ཕྱིར་སྙམ་ནས་ཐེ་ཚོམ་ན། །ཚེ་འདིའི་རྒྱལ་པོ་བཙན་པོ་ཉེ་འབྲེལ་དང་། །ཁྱིམ་ཚེས་ཡུལ་མིའི་ངོ་སྲུང་བྱ་ཕྱིར་དང་། །ཡང་ན་ཁ་དྲག་གཏམ་སྙན་ཕྱིར་དུ་ཡང་། །ཡང་ན་དགྲ་འདུལ་གཉེན་སྐྱོང་ཟས་གོས་ཀྱི། །ཆེད་དུ་སྡིག་པ་ཆེ་ཕྲ་ཅི་བསགས་ཀྱང་། །རང་ཉིད་འཆི་དུས་བཞག་ས་བསྒོ་ས་མེད། །གཞན་གྱིས་མི་ཁུར་དངོས་བརྒྱུད་བར་གསུམ་ནས། །བསགས་པའི་སྡིག་པ་ཆེ་ཕྲ་མ་ལུས་ཀུན། །ཚེགས་མེད་རང་གི་ཐོག་ཏུ་ངེས་པར་སྨིན། །ལས་ངན་ངན་སོང་སྡུག་བསྔལ་བཟོད་དཀའ་བ། །བར་མེད་བསྐལ་ཆེན་དུ་མར་མྱོང་ཞིང་མནར། །ཤིན་ཏུ་ཉམ་ཐག་འོ་དོད་འབོད་པའི་དུས། །སྔར་གྱི་རྒྱལ་བློན་ཉེ་འབྲེལ་ལ་སོགས་པའི། །ལྟ་རྟོག་ལྟ་ཅི་བསམ་པའི་ཡུལ་ནའང་མེད། །རྒྱུ་ནོར་སྙན་གྲགས་ཐོབ་ཐང་ལ་སོགས་ཀྱིས། །ཕན་པ་ཕར་ཞོག་གནོད་གཞི་འབའ་ཞིག་འགྱུར། །ཐ་ནའང་མཐོང་ཐོས་རེག་པའི་ཆར་མི་འོང་། །དེ་དག་རྣམས་ཀྱིས་ངན་གཡོ་ཆེན་པོ་ཡིས། །རང་ཉིད་ཆེད་དུ་བསླུས་པ་ཡིན་བཞིན་དུ། །སྡིག་པ་ཆེ་ཕྲ་གང་བྱས་ཐམས་ཅད་ཀྱི། །རྣམ་སྨིན་འབྲས་བུའི་ཁུར་ཆེན་རང་ཉིད་ཀྱིས། །ཁུར་ནས་འཁོར་བའི་གནས་ནས་ཡུན་རིང་དུ། །མི་ཐར་སྡུག་བསྔལ་མྱོང་བའི་སྡིག་ལྟུང་དག །ལྷག་ལུས་མེད་པར་ཡོངས་སུ་སྦྱང་དགོས་པས། །དེས་ན་ད་ལྟ་ཐབས་ཤེས་གཉིས་ལྡན་དུས། །དང་པོ་སྡིག་པས་མི་གོས་ཐབས་ལ་འབད། །དཔེར་ན་རྫི་བོས་ཕྱུགས་ལུག་འཚོ་བ་ལྟར། །དགེ་སྡིག་འཆོལ་ཉོག་སྤྱོད་ཀྱིན་འདུག་མིན་ལ། །དྲན་ཤེས་བག་ཡོད་ལྡན་པས་བརྟག་དཔྱད་བྱ། །གལ་ཏེ་གློ་བུར་མི་དགེའི་ལས་བསགས་ཏེ། །ལེ་ལོས་ལྟུང་བ་དེ་དང་འགྲོགས་གྱུར་ན། །དུག་མདའ་ངན་པས་ཟིན་ལྟར་རྒྱུད་འབྱམས་ནས། །ཉེས་ལྟུང་སྣ་རེས་དམྱལ་བར་བསྐྱུར་ནུས་པས། །ཉེས་ལྟུང་དེ་དང་ཉིན་གཅིག་ཞག་གཅིག་དང་། །སྐད་ཅིག་ཐང་ཅིག་ཙམ་ཡང་མི་འགྲོགས་པར། །བཤགས་དགོས་དཔེར་ན་ཟས་དུག་ཁོག་སོང་ཚེ། །ལ་འུར་སྨན་པ་བོས་ཏེ་བཤལ་བཏང་བཞིན། །སྡིག་པ་བྱས་འཕྲལ་གནོང་འགྱོད་དྲག་པོ་ཡིས། །ཡོངས་སུ་བཤགས་ནས་བྱང་བར་བྱ་དགོས་ཤིང་། །མ་ཟད་ཕྱིན་ཆད་སྡིག་པ་མི་དགེའི་རིགས། །གཏན་ནས་མི་བྱ་སྙམ་པས་འཕྲོ་བཅད་བྱ། །དཔེར་ན་སྔ་མོ་དུག་གིས་མནར་བའི་མིས། །ཕྱིས་སུ་དུག་གི་སྒྲ་ཙམ་ཐོས་པས་ཀྱང་། །འཇིགས་ནས་ཟས་སྤྱོད་ཀུན་ལ་འཛེམ་ལྟར་དགོས། །དེ་མིན་སྐུད་པ་ཡར་ཕྱིར་བསྒྲིམ་འདྲ་ཡིས། །སྡིག་པ་མི་འདག་དགེ་བ་མི་འགྲུབ་པས། །བླང་དོར་གནད་ལ་མི་བརྗེད་དྲན་པས་བརྟེན། །ཤེས་བཞིན་བྱ་ར་བྱེད་ཅིང་བག་ཡོད་ཀྱིས། །ཚུལ་བཞིན་སྡོམ་པའི་ངང་ལ་གནས་པར་དགོས། །གང་ཞིག་དམ་ཆོས་ཡང་དག་སྒྲུབ་འདོད་ཀྱིས། །ཐོག་མཐའ་བར་གསུམ་སྡིག་པ་བྱང་བའི་ཐབས། །དེ་ལྟར་ཁོ་ན་ཐུགས་ལ་བཞག་པར་མཛོད།།  ༈  །།དེ་ལྟར་འགལ་རྐྱེན་སྡིག་སྒྲིབ་སྦྱངས་བྱས་ནས། །ཚོགས་གཉིས་རྫོགས་ནས་ཆོས་སྐུ་མངོན་འགྱུར་ཕྱིར། །བསོད་ནམས་ཚོགས་བསགས་མཎྜལ་རིམ་པ་ནི། །དེ་ཡང་མཚན་དོན་འགྲེལ་ཙམ་ཞིག་འགོད་ན། །འབུལ་ཡུལ་འབུལ་བྱ་འབུལ་བྱེད་ཕུན་སུམ་ཚོགས། །བསོད་ནམས་བསགས་པའི་རིམ་པ་གཅིག་ཆར་རྫོགས། །དེ་ལྟར་ལག་ཏུ་ལེན་པར་བྱེད་པའི་ཐབས། །རྒྱ་སྐད་མཎྜལ་བོད་སྐད་དཀྱིལ་འཁོར་ཞེས། །དེ་ལྟར་ལྷ་ཚོགས་རྣམས་ལ་འབུལ་བར་བྱ། །ཚོགས་ཆེན་རྫོགས་པར་བྱེད་པའི་ཐབས་མཎྜལ། །འབུལ་བར་བྱེད་པས་དེ་སྐད་ཅེས་པ་ཡིན། །ཕུལ་བའི་དགོས་ཆེད་སོགས་ཀྱི་དོན་བཤད་པ། །ད་ལྟ་འབྱོར་བ་ཡོད་མེད་ལ་དཔྱད་ན། །ཕྱི་ཡུལ་ཁང་ཞིང་ཆུ་ཤིང་ལོ་འབྲས་དང་། །སྤང་ལྗོངས་བྲག་རི་ཡིད་འོང་ལ་སོགས་པ། །ནང་བཅུད་སྐྱེ་འགྲོ་འཁོར་འབངས་ཕྱུགས་རིགས་དང་། །རིན་ཆེན་ནོར་རྫས་ཟས་གོས་ཕུན་ཚོགས་དང་། །གསང་བ་རང་ལུས་དབང་པོ་ཚང་བ་དང་། །སེམས་གསལ་ཤེས་རིག་རྣམ་པར་བཀྲ་ལ་སོགས། །སྔོན་བསགས་རྣམ་དཀར་འབྲས་བུ་སྨིན་པ་ལས། །སུས་ཀྱང་མ་བྱས་གང་ནས་ཀྱང་མ་བྱུང་། །དེ་བཞིན་དབུལ་པོ་ཉམ་ཐག་རྣམས་ལ་ཡང་། །བདག་ཏུ་འཛིན་པའི་ས་དང་ཁང་ཁྱིམ་དང་། །ཟས་གོས་ལ་སོགས་ཅུང་ཟད་ཙམ་མེད་ཐོག །དབང་པོ་མ་ཚང་ཤེས་པ་ལྐུགས་པ་དང་། །འཁྱག་ལྟོགས་སྐོམ་དང་ནད་གདོན་རྐྱེན་ངན་སོགས། །རྣམ་པ་དུ་མས་ཤིན་ཏུ་ཉམ་ཐག་མནར། །ཕན་ཐབས་བྱས་ཀྱང་ལོག་པར་འགྲོ་བ་སྟེ། །དེ་དག་སྔོན་གྱི་བསོད་ནམས་མ་བསགས་པའི། །ལས་ངན་འབྲས་བུ་ལུས་ངན་བླངས་པ་ལ། །སུས་ཀྱང་མ་བྱས་བྱེད་པ་པོ་ཡང་མེད། །དེ་བཞིན་སྔོན་གྱི་བསྐལ་བཟང་རྫོགས་ལྡན་དུས། །དཔོན་ལ་འཁོར་བསྒྱུར་ཁྲིམས་ལ་དགེ་བཅུ་དང་། །དེ་ཕྱིར་ལྷ་མི་འབྱོར་ལྡན་མང་པོས་ཁེངས། །དེང་སང་སྡིག་དཔོན་མི་དགེ་བཅུ་དར་བས། །ངན་སོང་གསུམ་དང་དབུལ་ཕོངས་སྐྱེ་འགྲོ་མང་། །དེ་ཕྱིར་བསོད་ནམས་ཚོགས་གསོག་རྒྱ་ཆེན་པོ། །ལྟ་ཅི་ཅུང་ཟད་གསོག་མཁན་མེད་དབང་གིས། །ཐམས་ཅད་དབུལ་པོའི་རང་བཞིན་གྱུར་པ་དང་། །འགྱུར་དང་འགྱུར་བར་ཉེ་བར་ཤ་སྟག་པ། །འདི་ལ་དཔྱད་དང་མངོན་སུམ་ཚད་མས་གྲུབ། །ད་ལྟ་རང་རེ་བླ་མ་ཆོས་པ་རྣམས། །བསོད་ནམས་ཚོགས་ཆེན་བསགས་མཁན་གཙོར་ཡིན་རུང་། །དེས་ཀྱང་དངོས་སུ་འབྱོར་བ་རྒྱ་ཆུང་ཞིང་། །ཁྱད་པར་སེམས་བསྐྱེད་བསྐྱེད་རྫོགས་ལྡན་པ་དཀོན། །དགོས་མེད་ཚེ་འདིའི་འཇིག་རྟེན་ཆོས་བརྒྱད་ཀྱི། །དབང་དུ་སོང་ན་བསོད་ནམས་ཚོགས་ཡང་དག །གསོག་མཁན་ཡོན་མཆོད་གཉིས་ཆར་དཀོན་པ་སྟེ། །ཅིའི་ཕྱིར་ཞེ་ན་ཞིང་བསམ་དངོས་པོ་གསུམ། །མ་དག་པས་ནི་ཚོགས་རྫོགས་མི་འགྱུར་གསུངས། །དེ་ཡི་མཐུ་ལས་ད་ལྟ་ཕལ་ཆེར་ལ། །མཆོད་སྦྱིན་གཏོང་རྒྱུ་ལ་སོགས་ཆེར་མེད་ཐོག །རང་གི་ཟས་གོས་ལོངས་སྤྱོད་ཙམ་ལ་ཡང་། །དབུལ་ཞིང་བཀྲེས་ནས་དབྱར་ལྡོམ་སྟོན་ལྡོམ་བྱེད། །ཚོང་དང་ཁེ་སྤོག་སྡིག་ལས་ཀྱིས་བྲེལ་ནས། །དགེ་བ་སྒྲུབ་པའི་ལོང་ཁོམ་མི་ཡོང་ཞིང་། །རེ་དོགས་རྩོལ་སྒྲུབ་རྣམ་གཡེང་ཁོ་ན་ཡི། །དབང་དུ་མི་ཚེ་ཧྲིལ་པོར་ཟད་པ་མང་། །རྣམ་དག་ཚོགས་བསགས་མེད་པའི་ལེ་ལན་གྱིས། །འབྲས་བུ་བདེ་སྐྱིད་མ་འབྱོར་དབུལ་བ་ཡིན། །དེས་ན་འབད་རྩོལ་རི་ཙམ་བྱེད་པ་བས། །བསོད་ནམས་མེ་སྟག་ཙམ་ཞིག་གསོག་པ་མཆོག །བཀའ་དང་ལུང་དང་རིགས་པ་ཚད་མ་ཡིས། །མཐོང་ཆོས་མྱོང་གྱུར་མངོན་སུམ་གྲུབ་པས་ན། །བསོད་ནམས་ཚོགས་ཆེན་བསགས་ལ་འབད་གལ་ཆེ། །དེ་ཡི་མཐུ་ལས་དགེ་བའི་བག་ཆགས་སད། །དངོས་གཞི་ཉམས་མྱོང་འཕྲལ་དུ་སྐྱེ་སླ་ཞིང་། །གེགས་དང་གོལ་ས་རྣམས་ཀྱང་ཆུང་བ་དང་། །ཁྱད་པར་རང་རེའི་བསྒྲུབ་བྱའི་མཐར་ཐུག་པ། །རང་དོན་ཆོས་སྐུ་རྟོགས་པ་ཕུན་སུམ་ཚོགས། །གཞན་དོན་གཟུགས་སྐུ་ཐུགས་རྗེ་ཕུན་ཚོགས་ཏེ། །དོན་གཉིས་ལྷུན་གྲུབ་སྐུ་གཉིས་ཐོབ་པ་སོགས། །དགོས་ཆེད་དུ་མར་ཡོད་པས་ཚོགས་གསོག་མཛོད། །རྒྱལ་བ་ཐབས་མཁས་ཐུགས་རྗེ་ལྡན་པ་ཡིས། །ལུས་ངག་ཡིད་དང་ཕྱི་ནང་གསང་བ་དང་། །འབྱོར་ཚོགས་དུ་མའི་སྒོ་ནས་ཚོགས་བསགས་པའི། །རིམ་པ་མཐའ་ཡས་གསུངས་པའི་ནང་ཚན་ནས། །མཆོག་ཏུ་གྱུར་པ་མཎྜལ་འདི་ཉིད་ཡིན། །དངོས་པོའི་རྒྱུ་ནོར་ལོངས་སྤྱོད་འབྱོར་བ་ལ། །སྡིག་ཚོགས་སེར་སྣའི་དྲི་མས་མ་གོས་པ། །ཅི་ལྟར་བྱས་ཀྱང་ཕལ་ཆེར་འབྱུང་བ་དཀའ། །དེས་ན་གླིང་བཞི་གླིང་ཕྲན་སྟོང་གསུམ་གྱི། །འཇིག་རྟེན་རབ་འབྱམས་མཐའ་དང་མུ་མེད་དང་། །བདག་གི་ལུས་དང་ལོངས་སྤྱོད་དང་བཅས་པ། །སྒོ་གསུམ་འདུན་སྤྱོད་ཆིག་དྲིལ་འབུལ་བ་ནི། །སེར་སྣའི་དྲི་བྲལ་སྡིག་གིས་མ་གོས་ཤིང་། །བྱ་སླ་ཆོད་ཆེ་ཚོགས་ཆེན་རྫོགས་པ་སོགས། །གསང་སྔགས་ཐབས་ཀྱི་ཁྱད་ཆོས་དུ་མས་འཕགས། །དེ་ཕྱིར་ངེས་ཤེས་ལྷག་ཏུ་བསྐྱེད་བྱས་ནས། །དེ་ལྟར་ལག་ལེན་དངོས་སུ་བཏབ་པའི་སྐབས། །མཎྜལ་རྒྱུ་ནི་ཡང་རབ་རིན་ཆེན་རིགས། །འབྲིང་ནི་མཁར་བ་ལི་ཟངས་ལ་སོགས་པ། །བཀོད་རྒྱུའི་ཚོམ་བུ་རབ་ནི་རིན་ཆེན་རིགས། །འབྲིང་ནི་སྨན་སྣ་འབྲུ་རིགས་ཅི་འབྱོར་རྣམས། །རྡོ་ཐལ་ཕུབ་མ་བྱ་བྲུན་མེད་པར་བསལ། །ཆུས་བཀྲུ་དྲི་བཟང་གིས་ནི་ཁ་དོག་བསྒྱུར། །བ་བྱུང་ཆུ་དང་བཅས་ཏེ་ཚོགས་པར་བྱ། །གནས་ཁང་བྱི་དོར་བྱས་ནས་ཆག་ཆག་གདབ། །རང་གི་མདུན་ངོགས་ཅོག་སྟེགས་མཐོ་བའི་ཁར། །སྟོན་པའི་སྐུ་བརྙན་ལ་སོགས་སྐུ་རྟེན་རིགས། །སྡུད་པ་གསང་སྙིང་ལ་སོགས་གསུང་རྟེན་དང་། །བཀའ་གདམས་མཆོད་རྟེན་ལ་སོགས་ཐུགས་རྟེན་དང་། །སྒྲུབ་པའི་མཎྜལ་ཚོམ་བུ་ལྔ་བཀོད་ཏེ། །མཆོད་པ་བྱེ་བྲག་བཟང་ལ་སྤུས་གཙང་བས། །མཐའ་བསྐོར་མཆོད་འབུལ་དམིགས་པའི་རྟེན་དུ་བཞག །ཨོ་རྒྱན་རྡོར་འཆང་ལ་སོགས་རྟེན་བརྟེན་པ། །ཚོགས་ཞིང་སྤྱི་ལྟར་གསལ་བའི་སྤྱན་སྔར་རུ། །མཆོད་པའི་མཎྜལ་མེ་ཏོག་ཅུང་ཟད་བཅས། །གཡོན་གྱིས་བཏེགས་ཏེ་སྒྲིབ་པ་སྦྱང་ཕྱིར་དུ། །ངག་ནས་ཡིག་བརྒྱ་ཚར་གསུམ་བཟླ་བའི་ཚེ། །གཡས་ཀྱི་མཁྲིག་མས་ཕྱི་ནང་གསུམ་རེར་ཕྱིས། །ཡན་ལག་བདུན་པ་བརྗོད་ཅིང་ཚིག་རྗེས་སུ། །དོན་རྣམས་ལེགས་པར་དྲན་པའི་ངང་ཉིད་ནས། །ས་སྐྱ་འགྲོ་མགོན་འཕགས་པས་མཛད་པའི་ལུགས། །མཎྜལ་སོ་བདུན་མ་ཞེས་ཡོངས་གྲགས་ཡིན། །དེ་ལྟར་ཨོཾ་ནས་སྔགས་རྣམས་བརྗོད་པ་ཡིས། །བྱིན་གྱིས་རླབས་ནས་རྡོ་རྗེའི་ས་གཞིར་གྱུར། །བྱང་ཆུབ་སེམས་རྒྱུན་བརླན་ཕྱིར་བ་བྱུང་དང་། །དྲི་བཟང་གིས་ནི་ཆག་ཆག་ལེགས་པར་གདབ། །དམིགས་པའི་གསོལ་འདེབས་འོག་གཞི་འབྱུང་ལྔ་ནི། །རིམ་བརྩེགས་ནམ་མཁའ་སྔོན་པོ་དབྱིབས་གྲུ་གསུམ། །དེ་སྟེང་རླུང་གི་རྡོ་རྗེ་རྒྱ་གྲམ་ལྗང་། །དེ་སྟེང་ཆུ་དཀྱིལ་དཀར་པོ་ཟླུམ་པོ་འཁྱིལ། །ཟུར་བཞིའི་འོག་ནས་ཅུང་ཟད་རླུང་གཡོ་བས། །རྒྱ་མཚོའི་སྟེང་ཡང་སྤྲིས་མ་ལྟ་བུ་ཆགས། །མཐར་ནི་དབང་ཆེན་གསེར་གྱི་ས་གཞིར་གྱུར། །ཁོད་སྙོམས་རྒྱ་ཁྱོན་རབ་ཏུ་ཡོངས་སུ་མཛེས། །བར་བར་ལྟ་ན་སྡུག་པའི་སྤོས་ཆུས་གང་། །མེ་ཏོག་སྣ་ཚོགས་བཅལ་དུ་བཀྲམ་པར་དམིགས། །གཡས་ཀྱི་མཐེབ་སྲིན་མེ་ཏོག་ཚོམ་བུ་བཟུང་། །ཨོཾ་སོགས་སྔགས་རྣམས་བརྗོད་པས་སྣོད་བྱིན་རླབས། །གླིང་བཞིའི་ཕྱི་རིམ་ལྕགས་རི་ནག་པོས་བསྐོར། །གཡས་བསྐོར་དབུས་བཞག་ཧཱུྃ་ཞེས་བགེགས་བསལ་ཞིང་། །དངོས་སུ་ལྕགས་རི་ཡོད་ན་ཕྱི་ལ་འགོད། །དེ་སྟེང་ཚོམ་བུ་ཆེ་བ་ཞིག་བཀོད་དེ། །གསེར་གྱི་ས་གཞི་རྒྱ་མཚོ་ཆེན་པོའི་དབུས། །རི་ཡི་རྒྱལ་པོ་གྲུ་བཞི་བང་རིམ་བཞི། །འོག་མ་དང་པོ་གཡུ་ཡི་རྡོ་རྗེ་ཅན། །གཉིས་པ་རྣམ་དཔུང་གསུམ་པ་ཤེལ་འོད་འབར། །བཞི་པ་འཁོར་ལོ་རྣམ་བརྩེགས་ཞེས་བྱ་སྟེ། །ཤར་ཕྱོགས་ཤེལ་ལས་གྲུབ་པའི་དཀར་པོ་དང་། །ལྷོ་ཕྱོགས་བཻཌཱུར་ལས་གྲུབ་སྔོན་པོ་དང་། །ནུབ་ཕྱོགས་པད་རག་ལས་གྲུབ་དམར་པོ་དང་། །བྱང་ཕྱོགས་གསེར་ལས་གྲུབ་པའི་སེར་པོ་སྟེ། །ཤིན་ཏུ་མཛེས་ཤིང་རབ་ཏུ་བརྗིད་ཆགས་པ། །རི་དབང་ལྷུན་པོ་ཞེས་པ་དེ་ཡི་ཕྱིར། །མཐོ་ཚད་དཔག་ཚད་བརྒྱད་ཁྲི་ཡོད་པར་གསུང་། །དེ་ཡི་མཐའ་བསྐོར་གསེར་གྱི་རི་བདུན་ཏེ། །གཉའ་ཤིང་འཛིན་ཅེས་གཉའ་ཤིང་བཞིན་དུ་དྲང་། །བཤོལ་མདའ་འཛིན་ཞེས་བཤོལ་མདའ་ལྟར་དྲང་བ༑ །སེང་ལྡིང་ཅན་ཞེས་རྩེ་མོ་ནགས་ཚལ་ཡོད། །ལྟ་ན་སྡུག་ཅེས་རྩེ་མོ་མཛེས་པ་དང་། །ལྟ་རྣ་ཅན་ཞེས་བྲག་རི་རྟ་རྣ་འདྲ། །རྣམ་འདུད་ཅེས་པ་རྩེ་མོ་ནང་དུ་འདུད། །མུ་ཁྱུད་འཛིན་ཞེས་ཀུན་གྱི་མཐའ་བསྐོར་ཡོད། །དེ་བཞིན་རོལ་མཚོ་ཡན་ལག་བརྒྱད་ལྡན་ནི། །བསིལ་དྲོད་སྙོམས་ཞིང་དྲི་བཟང་རེག་བྱ་འཇམ། །རྙོག་པ་མེད་པ་རབ་ཏུ་དྭངས་པ་དང་། །དྲི་མ་མེད་པ་མགྲིན་པར་འཇུག་བདེ་ཞིང་། །ལྟོ་བར་འཇུ་བདེ་རོལ་མཚོ་བདུན་གྱིས་བསྐོར། །རི་རབ་སྟེང་ཕྱོགས་སུམ་རྩེན་ལྷའི་གྲོང་ཁྱེར། །དབུས་སུ་བརྒྱ་བྱིན་ཕོ་བྲང་རྣམ་རྒྱལ་ཁང་། །མཐའ་བསྐོར་རྣམས་སུ་སྐྱེད་མོའི་ཚལ་ཆེན་དང་། །དཔག་བསམ་ཤིང་དང་ཁྲུས་ཀྱི་རྫིང་བུ་དང་། །རྡོ་ཡི་ཨར་མོ་ནིག་དང་ནོར་བུའི་ཕུང་། །མེ་ཏོག་རྙིང་པ་དོར་ཅིང་གསར་པ་བཀྲམ། །ལམ་སྲང་གསེར་ཕྱེ་ཙནྡན་ཆུ་ཆག་གདབ། །ལ་སོགས་འབྱོར་ཚོགས་བསམ་མི་ཁྱབ་པ་དང་། །དེ་སྟེང་དགའ་ལྡན་འཕྲུལ་དགའ་ལ་སོགས་པ། །འདོད་གཟུགས་གཟུགས་མེད་ཁམས་སོགས་རིམ་པས་ཆགས། །བདེ་སྐྱིད་ལོངས་སྤྱོད་ཚེ་ཚད་སོ་སོ་སྟེ། །དགེ་བའི་སྟོབས་ལས་གྲུབ་པ་དཔག་མེད་གསལ། །རི་རབ་བང་རིམ་གསེར་རི་བདུན་སོགས་ལ། །རྒྱལ་ཆེན་རིགས་བཞིའི་ལྷ་དང་ལྷ་མིན་གནས། །རོལ་མཚོར་ཀླུ་རིགས་བཞི་སོགས་དུད་འགྲོ་གནས། །ཤར་རི་རང་ཕྱོགས་རྩིས་པའི་ཚོམ་བུ་རེ། །རིམ་གྱིས་གནས་ལ་མཚམས་མེད་འགོད་བྱ་སྟེ། །འཛམ་གླིང་མི་ལས་བདུན་འགྱུར་དཔངས་མཐོ་བས། །ལུས་འཕགས་གླིང་ཞེས་བྱ་བ་ཤར་ན་གནས། །ཆུ་ཤེལ་ལས་གྲུབ་དབྱིབས་ནི་ཟླ་གམ་མོ། །འཛམ་བུ་བྲྀཀྵའི་ཤིང་འབྲས་མཚོར་ལྷུང་བས། །འཛམ་ཞེས་སྒྲ་གྲགས་པས་ན་འཛམ་གླིང་ལྷོར། །བཻཌཱུར་ལས་གྲུབ་དབྱིབས་ནི་སོག་ཁ་འོ། །མི་རྣམས་འདོད་འཇོའི་བ་ལ་ལོངས་སྤྱོད་པས། །བ་གླང་སྤྱོད་ཅེས་བྱ་བ་ནུབ་ན་གནས། །པད་རག་ལས་གྲུབ་དབྱིབས་ནི་ཟླུམ་པོ་འོ། །མི་རྣམས་འཆི་བའི་དུས་ལ་བབ་པ་ན། །དཔག་བསམ་ཤིང་ལས་སྒྲ་མི་སྙན་པར་གྲགས། །སྒྲ་མི་སྙན་ཞེས་གྲགས་པ་བྱང་ན་གནས། །གསེར་ལས་གྲུབ་ཅིང་དབྱིབས་ནི་གྲུབ་བཞི་འོ། །དེ་ལྟར་དམིགས་ནས་ཚོམ་བུ་སོར་སོར་འགོད། །ལར་ནི་ལྷུན་པོ་གསེར་གྱི་མུ་ཁྱུད་དང་། །གླིང་བཞི་ལ་སོགས་བསྐལ་པ་ཆགས་པའི་དུས། །རླུང་སོགས་འབྱེད་སྡུད་རབ་འབྲིང་ཐ་མས་གྲུབ། །ཤར་གླིང་གཡས་སུ་ལུས་དང་གཡོན་ལུས་འཕགས། །ལྷོར་གླིང་གཡས་གཡོན་རྔ་ཡབ་རྔ་ཡབ་གཞན། །ནུབ་གླིང་གཡས་གཡོན་གཡོ་ལྡན་ལམ་མཆོག་འགྲོ། །བྱང་གླིང་གཡས་གཡོན་སྒྲ་མི་སྙན་དང་ཟླ། །དེ་དག་སོ་སོའི་གླིང་གི་ཕྱེད་ཆ་སྟེ། །རྒྱུ་ནོར་དབྱིབས་དང་བཀོད་པ་ལ་སོགས་མཚུངས། །གཉའ་ཤིང་འཛིན་གྱིས་རི་རབ་ཕྱེད་ཆར་སླེབ། །དེ་བཞིན་གསེར་རི་བདུན་པོ་ཕྱེད་ཕྱེད་ཕྲི། །གླིང་བཞི་མུ་ཁྱུད་འཛིན་གྱི་ཕྱེད་ཆ་སྟེ། །དེ་དག་ཕྱི་ནས་ལྕགས་རི་གཅིག་གིས་བསྐོར། །ཡུལ་ལྗོངས་ཆེན་པོ་དེ་དག་ལར་གནས་མི། །དུད་འགྲོའི་རིགས་དང་ལོངས་སྤྱོད་བསམ་མི་ཁྱབ། །དེ་དག་ཐམས་ཅད་འབུལ་བའི་དམིགས་འདུན་བྱ། །ཤར་གླིང་ནང་དུ་རིན་ཆེན་སྣ་ཚོགས་ཀྱིས། །རི་བོ་རྒྱ་དཔངས་ཚད་མེད་གང་འདོད་འབྱུང་། །ལྷོ་ཡི་གླིང་དུ་རིན་ཆེན་དཔག་བསམ་ཤིང་། །ཡལ་ག་ལོ་འབྲས་མེ་ཏོག་ཕུན་སུམ་ཚོགས། །དགོས་འདོད་ཐམས་ཅད་འབད་མེད་འཇོ་བ་དང་། །ནུབ་གླིང་འདོད་འཇོའི་བ་མཆོག་གཟུགས་བཟང་བ། །ལྟ་ན་སྡུག་པ་འདོད་དགུ་འབད་མེད་འཇོ། །བྱང་གླིང་མ་རྨོས་པ་ཡི་ལོ་ཐོག་འབྲས། །ནངས་བརྔས་ནུབ་སྐྱེས་ནུབ་བརྔས་ནངས་སྐྱེས་པ། །ས་ཡི་ཀ་ཞེས་འཛད་མེད་འབྱུང་བ་དང་། །རོ་བཅུད་ནུས་པ་ཕུན་སུམ་ཚོགས་པ་སྟེ། །དེ་དག་གླིང་བཞིའི་འདོད་ཡོན་ཁྱད་འཕགས་ཡིན། །གཅིག་ཙམ་མ་ཡིན་གླིང་རྣམས་ས་གཞི་གང་། །གྲངས་མང་རྒྱ་ཆེ་མཐའ་ཡས་གསལ་ནས་འབུལ། །དེ་བཞིན་ཤར་རིའི་མདུན་གྱི་ནམ་མཁའ་ལ། །འཁོར་ལོས་སྒྱུར་རྒྱལ་བསོད་ནམས་ལས་བྱུང་བའི། །ལྷ་རྫས་ལས་གྲུབ་གསེར་འཁོར་རྩིབས་སྟོང་པ། །ལྟེ་བ་མུ་ཁྱུད་ལྡན་པ་འོད་ཟེར་འབར། །ཉིན་རེར་དཔག་ཚད་འབུམ་ཕྲག་ལམ་གཅོད་ཅིང་། །གླིང་བཞི་སུམ་ཅུ་རྩ་གསུམ་ལ་སོགས་བགྲོད། །དཔག་བསམ་ཤིང་མདུན་ནོར་བུ་རིན་པོ་ཆེ། །ཟུར་བརྒྱད་འོད་ཀྱིས་དཔག་ཚད་བརྒྱ་གསལ་བ། །ཚ་གྲངས་སྙོམས་ཞིང་ནད་དང་འཆི་བ་སྐྱོབ། །གང་བསམ་ཐམས་ཅད་མོད་ལས་བྱུང་བ་དང་། །འདོད་འཇོའི་བ་མདུན་བཙུན་མོ་རིན་པོ་ཆེ། །བུད་མེད་སྐྱོན་གྱི་རྣམ་པ་ལྔ་བྲལ་ཞིང་། །བསམ་པ་མཐུན་ཅིང་བུ་མང་བཙའ་བ་དང་། །རིགས་མཐུན་སྲིད་མཐོ་ཕྲག་དོག་ཀྱལ་ཚིག་མེད། །ལོག་ལྟ་མེད་ཅིང་རང་ཚུགས་ཟིན་པ་དང་། །ཡོན་ཏན་བརྒྱད་ལྡན་མཛེས་ཤིང་ལྟ་ན་སྡུག །འདོད་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞིར་མཁས། །རེག་པ་ཙམ་གྱིས་བདེ་བའི་མཆོག་སྟེར་མའོ། །མ་རྨོས་མདུན་དུ་བློན་པོ་རིན་པོ་ཆེ། །ས་ཡི་བདག་པོས་གང་བསམ་ཡིད་ལ་ཤེས། །གཟུགས་བཟང་རྒྱུད་དྲང་ཤིན་ཏུ་བརླིང་བ་དང་། །སྟོབས་དང་དཔའ་རྩལ་མཆོག་ལྡན་དཔུང་རྣམས་ཀྱིས། །འགྲོ་གནས་ལྡོག་ལ་ངང་གིས་མཁས་པ་དང་། །དར་དང་རིན་ཆེན་སྣ་ཚོགས་བརྒྱན་ལྡན་པའོ། །དེ་བཞིན་ཤར་ལྷོའི་གླིང་ཕྲན་བར་ལམ་དུ། །གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་ཡང་། །དཔག་ཚད་བརྒྱད་ཁྲིར་ཡུད་ཀྱིས་བགྲོད་པ་ཅན། །སྤྱི་གཙུག་དམར་ཞིང་མཐོ་བའི་གདོང་པ་ལ། །ནོར་བུ་རིན་ཆེན་དྲྭ་བས་གཡོགས་པ་དང་། །གླང་ཆེན་ཕལ་པ་སྟོང་གི་སྟོབས་ལྡན་པ། །གཡུལ་ལས་རབ་ཏུ་རྒྱལ་བར་བྱེད་པའོ། །ལྷོ་ནུབ་གླིང་ཕྲན་གཉིས་ཀྱི་བར་ལམ་དུ། །རྟ་མཆོག་རིན་ཆེན་གཡུ་ལྟར་སྔོ་བ་དང་། །ནད་མེད་གཟི་བརྗིད་ཆེན་པོ་དང་ལྡན་པ། །ཁོ་ལག་ཡོངས་རྫོགས་མགྱོགས་པའི་བང་རྩལ་གྱིས། །དཔག་ཚད་བརྒྱད་ཁྲི་སྐད་ཅིག་ཉིད་ལ་བགྲོད། །ནུབ་བྱང་གླིང་ཕྲན་གཉིས་ཀྱི་བར་ལམ་དུ། །དམག་དཔོན་རིན་ཆེན་སྟོབས་དང་ལྡན་པ་སྟེ། །སྒྱུ་རྩལ་ཆེ་ཞིང་དམག་གི་འགྲོ་ལྡོག་དང་། །གཡུལ་གྱི་བྱ་བ་བྱེད་ལ་མཁས་པ་སྟེ། །གོ་ཞུབ་ཀྱིས་སྤྲས་གཟི་བརྗིད་ལྡན་པ་དང་། །རིན་ཆེན་གསེར་དངུལ་བང་མཛོད་འཛད་མེད་པས། །སྐྱེ་བོ་རྣམས་ནི་རབ་ཏུ་དགའ་བྱེད་པའོ། །བྱང་ཤར་གླིང་ཕྲན་གཉིས་ཀྱི་བར་ལམ་དུ། །དྲང་སྲོང་རྣམས་ཀྱི་རིག་སྔགས་མཐུས་གྲུབ་པའི། །གཏེར་གྱི་བུམ་བཟང་དགོས་འདོད་ཀུན་འབྱུང་བ། །གང་འདོད་ཆར་འབེབ་དབུལ་བའི་གདུང་བ་སེལ། །འཛད་པ་མེད་པ་གཏེར་གྱི་བུམ་པ་སྟེ། །དེ་ལྟར་རྒྱལ་སྲིད་སྣ་བདུན་ལེགས་པར་གསལ། །ལྕགས་རི་ཡོད་ན་བར་སྐབས་དེ་རུ་དགོད། །དེ་བཞིན་ཤར་གྱི་འཁོར་ལོའི་མདུན་མཁའ་རུ། །སྒེག་མོ་དཀར་མོ་མཛེས་ཤིང་ལྟ་ན་སྡུག །ལང་ཚོ་རྒྱས་པའི་ཉམས་འགྱུར་སྣ་ཚོགས་སྟོན། །ཤེལ་གྱི་མེ་ལོང་ཐོགས་ནས་འགྱིང་བ་དང་། །ནོར་བུའི་མདུན་དུ་ཕྲེང་བ་སེར་མོ་ཡིས། །རིན་པོ་ཆེ་ཡི་ཕྲེང་བ་འཛིན་པ་དང་། །བཙུན་མོའི་མདུན་དུ་གླུ་མ་དམར་མོ་ཡིས། །སྙན་འགྱུར་ལྡན་པའི་གླུ་ལེན་པི་ཝང་འཛིན། །བློན་པོའི་མདུན་དུ་གར་མ་ལྗང་གུ་ཡིས། །མིག་འཕྲུལ་ལྟ་བུ་གར་གྱི་ཉམས་འགྱུར་རྩེ། །དེ་དག་རྣམས་ནི་ནང་སྒེག་བཞི་ཡིན་ནོ། །ཤར་ལྷོའི་གླང་ཆེན་མདུན་དུ་མེ་ཏོག་མ། །དཀར་སེར་འགྱིང་སྟབས་མེ་ཏོག་སྣ་ཚོགས་འཛིན། །རྟ་མཆོག་མདུན་དུ་བདུག་སྤོས་སྔོན་མོ་ཡིས། །བདུག་སྤོས་འཛིན་པའི་དྲི་ངད་སྟོང་གསུམ་ཁྱབ། །དམག་དཔོན་མདུན་དུ་སྣང་གསལ་དམར་མོ་ཡིས། །སྣང་གསལ་འཛིན་པའི་འོད་ཀྱིས་ཉི་བཞིན་གསལ། །བུམ་པའི་སྟེང་དུ་དྲི་ཆབ་ལྗང་གུ་ཡིས། །དྲི་ཆབ་དུང་ཞལ་འཛིན་ཏེ་ཕྱི་སྒེག་བཞི། །སྒེག་མོའི་སྟེང་གི་ནམ་མཁའི་ཀློང་དཀྱིལ་ན། །ཉི་མའི་དཀྱིལ་འཁོར་འོག་གཞི་མེ་ཤེལ་དང་། །མཐའ་ཆགས་གསེར་ལས་གྲུབ་པ་དཔག་ཚད་ནི། །ལྔ་བཅུ་ང་གཅིག་ཚད་དང་མཉམ་པ་དང་། །ཟེར་གྱིས་གླིང་བཞིའི་མུན་པ་སེལ་ཅིང་དྲོ། །གླུ་མའི་མདུན་མཁར་ཟླ་བའི་དཀྱིལ་འཁོར་ནི། །ཆུ་ཤེལ་ལས་གྲུབ་དངུལ་གྱི་མཐའ་ཆགས་ཅན། །དཔག་ཚད་ལྔ་བཅུའི་ཚད་དང་ལྡན་པ་སྟེ། །དྭངས་ཤིང་གསལ་ལ་བསིལ་བའི་རང་བཞིན་ཅན། །གར་མའི་མདུན་མཁར་རིན་པོ་ཆེ་ཡི་གདུགས། །དཀར་པོ་གསེར་གྱི་ཡུ་ཅན་གཡོན་ཕྱོགས་འཁོར། །ཕྲེང་བའི་མདུན་མཁར་ཕྱོགས་ལས་རྣམ་རྒྱལ་བའི། །རྒྱལ་མཚན་དྲངས་ཤིང་དར་སྣའི་ཤམ་བུ་ཅན། །ཞིབ་པར་གསལ་ནས་སོ་སོར་མེ་ཏོག་བཀོད། །ལྕགས་རི་ཡོད་ན་བར་སྐབས་དེ་རུ་འགོད། །མཐར་ནི་དབུས་དང་བར་མཚམས་མེད་པ་རུ། །ལྷ་མིའི་འབྱོར་ཚོགས་ཕུན་སུམ་ཚོགས་པ་ཡིས། །ཕྱུར་བུར་བཀང་སྟེ་འབུལ་བའི་དམིགས་འདུན་དང་། །མེ་ཏོག་ཕྱུར་བུར་བཀང་སྟེ་ཏོག་འཛུགས་དགོས། །གུ་རུ་ཨི་དཾ་ལ་སོགས་བརྗོད་བྱས་ནས། །བོད་སྐད་བླ་མ་མཆོད་པའི་དཀྱིལ་འཁོར་དང་། །བདག་ལུས་ལོངས་སྤྱོད་འབུལ་ལོ་ཞེས་པ་ཡིན། །དེ་ལྟར་ཕུལ་ནས་སྨོན་ལམ་གདབ་པ་ནི། །མཉེས་བྱེད་མཎྜལ་བཟང་པོ་སོགས་བརྗོད་ཅིང་། །རྒྱལ་བ་མཉེས་བྱེད་མཎྜལ་བླ་མེད་འདི། །ཕུལ་བས་སྒྲུབ་ལ་བར་ཆད་མི་འབྱུང་ཞིང་། །མཐུན་པའི་རྐྱེན་རྣམས་ཕུན་སུམ་ཚོགས་པ་དང་། །དུས་གསུམ་རྒྱལ་བའི་ཐུགས་དགོངས་རྫོགས་པ་དང་། །བདག་གཞན་སྲིད་པར་མི་འཁྲུལ་རང་དོན་འགྲུབ། །ཞི་བར་མི་གོལ་མཁའ་མཉམ་སེམས་ཅན་སྒྲོལ། །ནུས་པ་ཤོག་ཅེས་སྨོན་ལམ་བཏབ་པ་ཡིན། །ཚིག་རྗེས་དོན་དྲན་ངང་ནས་ཞིབ་པར་འབུལ། །དེ་ནས་གཡས་སུ་འབྲུ་རྣམས་དལ་བུས་བསྡུ། །དེ་ལྟར་ལན་ལྔ་བདུན་སོགས་གང་རུང་འབུལ། །དེ་བཞིན་སྙིང་ཐིག་སྐུ་གསུམ་མཎྜལ་ནི། །ཚོམ་བུ་བཀོད་པའི་སྐབས་སུ་བཤད་པ་བཞིན། །གཅིག་ཏུ་བརྩི་བས་སྟོང་ཞིག་ལོན་པ་ན། །སྟོང་ནི་དང་པོ་སྤྱི་ཕུད་འཇིག་རྟེན་བྱ། །དེ་འདྲ་སྟོང་ཞིག་སོང་བར་གྱུར་པའི་ཚེ། །སྟོང་ནི་གཉིས་པ་བར་མའི་འཇིག་རྟེན་བྱ། །དེ་འདྲ་སྟོང་ཞིག་སོང་བར་གྱུར་པའི་ཚེ། །སྟོང་གསུམ་སྟོང་ཆེན་འཇིག་རྟེན་ཞིང་ཁམས་བྱ། །དེ་དག་མི་མཇེད་འཇིག་རྟེན་ཞིང་ཁམས་ཏེ། །ཤཱཀ་ཐུབ་སྤྲུལ་སྐུ་གཅིག་གི་འདུལ་ཞིང་ཡིན། །དེ་ལྟར་ཞིང་ཁམས་བསམ་གྱིས་མི་ཁྱབ་ན། །ལྷ་མིའི་ཡོ་བྱད་འབྱོར་ཚོགས་བསམ་མི་ཁྱབ། །རང་གི་ལུས་དང་ལོངས་སྤྱོད་དགེ་རྩ་བཅས། །ཆགས་ཞེན་མེད་པ་ཡོངས་སུ་སྤུངས་བྱས་ཏེ། །བླ་མ་སྤྲུལ་སྐུའི་ལྷ་ཚོགས་འབུལ་བར་དམིགས། །ཚོམ་བུ་བསྡུས་པ་དགུ་ཙམ་བཀོད་པར་བྱ། །དེ་ནི་ཐུན་མོང་སྤྲུལ་སྐུའི་མཎྜལ་ཡིན། །དེ་སྟེང་བཀོད་པ་ཆེན་པོ་ལྔའི་ཞིང་ན། །སྒེག་སོགས་འདོད་ཡོན་ལྷ་མོ་གྲངས་མེད་པ། །མཆོད་སྤྲིན་མཐའ་ཡས་ལོངས་སྐུའི་ལྷ་ཚོགས་ལ། །འབུལ་བར་དམིགས་ནས་ཚོམ་བུ་ལྔ་ཙམ་བཀོད། །དེ་ནི་ཐུན་མིན་ལོངས་སྐུའི་མཎྜལ་ཡིན། །དེ་སྟེང་ཆོས་སྐུ་སྐྱེ་མེད་མཎྜལ་ཚུལ། །སྣང་བཞི་ལ་སོགས་རྟོག་ཚོགས་ཚོམ་བུ་བཀོད། །བླ་མ་ཆོས་སྐུའི་ལྷ་ཚོགས་འབུལ་བར་དམིགས། །ཚོམ་བུ་བསྡུས་པ་གསུམ་ཙམ་བཀོད་བྱས་པ། །ཁྱད་པར་ཆོས་སྐུའི་མཎྜལ་ཉིད་ཡིན་ནོ། །དེ་ལྟར་སྐུ་གསུམ་མཎྜལ་གྲངས་གསོག་གམ། །ཚོམ་བུ་བདུན་པ་ལག་ལེན་བདེ་བའི་ཕྱིར། །ས་གཞི་སྤོས་ཆུ་ལ་སོགས་བརྗོད་བྱས་ནས། །གླིང་བཞི་རི་རབ་ཉི་ཟླ་དང་བཅས་པ། །ཚོམ་བུ་བདུན་དུ་བཀོད་དེ་དམིགས་པ་དང་། །དེ་ལྟར་རགས་པའི་ཁོངས་སུ་བསྡུ་བར་བྱ། །གྲངས་སོགས་ཆད་ལྷག་མེད་པར་ཞིབ་ཀྱིས་གསོག །འབུལ་ཟིན་འབྲུ་རྣམས་རྟེན་དྲུང་སྤུང་བའམ། །བྱ་སྤྲང་སོགས་ལ་སྦྱིན་པ་སྟེར་ན་ལེགས། །མིན་ཀྱང་དམིགས་པའི་རྟེན་དུ་བསྐྱར་བྱས་རུང་། །དོན་དུ་འབུལ་ཡུལ་འབུལ་བྱ་ལ་སོགས་པ། །སེམས་ཀྱི་དམིགས་པ་ཟབ་མོ་གཙོར་འདོན་ཏེ། །བསོད་ནམས་ཚོགས་ཆེན་ལེགས་པར་རྫོགས་དགོས་ཤིང་། །དེ་ཡང་རྟགས་མཚན་འདི་དག་དང་ལྡན་པར། །ཆོས་ནི་མང་ཤེས་སྔར་བརྗོད་པ་ཡང་དྲན། །ཉི་ཟླ་ཤར་དང་མེ་ཏོག་ཚལ་དུ་ཕྱིན། །གོས་གསར་གྱོན་དང་རྒྱན་བཟང་བཏགས་པ་དང་། །མཎྜལ་མེ་ལོང་ཕྱི་ཞིང་ལྟ་བ་དང་། །དུང་འབུད་རོལ་མོ་དཀྲོལ་ཞིང་རྔ་ཆེན་བརྡུང་། །ལྷ་ཁང་མཐོང་སོགས་དངོས་ཉམས་རྨི་ལམ་དུ། །རིམ་པར་མ་བྱུང་བར་དུ་ཅི་ནས་ཀྱང་། །དད་འདུན་རྣམ་དག་གཙང་སྦྲ་ལྡན་པས་འབུལ། །གནས་སྐབས་མཐར་ཐུག་ཕན་པ་བསམ་མི་ཁྱབ། །འབྱོར་ཚོགས་རྒྱས་ཤིང་བསམ་དོན་ལྷུན་གྱིས་འགྲུབ། །ས་ལམ་ཡོན་ཏན་ཐམས་ཅད་གོང་འཕེལ་ཞིང་། །སངས་རྒྱས་སྐུ་གཉིས་མངོན་དུ་འགྱུར་བར་བྱེད། །དེས་ན་འདི་ལ་ལག་ལེན་རྩེ་གཅིག་མཛོད།།  ༈  །།དེ་ནས་རྒྱུད་ལ་བྱིན་རླབས་མྱུར་འཇུག་ཐབས། །ལམ་ཟབ་བླ་མའི་རྣལ་འབྱོར་རིམ་པ་ནི། །དེ་ཡི་མཚན་དོན་འགྲེལ་ཙམ་ཞིག་འགོད་ན། །རྒྱལ་བ་སྲས་བཅས་ཕྲིན་ལས་རྒྱ་མཚོ་ཡི། །ཕོ་ཉ་གདུལ་བྱའི་དཔལ་དུ་ཤར་བས་བླ། །ཉམ་ཐག་སེམས་ཅན་ཐམས་ཅད་འཕྲལ་ཡུན་གྱི། །ཕན་བདེའི་ལམ་ལ་མྱུར་དུ་བཀྲི་བས་མ། །ཐུགས་རྗེ་བྱིན་རླབས་ཡོན་ཏན་རང་བཞིན་གྱི། །སྐུ་སྒོམ་གསོལ་འདེབས་མཚན་བསྙེན་བཟླས་པ་ཡིས། །ཐུགས་རྒྱུད་བྱིན་རླབས་ཡོངས་སུ་ཉེ་བར་འཕོ། །རྣལ་མའི་གནས་ལུགསཡེ་ཤེས་འཁྲུལ་བྲལ་བ། །རང་གི་རྒྱུད་ལ་མྱུར་དུ་འབྱོར་བྱེད་པས། །དེ་ཕྱིར་བླ་མའི་རྣལ་འབྱོར་ཞེས་པ་ཡིན། །དེ་འདྲའི་ལམ་མཁན་འགྲོ་བ་ལྷ་དང་བཅས། །སྐྱེ་དགུ་བདག་པོ་ཚངས་པ་ལ་སོགས་དང་། །རང་ཉིད་རྩེ་བའི་ཕ་མ་ཉེ་འབྲེལ་གྱིས། །གང་ཞིག་ཕྱོགས་ཙམ་སྟོན་པར་མི་ནུས་པའི། །ཐར་ལམ་སྟོན་པའི་དཔལ་ལྡན་བླ་མ་དེ། །རྒྱལ་བ་སྲས་དང་བཅས་པའི་སྒྱུ་འཕྲུལ་ལགས། །དཔེར་ན་གྲུ་མེད་ཆུ་ཡི་ཕ་རོལ་ན། །ཕྱིན་མི་ནུས་བཞིན་བླ་མ་མེད་པ་ན། །འཁོར་བའི་རྒྱ་མཚོ་ཆེ་ལས་ཡོངས་མི་སྒྲོལ། །ལོང་ཁྲིད་མེད་ན་ཕྱིན་པར་མི་ནུས་བཞིན། །བླ་མ་མེད་ན་ཐར་ལམ་ག་ལ་རྙེད། །ཉི་ཟླ་མེད་ན་མུན་ཚོགས་མི་སེལ་ལྟར། །བླ་མ་མེད་ན་རྨོངས་མུན་སུ་ཡིས་སེལ། །བཀྲེས་ཤིང་སྐོམ་པའི་ནད་ཀྱིས་མནར་བ་ལ། །འདོད་ཡོན་མེད་ན་གདུང་བ་མི་སེལ་བཞིན། །བླ་མའི་བརྩེ་བས་དམ་ཆོས་མ་གསུངས་ན། །སྲིད་ཞིའི་མཐར་ལྷུང་གདུང་བ་སུ་ཡིས་སེལ། །འཇིག་རྟེན་རྒྱལ་པོ་ཕ་མ་ལ་སོགས་ཀྱིས། །སྟོན་པར་མི་ནུས་འཕྲལ་ཡུན་ཀུན་བདེ་ཞིང་། །དོན་གཉིས་འགྲུབ་ཅིང་བླང་དོར་མིག་འབྱེད་པ། །ཐར་ལམ་ཡང་དག་སྟོན་པའི་བླ་མ་ནི། །བརྩེ་གདུང་འབྲེལ་མེད་སྒོ་ནས་བསྟེན་པར་འོས། །ཕྱི་པ་རྣམས་ཀྱིས་མེ་ལྔ་ལ་སོགས་ལ། །བརྟེན་ཏེ་དཀའ་བ་དཔག་མེད་སྤྱོད་པས་ན། །བདེ་ནས་བདེ་བར་ཁྲིད་པའི་བླ་མ་དེ། །བདག་གིས་དཀའ་བས་བསྙེན་བཀུར་ཅིས་མི་བྱེད། །སྙམ་ནས་བློ་རྒྱ་བསྐྱེད་དེ་བསྟེན་པར་རིགས། །ཚེ་འདིའི་རྒྱལ་བློན་བཙན་པོ་ལ་སོགས་ཀྱང་། །བསྐྱབ་ཏུ་རེ་ནས་རྒྱུ་ནོར་ཐམས་ཅད་འབུལ། །འཇིག་རྟེན་བཟོ་རིགས་མཁས་ལའང་བསྙེན་བཀུར་བྱེད། །འདུ་བ་སྙོམས་པར་བྱེད་པའི་སྨན་པ་ལའང་། །མཆོད་ཅིང་བསྟོད་དེ་དྲིན་ཆེར་རློམ་པས་ན། །སེམས་ཅན་སངས་རྒྱས་སུ་སྒྲུབ་གཏན་བདེ་སྟེར། །དུག་ལྔའི་གཅོང་ནད་རྩ་བ་ནས་འབྱིན་པའི། །བླ་མ་དེ་ལ་བདག་གིས་གུས་པ་དང་། །བསྙེན་བཀུར་ཅི་ཕྱིར་མི་བྱེད་སྙམ་དུ་ནི། །ལྷག་པར་བློ་རྒྱ་བསྐྱེད་དེ་བསྟེན་པར་རིགས། །ཉིན་ཞག་རེ་ཡི་འཇིགས་པ་སྐྱོབ་ཕྱིར་དུ། །སྐྱེས་བསུ་བྱེད་ཅིང་ཟས་གོས་ནོར་ཐོབ་ཕྱིར། །རྩོལ་སྒྲུབ་དཀའ་སྤྱད་ཅི་ཙམ་ནུས་བྱེད་ཅིང་། །གཉེན་འདུན་གྲོགས་ལ་དགའ་སྤྲོ་ལྡན་པ་ཡིས། །རྒྱུ་ནོར་ཐམས་ཅད་སྟེར་བར་བྱེད་ནུས་ན། །བདུད་བཞིའི་དགྲ་བཅོམ་དགོས་འདོད་ནོར་བུ་སྟེར། །གཏན་བདེའི་གནས་སྦྱིན་དམ་པའི་ཆོས་ཟབ་མོ། །རང་ངོ་སྤྲོད་པའི་བླ་མ་དམ་པ་དེ། །བདག་གི་གུས་དང་བསྙེན་བཀུར་ཅིས་མི་བྱེད། །སྙམ་ཞིང་བློ་རྒྱ་བསྐྱེད་དེ་བསྟེན་པར་རིགས། །མདོར་ན་གནས་སྐབས་ཚེ་འདིའི་ཟས་གོས་ནོར། །འཇིགས་པ་ཕྲན་བུ་སྐྱོབ་ལའང་དྲིན་ཆེ་རློམ། །དྲིན་ལན་འཇལ་བར་ཀུན་གྱིས་བྱེད་སྲོལ་ན། །འཁོར་བ་སྡུག་བསྔལ་མཐའ་དག་ལས་བསྒྲལ་ཞིང་། །གཏན་གྱི་བདེ་བ་ཕུན་ཚོགས་སྟེར་བ་ཡི། །བཀའ་དྲིན་སྟོང་གསུམ་གསེར་གྱིས་བཀང་ནས་སུ། །འབུལ་བར་བྱས་ཀྱང་ཆ་ཙམ་གཞལ་མི་བཏུབ། །དེ་འདྲའི་བླ་མ་བཀའ་དྲིན་མཚུངས་མེད་པ། །བསྟེན་ནས་བྱིན་རླབས་འཇུག་པར་བྱེད་པ་ལ། །དད་དང་དག་སྣང་སྒོ་ནས་ཤེས་བྱ་ནི། །བླ་མའི་གསང་གསུམ་སངས་རྒྱས་དངོས་མཐོང་དང་། །སྤྱོད་པ་བཟང་ངན་ཅི་མཛད་ཐམས་ཅད་ལ། །སངས་རྒྱས་མཛད་ཕྲིན་ཡིན་པར་ཤེས་པ་དང་། །ཡོན་ཏན་སངས་རྒྱས་ཀུན་དང་མཉམ་གྱུར་ཀྱང་། །བཀའ་དྲིན་སངས་རྒྱས་ཀུན་ལས་ཆེས་ལྷག་ཅིང་། །མཚུངས་ཟླ་མེད་པའི་བླ་མ་དམ་པ་དེ། །སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཡིན་པ་དང་། །ལམ་ཁྱེར་གཞན་ལ་རག་ནི་མ་ལུས་པར། །མོས་གུས་ཅན་ལ་བྱིན་རླབས་གཅིག་ཆར་དུ། །འཕོ་བར་ཤེས་པ་ལྔ་ཡི་རང་བཞིན་དང་། །དོན་དུ་མོས་ཁམས་ཐ་དད་འདུལ་ཕྱིར་དུ། །ཞི་བས་འདུལ་ལ་ཞི་བའི་ཆོས་འདོམས་ཤིང་། །སྦྱིན་པས་འདུལ་ལ་ཡོད་བྱད་འབྱེད་པ་དང་། །དབང་གིས་འདུལ་ལ་དབང་དུ་བསྡུ་བ་དང་། །དྲག་པོས་འདུལ་ལ་སྡིགས་འཚོག་རྔམ་པས་འདུལ། །རྡོ་རྗེའི་རིགས་རྣམས་གསང་གསུམ་སྤྲོས་ཀུན་ཞི། །རིན་ཆེན་རིགས་རྣམས་སྒེག་ཆོས་རྒྱན་ནོར་ལྡན། །པདྨའི་རིགས་རྣམས་ཡུམ་བཅས་གང་འདུལ་སྟོན། །ལས་ཀྱི་རིགས་རྣམས་དྲག་ཤུལ་གཏུམ་རྔམ་སོགས། །མདོར་ན་འགྲོ་བ་གང་ལ་གང་འདུལ་གྱི། །ཕྲིན་ལས་ངེས་མེད་བཟང་ངན་བར་མ་དོ། །རྣམ་པ་སྣ་ཚོགས་སྟོན་པར་མཛད་པ་ཡིན། །དེས་ན་ནོར་རྫས་སྲེད་པ་ཆེ་སྙམ་དང་། །རང་དོན་ང་རྒྱལ་སེར་སྣ་ཆེ་བ་དང་། །བརྣབ་སེམས་ཁོང་ཁྲོ་ཉོན་མོངས་ཧྲག་པ་དང་། །ཡུམ་དང་བཅས་ཏེ་རིགས་གཟུགས་ངན་པ་དང་། །ཅིར་ཡང་མི་ཤེས་སྙམ་པ་ལ་སོགས་པས། །དངོས་སུ་གཞན་ལ་ངག་གིས་བརྗོད་པ་དང་། །མ་གུས་རྣམ་པར་སྤྱོད་པ་ལྟ་ཅི་སྨོས། །སྐད་ཅིག་ཙམ་ཡང་ཡིད་ཀྱིས་དྲན་པའམ། །རྨི་ལམ་དུ་ཡང་རྨི་བར་མི་བྱ་སྟེ། །བྱས་ན་ཉེས་པ་གཞན་དག་ལས་ཚབ་ཆེ། །དེ་ཕྱིར་མ་གུས་རྣམ་པ་ཡོངས་སྤངས་ནས། །ལུས་ངག་ཡིད་གསུམ་འདུན་པ་ཆིག་དྲིལ་གྱིས། །སྒོ་ནས་ལེགས་པ་བསྟེན་པ་གལ་ཆེ་བས། །དང་པོ་ལུས་ཀྱི་སྒོ་ནས་མ་གུས་པའི། །རྣམ་པ་སྤང་བྱའི་རིམ་པ་མདོར་བསྡུ་ན། །བླ་མའི་སྐུ་དང་བཞུགས་གདན་གྲིབ་མ་དང་། །ན་བཟའ་ལ་སོགས་འགོམ་པར་མི་བྱ་སྟེ། །མདུན་དུ་སྐྱིལ་ཀྲུང་བཅའ་དང་སྒེག་ཆོས་དང་། །སྐུ་ཆེས་ཉམས་འགྱུར་རིགས་རྣམས་བསྟེན་པ་དང་། །རྒྱབ་བརྟེན་གཞོགས་སྔས་རྐང་པ་བརྐྱང་པ་སོགས། །མདོར་ན་མ་གུས་རྣམ་པ་ཉེས་ལྕི་བས། །དེ་དག་ཐམས་ཅད་ཡོངས་སུ་སྤངས་བྱས་ནས། །གུས་འདུད་ཆེན་པོའི་ངང་ནས་འདི་ལྟར་བསྟེན། །ལུས་ཀྱི་ལས་ནི་གཞན་དུ་མངགས་པ་དང་། །ཉེར་མཁོ་གང་དགོས་རིགས་དང་མེ་ཆུ་གཡང་། །གཅན་གཟན་དགྲ་རྐུན་འཇིགས་པ་ཀུན་སྲུང་ཞིང་། །ཕེབས་དུས་བསུ་སྐྱེལ་ཕྱག་དང་སྐོར་བ་དང་། །ལེགས་པར་བྱ་བཞིན་བསྟེན་པར་བྱ་དགོས་སོ། །ངག་གི་རྫུན་དང་ཕྲ་མ་ཚིག་རྩུབ་དང་། །འཆལ་གཏམ་བཀའ་གཅོག་གདོང་བཟློག་བྱེད་པ་དང་། །ལྐོག་ནས་གཤེ་བ་ལ་སོགས་ཉེས་ལྕི་རིགས། །སྤངས་ཏེ་ཕན་ཡོན་ཀུན་གྱི་མཆོག་ཤེས་པའི། །སྒོ་ནས་ངག་གི་གུས་འདུད་འདི་ལྟར་བྱ། །གསོལ་འདེབས་ཞབས་བརྟན་བསྟོད་པ་སྐྱབས་འགྲོ་སོགས། །རྒྱུན་དུ་དབྱངས་བཅས་སྣང་བ་འགྱུར་ངེས་འདོན། །བདེན་པའི་ཚིག་དང་འཇམ་པོ་སྙན་པོ་བཅས། །གསོང་པོར་སྨྲ་ཞིང་ཅི་གསུངས་བཀའ་ཐམས་ཅད། །སྒྲུབ་པའི་ལན་ནི་སྙན་པོར་འབུལ་དགོས་སོ། །ཡིད་ཀྱི་སྒོ་ནས་མ་དད་ལོག་ལྟ་དང་། །ཁོང་ཁྲོ་དང་ནི་སྐྱོན་དུ་བཏགས་པ་དང་། །བརྙས་སེམས་འགྲན་སེམས་བརྣབ་སེམས་གནོད་སེམས་དང་། །ང་རྒྱལ་བསྐྱེད་སོགས་ཉེས་པའི་རིགས་རྣམས་སྤོངས། །ཕན་ཡོན་ལྷག་ཏུ་ཆེ་བར་ཤེས་པའི་ངང་། །ཕལ་ལས་འབུམ་འགྱུར་ལྷག་པའི་དག་སྣང་དང་། །དོན་གཉེར་མོས་གུས་དྲག་པོ་ཆེར་བསྐྱེད་དེ། །བླ་མའི་ཕྱི་ནང་གསང་གསུམ་ཡོན་ཏན་དང་། །ལྷག་པར་བཀའ་དྲིན་ཆེ་བ་ལ་སོགས་པ། །དྲན་དང་ཤེས་བཞིན་འབྲལ་བ་མེད་པ་ཡི། །བླ་མའི་སྐུ་སྒོམ་ཡིད་ཆེས་མོས་གུས་བསྐྱེད། །ནོར་རྫས་ཟས་ནོར་ཆེ་ཕྲ་གང་ཡོད་རྣམས། །ནུས་བསྟུན་བླ་མ་ཆོས་ཕྱོགས་གཏོང་བར་བྱ། །ཕན་ཡོན་མཆོག་ཏུ་ཆེ་བའི་རང་བཞིན་ཏེ། །དགེ་བའི་འབྲས་བུ་ནམ་ཡང་ཆུད་མི་ཟ། །སྔ་མ་བསྐལ་པ་བཟང་ལྡན་དུས་ཀྱི་ཚེ། །རྣམ་རྟོག་ཤས་ཆུང་དགེ་སྡིག་ལས་སྲབ་པས། །འབྲས་བུ་ནམ་ཞིག་གཞན་དུ་སྨིན་པར་འགྱུར། །དེང་དུས་སྙིགས་ལྔའི་རྟོགས་པ་ཧྲག་དྲག་པས། །དགེ་སྡིག་གང་བྱས་ལས་མཐུག་ཆེས་པས་ན། །ཚེ་འདིར་ལས་ཀྱི་མཐོང་ཆོས་སྤྱིར་སྨིན་ཅིང་། །ཡུལ་མཆོག་འབྲེལ་ན་ཟླ་བས་བར་མི་ཆོད། །དངོས་སུ་སྨིན་པ་མདོ་སྡེ་དག་ལས་གསུངས། །དེ་དག་ལས་ཀྱང་སྒྲུབ་པའི་ཞབས་ཏོག་ནི། །མཆོག་རབ་རྩེ་མོ་གཅིག་ཏུ་གྱུར་པས་ན། །བླ་མའི་བསྟན་བྱ་སློབ་མའི་བསྒྲུབ་བྱ་ཡི། །གཙོ་བོ་རང་སེམས་གཏན་ལ་ཕབ་པ་ཉིད། །ཡིན་ཕྱིར་དབེན་པའི་གནས་སུ་དཀའ་སྤྱད་དང་། །བརྩོན་འགྲུས་ཤེས་རབ་ཕུན་སུམ་ཚོགས་པ་ཡིས། །རང་དོན་ཉམས་མྱོང་རྟོགས་པས་ཕྱུག་པར་བྱ། །གཞན་དོན་གང་ལ་གང་འདུལ་ཆོས་འཁོར་བསྐོར། །རྒྱལ་བའི་སྐུ་གསུང་ཐུགས་རྟེན་བཞེངས་པ་སོགས། །བླ་མའི་ཐུགས་དགོངས་མཉེས་ཤིང་རྫོགས་པའི་ཕྱིར། །གཙོ་བོར་སྙིང་པོ་སྒྲུབ་པས་དུས་འདའ་བའི། །མཉེས་པ་གསུམ་གྱི་སྒོ་ནས་བསྟེན་པར་བྱ། །དེ་ལྟར་བླ་མ་ཚུལ་བཞིན་བསྟེན་པ་ཡིས། །ཕན་ཡོན་ཚད་མེད་ཡང་དག་ལམ་ལ་ཁྲིད། །ཐེ་ཚོམ་སེལ་ཞིང་རྟོགས་པ་རྒྱུད་ལ་འཆར། །སྡུག་བསྔལ་ཞི་ཞིང་འཁོར་བའི་འདམ་ནས་འབྱིན། །མ་རིག་མུན་སེལ་ཡོན་ཏན་གཏེར་ཆེན་རྡོལ། །དངོས་གྲུབ་བཅུད་མྱོང་བླང་དོར་མིག་འབྱེད་ཅིང་། །དག་པའི་ཞིང་བགྲོད་ཚེ་རབས་ཀུན་ཏུ་ཡང་། །དགེ་བའི་བཤེས་ཀྱིས་རྗེས་སུ་བཟུང་བ་སོགས། །ཕན་ཡོན་ཚད་མེད་ལྷག་ཏུ་ཤེས་བྱས་ནས། །རྟོགས་པའི་ཡེ་ཤེས་རྒྱུད་ལ་བཙན་ཐབས་སུ། །འཕོ་བའི་མན་ངག་ཀུན་གྱི་མཐར་ཐུག་པ། །བླ་མའི་རྣལ་འབྱོར་མཆོག་ཏུ་ཟབ་པ་ཡིན། །ཅི་ཕྱིར་ཞེ་ན་བྱིན་རླབས་དངོས་གྲུབ་ཀུན། །འབྱུང་བའི་གནས་ནི་སྤྲོས་བྲལ་བདེ་གཤེགས་ཏེ། །དེ་ལྟར་དབྱེར་མེད་རྟོགས་ཤིང་མཆོག་ཐུན་གྱི། །དངོས་གྲུབ་ཡོངས་སུ་བརྙེས་ཤིང་བྱིན་རླབས་ཀྱི། །ཚན་ཁ་རབ་ཏུ་འབར་བ་བླ་མ་ལས། །གཞན་ནི་ནམ་ཡང་གང་དུ་མ་དམིགས་ཏེ། །དེ་འདྲའི་བྱིན་རླབས་ཁྱད་པར་འཕགས་པ་དེ། །གང་ཟག་སོ་སོའི་རང་རྒྱུད་སྙིང་དབུས་སུ། །འཇུག་པར་བྱ་བའི་ཐབས་ཀྱི་ཡང་ཟབ་ནི། །དད་དང་མོས་གུས་ཉེར་ལེན་ཁོ་ན་ཡིན། །དེ་ཕྱིར་ལམ་ནས་ལེགས་པར་དྲངས་དགོས་ཤིང་། །རང་གནས་ཡེ་ཤེས་ངོ་མ་འཕྲོད་པའམ། །མ་སྨིན་སྨིན་པར་བྱེད་པའང་བྱིན་རླབས་ཀྱི། །སྙིང་པོ་ཡོངས་སུ་ཐོབ་པར་འགྱུར་བའི་ཕྱིར། །དཔེར་ན་མཆན་ལ་ཕབ་བཏབ་དེ་ཡི་རྐྱེན། །རོ་བཅུད་ནུས་པ་མྱུར་དུ་སྟོན་པ་ལྟར། །ཡིན་ཕྱིར་ཁྱད་པར་འཕགས་པའི་མོས་གུས་བསྐྱེད། །དེ་ནས་སྒོམ་པ་དངོས་ཀྱི་སྐབས་སུ་ཡང་། །བླ་མའི་བྱིན་རླབས་དབང་བཞི་ཞུ་བ་ལ། །རྣམ་པ་བསྒྱུར་དང་མི་བསྒྱུར་གཉིས་ཡོད་དེ། །དད་པ་དག་སྣང་ཆེ་བའི་གང་ཟག་གིས། །བླ་མའི་སྐུ་ཡི་རྣམ་པ་བསྒྱུར་མི་དགོས། །ན་བཟའ་རྒྱན་ཆས་ལ་སོགས་གང་བཞུགས་པ། །དེ་ལྟར་བསྒོམས་པས་མཆོག་ཏུ་ཟབ་པ་ཡིན། །གཞན་དག་ལས་ནི་དང་པོ་པ་རྣམས་ཀྱིས། །ཐ་མལ་མི་ཡི་རྣམ་པ་སྒོམ་ཙ་ན། །ལོག་ལྟ་གིས་སྒྲིབ་བྱིན་རླབས་གེགས་བྱེད་ཅིང་། །སངས་རྒྱས་སྐུ་དངོས་མཐོང་བའི་སྐལ་པ་ཕྲ། །དེ་ཕྱིར་རྣམ་པ་འདི་ལྟར་བསྒྱུར་དགོས་གསུངས། །སྣང་སྲིད་དག་པ་རབ་འབྱམས་གཞིར་བཞུགས་སུ། །ཡོད་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པ་དེ། །ལམ་གྱི་དུས་འདིར་གཞིར་བཞེངས་གསལ་འདེབས་དགོས། །སེམས་ཅན་ཀུན་གྱི་འགྲོ་འདུག་བྱ་བའི་ཡུལ། །རྟེན་གཞི་མ་དག་སྣང་བ་འདི་ཐམས་ཅད། །གང་ཡང་མི་དམིགས་སྟོང་ཉིད་ངང་དུ་སྦྱངས། །པདྨ་འོད་ཀྱི་ཕོ་བྲང་རྒྱ་ཁྱོན་དང་། །མཚན་ཉིད་བཀོད་པ་ཡོངས་རྫོགས་གསལ་བའི་དབུས། །རང་ཉིད་དབང་རྟེན་ཡེ་ཤེས་སྐྱེ་ཕྱིར་དང་། །གུ་རུའི་རྗེས་སུ་འཛིན་པའི་རྟེན་འབྲེལ་ཆེ། །ངོ་བོ་ཡེ་ཤེས་མཚོ་རྒྱལ་རྣམ་པ་ནི། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་གསལ་སྟེ། །སྐུ་མདོག་དམར་གསལ་གཅེར་བུ་ཤེས་རབ་མཚོན། །དབྱིངས་རིག་དབྱེར་མེད་ཟུང་འཇུག་རྟོགས་པའི་བརྡར། །སྤྱན་གསུམ་རིང་བའི་ཚུལ་གྱིས་དབྱིངས་ལ་གཟིགས། །ཕྱག་གཡས་འགྲོ་རྣམས་གཏི་མུག་གཉིད་བསླང་ཕྱིར། །ཐོད་རྔ་ཁྲོལ་ཞིང་ཕྱག་ལག་གཡོན་པ་ཡིས། །དུག་གསུམ་རྩད་གཅོད་གྲི་གུག་དཀུར་བརྟེན་པ། །རུས་པའི་རྒྱན་ལྔ་མེ་ཏོག་ཆུན་འཕྱང་བརྒྱན། །དར་དཔྱངས་རླུང་བསྐྱོད་མཛེས་ཤིང་ལྟ་ན་སྡུག །བཅུ་དྲུག་ལོན་པའི་ན་ཚོད་དར་ལ་བབ། །སྣང་ལ་རང་བཞིན་མེད་པ་ནམ་མཁའ་ཡི། །འཇའ་ཚོན་ཇི་བཞིན་ལེགས་པར་གསལ་བཏབ་པའི། །སྤྱི་བོར་མདའ་གང་ནམ་མཁར་རིན་པོ་ཆེ། །སྣ་ཚོགས་ལས་གྲུབ་པདྨ་འབུམ་བདལ་དབུས། །སྲིད་ཞིའི་དྭངས་བཅུད་ཐབས་ཤེས་མཚོན་བྱེད་དུ། །ཉི་མ་དང་ནི་ཟླ་བའི་དཀྱིལ་འཁོར་དབུས། །ངོ་བོ་དུས་གསུམ་སངས་རྒྱས་འདུས་པའི་ཕྱིར། །མཁྱེན་བརྩེ་ནུས་གསུམ་མངའ་བའི་བདག་ཉིད་ཅན། །དཔལ་ལྡན་རྩ་བའི་བླ་མ་ཡིན་པ་ལ། །རྣམ་པ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོ། །བདེ་སྟོང་འདུ་འབྲལ་མེད་པས་མྱོས་པའི་ཕྱིར། །སྐུ་མདོག་དཀར་ལ་དམར་མདངས་ཅུང་ཟད་ཆགས། །ན་བཟའ་བྱང་སེམས་ཐེག་པ་རྫོགས་པའི་བརྡར། །གསང་གོས་དཀར་པོ་མདུང་མ་དམར་པོ་དང་། །གསང་སྔགས་ཐེགས་པ་རྫོགས་པའི་རྟགས་སུ་ནི། །སྔགས་པའི་ཆས་གོས་ཕོད་ཆེན་མཐིང་ག་དང་། །སོ་ཐར་ཐེག་པ་རྫོགས་པའི་རྟགས་སུ་ཡང་། །ཆོས་གོས་དམར་སེར་གསེར་གྱི་ཧ་རིས་ཅན། །ཐེག་པ་མ་ལུས་ཡོངས་སུ་རྫོགས་པའི་རྟགས། །ཟ་འོག་སྨུག་པོའི་བེར་བཅས་བརྩེགས་མར་གསོལ། །དབུ་ལ་པད་ཞུ་འདབ་མ་ལྔ་པ་མནབས། །ཕྱི་ནང་གཉིས་ནི་བསྐྱེད་རྫོགས་ཟུང་འཇུག་བརྡར། །སྐུ་གསུམ་མཚོན་བྱེད་ཡར་གྱི་རྩེ་གསུམ་དང་། །སྐུ་ལྔའི་འགྲོ་དོན་མཛད་ཕྱིར་འོད་ལྔ་བསྒྲིལ། །གསེར་དངུལ་ཉི་ཟླས་བརྒྱན་པ་ཐབས་ཤེས་བརྡ། །མུ་ཁྱུད་མཐིང་བསྒྲིལ་དམ་ཚིག་རྣམ་དག་བརྡ། །ཏིང་འཛིན་བརྟན་བརྡར་གསེར་རྡོར་ཕྱེད་པའི་ཏོག །ལྟ་བའི་ཡང་རྩེ་ཡོངས་སུ་ཕྱིན་པའི་རྟགས། །རྒོད་དང་རྨ་བྱའི་སྒྲོ་མདོངས་ཀྱིས་བརྒྱན་པ། །སྣང་སྲིད་ལྷ་འདྲེ་སྡིགས་ཤིང་དབང་བསྡུས་ཕྱིར། །ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན། །ཡོ་ག་ཚེ་ཡི་དངོས་གྲུབ་བརྙེས་པའི་རྟགས། །གཡོན་པ་མཉམ་བཞག་ཀཔཱ་ལིའི་ཚེ་རིལ་སྟེང་། །བདུད་རྩིས་བཀང་བའི་ཚེ་བུམ་དཔག་བསམ་གྱི། །ཁ་རྒྱན་ཅན་འཛིན་ཞབས་གཉིས་སག་ལྷམ་གསོལ། །རྒྱལ་པོ་རོལ་པའི་སྟབས་སུ་བརྗིད་ཆགས་བཞུགས། །མཆན་ཁུང་གཡོན་ན་ཡུམ་མཆོག་མནྡཱ་ར། །སྦས་པའི་ཚུལ་གྱི་ཁ་ཊྭཾ་ག་འཛིན་པ། །དེ་ཡང་ངོ་བོ་རང་བཞིན་ཐུགས་རྗེ་ཡི། །མཚོན་བྱེད་ཡར་གྱི་རྩེ་གསུམ་སྐུ་གསུམ་གྱི། །མཚོན་བྱེད་ཐོད་པ་སྐམ་རློན་རྙིད་པ་བརྩེགས། །ཚེ་ཡི་དངོས་གྲུབ་ཐོབ་པའི་ཚེ་བུམ་དང་། །སྐྱེ་འཆི་བགྲེས་རྒུད་སྤང་པ་རྒྱ་གྲམ་མཚན། །རྭ་ལ་ཐེག་དགུའི་མཚོན་བྱེད་ལྕགས་ལུང་དགུ །ཡེ་ཤེས་ལྔ་ཡི་མཚོན་བྱེད་དར་སྣ་ལྔ། །དུར་ཁྲོད་ཆེན་པོ་བརྒྱད་དུ་བརྟུལ་ཞུགས་ཀྱིས། །མ་མོ་མཁའ་འགྲོ་དབང་དུ་སྡུད་པའི་རྟགས། །གསང་བའི་རྔེའུ་ཆུང་དྲིལ་བུའི་ལྕེ་རྩེ་རུ། །ཐབས་ཤེས་མཚོན་བྱེད་ཉི་མ་ཟླ་བས་བསྐུལ། །ཤི་སྐྲ་གསོན་སྐྲ་སོགས་ཀྱིས་བརྒྱན་པ་སྟེ། །དེ་དག་མ་འདྲེས་ཡོངས་རྫོགས་གསལ་བཏབ་ཅིང་། །དེ་ཡི་མཐའ་བསྐོར་བར་མཚམས་རྣམས་སུ་ཡང་། །འོད་ལྔའི་དྲྭ་བ་མིག་མང་རིས་ཀྱི་དཀྱིལ། །འཇའ་འོད་ཟླུམ་འཁྱིལ་སྤྲིན་ལྟར་འཁྲིགས་པའི་དབུས། །རྒྱ་གར་རིག་འཛིན་བརྒྱད་དང་བོད་ལྗོངས་ཀྱི། །རྗེ་འབངས་ཉེར་ལྔ་བཀའ་གཏེར་བླ་མ་དང་། །ཡི་དམ་རྒྱུད་སྡེ་བཞི་དྲུག་ལྷ་ཚོགས་དང་། །ཆོས་སྲུང་དམ་ཅན་རྒྱ་མཚོ་མངོན་སུམ་དུ། །བཞུགས་པར་གསལ་ལ་ངག་འདོན་གང་ཡིན་འབྲེལ། །མོས་གུས་གདུང་ཤུགས་དྲག་པོ་ཡང་ཡང་བསྐྱེད། །ཚིག་བདུན་གསོལ་འདེབས་ལ་སོགས་བརྗོད་པ་ཡིས། །ཨོ་རྒྱན་གཙོ་འཁོར་རྟེན་དང་བརྟེན་པར་བཅས། །མངོན་སུམ་བྱོན་ནས་བསྐྱེད་པའི་དམ་ཚིག་དང་། །གཉིས་སུ་མེད་པ་ཆུ་ལ་ཆུ་འདྲེས་ལྟར། །གྱུར་ཅིང་བརྟན་པར་བཞུགས་པའི་སྤྱན་སྔ་རུ། །ཚོགས་བསགས་ཐབས་ཀྱི་རིམ་པ་མཐའ་ཡས་ཀྱང་། །བསྡུ་ན་ཡན་ལག་བདུན་པ་འདིར་འདུས་ཤིང་། །དེ་ལྟར་ཕུལ་བའི་རིམ་པ་དང་པོ་ནི། །ང་རྒྱལ་གཉེན་པོ་གྱུར་པ་ཕྱག་འཚལ་ནི། །རང་གཞན་སེམས་ཅན་ལུས་ནི་གྲངས་མེད་པ། །མགོ་ཡང་གྲངས་མེད་ཁ་ལྕེ་དཔག་མེད་ཀྱིས། །བསྟོད་དབྱངས་གྲངས་མེད་སྤྲུལ་ནས་ཆབས་ཅིག་ཏུ། །རང་གཞན་སེམས་ཅན་ཀུན་གྱིས་ཕྱག་འཚལ་ཞིང་། །ངག་གིས་འུར་དིར་སྐྱབས་འགྲོ་དབྱངས་བཅས་འདོན། །ཡིད་ཀྱིས་བློ་གཏད་ལིང་བསྐྱུར་གསོལ་བ་གདབ། །རང་གཞན་སྒོ་གསུམ་འཇུག་པ་གཅིག་པར་དམིགས། །དངོས་སུ་ཕྱག་གི་གྲངས་ཀྱང་གསོག་པར་བྱ། །འདོད་ཆགས་སེར་སྣའི་གཉེན་པོ་མཆོད་འབུལ་ནི། །མཆོད་རྫས་ཅི་འབྱོར་གཙང་སྦྲ་ཡིད་འོང་བར། །བཤམས་བཀོད་རྒྱ་ཆེན་བྱས་ལ་དངོས་སུ་འབུལ། །ཡིད་སྤྲུལ་མཆོད་པའི་ལྷ་མོ་བརྒྱད་སོགས་ཀྱིས། །མཆོད་རྫས་སྣ་ཚོགས་སོ་སོར་ཐོགས་པ་དང་། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་བརྒྱད་དང་། །ལྷམ་སྟན་བཞོན་པ་མལ་ཆ་བཞུགས་ཁྲི་དང་། །རལ་གྲི་པགས་པ་ཉེ་བའི་རིན་ཆེན་བདུན། །གཞན་ཡང་མཆོད་པའི་རྣམ་པ་སྣ་ཚོགས་པ། །གཞལ་ཡས་ཁང་དང་རིན་ཆེན་དྲྭ་ཕྱེད་དང་། །གླུ་གར་སིལ་སྙན་པི་ཝཾ་བསྟོད་དབྱངས་དང་། །མེ་ཏོག་རྣམ་པ་སྣ་ཚོགས་ཆར་བབ་པ། །རིན་ཆེན་རིགས་དང་སྨན་རིགས་ནགས་ཀྱི་ཚལ། །རྒྱ་མཚོ་དྭངས་པ་ངང་པས་བརྒྱན་པ་དང་། །སྨན་དང་སྤོས་རིགས་དྲི་ཞིམ་ངད་ལྡང་བ། །རོ་བཅུད་ནུས་པ་ལྡན་པ་ཕུན་ཚོགས་དང་། །བྲག་རི་སྤང་ལྗོངས་ཆུ་བསིལ་ཡིད་འོང་དང་། །ནམ་མཁའ་དྭངས་དང་ཉི་ཟླ་གཟའ་སྐར་བཀྲ། །ནམ་མཁའི་ཁམས་ཀུན་གང་བར་དམིགས་ནས་འབུལ། །ཞེ་སྡང་གཉེན་པོ་སྡིག་པ་བཤགས་པ་ནི། །དེ་ཡང་སྡིག་པ་གསོག་པའི་སྒོ་དྲུག་སྟེ། །ཉོན་མོངས་དུག་གསུམ་ལུས་ངག་ཡིད་གསུམ་དང་། །ཡུལ་ནི་ཕ་མ་བླ་མ་མཁན་པོ་སོགས། །ངོ་བོ་མི་དགེ་བཅུ་དང་མཚམས་མེད་ལྔ། །འཁོར་བ་ངན་སོང་སྐྱེ་བའི་འབྲས་བུ་རྣམས། །དུས་ཀྱང་ཐོག་མེད་ནས་བཟུང་དེང་ཕན་ཆོད། །རང་གཞན་དངོས་བརྒྱུད་བར་གསུམ་བསགས་པ་ཀུན། །དུག་ཆེན་ཁོང་དུ་སོང་ལྟར་འགྱོད་བྱེད་པ། །སྐྲག་པའི་རྣམ་པ་ཀུན་ཏུ་སུན་འབྱིན་སྟོབས། །སྡིག་སྒྲིབ་ཐམས་ཅད་ལྕེ་ཐོག་ཕུང་ངེར་འདུས། །བླ་མའི་མཛོད་སྤུའི་ཡེ་ཤེས་མེ་ལྕེས་བསྲེགས། །སྙམ་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། །ཕྱིན་ཆོད་སྡིག་པ་གཏན་ནས་མི་བྱེད་པར། །དམ་བཅའ་བླང་བ་རང་སོར་ཆུད་པའི་སྟོབས། །བླ་མར་བསྟེན་པས་བྱིན་རླབས་ཞུགས་པའི་མཐུས། །སྡིག་པ་དག་སོང་སྙམ་པའི་ངེས་ཤེས་བཅས། །སྡོམ་པའི་སྟོབས་ཏེ་སྟོབས་བཞི་ཚང་བ་ཡིས། །ཡང་ཡང་བཤགས་ཤིང་དག་པ་གལ་དུ་ཆེ། །ཁྱད་པར་སྡིག་པའི་ངོ་བོ་ཇི་ལྟར་འདུག །ཞིབ་པར་དཔྱོད་པས་ངོ་བོ་ཆེར་མ་རྙེད། །མཁའ་ལྟར་རྟོགས་པའི་ངང་དེར་མཉམ་བཞག་པས། །སྡིག་པ་གནས་པའི་ཡུལ་ཡང་རང་སངས་འགྲོའོ། །དེ་ནི་རྨད་བྱུང་བཤགས་པའི་རྒྱལ་པོ་ཡིན། །ཕྲག་དོག་གཉེན་པོ་རྗེས་སུ་ཡི་རང་ནི། །འཇིག་རྟེན་ཕལ་དང་ཉན་ཐོས་རང་སངས་རྒྱས། །བྱང་སེམས་འཕགས་དང་རྫོགས་པའི་སངས་རྒྱས་དང་། །སྲས་དང་སློབ་མར་རྗེས་འཇུག་དང་བཅས་པས། །དུས་གསུམ་བསགས་པའི་དགེ་ཚོགས་ཀུན་ལའང་། །བསམ་པ་རྣམ་དག་རྗེས་སུ་ཡི་རང་གིས། །བློ་རྒྱ་བསྐྱེད་དེ་དགའ་བ་རྒྱ་ཆེར་བསྒོམ། །དེའི་སྟོབས་དགེ་བ་གང་འགྲུབ་ཆུད་མི་ཟ། །གོང་འཕེལ་བསོད་ནམས་ཚད་མེད་མཉམ་དུ་ཐོབ། །གཏི་མུག་གཉེན་པོ་བསྐུལ་མ་གདབ་པ་ནི། །རྒྱལ་བ་སྲས་བཅས་དམ་ཆོས་མ་གསུངས་ན། །བསྟན་འགྲོའི་འཕྲལ་ཡུན་བདེ་སྐྱིད་ཅུང་མི་འབྱུང་། །ཐར་ལམ་སྟོན་མཁན་མེད་པས་མུན་གླིང་འགྱུར། །དེ་ཕྱིར་ཚངས་པས་གསེར་གྱི་འཁོར་ལོ་སོགས། །སྟོན་པར་ཕུལ་ནས་བསྐུལ་མ་གདབ་པ་ལྟར། །བདག་གིས་རིས་མེད་བསྟན་འཛིན་སྐྱེས་ཆེན་རྣམས། །གང་ལ་གང་འདུལ་ཆོས་འཁོར་རྒྱུན་ཆགས་སུ། །བསྐོར་ཕྱིར་དངོས་སུ་འབྱོར་ཚོགས་ཁྱད་འཕགས་བཅས། །ཕུལ་ནས་ཆོས་ཀྱི་རྔ་བརྡུང་དུང་འབུད་ཅིང་། །ཆོས་ཀྱི་དར་ཕྱར་སྒྲོན་མེ་སྤར་དུ་གསོལ། །ཞེས་ཏེ་དངོས་བརྒྱུད་བར་གསུམ་སྨོན་འདུན་བཅས། །སྒོ་གསུམ་རྩེ་གཅིག་གུས་པས་བཏུད་པར་བྱ། །དེས་ནི་ཆོས་སྤང་བྱས་པའི་སྡིག་པ་དག །ཚེ་རབས་ཐབས་ཅད་ཆོས་ཀྱི་བརྒྱུད་འཛིན་འགྱུར། །ལོག་ལྟའི་གཉེན་པོ་བཞུགས་སུ་གསོལ་བ་ནི། །འཇིག་རྟེན་ཁམས་འདིར་སངས་རྒྱས་བྱང་སེམས་དང་། །ཉན་རང་དགྲ་བཅོམ་མཁན་པོ་སློབ་དཔོན་དང་། །མཆེད་གྲོགས་ཆོས་རྒྱལ་ལ་སོགས་བསྟན་འགྲོ་ལ། །དངོས་བརྒྱུད་བར་གསུམ་ཕན་པ་མཛད་པ་ཡི། །སྐྱེས་བུ་དམ་པ་གང་ན་སུ་བཞུགས་ཀུན། །སྙིགས་དུས་ངན་དང་སེམས་ཅན་ལོག་སྒྲུབ་ཀྱིས། །སྐྱོ་ངལ་སོགས་ལ་ཅུང་ཟད་མི་དགོངས་པར། །ཇི་སྲིད་འཁོར་བ་མཐའ་རུ་མ་སྟོངས་བར། །གཟུགས་སྐུ་ནམ་ཡང་མྱ་ངན་མི་འདའ་བར། །བཞུགས་པའི་ཞབས་བརྟན་དངོས་བརྒྱུད་བར་གསུམ་འབུལ། །སྙིང་ནས་གསོལ་བ་རྩེ་གཅིག་གདབ་པར་བྱ། །དེས་ནི་དེད་དཔོན་རྣམས་དང་མི་འབྲལ་ཞིང་། །སྲོག་བཅད་སྡིག་སྦྱང་ཚེ་རིང་ནད་མེད་འགྱུར། །ཐེ་ཚོམ་གཉེན་པོ་དགེ་བ་བསྔོ་བ་ནི། །རང་གཞན་དུས་གསུམ་བསགས་པའི་དགེ་ཚོགས་ཀུན། །གཏན་བདེ་བླ་མེད་སངས་རྒྱས་གོ་འཕང་དུ། །མཁའ་ཁྱབ་སེམས་ཅན་མྱུར་དུ་འགོད་པའི་ཕྱིར། །ཡོངས་སུ་བསྔོ་བའི་འདུན་སྨོན་རྩེ་གཅིག་བྱ། །དེ་ཡིས་དགེ་བ་ཡང་དག་གོང་འཕེལ་ཞིང་། །བྱང་ཆུབ་མ་ཐོབ་བར་དུ་འཛད་མེད་འགྱུར། །དེ་ལྟར་ཡན་ལག་བདུན་པ་ཕུལ་བའི་མཐུས། །དྲི་མ་ཅན་གྱི་རིགས་ནི་ཆུས་བཀྲུས་ཏེ། །ཚོས་མདོག་བསྒྱུར་དང་ཉེ་བར་མཚུངས་པ་སྟེ། །སྡིག་སྒྲིབ་རགས་པ་ཕལ་ཆེར་སྦྱང་བ་དང་། །གཞི་ཡི་གནས་ལུགས་རྟོགས་པ་སླ་བ་སོགས། །དགོས་ཆེད་དུ་མར་ལྡན་ཕྱིར་ལྷག་པར་དུ། །དོན་གཉེར་རྩེ་གཅིག་བསྐྱེད་པ་གལ་དུ་ཆེ། །བསྙེན་སྔགས་བཛྲ་གུ་རུ་ལ་སོགས་པ། །བཟླ་ཚུལ་ལ་ཡང་ལེགས་པར་འཇུག་དགོས་ཏེ། །སྔགས་ཀྱི་སྒྲ་དོན་ནམ་ནི་ངོ་བོ་ནི། །ཨོཾ་ཞེས་སྐུ་ཡི་རྡོ་རྗེ་འགྱུར་བ་མེད། །ཨཱཿནི་གསུང་གི་རྡོ་རྗེ་འགག་པ་མེད། །ཧཱུྃ་ནི་ཐུགས་ཀྱི་རྡོ་རྗེ་འཁྲུལ་བ་མེད། །བཛྲ་འཕོ་འགྱུར་བྲལ་བས་རྡོ་རྗེ་སྟེ། །གུ་རུ་བླ་མ་པདྨ་བདེ་བ་དང་། །སིདྡྷི་དངོས་གྲུབ་སརྦ་ཐམས་ཅད་དང་། །ཧཱུྃ་ནི་སྩོལ་ཞེས་དེ་ཡང་བསྡུ་བྱས་ན། །རྡོ་རྗེའི་བླ་མ་བདེ་བའི་དངོས་གྲུབ་སྩོལ། །ཞེས་པ་ཡིན་གྱི་སྔགས་ཀྱི་སྒྲ་དོན་ཕྱིར། །ལ་ལ་མཚན་ནས་འབོད་ཅིང་ཐུགས་དམ་བསྐུལ། །ལ་ལ་ཡོན་ཏན་བརྗོད་ཅིང་བསྟོད་པར་བྱ། །དེ་ལྟར་བཟླས་པས་ཡེ་ཤེས་པ་བྱོན་ནས། །བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོགས་མེད་དུ། །ངེས་པར་སྟེར་བར་གདོན་མི་ཟ་བར་ཡིན། །དེ་ཕྱིར་ངེས་ཤེས་ལྷག་ཏུ་བསྐྱེད་པར་མཛོད། །བཟླ་ཚུལ་དངོས་ནི་ཆད་ལྷག་མ་སོང་བར། །ངག་གི་སྒྲ་དག་འདོན་ནས་རྣ་བས་ཉན། །རེད་མིན་སེམས་ཀྱིས་དཔྱད་དེ་མ་ཡེངས་བཟླ། །ལྷག་པར་འཕྲོ་འདུ་ཕྲིན་ལས་དམིགས་པ་ནི། །རང་ཉིད་རྣལ་འབྱོར་མ་ཡི་ཐུགས་ཀ་རུ། །ཟླ་དཀྱིལ་སྲན་མ་བཀས་པ་ཙམ་གྱི་སྟེང་། །ཧཱུྃ་དཀར་མཐར་རུ་སྔགས་ཕྲེང་གཡོན་དུ་བཀོད། །གཡས་སུ་འཁོར་ལས་འོད་ཟེར་ཁ་དོག་ལྔ། །རྩེ་མོར་མཆོད་པའི་ལྷ་མོ་དཔག་མེད་ཀྱིས། །མཆོད་རྫས་ནམ་མཁའ་གང་བ་རབ་སྤྲོས་ལ། །ཆོས་དབྱིངས་ཞིང་བཞུགས་སྐུ་གསུམ་རྒྱལ་བ་དང་། །སྲས་དང་སློབ་མ་བཅས་པ་ཐུགས་མཉེས་མཆོད། །འབུལ་བས་ལྷ་རྣམས་ཟག་མེད་བདེ་བས་མྱོས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ནི། །སྐུ་ནི་ཞི་དྲག་གསུང་ནི་ཡིག་འབྲུའི་རིགས། །ཐུགས་ནི་ཕྱག་མཚན་རྣམ་པར་དཔག་མེད་དང་། །འོད་ཟེར་དཀར་གསལ་དམར་མཐིང་སོགས་བཀྲག་ལ། །དྭངས་པ་བཅུད་ལ་སྣུམ་པ་དཔག་མེད་བྱུང་། །རང་གཞན་ཀུན་གྱི་སྤྱི་མགྲིན་སྙིང་ག་ནས། །ནང་དུ་ཞུགས་ཤིང་ཐིམ་པར་གྱུར་པའི་མོད། །སྡུག་བསྔལ་སྡིག་སྒྲིབ་ཆེས་ཆེར་བསལ་བ་ཡི། །ངན་སོང་མ་སྐྱེས་པ་རྣམས་སྐྱེ་སྒོ་ཁེགས། །སྐྱེས་པ་རྣམས་ཀྱི་སྡུག་བསྔལ་ཐག་བསྲིང་སྟེ། །ཅུང་ཟད་ལས་ཀྱི་རྣམ་སྨིན་སྲབ་པ་རྣམས། །སྐད་ཅིག་ཚེ་འཕོས་མི་ལུས་ཆོས་ལྡན་སྐྱེས། །ཆོས་སྒོ་མ་ཞུགས་ཞུགས་པར་བློ་རྒྱུད་བསྐུལ། །ཞུགས་རྣམས་བར་ཆད་ཞི་ཞིང་ལེགས་ལམ་བགྲོད། །བགྲོད་རྣམས་ཆོས་མཐར་ཕྱིན་ནས་མངོན་འཚང་རྒྱས། །ལུས་ནི་མ་སྨིན་སྨིན་ནས་གཟི་བརྗིད་ཆགས། །ངག་ནི་མ་སྨིན་སྨིན་ནས་ནུས་མཐུ་འབྱུང་། །ཡིད་ནི་མ་སྨིན་སྨིན་ནས་ཉམས་རྟོགས་འཕེལ། །ཡོན་ཏན་མ་རྫོགས་པ་རྣམས་རྫོགས་པ་དང་། །ཤེས་བྱའི་གནས་ལ་ཆགས་ཐོགས་མེད་པར་འགྱུར། །ཕྲིན་ལས་མ་རྒྱས་པ་རྣམས་རྒྱས་པ་ཡིས། །ལས་བཞིའི་ཕྲིན་ལས་ཐམས་ཅད་ལྷུན་གྲུབ་འགྱུར། །ཉན་རང་འགོག་པ་ལས་བསླང་བྱང་སེམས་ནི། །ཤེས་སྒྲིབ་ལས་ཀྱང་གྲོལ་སོང་སྙམ་པའི་ངང་། །རྟགས་བསྙེན་དུས་བསྙེན་གྲངས་བསྙེན་ལ་སོགས་པ། །གང་རུང་ཚད་དང་ལྡན་པ་བཟླ་བར་བྱ། །དེ་ལྟར་དམིགས་བཟླས་བྱས་པའི་ཕན་ཡོན་ནི། །ཚེ་འདིར་བགེགས་དང་བར་ཆད་མྱུར་ཞི་ཞིང་། །ལུས་ལ་ནད་མེད་བདེ་ལྡན་སྤྲུལ་སྐུ་ཐོབ། །ངག་ལ་བདེན་ནུས་སྟོབས་འབྱུང་ལོངས་སྐུ་ཐོབ། །སེམས་ལ་རྟོགས་པའི་རྩལ་རྫོགས་ཆོས་སྐུ་ཐོབ། །ཡི་དམ་ལྷ་ཡི་བྱིན་རླབས་དངོས་གྲུབ་སྟེར། །སྒྲིབ་གཉིས་བྱང་ནས་ཚོགས་གཉིས་རབ་རྫོགས་ཏེ། །ལས་བཞིའི་དཀྱིལ་འཁོར་རབ་འབྱམས་ལ་དབང་ཞིང་། །ཚེ་རབས་ཀུན་ཏུ་བླ་མ་ལྷག་པའི་ལྷས། །རྗེས་སུ་བཟུང་ནས་མཐར་ཐུག་རིགས་བདག་གིས། །ཐུགས་ཀློང་མངོན་པར་བྱང་ཆུབ་དགོས་ཆེད་སོགས། །དུ་མ་ཡོད་པས་དེ་ལྟར་ངེས་ཤེས་བསྐྱེད། །གཞན་དུ་མ་ཡེངས་རྩེ་གཅིག་བཟླ་བ་དང་། །མོས་གདུང་དྲག་པོས་གསོལ་བ་ཡང་ཡང་བཏབ། །བསྙེན་པའི་གྲངས་ཟིན་ཐུན་མཐར་བསྡུ་བའི་སྐབས། །གཞི་དབང་ཐོབ་པ་མི་ཉམས་སྲུང་བ་དང་། །མཐར་ཐུག་འབྲས་དབང་མངོན་དུ་འགྱུར་བའི་ཕྱིར། །ལམ་དབང་བཞི་པ་རྒྱུན་དུ་འདི་ལྟར་ཞུ། །གུ་རུའི་སྨིན་མཚམས་ཨོཾ་ཡིག་དཀར་པོ་ལ། །ཟླ་བའི་འོད་བཞིན་འོད་དཀར་འཕྲོས་པ་དེ། །རང་གི་དཔྲལ་བར་ཡོངས་སུ་ཐིམ་པའི་མོད། །སྐུ་ནི་བུམ་པའི་དབང་ཐོབ་ལུས་ཀྱི་ལས། །གསུམ་དང་རྩ་ཡི་སྒྲིབ་པ་ཐམས་ཅད་དག །ལམ་ནི་བསྐྱེད་རིམ་སྒོམ་པའི་སྣོད་དུ་རུང་། །འབྲས་བུ་སྤྲུལ་སྐུའི་ས་བོན་ཐེབ་པར་བསྒོམ། །དེ་ནས་མགྲིན་པ་ཨཱཿཡིག་དམར་པོ་ལས། །ཉི་མའི་ཟེར་བཞིན་དམར་སེར་འོད་འཕྲོས་པ། །རང་གི་མགྲིན་པར་ཡོངས་སུ་ཐིམ་པའི་མོད། །གསང་བའི་དབང་ཐོབ་ངག་གི་མི་དགེ་བཞི། །རླུང་གི་སྒྲིབ་དག་རྫོགས་རིམ་བསྒོམ་ལ་དབང་། །འབྲས་བུ་ལོངས་སྐུ་ས་བོན་ཐེབ་པར་བསྒོམ། །དེ་ནས་ཐུགས་ཀའི་ཧཱུྃ་ཡིག་སྔོན་པོ་ལས། །སྤོས་དུད་ཇི་བཞིན་འོད་ཟེར་སྔོན་པོ་འཕྲོས། །རང་གི་སྙིང་གར་ཡོངས་སུ་ཐིམ་པའི་མོད། །ཤེས་རབ་ཡེ་ཤེས་དབང་ཐོབ་ཡིད་ཀྱི་ལས། །གསུམ་དང་ཐིག་ལེའི་སྒྲིབ་པ་མ་ལུས་དག །ལམ་ནི་བདེ་སྟོང་བསྒོམ་ལ་དབང་བ་དང་། །འབྲས་བུ་ལོངས་སྐུའི་ས་བོན་ཐེབ་པར་བསྒོམ། །སླར་ཡང་ཐུགས་ཀའི་ཧཱུྃ་ལས་གཉིས་པ་ཞིག །སྐར་མདའ་ཆད་པ་བཞིན་དུ་བྱུང་བ་དེ། །རང་གི་སེམས་དང་དབྱེར་མེད་འདྲེས་པའི་མོད། །ཚིག་དབང་ཐོབ་ཅིང་སྒོ་གསུམ་རྟེན་གཞི་དང་། །བག་ཆགས་ཤེས་བྱའི་སྒྲིབ་པ་ཡོངས་སུ་དག །ལམ་ནི་ཀ་དག་ཁྲེགས་ཆོད་སྒོམ་ལ་དབང་། །འབྲས་བུ་ངོ་བོ་ཉིད་སྐུའི་ས་བོན་ཐེབ། །སྙམ་ནས་ལྷག་པར་རྩེ་གཅིག་གསོལ་བ་བཏབ། །གུ་རུའི་ཐུགས་ནི་བརྩེ་བ་ཆེན་པོའི་ངང་། །ཞལ་འཛུམ་སྤྱན་གཉིས་རྗེས་ཆགས་གཡོ་བ་ཅན། །སླར་ཡང་ཐུགས་ཀའི་ཧཱུྃ་ལས་ཟེར་དམར་པོ། །དྲོད་དང་ལྡན་པ་ཐོན་ནས་རང་ཉིད་ཀྱི། །སྙིང་གར་ཐིམ་པའི་མོད་ལ་ལུས་འོད་ཀྱི། །གོང་བུ་སྲན་མ་ཙམ་དུ་གྱུར་ནས་ཀྱང་། །མེ་སྟག་ཡལ་བཞིན་གུ་རུའི་ཐུགས་ཀར་ཐིམ། །དེའི་ངང་ཅི་གནས་མཉམ་པར་བཞག་པར་བྱ། །དེ་ལྟར་སྒོམ་བཟླས་ཕན་ཡོན་ཚད་མེད་དེ། །བླ་མ་འགྲུབ་པའི་རྟགས་མཚན་འདི་ལྟར་འབྱུང་། །ཞལ་འཇལ་དབང་ཐོབ་ཆོས་གསུང་ལུང་བསྟན་དང་། །འོད་ཟེར་སྤྲོ་བསྡུ་བྱིན་རླབས་འཇུག་པ་སོགས། །དངོས་སུ་དྲན་པ་ཙམ་གྱིས་ཉམས་མྱོང་འབར། །ཕྱི་ཡི་སྣང་བ་བན་བུན་ལང་ལོང་འགྲོ། །ནང་གི་ཤེས་པ་གསལ་རྗེན་འཆར་བ་དང་། །བར་དུ་རྣམ་པར་རྟོག་པའི་རྒྱུན་ཆད་ནས། །བླ་མའི་མཚན་ནས་འབོད་པར་མི་བྲ་ཞིང་། །ཅུང་ཟད་འབྲལ་བར་མི་ནུས་ལྟ་བུ་སོགས། །དངོས་ཉམས་རྨི་ལམ་རྟགས་མཚན་སྣ་ཚོགས་འབྱུང་། །ཐར་ལམ་འཇུག་ཅིང་ས་ལམ་བར་ཆད་ཞི། །དངོས་གཞིའི་ཉམས་མྱོང་རྒྱུད་ལ་འབྱོར་སླ་ཞིང་། །གནས་ལུགས་རྩལ་རྫོགས་བརྟན་པ་ཐོབ་པ་དང་། །མཆོག་ཐུན་དངོས་གྲུབ་མྱུར་དུ་ཐོབ་པ་སོགས། །ཕན་ཡོན་ཚད་མེད་ལྷག་ཏུ་ཤེས་པར་བྱོས། །སླར་ཡང་རྗེས་སུ་ཅིར་སྣང་བླ་མའི་སྐུ། །གྲགས་ཚད་གསུང་དང་དྲན་རྟོག་ཐུགས་རང་བཞིན། །སྣང་སྲིད་ཐམས་ཅད་བླ་མའི་གསང་གསུམ་གྱི། །རྣམ་པར་ཤེས་པ་ཡོངས་སུ་ཤེས་པའི་ངང་། །དག་པའི་སྣང་བ་རྒྱུན་ཆད་མེད་པར་སྒོམས།།  ༈  །།ད་ནི་དེ་དག་ཀུན་དང་འབྲེལ་དགོས་ངེས། །རྗེས་ཀྱི་བྱ་བ་བསྔོ་སྨོན་རིམ་པ་ནི། །དགེ་བའི་ཁ་བསྒྱུར་ཡིན་པས་མེད་ཐབས་མེད། །དགེ་བ་འདི་ཡི་མྱུར་དུ་བདག་སོགས་བརྗོད། །དགེ་བ་གང་འགྲུབ་བསྔོ་སྨོན་རྒྱས་ཐེབ་དགོས། །དེ་ཡང་མཚན་དོན་འགྲེལ་ཙམ་ཞིག་འགོད་པ༑ །སེམས་ཅན་སངས་རྒྱས་གོ་འཕང་ཐོབ་ཕྱིར་དུ། །དགེ་བའི་རྩ་བ་བསྔོ་བར་བྱ་བ་ཡིན། །རང་གཞན་དོན་གཉིས་འགྲུབ་པ་ཡིད་ཀྱིས་སྨོན། །བདེན་པའི་ཚིག་དང་བཅས་ཏེ་ལམ་ལ་སྦྱོར། །དེ་ཕྱིར་བསྔོ་བ་སྨོན་ལམ་ཅེས་པ་ཡིན། །དེ་ལྟར་ཚིག་དོན་ཟུང་དུ་འབྲེལ་བའི་ངང་། །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་སོགས། །བསྔོ་སྨོན་རིམ་པས་ཡང་དག་མཚམས་སྦྱར་ན། །དགེ་བའི་འབྲས་བུ་གོང་ནས་གོང་དུ་འཕེལ། །དགེ་རྩ་གནད་ལ་སྨིན་སོགས་དགོས་གལ་ཆེ། །དེ་ཕྱིར་བསྔོ་སྨོན་འདི་ལ་ནན་ཏན་མཛོད། །བསྔོ་བྱ་བསྔོ་བྱེད་དམིགས་བཅས་དམིགས་མེད་སོགས། །གང་གིས་རྩིས་ནི་ཟིན་པར་མ་གྱུར་ཚེ། །གཏི་མུག་བཏང་སྙོམས་ལུང་མ་བསྟན་ཞེས་བྱ། །དགེ་རྩ་གང་འགྲུབ་ཕན་གནོད་ཅུང་ཟད་མེད། །བར་མ་དོ་རུ་ཆུད་ཟོས་འགྲོ་ཉན་ཡོད། །དེས་ན་ཇི་ལྟར་བསྔོ་བར་བྱ་སྙམ་ན། །རྒྱུ་ནི་རང་གི་བསྐྱེད་རྫོགས་གང་བསྒོམ་པའི། །དགེ་བ་དེ་དག་དམིགས་རྟེན་མཚོན་བྱས་ནས། །རྒྱལ་བ་སྲས་དང་སློབ་མར་བཅས་པ་ཡིས། །དུས་གསུམ་བསགས་པའི་དགེ་ཚོགས་གང་མཆིས་ཀུན། །མཚོན་བྱར་བྱས་ཏེ་གཅིག་ཏུ་བསྡོམས་པའི་ངང་། །ཡུལ་ནི་གང་དུ་བསྔོ་བར་བྱ་སྙམ་ན། །ལྷ་མིའི་བདེ་བ་ཙམ་དང་ཉན་རང་དང་། །བྱང་སེམས་གོ་འཕང་ཐོབ་ཕྱིར་ཙམ་བསྔོས་ན། །དམིགས་བཅས་བསྔོ་བ་དུག་ཅན་ཞེས་པ་སྟེ། །ས་ལམ་ཅུང་ཟད་འགལ་དུ་འགྲོ་བ་ཡིན། །དེས་ན་ཡུལ་མཆོག་མཐར་ཐུག་དུས་གཏན་གྱི། །བདེ་བ་བླ་མེད་དོན་གཉིས་ལྷུན་གྲུབ་པའི། །སྐུ་བཞི་ཡེ་ཤེས་ལྔ་ཡི་ངོ་བོ་སྟེ། །ཁྱབ་བདག་རྒྱལ་བ་རྡོ་རྗེ་འཆང་ཉིད་ཀྱི། །གོ་འཕང་དྲི་མ་མེད་ལ་ཚད་འཛུགས་དགོས། །དེ་ནི་སུ་ཡི་ཆེད་དུ་བསྔོ་སྙམ་ན། །རང་དོན་ཉེ་འབྲེལ་འབྲེལ་ཐོགས་ལ་སོགས་པ༑ །ཕྱོགས་རེ་ཙམ་གྱི་ཕྱིར་དུ་མ་ཡིན་པར། །ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ་ཡོད། །སེམས་ཅན་གར་ཡོད་ཕ་མ་དྲིན་ཆེན་ཡིན། །དེ་ཀུན་བདེ་སྡུག་ལས་འབྲས་ཀྱིས་ཁྱབ་པས། །དེ་དག་སངས་རྒྱས་གོ་འཕང་དམ་པ་རུ། །མྱུར་བ་ཉིད་དུ་ཕྱམ་གཅིག་འགོད་པའི་ཕྱིར། །བསྔོ་སྨོན་ཟབ་མོས་རྒྱས་འདེབས་བྱ་དགོས་ཤིང་། །དེ་ཡང་འཁོར་གསུམ་དམིགས་པ་མེད་པ་ཡི། །ཤེས་རབ་ཟབ་མོས་ཡོངས་སུ་རྩིས་ཟིན་ན། །དམིགས་མེད་བསྔོ་བ་དུག་མེད་ཅེས་པ་སྟེ། །ཁྱད་པར་དུ་མས་འཕགས་པ་ཉིད་ཡིན་ནོ། །ལམ་མཆོག་ཤེས་རབ་སྙིང་རྗེས་མ་ཟིན་པའི། །དགེ་བ་དམན་ཏེ་དཔེར་ན་ཆུ་ཤིང་ནི། །འབྲས་བུ་ལན་གཅིག་སྨིན་ནས་སྐམ་པ་ལྟར། །དེ་ནི་གཏི་མུག་ས་པས་བསྡུས་པའི་ཕྱིར། །དགེ་རྩ་རྐྱེན་གྱིས་འཇོམས་ཤིང་སྐྱེད་མི་འཕེལ། །མངོན་མཐོའི་བདེ་འབྲས་བསྐྱེད་ནས་ཟད་འགྱུར་པས། །བསོད་ནམས་ཆ་མཐུན་དགེ་བ་ཞེས་བྱའོ། །ལམ་མཆོག་ཤེས་རབ་ཟབ་མོས་ཟིན་ནས་བཟུང་། །དགེ་རྩ་རྐྱེན་གྱིས་མི་འཇིགས་གོང་འཕེལ་འགྱུར། །དེས་ནི་བྱང་ཆུབ་བླ་མེད་ཐོབ་བྱེད་པས། །ཐར་པ་ཆ་མཐུན་དགེ་བ་ཞེས་བྱ་སྟེ། །དཔེར་ན་ལྕགས་ལ་གསེར་འགྱུར་རྩིས་ཐེབས་ལྟར། །གནས་སྐབས་མངོན་མཐོ་མཐར་ཐུག་ངེས་ལེགས་ཀྱི། །གོ་འཕང་མྱུར་དུ་ཐོབ་པའི་རྒྱུ་བྱེད་པས། །དགེ་རྩ་བདེན་མེད་སྟོང་པའི་ཤེས་རབ་ཀྱིས། །རྩིས་སུ་ཟིན་ན་ཁྱད་པར་དུ་མས་འཕགས། །དེ་ཕྱིར་དེ་ལྟར་འབྱོང་བ་གལ་དུ་ཆེ། །འོན་ཀྱང་རང་རེ་ལས་ནི་དང་པོ་པས། །འཁོར་གསུམ་བདེན་མེད་མཉམ་པར་བཞག་བྱས་ཀྱང་། །དམིགས་བཅས་དེ་ལས་ནམ་ཡང་མི་འདའ་ཞིང་། །ནམ་ཞིག་སྟོང་ཉིད་ཟབ་མོ་རྟོགས་པའི་ཚེ། །རྣམ་པ་དམིགས་བཅས་ཇི་ལྟར་བསྒོམས་གྱུར་ཀྱང་། །ངོ་བོ་ཤེས་རབ་སྟོང་པས་རང་ཤུགས་ཟིན། །དེ་ལྟར་མ་རྟོགས་བར་དུ་རེ་ཞིག་ལ། །ལྷག་བསམ་ལྡན་པ་ཁོ་ན་རག་ལས་ཤིང་། །དེ་སྟོབས་ཆེ་བས་རེ་ཞིག་གོམས་པར་མཛོད། །དེ་ཡང་གོང་དུ་བཤད་བཞིན་ཚུལ་བསྡུ་ན། །མཁའ་ཁྱབ་སེམས་ཅན་ཕ་མ་ཐམས་ཅད་ནི། །མྱུར་དུ་སངས་རྒྱས་ས་ལ་འགོད་པའི་ཕྱིར། །རྒྱལ་བ་སྲས་བཅས་ཇི་ལྟར་བསྔོས་པ་བཞིན། །བདག་ཀྱང་རྗེས་སུ་སློབ་ནས་དགེ་བ་ཀུན། །ཡོངས་སུ་བསྔོ་བར་བགྱི་འོ་སྙམ་པ་ཡི། །འདུན་པ་རྩེ་གཅིག་ངང་དུ་འདུས་ཡོད་པས། །ཚིག་རྗེས་དོན་དྲན་ངང་ནས་བསྔོ་སྨོན་གྱིས། །བདེན་ཚིག་ཟབ་མོ་ཆད་ལྷག་མ་སོང་བར། །ཤིན་ཏུ་དལ་ཆགས་ཞིབ་ཀྱིས་འདོན་པར་བྱའོ། །གྲུབ་རིགས་སྐྱེས་ནས་མན་ངག་ཟབ་མོ་ཡིས། །ཀུན་བྱེད་སེམས་ཀྱི་རྩ་བ་བཅད་པ་ལས། །གཟུང་འཛིན་དྲྭ་བར་བསྡོམས་པའི་ཐོས་བསམ་དང་། །ཚེ་འདི་འཇིག་རྟེན་ཆོས་བརྒྱད་སྒྲུབ་མཁན་མིན། །ཆོས་དང་གང་ཟག་གཅིག་ཏུ་མ་ངེས་ཀྱང་། །སྔོན་འགྲོ་ཕལ་ཆེར་རྒྱས་བསྡུས་མཚམས་པ་དཀོན། །དཔེ་དང་ལུང་འདྲེན་ཟབ་ཅིང་རྒྱ་ཆེ་བ། །བླུན་རྨོངས་སོ་སྐྱེའི་གོ་བས་མ་ཆུན་ཏེ། །འཆད་ཉན་གང་བགྱིས་ཚིག་ཐོག་ན་བུན་ཡལ། །ཤེས་རློམ་ང་རྒྱལ་ཆེ་བས་ཡུས་ཀྱིས་བརྒྱལ། །གསུང་རབ་ཕལ་ཆེར་རྡུལ་ཁྲོད་གཟིམས་དུ་ཉེ། །ངན་འགྲོར་ཕྱོགས་རྣམས་དབང་ཤེས་ལྡོང་བའི་སྐབས། །ཉམ་ཐག་རི་ཡི་སུལ་ན་གནས་བཅས་ཏེ། །དོན་གནད་ཉམས་ལེན་སྙིང་པོར་དྲིལ་འདོད་མཁས། །སྔོན་བསགས་དགེ་བའི་ལས་ཀྱི་མཐུ་སྟོབས་དང་། །རྒྱལ་བའི་ཐུགས་རྗེས་འགའ་ཡང་འབྱུང་སྲིད་ན། །སྙམ་སྟེ་ལྷག་བསམ་བཟང་པོའི་ཤུགས་དང་བཅས། །བཤད་བདེ་ཉན་བདེ་ཉམས་ལེན་འཇུག་བདེ་ཕྱིར། །གྲུབ་དབང་མཆོག་གི་ཞལ་རྒྱུན་གཙོ་བོར་བཟུང་། །མཁས་གྲུབ་དུ་མའི་གསུང་གིས་ཟུར་བརྒྱན་ཏེ། །གོང་འོག་འཕྲི་བས་རྒྱས་བསྡུས་འཚམས་པ་དང་། །ཤིན་ཏུ་ཁ་གསལ་གནད་ཐོག་བསྣུན་པ་ཡི། །ཐུན་མིན་སྔོན་འགྲོའི་ཁྲིད་ཡིག་ནོར་བུའི་ཕྲེང་། །སྐལ་བཟང་མགུལ་པ་མཛེས་པའི་རྒྱན་དུ་སྤེལ། །དགེ་བ་འདིས་མཚོན་དུས་གསུམ་དགེ་ཚོགས་ཀུན། །གཅིག་ཏུ་བསྡུས་པ་ནམ་མཁའི་ནོར་བུ་ཉིད། །མ་རྒན་ཡིད་ཅན་ཡིད་ཀྱི་མཁར་ཤར་ཏེ། །མི་ཤེས་རྨོངས་པའི་མུན་པ་རིང་དུ་བཅིལ། །ཕྱོགས་རྣམས་ཀུན་ཏུ་རྒྱལ་བསྟན་པད་ཚལ་བཞད། །བསྟན་འཛིན་སྐྱེས་བུའི་མཛད་དགེའི་འདབ་མ་གྲོལ། །དགེ་འདུན་ཚོགས་རྣམས་ཆོས་སྤྱོད་བཅུ་རབ་རྒྱས། །དམ་ཆོས་མི་ནུབ་བསྟན་པ་འཕེལ་རྒྱས་ཤོག །ཅེས་ཐུན་མིན་སྔོན་འགྲོའི་ཁྲིད་ཡིག་ཚིགས་བཅད་ནོར་བུའི་ཕྲེང་བ་ཞེས་བྱ་བ་འདི། ཐེག་པ་མཆོག་གི་རྣལ་འབྱོར་པ་གྲུབ་དབང་ཤཱཀྱ་ཤྲཱི་ཛྙཱ་ནའི་གདུང་རིགས་སུ་གྱུར་པ་འཕགས་མཆོག་རྡོ་རྗེས་གྲུ་རི་གསོལ་སྡེར་བཀྲ་ཤིས་འཁྱིལ་བའི་དབེན་གནས་གཟིམས་སྤྱིལ་འོད་གསལ་རྫོང་དུ་རབ་རྒྱས་ཤིང་ཁྱི་གྲོ་བཞིན་ཟླ་བའིདཀར་ཕྱོགས་གུ་རུ་པདྨ་འབྱུང་གནས་ཀྱི་དུས་ཆེན་བཟང་པོར་བཀོད་པ་དགེའོ།། །། [[Category:Wyckibaat]]
{{TsagliCall}}
<headertabs/>

Latest revision as of 10:58, 3 July 2024

Wylie title thun min sngon 'gro'i bsdus don tshigs bcad nor bu'i phreng ba SPCD-KABUM-01-KA-008.pdf
Location 'phags mchog bka' 'bum
Volume 1, Text 8, Pages 507-644 (Folios 1a1 to 69a5)
Author འཕགས་མཆོག་རྡོ་རྗེ་
Less details More details
Citation 'phags mchog rdo rje. Thun min sngon 'gro'i bsdus don tshigs bcad nor bu'i phreng ba. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. 1: 507-644. Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre Contemplative Guide Books and Instructional Manuals - khrid yig  ·  Preliminary Practices - sngon 'gro
Colophon

།ཅེས་ཐུན་མིན་སྔོན་འགྲོའི་ཁྲིད་ཡིག་ཚིགས་བཅད་ནོར་བུའི་ཕྲེང་བ་ཞེས་བྱ་བ་འདི། ཐེག་པ་མཆོག་གི་རྣལ་འབྱོར་པ་གྲུབ་དབང་ཤཱཀྱ་ཤྲཱི་ཛྙཱ་ནའི་གདུང་རིགས་སུ་གྱུར་པ་འཕགས་མཆོག་རྡོ་རྗེས་གྲུ་རི་གསོལ་སྡེར་བཀྲ་ཤིས་འཁྱིལ་བའི་དབེན་གནས་གཟིམས་སྤྱིལ་འོད་གསལ་རྫོང་དུ་རབ་རྒྱས་ཤིང་ཁྱི་གྲོ་བཞིན་ཟླ་བའིདཀར་ཕྱོགས་གུ་རུ་པདྨ་འབྱུང་གནས་ཀྱི་དུས་ཆེན་བཟང་པོར་བཀོད་པ་དགེའོ།།

/ces thun min sngon 'gro'i khrid yig tshigs bcad nor bu'i phreng ba zhes bya ba 'di/_theg pa mchog gi rnal 'byor pa grub dbang shAkya shrI dz+nyA na'i gdung rigs su gyur pa 'phags mchog rdo rjes gru ri gsol sder bkra shis 'khyil ba'i dben gnas gzims spyil 'od gsal rdzong du rab rgyas shing khyi gro bzhin zla ba'idakar phyogs gu ru pad+ma 'byung gnas kyi dus chen bzang por bkod pa dge'o//

[edit]

༄༅། །ཐུན་མིན་སྔོན་འགྲོའི་བསྡུས་དོན་ཚིགས་བཅད་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།

༄༅། །རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་བླ་མ་དང་། །ཐར་ལམ་སྟོན་པའི་དེད་དཔོན་བླ་མེད་པ། །ཡོངས་འཛིན་དགེ་བའི་བཤེས་གཉེན་མཆོག་རྣམས་ལ། །སྒོ་གསུམ་འཇུག་པ་གཅིག་པས་ཕྱག་བཙལ་ནས། །སེམས་ཅན་ཨ་འཐས་གཟུང་འཛིན་གྱིས་འཁྲུལ་ནས། །དགེ་སྡིག་བླང་དོར་མི་ཤེས་རྨོངས་པ་རྣམས། །ཚོགས་བསགས་སྒྲིབ་སྦྱོང་ཐར་པའི་ལམ་སྟོན་ཕྱིར། །ཐུན་མིན་སྔོན་འགྲོའི་ཚིག་དོན་གསལ་བར་བཀོད། །དེ་ཡང་སྐལ་ལྡན་ཐར་ལམ་མོས་པ་དག །ཆོས་རྣམས་ཀུན་གྱི་སྔོན་འགྲོ་བསགས་སྦྱང་ལ། །ཚིག་ཙམ་གྲངས་གསོག་དམིགས་འདུན་ཙམ་མེད་པ། །ཆོས་བཞིན་མི་ལྡན་དཔོན་ལ་ཁྲལ་འཇལ་ལམ། །གཡོག་ངན་ལ་ལའི་ལས་ཀ་ལྟར་བྱས་པས། །ཚོགས་རྫོགས་སྒྲིབ་བྱང་གནད་ལ་མི་སྨིན་ཏེ། །དོན་གཉེར་བརྩོན་འགྲུས་མེད་པའི་མི་གང་གིས། །འཇིག་རྟེན་བྱ་བ་སྣ་རེའང་མི་འགྲུབ་ན༑ །དམ་ཆོས་ཟབ་མོ་འགྲུབ་པ་ལྟ་ཅི་སྨོས། །དེ་ཕྱིར་དད་པ་དོན་གཉེར་དཀའ་སྤྱད་དང་། །བརྩོན་འགྲུས་ཁྱད་པར་འཕགས་པ་མཆོག་ཏུ་གཅེས། །དེ་ནས་བརྒྱུད་ལྡན་བླ་མའི་ཞལ་རྒྱུན་དང་། །ཕྱག་བཞེས་ཟབ་མོ་ཇི་ལྟར་མ་ནོར་བར། །སྒོ་གསུམ་ཤིན་ཏུ་མ་ཡེངས་རྣལ་བབ་དང་། །དོན་རྣམས་གསོལ་འདེབས་འདོན་བྱ་གང་ཡིན་རྣམས། །ཞིབ་པར་མ་ནོར་ངེས་པར་བློ་ལ་འཛིན། །དེ་ནས་རང་ཉིད་གང་ལ་མོས་པ་ཡི། །སྐྱབས་ཡུལ་ལ་སོགས་མ་འདྲེས་གསལ་བཏབ་ལ། །ཡིད་ཆེས་དད་པ་རྩེ་གཅིག་དང་བཅས་པས། །སྤྱན་སྔར་མཆོད་སོགས་དངོས་སུ་བཤམས་པ་དང་། །ཡིད་སྤྲུལ་ཁྱད་མེད་སྣང་བ་མ་འགྱུར་བར། །དམིགས་འདུན་རྩེ་གཅིག་དྲིལ་ནས་སྒོམ་པ་ལས། །ས་རྡོ་རི་བྲག་བར་སྣང་སྟོང་པ་ལ༑ །འབུལ་ཡུལ་འབུལ་བྱ་འབུལ་བྱེད་ལྟ་བུ་ཡི། །སླ་ཆོས་ཙམ་ལ་ཡིད་བརྟེན་མ་བྱེད་པར། །དཀའ་བ་དང་བླངས་སླ་བ་རྒྱབ་ཏུ་དོར། །སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། །རྗེས་སུ་སྒྱུ་མ་ལྟ་བུའི་བསྔོ་བ་སྟེ། །དམ་པ་གསུམ་གྱི་ལག་ལེན་ཚད་ལྡན་རེ། །ངེས་པར་རྒྱུད་ལ་འབྱོར་བ་མ་གཏོགས་པ། །དད་པ་དོན་གཉེར་ཅི་ཡང་མེད་པའི་ངང་། །མགོ་ཆད་གཞུག་རྡུམ་བསྒོམ་བྲལ་བཟླས་བརྗོད་ཀྱི། །ཚོགས་རྫོགས་སྒྲིབ་པ་བྱང་བ་ལྟ་ཞོག་གི། །ཆོས་ལ་བརྟེན་པའི་ཚོགས་ངན་ཚབས་པོ་ཆེ། །བསགས་པའི་རྒྱུ་རུ་མི་འགྱུར་ངེས་ངེས་མེད། །ལར་ནི་ཚེ་རབས་བསགས་པའི་སྡིག་སྒྲིབ་རྣམས། །དངོས་པོའི་གཟུགས་སུ་མཆིས་ན་རི་བོ་འམ། །རྒྱ་མཚོའི་གཏིང་ངམ་ཐང་གི་མཐའ་རྒྱ་ལྟར། །ཟབ་ཅིང་རྒྱ་ཆེ་ཕ་མཐའ་ཡས་པར་ཡོད། །དེ་དག་མ་བཤགས་བཏང་སྙོམས་སུ་འཇོག་ན། །ཤེས་བཞིན་དུག་ནི་འཐུང་བ་ཇི་ལྟ་བུར། །རང་གི་རང་ཉིད་ངེས་པར་བསླུས་པ་ཡིན། །དེ་ནས་ཐབས་ཤེས་འབྱོར་བ་ཕུན་ཚོགས་དུས། །དད་བརྩོན་དྲག་པོས་ངེས་པར་མ་སྦྱངས་ན། །འཁོར་བའི་འཇིགས་པ་སྡུག་བསྔལ་དཔག་མེད་རྣམས། །སེལ་ཐབས་དམིགས་འདུན་གཏད་ཡུལ་གང་ལ་བྱ། །དམ་ཆོས་གང་འགྲུབ་ཕྱི་མའི་གཏན་དོན་དུ། །བསམ་བློ་འཁོར་ངེས་བཏང་སྟེ་སྤང་བླང་རྣམས། །ངེས་ཤེས་བརྟན་པོས་གཞི་བཟུང་གལ་དུ་ཆེ།། ༈ །།དེ་ནས་རང་རྒྱུད་ལས་སུ་རུང་བྱེད་པ། །སྐྱབས་སུ་འགྲོ་བའི་རིམ་པ་འདི་ལྟ་སྟེ། །དཀོན་མཆོག་གསུམ་སོགས་ཞེས་པའི་ཚིག་དོན་ནི། །འཇིག་རྟེན་དག་ན་འབྱུང་བར་དཀའ་བས་དཀོན། །བླ་མེད་དྲི་མེད་མཐུ་ལྡན་རྒྱན་གྱུར་མཆོག །གསུམ་ནི་དོན་གཉིས་མཐར་ཕྱིར་རྫོགས་སངས་རྒྱས། །སྒྲིབ་གཉིས་མུན་སེལ་བདེན་གཉིས་དམ་པའི་ཆོས། །རིམ་གཉིས་མཐར་ཕྱིན་རིག་གྲོལ་དགེ་འདུན་ཏེ། །སྲིད་ཞིའི་འཇིགས་པ་མཐའ་དག་སྐྱབས་པའི་ཕྱིར། །ཡང་དག་ལམ་ལ་འགྲོ་བར་རྩོམ་པས་ན༑ །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཞེས་པ་ཡིན། །དེ་ལྟར་སྐྱབས་སུ་འགྲོ་བ་གལ་གནད་ཆེ། །སྐྱབས་སུ་མ་སོང་སྡོམ་པ་ཙམ་མི་ཐོབ། །སྡོམ་པ་མ་བསྡམས་ལམ་ནི་གཏན་ནས་མེད། །དེ་ཕྱིར་ལམ་རྣམས་ཀུན་གྱི་གཞི་རྟེན་ཏེ། །ཆོས་ལ་འཇུག་སྒོ་མ་ནོར་ཡང་དག་བྱེད། །ལམ་སྣ་ཟིན་ནས་འདི་ཕྱི་ཀུན་ཏུ་སྐྱོབས། །ཕན་བདེ་ཚད་མེད་གཏན་བདེའི་གོ་འཕང་སྟེར། །དེ་ཕྱིར་ཀུན་གྱི་འབྱུང་གནས་ཡིན་པའི་ཕྱིར། །ངེས་ཤེས་ཁྱད་འཕགས་བསྐྱེད་པ་སྔོན་སོང་ནས། །ཉམས་ལེན་སྙིང་པོ་གཅིག་ཏུ་དྲིལ་བའི་སྐབས། །དད་པ་རྣམ་པ་གསུམ་གྱི་གཞི་བཟུང་དགོས། །དེ་ཡང་མཆོག་གསུམ་རྟེན་སོགས་མཇལ་བའི་ཚེ། །དང་བའི་དད་པ་འཕྲལ་དུ་སྐྱེས་པ་ཡིན། །གནས་སྐབས་མཐར་ཐུག་ཡོན་ཏན་ཡོད་པ་རྣམས། །འདོད་པའི་དད་པ་རང་རྒྱུད་འབྱོར་སེམས་ཡིན། །སྐྱབས་སོང་རྣམས་ལ་འདི་ཕྱི་ཚེ་རབས་ཀུན། །ངེས་པར་མི་བསླུ་ཤེས་པ་ཡིད་ཆེས་ཏེ། །དད་པའི་ཨ་ལོང་ཐུགས་རྗེའི་ལྕགས་ཀྱུའི་དཔེས། །དད་པ་རབ་འབྲིང་ཐ་མ་གང་ཡོད་པར། །ཐུགས་རྗེ་བྱིན་རླབས་དངོས་གྲུབ་དེ་ལྟར་འཇུག །དེ་ཡང་རྒྱལ་རྣམས་གཤེགས་བཞུགས་འཕོ་འགྱུར་མེད། །མཁྱེན་པའི་ཡེ་ཤེས་གསལ་འགྲིབ་སྤྲོས་པ་མེད། །བརྩེ་བ་ཆེན་པོ་འགྲོ་དོན་སྐྱོ་ངལ་མེད། །ནུས་པ་ཐོགས་རྡུགས་མེད་པའི་ཕྲིན་ལས་ཀྱིས། །གསང་གསུམ་འཇུག་པ་གང་ལ་གང་འདུལ་སྟོན། །དེ་ཕྱིར་རྒྱལ་བའི་ཡོན་ཏན་ཁྱད་པར་འཕགས། །རང་རེས་སྙིང་ནས་གསོལ་བ་འདེབས་ནུས་ན། །ཆོས་ཉིད་དབྱིངས་ནས་བྱིན་རླབས་དངོས་གྲུབ་ཀུན། །ཐོགས་རྡུགས་མེད་པ་ངམ་ངམ་ཤུགས་ཀྱིས་འབྱུང་། །དེ་ནས་དད་པ་དག་སྣང་མོས་གུས་རིགས། །ཕལ་དང་ཕལ་ལས་ཁྱད་པར་འཕགས་པ་ཡི། །བཟོད་མེད་མོས་གུས་དྲག་པོས་བསྐྱེད་པ་གནད། །དེ་ནས་ཐེག་པ་ཆེ་འབྲིང་ཆུང་གསུམ་གྱི། །སྐྱབས་ཡུལ་སྐྱབས་མཁན་དུས་དང་འབྲས་བུ་སོགས། །རྣམ་དབྱེ་དཔག་མེད་ཡོད་ཀྱང་མདོར་བསྡུས་ན། །སྐྱབས་འགྲོའི་དོན་ཀྱང་སེམས་བསྐྱེད་རྣམ་གསུམ་སྟེ། །ཆུང་ངུས་མངོན་མཐོ་ལྷ་མིའི་བདེ་འབྲས་འདོད། །ངན་སོང་གསུམ་གྱི་འཇིགས་ལས་གྲོལ་ཕྱིར་སྐྱབས། །ཉན་རང་རྣམས་ནི་རིགས་དྲུག་གནས་ལས་འཇིགས། །རང་ཉིད་ཞི་བདེ་ཐོབ་ཕྱིར་སྐྱབས་སུ་འགྲོ། །ཆེན་པོས་རང་དོན་ཞི་བདེའི་འདོད་པ་སྤང་། །གཞན་དོན་སངས་རྒྱས་ཐོབ་ཕྱིར་སྐྱབས་སུ་འགྲོ། །དུས་ནི་ཆུང་ངུས་ཚེ་འདིའི་འདོད་དོན་དང་། །ཕྱི་མ་མཐོ་རིས་གོ་འཕང་མ་ཐོབ་བར། །འབྲིང་གིས་གནས་སྐབས་ཇི་སྲིད་འཚོ་ཡི་བར། །མཐར་ཐུག་དགྲ་བཅོམ་གོ་འཕང་མ་ཐོབ་བར། །ཆེན་པོས་སྙིང་པོ་བྱང་ཆུབ་མཆིས་ཀྱི་བར། །ཆོས་སྐུའི་ཡེ་ཤེས་མངོན་དུ་མ་གྱུར་བར། །ཡུལ་ཡང་ཆུང་ངུས་སངས་རྒྱས་མཆོག་སྤྲུལ་དང་། །ཆོས་ནི་ལུང་དང་རྟོགས་པའི་གསུང་རབ་སྟེ། །དགེ་འདུན་སོ་སྐྱེ་འཕགས་པ་གཉིས་ལའོ། །འབྲིང་པོས་སངས་རྒྱས་མཆོག་སྤྲུལ་ཤཱཀ་ཐུབ་དང་། །ཆོས་ནི་འགོག་བདེན་ཞི་བའི་བདག་ཉིད་དང་། །དགེ་འདུན་བདག་མེད་རྟོགས་པའི་ཉན་རང་ཚོགས། །ཆེན་པོས་སངས་རྒྱས་སྐུ་གསུམ་བདག་ཉིད་དང་། །ཆོས་ནི་དོན་དམ་རྣམ་པར་ངེས་པ་སྟེ། །དགེ་འདུན་འདུས་མ་བྱས་པའི་ཚོགས་ལའོ། །མཐར་ཐུག་དོན་དམ་ཆེན་པོའི་སྐྱབས་འགྲོ་ནི། །གཟུགས་སྐུ་མ་ཡིན་ཆོས་སྐུ་ཉག་གཅིག་དང་། །སྒྲ་ཚིག་ལས་འདས་སོ་སོར་རང་རིག་ཆོས། །ཀུན་རྫོབ་མ་ཡིན་དོན་དམ་དགེ་འདུན་ལའོ། །ཡང་གསང་དེ་ཁོ་ན་ཡི་སྐྱབས་འགྲོ་ནི། །དཀོན་མཆོག་གསུམ་ཀ་རང་སེམས་ལྷུན་གྲུབ་སྟེ། །ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་ཅན། །གཞན་དུ་མི་སྨོན་འབྲས་བུའི་མཐར་ཐུག་ཉིད། །བསྐྱབ་བྱ་སྐྱོབ་བྱེད་སྐྱབས་འབྲས་ཡོངས་སུ་རྫོགས། །སྐྱབས་ཀྱི་སྙིང་པོ་ཡང་ཟབ་ཤེས་པར་བྱོས། །དེ་ལྟར་འབྲས་བུའི་སྐྱབས་འགྲོ་རྟོགས་པའི་ཕྱིར། །གང་ཟག་གསར་བུ་རྣམས་ཀྱིས་གནས་སྐབས་སུ། །སངས་རྒྱས་སྐྱབས་གནས་ཆོས་ལ་ལམ་མཁན་བྱེད། །དགེ་འདུན་ལམ་གྲོགས་ཚུལ་དུ་སྐྱབས་སུ་འགྲོ། །གནས་སྐབས་སྐྱབས་གནས་ཆོས་དང་དགེ་འདུན་ཏེ། །མཐར་ཐུག་སྐྱབས་གནས་ཆོས་སྐུའི་སངས་རྒྱས་སོ། །དེ་ཡི་སྐྱབས་ཚུལ་དཀོན་མཆོག་རྣམ་གསུམ་ལ། །སྐྱབས་འགྲོའི་སྡོམ་དང་བསླབ་བྱར་འཇུག་པར་བྱ། །དེ་བཞིན་ལག་ལེན་འདེབས་ཚུལ་མདོར་བསྡུས་ནི། །སེམས་ཅན་རྟེན་གཞི་མ་དག་སྣང་བ་རྣམས། །གང་ཡང་མ་དམིགས་སྟོང་ཉིད་གཅིག་ཏུ་སྦྱངས། །རང་མདུན་མ་དག་ས་ཁམས་མ་ཡིན་པར། །གསེར་གྱི་ས་གཞི་མེ་ལོང་ངོས་ལྟར་འཇམ། །དྭངས་ཤིང་གསལ་ལ་འོད་ཟེར་དང་ལྡན་པ། །མནན་ན་ནེམ་ལ་བཏེགས་ན་འཕར་བ་དང་། །རྒྱ་ཁྱོན་ཚད་མེད་རབ་ཏུ་ཡངས་པ་དང་། །བཻཌཱུརྻ་ཡིས་མིག་མང་རིས་དང་བཅས། །ཞིང་ཁམས་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས། །བདུད་རྩིའི་རྒྱ་མཚོ་བསིལ་དྲོད་སྙོམས་པ་ལ། །རོ་མངར་བསུང་ལྡན་རེག་བྱ་འཇམ་པ་དང་། །དྲི་མེད་རྙོག་མེད་རབ་ཏུ་དྭངས་པ་དང་། །མགྲིན་པར་འཇུག་བདེ་ལྟོ་ལ་འཇུ་བདེ་བ། །ཆུ་བོ་ཡན་ལག་བརྒྱད་ལྡན་འཁྱིལ་བའི་ནང་། །ཆུ་གནས་ངང་པ་ཁྲུང་ཁྲུང་མཐིང་རིལ་དང་། །ཀ་ལ་པིངྐ་སོགས་ཀྱིས་སྐད་སྙན་སྒྲོགས། །མཛེས་ཤིང་ཡིད་རབ་འཕྲོག་པའི་རྒྱ་མཚོའི་དབུས། །རིན་ཆེན་ལས་གྲུབ་དཔག་བསམ་སྡོང་པོ་ནི། །རྒྱ་ཆེ་དཔངས་མཐོ་ནམ་མཁའི་ཁམས་ཁྱབ་པའི། །དབུས་དང་ཕྱོགས་བཞིར་ཡལ་ག་གྱེས་པ་སྟེ། །ལོ་མ་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས། །དར་དང་རིན་ཆེན་རིགས་ཀྱི་དྲྭ་བ་དང་། །དྲྭ་ཕྱེད་དྲིལ་བུ་གཡེར་ཁས་བརྒྱན་པ་ལས། །ཆོས་ཀྱི་སྒྲ་སྐད་སྙན་པར་ལྷང་ལྷང་སྒྲོགས། །མཛེས་ཤིང་ཡིད་འོང་པད་སྡོང་དབུས་མའི་སྟེང་། །རིན་ཆེན་སྣ་ཚོགས་རྒྱུ་ལས་གྲུབ་པའི་ཁྲི། །རྒྱ་ཆེ་དཔངས་མཐོ་མཛེས་ཤིང་ཡིད་འོང་བ། །ཕྱོགས་བཞི་སེང་གེ་བརྒྱད་ཀྱིས་བཏེགས་པའི་སྟེང་། །སྣ་ཚོགས་པདྨ་འབུམ་བདལ་ཟེའུ་འབྲུ་ལྡན། །ཉི་ཟླའི་དཀྱིལ་འཁོར་དྭངས་གསལ་དྲི་མེད་ཐོག །ངོ་བོ་སངས་རྒྱས་ཀུན་དང་དབྱེར་མེད་པ། །རྣམ་པ་གང་ཟག་གདུལ་བྱའི་སྣང་ངོ་རུ། །མི་ཡི་གཟུགས་སུ་བྱོན་པའི་སྒྱུ་འཕྲུལ་གར། །ཇི་ལྟ་ཇི་སྙེད་མཁྱེན་གཉིས་མཐར་ཕྱིན་ཅན། །འགྲོ་ཀུན་བུ་གཅིག་ལྟར་བརྩེ་རྗེས་སུ་འཛིན། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ནུས་སྟོབས་ཀྱིས། །དངོས་བརྒྱུད་བར་གསུམ་གང་ལ་གང་འདུལ་སྟོན། །འབྲེལ་ཚད་སྨིན་གྲོལ་ལམ་ལ་འགོད་མཛད་པ། །རང་རིག་ཆོས་སྐུར་རྗེན་པར་ངོ་སྤྲོད་པའི། །མཚུངས་མེད་དཔལ་ལྡན་བླ་མ་ཉིད་ཡིན་ལ། །རྣམ་པ་འཛམ་གླིང་ཀུན་དང་གངས་ལྗོངས་ཀྱི། །རྒྱལ་བསྟན་སྲོལ་འབྱེད་འགྲོ་བའི་མགོན་གཅིག་པུ། །གུ་རུ་མཚོ་སྐྱེས་རྡོ་རྗེ་འཆང་ཡིན་པས། །དེ་ཡང་སྐུ་མདོག་དཀར་ལ་དམར་མདངས་ཆགས། །ཞལ་གཅིག་ཅུང་ཟད་ཁྲོ་འཛུམ་ཆགས་པའི་ཉམས། །སྤྱན་གཉིས་ནམ་མཁའི་དབྱིངས་སུ་ཟླུམ་འཁྱིལ་གཟིགས། །ཕྱག་གཡས་སྣང་སྲིད་ཟིལ་གྱིས་གནོན་པའི་ཕྱིར། །གསེར་གྱི་རྡོ་རྗེ་རྩེ་ལྔ་སྡིགས་ཐབས་འཛིན། །ཡོ་ག་ཚེ་ཡི་དངོས་གྲུབ་བརྙེས་པའི་ཕྱིར། །ཕྱག་གཡོན་མཉམ་བཞག་སྟེང་ན་ཀ་པཱ་ལ། །ཚེ་བུམ་དཔག་བསམ་ལྗོན་ཤིང་གིས་བརྒྱན་བསྣམས། །ན་བཟའ་ནང་ནས་རིམ་པར་གསང་གོས་དཀར། །འདུང་མ་དམར་པོ་ཕོད་ཆེན་མཐིང་ག་དང་། །ཆོས་གོས་དམར་པོ་གསེར་གྱི་ཧ་རི་ཅན། །ཟ་འོག་བེར་ཆེན་དམར་སྨུག་དང་བཅས་པ། །བརྩེགས་མར་མནབས་ཤིང་དབུ་ལ་པད་ཞུ་གསོལ། །ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས། །ཡུལ་མཆོག་ཡེ་ཤེས་མཚོ་རྒྱལ་སྐུ་མདོག་དཀར། །གྲི་ཐོད་འཛིན་ཏེ་ཞབས་གཉིས་ཕྱེད་སྐྱིལ་གྱིས། །ཡབ་ལ་འཁྱུད་ཅིང་གཉིས་མེད་སྣང་སྟོང་སྐུ། །གཟི་བྱིན་འབར་ཞིང་བལྟ་བས་ཆོག་མི་ཤེས། །རྩ་བའི་བླ་མ་ཉིད་དང་དབྱེར་མེད་པར། །བཞུགས་པའི་དབུ་སྟེང་སྙིང་ཐིག་བརྒྱུད་ལུགས་ལྟར། །རྩ་བའི་བླ་མ་བཀའ་དྲིན་གསུམ་ལྡན་པ། །གྲུབ་པའི་དབང་ཕྱུག་ཤཱཀྱ་ཤྲཱི་ཉིད། །སྐུ་མདོག་དཀར་གསལ་དབུ་སྐྲ་ཐོར་ཚུགས་ལ། །པུཎྜ་རི་ཀས་བརྒྱན་ཅིང་ཕྱག་གཡོན་པས། །ཐོད་པ་ཚེ་བུམ་བདུད་རྩིའི་གང་བ་དང་། །གཡོན་པས་ཐབས་ཤེས་དབྱེར་མེད་མདའ་གཞུ་འགེངས། །སྒོམ་ཐག་དར་དཔྱངས་ཨང་རག་དམར་པོ་མནབས། །ཞབས་གཉིས་ཕྱེད་སྐྱིལ་ཚུལ་དུ་བཞུགས་པའི་སྟེང་། །ཁམས་སྤྲུལ་བསྟན་པའི་ཉི་མ་རྡོར་སློབ་ཆས། །དབུ་ལ་པད་ཞུ་ཕྱག་གཡོན་ཐོད་པ་དང་། །གཡས་པས་རྡོ་རྗེ་རྩེ་ལྔ་འཕྱར་སྟབས་འཛིན། །དེ་སྟེང་པདྨ་འོད་གསལ་མདོ་སྔགས་གླིང་། །སྔ་འགྱུར་པཎ་གྲུབ་ཆས་ཅན་ཕྱག་གཡས་པས། །མཆོག་སྦྱིན་རྡོ་རྗེ་དང་ནི་ཚེ་བུམ་འཛིན། །གཡོན་པས་མཉམ་བཞག་དྲིལ་བུ་པོད་རལ་འཛིན། །དེ་སྟེང་འཇིགས་མེད་རྒྱལ་བའི་མྱུ་གུ་ནི། །རྡོ་རྗེ་སློབ་དཔོན་ཆས་ཀྱིས་སྤྲས་པ་ལ། །ཕྱག་གཉིས་མཉམ་བཞག་གསེར་གྱི་འཁོར་ལོ་བསྣམས། །དེ་སྟེང་རིག་འཛིན་འཇིགས་མེད་གླིང་པ་ནི། །ན་བཟའ་དཀར་ཆས་དབུ་རལ་གླེགས་བམ་བཅིངས། །ཕྱག་གཡས་མཆོད་སྦྱིན་གཡོན་པས་གདན་ལ་བརྟེན། །པད་སྡོང་པོད་རལ་འཛིན་ཅིང་ཕྱེད་སྐྱིལ་བཞུགས། །དེ་སྟེང་ཀློང་ཆེན་རབ་འབྱམས་པཎ་གྲུབ་ཆས། །ཞབས་གཉིས་སྐྱིལ་ཀྲུང་ཕྱག་གཉིས་ངལ་གསོ་ཡི། །ཕྱག་རྒྱས་པད་སྡོང་པོད་རལ་འཛིན་པའི་སྟེང་། །དབུས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ནི། །དབུ་ལ་དར་ཐོད་ཕྱག་གཉིས་མཉམ་བཞག་ཁར། །གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་པ་བསྣམས། །གཡས་སུ་ལོ་ཆེན་བཻ་རོ་ཙ་ན་ནི། །པཎ་གྲུབ་ཆས་ཅན་ཕྱག་གཡས་སྐྱབས་སྦྱིན་དང་། །གཡོན་པའི་མཉམ་བཞག་སྟེང་ན་པུ་ཏི་བསྣམས། །གཡོན་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ནི། །ལོངས་སྤྱོད་རྫོགས་པའི་རྒྱན་ཆས་ཀྱིས་བརྒྱན་ཅིང་། །ཕྱག་གཡས་མཆོག་སྦྱིན་གཡོན་པས་ཀ་པཱ་ལ༑ །བདུད་རྩིས་གང་བ་དཀུ་ལ་བརྟེན་པར་མཛད། །རྒྱལ་པོའི་སྤྱི་གཙུག་ཨོ་རྒྱན་རིན་པོ་ཆེ། །པདྨ་འོད་འབར་རྒྱན་ཆས་ཇི་བཞིན་དང་། །དེ་སྟེང་དྲི་མེད་བཤེས་གཉེན་པཎ་གྲུབ་ཆས། །ཕྱག་གཉིས་མཉམ་བཞག་བདུད་རྩིའི་ཐོད་པ་བསྣམས། །དེ་སྟེང་ཛྙཱ་ན་སུ་ཏྲ་ཕྱག་གཡས་ཀྱིས། །སྐྱབས་སྦྱིན་གཡོན་པས་མཉམ་བཞག་པུ་ཏི་འཛིན། །དེ་སྟེང་ཤྲཱི་སིདྷ་ཕྱག་གཡས་ཀྱིས། །རྡོ་རྗེ་འཛིན་ཅིང་སྡིགས་མཛུབ་ནམ་མཁར་གཏད། །གཡོན་པས་ཀ་པཱ་ལ་འཛིན་དཀུར་བརྟེན་པ། །དེ་སྟེང་འཇམ་དཔལ་བཤེས་གཉེན་ཕྱག་གཡས་ཀྱིས། །ཆོས་འཆད་གཡོན་པས་མཉམ་བཞག་པུ་ཏི་འཛིན། །དེ་ཡང་གསུམ་ཀ་ཧེ་རུ་ཀ་ཡི་ཆས། །རུས་རྒྱན་སྟག་ཤམ་ཨང་རག་ལྡན་པའོ། །དེ་སྟེང་དགའ་རབ་རྡོ་རྗེ་ཞབས་སྐྱིལ་ཀྲུང་། །ཕྱག་གཡས་ཆོས་འཆད་གཡོན་པས་མཉམ་བཞག་མཛད། །མཆོག་གི་སྤྲུལ་སྐུའི་ཆ་ལུགས་ཇི་བཞིན་གསལ། །དེ་སྟེང་རྡོར་སེམས་ལོངས་སྤྱོད་རྫོགས་སྐུའི་ཆས། །ཕྱག་གཉིས་རྡོ་རྗེ་དང་ནི་དྲིལ་བུ་འཛིན། །དེ་སྟེང་ཆོས་སྐུ་ཀུན་ཏུ་བཟང་པོ་ནི། །རྒྱན་མེད་ཡབ་རྐྱང་མཉམ་བཞག་སྐྱིལ་ཀྲུང་བཞུགས། །གོང་མ་གོང་མའི་གདན་ལ་འོག་མ་ཡི། །དབུ་གཙུག་མ་རེག་ཙམ་དུ་བརྩེགས་མར་བཞུགས། །མཁྱེན་བརྩེ་ནུས་པའི་བདག་ཉིད་ཆེན་པོ་རྣམས། །ཡེ་ཤེས་ལྔ་ཡི་རང་མདངས་འོད་དང་ཟེར། །དཔག་མེད་འཕྲོ་བཞིན་མངོན་སུམ་བཞུགས་པར་གསལ། །དེ་ཡི་སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་དུ། །དགོངས་བརྡ་སྙན་ཁུང་བརྒྱུད་པ་ལས་བྱོན་པའི། །རྒྱ་བོད་པཎ་གྲུབ་མ་ལུས་ཁྲོམ་ཚོགས་བཞུགས། །དེ་བཞིན་མདུན་གྱི་ཡལ་ག་པད་ཟླའི་སྟེང་། །སྤྲུལ་སྐུ་ཤཱཀ་ཐུབ་བཙོ་མ་གསེར་གྱི་མདོག །མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུས་མཛེས། །ངུར་སྨྲིག་མནབས་ཤིང་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཕྱག་གཡས་ས་གནོན་གཡོན་པས་མཉམ་བཞག་སྟེང་། །བཻཌཱུརྻ་ཡི་ལྷུང་བཟེད་ཞོས་བཀང་བསྣམས། །དེ་ཡི་འཁོར་དུ་བསྐལ་བཟང་སངས་རྒྱས་སྟོང་། །ལ་སོགས་དུས་གསུམ་སངས་རྒྱས་ཀུན་གྱིས་བསྐོར། །ཐམས་ཅད་ཤཱཀ་ཐུབ་ཇི་བཞིན་མཚན་དཔེ་རྫོགས། །གཡས་ཀྱི་ཡལ་གར་རིགས་གསུམ་མགོན་པོས་གཙོས། །ཉེ་སྲས་བརྒྱད་དང་བྱང་ཆུབ་སེམས་དཔའི་ཚོགས། །ལོངས་སྤྱོད་རྫོགས་པའི་རྒྱན་ཆས་བཅུ་གསུམ་སྤྲས། །ཞབས་གཉིས་མཉམ་དང་སེམས་དཔའི་སྐྱིལ་ཀྲུང་བཞུགས། །རྒྱབ་ཀྱི་ཡལ་གར་འོད་ལྔའི་དྲྭ་མིག་ཀློང་། །རྫོགས་ཆེན་རྒྱུད་གཙོས་མདོ་སྔགས་གསུང་རབ་རྣམས། །གླེགས་བམ་བརྩེགས་བཞིན་ཆོས་སྒྲ་ལྷང་ལྷང་སྒྲོགས། །གཡོན་གྱི་ཡལ་གར་ཉན་ཐོས་མཆོག་ཟུང་གཙོས། །དགྲ་བཅོམ་དཔག་མེད་ཞབས་གཉིས་བཞེངས་སྟབས་མཛད། །ཆོས་གོས་གསུམ་གསོལ་ཕྱག་གཡས་མཁར་བསིལ་དང་། །གཡོན་པས་ལྷུང་བཟེད་འཛིན་ཅིང་སྐྱབས་ཡུལ་རྣམས། །བདག་ལ་དགྱེས་འཛུམ་བརྩེ་བས་གཟིགས་བཞིན་བཞུགས། །མཐའ་བསྐོར་བར་གྱི་ཕྱོགས་མཚམས་རྣམས་སུ་ཡང་། །རྒྱུད་སྡེ་བཞི་འམ་དྲུག་གི་ཁོངས་གཏོགས་པ། །ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོ་དང་། །ཆོས་སྲུང་ཕོ་རྒྱུད་རྣམས་ཀྱི་ཞལ་ཕྱིར་གཟིགས། །ཕྱི་ཡི་བར་ཆད་ནང་དུ་མི་གཏོང་ཞིང་། །ཆོས་སྲུང་མོ་རྒྱུད་རྣམས་ཀྱི་ཞལ་ནང་གཟིགས། །ནང་གི་དངོས་གྲུབ་ཕྱི་རུ་མི་གཏོང་བའི། །ཕྲིན་ལས་གཉེན་པོ་སྲུང་བའི་ཚུལ་དུ་བྱེད། །དེ་དག་རྣམས་ཀྱང་སྐུ་མདོག་ཞལ་ཕྱག་དང་། །རྒྱན་ཆས་རྣམ་འགྱུར་རྣམ་པ་སྣ་ཚོགས་པ། །གཅིག་ཏུ་མ་ངེས་དུ་མར་སྟོན་མཛད་དེ། །དཔེར་ན་སྒྱུ་མ་མཁན་པོས་སྒྱུ་མའམ། །ནམ་མཁར་སྤྲིན་ཕུང་འཁྲིགས་པ་ཇི་བཞིན་དུ། །ངོ་བོ་ཆོས་ཀྱི་དབྱིངས་སུ་རོ་གཅིག་ཀྱང་། །རྣམ་པ་ཞི་དྲག་སྐུ་ཡི་རོལ་པ་སྟེ། །གང་ལ་གང་འདུལ་ཕྲིན་ལས་སྣ་ཚོགས་སྟོན། །མཆོག་གསུམ་རྩ་གསུམ་སྐུ་གསུམ་འདུས་པའི་བདག །ཡོན་ཏན་ཕྲིན་ལས་ཐུགས་རྗེ་བྱིན་རླབས་དང་། །ནུས་སྟོབས་མངའ་བདག་ཅན་དུ་ངེས་ཤེས་བསྐྱེད། །དེ་ཡི་མདུན་དུ་རང་གཞན་སེམས་ཅན་ཀུན། །ཚོགས་ནས་ནད་གདོན་རྐྱེན་ངན་འདྲེ་འབྱུང་པོ། །མཚོན་དང་ཟས་དུག་དུག་སྦྲུལ་གཅན་གཟན་དང་། །རྦབ་དང་གཡང་ས་མེ་ཆུ་ཆད་པ་སོགས། །ཚེ་འདིའི་འཇིགས་པ་མཐའ་དག་སྐྱོབ་ཕྱིར་དང་། །འཆི་དུས་བར་དོའི་འཇིགས་སྐྲག་དངངས་པ་དང་། །ངན་སོང་ཚ་གྲང་བཀྲེས་སྐོམ་བཀོལ་སྤྱོད་སོགས། །སྡུག་བསྔལ་རྒྱུ་འབྲས་གནས་དུས་མཐའ་དག་ལས། །སྐྱོབ་ཕྱིར་དེང་ནས་བཟུང་སྟེ་བྱང་ཆུབ་བར། །རྩེ་གཅིག་སྐྱབས་མཆི་སྒོ་གསུམ་ཁྱེད་ལ་འབུལ། །འདི་ཕྱི་ཚེ་རབས་དུས་རྣམས་ཀུན་ཏུ་ཡང་། །སྐྱིད་སྡུག་ལེགས་ཉེས་ཅི་མཛད་ཁྱེད་རང་མཁྱེན། །སྙམ་པའི་བློ་གཏད་ལིང་གིས་བསྐྱུར་བ་ཡིས། །དད་འདུན་མོས་གུས་དྲག་པོས་གཞི་བཟུང་དགོས། །དེ་ཡང་ཕྱག་གི་རྣམ་གྲངས་འགའ་མཆིས་རུང་། །ད་ལན་ཡན་ལག་ལྔ་ལྡན་ཕྱག་ཅེས་ཏེ། །དཔྲལ་བ་ལག་མཐིལ་པུས་མོ་དང་བཅས་པ། །ལུས་ཀུན་སར་ཕབ་རྐང་ལག་བརྐྱང་ཕྱག་འཚལ། །གཡས་གཡོན་ཕ་མ་མདུན་དུ་དགྲ་བགེགས་སོགས། །རིགས་དྲུག་སེམས་ཅན་མ་ལུས་ཀུན་འདུས་ཏེ། །ལོ་ཏོག་སྙེ་མ་རླུང་གིས་བསྐྱོད་པ་ལྟར། །རང་གཞན་འཇུག་འདུན་གཅིག་པས་ཕྱག་འཚལ་དམིགས། །ངག་གིས་གུས་པས་སྐྱབས་འགྲོའི་ཚིག་གང་དག །བུང་བ་ཚང་ནས་ཞིག་ལྟར་འུར་གྱིས་འདོན། །ཡིད་ནི་གུས་པས་སྐྱབས་དང་རེ་གཞན་མེད། །འདི་ཕྱི་ཚེ་རབས་སྐྱིད་སྡུག་ལེགས་ཉེས་རིགས། །ཅི་མཛད་ཁྱེད་མཁྱེན་སྙམ་པའི་བློ་དུང་ངེ་། །ནམ་ཡང་འབྲལ་མེད་བུ་ཤིའི་མ་ལྟར་དུ། །བསམ་རྒྱུ་དཀོན་མཆོག་གསུམ་ལས་མེད་པར་བྱ། །ཕྱག་འཚལ་ངག་འདོན་ཡིད་འདུན་ཆབས་ཅིག་བཅས། །ན་ཚ་གཟེར་ཟུག་ལྟོགས་སྐོམ་འཁྱག་སྡུག་སོགས། །དཀའ་ཚེགས་ཁྱད་བསད་སྡིག་སྒྲིབ་བྱང་ངེས་པའི། །རྟགས་མཚན་དངོས་ཉམས་རྨི་ལམ་གང་རུང་ལ། །མ་བྱུང་བར་དུ་ཕྱག་ལ་བརྩོན་དགོས་ཤིང་། །ཐུན་མཐར་མོས་གུས་ཡང་ཡང་བསྐྱེད་པ་ཡིས། །དར་གྱི་ཡོལ་བ་བསྡུས་པ་ཇི་ལྟ་བར། །སྐྱབས་ཡུལ་རྣམས་ནི་རིམ་བཞིན་གཡས་བསྐོར་དུ། །འོད་ཞུ་དེ་བཞིན་བརྒྱུད་པའི་བླ་མ་རྣམས། །རྩྭ་མགོའི་ཟིལ་པ་གཅིག་ལ་གཅིག་འདྲིལ་བཞིན། །རིམ་པར་འོད་ཀྱི་གོང་བུ་གཅིག་ཏུ་གྱུར། །དེ་ཡང་རྩ་བའི་བླ་མར་ཐིམ་པའི་མཐུས། །འོད་དང་འོད་ཟེར་ལྷག་པར་འབར་བ་ཡིས། །ཉི་མས་མུན་པ་གཅིག་ཆར་གསལ་བ་ལྟར། །རང་གཞན་སེམས་ཅན་ཀུན་ལ་ཕོག་པའི་མོད། །ཚེ་བསོད་དཔལ་འབྱོར་ཤེས་རབ་ལ་སོགས་རྒྱས། །ནད་གདོན་སྡིག་སྒྲིབ་བར་ཆད་ཀུན་ཞི་ཞིང་། །ཐམས་ཅད་འོད་ཀྱི་རྣམ་པ་ལྟ་བུར་གྱུར། །བྱ་ཚོགས་འུར་རྡོས་དཀྲོག་པ་བཞིན་དུ་ཡར། །ཁབ་ལེན་རྡོ་བས་ལྕགས་ཕྱེ་ཇི་ལྟ་བར། །རྩ་བའི་བླ་མའི་ཐུགས་ཀར་འུབས་ཀྱིས་ཐིམ། །བླ་མ་ཆོས་སྐུ་སྤྲོས་བྲལ་ཀློང་དུ་བསྡུ། །ཅི་ཡང་མི་དམིགས་ཅུང་ཟད་མཉམ་པར་བཞག །དགེ་བ་འདི་ཡིས་ལ་སོགས་བསྔོ་སྨོན་དང་། །ཤིས་བརྗོད་ལེགས་པར་བྱས་ཏེ་ཐུན་གྲོལ་ལོ།། ༈ །།དེ་ལྟར་དཀོན་མཆོག་གསུམ་ལ་སྐྱབས་སོང་ནས། །ཕྱིན་ཆད་སྤང་བླང་ཆ་མཐུན་རིམ་པ་ལ། །ཚུལ་བཞིན་སྲུང་སྡོམ་བྱ་བ་གལ་ཆེ་སྟེ། །སངས་རྒྱས་སྐྱབས་སོང་འཇིག་རྟེན་ལྷ་མ་མཆོད། །ཆོས་ལ་སྐྱབས་སོང་སེམས་ཅན་གནོད་མི་བྱ། །དགེ་འདུན་སྐྱབས་སོང་ལྟ་ལོག་གྲོགས་མི་འགྲོགས། །དེ་བཞིན་བསྒྲུབ་བྱའི་རིམ་པ་འདི་ལྟ་སྟེ། །སྐུ་རྟེན་ཆེ་ཕྲ་གསར་རྙིང་ཐམས་ཅད་ལ། །བཟང་ངན་མི་ཕྱེད་སངས་རྒྱས་འདུ་ཤེས་བསྐྱེད། །ཕྱག་བསྐོར་མཆོད་པའི་རྟེན་གྱི་གཙོ་བོ་བྱ། །དེ་བཞིན་གསུང་རབ་གླེགས་བམ་འབྲུ་གཅིག་ཚུན། །ས་རྗེན་སྟེང་དང་དམན་པར་མི་འཇོག་པར། །གཙང་སར་བརྩེགས་ཏེ་ཕྱག་མཆོད་རྟེན་དུ་བྱ། །དེ་བཞིན་དགེ་འདུན་བཞི་སྡེ་ཡན་ཆོད་ལ། །གུས་པ་ཆེན་པོས་ཕྱག་མཆོད་བཀུར་སྟི་དང་། །ལྷན་པ་དམར་སེར་ཚུན་ལ་དགའ་སྣང་བསྐྱེད། །དེ་བཞིན་ཆ་མཐུན་བསྒྲུབ་པའི་བསླབ་བྱ་ལ། །སངས་རྒྱས་བྱང་སེམས་སྐུ་བཞེངས་གསུང་རབ་ཀློག །དགེ་འདུན་ཚོགས་ལ་བཀུར་སྟི་ཞབས་ཏོག་སྒྲུབས། །ལྷག་པར་སྐྱབས་གནས་མ་ལུས་ཀུན་འདུས་པ། །བླ་མར་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག །ཐ་ན་སྐུ་ཡི་གྲིབ་མ་ཙམ་མི་འགོམ། །ཞབས་ཏོག་བསྙེན་བཀུར་ལ་སོགས་ཅི་འགྲུབ་འབད། །ཇི་ལྟར་བཀའ་སྩལ་དམ་ཆོས་འདུ་ཤེས་བཞག །དང་དུ་བླངས་ནས་དེ་བཞིན་ཀུན་བསྒྲུབ་བྱ། །བླ་མའི་ཉེ་འཁོར་རང་གི་མཆེད་གྲོགས་སོགས། །དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག །སྒོ་གསུམ་གུས་འདུད་ཆེན་པོས་བསྟེན་པ་ལས། །མི་མཉེས་སྐད་ཅིག་ཙམ་ཡང་བྱར་མི་རུང་། །སྐྱབས་ཡུལ་གཙོ་བོ་བླ་མ་རང་ལ་ཐུག །ཐུགས་ནི་སངས་རྒྱས་ཀུན་གྱི་ངོ་བོ་སྟེ། །གསུང་ཡང་ལོངས་སྐུ་ཆོས་ཀུན་ངོ་བོ་དང་། །སྐུ་ཡང་སྤྲུལ་སྐུ་དགེ་འདུན་ཀུན་ངོ་བོ། །དེ་བཞིན་ཡོན་ཏན་ནོར་ལྷ་གཏེར་བདག་དང་། །ཕྲིན་ལས་ཆོས་སྐྱོང་སྲུང་མ་དང་བཅས་ཏེ། །དེ་བཞིན་སྐུ་ནི་བླ་མ་གསུང་ཡི་དམ། །ཐུགས་ནི་མཁའ་འགྲོ་རྩ་གསུམ་ཀུན་འདུས་ཤིང་། །སྐུ་ནི་སྤྲུལ་སྐུ་གསུང་ནི་ལོངས་སྤྱོད་རྫོགས། །ཐུགས་ནི་ཆོས་སྐུ་སྐུ་གསུམ་ཀུན་འདུས་ཏེ། །ཀུན་འདུས་ངོ་བོ་ཡིན་པར་ཤེས་བྱས་ནས། །འཕྲལ་ཡུན་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་། །བློ་གཏད་ལིང་བཀལ་རྩེ་གཅིག་གསོལ་འདེབས་དང་། །ཕྱག་བསྐོར་མཆོད་བསྟོད་སོགས་ལ་འབད་པར་བྱ། །གལ་ཏེ་བླ་མའི་ཐུགས་དཀྲུགས་སུན་དབྱུང་ན། །སངས་རྒྱས་ཀུན་དང་ངོ་བོ་གཅིག་པའི་ཕྱིར། །མགོ་བོ་ཆད་ན་གསོ་མི་རུང་བ་བཞིན། །སྐྱབས་ཡུལ་མཐའ་དག་དུས་གཅིག་སྤང་འགྲོ་བས། །ཁ་ཚིག་ཚུལ་འཆོས་ཟོབ་བརྫུ་མ་ཡིན་པར། །དོགས་ཟོན་སྙིང་ནས་བྱ་བ་གལ་དུ་ཆེ། །དེ་ལྟར་སྐྱབས་སོང་བསླབ་བྱ་ཚུལ་ལྡན་པས། །ཕན་ཡོན་ཚད་མེད་མདོར་བསྡུས་ཙམ་བཤད་ན། །ཚེ་འདིའི་ནད་གདོན་བར་ཆད་ཉོན་མོངས་ཞི། །ཚེ་བསོད་ཉམས་རྟོགས་ཡོན་ཏན་གང་བསམ་འགྲུབ། །མ་ཟད་ཕྱི་མ་ངན་འགྲོའི་འཇིགས་ཀུན་སྐྱོབས། །ཕན་བདེ་ཚད་མེད་ལམ་ལ་དུས་ཀུན་སྦྱོར། །མཐར་ཐུག་སངས་རྒྱས་སྐུ་འགྲུབ་ཆོས་འཁོར་བསྐོར། །དགེ་འདུན་རྒྱ་མཚོ་ལྟ་བུ་འདུ་བ་སོགས། །ཕན་ཡོན་དཔེ་དང་ལུང་འདྲེན་མཐའ་ཡས་སོ།། ༈ །།ད་ནི་རང་ཉིད་ནང་པའི་ཁྱུར་ཚུད་ཅིང་། །མིང་དོན་གནས་གྱུར་བྱང་ཆུབ་སེམས་བསྐྱེད་པ། །དེ་ཡི་མཚན་དོན་མདོ་ཙམ་འགོད་པ་ནི། །དོན་གྱི་ཀུན་གཞིར་དྲི་མ་མེད་པས་བྱང་། །བཟང་ངན་གཉིས་མེད་ཡོན་ཏན་མངོན་པར་ཆུབ། །བསྒྲུབ་བྱའི་མཆོག་ཏུ་གྱུར་པ་ཡིན་ན་ཡང་། །དེ་སྔོན་རང་སེམས་འཁྲུལ་བའི་དབང་སོང་ནས། །ད་ལན་ཡོན་ཏན་ཡར་ཟླ་ལྟར་རྒྱས་ཕྱིར། །སྨོན་འཇུག་གཉིས་ཀྱིས་གོང་འཕེལ་སྐྱེད་བསྲིང་བར། །གཞན་ཕན་སེམས་བསྐྱེད་ཟེར་བ་དེ་དོན་ཡིན། །དེ་ཕྱིར་སེམས་བསྐྱེད་ཆོས་ཀྱི་གཞི་རྩ་སྟེ། །མདོ་སྔགས་གང་ལའང་སེམས་བསྐྱེད་མི་ལྡན་ན། །དམུས་ལོང་དམིགས་བུ་མེད་དང་འདྲ་བས་ན། །གཞི་ནས་དགེ་སྡིག་རྣམ་དབྱེ་མི་ཕྱེད་ཅིང་། །ཆོས་དང་གང་ཟག་མཚམས་སྦྱོར་བྱེད་མཁན་དང་། །དགེ་རྩ་འགྱུར་སྐྱེད་རྩལ་རྣམས་སྟོན་མཁན་དང་། །གཞན་དོན་ཆེ་ཆུང་ས་ལམ་མྱུར་ཞན་དང་། །འབྲས་བུ་རབ་འབྲིང་ཐ་མ་ཐོབ་ལུགས་སོགས། །ཀུན་སློང་བཟང་ངན་ཁོ་ནར་རག་ལས་ཏེ། །མདོར་ན་རང་འདོད་ངན་པའི་བསམ་སྦྱོར་གྱིས། །དབང་སོང་ལེ་ལན་ངན་པས་འཁོར་བར་འཁྱམས། །ལས་འབྲས་རྒྱུན་མི་ཆད་པས་མནར་བས་ན། །ད་ལན་དེ་ཡི་གཉེན་པོར་ཆོས་སྒྲུབ་ན། །རང་འདོད་ཡིད་བྱེད་བློ་ངན་དྲུངས་ནས་འབྱིན། །གཞན་ཕན་བསམ་སྦྱོར་བསླད་མེད་གཙོར་འདོན་དགོས། །དེས་ན་ད་ལྟ་དགྲ་གཉེན་བར་མ་རྣམས། །འོ་ཅག་རང་རྒྱུད་རྨོངས་པའི་རང་བཞིན་གྱིས། །བསྒྲིབས་ནས་ཅི་ཆ་མེད་པར་སོང་བ་དང་། །རིགས་གཟུགས་འདྲ་མིན་ངོ་མི་ཤེས་པ་ཙམ། །མ་གཏོགས་རང་རེ་ཚེ་རབས་གྲངས་མེད་ནས། །འབྲེལ་བའི་ཕ་མ་དྲིན་ཆེན་ཤ་སྟག་པར། །ཡིན་པ་ལུང་རིགས་ཚད་མས་མངོན་སུམ་གྲུབ། །དེས་ན་ནམ་མཁས་གར་ཁྱབ་སེམས་ཅན་གྱིས། །ཁྱབ་པས་དེ་དག་ཕ་མ་དྲིན་ཆེན་ཏེ། །སེམས་ཅན་ཕ་མ་དྲིན་ཆེན་གར་ཡོད་ཀུན། །ཚོར་བ་བདེ་སྡུག་བར་མ་བཏང་སྙོམས་དང་། །ལས་ངན་རྒྱུ་འབྲས་གཉིས་ཀྱིས་ཁྱབ་པས་ན། །དེ་དག་ཀུན་ལ་ཕྱོགས་དང་རིས་མེད་པར། །སྙིང་རྗེ་ཕྱམས་གཅིག་སྐྱེས་པར་མ་གྱུར་པར། །དགྲ་གཉེན་བར་མ་མཐོ་དམན་གང་ལ་འང་། །ཆགས་སྡང་མ་སྐྱེས་ཙམ་གྱིས་མི་འོང་སྟེ། །ཕན་མེད་གནོད་མེད་གཏི་མུག་བཏང་སྙོམས་ཞེས། །ལུང་མ་བསྟན་དུ་གོལ་བས་ཅི་ཞིག་འགྲུབ། །དེ་ཕྱིར་མར་ཤེས་དྲིན་དྲན་དྲིན་འཇལ་ཚུལ། །མདོར་བསྡུས་ཙམ་ཞིག་བཤད་ན་འདི་ལྟ་སྟེ། །དང་པོ་འགྲོ་ཀུན་མ་རུ་ཤེས་པ་ལ། །ཚེ་རབས་གྲངས་མེད་སྐྱེས་པ་ཕར་ཞོག་གི། །ད་ལྟའང་སེམས་ཅན་ལ་ལ་ཚུར་སྐྱེ་ཞིང་། །ལ་ལ་ཕར་འཆི་སྐྱེ་འཆི་རེས་མོས་ཀྱིས། །ལུས་ཀྱི་རྣམ་པ་གྲངས་མེད་བརྗེ་བ་དང་། །གནས་ཀྱང་ངེས་མེད་ཚེ་ཡང་ངེས་མེད་དང་། །རིགས་ལ་འདྲ་མིན་རིགས་དྲུག་ཁམས་གསུམ་འཁོར། །དམྱལ་བ་ལྷ་གནས་མ་གཏོགས་ཕལ་ཆེར་ཀུན། །ཕ་མར་མ་བརྟེན་སེམས་ཅན་གཅིག་མེད་དེ། །དུས་བཟང་བསྐལ་པ་ཐོག་མ་མེད་པ་ནས། །འཁྲུལ་པས་གོས་ནས་བཟུང་སྟེ་དེང་ཕན་ཆོད། །སེམས་ཅན་གཅིག་གིས་མ་བུ་བྱས་པའི་གྲངས། །བགྲངས་ཀྱང་ཚད་དང་མུ་མཐར་ཐུག་པ་མེད། །ཚིག་དང་བསམ་པའི་ཡུལ་ལས་འདས་པ་སྟེ། །སེམས་ཅན་གཅིག་གིས་སྐྱེ་འཆིར་མ་གྱུར་པའི། །ས་ནི་ཁབ་རྩེའི་གནས་ཙམ་མེད་པར་གསུངས། །དེ་ཕྱིར་མ་གྱུར་གྲངས་མེད་དེ་ལྟར་ལགས། །གཉིས་པ་དྲིན་ཆེན་ལས་ཀྱང་ཚད་མེད་དེ། །ལས་ངན་ལུས་ངན་སྣ་ཚོགས་བླངས་པའི་དུས། །དགྲ་གཉེན་བར་མ་གསུམ་དུ་མ་གྱུར་མེད། །སྐྱེ་འཆི་ཁ་བརྒྱུད་སྡིག་སྒྲིབ་ཆེ་དབང་གིས། །སྔོན་གནས་རྗེས་སུ་དྲན་པ་ལྟ་ཞོག་གིས། །ད་ལྟ་ཚེ་འདིའི་སྟོད་སྨད་བར་ནས་ཀྱང་། །དྲིན་ཆེན་ལས་རྣམས་བརྗེད་ནས་འགྲོ་བ་ལྟར། །དེ་དག་ཕ་མ་དྲིན་ཆེན་མ་ཤེས་ལས། །དགྲ་གཉེན་བར་མར་བཟུང་ནས་འཁྲུལ་བ་སྟེ། །དོན་དུ་མཐོང་ཆོས་ཕྱོགས་རྒྱུར་གྲུབ་པ་ནི། །ད་ལྟའི་ཕ་མ་རྣམས་དང་སེམས་ཅན་ཀུན། །ངོ་མི་ཤེས་དང་ཅི་ཆ་ཡོད་མེད་ལས། །ཁྱད་པར་ཅུང་ཟད་མེད་པར་ཤ་སྟག་སྟེ། །ཚེ་རབས་དུ་མར་འབྲལ་མི་ཕོད་བཞིན་དུ། །བྲལ་བའི་ཕ་མ་དྲིན་ཆེན་ཤ་སྟག་ནི། །ཡིན་པའི་རྒྱུ་མཚན་ཅུང་ཟད་འགོད་བྱེད་ན། །རང་རེ་རིགས་དྲུག་གང་དུ་སྐྱེ་ན་ཡང་། །དྲིན་ལྡན་ཕ་མས་བསྐྱེད་པ་མ་གཏོགས་པ། །ཐོག་བབ་མེ་ཏོག་སྐྱེས་ལྟར་ག་ལ་ཡིན། །ཁྲ་དང་གཅན་གཟན་མ་རུངས་གཏུམ་པོ་ཡི། །བུ་རུ་སྐྱེས་ནའང་མ་ཉིད་དྲིན་ཆེན་ཡིན། །དེ་ཡང་བར་དོའི་རྣམ་ཤེས་རླུང་ཞོན་ཏེ། །གང་འོང་གར་འགྲོ་སུ་ཡིན་མི་ཤེས་པ༑ །མ་ཡི་མངལ་དུ་འཐུམས་ཤིང་གནས་པ་ཉིད། །ལུས་ཀྱི་རྣམ་པ་ཡོངས་སུ་མ་གྲུབ་བར། །ནད་གདོན་སྡུག་བསྔལ་གྱིས་མནར་ཁུར་ལྕི་བས། །ཟླ་དགུ་ངོ་བཅུ་མ་རྫོགས་བར་དུ་ཡང་། །ཉིན་མཚན་མེད་པ་ཁོང་དུ་བསྐྱང་པ་ཡིས། །ལུས་ཀྱི་རྣམ་པ་མ་ལུས་ཚད་རྫོགས་པ། །ཡོངས་སུ་སྦྱིན་པའི་དྲིན་རང་ཚད་མེད་དོ། །སྲོག་ཀྱང་ཡལ་བར་དོར་ནས་བཙས་པའི་ཚེ། །བྱ་སྒོང་འབྱེད་མ་ཐག་པའི་ཕྲུག་གུ་བཞིན། །གསོན་པོ་ཟེར་ཀྱང་རང་མགོ་མི་ཁྱོག་པ། །ཤི་བ་མ་ཡིན་སྲོག་དང་དབུགས་ཡོད་ཙམ། །ཤིན་ཏུ་ཉམ་ཐག་ཉ་རེ་ཉོ་རེ་དེ། །རུལ་བམ་འཁྱག་ལྟོགས་དབང་གིས་འཆིར་མ་བཅུག །འཛུམ་པའི་མདངས་ཕྱུང་སྙན་པའི་མིང་ནས་བོས། །འཇམ་པའི་གདན་བཏིང་སྣབས་ལུད་ཁ་ཡིས་ཕྱིས། །ཚ་གྲང་དང་ནི་འགྲང་ལྟོགས་ལག་གིས་ཉུལ། །མི་གཙང་གཅིན་རྟུག་ལ་སོགས་བྱབ་ཅིང་དོར། །བྱམས་སྐྱོང་ཚད་མེད་ཉིན་མཚན་བར་མེད་པར། །གནོད་པ་དུ་མའི་སྒོ་ལས་སྐྱོབས་པ་སྟེ། །ལུས་ཀྱི་དྲོད་དང་ལུས་བཅུད་འོ་མས་གསོས། །རང་སྲོག་ལས་ཀྱང་ཤིན་ཏུ་དམར་བར་བྱས། །ཉིན་མོ་དལ་མེད་མཚན་མོ་གཉིད་བཅག་ནས། །ཞག་དང་ཟླ་བ་ལོ་གྲངས་མང་པོའི་བར། །ལུས་སྐྱེད་ཕྲ་མོ་ནས་ཀྱང་རིམ་པར་བསྲིང་། །དེ་ཕྱིར་སྲོག་ཀྱང་སྦྱིན་པའི་དྲིན་ཚད་མེད། །ཕར་ངོ་ཚུར་ངོ་ཕྱོགས་ཙམ་མི་ཤེས་ཤིང་། །རང་ཉིད་སྡུག་ལ་སྦྲེལ་བའི་བྱེད་པོ་ལ༑ །ཡར་མཆོད་མར་སྦྱིན་དགེ་རྩར་བཏང་མ་བྲ། །གསོན་པོའི་ལོངས་སུ་སྤྱོད་པར་མ་བྲ་བའི། །སྡིག་སྡུག་གཏམ་ངན་སྲོག་ལ་མ་བལྟས་པར། །བསྒྲུབས་པའི་ཁང་པ་ས་ཞིང་ཕུའི་འབྲོག་པ། །ཟས་གོས་ནོར་ཕྱུགས་རྒྱན་གོས་གང་ཡོད་པ། །གཅེས་དགུ་དམར་དགུ་ཐམས་ཅད་སྦྱིན་བྱེད་ཅིང་། །ཁ་ཟས་མེད་ལ་ཟས་སྐོམ་དུ་མ་སྟེར། །ལག་ན་ནོར་མེད་ནོར་གྱིས་ཕྱུག་པར་བྱས། །རྒྱབ་ན་གོས་མེད་གོས་ཀྱིས་གཡོགས་པ་སོགས། །རྒྱུ་ནོར་སྦྱིན་པའི་དྲིན་ཀྱང་ཚད་མེད་དོ། །ཕ་མའི་མིང་དང་ཀ་ཁ་ལ་སོགས་པ། །སྐལ་ལྡན་རྣམས་ལ་ཆོས་སྤྱོད་བྱེད་ལུགས་དང་། །སྐལ་དམན་རྣམས་ལ་འཇིག་རྟེན་བསྒྲུབ་ལུགས་དང་། །ཟས་གོས་ལོངས་སྤྱོད་བྱ་ལུགས་ལ་སོགས་པ། །རྨང་ནས་མ་ཤེས་པ་ལ་རིམ་པར་བསླབ། །དལ་འབྱོར་བཅོ་བརྒྱད་ལྡན་པའི་ལུས་རྟེན་བསྐྱེད། །བྱང་ཆུབ་སེམས་དང་སྤྱོད་ལ་འཇུག་ཤེས་པ། །རང་གཞན་དོན་རྣམས་རླབས་ཆེན་འགྲུབ་ནུས་པ། །མ་ཟད་སྲིད་ཞིའི་མཐའ་ལ་མི་གནས་པ། །ཡང་དག་རྫོགས་པའི་སངས་རྒྱས་བདེ་བླག་ཏུ། །སྒྲུབ་པར་ནུས་པའི་རྟེན་བཟང་ཕུན་ཚོགས་འདི། །དཔེར་ན་འཇིག་རྟེན་དག་ན་དཀོན་པའི་མཆོག །དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར་རྙེད་ལས། །འབུམ་འགྱུར་ལྷག་པར་སྟེར་བའི་དྲིན་ཆེན་ཡིན། །གསུམ་པ་དྲིན་ལན་འཇལ་བའི་རིམ་པ་ནི། །ཚེ་རབས་འབྲེལ་བའི་མ་རྒན་དྲིན་ཆེན་གྱི། །ཁེ་དང་རྒྱལ་ཁ་ཐམས་ཅད་བུ་ལ་སྦྱིན། །གྱོང་དང་བུག་ཁ་ཐམས་ཅད་རང་གིས་བླངས། །བདེ་སྐྱིད་འབྱོར་ཚོགས་ཐམས་ཅད་བུ་ལ་སྒྲུབ། །སྡིག་སྡུག་གཏམ་ངན་ཐམས་ཅད་རང་གིས་བྱས། །ན་དོགས་ཤི་དོགས་སྡུག་དོགས་འཁྱག་དོགས་ཀྱི། །རེ་དོགས་ཆེད་དུ་ངག་གིས་ཚིག་བརྗོད་དེ། །ལུས་ཀྱིས་ལས་དང་སེམས་ཀྱིས་བྱ་ར་བྱས། །ཉིན་མཚན་མེད་པར་རྣམ་གཡེང་དབང་དུ་འདས། །རང་ལ་ཡོང་ངེས་འཆི་བ་མ་ཚོར་ཏེ། །དགོས་ངེས་དམ་ཆོས་ཡང་དག་སྒྲུབ་མ་ཁོམ། །སྡིག་པ་སྣ་ཚོགས་ཚབ་ནི་ཅི་ཆེར་བསགས། །དེ་ཡི་ལན་གྱིས་འཁོར་བ་མཐའ་མེད་འཁྱམས། །གནས་སྐབས་མཐར་ཐུག་བདེ་སྐྱིད་འབྱུང་བ་ཡི། །རྒྱུ་འབྲས་གཉིས་ལ་རྒྱབ་ཀྱིས་རིང་དུ་ཕྱོགས། །ལ་ལ་སྡུག་བསྔལ་འབྲས་བུ་དངོས་སུ་སྤྱོད། །ལ་ལ་སྡུག་བསྔལ་རྒྱུ་འགྱུར་ལས་ལ་འབད། །སྡིག་སྡུག་གསོག་འཇོག་དང་ནི་བསུ་སྐྱེལ་བྱེད། །སྡུག་བསྔལ་ཡོ་ལང་འཁྲུགས་པའི་གནས་སུ་ཚུད། །ཆགས་ཞེན་འཁྲུལ་པས་རྒྱུད་ནི་ཡོངས་སུ་བསྡམས། །འཁོར་བ་མུན་པའི་གནས་སུ་གོམ་ཚུགས་འཆོལ། །ངན་སོང་གཡང་སར་ལྷུང་ལ་ཁད་པ་ཡི། །མ་རྒན་ཉམ་ཐག་ཡལ་བར་དོར་བྱས་ནས། །རང་ཉིད་གཅིག་པུར་ཞི་བདེ་དོན་གཉེར་ན། །འཇིག་རྟེན་འདི་ན་ཁྲེལ་ཆེན་དེ་ལས་སུ། །དཔེར་ན་རྩ་བའི་མ་དེ་ཆུས་ཁྱེར་བ། །མཐོང་ཞིང་འདོན་པའི་ཐབས་ཀྱང་ཡོད་བཞིན་དུ། །མི་འདོན་རང་ཉིད་བདེ་བར་གནས་དང་མཚུངས། །དེ་བས་འཇིག་རྟེན་ཁམས་འདིར་ངོ་ཚ་དང་། །ཁྲེལ་མེད་ཐབས་རྡུགས་བླུན་ཆེན་ཡིན་མིན་སོགས། །ཞིབ་ཀྱིས་ཡང་དང་ཡང་དུ་དཔྱད་བྱ་སྟེ། །ཞེ་འདོད་ལག་ལེན་ཕྱིན་ཅི་ལོག་གྱུར་པ། །བཤེས་མེད་ལོང་བ་ཐང་སྟོང་འཁྱམས་པ་ལྟར། །ཉམ་ཐག་མ་རྒན་འགྲོ་དྲུག་སེམས་ཅན་ཡིན། །རང་རེས་ད་ལན་མཚན་ལྡན་བླ་མ་མཇལ། །ཆོས་ཀྱང་ཐེག་པ་ཆེ་སོགས་ཉམས་ལེན་བྱེད། །ཁེ་ཉེས་ཐམས་ཅད་ལེགས་པར་ཤེས་པའི་དུས། །དྲིན་ལན་དུ་ནི་དྲིན་དྲན་ཤེས་པའི་ངང་། །ཕན་ལན་ཕན་པ་ཆོས་ཀྱིས་འཇལ་དགོས་ཤག །དེས་ན་ད་ལྟའི་གནས་སྐབས་ཚེ་འདི་ཡི། །ལོངས་སྤྱོད་བདེ་སྟེར་བྱམས་སྐྱོང་ལ་སོགས་པ། །བརྩེ་བས་ཇི་ལྟར་བསྐྱང་ཁུལ་བྱས་གྱུར་ཀྱང་། །གནས་སྐབས་བྱ་བ་ཕྱོགས་རེ་ལན་རེ་ཡིས། །དྲིན་ལན་ཆ་ཙམ་གཞལ་བ་མ་གཏོགས་པར། །ཚེ་རབས་ཐོག་མ་མེད་ནས་མ་བྱས་པའི། །དྲིན་ལན་ཆེན་པོ་སོབ་པ་མི་ཡོང་སྟེ། །དཔེར་ན་རྒྱ་མཚོ་སྐྲ་རྩེས་གཞལ་དང་མཚུངས། །དེས་ན་གཏན་དུ་ཕན་ངེས་ཐབས་མཆོག་ནི། །སྡུག་བསྔལ་རྒྱུ་འབྲས་གཉིས་དང་ཡོངས་བྲལ་ཞིང་། །བདེ་རྒྱུར་ལོངས་སྤྱོད་བྱེད་པ་ཞིག་བྱུང་ན། །དེས་ན་གནས་སྐབས་མཐར་ཐུག་འཕྲལ་ཡུན་ཀུན། །ཕན་བདེའི་གནས་ལ་ལེགས་པར་སྦྱོར་བས་ན། །དྲིན་ལན་ཡང་དག་སོབ་པར་འགྱུར་བ་སྟེ། །འབད་པ་དོན་ལྡན་བྱ་བ་རླབས་ཆེན་ཡིན། །ཕན་པ་མཆོག་གྱུར་དྲིན་ལན་ལོན་པ་ཡིན། །དེ་ཕྱིར་དེ་ལྟར་ལྷག་པར་ཤེས་བྱས་ནས། །སྡུག་བསྔལ་རྒྱུ་འབྲས་བྲལ་བའི་གཉེན་པོ་འམ། །བཟློག་པའི་ཐབས་ཟབ་བླ་ན་མེད་པ་ནི། །རང་གཞན་དམ་ཆོས་སྒྲུབ་པ་གལ་ཆེ་ཞིང་། །སྤྱིར་ན་མི་ལུས་རྟེན་བཟང་ཐོབ་པ་དང་། །ནང་པ་སངས་རྒྱས་ཞེས་པའི་མིང་དོན་དང་། །བྱེ་བྲག་སེར་གཟུགས་འཆང་བའི་དོན་སྒོ་དང་། །ཁྱད་པར་དུས་གསུམ་རྒྱལ་བའི་གཞུང་ལམ་དང་། །གཤེགས་ཤུལ་བསྒྲུབ་བྱའི་རིམ་པ་མ་ལུས་རྣམས། །དྲིན་ལྡན་བླ་མས་ལེགས་པར་གདམས་པ་ཀུན། །ཤེས་བཞིན་གལ་ཆུང་ནམ་ཡང་མི་འཇོག་པར། །རང་ཉིད་ཉམས་བླང་གཞན་ལ་ཕན་པའི་བློས། །ད་ལྟའི་ཕ་མ་ཡུལ་མི་ཉེ་རིང་དང་། །གྲོགས་མཆེད་གཙོས་གྱུར་མཐོང་ཐོས་དྲན་རེག་གི། །སེམས་ཅན་ཀུན་ལ་ལུས་ངག་ཡིད་གསུམ་པོས། །དངོས་བརྒྱུད་བར་གསུམ་ཆོས་ལ་བསྐུལ་མ་གདབ། །གཤིན་པོ་རྣམས་ལ་སྙིང་རྗེའི་ཤུགས་བསྐྱེད་དེ། །དགེ་བའི་རམ་མདའ་སྦྲན་ནས་བསྔོ་སྨོན་གྱིས། །ཡང་དག་རྒྱས་འདེབས་བྱེད་པ་གལ་དུ་ཆེ། །དེ་ཡང་མཐོ་རིས་ཚངས་དང་བརྒྱ་བྱིན་སོགས། །གོ་འཕང་ཐོབ་ཀྱང་སླར་ཡང་སྡུག་བསྔལ་རྒྱུར། །མ་འདས་པས་ན་ཕན་པ་ཅི་ཞིག་ཡོད། །ཞི་བ་ཉན་རང་གོ་འཕང་ཐོབ་གྱུར་ཀྱང་། །སངས་རྒྱས་ཡོན་ཏན་བྱང་སེམས་སར་མི་ལྡན། །དོན་གཉེར་ལམ་དུ་གཉིད་ལོག་དང་མཚུངས་པས། །མཐའ་གཉིས་མི་གནས་དོན་གཉིས་ལྷུན་གྲུབ་པ། །ཡང་དག་སངས་རྒྱས་ས་ལ་འགོད་ཕྱིར་དུ། །མཐོང་ཐོས་དྲན་རེག་ཙམ་གྱིས་དངོས་བརྒྱུད་ནས། །འགྲོ་དོན་དཔག་མེད་བདེ་བླག་གཉེར་ནུས་མཁན། །མཚུངས་མེད་རྫོགས་པའི་སངས་རྒྱས་ཡིན་བཞིན་དུ། །གོ་འཕང་མཆོག་དེ་ལུས་རྟེན་འདི་ཐོག་ནས། །ཐོབ་པར་བྱའོ་སྙམ་པའི་བློ་དུང་ངེ་། །དཔེར་ན་སྐོམ་པ་ཆུ་ལ་གདུང་བ་ལྟར། །འབྲལ་མེད་སྒོ་ནས་ཆོས་ལ་བརྩོན་འགྲུས་སོགས། །རིམ་གྱིས་སྤར་བར་ནུས་པ་ཞིག་དགོས་སོ། །འོན་ཀྱང་བཤད་མ་ཐག་པའི་ཚུལ་ལྟར་ཏེ། །རང་རེས་ཚེ་རབས་ཐོག་མ་མེད་པ་ནས། །རང་གིས་སྡུག་བསྔལ་ཕྲ་མོ་མི་བཟོད་བཞིན། །གཞན་སྲོག་བཅད་ཀྱང་སྡུག་བསྔལ་མེད་ཆགས་དང་། །ཆགས་སྡང་ལས་དང་ཚིག་དང་བསམ་ངན་སོགས། །རང་འདོད་ངན་པ་ཁོ་ནའི་དབང་དུ་སོང་། །གཞན་ཕན་བསམ་པ་ནམ་ཡང་མ་སྐྱེས་པས། །དེ་ཕྱིར་སངས་རྒྱས་ས་ལ་མ་ཉེ་བར། །ཉོན་མོངས་ཞེ་སྡང་ཕྲག་དོག་ང་རྒྱལ་དང་། །འདོད་ཆགས་གཏི་མུག་ལ་སོགས་མི་དགེའི་ལས། །ཁོ་ནའི་དབང་དུ་སོང་དང་སོང་འདི་དག །སེམས་ཅན་ཕ་མར་མ་མཐོང་དྲིན་མ་ཚོར། །བྱམས་དང་སྙིང་རྗེ་བསྒོམ་མ་ཤེས་པའམ། །སྙིང་རྗེ་གོ་ཡུལ་ཤོར་བའི་ལེ་ལན་གྱིས། །འཁོར་བར་འཁྱམས་ཤིང་ལས་ངན་ལུས་ངན་པ། །རྒྱུན་ཆད་མེད་པར་བླངས་ནས་སྡུག་བསྔལ་ཞིང་། །ཤིན་ཏུ་ཉམ་ཐག་མནར་བ་ཡིན་འདུག་པས། །ད་ལན་དེ་ཡི་གཉེན་པོར་ཆོས་སྒྲུབ་པར། །ཡོད་ན་དེས་ཆོག་མེད་ན་ཐབས་ཆག་པ། །ཡང་དག་ཚད་མེད་བཞི་ཡིས་བློ་སྦྱོང་བྱ། །དེ་ཡང་སྙིང་རྗེ་ཚད་མེད་ཞེས་པ་ནི། །ལག་རྡུམ་མ་ཡི་བུ་ནི་ཆུས་ཁྱེར་ལྟར། །སྙིང་རྗེ་ཚད་མེད་པ་ཞིག་སྐྱེ་དགོས་ཏེ། །ཟས་གོས་དབུལ་དང་ནད་གདོན་གྱིས་མནར་བ༑ །ཁྲིམས་ཕོག་མི་དང་བཤས་ལུག་དུད་འགྲོ་སོགས། །སྡུག་བསྔལ་གདུང་བ་བློ་ཡུལ་གསལ་བ་འམ། །མཐོང་ཐོས་རེག་པར་གྱུར་པ་དེ་དག་ཀྱང་། །རང་ཉིད་ཡིན་པའི་འདུ་ཤེས་སེམས་ལ་བཞག །ཅི་དྲག་སྙམ་སྟེ་བསམ་བློ་ཞིབ་ཀྱིས་བསྐོར། །འཇིགས་སྐྲག་ལྷང་ལྷང་མ་སྐྱེས་བར་དུ་སྦྱངས། །དེ་བཞིན་ཕ་མ་ཉེ་རིང་རྣམས་ལ་བསྒོམ། །རིམ་གྱིས་འབྲེལ་ཐོགས་མཐོང་ཐོས་རིགས་རྣམས་དང་། །དགྲ་བོ་གདོན་བགེགས་མི་མཐུན་ཕྱོགས་ལའང་སྒོམས། །མ་ཟད་ཚེ་རབས་འབྲེལ་བའི་ཕ་མ་རྣམས། །ངན་སོང་སྡུག་བསྔལ་མནར་བ་སྙིང་རྗེ་བསྐྱེད། །མི་དང་དུད་འགྲོ་འབུ་སྲིན་ལ་སོགས་པར། །མི་འདོད་ཅུང་ཟད་མཐོང་ཐོས་རེག་གྱུར་ཚེ། །དེ་དག་རང་རྒྱུད་བྱུང་དང་ཁྱད་མེད་པར། །ངེས་ཤེས་བཟོད་མེད་དྲག་པོ་མ་སྐྱེས་པར། །ཡང་ཡང་བསྒོམས་ནས་དེ་དག་སྐྱོབ་ནུས་པའམ། །བླ་མ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །ཆོས་ལ་བརྩོན་འགྲུས་ལྷག་པར་བསྐྱེད་དགོས་ཏེ། །སྙིང་རྗེ་འབྱོང་རྟགས་ཕ་རོལ་སྡུག་བསྔལ་རྣམས། །རང་ལ་བྱུང་བ་ལས་ཀྱང་མི་བཟོད་པའི། །སྙིང་རྗེ་འབྱོང་བ་ངམ་ངམ་ཤུགས་འབྱུང་སྐྱེས། །དགའ་བ་ལ་ནི་རྔ་མོང་རྔེའུ་རྙེད་ལྟར། །སྡུག་བསྔལ་རྒྱུ་འབྲས་གཉིས་ལས་རབ་བྲལ་ཞིང་། །བདེ་བའི་རྒྱུ་འབྲས་གཉིས་དང་ལྡན་གྱུར་ན། །ཅི་མ་རུང་སྙམ་བདེ་སྐྱིད་ལྡན་པ་ལ། །དགའ་བ་ཁྱད་པར་ཅན་སོགས་སྐྱེ་དགོས་ཏེ། །རིགས་རུས་སྟོབས་འབྱོར་མངའ་ཐང་སྙན་གྲགས་ཅན། །ཤེས་རབ་རྣོ་དང་ཡོན་ཏན་ཆེ་བ་དང་། །མཛད་ཕྲིན་རྒྱས་ཤིང་བྱ་བ་ལམ་སློང་རྣམས། །ཡང་ཡང་ཡིད་ཡུལ་གསལ་བཏབ་དགའ་བ་བསྒོམ། །ཕྲག་དོག་བློ་ངན་དྲུངས་ནས་འབྱིན་བྱེད་ཅིང་། །ད་ལྟའི་དགྲ་བོ་འགྲན་སེམས་ཅན་རྣམས་གཙོས། །སེམས་ཅན་ཀུན་ལ་དེ་འདྲའི་འབྱོར་ལྡན་ན། །ཅི་མ་རུང་སྙམ་དགའ་བ་བསྐྱེད་དགོས་ཏེ། །བུ་རྒྱུད་བདེ་ལ་ཕ་མ་དགའ་བ་ལྟར། །རང་རེ་རྒྱལ་བའི་སྲས་ཀྱི་རྗེས་ཞུགས་ནས། །གཞན་འབྱོར་སོགས་ལ་ཕྲག་དོག་སྡང་གྱུར་ན། །དེ་ལས་ངོ་ཚ་ཐབས་རྡུགས་བློ་རྨོངས་པ། །ཅི་ཡོད་སྙམ་ནས་དུས་ཀུན་ངོས་བཟུང་སྟེ། །ཕྲག་དོག་འགྲན་སེམས་བློ་ངན་དྲུངས་འབྱིན་ཏེ། །རྗེས་སུ་ཡི་རང་བློ་རྒྱ་མ་ཡངས་པར། །ཡང་དག་དགའ་བ་བསྒོམ་ཞིང་འབྱོངས་རྟགས་སུ། །གཞན་འབྱོར་ཇི་ཙམ་མཐོང་ཐོས་རེག་གྱུར་ཀྱང་། །ཕྲག་དོག་བློ་ངན་ཅུང་ཟད་མི་སྐྱེ་བར། །རང་འབྱོར་ལས་ལྷག་དགའ་བའི་རང་བཞིན་སྐྱེས། །བྱམས་པ་བྱ་མས་བྱིའུ་གསོ་བ་ལྟར། །བྱམས་སྐྱོང་ཁོ་ན་ཕན་ཐོགས་བྱ་དགོས་ཏེ། །རང་བདེ་འདོད་པ་སེམས་ཅན་ཀུན་མཉམ་ཀྱང་། །ཐབས་ལ་མི་མཁས་ལས་ངན་ལུས་ངན་བླངས། །སྡུག་གིས་མནར་ལ་སྙིང་རྗེ་ལྷག་པར་བསྐྱེད། །ལུས་ངག་ཡིད་གསུམ་རྒྱུ་ནོར་ལོངས་སྤྱོད་དང་། །ཐབས་དང་རྣམ་པ་ཅི་དྲག་གང་དྲག་གིས། །འཕྲལ་ཡུན་ཕན་བདེའི་གནས་ལ་འགོད་ཕྱིར་དུ། །དངོས་བརྒྱུད་བར་གསུམ་ཕན་འདོགས་གང་ལེགས་རྩོམ། །སྐྱེ་འགྲོ་ཆེ་ཕྲ་ཀུན་གྱི་ལུས་སྲོག་དང་། །སེམས་ལ་གནོད་འཚེ་ཅུང་ཟད་མི་བྱ་བར། །བཟོད་པའི་གོ་ཆ་ཡོངས་སུ་གྱོན་བྱས་ཏེ། །གང་ལ་གང་འདུལ་བྱམས་སྐྱོང་ཁོ་ན་ཡིས། །ཤིན་ཏུ་དགེ་བསྐུལ་གནད་ལ་མཁས་པར་བྱ། །དེ་ཡང་བཟང་ལན་རེ་ཞིང་འགྲན་སེམས་དང་། །འཇིག་རྟེན་ཆོས་བརྒྱད་དུག་དང་མ་འདྲེས་པར། །ཕ་མ་རྒན་འཁོགས་ཐག་རིང་མགྲོན་པོ་དང་། །ཡུན་རིང་ནད་པ་སྒོ་ཁྱི་སྒོ་ཟོག་དང་། །ཐ་ན་ཤིག་དང་འབུ་སྲིན་ཕྲ་མོའི་ཚུན། །རང་གི་ལུས་སེམས་འདི་ཐོག་དཔེ་བླངས་ནས། །བྱམས་སྐྱོང་ཅི་དྲག་ཐབས་ལ་འབད་དགོས་ཤིང་། །འབྱོངས་རྟགས་ཀུན་ལ་མ་ཡིས་བུ་གཅིག་ལྟར། །བརྩེ་གདུང་རང་བཞིན་ངམ་ངམ་ཤུགས་འབྱུང་ཡོང་། །བཏང་སྙོམས་དྲང་སྲོང་མགྲོན་འགྱེད་ལྟ་བུ་ཞེས། །བྱམས་དང་སྙིང་རྗེ་དགའ་བ་ལ་སོགས་པ། །དགྲ་གཉེན་ཆགས་སྡང་ཕྱོགས་སུ་མི་ལྷུང་བར། །དཔེར་ན་རྩིང་ཧྲུབ་བཏུལ་ནས་ཚགས་བཙགས་ལྟར། །ཀུན་ལ་ཡོངས་སུ་སྙོམས་པའི་བསམ་སྦྱོར་གྱིས། །ད་ལྟའི་ལུས་རྟེན་འདི་ཡི་བར་སྐབས་སུ། །དགྲ་དང་གཉེན་དུ་གྱུར་རྣམས་བདག་བཟུང་སྟེ། །ཕལ་ཆེར་ལུང་མ་བསྟན་དུ་ལྷག་པ་ཡང་། །དོན་དུ་ཚེ་རབས་འབྲེལ་བའི་ཕ་མ་སྟེ། །དེ་དག་ཆགས་སྡང་ཕྱོགས་རིས་ཅི་ཞིག་བྱ། །ཐ་ན་ངོ་ཚ་དགེ་བ་ལམ་མི་སློང་། །ཕྱི་མ་རྣམ་སྨིན་ཁུར་པོ་ལྕི་བས་ན། །བྱམས་དང་སྙིང་རྗེ་དགའ་བ་ལ་སོགས་པ། །ཕྱོགས་རིས་ཆེ་ཕྲའི་དབང་དུ་མ་སོང་བར། །ནམ་མཁའ་བཞིན་དུ་ཀུན་ལ་ཡོངས་སྙོམས་པའི། །བློ་རྒྱ་ཡང་ཡང་བསྐྱེད་ཅིང་བསམ་སྦྱོར་གང་། །ཀུན་སློང་བཟང་པོ་ཚད་ལྡན་འབྱོང་དགོས་སོ། །ལར་ནི་ཚད་མེད་བཞི་ཡི་བློ་སྦྱོང་དང་། །སྨོན་འཇུག་སེམས་བསྐྱེད་བསླབ་བྱ་ཚུལ་ལྡན་རུང་། །བཟང་ངན་ཆེ་ཕྲའི་རྐྱེན་དང་འཕྲད་པའི་དུས། །གཉེན་པོ་བཟོད་བསྲན་ཅུང་ཟད་ཙམ་མེད་པར། །རང་གི་རྣམ་རྟོག་ལའང་དགྲ་རུ་མཐོང་། །མེ་སྟག་ཡལ་བའི་སྟེང་དུ་གྲི་འདོན་ཅིང་། །བན་རྒན་ཕྲེང་བའི་ལྕག་ཚན་བྱེད་པའམ། །ཆོས་གོས་ཞབས་ཀྱི་དུག་མདའ་ཟེར་བའི་དཔེ། །ཆོས་པས་མི་བྱེད་ངེས་པ་ཅང་མེད་པས། །སྲུང་སྡོམ་ལྡན་ཞིང་ཡོན་ཏན་སྣ་རེས་ཀྱང་། །རང་རྒྱུད་རྟག་ཏུ་ང་རྒྱལ་གྱིས་ཁེངས་ཞིང་། །གཞན་གྱིས་ཚིག་དང་ལྟ་ལུགས་མཐོ་དམན་ལའང་། །ང་ལ་བརྙས་བྱུང་སྙམ་ནས་ཅི་གནོད་བྱེད། །སོ་ཐར་སྡོམ་པ་བྱང་སེམས་བསླབ་པ་དང་། །གསང་སྔགས་དག་སྣང་དྲན་ཙམ་མི་ནུས་པར། །བཟང་རྒྱུའི་འོག་ནས་ཆོས་པ་ཕུང་བ་མང་། །མ་ཟད་ཡོན་བདག་སློབ་མས་བཏེག་པའི་ཚེ། །རང་རྒྱུད་ཉམས་ཕབ་བརྟག་དཔྱད་མི་བྱ་བར། །ང་ནི་འདི་དང་འདི་ལྟར་ཡིན་སྙམ་ནས། །ང་རྒྱལ་རྒྱུད་སྦོས་སྣང་བ་འུར་ལངས་ཏེ། །ངས་ནི་གང་བྱས་གང་ལབ་ཆོག་སྙམ་ནས། །མིག་འཕང་མཐོ་ཞིང་ཤེས་པ་རྩུབ་ཧྲག་གེར། །གྱུར་པའི་ཆོས་པ་བདུད་ཀྱིས་བསླུས་པ་ཡིན། །ཐོས་བསམ་བྱས་བཞིན་ང་རྒྱལ་ཇེ་ཆེར་སོང་། །བཟོད་བསྲན་ཅུང་ཟད་མེད་པ་ཤ་འུ་འདྲ། །ཀོ་ལོང་གཙང་བཙན་ལས་ཀྱང་དམ་པ་དེ། །ཐོས་བསམ་སྒོམ་གསུམ་གང་ལྟར་བྱས་གྱུར་ཀྱང་། །རང་གི་ཤེས་རྒྱུད་ལོག་པར་སོང་རྟགས་ཡིན། །དེ་ཕྱིར་བཟོད་པའི་གོ་ཆ་ལེགས་བགོས་ནས། །གཞན་གྱིས་ཇི་ལྟར་གཤེ་ཡང་སླར་མི་གཤེ། །ཁྲོས་ཀྱང་སླར་ཡང་ཕར་ལ་མི་ཁྲོ་ཞིང་། །བསྡིགས་ཀྱང་སླར་ཡང་ཕར་ལ་མི་བསྡིག་པར། །མཚང་འབྲུ་བྱེད་ཀྱང་ཕར་ལ་མི་འབྲུ་བའི། །དགེ་སྦྱོང་བྱ་བའི་ཆོས་བཞི་ཞེས་པ་འདིར། །དུས་རྣམ་ཀུན་ཏུ་ཐུགས་ཉམས་ལེགས་བསྟར་ཏེ། །ཚིག་ངན་བརྙས་བཅོས་རྡུང་རྡེག་བཀོལ་སྤྱོད་དང་། །རྐུ་དང་འཕྲོག་བཅོམ་མཐོ་དམན་འབྱོར་རྒུད་དང་། །གྱོང་དང་བུབ་ཁ་ཆེ་ཕྲ་བར་མ་དོ། །ཇི་ལྟར་བཀལ་རུང་དེ་དུས་དགའ་སྤྲོ་དང་། །ལྡན་པས་ལྷག་པར་བཟོད་པར་བྱ་དགོས་ཏེ། །སྐྱེ་བོ་མ་རིག་བླུན་རྨོངས་སྒྲིབ་རྣམས་ཀྱིས། །མ་དག་སྣང་བས་འཁྲུལ་གཏམ་ལས་ཅི་ཡོད། །རང་འདོད་ངན་པའི་གཏམ་ལས་མ་མཆིས་སྙམ། །ལྷག་པར་བཟོད་པར་བྱ་བའི་གནས་སུ་རིགས། །ཁྱད་པར་རིང་བའི་མཆེད་ནི་སེམས་ཅན་ཀུན། །ཉེ་བ་བསྟན་པའི་སྒོ་རུ་ཞུགས་ཚད་དང་། །ནང་གི་ཆོས་བརྒྱུད་གྲུབ་མཐའ་གཅིག་པ་རྣམས། །གསང་བ་བླ་མ་དཀྱིལ་འཁོར་གཅིག་གིས་བསྡུས། །དམ་ལྡན་རྡོ་རྗེའི་མཆེད་དང་ལྕམ་དྲལ་དང་། །དེ་དག་ཀུན་ལ་ལྷག་པར་བཟོད་པར་རིགས། །ཚིག་ངན་བརྗོད་ཀྱང་རྡུང་རྡེག་མ་བྱུང་སྙམ། །འཆི་ཉེར་བརྡུང་རུང་ངན་སོང་མི་སྐྱེ་སྙམ། །འདིར་སྣང་སྙན་གྲགས་འབྱོར་ཚོགས་ཀྱིས་དབུལ་ཀྱང་། །དགེ་བ་ཆུད་ཟོས་མེད་ཕྱིར་བཟོད་པར་རིགས། །ཁེངས་དྲེགས་ཅན་གྱིས་རྩོད་དང་བརྙས་གྱུར་ཀྱང་། །ཐ་སྙད་མཁས་ལ་ང་རྒྱལ་ཁེངས་དྲེགས་དང་། །གནས་ལུགས་རྟོགས་ལ་ཞི་དུལ་བག་ཡོད་རེ། །ལོས་འབྱུང་སྙམ་ནས་ལྷག་པར་བཟོད་པར་རིགས། །བཟང་ངན་རྐྱེན་དང་འཕྲད་དུས་རྩོལ་བཅས་དང་། །རྩོལ་མེད་བཟོད་པའི་ཁུར་ཆེན་མ་ཐེག་ན། །ཆོས་པའི་མཚང་རྟགས་གཅལ་དུ་བཀྲམ་ཡོང་བས། །དེ་ལྟར་བསམས་ནས་ལྷག་ཏུ་བཟོད་པར་རིགས། །བཟོད་མེད་བཟེ་རེ་ཅན་གྱི་ཆོས་པ་དེས། །སྔར་བསྒྲུབས་དགེ་བ་ཆུད་ཟོས་འགྲོ་བ་དང་། །ད་ལྟ་གང་སྒྲུབ་ལམ་དུ་མི་འགྲོ་ཞིང་། །ཕྱིས་ནས་དགེ་བ་སྒྲུབ་པའི་སྣོད་མི་རུང་། །ཞེ་སྡང་རྣམ་སྨིན་ཚ་དམྱལ་སྐྱེ་བས་ན། །ཐུགས་ཉམས་ཕབ་ནས་ལྷག་པར་བཟོད་པར་རིགས། །དུག་ལྔའི་ནང་ནས་ཁོང་ཁྲོ་གློ་བུར་འཁྲུགས། །དགེ་བ་གང་འགྲུབ་ཆུད་ཟོས་གཏོང་བས་ན། །ཆོས་པ་རབ་འབྲིང་ཐ་མ་མ་ལུས་ཀུན། །ཞེ་སྡང་དགྲ་ཆེན་འདི་ལ་ལྷག་པར་གཟོབ། །བྱང་ཆུབ་སེམས་མཆོག་མ་སྐྱེས་སྐྱེས་པར་བྱེད། །མི་ཉམས་བསྲུང་ཕྱིར་བཟོད་པའི་གོ་ཆ་གྱོན། །གོང་འཕེལ་འགྱུར་ཕྱིར་ཕར་ཕྱིན་དྲུག་སོགས་སློབས། །ད་ནི་སྨོན་འཇུག་སེམས་བསྐྱེད་དངོས་ལ་ནི། །གཏན་བདེ་རྫོགས་སངས་རྒྱས་ཀྱི་གོ་འཕང་དུ། །མཁའ་ཁྱབ་སེམས་ཅན་མྱུར་བར་འགོད་བྱའོ། །སྙམ་པ་དེ་ནི་སྨོན་པ་སེམས་བསྐྱེད་ཡིན། །དེ་ནས་སྔོན་འགྲོ་དངོས་གཞི་རྗེས་ལ་སོགས། །རྩེ་གཅིག་ཉམས་སུ་བླངས་ནས་མཐར་ཕྱིན་པར། །བྱེད་པ་དེ་ནི་འཇུག་པ་སེམས་བསྐྱེད་ཡིན། །ཆོས་དང་གངཟག་ཡང་དག་མཚམས་སྦྱོར་མཁན། །སྨོན་འཇུག་སེམས་བསྐྱེད་ཁྱད་པར་ཅན་དང་འབྲེལ། །ངག་འདོན་གང་ཡིན་ཚིག་རྗེས་དོན་དྲན་དང་། །འབུམ་ཐེར་ཁ་བསྐང་བཅས་ཏེ་ལེགས་པར་གསོག །དེ་ལྟར་སེམས་བསྐྱེད་ལམ་ལ་ཞུགས་ནས་བཟུང་། །སྐྱེས་པ་མི་ཉམས་གོང་དུ་འཕེལ་བའི་ཐབས། །རྒྱལ་སྲས་སྤྱོད་པའི་ཚུལ་ལ་བརྩོན་དགོས་པས། །སྨོན་འཇུག་གཉིས་ཀྱི་བསླབ་བྱ་འདི་ལྟ་སྟེ། །དང་པོ་སྨོན་པའི་སེམས་ཀྱི་བསླབ་བྱ་ནི། །རང་རེའི་བདེ་སྐྱིད་ཕྲ་མོ་ནས་བཟུང་སྟེ། །རྫོགས་པའི་སངས་རྒྱས་གོ་འཕང་བསྒྲུབ་འདོད་དང་། །སྡུག་བསྔལ་ཕྲ་མོ་ནས་བཟུང་ངན་འགྲོའི་གནས། །སྤང་འདོད་བློ་ནི་སེམས་ཅན་ཀུན་གཅིག་པར། །ཤེས་པས་རང་ཉིད་བསམ་སྦྱོར་གང་བྱེད་རུང་། །བདག་གཞན་བརྗེ་བར་ནུས་པ་བྱ་དགོས་ཏེ། །དཔེར་ན་རྫི་བོ་རྣམས་ལ་ཕྱིང་པའི་གོས། །གཅིག་ལས་མེད་ཀྱང་མཉམ་དུ་གྱོན་བྱེད་ལྟར། །དགེ་བ་གང་བྱས་སེམས་ཅན་ཀུན་དོན་བྱ། །རང་གི་དབུགས་ཀྱང་ནང་དུ་རྔུབ་པའི་དུས། །མཁའ་ཁྱབ་སེམས་ཅན་ལུས་ཀྱི་ན་ཚ་དང་། །སེམས་ཀྱི་སྡུག་བསྔལ་སྡིག་ལྟུང་ཉེས་སྒྲིབ་དང་། །མདོར་ན་རྒྱུ་དང་འབྲས་བུ་ངན་པ་ཀུན། །རླུང་ནག་རྣམ་པར་བྱུང་ནས་རང་ཐིམ་བསམ། །རང་དབུགས་ཕྱི་རུ་ནར་གྱིས་གཏོང་བའི་དུས། །རང་གི་དད་པ་ངེས་འབྱུང་བྱང་ཆུབ་སེམས། །ཚེ་བསོད་ཁ་རྗེ་དབང་ཐང་ལུས་ལོངས་སྤྱོད། །འབྲས་བུ་མངོན་མཐོ་ཉན་རང་བྱང་སེམས་དང་། །ཡང་དག་རྫོགས་པའི་སངས་རྒྱས་ཐོབ་པའི་ཚུན། །བདེ་སྐྱིད་བདེ་བའི་དངོས་པོ་ཐམས་ཅན་ཀུན། །རླུང་དཀར་རྣམ་པ་བྱུང་ནས་གཞན་ཐིམ་བསམ། །དངོས་སུ་བདེ་སྡུག་གཏོང་ལེན་ངེས་པར་བྱ། །དཔེར་ན་ཁ་བའི་ནང་དུ་ལྷམ་ཡ་དེ། །གཞན་ལ་གཡར་བར་བྱེད་པ་ཇི་བཞིན་དུ། །ལྷག་བསམ་ལྡན་པའི་གཞན་ཕན་སྤྱོད་པ་བྱ། །ངན་སོང་སྐྱེ་བའི་སེམས་ཅན་བདེ་ལྡན་ན། །རང་ཉིད་ཚབ་ཏུ་འགྲོ་ནུས་བཟོད་པ་དང་། སྙིང་སྟོབས་ཡང་ཡང་བསྐྱེད་པ་གཞན་གཅེས་ཡིན། །རང་ཉིད་འཁྱག་ལྟོགས་ནད་ཀྱིས་ཤི་གྱུར་ཀྱང་། །བཟོད་པར་བྱེད་ནས་གོས་སོགས་སྦྱིན་པ་ལྟར། །རིགས་སུ་འགྲེ་ནས་རིམ་གྱིས་བསྒྲུབ་པར་བྱ། །ཚིག་ཙམ་མ་ཡིན་སེམས་ཐོག་ཡང་ཡང་བསྒོམ། །དང་པོ་བཅོས་མའི་སྙིང་རྗེ་ཡང་ཡང་བསྐྱེད། །བར་དུ་བཅོས་མིན་སྙིང་རྗེ་ངམ་ངམ་སྐྱེ། །མཐར་ནི་ངེས་ཤེས་བཟོད་མེད་དུང་ངེ་བ། །རྒྱུན་ཆགས་སྐྱེས་པ་ཞིག་གི་ངང་ཉིད་དུ། །ད་ལྟའི་བཟང་ངན་རྐྱེན་དང་འཕྲད་པའི་དུས། །དངོས་སུ་ལག་ལེན་འཛོལ་མེད་ཐེབ་ངེས་དང་། །ཕུགས་སུ་བསམ་སྦྱོར་དེ་འདྲའི་གདེང་ལྡན་ཞིག །མེད་ན་རང་གཞན་ཕན་ཐོགས་འབྱུང་དཀའ་བས། །ཚིག་དང་ཚུལ་འཆོས་བསྒོམ་ལོ་ཙམ་མིན་པར། །ཡང་ཡང་བསྒོམ་ཞིང་ལག་ལེན་ཐེབ་པར་བྱ། །ད་ནི་འཇུག་པའི་བསླབ་བྱ་སྦྱིན་སོགས་ནི། །རང་གི་ཟས་གོས་ནོར་རྫས་ཕྲ་མོའི་ཚུན། །རྟ་དང་གླང་ཆེན་བུ་དང་བུ་མོ་དང་། །ཆུང་མ་ཡན་ལག་ལུས་སྲོག་ལ་སོགས་པ། །གཏོང་དང་གཏོང་ཆེན་ཤིན་ཏུ་གཏོང་བ་ཞེས། །དེ་དག་ཟང་ཟིང་སྦྱིན་པ་ཡིན་པས་གཅིག །དབང་བསྐུར་བ་དང་ཆོས་བཤད་ལུང་འབོག་དང་། །སྣག་སྨྱུག་ཤོག་བུ་གླེགས་བམ་སྦྱིན་པ་སོགས། །དེ་དག་ཆོས་ཀྱི་སྦྱིན་པ་ཡིན་པས་གཉིས། །སྐྱབས་མགོན་མེད་ལ་མགོན་སྐྱབས་བྱེད་པ་དང་། །རི་རྒྱ་ཀླུང་རྒྱ་བསྡམས་ནས་སྲོག་བསླུ་སོགས། །མི་འཇིགས་སྐྱབས་ཀྱི་སྦྱིན་པ་ཡིན་པར་གསུང་། །དེ་ལྟར་སྦྱིན་པས་སེར་སྣའི་སྒྲིབ་པ་བྱང་། །ཡི་དྭགས་གནས་སུ་སྐྱེ་བའི་རྒྱུན་གཅོད་ཅིང་། །བསོད་ནམས་ཚོགས་རྫོགས་གཞན་དོན་རླབས་ཆེན་འབྱུང་། །ལུས་ངག་ཡིད་གསུམ་སྒོ་ནས་མི་དགེའི་རིགས། །ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཡིན་པས་གཅིག །དགེ་བ་བཅུ་སོགས་ཅི་འགྲུབ་བྱེད་པས་ན༑ །དགེ་བ་ཆོས་སྡུད་ཚུལ་ཁྲིམས་ཡིན་པས་གཉིས། །བསྡུ་དངོས་བཞི་སོགས་གཞན་དོན་འབད་པ་ནི། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་ཡིན་པས་གསུམ། །དེ་ལྟར་ཚུལ་ཁྲིམས་རྣམ་གསུམ་སྲུང་བ་ཡིས། །མཐོ་རིས་ཡོན་ཏན་བདུན་ལྡན་ལུས་ཐོབ་ཅིང་། །སྤངས་རྟོགས་ཕྲིན་ལས་ཕུན་སུམ་ཚོགས་པར་བྱེད། །རྡུང་རྡེག་འཕྲོག་བཅོམ་ཚིག་ངན་སྨྲ་སོགས་ལ། །ཁོང་ཁྲོ་མི་བྱ་སྙིང་རྗེ་སྒོམ་པ་ནི། །གཞན་གྱིས་ལོག་སྒྲུབ་བཟོད་པ་ཡིན་པས་གཅིག །དཀའ་ཚེགས་ཚ་གྲང་བཀྲེས་སྐོམ་སོགས་བཟོད་ནས། །བློ་ཕུགས་ཆོས་གཏད་ཆོས་ཕུགས་སྤྲང་པོར་གཏད། །སྤྲང་ཕུགས་ཤི་གཏད་ཤི་ཕུགས་གྲོགས་སྟོང་གཏད། །ཆོས་ཕྱིར་དཀའ་སྤྱོད་ཡིན་པས་བཟོད་པ་གཉིས། །བླ་མ་གདམས་པ་གྲུབ་མཐའ་སྣ་ཚོགས་ལ། །ཕྱོགས་རིས་མི་བྱ་དག་སྣང་འབྱོང་བ་དང་། །སྟོང་པ་ཉིད་ལ་མོས་ཤིང་ཉམས་ལེན་པ། །དོན་ལ་མི་སྐྲག་བཟོད་པ་ཡིན་པས་གསུམ། །དེ་ལྟར་རྣམ་པ་གསུམ་ལ་བཟོད་བྱས་པས། །དགེ་ཚོགས་ཆུད་མི་ཟ་ཞིང་ལམ་དུ་སློང་། །ཞེ་སྡང་འབྲས་བུ་དམྱལ་བའི་སྐྱེ་སྒོ་ཆོད། །མཚན་དཔེ་ལྡན་པའི་སྐུ་མཆོག་ཐོབ་པར་བྱེད། །ཐོས་བསམ་སྒོམ་གསུམ་རང་དོན་སྒྲུབ་པ་དང་། །དཀའ་སྤྱད་སྙིང་སྟོབས་ཡོན་ཏན་ཚད་མེད་དེ། །འཆད་རྩོད་རྩོམ་པས་ཡོན་ཏན་རླབས་ཆེན་གྱི། །ཕྲིན་ལས་རྣམ་ཐར་སོགས་ལ་མི་ཞུམ་པར། །སྒྱིད་མི་ལུག་ཅིང་རང་ལ་མི་བརྙས་པར། །དལ་འབྱོར་ཐོབ་འདིར་དོན་ལྡན་བརྩོན་པར་བྱ། །སྙམ་པའི་བློ་སྟོབས་ལྷག་པར་བསྐྱེད་པ་ནི། །གོ་ཆའི་བརྩོན་འགྲུས་ཞེས་པ་ཡིན་པས་གཅིག །སང་བྱ་གནངས་སྒྲུབ་ངང་ནས་ཚེ་ཟད་པར། །མི་རྟག་བསྐུལ་གདབ་ཕྱི་བཤོལ་དབང་མི་བཏང་། །བསམ་འཕྲལ་ཉིད་ནས་ཆོས་ལ་འཇུག་པ་ནི། །སྦྱོར་བའི་བརྩོན་འགྲུས་ཞེས་པ་ཡིན་པས་གཉིས། །མཚམས་དང་དགེ་སྦྱོར་བསྙེན་སྒྲུབ་ལ་སོགས་པ། །ལོ་ཟླ་གྲངས་དང་རྟགས་མཚན་ཕྲན་བུ་ལ། །ཆོག་ཤེས་མི་བྱ་ཚེ་དང་སྒྲུབ་མཉམ་པའི། །བརྩོན་འགྲུས་ཤུགས་དྲག་རྒྱུན་རིང་ཆུ་བོ་བཞིན། །ཉི་མཚན་བར་མེད་དུས་ཀུན་འབད་པ་ནི། །ཆོག་པར་མི་འཛིན་བརྩོན་འགྲུས་ཡིན་པས་གསུམ། །དེ་ལྟར་བརྩོན་འགྲུས་གསུམ་པོ་ཉམས་བླངས་པས། །ལེ་ལོའི་དགྲ་འཇོམས་རྫུ་འཕྲུལ་རྐང་བཞི་ཐོབ། །འཇིག་རྟེན་ཀུན་གྱིས་མཆོད་ཅིང་བསྟོད་པ་དང་། །རང་གི་བསམ་པ་མ་ལུས་འགྲུབ་པ་དང་། །ཡོན་ཏན་ཚོགས་འཕེལ་མྱ་ངན་འདའ་བར་བྱེད། །དགྲ་འདུལ་གཉེན་སྐྱོང་ཟས་གོས་འབད་རྩོལ་དང་། །འདུ་འཛི་གཡེང་བའི་རིགས་ཀུན་སྤངས་བྱས་ནས། །མི་མེད་ལུང་སྟོང་མཉམ་པར་བཞག་པའི་དུས། །བདེ་གསལ་མི་རྟོག་ཞེན་ཅིང་ཆགས་པ་ནི། །བྱིས་པ་ཉེར་སྤྱོད་བསམ་གཏན་ཡིན་པས་གཅིག །ཉམས་ཀྱི་ཞེན་པ་དག་ནས་སྟོང་འཛིན་དུས། །དོན་རབ་འབྱེད་པའི་བསམ་གཏན་ཡིན་པས་གཉིས། །སྟོང་འཛིན་གཉེན་པོ་བློ་དང་ཡོངས་བྲལ་ཞིང་། །ཆོས་ཉིད་རང་བབ་ངང་ལས་མ་གཡོས་པ། །བདེ་གཤེགས་དགྱེས་པའི་བསམ་གཏན་ཡིན་པས་གསུམ། །དེ་ལྟར་བསམ་གཏན་གསུམ་པོ་ཉམས་བླངས་པས། །རྣམ་གཡེང་དགྲ་འཇོམས་ཞི་གནས་ལས་སུ་རུང་། །འདོད་ཡོན་ཉོན་མོངས་ཚོགས་རྣམས་མགོ་སྙོམས་ཏེ། །སེམས་ལ་དབང་འབྱོར་སྤྱན་དང་མངོན་ཤེས་འཆར། །རྫུ་འཕྲུལ་ཉམས་རྟོགས་ཡོན་ཏན་གོང་འཕེལ་འབྱུང་། །ཐོས་པའི་ཤེས་རབ་ཕྱི་ཡི་སྒྲོ་འདོགས་ཆོད། །བསམ་པའི་ཤེས་རབ་ནང་གི་ཐེ་ཚོམ་སེལ། །སྒོམ་པའི་ཤེས་རབ་རྨོངས་པའི་དྲྭ་བ་འདྲལ། །དེ་ལྟར་ཤེས་རབ་རྣམ་གསུམ་ཉམས་བླངས་པས། །ཤེས་འཆལ་དགྲ་འཇོམས་འཁོར་བའི་གཡུལ་ལས་རྒྱལ། །ཡེ་ཤེས་སྤྱན་ཐོབ་སྲིད་ཞིའི་མཐར་མི་གནས། །དགོངས་པའི་ཀློང་རྡོལ་ཆོས་ཉིད་མངོན་དུ་འགྱུར། །ཡེ་ཤེས་ཚོགས་རྫོགས་ཆོས་སྐུ་ཐོབ་པར་བྱེད། །དེ་ལྟར་སེམས་བསྐྱེད་བསླབ་བྱ་ཚུལ་ལྡན་པས། །ཐེག་ཆེན་རྩ་བ་སེམས་བསྐྱེད་འགྲོ་བ་དང་། །དགེ་བ་སྣ་གཅིག་ཙམ་ཡང་བྱས་གྱུར་ཀྱང་། །སངས་རྒྱས་ཡོན་ཏན་སེམས་ཅན་གྲངས་དང་མཉམ། །དགེ་རྩ་ཆུད་མི་ཟ་ཞིང་གོང་དུ་འཕེལ། །བསོད་ནམས་རྒྱ་ཆེ་རྒྱལ་བའི་གདུང་འཛིན་ཅིང་། །གཞན་དོན་རྒྱ་ཆེ་རྒྱུན་རིང་རླབས་ཆེན་འགྲུབ། །མཚམས་མེད་ལས་བསགས་དམྱལ་བ་སྐྱེ་གྱུར་ཀྱང་། །ཡུད་ཙམ་ཞིག་ནས་ཐར་འི་གོ་འཕང་བགྲོད། །སྡིག་བྱས་ཐམས་ཅད་དུས་མཐའི་མེ་ལྕེ་ཡིས། །རྩྭ་སྦུར་ཡུད་ཀྱིས་སྲེག་ལྟར་རྨང་ནས་འཇོམས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཐོབ། །ས་དང་ལམ་རྣམས་ཀུན་གྱི་སྙིང་པོར་འགྱུར། །སེམས་ཅན་ཀུན་གྱི་འདྲེན་པ་མཆོག་འགྱུར་ཏེ། །བླ་ན་མེད་པའི་ཁང་བཟང་དུ་བགྲོད་པའི། །བཞོན་པ་བཟང་པོ་ལྟ་བུ་ཡིན་པ་སོགས། །ཕན་ཡོན་ཚད་མེད་ལྷག་པར་ཤེས་དགོས་སོ།། ༈ །།དེ་ནས་སྡིག་སྒྲིབ་དག་པར་བྱེད་པའི་ཐབས། །རྡོ་རྗེ་སེམས་དཔའི་སྒོམ་བཟླས་རིམ་པ་ནི། །དང་པོ་རྡོ་རྗེ་སེམས་དཔའི་མཚན་དོན་ནི། །ལོངས་སྐུ་ངེས་པ་ལྔ་ལྡན་ཡིན་པས་དཔལ། །དེ་ནས་འཕོ་འགྱུར་བགྲེས་རྒུད་གཞོམ་གཞིག་སོགས། །ཀུན་ལས་འདས་པ་ཡིན་ཕྱིར་རྡོ་རྗེ་དང་། །དེ་ཡི་ངང་ལས་སྤྲུལ་པ་སྣ་ཚོགས་པ། །འབྱུང་བར་སྟོན་པས་སེམས་དཔའ་ཞེས་བྱ་སྟེ། །རིགས་ཀུན་ཁྱབ་བདག་དཀྱིལ་འཁོར་ཀུན་གྱི་གཙོ། །རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཡིན་པར་བཤད། །ལྷ་ཀུན་ཞི་ཁྲོ་དམ་པ་རིགས་བརྒྱར་འདུས། །དེ་ཡང་རྒྱལ་བ་རིགས་ལྔའི་ཁོངས་སུ་འདུས། །དེ་ཡང་གསང་ཆེན་ལྷ་གཅིག་རིགས་ཀུན་བདག །དཔལ་ལྡན་རྡོ་རྗེ་སེམས་དཔར་ཡོངས་འདུས་ཏེ། །དེས་ཀྱང་དང་པོ་ཐུགས་མཆོག་བསྐྱེད་པའི་དུས། །བདག་གི་སྒོམ་བཟླས་བྱེད་རྣམས་སྡིག་བྱང་ཤོག །ཅེས་པའི་སྨོན་ལམ་བཏབ་པས་ཡོངས་གྲུབ་སྟེ། །ཡང་དག་སངས་རྒྱས་གོ་འཕང་བརྙེས་པས་ན༑ །ཕྱོགས་བཅུའི་སངས་རྒྱས་རེ་རེའི་མདུན་ཕྱིན་ཅིང་། །བཤགས་པའི་ཐབས་ལ་ཇི་ལྟར་འབད་པ་བས། །གོང་གསལ་དཀྱིལ་འཁོར་ཀུན་གྱི་སྤྲོ་བསྡུའི་གནས། །རྡོ་རྗེ་སེམས་དཔའ་སྒོམ་བཟླས་བྱས་པ་ཡིས། །ལྷག་པར་དུའང་འགྱུར་སྟོབས་ཆེ་བ་དང་། །ངོ་བོ་རྩ་བའི་བླ་མ་ཡིན་ཤེས་ན། །ལྷག་པར་བྱིན་རླབས་འཇུག་མྱུར་དགོས་ཆེད་ཡོད། །འདག་བྱེད་རྒྱལ་བའི་ཡོན་ཏན་དེ་ལྟར་ན། །དད་པ་དོན་གཉེར་ལྷག་ཏུ་བསྐྱེད་པར་བྱ། །དག་བྱ་རང་རྒྱུད་ཉོན་མོངས་སྡིག་སྒྲིབ་རྣམས། །ཕྱོགས་ཙམ་ངོས་བཟུང་ཞིབ་པར་མ་བཤད་ན། །ཐོག་མེད་འཁྲུལ་འབྱམས་གཉེན་པོ་བག་ཉལ་བས། །སྡིག་ལ་འགྲོགས་ཞིང་སྒྲིབ་པ་གཏིང་ཟབ་ཕྱིར། །དེ་ཡི་དབང་གིས་གང་ཟག་ལས་དང་པོས། །ངོ་ཙམ་མི་ཟིན་སྒྲིབ་བྱང་བྱ་དགོས་དོན། །ཕྱོགས་ལམ་ཧ་གོ་དཀའ་བ་ལྟ་བུའང་སྣང་། །ངོས་ཙམ་ཟིན་པ་མེད་ན་ཅི་ཞིག་བཤགས། །བླང་ཞིང་དོར་བའི་གནས་སྐབས་སུ་ཡིས་འབྱེད། །འགྱོད་ཅིང་བཤགས་པས་སོར་ཆུད་མ་བྱས་ཚེ། །ཉེས་ལྟུང་ཚད་མེད་ཤུགས་ཀྱིས་འབྱུང་བས་ན། །དེ་ཕྱིར་སྦྱང་བྱ་སྡིག་པའི་སྒོ་དྲུག་ཅེས། །དང་པོ་ཀུན་སློང་སྒོ་ནི་འདི་ལྟ་སྟེ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ་པོ་དང་། །གཉིས་པ་རྟེན་གྱི་སྒོ་ནི་འདི་ལྟ་སྟེ། །ལུས་ངག་ཡིད་གསུམ་སྒོ་ནས་བསགས་པ་དང་། །གསུམ་པ་ཡུལ་གྱི་གཙོ་བོ་བླ་མ་དང་། །མཁན་པོ་མཆེད་གྲོགས་ལ་སོགས་ཁྱད་པ་ཅན། །ཕ་མ་རྒན་ཁོག་ཡུན་རིང་ནད་པ་དང་། །ཕལ་པ་སེམས་ཅན་ཆེ་ཕྲ་སྲིད་དོ་ཅོག །བཞི་པ་ངོ་བོའི་སྒོ་ནི་མི་དགེ་བཅུ། །མཚམས་མེད་ལྔ་དང་བཅས་པའི་ལྟུང་བ་དང་། །ལྔ་པ་དུས་ཀྱི་སྒོ་ནི་ཐོག་མེད་ནས། །དེང་བར་ལོ་ཟླ་ཉི་མ་དུས་ཚོད་དོ། །དྲུག་པ་བྱེད་པའི་ལས་ནི་ཚེ་འདི་ལ། །ནད་མང་ནོར་དབུལ་དགྲ་ཡིས་འཇིགས་པ་དང་། །ཕྱི་མ་ངན་འགྲོའི་སྡུག་བསྔལ་ལ་སོགས་པ། །བསམས་ནས་ཡོངས་སུ་སྦྱང་བར་བྱ་དགོས་ཤིང་། །དེ་ཡང་ཅུང་ཟད་སྤྲོས་པ་བྱེད་པ་ནི། །རང་རེ་ཚེ་རབས་ཐོག་མེད་དེང་ཕན་ཆོད། །སྤྱིར་ནི་མ་རིག་པ་ཡིས་རྣམ་ཀུན་སྒྲིབ། །སྒོས་སུ་ཉོན་མོངས་ཤུགས་དྲག་ཀུན་སློང་བས། །ལས་ནི་མི་དགེ་བཅུ་དང་མཚམས་མེད་ལྔ། །ཉེ་བ་ལྔ་དང་ལྕི་བ་བཞི་པོ་དང་། །ལོག་པ་བརྒྱད་སོགས་རང་གིས་སྤྱོད་པའམ། །གཞན་དག་རྣམས་ལ་བྱེད་དུ་འཇུག་པའམ། །བྱས་ལ་རྗེས་སུ་ཡི་རང་སྐྱེས་པ་དང་། །ཐ་མ་འགྲོ་འདུག་བབ་ཅོལ་ལས་བྱས་དང་། །ཟས་གོས་རྒྱུན་ཆད་མེད་ལ་ལོངས་སྤྱོད་དང་། །གཉིད་དུ་ལོག་ཀྱང་འཁྲུལ་སྣང་དྲག་པོ་ལྡང་། །ངག་གི་ཆགས་སྡང་བར་མའི་གཏམ་རྒྱུན་དང་། །ཡིད་ཀྱི་དྲན་འཕྲུལ་ཆེ་ཞིང་ཆེ་བ་ནས། །ཕྲ་ཞིང་ཕྲ་བར་དངོས་བརྒྱུད་བར་གསུམ་འཕྲོ། །ལམ་ཙམ་ངོས་ནི་ཟིན་ལ་མི་ཟིན་ལ། །སྡིག་པ་མི་དགེའི་ལས་ནི་གྲངས་མེད་ཅིག །ད་ལྟ་ཉིན་ཞག་རེ་ཡི་ཁོངས་སུ་ཡང་། །ཆུ་གཉེར་ཇི་བཞིན་བསགས་དང་གསོག་བཞིན་པ། །ཐོག་མ་མེད་ནས་སྐྱེ་འཆི་འཁོར་མོ་ཡུག །ད་ལྟའི་བར་དུ་སྐད་ཅིག་མ་ཁོམ་པ༑ །སྡིག་པའི་ཡོ་ལང་འཁྲུགས་ལ་ལོངས་སྤྱོད་ཅིང་། །དེ་དག་ལ་ཡང་བཤགས་པའི་གཉེན་པོ་མེད། །དགེ་བ་བསྒྲུབས་ཀྱང་ཤིན་ཏུ་སྟོབས་ཤུགས་ཆུང་། །དེ་བཞིན་སྡིག་ལྟུང་རིམ་པ་ཆེ་ཆེར་འཕེལ། །ཞག་ཟླ་ལོ་གྲངས་ཚེ་རབས་དུ་མར་སོང་། །ཉེས་ལྟུང་མཐའ་ཡས་ཡོད་པ་གཞིར་བཅས་མོད། །དེས་ན་གང་ཟག་རབ་འབྲིང་ཐ་མས་ཀྱང་། །ད་ལྟ་ཐབས་དང་ཤེས་རབ་མཆོག་ལྡན་ཅིང་། །རང་དབང་ཡོད་དུས་བཤགས་པས་སོར་ཆུད་རེ། །མཛད་པ་ཅི་ནས་གལ་ཆེའི་རང་བཞིན་དང་། །ཁྱད་པར་རང་རེའི་བླ་གྲྭ་ཆོས་བྱེད་རྣམས། །ཆོས་ཀྱི་སྒོ་རུ་ཡང་ཡང་ཞུགས་བྱས་ཀྱང་། །སོ་ཐར་སྡོམ་པ་བྱང་སེམས་བསླབ་བྱ་དང་། །གསང་སྔགས་དམ་ཚིག་ཕ་མཐའ་ཡས་པ་ལས། །ཚིག་དང་རྣམ་གྲངས་ཙམ་ཡང་མི་ཤེས་ན། །སྤང་བླང་རྒྱས་འབྲིང་བསྡུས་པའི་རྣམ་བཞག་ཀུན། །ཡང་དག་ཤེས་པར་འགྱུར་བ་ལྟ་ཅི་སྨོས། །དེ་ཕྱིར་ཉིན་རེའི་ཁོང་ནས་མི་དགེ་བཅུ། །ཁ་ཚང་རེ་སོགས་བཤགས་པའི་གཉེན་པོ་མེད། །བྱེ་བྲག་ས་དགེ་རྙིང་མ་དཀར་འབྲུག་སོགས། །བསྟན་པ་སྤྱི་དར་ཆེ་བའི་དབང་སོང་སྟེ། །བྱིས་པ་ནས་བཟུང་རྒན་རབ་ཕལ་ཆེར་ལ། །དབང་དང་སྡོམ་པ་སྐྱབས་འགྲོ་ཁྲིད་ལུང་སོགས། །ལན་གྲངས་ཐོབ་མཁས་ཕལ་ཆེ་མང་བ་དང་། །ཆོས་འབྲེལ་སྣ་རེ་མ་ཐོབ་མེད་ན་ཡང་། །དབང་སོགས་དམ་ཚིག་སྐྱབས་འགྲོ་བསླབ་བྱ་དང་། །ཁྲིད་ལུང་ཐོབ་པས་ཉམས་ལེན་བྱ་དགོས་སོགས། །སྙམ་པའི་བག་ཆགས་ཙམ་ཡང་མི་འཇོག་པར། །བསྐྱེད་རྫོགས་དམ་ཚིག་ལྡན་པ་ལྟ་ཅི་སྨོས། །སེམས་བསྐྱེད་བསྐྱེད་རྫོགས་དམ་ཚིག་མི་ལྡན་ཞིང་། །ཆོ་ག་ཆད་ལྷག་བསྔོ་སྨོན་ཙམ་མེད་ཅིང་། །བླ་མར་གཤིན་པོའི་རྣམ་ཤེས་ཁག་འཁྲི་དང་། །གྲྭ་པར་གསོན་རིམ་རྒྱུ་ནོར་ཁག་འཁྲི་དང་། །གྲྭ་པའི་དཀོར་རྫས་ཁྱིམ་པར་ཁག་འཁྲི་དང་། །གཞན་ཡང་བཟོ་སོགས་རིག་གནས་མཁས་རྣམས་དང་། །ལྷ་བཟོའི་ཐིག་ཚད་མི་ལྡན་ཆད་ལྷག་བྲི། །སྔགས་པ་རྣམས་ཀྱིས་རྩིས་གཏོ་མདོས་ལ་སོགས། །ཀུན་སློང་བསྐྱེད་རྫོགས་མི་ལྡན་ཉེས་པ་དང་། །སྨན་པས་སྨན་ལོག་འཆོལ་བར་གཏོང་བ་དང་། །དེ་དག་རྣམས་ཀྱིས་ཡོ་བྱད་དོན་དུ་ནི། །གླ་ཡོན་ཟས་ལ་རྔམ་པ་གཙོར་འཛིན་ནས། །ཕལ་པའི་ཉོ་ཚོང་བྱེད་པ་ལྟ་བུ་ལས། །ལྷག་བསམ་སེམས་བསྐྱེད་བཟང་པོར་ཅུང་མི་འབྱོངས། །མི་རུང་འདོད་ཞེན་རེ་འཁོན་ཆགས་སྡང་དང་། །ང་རྒྱལ་ཕྲག་དོག་མི་དགེའི་ལས་ངན་པ། །ཤུགས་ཀྱིས་གསོག་རྣམས་ཉེས་པའི་རང་བཞིན་ལས། །ཅུང་ཟད་མ་འདས་ཁྲིད་ཡིག་རྣམས་སུ་གསུངས། །ད་ལྟ་རང་གི་རྒྱུད་ཐོག་ལ་བལྟས་པས། །གསུང་ཟབ་གནད་དུ་ཁེལ་བ་ཤ་སྟག་བྱུང་། །དེ་ཕྱིར་སེར་སྐྱ་ཆོས་ལ་འདུན་པ་རྣམས། །ཐུགས་ཉམས་ཕབ་ནས་ནང་དུ་བློ་བསྐོར་ཏེ། །ཡང་ཡང་རང་ལ་དཔྱད་པ་ཤིན་ཏུ་གཅེས། །ཤེས་དང་མི་ཤེས་དབང་གིས་སྡིག་བྱས་རྣམས། །འགྱོད་བཤགས་དྲག་པོས་སོར་ཆུད་མཛད་པ་ལས། །ཉེས་ལྟུང་བསགས་པའི་སྡིག་སྒྲིབ་བག་ཆགས་ཀྱིས། །དྲི་མ་འཐུག་པོས་རང་རེ་དུས་རྣམ་ཀུན། །གཡོགས་ནས་སྒྲིབ་བསྡད་ཡོད་པ་གཞིར་བཅས་ཏེ། །ད་ལྟ་ཉིན་ཞག་གཅིག་ཏུའང་དགེ་སྡིག་གི། །ལས་ཤས་ཆེ་ཆུང་ཆོས་ལ་མོས་དཀའ་དང་། །འགྲུབ་དཀའ་བསམ་ན་ཤུགས་ཀྱིས་མངོན་ཡོང་ཞིང་། །དཔེར་ན་མེ་ལོང་བདག་ཏུ་མ་བཟུང་བའི། །ལན་གྱིས་བཙའ་གཡའ་སྐྱོན་ཆེར་བཟུང་བ་ལྟར། །དེ་སྔོན་དགེ་སྡིག་སྐྱོན་ཡོན་མ་བརྟགས་པས། །སྡིག་སྒྲིབ་གཡའ་ཡིས་རང་རིག་སྒྲིབ་པ་ཡིན། །ད་རེས་བདག་བཟུང་སྐྱོན་ཡོན་ཕྱོགས་ཤེས་ནས། །སྒྲིབ་སྦྱང་ཚོགས་གསོག་བྱི་དོར་བྱས་པའི་ངོགས། །དོན་དམ་གཟུགས་བརྙན་འཆར་ཐབས་བྱེད་ལས་ཀྱི། །བཙན་དུག་ནག་པོ་ཁོངས་སུ་སོང་བ་ལས། །བརྒྱ་འགྱུར་ལས་ཀྱང་སྡིག་བྱས་ཉེས་ཚབས་ལྕི། །དུག་གི་ལུས་འདི་ན་འཆི་བྱེད་པ་ལས། །ཚེ་རབས་ཀུན་ཏུ་སྡུག་བསྔལ་སྦྱོར་མི་ནུས། །ལས་ངན་མི་དགེས་ཚེ་འདིར་མི་བདེ་ཞིང་། །རྐྱེན་ངན་རྣམ་པ་སྣ་ཚོགས་འབྱུང་བ་དང་། །ཕྱི་མ་བར་དོའི་འཁྲུལ་སྣང་མཚམས་སྦྱོར་ནས། །ངན་སོང་གནས་སུ་སྐྱེ་ནས་སྡུག་བསྔལ་གྱིས། །བཟོད་དཀའ་ཤུགས་དྲག་རྒྱ་ཆེས་ཡུན་རིང་མནར། །མཐར་མེད་འཁོར་བའི་གནས་སུ་སྡུག་བསྔལ་མྱོང་། །ཤིན་ཏུ་ཕུང་ཚབས་ཆེ་བའི་རང་བཞིན་ཏེ། །མི་བཤགས་སྐྱོན་མེད་འཇོག་པར་ག་ལ་ནུས། །བཙན་དུག་ཁོང་དུ་སོང་ན་དེ་མ་ཐག །བཤལ་སྐྱུག་སྨན་བཏང་ཞི་བར་བྱེད་པ་ལྟར། །ལས་ངན་སྡིག་ལྟུང་ཉེས་བྱས་ཆེ་ཕྲ་ཀུན། །གནོང་འགྱོད་དྲག་པོས་སྡིག་སྒྲིབ་ལྷག་མེད་དུ། །སྦྱང་བའི་ཐབས་ལ་འབད་པ་གལ་ཏུ་ཆེ། །དེ་ཡང་རྒྱལ་བ་ཐབས་མཁས་ཐུགས་རྗེ་ལས། །གང་ཟག་རྣམས་ཀྱི་བློ་རིམ་དང་བསྟུན་ཏེ། །སྒྲིབ་སྦྱང་རྣམ་གྲངས་དཔག་མེད་གསུངས་པའི་ནང་། །མཆོག་གྱུར་གསང་ཆེན་རིགས་རྣམས་ཀུན་འདུས་པ། །བླ་མ་རྡོ་རྗེ་སེམས་པའི་སྒོམ་བཟླས་ཡིན། །དེ་ཕྱིར་ངེས་ཤེས་ཁྱད་འཕགས་ལྡན་པའི་ངང་། །ཉམས་ལེན་དངོས་གཞི་སྒོམ་དུས་འདི་ལྟར་བྱ། །གཉེན་པོ་སྟོབས་བཞི་ངེས་པར་ཚང་བའི་སྒོ། །བཤགས་པའི་ཐབས་ལ་ཅི་ནས་འབད་དགོས་པས། །ངག་འདོན་གང་ཡིན་རྣམས་དང་རིམ་པས་འབྲེལ། །མཆོག་གསུམ་རྟེན་ལ་བརྟེན་པས་སྡིག་པཟད། །དེ་ཕྱིར་རྟེན་གྱི་སྟོབས་ཞེས་བྱ་བ་ཡིན། །རང་གི་སྤྱི་བོར་པད་སྡོང་ཟླ་དཀྱིལ་སྟེང་། །ཧཱུྃ་དཀར་འོད་ཟེར་འབར་བ་གནས་གྱུར་ཏེ། །ངོ་བོ་རྩ་བའི་བླ་མ་ཡིན་པ་ལ། །རྣམ་པ་བཅོམ་ལྡན་རྡོ་རྗེ་སེམས་དཔའ་ནི། །ཉེས་སྐྱོན་མ་གོས་མེ་ལོང་ཡེ་ཤེས་སྐུ། །ཡིན་ཕྱིར་སྐུ་མདོག་དཀར་གསལ་དྲི་མ་མེད། །གངས་རིའི་ལྷུན་པོ་ཟླ་གཞོན་བྱེ་བ་ཡིས། །འཁྱུད་པ་ལྟ་བུ་གཟི་བརྗིད་རབ་འཕྲོ་བ། །ཆོས་སྐུ་ཐིག་ལེ་ཉག་གཅིག་རྟོགས་པའི་བརྡར། །ཞལ་གཅིག་ཐབས་ཤེས་མཚོན་བྱེད་ཕྱག་གཉིས་ཏེ། །ཕྱག་གཡས་རིག་སྟོང་རྡོ་རྗེ་ཐུགས་ཀར་འཛིན། །གཡོན་པས་སྣང་སྟོང་དྲིལ་བུ་དཀུ་ལ་བརྟེན། །ཞབས་གཉིས་རྡོར་སྐྱིལ་སྲིད་ཞིར་མི་གནས་བརྡ། །དབུ་སྐྲ་ཟུར་ཕུད་འགྲན་ཟླ་བྲལ་བའི་བརྡ། །གདུལ་བྱའི་ཉོན་མོངས་གདུང་བ་སེལ་བའི་བརྡར། །སྐུ་ལ་ལྷ་རྫས་དར་གྱི་ཆས་གོས་ལྔ། །མཐིང་ཁྲའི་ཟི་ལྡིར་དབུ་རྒྱབ་ནས་འཕྱང་བ། །སྙན་གོང་སྣ་ཚོགས་དར་དཔྱངས་ཞབས་ནས་འཁྱིལ། །གར་གོས་སྟོད་ཐུང་དཔུང་ཕྱེད་ཙམ་སླེབ་པ། །སྟོད་ལེ་སྔོན་པོར་ལྗང་གུའི་སྦབ་ལེ་ཅན། །ཚིག་གུ་དར་ཚོན་འཇའ་སྣམ་སྨད་དཀྲིས་དང་། །འདོད་ཡོན་མ་སྤངས་རྒྱན་དུ་རྫོགས་པ་དང་། །འགྲོ་བའི་རེ་བ་ཡོངས་སུ་བསྐང་བའི་བརྡར། །རིན་པོ་ཆེ་ཡི་རྒྱན་ཆས་བརྒྱད་པོ་ནི། །རིན་ཆེན་དབུ་རྒྱན་རྩེ་ཕྲན་འབར་བ་དང་། །སྙན་རྒྱན་རིན་ཆེན་ནོར་བུའི་ཕྲ་ཚོམ་བཀྲ། །རིན་ཆེན་སྣ་ཚོགས་རྒྱུད་པའི་མགུལ་རྒྱན་དང་། །དེ་མཚུངས་ནུ་སྟེང་སླེབ་པ་སེ་མོ་དོ། །དེ་བཞིན་ལྟེ་འོག་སླེབ་པའི་དོ་ཤལ་དང་། །དབུ་རྒྱན་ཕྱག་གདུབ་སོར་གདུབ་རྣམས་དང་ནི། །ཞབས་གདུབ་བཅས་ཏེ་བཟོ་དབྱིབས་ཕྱོགས་མཚུངས་དང་། །སྐ་རགས་རིན་ཆེན་ཕྲ་ཚོམ་དྲྭ་ཕྱེད་བཅས། །ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་བཅུ་གསུམ་སྟེ། །སྤྲོས་དང་མཛེས་ཆོས་ཐ་མལ་རྒྱན་མ་ཡིན། །ནང་གི་ཡོན་ཏན་ཕྱི་རོལ་མངོན་པ་སྟེ། །རྒྱན་ཆས་སྐུ་མདོག་ཞལ་ཕྱག་གར་སྟབས་སོགས། །བརྡ་དོན་རྟགས་ཀྱི་རྩིས་སུ་ཟིན་པར་བྱ། །ཐབས་དང་ཤེས་རབ་དབྱེ་བ་མེད་པའི་བརྡར། །ཡུམ་མཆོག་སྙེམ་མ་དཀར་མོ་གྲི་ཐོད་འཛིན། །ཞབས་གཉིས་པད་སྐྱིལ་ཡབ་ཀྱི་སྐེད་ནས་འཁྲིལ། །སྣང་ལ་རང་བཞིན་མ་གྲུབ་ཆུ་ཟླ་ལྟར། །ཡེ་ཤེས་སྐུ་ཡི་རང་བཞིན་མངོན་སུམ་གསལ། །རིགས་དང་དཀྱིལ་འཁོར་རྒྱ་མཚོའི་སྤྱི་དཔལ་ཆེ། །རྡོར་སེམས་མངོན་སུམ་བཞུགས་པའི་སྤྱན་སྔ་རུ། །མི་དགེའི་ལས་ལ་གནོང་འགྱོད་སྐྱེས་པས་ན། །རྣམ་པར་སུན་འབྱིན་སྟོབས་ཞེས་བྱ་བ་སྟེ། །རང་གཞན་སེམས་ཅན་ཚེ་རབས་ཐོག་མེད་ནས། །དེང་ཕན་དུག་གསུམ་ཀུན་སློང་གྱིས་བསྐྱེད་པའི། །སྤྱིར་ནི་སྒོ་གསུམ་མི་དགེའི་ལས་རྣམས་ཀུན། །ཤེས་དང་མི་ཤེས་སྒོ་ནས་བསགས་པ་དང་། །ཁྱད་པར་སྡོམ་གསུམ་འགལ་ཉམས་འདས་རལ་ཀུན། །ངོ་ཚ་འཇིགས་སྐྲག་གནོང་འགྱོད་དྲག་པོ་ཡིས། །སྙིང་ནས་ཡོངས་སུ་བཤགས་པར་བགྱིད་པ་ན། །མྱུར་བར་འདུག་ས་སྟན་ཐོག་འདི་ཉིད་དུ། །བྱང་ཞིང་དག་པའི་ཐུགས་རྗེ་མ་ཆུང་སྙམ། །གསོལ་བ་དྲག་པོ་ཡང་ཡང་གདབ་པར་བྱ། །དེང་ཕྱིན་མི་བགྱི་སྡོམ་པ་བླངས་བས་ན། །སྡོམ་པའི་སྟོབས་ཞེས་བྱ་བ་འདི་ལྟ་སྟེ། །སྔོན་ཆད་མི་ཤེས་བག་མེད་དབང་གྱུར་ནས། །ལས་ངན་ཚབ་ཆེན་དེ་དག་བསགས་པར་འདུག །ད་ནི་བླ་མའི་བཀའ་དྲིན་ལ་བརྟེན་ནས། །སྤང་བླང་གནད་རྣམས་ཚུལ་བཞིན་ཤེས་ནས་བཟུང་། །ཤེས་བཞིན་དུག་ནི་ཟ་བར་མི་ནུས་ཤིང་། །མཐོང་བཞིན་གཡང་སར་མི་མཆོང་དཔེ་ཇི་བཞིན། །སྲོག་ལ་ཐུག་ཀྱང་སྡིག་པ་ཆེ་ཕྲ་ཀུན། །དེང་ནས་མི་བྱེད་ཁྱེད་ཀྱི་སྤྱན་སྔ་རུ། །དམ་བཅའ་དྲག་པོ་བཟུང་སྟེ་བསྡོམས་པའོ། །སྡིག་བཤགས་དགེ་བའི་ལས་ལ་འབད་པས་ན། །གཉེན་པོ་ཀུན་སྤྱོད་སྟོབས་ཞེས་བྱ་བ་སྟེ། །རྡོར་སེམས་ཡབ་ཡུམ་གཉིས་མེད་ཐུགས་ཀ་རུ། །ཟླ་དཀྱིལ་སྲན་མ་ཕྱེད་པའི་ཚད་ཀྱི་སྟེང་། །ཧཱུྃ་ཡིག་དཀར་པོ་སྤུ་བྲིས་ལྟ་བུའི་མཐར། །ཡིག་བརྒྱའི་སྔགས་འཁོར་རིམ་པ་ཕྱེད་གསུམ་བཀོད། །མ་ཡེངས་གསོལ་འདེབས་ཚུལ་དུ་རྩེ་གཅིག་བཟླས། །དེ་ཡི་རྐྱེན་གྱིས་ཐུགས་སྲོག་སྔགས་ཕྲེང་ལས། །ངོ་བོ་ཐུགས་རྗེ་ཡེ་ཤེས་རང་བཞིན་ལ། །རྣམ་པ་བདུད་རྩི་དཀར་པོ་ཆར་ལྟར་བབས། །སྐུ་ཡི་དབྱིབས་བརྒྱུད་སྦྱོར་མཚམས་ནས་ལྷུང་སྟེ། །རང་གཞན་སེམས་ཅན་ཀུན་གྱི་སྤྱི་བོ་ནས། །ལུས་ནང་ཞུགས་པའི་སྟོབས་ཀྱིས་ངོ་བོ་ནི། །ནད་དང་རྣམ་པ་རྣག་དང་ཁྲག་ལ་སོགས། །ངོ་བོ་གདོན་དང་རྣམ་པ་སྡོམ་སྡིག་པ། །ཉ་སྦལ་སྲེ་མོང་ལ་སོགས་སེམས་ཅན་རིགས། །ངོ་བོ་སྡིག་སྒྲིབ་རྣམ་པ་དུད་སོལ་ཁུ། །རྡུལ་དང་རླངས་པ་སྤྲིན་དང་ཁུག་སྣའི་ཚོགས། །བདུད་རྩིའི་རྒྱུན་གྱིས་ཤག་གིས་དེད་བྱས་ཏེ། །འོག་སྒོ་རྐང་མཐིལ་བ་སྤུའི་བུ་ག་ནས། །ཐམས་ཅད་ཉིལ་གྱིས་ཕྱི་རོལ་ཐོན་པའི་མོད། །ས་ཡང་རིམ་དགུ་ཤག་གེར་གས་པའི་འོག །འཆི་བདག་གཤིན་རྗེ་གླང་དམར་རྣམ་པ་ཅན། །འཇིགས་རུང་ལས་མཁན་འཁོར་ཚོགས་དང་བཅས་པའི། །ཁ་ལག་བཟེད་པའི་ནང་དུ་སོང་བ་ཡིས། །རབ་ཏུ་ངོམས་ཤིང་ཚིམ་པར་གྱུར་པའི་མོད། །ཤ་འཁོན་བུ་ལོན་ལན་ཆགས་ཐམས་ཅད་བྱང་། །རང་གཞན་དུས་མིན་འཆི་བའི་འཇིགས་ལས་གྲོལ། །དེ་དག་བྱང་ཆུབ་སེམས་དང་ལྡན་གྱུར་ནས། །ཁ་ཕྱིར་བསྐོར་ཏེ་ས་འོག་ཏུ་སོང་ཞིང་། །ས་གཞི་གས་པ་སླར་ལ་འབྱར་བ་དེ། །དབང་ཆེན་གསེར་གྱི་རྡོ་རྗེར་གྱུར་པར་བསྒོམ། །རང་ལུས་རྩ་གསུམ་འཁོར་ལོ་བཞི་ལ་སོགས། །བདུད་རྩིའི་རྒྱུན་གྱིས་ཡོངས་སུ་གང་བ་ནི། །དཔེར་ན་ཤེལ་བུམ་འོ་མས་གང་བ་ལྟར། །ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་གྱུར། །དབང་བཞི་ཐོབ་ཅིང་སྒྲིབ་བཞི་རྣམ་པར་དག །དགའ་བ་བཞི་སྐྱེས་སྐུ་བཞིའི་གོ་འཕང་མཆོག །ཐོབ་པའི་རྒྱུར་གྱུར་བསམས་ནས་ངེས་ཤེས་བསྐྱེད། །དེ་ནས་མགོན་པོ་བདག་ནི་མི་ཤེས་སོགས། །འགྱོད་བཤགས་དྲག་པོས་བརྗོད་ཅིང་ཕུལ་བ་ན། །བུ་ཡིས་བྱ་བ་བཟང་པོ་བྱས་པ་ལ། །མ་ཡིས་ལྷག་པར་རྗེས་སུ་ཡི་རང་ལྟར། །རྡོར་སེམས་དགྱེས་པའི་སྤྱན་ཟུམ་འཛུམ་པའི་ངང་། །རིགས་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉམས་ཆགས་ཀུན། །དག་པ་ཡིན་ཞེས་གསུང་གིས་དབུགས་དབྱུང་ནས། །སྐུ་ནི་ཐིག་ལེའི་རྣམ་པ་འོད་དུ་ཞུ། །དེ་ཡང་རང་དང་དབྱེར་མེད་ཐིམ་རྐྱེན་གྱིས། །རང་ཉིད་རྡོ་རྗེ་སེམས་དཔར་གནས་གྱུར་པའི། །ཐུགས་ཀར་ཟླ་དཀྱིལ་ཡུངས་འབྲུ་ཙམ་གྱི་དབུས། །ཧཱུྃ་མཐིང་གྱེན་ལང་མདུན་དུ་ཨོཾ་དཀར་པོ། །གཡས་སུ་བཛྲ་སེར་པོ་རྒྱབ་ཏུ་ས། །དམར་པོ་གཡོན་དུ་ཏྭ་ཡིག་ལྗང་གུ་གསལ། །ངག་ནས་དེ་དག་ཅི་འགྲུབ་བཟླས་པ་ལས། །ཡིག་འབྲུ་ལྔ་ལས་འོད་ལྔའི་ཟེར་འཕྲོའི་རྩེར། །འདོད་ཡོན་ལ་སོགས་བསམ་གྱིས་མི་ཁྱབ་པས། །མཆོད་རྫས་དུ་མ་ཐོགས་ཏེ་ཕྱོགས་བཅུ་ཡི། །རྒྱལ་བ་སྲས་བཅས་མཉེས་པའི་མཆོད་པ་འབུལ། །རང་བཞིན་སེམས་ཅན་ཐམས་ཅད་ཚོགས་རྫོགས་ཤིང་། །སྒྲིབ་པ་བྱང་ནས་ཐུགས་རྗེ་བྱིན་རླབས་ཀྱི། །ངོ་བོ་འོད་ལྔའི་རྣམ་པ་ཆར་ལྟར་བབས། །རང་ལ་ཐིམ་པས་མཆོག་ཐུན་དངོས་གྲུབ་ཐོབ། །རང་དོན་ཆོས་སྐུའི་རྟེན་འབྲེལ་འགྲིགས་པར་བསྒོམ། །འོད་ཟེར་སྣ་ལྔ་མར་འཕྲོས་རིགས་དྲུག་གི། །སེམས་ཅན་ཀུན་ལ་ཕོག་པས་སྡུག་བསྔལ་དང་། །སྡིག་སྒྲིབ་བག་ཆགས་བཅས་པ་བྱང་ཞིང་དག །ཕྱི་སྣོད་ཐམས་ཅད་མངོན་དགའི་ཞིང་ཁམས་དང་། །ནང་བཅུད་སེམས་ཅན་རྡོར་སེམས་རིགས་ལྔ་དང་། །ཞལ་ནས་སྔགས་ཀྱང་འུར་དིར་འདོན་པར་བསམ། །གཞན་དོན་གཟུགས་སྐུའི་རྟེན་འབྲེལ་འགྲིགས་པ་ཡིན། །ཐུན་མཐར་གཞལ་ཡས་ཁང་ནི་ནང་བཅུད་ལ། །ནང་བཅུད་གཙོ་བོར་གཙོ་བོ་ཨོཾ་ལ་སོགས། །རིམ་པར་ཐུགས་སྲོག་ཧཱུྃ་ལ་ཧཱུྃ་ཞབས་ཀྱུ། །ཞབས་ཀྱུ་འ་ཆུང་འ་ཆུང་ཧ་ཁོག་ལ། །ཧ་ཁོག་མགོ་བོ་མགོ་བོ་ཟླ་ཚེས་ལ། །ཟླ་ཚེས་ཐིག་ལེ་ཐིག་ལེ་ནཱ་དའི་བར། །རིམ་པར་རྗེས་ཞིག་ཚུལ་དུ་ཐིམ་པའི་མཐར། །ནམ་མཁར་འཇའ་ཚོན་གནས་མེད་ཡལ་བ་བཞིན། །གང་ལའང་མི་དམིགས་སྤྲོས་བྲལ་གདོད་མའི་ངང་། །ཡུན་ནི་ཅི་རིང་མཉམ་པར་བཞག་པར་བྱ། །དེ་ནི་སྤྲོས་མེད་དོན་དམ་སྒོམ་བཟླས་ཏེ། །བཤགས་པའི་མཐར་ཐུག་ཡང་ཟབ་མཆོག་གྱུར་ཡིན། །དཔེར་ན་ལོ་སྟོང་མེ་ལོང་རྡུལ་ཆགས་པ། །རས་ཀྱིས་སྐད་ཅིག་གནས་མེད་ཕྱིས་པའམ། །ལོ་སྟོང་སོང་བའི་བྲག་ཕུག་སྨག་རུམ་ཀུན། །མར་མེ་གཅིག་གིས་སྐད་ཅིག་གསལ་བ་ལྟར། །ཆོས་ཉིད་བདེན་པ་མཐོང་བའི་རྣལ་འབྱོར་པས། །གྲངས་མེད་སྡིག་བྱས་སྐད་ཅིག་བྱང་བར་འགྱུར། །དེ་ཕྱིར་ངེས་གསང་ལམ་ལ་ཉམས་ལེན་མཛོད། །གཞན་ཡང་སྒོམ་བཟླས་འདི་ལ་བརྩོན་བྱས་པའི། །སྟོབས་ཀྱིས་ཉེས་བྱས་ཕྲ་མོ་རྩད་ནས་འབྱིན། །འབྲིང་རྣམས་ཁ་བྲི་མྱུར་དུ་དག་པར་བྱེད། །ཆེན་པོ་མི་འཕེལ་མགོ་གནོན་རིམ་བཞིན་དུ། །ལྷག་མ་མེད་པ་བྱང་བར་འགྱུར་བ་སྟེ། །དཔེར་ན་ཉི་མས་ཆབ་རོམ་བཞུ་བ་ལྟར། །སྡིག་པ་བྱ་རུ་བཏུབ་ན་བཤགས་སུ་བཏུབ། །སྡིག་ལྟུང་བྱས་ན་ཡོན་ཏན་མེད་ན་ཡང་། །འགྱོད་བཤགས་བྱས་ནས་དག་པ་ཡོན་ཏན་གསུངས། །དེ་བཞིན་ཆོས་རྣམས་ཐམས་ཅད་འདུན་པ་ཡིན། །དེ་ལྟར་སྒོམ་པའི་ཕན་ཡོན་ལོ་རྒྱུས་དང་། །ལུང་འདྲེན་མཐའ་ཡས་ལ་སོགས་གསུངས་པ་ལྟར། །ངེས་ཤེས་ལྷག་པར་བསྐྱེད་པ་གལ་དུ་ཆེ། །སླར་ཡང་སྣོད་བཅུད་རྡོར་སེམས་ལམ་གྱིས་གསལ། །དགེ་བ་འདི་སོགས་བསྔོ་སྨོན་རྒྱས་འདེབས་བྱ། །དེ་ལྟར་དམིགས་པ་ཐམས་ཅད་དྲན་རྫོགས་སུ། །ཤེས་པ་གཅིག་ཐོག་འཆར་བར་དཀའ་ན་ཡང་། །རེས་འགའ་རྡོར་སེམས་ཡབ་ཡུམ་ཞལ་ཕྱག་དང་། །རྒྱན་ཆས་བཅས་པ་རིམ་གྱིས་གསལ་ནས་བཟླ། །རེས་འགའ་གནོང་འགྱོད་དྲག་པོ་ཡང་ཡང་བསྐྱེད། །སྔགས་འཁོར་བསྐོར་ཞིང་བདུད་རྩི་འབེབ་སྦྱང་བྱ། །རེས་འགའ་རང་ཉིད་རྡོར་སེམས་ཡབ་ཡུམ་གསལ། །དོན་གཉིས་བྱེད་པའི་དམིགས་པ་སྤྲོ་བསྡུ་ལས། །རྩེ་གཅིག་སེམས་གཏད་བཟླ་བར་བྱེད་པ་སོགས། །རང་ཡིད་རང་ལ་ཆེས་པའི་དད་བརྩོན་གྱིས། །སྡིག་པ་དག་པའི་ངེས་ཤེས་མ་སྐྱེས་ན། །ཁ་ཡེངས་མིག་ཡེངས་བཟླས་བརྗོད་འུར་འུར་གྱིས། །སྡིག་སྒྲིབ་བྱང་ལ་ཕྱོགས་ཙམ་མི་ཉེ་སྟེ། །དེས་ན་བླ་མ་ལྷ་ཡིས་གནང་བ་དང་། །རི་རྩེར་ཕྱིན་དང་ནམ་མཁར་འཕུར་བ་དང་། །ཉི་ཟླ་ཤར་དང་མེ་ཏོག་ཚལ་དུ་ཕྱིན། །ཁྲུས་བྱས་གོས་དཀར་གྱོན་དང་མཆོད་རྟེན་རྙེད། །ལུས་ནས་མི་གཙང་འབུ་སྲིན་རྡོལ་བ་སོགས། །དངོས་ཉམས་རྨི་ལམ་རབ་འབྲིང་ཐ་གསུམ་དང་། །སྡིག་སྒྲིབ་དག་པའི་རྟགས་མཚན་བཟང་པོ་འགའ། །མངོན་སུམ་གསལ་བར་མ་གྱུར་བར་དུ་ཡང་། །ཤུགས་དྲག་རྒྱུན་རིང་འབད་པ་གལ་དུ་ཆེ། །ད་དུང་ཅིའི་ཕྱིར་སྙམ་ནས་ཐེ་ཚོམ་ན། །ཚེ་འདིའི་རྒྱལ་པོ་བཙན་པོ་ཉེ་འབྲེལ་དང་། །ཁྱིམ་ཚེས་ཡུལ་མིའི་ངོ་སྲུང་བྱ་ཕྱིར་དང་། །ཡང་ན་ཁ་དྲག་གཏམ་སྙན་ཕྱིར་དུ་ཡང་། །ཡང་ན་དགྲ་འདུལ་གཉེན་སྐྱོང་ཟས་གོས་ཀྱི། །ཆེད་དུ་སྡིག་པ་ཆེ་ཕྲ་ཅི་བསགས་ཀྱང་། །རང་ཉིད་འཆི་དུས་བཞག་ས་བསྒོ་ས་མེད། །གཞན་གྱིས་མི་ཁུར་དངོས་བརྒྱུད་བར་གསུམ་ནས། །བསགས་པའི་སྡིག་པ་ཆེ་ཕྲ་མ་ལུས་ཀུན། །ཚེགས་མེད་རང་གི་ཐོག་ཏུ་ངེས་པར་སྨིན། །ལས་ངན་ངན་སོང་སྡུག་བསྔལ་བཟོད་དཀའ་བ། །བར་མེད་བསྐལ་ཆེན་དུ་མར་མྱོང་ཞིང་མནར། །ཤིན་ཏུ་ཉམ་ཐག་འོ་དོད་འབོད་པའི་དུས། །སྔར་གྱི་རྒྱལ་བློན་ཉེ་འབྲེལ་ལ་སོགས་པའི། །ལྟ་རྟོག་ལྟ་ཅི་བསམ་པའི་ཡུལ་ནའང་མེད། །རྒྱུ་ནོར་སྙན་གྲགས་ཐོབ་ཐང་ལ་སོགས་ཀྱིས། །ཕན་པ་ཕར་ཞོག་གནོད་གཞི་འབའ་ཞིག་འགྱུར། །ཐ་ནའང་མཐོང་ཐོས་རེག་པའི་ཆར་མི་འོང་། །དེ་དག་རྣམས་ཀྱིས་ངན་གཡོ་ཆེན་པོ་ཡིས། །རང་ཉིད་ཆེད་དུ་བསླུས་པ་ཡིན་བཞིན་དུ། །སྡིག་པ་ཆེ་ཕྲ་གང་བྱས་ཐམས་ཅད་ཀྱི། །རྣམ་སྨིན་འབྲས་བུའི་ཁུར་ཆེན་རང་ཉིད་ཀྱིས། །ཁུར་ནས་འཁོར་བའི་གནས་ནས་ཡུན་རིང་དུ། །མི་ཐར་སྡུག་བསྔལ་མྱོང་བའི་སྡིག་ལྟུང་དག །ལྷག་ལུས་མེད་པར་ཡོངས་སུ་སྦྱང་དགོས་པས། །དེས་ན་ད་ལྟ་ཐབས་ཤེས་གཉིས་ལྡན་དུས། །དང་པོ་སྡིག་པས་མི་གོས་ཐབས་ལ་འབད། །དཔེར་ན་རྫི་བོས་ཕྱུགས་ལུག་འཚོ་བ་ལྟར། །དགེ་སྡིག་འཆོལ་ཉོག་སྤྱོད་ཀྱིན་འདུག་མིན་ལ། །དྲན་ཤེས་བག་ཡོད་ལྡན་པས་བརྟག་དཔྱད་བྱ། །གལ་ཏེ་གློ་བུར་མི་དགེའི་ལས་བསགས་ཏེ། །ལེ་ལོས་ལྟུང་བ་དེ་དང་འགྲོགས་གྱུར་ན། །དུག་མདའ་ངན་པས་ཟིན་ལྟར་རྒྱུད་འབྱམས་ནས། །ཉེས་ལྟུང་སྣ་རེས་དམྱལ་བར་བསྐྱུར་ནུས་པས། །ཉེས་ལྟུང་དེ་དང་ཉིན་གཅིག་ཞག་གཅིག་དང་། །སྐད་ཅིག་ཐང་ཅིག་ཙམ་ཡང་མི་འགྲོགས་པར། །བཤགས་དགོས་དཔེར་ན་ཟས་དུག་ཁོག་སོང་ཚེ། །ལ་འུར་སྨན་པ་བོས་ཏེ་བཤལ་བཏང་བཞིན། །སྡིག་པ་བྱས་འཕྲལ་གནོང་འགྱོད་དྲག་པོ་ཡིས། །ཡོངས་སུ་བཤགས་ནས་བྱང་བར་བྱ་དགོས་ཤིང་། །མ་ཟད་ཕྱིན་ཆད་སྡིག་པ་མི་དགེའི་རིགས། །གཏན་ནས་མི་བྱ་སྙམ་པས་འཕྲོ་བཅད་བྱ། །དཔེར་ན་སྔ་མོ་དུག་གིས་མནར་བའི་མིས། །ཕྱིས་སུ་དུག་གི་སྒྲ་ཙམ་ཐོས་པས་ཀྱང་། །འཇིགས་ནས་ཟས་སྤྱོད་ཀུན་ལ་འཛེམ་ལྟར་དགོས། །དེ་མིན་སྐུད་པ་ཡར་ཕྱིར་བསྒྲིམ་འདྲ་ཡིས། །སྡིག་པ་མི་འདག་དགེ་བ་མི་འགྲུབ་པས། །བླང་དོར་གནད་ལ་མི་བརྗེད་དྲན་པས་བརྟེན། །ཤེས་བཞིན་བྱ་ར་བྱེད་ཅིང་བག་ཡོད་ཀྱིས། །ཚུལ་བཞིན་སྡོམ་པའི་ངང་ལ་གནས་པར་དགོས། །གང་ཞིག་དམ་ཆོས་ཡང་དག་སྒྲུབ་འདོད་ཀྱིས། །ཐོག་མཐའ་བར་གསུམ་སྡིག་པ་བྱང་བའི་ཐབས། །དེ་ལྟར་ཁོ་ན་ཐུགས་ལ་བཞག་པར་མཛོད།། ༈ །།དེ་ལྟར་འགལ་རྐྱེན་སྡིག་སྒྲིབ་སྦྱངས་བྱས་ནས། །ཚོགས་གཉིས་རྫོགས་ནས་ཆོས་སྐུ་མངོན་འགྱུར་ཕྱིར། །བསོད་ནམས་ཚོགས་བསགས་མཎྜལ་རིམ་པ་ནི། །དེ་ཡང་མཚན་དོན་འགྲེལ་ཙམ་ཞིག་འགོད་ན། །འབུལ་ཡུལ་འབུལ་བྱ་འབུལ་བྱེད་ཕུན་སུམ་ཚོགས། །བསོད་ནམས་བསགས་པའི་རིམ་པ་གཅིག་ཆར་རྫོགས། །དེ་ལྟར་ལག་ཏུ་ལེན་པར་བྱེད་པའི་ཐབས། །རྒྱ་སྐད་མཎྜལ་བོད་སྐད་དཀྱིལ་འཁོར་ཞེས། །དེ་ལྟར་ལྷ་ཚོགས་རྣམས་ལ་འབུལ་བར་བྱ། །ཚོགས་ཆེན་རྫོགས་པར་བྱེད་པའི་ཐབས་མཎྜལ། །འབུལ་བར་བྱེད་པས་དེ་སྐད་ཅེས་པ་ཡིན། །ཕུལ་བའི་དགོས་ཆེད་སོགས་ཀྱི་དོན་བཤད་པ། །ད་ལྟ་འབྱོར་བ་ཡོད་མེད་ལ་དཔྱད་ན། །ཕྱི་ཡུལ་ཁང་ཞིང་ཆུ་ཤིང་ལོ་འབྲས་དང་། །སྤང་ལྗོངས་བྲག་རི་ཡིད་འོང་ལ་སོགས་པ། །ནང་བཅུད་སྐྱེ་འགྲོ་འཁོར་འབངས་ཕྱུགས་རིགས་དང་། །རིན་ཆེན་ནོར་རྫས་ཟས་གོས་ཕུན་ཚོགས་དང་། །གསང་བ་རང་ལུས་དབང་པོ་ཚང་བ་དང་། །སེམས་གསལ་ཤེས་རིག་རྣམ་པར་བཀྲ་ལ་སོགས། །སྔོན་བསགས་རྣམ་དཀར་འབྲས་བུ་སྨིན་པ་ལས། །སུས་ཀྱང་མ་བྱས་གང་ནས་ཀྱང་མ་བྱུང་། །དེ་བཞིན་དབུལ་པོ་ཉམ་ཐག་རྣམས་ལ་ཡང་། །བདག་ཏུ་འཛིན་པའི་ས་དང་ཁང་ཁྱིམ་དང་། །ཟས་གོས་ལ་སོགས་ཅུང་ཟད་ཙམ་མེད་ཐོག །དབང་པོ་མ་ཚང་ཤེས་པ་ལྐུགས་པ་དང་། །འཁྱག་ལྟོགས་སྐོམ་དང་ནད་གདོན་རྐྱེན་ངན་སོགས། །རྣམ་པ་དུ་མས་ཤིན་ཏུ་ཉམ་ཐག་མནར། །ཕན་ཐབས་བྱས་ཀྱང་ལོག་པར་འགྲོ་བ་སྟེ། །དེ་དག་སྔོན་གྱི་བསོད་ནམས་མ་བསགས་པའི། །ལས་ངན་འབྲས་བུ་ལུས་ངན་བླངས་པ་ལ། །སུས་ཀྱང་མ་བྱས་བྱེད་པ་པོ་ཡང་མེད། །དེ་བཞིན་སྔོན་གྱི་བསྐལ་བཟང་རྫོགས་ལྡན་དུས། །དཔོན་ལ་འཁོར་བསྒྱུར་ཁྲིམས་ལ་དགེ་བཅུ་དང་། །དེ་ཕྱིར་ལྷ་མི་འབྱོར་ལྡན་མང་པོས་ཁེངས། །དེང་སང་སྡིག་དཔོན་མི་དགེ་བཅུ་དར་བས། །ངན་སོང་གསུམ་དང་དབུལ་ཕོངས་སྐྱེ་འགྲོ་མང་། །དེ་ཕྱིར་བསོད་ནམས་ཚོགས་གསོག་རྒྱ་ཆེན་པོ། །ལྟ་ཅི་ཅུང་ཟད་གསོག་མཁན་མེད་དབང་གིས། །ཐམས་ཅད་དབུལ་པོའི་རང་བཞིན་གྱུར་པ་དང་། །འགྱུར་དང་འགྱུར་བར་ཉེ་བར་ཤ་སྟག་པ། །འདི་ལ་དཔྱད་དང་མངོན་སུམ་ཚད་མས་གྲུབ། །ད་ལྟ་རང་རེ་བླ་མ་ཆོས་པ་རྣམས། །བསོད་ནམས་ཚོགས་ཆེན་བསགས་མཁན་གཙོར་ཡིན་རུང་། །དེས་ཀྱང་དངོས་སུ་འབྱོར་བ་རྒྱ་ཆུང་ཞིང་། །ཁྱད་པར་སེམས་བསྐྱེད་བསྐྱེད་རྫོགས་ལྡན་པ་དཀོན། །དགོས་མེད་ཚེ་འདིའི་འཇིག་རྟེན་ཆོས་བརྒྱད་ཀྱི། །དབང་དུ་སོང་ན་བསོད་ནམས་ཚོགས་ཡང་དག །གསོག་མཁན་ཡོན་མཆོད་གཉིས་ཆར་དཀོན་པ་སྟེ། །ཅིའི་ཕྱིར་ཞེ་ན་ཞིང་བསམ་དངོས་པོ་གསུམ། །མ་དག་པས་ནི་ཚོགས་རྫོགས་མི་འགྱུར་གསུངས། །དེ་ཡི་མཐུ་ལས་ད་ལྟ་ཕལ་ཆེར་ལ། །མཆོད་སྦྱིན་གཏོང་རྒྱུ་ལ་སོགས་ཆེར་མེད་ཐོག །རང་གི་ཟས་གོས་ལོངས་སྤྱོད་ཙམ་ལ་ཡང་། །དབུལ་ཞིང་བཀྲེས་ནས་དབྱར་ལྡོམ་སྟོན་ལྡོམ་བྱེད། །ཚོང་དང་ཁེ་སྤོག་སྡིག་ལས་ཀྱིས་བྲེལ་ནས། །དགེ་བ་སྒྲུབ་པའི་ལོང་ཁོམ་མི་ཡོང་ཞིང་། །རེ་དོགས་རྩོལ་སྒྲུབ་རྣམ་གཡེང་ཁོ་ན་ཡི། །དབང་དུ་མི་ཚེ་ཧྲིལ་པོར་ཟད་པ་མང་། །རྣམ་དག་ཚོགས་བསགས་མེད་པའི་ལེ་ལན་གྱིས། །འབྲས་བུ་བདེ་སྐྱིད་མ་འབྱོར་དབུལ་བ་ཡིན། །དེས་ན་འབད་རྩོལ་རི་ཙམ་བྱེད་པ་བས། །བསོད་ནམས་མེ་སྟག་ཙམ་ཞིག་གསོག་པ་མཆོག །བཀའ་དང་ལུང་དང་རིགས་པ་ཚད་མ་ཡིས། །མཐོང་ཆོས་མྱོང་གྱུར་མངོན་སུམ་གྲུབ་པས་ན། །བསོད་ནམས་ཚོགས་ཆེན་བསགས་ལ་འབད་གལ་ཆེ། །དེ་ཡི་མཐུ་ལས་དགེ་བའི་བག་ཆགས་སད། །དངོས་གཞི་ཉམས་མྱོང་འཕྲལ་དུ་སྐྱེ་སླ་ཞིང་། །གེགས་དང་གོལ་ས་རྣམས་ཀྱང་ཆུང་བ་དང་། །ཁྱད་པར་རང་རེའི་བསྒྲུབ་བྱའི་མཐར་ཐུག་པ། །རང་དོན་ཆོས་སྐུ་རྟོགས་པ་ཕུན་སུམ་ཚོགས། །གཞན་དོན་གཟུགས་སྐུ་ཐུགས་རྗེ་ཕུན་ཚོགས་ཏེ། །དོན་གཉིས་ལྷུན་གྲུབ་སྐུ་གཉིས་ཐོབ་པ་སོགས། །དགོས་ཆེད་དུ་མར་ཡོད་པས་ཚོགས་གསོག་མཛོད། །རྒྱལ་བ་ཐབས་མཁས་ཐུགས་རྗེ་ལྡན་པ་ཡིས། །ལུས་ངག་ཡིད་དང་ཕྱི་ནང་གསང་བ་དང་། །འབྱོར་ཚོགས་དུ་མའི་སྒོ་ནས་ཚོགས་བསགས་པའི། །རིམ་པ་མཐའ་ཡས་གསུངས་པའི་ནང་ཚན་ནས། །མཆོག་ཏུ་གྱུར་པ་མཎྜལ་འདི་ཉིད་ཡིན། །དངོས་པོའི་རྒྱུ་ནོར་ལོངས་སྤྱོད་འབྱོར་བ་ལ། །སྡིག་ཚོགས་སེར་སྣའི་དྲི་མས་མ་གོས་པ། །ཅི་ལྟར་བྱས་ཀྱང་ཕལ་ཆེར་འབྱུང་བ་དཀའ། །དེས་ན་གླིང་བཞི་གླིང་ཕྲན་སྟོང་གསུམ་གྱི། །འཇིག་རྟེན་རབ་འབྱམས་མཐའ་དང་མུ་མེད་དང་། །བདག་གི་ལུས་དང་ལོངས་སྤྱོད་དང་བཅས་པ། །སྒོ་གསུམ་འདུན་སྤྱོད་ཆིག་དྲིལ་འབུལ་བ་ནི། །སེར་སྣའི་དྲི་བྲལ་སྡིག་གིས་མ་གོས་ཤིང་། །བྱ་སླ་ཆོད་ཆེ་ཚོགས་ཆེན་རྫོགས་པ་སོགས། །གསང་སྔགས་ཐབས་ཀྱི་ཁྱད་ཆོས་དུ་མས་འཕགས། །དེ་ཕྱིར་ངེས་ཤེས་ལྷག་ཏུ་བསྐྱེད་བྱས་ནས། །དེ་ལྟར་ལག་ལེན་དངོས་སུ་བཏབ་པའི་སྐབས། །མཎྜལ་རྒྱུ་ནི་ཡང་རབ་རིན་ཆེན་རིགས། །འབྲིང་ནི་མཁར་བ་ལི་ཟངས་ལ་སོགས་པ། །བཀོད་རྒྱུའི་ཚོམ་བུ་རབ་ནི་རིན་ཆེན་རིགས། །འབྲིང་ནི་སྨན་སྣ་འབྲུ་རིགས་ཅི་འབྱོར་རྣམས། །རྡོ་ཐལ་ཕུབ་མ་བྱ་བྲུན་མེད་པར་བསལ། །ཆུས་བཀྲུ་དྲི་བཟང་གིས་ནི་ཁ་དོག་བསྒྱུར། །བ་བྱུང་ཆུ་དང་བཅས་ཏེ་ཚོགས་པར་བྱ། །གནས་ཁང་བྱི་དོར་བྱས་ནས་ཆག་ཆག་གདབ། །རང་གི་མདུན་ངོགས་ཅོག་སྟེགས་མཐོ་བའི་ཁར། །སྟོན་པའི་སྐུ་བརྙན་ལ་སོགས་སྐུ་རྟེན་རིགས། །སྡུད་པ་གསང་སྙིང་ལ་སོགས་གསུང་རྟེན་དང་། །བཀའ་གདམས་མཆོད་རྟེན་ལ་སོགས་ཐུགས་རྟེན་དང་། །སྒྲུབ་པའི་མཎྜལ་ཚོམ་བུ་ལྔ་བཀོད་ཏེ། །མཆོད་པ་བྱེ་བྲག་བཟང་ལ་སྤུས་གཙང་བས། །མཐའ་བསྐོར་མཆོད་འབུལ་དམིགས་པའི་རྟེན་དུ་བཞག །ཨོ་རྒྱན་རྡོར་འཆང་ལ་སོགས་རྟེན་བརྟེན་པ། །ཚོགས་ཞིང་སྤྱི་ལྟར་གསལ་བའི་སྤྱན་སྔར་རུ། །མཆོད་པའི་མཎྜལ་མེ་ཏོག་ཅུང་ཟད་བཅས། །གཡོན་གྱིས་བཏེགས་ཏེ་སྒྲིབ་པ་སྦྱང་ཕྱིར་དུ། །ངག་ནས་ཡིག་བརྒྱ་ཚར་གསུམ་བཟླ་བའི་ཚེ། །གཡས་ཀྱི་མཁྲིག་མས་ཕྱི་ནང་གསུམ་རེར་ཕྱིས། །ཡན་ལག་བདུན་པ་བརྗོད་ཅིང་ཚིག་རྗེས་སུ། །དོན་རྣམས་ལེགས་པར་དྲན་པའི་ངང་ཉིད་ནས། །ས་སྐྱ་འགྲོ་མགོན་འཕགས་པས་མཛད་པའི་ལུགས། །མཎྜལ་སོ་བདུན་མ་ཞེས་ཡོངས་གྲགས་ཡིན། །དེ་ལྟར་ཨོཾ་ནས་སྔགས་རྣམས་བརྗོད་པ་ཡིས། །བྱིན་གྱིས་རླབས་ནས་རྡོ་རྗེའི་ས་གཞིར་གྱུར། །བྱང་ཆུབ་སེམས་རྒྱུན་བརླན་ཕྱིར་བ་བྱུང་དང་། །དྲི་བཟང་གིས་ནི་ཆག་ཆག་ལེགས་པར་གདབ། །དམིགས་པའི་གསོལ་འདེབས་འོག་གཞི་འབྱུང་ལྔ་ནི། །རིམ་བརྩེགས་ནམ་མཁའ་སྔོན་པོ་དབྱིབས་གྲུ་གསུམ། །དེ་སྟེང་རླུང་གི་རྡོ་རྗེ་རྒྱ་གྲམ་ལྗང་། །དེ་སྟེང་ཆུ་དཀྱིལ་དཀར་པོ་ཟླུམ་པོ་འཁྱིལ། །ཟུར་བཞིའི་འོག་ནས་ཅུང་ཟད་རླུང་གཡོ་བས། །རྒྱ་མཚོའི་སྟེང་ཡང་སྤྲིས་མ་ལྟ་བུ་ཆགས། །མཐར་ནི་དབང་ཆེན་གསེར་གྱི་ས་གཞིར་གྱུར། །ཁོད་སྙོམས་རྒྱ་ཁྱོན་རབ་ཏུ་ཡོངས་སུ་མཛེས། །བར་བར་ལྟ་ན་སྡུག་པའི་སྤོས་ཆུས་གང་། །མེ་ཏོག་སྣ་ཚོགས་བཅལ་དུ་བཀྲམ་པར་དམིགས། །གཡས་ཀྱི་མཐེབ་སྲིན་མེ་ཏོག་ཚོམ་བུ་བཟུང་། །ཨོཾ་སོགས་སྔགས་རྣམས་བརྗོད་པས་སྣོད་བྱིན་རླབས། །གླིང་བཞིའི་ཕྱི་རིམ་ལྕགས་རི་ནག་པོས་བསྐོར། །གཡས་བསྐོར་དབུས་བཞག་ཧཱུྃ་ཞེས་བགེགས་བསལ་ཞིང་། །དངོས་སུ་ལྕགས་རི་ཡོད་ན་ཕྱི་ལ་འགོད། །དེ་སྟེང་ཚོམ་བུ་ཆེ་བ་ཞིག་བཀོད་དེ། །གསེར་གྱི་ས་གཞི་རྒྱ་མཚོ་ཆེན་པོའི་དབུས། །རི་ཡི་རྒྱལ་པོ་གྲུ་བཞི་བང་རིམ་བཞི། །འོག་མ་དང་པོ་གཡུ་ཡི་རྡོ་རྗེ་ཅན། །གཉིས་པ་རྣམ་དཔུང་གསུམ་པ་ཤེལ་འོད་འབར། །བཞི་པ་འཁོར་ལོ་རྣམ་བརྩེགས་ཞེས་བྱ་སྟེ། །ཤར་ཕྱོགས་ཤེལ་ལས་གྲུབ་པའི་དཀར་པོ་དང་། །ལྷོ་ཕྱོགས་བཻཌཱུར་ལས་གྲུབ་སྔོན་པོ་དང་། །ནུབ་ཕྱོགས་པད་རག་ལས་གྲུབ་དམར་པོ་དང་། །བྱང་ཕྱོགས་གསེར་ལས་གྲུབ་པའི་སེར་པོ་སྟེ། །ཤིན་ཏུ་མཛེས་ཤིང་རབ་ཏུ་བརྗིད་ཆགས་པ། །རི་དབང་ལྷུན་པོ་ཞེས་པ་དེ་ཡི་ཕྱིར། །མཐོ་ཚད་དཔག་ཚད་བརྒྱད་ཁྲི་ཡོད་པར་གསུང་། །དེ་ཡི་མཐའ་བསྐོར་གསེར་གྱི་རི་བདུན་ཏེ། །གཉའ་ཤིང་འཛིན་ཅེས་གཉའ་ཤིང་བཞིན་དུ་དྲང་། །བཤོལ་མདའ་འཛིན་ཞེས་བཤོལ་མདའ་ལྟར་དྲང་བ༑ །སེང་ལྡིང་ཅན་ཞེས་རྩེ་མོ་ནགས་ཚལ་ཡོད། །ལྟ་ན་སྡུག་ཅེས་རྩེ་མོ་མཛེས་པ་དང་། །ལྟ་རྣ་ཅན་ཞེས་བྲག་རི་རྟ་རྣ་འདྲ། །རྣམ་འདུད་ཅེས་པ་རྩེ་མོ་ནང་དུ་འདུད། །མུ་ཁྱུད་འཛིན་ཞེས་ཀུན་གྱི་མཐའ་བསྐོར་ཡོད། །དེ་བཞིན་རོལ་མཚོ་ཡན་ལག་བརྒྱད་ལྡན་ནི། །བསིལ་དྲོད་སྙོམས་ཞིང་དྲི་བཟང་རེག་བྱ་འཇམ། །རྙོག་པ་མེད་པ་རབ་ཏུ་དྭངས་པ་དང་། །དྲི་མ་མེད་པ་མགྲིན་པར་འཇུག་བདེ་ཞིང་། །ལྟོ་བར་འཇུ་བདེ་རོལ་མཚོ་བདུན་གྱིས་བསྐོར། །རི་རབ་སྟེང་ཕྱོགས་སུམ་རྩེན་ལྷའི་གྲོང་ཁྱེར། །དབུས་སུ་བརྒྱ་བྱིན་ཕོ་བྲང་རྣམ་རྒྱལ་ཁང་། །མཐའ་བསྐོར་རྣམས་སུ་སྐྱེད་མོའི་ཚལ་ཆེན་དང་། །དཔག་བསམ་ཤིང་དང་ཁྲུས་ཀྱི་རྫིང་བུ་དང་། །རྡོ་ཡི་ཨར་མོ་ནིག་དང་ནོར་བུའི་ཕུང་། །མེ་ཏོག་རྙིང་པ་དོར་ཅིང་གསར་པ་བཀྲམ། །ལམ་སྲང་གསེར་ཕྱེ་ཙནྡན་ཆུ་ཆག་གདབ། །ལ་སོགས་འབྱོར་ཚོགས་བསམ་མི་ཁྱབ་པ་དང་། །དེ་སྟེང་དགའ་ལྡན་འཕྲུལ་དགའ་ལ་སོགས་པ། །འདོད་གཟུགས་གཟུགས་མེད་ཁམས་སོགས་རིམ་པས་ཆགས། །བདེ་སྐྱིད་ལོངས་སྤྱོད་ཚེ་ཚད་སོ་སོ་སྟེ། །དགེ་བའི་སྟོབས་ལས་གྲུབ་པ་དཔག་མེད་གསལ། །རི་རབ་བང་རིམ་གསེར་རི་བདུན་སོགས་ལ། །རྒྱལ་ཆེན་རིགས་བཞིའི་ལྷ་དང་ལྷ་མིན་གནས། །རོལ་མཚོར་ཀླུ་རིགས་བཞི་སོགས་དུད་འགྲོ་གནས། །ཤར་རི་རང་ཕྱོགས་རྩིས་པའི་ཚོམ་བུ་རེ། །རིམ་གྱིས་གནས་ལ་མཚམས་མེད་འགོད་བྱ་སྟེ། །འཛམ་གླིང་མི་ལས་བདུན་འགྱུར་དཔངས་མཐོ་བས། །ལུས་འཕགས་གླིང་ཞེས་བྱ་བ་ཤར་ན་གནས། །ཆུ་ཤེལ་ལས་གྲུབ་དབྱིབས་ནི་ཟླ་གམ་མོ། །འཛམ་བུ་བྲྀཀྵའི་ཤིང་འབྲས་མཚོར་ལྷུང་བས། །འཛམ་ཞེས་སྒྲ་གྲགས་པས་ན་འཛམ་གླིང་ལྷོར། །བཻཌཱུར་ལས་གྲུབ་དབྱིབས་ནི་སོག་ཁ་འོ། །མི་རྣམས་འདོད་འཇོའི་བ་ལ་ལོངས་སྤྱོད་པས། །བ་གླང་སྤྱོད་ཅེས་བྱ་བ་ནུབ་ན་གནས། །པད་རག་ལས་གྲུབ་དབྱིབས་ནི་ཟླུམ་པོ་འོ། །མི་རྣམས་འཆི་བའི་དུས་ལ་བབ་པ་ན། །དཔག་བསམ་ཤིང་ལས་སྒྲ་མི་སྙན་པར་གྲགས། །སྒྲ་མི་སྙན་ཞེས་གྲགས་པ་བྱང་ན་གནས། །གསེར་ལས་གྲུབ་ཅིང་དབྱིབས་ནི་གྲུབ་བཞི་འོ། །དེ་ལྟར་དམིགས་ནས་ཚོམ་བུ་སོར་སོར་འགོད། །ལར་ནི་ལྷུན་པོ་གསེར་གྱི་མུ་ཁྱུད་དང་། །གླིང་བཞི་ལ་སོགས་བསྐལ་པ་ཆགས་པའི་དུས། །རླུང་སོགས་འབྱེད་སྡུད་རབ་འབྲིང་ཐ་མས་གྲུབ། །ཤར་གླིང་གཡས་སུ་ལུས་དང་གཡོན་ལུས་འཕགས། །ལྷོར་གླིང་གཡས་གཡོན་རྔ་ཡབ་རྔ་ཡབ་གཞན། །ནུབ་གླིང་གཡས་གཡོན་གཡོ་ལྡན་ལམ་མཆོག་འགྲོ། །བྱང་གླིང་གཡས་གཡོན་སྒྲ་མི་སྙན་དང་ཟླ། །དེ་དག་སོ་སོའི་གླིང་གི་ཕྱེད་ཆ་སྟེ། །རྒྱུ་ནོར་དབྱིབས་དང་བཀོད་པ་ལ་སོགས་མཚུངས། །གཉའ་ཤིང་འཛིན་གྱིས་རི་རབ་ཕྱེད་ཆར་སླེབ། །དེ་བཞིན་གསེར་རི་བདུན་པོ་ཕྱེད་ཕྱེད་ཕྲི། །གླིང་བཞི་མུ་ཁྱུད་འཛིན་གྱི་ཕྱེད་ཆ་སྟེ། །དེ་དག་ཕྱི་ནས་ལྕགས་རི་གཅིག་གིས་བསྐོར། །ཡུལ་ལྗོངས་ཆེན་པོ་དེ་དག་ལར་གནས་མི། །དུད་འགྲོའི་རིགས་དང་ལོངས་སྤྱོད་བསམ་མི་ཁྱབ། །དེ་དག་ཐམས་ཅད་འབུལ་བའི་དམིགས་འདུན་བྱ། །ཤར་གླིང་ནང་དུ་རིན་ཆེན་སྣ་ཚོགས་ཀྱིས། །རི་བོ་རྒྱ་དཔངས་ཚད་མེད་གང་འདོད་འབྱུང་། །ལྷོ་ཡི་གླིང་དུ་རིན་ཆེན་དཔག་བསམ་ཤིང་། །ཡལ་ག་ལོ་འབྲས་མེ་ཏོག་ཕུན་སུམ་ཚོགས། །དགོས་འདོད་ཐམས་ཅད་འབད་མེད་འཇོ་བ་དང་། །ནུབ་གླིང་འདོད་འཇོའི་བ་མཆོག་གཟུགས་བཟང་བ། །ལྟ་ན་སྡུག་པ་འདོད་དགུ་འབད་མེད་འཇོ། །བྱང་གླིང་མ་རྨོས་པ་ཡི་ལོ་ཐོག་འབྲས། །ནངས་བརྔས་ནུབ་སྐྱེས་ནུབ་བརྔས་ནངས་སྐྱེས་པ། །ས་ཡི་ཀ་ཞེས་འཛད་མེད་འབྱུང་བ་དང་། །རོ་བཅུད་ནུས་པ་ཕུན་སུམ་ཚོགས་པ་སྟེ། །དེ་དག་གླིང་བཞིའི་འདོད་ཡོན་ཁྱད་འཕགས་ཡིན། །གཅིག་ཙམ་མ་ཡིན་གླིང་རྣམས་ས་གཞི་གང་། །གྲངས་མང་རྒྱ་ཆེ་མཐའ་ཡས་གསལ་ནས་འབུལ། །དེ་བཞིན་ཤར་རིའི་མདུན་གྱི་ནམ་མཁའ་ལ། །འཁོར་ལོས་སྒྱུར་རྒྱལ་བསོད་ནམས་ལས་བྱུང་བའི། །ལྷ་རྫས་ལས་གྲུབ་གསེར་འཁོར་རྩིབས་སྟོང་པ། །ལྟེ་བ་མུ་ཁྱུད་ལྡན་པ་འོད་ཟེར་འབར། །ཉིན་རེར་དཔག་ཚད་འབུམ་ཕྲག་ལམ་གཅོད་ཅིང་། །གླིང་བཞི་སུམ་ཅུ་རྩ་གསུམ་ལ་སོགས་བགྲོད། །དཔག་བསམ་ཤིང་མདུན་ནོར་བུ་རིན་པོ་ཆེ། །ཟུར་བརྒྱད་འོད་ཀྱིས་དཔག་ཚད་བརྒྱ་གསལ་བ། །ཚ་གྲངས་སྙོམས་ཞིང་ནད་དང་འཆི་བ་སྐྱོབ། །གང་བསམ་ཐམས་ཅད་མོད་ལས་བྱུང་བ་དང་། །འདོད་འཇོའི་བ་མདུན་བཙུན་མོ་རིན་པོ་ཆེ། །བུད་མེད་སྐྱོན་གྱི་རྣམ་པ་ལྔ་བྲལ་ཞིང་། །བསམ་པ་མཐུན་ཅིང་བུ་མང་བཙའ་བ་དང་། །རིགས་མཐུན་སྲིད་མཐོ་ཕྲག་དོག་ཀྱལ་ཚིག་མེད། །ལོག་ལྟ་མེད་ཅིང་རང་ཚུགས་ཟིན་པ་དང་། །ཡོན་ཏན་བརྒྱད་ལྡན་མཛེས་ཤིང་ལྟ་ན་སྡུག །འདོད་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞིར་མཁས། །རེག་པ་ཙམ་གྱིས་བདེ་བའི་མཆོག་སྟེར་མའོ། །མ་རྨོས་མདུན་དུ་བློན་པོ་རིན་པོ་ཆེ། །ས་ཡི་བདག་པོས་གང་བསམ་ཡིད་ལ་ཤེས། །གཟུགས་བཟང་རྒྱུད་དྲང་ཤིན་ཏུ་བརླིང་བ་དང་། །སྟོབས་དང་དཔའ་རྩལ་མཆོག་ལྡན་དཔུང་རྣམས་ཀྱིས། །འགྲོ་གནས་ལྡོག་ལ་ངང་གིས་མཁས་པ་དང་། །དར་དང་རིན་ཆེན་སྣ་ཚོགས་བརྒྱན་ལྡན་པའོ། །དེ་བཞིན་ཤར་ལྷོའི་གླིང་ཕྲན་བར་ལམ་དུ། །གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་ཡང་། །དཔག་ཚད་བརྒྱད་ཁྲིར་ཡུད་ཀྱིས་བགྲོད་པ་ཅན། །སྤྱི་གཙུག་དམར་ཞིང་མཐོ་བའི་གདོང་པ་ལ། །ནོར་བུ་རིན་ཆེན་དྲྭ་བས་གཡོགས་པ་དང་། །གླང་ཆེན་ཕལ་པ་སྟོང་གི་སྟོབས་ལྡན་པ། །གཡུལ་ལས་རབ་ཏུ་རྒྱལ་བར་བྱེད་པའོ། །ལྷོ་ནུབ་གླིང་ཕྲན་གཉིས་ཀྱི་བར་ལམ་དུ། །རྟ་མཆོག་རིན་ཆེན་གཡུ་ལྟར་སྔོ་བ་དང་། །ནད་མེད་གཟི་བརྗིད་ཆེན་པོ་དང་ལྡན་པ། །ཁོ་ལག་ཡོངས་རྫོགས་མགྱོགས་པའི་བང་རྩལ་གྱིས། །དཔག་ཚད་བརྒྱད་ཁྲི་སྐད་ཅིག་ཉིད་ལ་བགྲོད། །ནུབ་བྱང་གླིང་ཕྲན་གཉིས་ཀྱི་བར་ལམ་དུ། །དམག་དཔོན་རིན་ཆེན་སྟོབས་དང་ལྡན་པ་སྟེ། །སྒྱུ་རྩལ་ཆེ་ཞིང་དམག་གི་འགྲོ་ལྡོག་དང་། །གཡུལ་གྱི་བྱ་བ་བྱེད་ལ་མཁས་པ་སྟེ། །གོ་ཞུབ་ཀྱིས་སྤྲས་གཟི་བརྗིད་ལྡན་པ་དང་། །རིན་ཆེན་གསེར་དངུལ་བང་མཛོད་འཛད་མེད་པས། །སྐྱེ་བོ་རྣམས་ནི་རབ་ཏུ་དགའ་བྱེད་པའོ། །བྱང་ཤར་གླིང་ཕྲན་གཉིས་ཀྱི་བར་ལམ་དུ། །དྲང་སྲོང་རྣམས་ཀྱི་རིག་སྔགས་མཐུས་གྲུབ་པའི། །གཏེར་གྱི་བུམ་བཟང་དགོས་འདོད་ཀུན་འབྱུང་བ། །གང་འདོད་ཆར་འབེབ་དབུལ་བའི་གདུང་བ་སེལ། །འཛད་པ་མེད་པ་གཏེར་གྱི་བུམ་པ་སྟེ། །དེ་ལྟར་རྒྱལ་སྲིད་སྣ་བདུན་ལེགས་པར་གསལ། །ལྕགས་རི་ཡོད་ན་བར་སྐབས་དེ་རུ་དགོད། །དེ་བཞིན་ཤར་གྱི་འཁོར་ལོའི་མདུན་མཁའ་རུ། །སྒེག་མོ་དཀར་མོ་མཛེས་ཤིང་ལྟ་ན་སྡུག །ལང་ཚོ་རྒྱས་པའི་ཉམས་འགྱུར་སྣ་ཚོགས་སྟོན། །ཤེལ་གྱི་མེ་ལོང་ཐོགས་ནས་འགྱིང་བ་དང་། །ནོར་བུའི་མདུན་དུ་ཕྲེང་བ་སེར་མོ་ཡིས། །རིན་པོ་ཆེ་ཡི་ཕྲེང་བ་འཛིན་པ་དང་། །བཙུན་མོའི་མདུན་དུ་གླུ་མ་དམར་མོ་ཡིས། །སྙན་འགྱུར་ལྡན་པའི་གླུ་ལེན་པི་ཝང་འཛིན། །བློན་པོའི་མདུན་དུ་གར་མ་ལྗང་གུ་ཡིས། །མིག་འཕྲུལ་ལྟ་བུ་གར་གྱི་ཉམས་འགྱུར་རྩེ། །དེ་དག་རྣམས་ནི་ནང་སྒེག་བཞི་ཡིན་ནོ། །ཤར་ལྷོའི་གླང་ཆེན་མདུན་དུ་མེ་ཏོག་མ། །དཀར་སེར་འགྱིང་སྟབས་མེ་ཏོག་སྣ་ཚོགས་འཛིན། །རྟ་མཆོག་མདུན་དུ་བདུག་སྤོས་སྔོན་མོ་ཡིས། །བདུག་སྤོས་འཛིན་པའི་དྲི་ངད་སྟོང་གསུམ་ཁྱབ། །དམག་དཔོན་མདུན་དུ་སྣང་གསལ་དམར་མོ་ཡིས། །སྣང་གསལ་འཛིན་པའི་འོད་ཀྱིས་ཉི་བཞིན་གསལ། །བུམ་པའི་སྟེང་དུ་དྲི་ཆབ་ལྗང་གུ་ཡིས། །དྲི་ཆབ་དུང་ཞལ་འཛིན་ཏེ་ཕྱི་སྒེག་བཞི། །སྒེག་མོའི་སྟེང་གི་ནམ་མཁའི་ཀློང་དཀྱིལ་ན། །ཉི་མའི་དཀྱིལ་འཁོར་འོག་གཞི་མེ་ཤེལ་དང་། །མཐའ་ཆགས་གསེར་ལས་གྲུབ་པ་དཔག་ཚད་ནི། །ལྔ་བཅུ་ང་གཅིག་ཚད་དང་མཉམ་པ་དང་། །ཟེར་གྱིས་གླིང་བཞིའི་མུན་པ་སེལ་ཅིང་དྲོ། །གླུ་མའི་མདུན་མཁར་ཟླ་བའི་དཀྱིལ་འཁོར་ནི། །ཆུ་ཤེལ་ལས་གྲུབ་དངུལ་གྱི་མཐའ་ཆགས་ཅན། །དཔག་ཚད་ལྔ་བཅུའི་ཚད་དང་ལྡན་པ་སྟེ། །དྭངས་ཤིང་གསལ་ལ་བསིལ་བའི་རང་བཞིན་ཅན། །གར་མའི་མདུན་མཁར་རིན་པོ་ཆེ་ཡི་གདུགས། །དཀར་པོ་གསེར་གྱི་ཡུ་ཅན་གཡོན་ཕྱོགས་འཁོར། །ཕྲེང་བའི་མདུན་མཁར་ཕྱོགས་ལས་རྣམ་རྒྱལ་བའི། །རྒྱལ་མཚན་དྲངས་ཤིང་དར་སྣའི་ཤམ་བུ་ཅན། །ཞིབ་པར་གསལ་ནས་སོ་སོར་མེ་ཏོག་བཀོད། །ལྕགས་རི་ཡོད་ན་བར་སྐབས་དེ་རུ་འགོད། །མཐར་ནི་དབུས་དང་བར་མཚམས་མེད་པ་རུ། །ལྷ་མིའི་འབྱོར་ཚོགས་ཕུན་སུམ་ཚོགས་པ་ཡིས། །ཕྱུར་བུར་བཀང་སྟེ་འབུལ་བའི་དམིགས་འདུན་དང་། །མེ་ཏོག་ཕྱུར་བུར་བཀང་སྟེ་ཏོག་འཛུགས་དགོས། །གུ་རུ་ཨི་དཾ་ལ་སོགས་བརྗོད་བྱས་ནས། །བོད་སྐད་བླ་མ་མཆོད་པའི་དཀྱིལ་འཁོར་དང་། །བདག་ལུས་ལོངས་སྤྱོད་འབུལ་ལོ་ཞེས་པ་ཡིན། །དེ་ལྟར་ཕུལ་ནས་སྨོན་ལམ་གདབ་པ་ནི། །མཉེས་བྱེད་མཎྜལ་བཟང་པོ་སོགས་བརྗོད་ཅིང་། །རྒྱལ་བ་མཉེས་བྱེད་མཎྜལ་བླ་མེད་འདི། །ཕུལ་བས་སྒྲུབ་ལ་བར་ཆད་མི་འབྱུང་ཞིང་། །མཐུན་པའི་རྐྱེན་རྣམས་ཕུན་སུམ་ཚོགས་པ་དང་། །དུས་གསུམ་རྒྱལ་བའི་ཐུགས་དགོངས་རྫོགས་པ་དང་། །བདག་གཞན་སྲིད་པར་མི་འཁྲུལ་རང་དོན་འགྲུབ། །ཞི་བར་མི་གོལ་མཁའ་མཉམ་སེམས་ཅན་སྒྲོལ། །ནུས་པ་ཤོག་ཅེས་སྨོན་ལམ་བཏབ་པ་ཡིན། །ཚིག་རྗེས་དོན་དྲན་ངང་ནས་ཞིབ་པར་འབུལ། །དེ་ནས་གཡས་སུ་འབྲུ་རྣམས་དལ་བུས་བསྡུ། །དེ་ལྟར་ལན་ལྔ་བདུན་སོགས་གང་རུང་འབུལ། །དེ་བཞིན་སྙིང་ཐིག་སྐུ་གསུམ་མཎྜལ་ནི། །ཚོམ་བུ་བཀོད་པའི་སྐབས་སུ་བཤད་པ་བཞིན། །གཅིག་ཏུ་བརྩི་བས་སྟོང་ཞིག་ལོན་པ་ན། །སྟོང་ནི་དང་པོ་སྤྱི་ཕུད་འཇིག་རྟེན་བྱ། །དེ་འདྲ་སྟོང་ཞིག་སོང་བར་གྱུར་པའི་ཚེ། །སྟོང་ནི་གཉིས་པ་བར་མའི་འཇིག་རྟེན་བྱ། །དེ་འདྲ་སྟོང་ཞིག་སོང་བར་གྱུར་པའི་ཚེ། །སྟོང་གསུམ་སྟོང་ཆེན་འཇིག་རྟེན་ཞིང་ཁམས་བྱ། །དེ་དག་མི་མཇེད་འཇིག་རྟེན་ཞིང་ཁམས་ཏེ། །ཤཱཀ་ཐུབ་སྤྲུལ་སྐུ་གཅིག་གི་འདུལ་ཞིང་ཡིན། །དེ་ལྟར་ཞིང་ཁམས་བསམ་གྱིས་མི་ཁྱབ་ན། །ལྷ་མིའི་ཡོ་བྱད་འབྱོར་ཚོགས་བསམ་མི་ཁྱབ། །རང་གི་ལུས་དང་ལོངས་སྤྱོད་དགེ་རྩ་བཅས། །ཆགས་ཞེན་མེད་པ་ཡོངས་སུ་སྤུངས་བྱས་ཏེ། །བླ་མ་སྤྲུལ་སྐུའི་ལྷ་ཚོགས་འབུལ་བར་དམིགས། །ཚོམ་བུ་བསྡུས་པ་དགུ་ཙམ་བཀོད་པར་བྱ། །དེ་ནི་ཐུན་མོང་སྤྲུལ་སྐུའི་མཎྜལ་ཡིན། །དེ་སྟེང་བཀོད་པ་ཆེན་པོ་ལྔའི་ཞིང་ན། །སྒེག་སོགས་འདོད་ཡོན་ལྷ་མོ་གྲངས་མེད་པ། །མཆོད་སྤྲིན་མཐའ་ཡས་ལོངས་སྐུའི་ལྷ་ཚོགས་ལ། །འབུལ་བར་དམིགས་ནས་ཚོམ་བུ་ལྔ་ཙམ་བཀོད། །དེ་ནི་ཐུན་མིན་ལོངས་སྐུའི་མཎྜལ་ཡིན། །དེ་སྟེང་ཆོས་སྐུ་སྐྱེ་མེད་མཎྜལ་ཚུལ། །སྣང་བཞི་ལ་སོགས་རྟོག་ཚོགས་ཚོམ་བུ་བཀོད། །བླ་མ་ཆོས་སྐུའི་ལྷ་ཚོགས་འབུལ་བར་དམིགས། །ཚོམ་བུ་བསྡུས་པ་གསུམ་ཙམ་བཀོད་བྱས་པ། །ཁྱད་པར་ཆོས་སྐུའི་མཎྜལ་ཉིད་ཡིན་ནོ། །དེ་ལྟར་སྐུ་གསུམ་མཎྜལ་གྲངས་གསོག་གམ། །ཚོམ་བུ་བདུན་པ་ལག་ལེན་བདེ་བའི་ཕྱིར། །ས་གཞི་སྤོས་ཆུ་ལ་སོགས་བརྗོད་བྱས་ནས། །གླིང་བཞི་རི་རབ་ཉི་ཟླ་དང་བཅས་པ། །ཚོམ་བུ་བདུན་དུ་བཀོད་དེ་དམིགས་པ་དང་། །དེ་ལྟར་རགས་པའི་ཁོངས་སུ་བསྡུ་བར་བྱ། །གྲངས་སོགས་ཆད་ལྷག་མེད་པར་ཞིབ་ཀྱིས་གསོག །འབུལ་ཟིན་འབྲུ་རྣམས་རྟེན་དྲུང་སྤུང་བའམ། །བྱ་སྤྲང་སོགས་ལ་སྦྱིན་པ་སྟེར་ན་ལེགས། །མིན་ཀྱང་དམིགས་པའི་རྟེན་དུ་བསྐྱར་བྱས་རུང་། །དོན་དུ་འབུལ་ཡུལ་འབུལ་བྱ་ལ་སོགས་པ། །སེམས་ཀྱི་དམིགས་པ་ཟབ་མོ་གཙོར་འདོན་ཏེ། །བསོད་ནམས་ཚོགས་ཆེན་ལེགས་པར་རྫོགས་དགོས་ཤིང་། །དེ་ཡང་རྟགས་མཚན་འདི་དག་དང་ལྡན་པར། །ཆོས་ནི་མང་ཤེས་སྔར་བརྗོད་པ་ཡང་དྲན། །ཉི་ཟླ་ཤར་དང་མེ་ཏོག་ཚལ་དུ་ཕྱིན། །གོས་གསར་གྱོན་དང་རྒྱན་བཟང་བཏགས་པ་དང་། །མཎྜལ་མེ་ལོང་ཕྱི་ཞིང་ལྟ་བ་དང་། །དུང་འབུད་རོལ་མོ་དཀྲོལ་ཞིང་རྔ་ཆེན་བརྡུང་། །ལྷ་ཁང་མཐོང་སོགས་དངོས་ཉམས་རྨི་ལམ་དུ། །རིམ་པར་མ་བྱུང་བར་དུ་ཅི་ནས་ཀྱང་། །དད་འདུན་རྣམ་དག་གཙང་སྦྲ་ལྡན་པས་འབུལ། །གནས་སྐབས་མཐར་ཐུག་ཕན་པ་བསམ་མི་ཁྱབ། །འབྱོར་ཚོགས་རྒྱས་ཤིང་བསམ་དོན་ལྷུན་གྱིས་འགྲུབ། །ས་ལམ་ཡོན་ཏན་ཐམས་ཅད་གོང་འཕེལ་ཞིང་། །སངས་རྒྱས་སྐུ་གཉིས་མངོན་དུ་འགྱུར་བར་བྱེད། །དེས་ན་འདི་ལ་ལག་ལེན་རྩེ་གཅིག་མཛོད།། ༈ །།དེ་ནས་རྒྱུད་ལ་བྱིན་རླབས་མྱུར་འཇུག་ཐབས། །ལམ་ཟབ་བླ་མའི་རྣལ་འབྱོར་རིམ་པ་ནི། །དེ་ཡི་མཚན་དོན་འགྲེལ་ཙམ་ཞིག་འགོད་ན། །རྒྱལ་བ་སྲས་བཅས་ཕྲིན་ལས་རྒྱ་མཚོ་ཡི། །ཕོ་ཉ་གདུལ་བྱའི་དཔལ་དུ་ཤར་བས་བླ། །ཉམ་ཐག་སེམས་ཅན་ཐམས་ཅད་འཕྲལ་ཡུན་གྱི། །ཕན་བདེའི་ལམ་ལ་མྱུར་དུ་བཀྲི་བས་མ། །ཐུགས་རྗེ་བྱིན་རླབས་ཡོན་ཏན་རང་བཞིན་གྱི། །སྐུ་སྒོམ་གསོལ་འདེབས་མཚན་བསྙེན་བཟླས་པ་ཡིས། །ཐུགས་རྒྱུད་བྱིན་རླབས་ཡོངས་སུ་ཉེ་བར་འཕོ། །རྣལ་མའི་གནས་ལུགསཡེ་ཤེས་འཁྲུལ་བྲལ་བ། །རང་གི་རྒྱུད་ལ་མྱུར་དུ་འབྱོར་བྱེད་པས། །དེ་ཕྱིར་བླ་མའི་རྣལ་འབྱོར་ཞེས་པ་ཡིན། །དེ་འདྲའི་ལམ་མཁན་འགྲོ་བ་ལྷ་དང་བཅས། །སྐྱེ་དགུ་བདག་པོ་ཚངས་པ་ལ་སོགས་དང་། །རང་ཉིད་རྩེ་བའི་ཕ་མ་ཉེ་འབྲེལ་གྱིས། །གང་ཞིག་ཕྱོགས་ཙམ་སྟོན་པར་མི་ནུས་པའི། །ཐར་ལམ་སྟོན་པའི་དཔལ་ལྡན་བླ་མ་དེ། །རྒྱལ་བ་སྲས་དང་བཅས་པའི་སྒྱུ་འཕྲུལ་ལགས། །དཔེར་ན་གྲུ་མེད་ཆུ་ཡི་ཕ་རོལ་ན། །ཕྱིན་མི་ནུས་བཞིན་བླ་མ་མེད་པ་ན། །འཁོར་བའི་རྒྱ་མཚོ་ཆེ་ལས་ཡོངས་མི་སྒྲོལ། །ལོང་ཁྲིད་མེད་ན་ཕྱིན་པར་མི་ནུས་བཞིན། །བླ་མ་མེད་ན་ཐར་ལམ་ག་ལ་རྙེད། །ཉི་ཟླ་མེད་ན་མུན་ཚོགས་མི་སེལ་ལྟར། །བླ་མ་མེད་ན་རྨོངས་མུན་སུ་ཡིས་སེལ། །བཀྲེས་ཤིང་སྐོམ་པའི་ནད་ཀྱིས་མནར་བ་ལ། །འདོད་ཡོན་མེད་ན་གདུང་བ་མི་སེལ་བཞིན། །བླ་མའི་བརྩེ་བས་དམ་ཆོས་མ་གསུངས་ན། །སྲིད་ཞིའི་མཐར་ལྷུང་གདུང་བ་སུ་ཡིས་སེལ། །འཇིག་རྟེན་རྒྱལ་པོ་ཕ་མ་ལ་སོགས་ཀྱིས། །སྟོན་པར་མི་ནུས་འཕྲལ་ཡུན་ཀུན་བདེ་ཞིང་། །དོན་གཉིས་འགྲུབ་ཅིང་བླང་དོར་མིག་འབྱེད་པ། །ཐར་ལམ་ཡང་དག་སྟོན་པའི་བླ་མ་ནི། །བརྩེ་གདུང་འབྲེལ་མེད་སྒོ་ནས་བསྟེན་པར་འོས། །ཕྱི་པ་རྣམས་ཀྱིས་མེ་ལྔ་ལ་སོགས་ལ། །བརྟེན་ཏེ་དཀའ་བ་དཔག་མེད་སྤྱོད་པས་ན། །བདེ་ནས་བདེ་བར་ཁྲིད་པའི་བླ་མ་དེ། །བདག་གིས་དཀའ་བས་བསྙེན་བཀུར་ཅིས་མི་བྱེད། །སྙམ་ནས་བློ་རྒྱ་བསྐྱེད་དེ་བསྟེན་པར་རིགས། །ཚེ་འདིའི་རྒྱལ་བློན་བཙན་པོ་ལ་སོགས་ཀྱང་། །བསྐྱབ་ཏུ་རེ་ནས་རྒྱུ་ནོར་ཐམས་ཅད་འབུལ། །འཇིག་རྟེན་བཟོ་རིགས་མཁས་ལའང་བསྙེན་བཀུར་བྱེད། །འདུ་བ་སྙོམས་པར་བྱེད་པའི་སྨན་པ་ལའང་། །མཆོད་ཅིང་བསྟོད་དེ་དྲིན་ཆེར་རློམ་པས་ན། །སེམས་ཅན་སངས་རྒྱས་སུ་སྒྲུབ་གཏན་བདེ་སྟེར། །དུག་ལྔའི་གཅོང་ནད་རྩ་བ་ནས་འབྱིན་པའི། །བླ་མ་དེ་ལ་བདག་གིས་གུས་པ་དང་། །བསྙེན་བཀུར་ཅི་ཕྱིར་མི་བྱེད་སྙམ་དུ་ནི། །ལྷག་པར་བློ་རྒྱ་བསྐྱེད་དེ་བསྟེན་པར་རིགས། །ཉིན་ཞག་རེ་ཡི་འཇིགས་པ་སྐྱོབ་ཕྱིར་དུ། །སྐྱེས་བསུ་བྱེད་ཅིང་ཟས་གོས་ནོར་ཐོབ་ཕྱིར། །རྩོལ་སྒྲུབ་དཀའ་སྤྱད་ཅི་ཙམ་ནུས་བྱེད་ཅིང་། །གཉེན་འདུན་གྲོགས་ལ་དགའ་སྤྲོ་ལྡན་པ་ཡིས། །རྒྱུ་ནོར་ཐམས་ཅད་སྟེར་བར་བྱེད་ནུས་ན། །བདུད་བཞིའི་དགྲ་བཅོམ་དགོས་འདོད་ནོར་བུ་སྟེར། །གཏན་བདེའི་གནས་སྦྱིན་དམ་པའི་ཆོས་ཟབ་མོ། །རང་ངོ་སྤྲོད་པའི་བླ་མ་དམ་པ་དེ། །བདག་གི་གུས་དང་བསྙེན་བཀུར་ཅིས་མི་བྱེད། །སྙམ་ཞིང་བློ་རྒྱ་བསྐྱེད་དེ་བསྟེན་པར་རིགས། །མདོར་ན་གནས་སྐབས་ཚེ་འདིའི་ཟས་གོས་ནོར། །འཇིགས་པ་ཕྲན་བུ་སྐྱོབ་ལའང་དྲིན་ཆེ་རློམ། །དྲིན་ལན་འཇལ་བར་ཀུན་གྱིས་བྱེད་སྲོལ་ན། །འཁོར་བ་སྡུག་བསྔལ་མཐའ་དག་ལས་བསྒྲལ་ཞིང་། །གཏན་གྱི་བདེ་བ་ཕུན་ཚོགས་སྟེར་བ་ཡི། །བཀའ་དྲིན་སྟོང་གསུམ་གསེར་གྱིས་བཀང་ནས་སུ། །འབུལ་བར་བྱས་ཀྱང་ཆ་ཙམ་གཞལ་མི་བཏུབ། །དེ་འདྲའི་བླ་མ་བཀའ་དྲིན་མཚུངས་མེད་པ། །བསྟེན་ནས་བྱིན་རླབས་འཇུག་པར་བྱེད་པ་ལ། །དད་དང་དག་སྣང་སྒོ་ནས་ཤེས་བྱ་ནི། །བླ་མའི་གསང་གསུམ་སངས་རྒྱས་དངོས་མཐོང་དང་། །སྤྱོད་པ་བཟང་ངན་ཅི་མཛད་ཐམས་ཅད་ལ། །སངས་རྒྱས་མཛད་ཕྲིན་ཡིན་པར་ཤེས་པ་དང་། །ཡོན་ཏན་སངས་རྒྱས་ཀུན་དང་མཉམ་གྱུར་ཀྱང་། །བཀའ་དྲིན་སངས་རྒྱས་ཀུན་ལས་ཆེས་ལྷག་ཅིང་། །མཚུངས་ཟླ་མེད་པའི་བླ་མ་དམ་པ་དེ། །སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཡིན་པ་དང་། །ལམ་ཁྱེར་གཞན་ལ་རག་ནི་མ་ལུས་པར། །མོས་གུས་ཅན་ལ་བྱིན་རླབས་གཅིག་ཆར་དུ། །འཕོ་བར་ཤེས་པ་ལྔ་ཡི་རང་བཞིན་དང་། །དོན་དུ་མོས་ཁམས་ཐ་དད་འདུལ་ཕྱིར་དུ། །ཞི་བས་འདུལ་ལ་ཞི་བའི་ཆོས་འདོམས་ཤིང་། །སྦྱིན་པས་འདུལ་ལ་ཡོད་བྱད་འབྱེད་པ་དང་། །དབང་གིས་འདུལ་ལ་དབང་དུ་བསྡུ་བ་དང་། །དྲག་པོས་འདུལ་ལ་སྡིགས་འཚོག་རྔམ་པས་འདུལ། །རྡོ་རྗེའི་རིགས་རྣམས་གསང་གསུམ་སྤྲོས་ཀུན་ཞི། །རིན་ཆེན་རིགས་རྣམས་སྒེག་ཆོས་རྒྱན་ནོར་ལྡན། །པདྨའི་རིགས་རྣམས་ཡུམ་བཅས་གང་འདུལ་སྟོན། །ལས་ཀྱི་རིགས་རྣམས་དྲག་ཤུལ་གཏུམ་རྔམ་སོགས། །མདོར་ན་འགྲོ་བ་གང་ལ་གང་འདུལ་གྱི། །ཕྲིན་ལས་ངེས་མེད་བཟང་ངན་བར་མ་དོ། །རྣམ་པ་སྣ་ཚོགས་སྟོན་པར་མཛད་པ་ཡིན། །དེས་ན་ནོར་རྫས་སྲེད་པ་ཆེ་སྙམ་དང་། །རང་དོན་ང་རྒྱལ་སེར་སྣ་ཆེ་བ་དང་། །བརྣབ་སེམས་ཁོང་ཁྲོ་ཉོན་མོངས་ཧྲག་པ་དང་། །ཡུམ་དང་བཅས་ཏེ་རིགས་གཟུགས་ངན་པ་དང་། །ཅིར་ཡང་མི་ཤེས་སྙམ་པ་ལ་སོགས་པས། །དངོས་སུ་གཞན་ལ་ངག་གིས་བརྗོད་པ་དང་། །མ་གུས་རྣམ་པར་སྤྱོད་པ་ལྟ་ཅི་སྨོས། །སྐད་ཅིག་ཙམ་ཡང་ཡིད་ཀྱིས་དྲན་པའམ། །རྨི་ལམ་དུ་ཡང་རྨི་བར་མི་བྱ་སྟེ། །བྱས་ན་ཉེས་པ་གཞན་དག་ལས་ཚབ་ཆེ། །དེ་ཕྱིར་མ་གུས་རྣམ་པ་ཡོངས་སྤངས་ནས། །ལུས་ངག་ཡིད་གསུམ་འདུན་པ་ཆིག་དྲིལ་གྱིས། །སྒོ་ནས་ལེགས་པ་བསྟེན་པ་གལ་ཆེ་བས། །དང་པོ་ལུས་ཀྱི་སྒོ་ནས་མ་གུས་པའི། །རྣམ་པ་སྤང་བྱའི་རིམ་པ་མདོར་བསྡུ་ན། །བླ་མའི་སྐུ་དང་བཞུགས་གདན་གྲིབ་མ་དང་། །ན་བཟའ་ལ་སོགས་འགོམ་པར་མི་བྱ་སྟེ། །མདུན་དུ་སྐྱིལ་ཀྲུང་བཅའ་དང་སྒེག་ཆོས་དང་། །སྐུ་ཆེས་ཉམས་འགྱུར་རིགས་རྣམས་བསྟེན་པ་དང་། །རྒྱབ་བརྟེན་གཞོགས་སྔས་རྐང་པ་བརྐྱང་པ་སོགས། །མདོར་ན་མ་གུས་རྣམ་པ་ཉེས་ལྕི་བས། །དེ་དག་ཐམས་ཅད་ཡོངས་སུ་སྤངས་བྱས་ནས། །གུས་འདུད་ཆེན་པོའི་ངང་ནས་འདི་ལྟར་བསྟེན། །ལུས་ཀྱི་ལས་ནི་གཞན་དུ་མངགས་པ་དང་། །ཉེར་མཁོ་གང་དགོས་རིགས་དང་མེ་ཆུ་གཡང་། །གཅན་གཟན་དགྲ་རྐུན་འཇིགས་པ་ཀུན་སྲུང་ཞིང་། །ཕེབས་དུས་བསུ་སྐྱེལ་ཕྱག་དང་སྐོར་བ་དང་། །ལེགས་པར་བྱ་བཞིན་བསྟེན་པར་བྱ་དགོས་སོ། །ངག་གི་རྫུན་དང་ཕྲ་མ་ཚིག་རྩུབ་དང་། །འཆལ་གཏམ་བཀའ་གཅོག་གདོང་བཟློག་བྱེད་པ་དང་། །ལྐོག་ནས་གཤེ་བ་ལ་སོགས་ཉེས་ལྕི་རིགས། །སྤངས་ཏེ་ཕན་ཡོན་ཀུན་གྱི་མཆོག་ཤེས་པའི། །སྒོ་ནས་ངག་གི་གུས་འདུད་འདི་ལྟར་བྱ། །གསོལ་འདེབས་ཞབས་བརྟན་བསྟོད་པ་སྐྱབས་འགྲོ་སོགས། །རྒྱུན་དུ་དབྱངས་བཅས་སྣང་བ་འགྱུར་ངེས་འདོན། །བདེན་པའི་ཚིག་དང་འཇམ་པོ་སྙན་པོ་བཅས། །གསོང་པོར་སྨྲ་ཞིང་ཅི་གསུངས་བཀའ་ཐམས་ཅད། །སྒྲུབ་པའི་ལན་ནི་སྙན་པོར་འབུལ་དགོས་སོ། །ཡིད་ཀྱི་སྒོ་ནས་མ་དད་ལོག་ལྟ་དང་། །ཁོང་ཁྲོ་དང་ནི་སྐྱོན་དུ་བཏགས་པ་དང་། །བརྙས་སེམས་འགྲན་སེམས་བརྣབ་སེམས་གནོད་སེམས་དང་། །ང་རྒྱལ་བསྐྱེད་སོགས་ཉེས་པའི་རིགས་རྣམས་སྤོངས། །ཕན་ཡོན་ལྷག་ཏུ་ཆེ་བར་ཤེས་པའི་ངང་། །ཕལ་ལས་འབུམ་འགྱུར་ལྷག་པའི་དག་སྣང་དང་། །དོན་གཉེར་མོས་གུས་དྲག་པོ་ཆེར་བསྐྱེད་དེ། །བླ་མའི་ཕྱི་ནང་གསང་གསུམ་ཡོན་ཏན་དང་། །ལྷག་པར་བཀའ་དྲིན་ཆེ་བ་ལ་སོགས་པ། །དྲན་དང་ཤེས་བཞིན་འབྲལ་བ་མེད་པ་ཡི། །བླ་མའི་སྐུ་སྒོམ་ཡིད་ཆེས་མོས་གུས་བསྐྱེད། །ནོར་རྫས་ཟས་ནོར་ཆེ་ཕྲ་གང་ཡོད་རྣམས། །ནུས་བསྟུན་བླ་མ་ཆོས་ཕྱོགས་གཏོང་བར་བྱ། །ཕན་ཡོན་མཆོག་ཏུ་ཆེ་བའི་རང་བཞིན་ཏེ། །དགེ་བའི་འབྲས་བུ་ནམ་ཡང་ཆུད་མི་ཟ། །སྔ་མ་བསྐལ་པ་བཟང་ལྡན་དུས་ཀྱི་ཚེ། །རྣམ་རྟོག་ཤས་ཆུང་དགེ་སྡིག་ལས་སྲབ་པས། །འབྲས་བུ་ནམ་ཞིག་གཞན་དུ་སྨིན་པར་འགྱུར། །དེང་དུས་སྙིགས་ལྔའི་རྟོགས་པ་ཧྲག་དྲག་པས། །དགེ་སྡིག་གང་བྱས་ལས་མཐུག་ཆེས་པས་ན། །ཚེ་འདིར་ལས་ཀྱི་མཐོང་ཆོས་སྤྱིར་སྨིན་ཅིང་། །ཡུལ་མཆོག་འབྲེལ་ན་ཟླ་བས་བར་མི་ཆོད། །དངོས་སུ་སྨིན་པ་མདོ་སྡེ་དག་ལས་གསུངས། །དེ་དག་ལས་ཀྱང་སྒྲུབ་པའི་ཞབས་ཏོག་ནི། །མཆོག་རབ་རྩེ་མོ་གཅིག་ཏུ་གྱུར་པས་ན། །བླ་མའི་བསྟན་བྱ་སློབ་མའི་བསྒྲུབ་བྱ་ཡི། །གཙོ་བོ་རང་སེམས་གཏན་ལ་ཕབ་པ་ཉིད། །ཡིན་ཕྱིར་དབེན་པའི་གནས་སུ་དཀའ་སྤྱད་དང་། །བརྩོན་འགྲུས་ཤེས་རབ་ཕུན་སུམ་ཚོགས་པ་ཡིས། །རང་དོན་ཉམས་མྱོང་རྟོགས་པས་ཕྱུག་པར་བྱ། །གཞན་དོན་གང་ལ་གང་འདུལ་ཆོས་འཁོར་བསྐོར། །རྒྱལ་བའི་སྐུ་གསུང་ཐུགས་རྟེན་བཞེངས་པ་སོགས། །བླ་མའི་ཐུགས་དགོངས་མཉེས་ཤིང་རྫོགས་པའི་ཕྱིར། །གཙོ་བོར་སྙིང་པོ་སྒྲུབ་པས་དུས་འདའ་བའི། །མཉེས་པ་གསུམ་གྱི་སྒོ་ནས་བསྟེན་པར་བྱ། །དེ་ལྟར་བླ་མ་ཚུལ་བཞིན་བསྟེན་པ་ཡིས། །ཕན་ཡོན་ཚད་མེད་ཡང་དག་ལམ་ལ་ཁྲིད། །ཐེ་ཚོམ་སེལ་ཞིང་རྟོགས་པ་རྒྱུད་ལ་འཆར། །སྡུག་བསྔལ་ཞི་ཞིང་འཁོར་བའི་འདམ་ནས་འབྱིན། །མ་རིག་མུན་སེལ་ཡོན་ཏན་གཏེར་ཆེན་རྡོལ། །དངོས་གྲུབ་བཅུད་མྱོང་བླང་དོར་མིག་འབྱེད་ཅིང་། །དག་པའི་ཞིང་བགྲོད་ཚེ་རབས་ཀུན་ཏུ་ཡང་། །དགེ་བའི་བཤེས་ཀྱིས་རྗེས་སུ་བཟུང་བ་སོགས། །ཕན་ཡོན་ཚད་མེད་ལྷག་ཏུ་ཤེས་བྱས་ནས། །རྟོགས་པའི་ཡེ་ཤེས་རྒྱུད་ལ་བཙན་ཐབས་སུ། །འཕོ་བའི་མན་ངག་ཀུན་གྱི་མཐར་ཐུག་པ། །བླ་མའི་རྣལ་འབྱོར་མཆོག་ཏུ་ཟབ་པ་ཡིན། །ཅི་ཕྱིར་ཞེ་ན་བྱིན་རླབས་དངོས་གྲུབ་ཀུན། །འབྱུང་བའི་གནས་ནི་སྤྲོས་བྲལ་བདེ་གཤེགས་ཏེ། །དེ་ལྟར་དབྱེར་མེད་རྟོགས་ཤིང་མཆོག་ཐུན་གྱི། །དངོས་གྲུབ་ཡོངས་སུ་བརྙེས་ཤིང་བྱིན་རླབས་ཀྱི། །ཚན་ཁ་རབ་ཏུ་འབར་བ་བླ་མ་ལས། །གཞན་ནི་ནམ་ཡང་གང་དུ་མ་དམིགས་ཏེ། །དེ་འདྲའི་བྱིན་རླབས་ཁྱད་པར་འཕགས་པ་དེ། །གང་ཟག་སོ་སོའི་རང་རྒྱུད་སྙིང་དབུས་སུ། །འཇུག་པར་བྱ་བའི་ཐབས་ཀྱི་ཡང་ཟབ་ནི། །དད་དང་མོས་གུས་ཉེར་ལེན་ཁོ་ན་ཡིན། །དེ་ཕྱིར་ལམ་ནས་ལེགས་པར་དྲངས་དགོས་ཤིང་། །རང་གནས་ཡེ་ཤེས་ངོ་མ་འཕྲོད་པའམ། །མ་སྨིན་སྨིན་པར་བྱེད་པའང་བྱིན་རླབས་ཀྱི། །སྙིང་པོ་ཡོངས་སུ་ཐོབ་པར་འགྱུར་བའི་ཕྱིར། །དཔེར་ན་མཆན་ལ་ཕབ་བཏབ་དེ་ཡི་རྐྱེན། །རོ་བཅུད་ནུས་པ་མྱུར་དུ་སྟོན་པ་ལྟར། །ཡིན་ཕྱིར་ཁྱད་པར་འཕགས་པའི་མོས་གུས་བསྐྱེད། །དེ་ནས་སྒོམ་པ་དངོས་ཀྱི་སྐབས་སུ་ཡང་། །བླ་མའི་བྱིན་རླབས་དབང་བཞི་ཞུ་བ་ལ། །རྣམ་པ་བསྒྱུར་དང་མི་བསྒྱུར་གཉིས་ཡོད་དེ། །དད་པ་དག་སྣང་ཆེ་བའི་གང་ཟག་གིས། །བླ་མའི་སྐུ་ཡི་རྣམ་པ་བསྒྱུར་མི་དགོས། །ན་བཟའ་རྒྱན་ཆས་ལ་སོགས་གང་བཞུགས་པ། །དེ་ལྟར་བསྒོམས་པས་མཆོག་ཏུ་ཟབ་པ་ཡིན། །གཞན་དག་ལས་ནི་དང་པོ་པ་རྣམས་ཀྱིས། །ཐ་མལ་མི་ཡི་རྣམ་པ་སྒོམ་ཙ་ན། །ལོག་ལྟ་གིས་སྒྲིབ་བྱིན་རླབས་གེགས་བྱེད་ཅིང་། །སངས་རྒྱས་སྐུ་དངོས་མཐོང་བའི་སྐལ་པ་ཕྲ། །དེ་ཕྱིར་རྣམ་པ་འདི་ལྟར་བསྒྱུར་དགོས་གསུངས། །སྣང་སྲིད་དག་པ་རབ་འབྱམས་གཞིར་བཞུགས་སུ། །ཡོད་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པ་དེ། །ལམ་གྱི་དུས་འདིར་གཞིར་བཞེངས་གསལ་འདེབས་དགོས། །སེམས་ཅན་ཀུན་གྱི་འགྲོ་འདུག་བྱ་བའི་ཡུལ། །རྟེན་གཞི་མ་དག་སྣང་བ་འདི་ཐམས་ཅད། །གང་ཡང་མི་དམིགས་སྟོང་ཉིད་ངང་དུ་སྦྱངས། །པདྨ་འོད་ཀྱི་ཕོ་བྲང་རྒྱ་ཁྱོན་དང་། །མཚན་ཉིད་བཀོད་པ་ཡོངས་རྫོགས་གསལ་བའི་དབུས། །རང་ཉིད་དབང་རྟེན་ཡེ་ཤེས་སྐྱེ་ཕྱིར་དང་། །གུ་རུའི་རྗེས་སུ་འཛིན་པའི་རྟེན་འབྲེལ་ཆེ། །ངོ་བོ་ཡེ་ཤེས་མཚོ་རྒྱལ་རྣམ་པ་ནི། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་གསལ་སྟེ། །སྐུ་མདོག་དམར་གསལ་གཅེར་བུ་ཤེས་རབ་མཚོན། །དབྱིངས་རིག་དབྱེར་མེད་ཟུང་འཇུག་རྟོགས་པའི་བརྡར། །སྤྱན་གསུམ་རིང་བའི་ཚུལ་གྱིས་དབྱིངས་ལ་གཟིགས། །ཕྱག་གཡས་འགྲོ་རྣམས་གཏི་མུག་གཉིད་བསླང་ཕྱིར། །ཐོད་རྔ་ཁྲོལ་ཞིང་ཕྱག་ལག་གཡོན་པ་ཡིས། །དུག་གསུམ་རྩད་གཅོད་གྲི་གུག་དཀུར་བརྟེན་པ། །རུས་པའི་རྒྱན་ལྔ་མེ་ཏོག་ཆུན་འཕྱང་བརྒྱན། །དར་དཔྱངས་རླུང་བསྐྱོད་མཛེས་ཤིང་ལྟ་ན་སྡུག །བཅུ་དྲུག་ལོན་པའི་ན་ཚོད་དར་ལ་བབ། །སྣང་ལ་རང་བཞིན་མེད་པ་ནམ་མཁའ་ཡི། །འཇའ་ཚོན་ཇི་བཞིན་ལེགས་པར་གསལ་བཏབ་པའི། །སྤྱི་བོར་མདའ་གང་ནམ་མཁར་རིན་པོ་ཆེ། །སྣ་ཚོགས་ལས་གྲུབ་པདྨ་འབུམ་བདལ་དབུས། །སྲིད་ཞིའི་དྭངས་བཅུད་ཐབས་ཤེས་མཚོན་བྱེད་དུ། །ཉི་མ་དང་ནི་ཟླ་བའི་དཀྱིལ་འཁོར་དབུས། །ངོ་བོ་དུས་གསུམ་སངས་རྒྱས་འདུས་པའི་ཕྱིར། །མཁྱེན་བརྩེ་ནུས་གསུམ་མངའ་བའི་བདག་ཉིད་ཅན། །དཔལ་ལྡན་རྩ་བའི་བླ་མ་ཡིན་པ་ལ། །རྣམ་པ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོ། །བདེ་སྟོང་འདུ་འབྲལ་མེད་པས་མྱོས་པའི་ཕྱིར། །སྐུ་མདོག་དཀར་ལ་དམར་མདངས་ཅུང་ཟད་ཆགས། །ན་བཟའ་བྱང་སེམས་ཐེག་པ་རྫོགས་པའི་བརྡར། །གསང་གོས་དཀར་པོ་མདུང་མ་དམར་པོ་དང་། །གསང་སྔགས་ཐེགས་པ་རྫོགས་པའི་རྟགས་སུ་ནི། །སྔགས་པའི་ཆས་གོས་ཕོད་ཆེན་མཐིང་ག་དང་། །སོ་ཐར་ཐེག་པ་རྫོགས་པའི་རྟགས་སུ་ཡང་། །ཆོས་གོས་དམར་སེར་གསེར་གྱི་ཧ་རིས་ཅན། །ཐེག་པ་མ་ལུས་ཡོངས་སུ་རྫོགས་པའི་རྟགས། །ཟ་འོག་སྨུག་པོའི་བེར་བཅས་བརྩེགས་མར་གསོལ། །དབུ་ལ་པད་ཞུ་འདབ་མ་ལྔ་པ་མནབས། །ཕྱི་ནང་གཉིས་ནི་བསྐྱེད་རྫོགས་ཟུང་འཇུག་བརྡར། །སྐུ་གསུམ་མཚོན་བྱེད་ཡར་གྱི་རྩེ་གསུམ་དང་། །སྐུ་ལྔའི་འགྲོ་དོན་མཛད་ཕྱིར་འོད་ལྔ་བསྒྲིལ། །གསེར་དངུལ་ཉི་ཟླས་བརྒྱན་པ་ཐབས་ཤེས་བརྡ། །མུ་ཁྱུད་མཐིང་བསྒྲིལ་དམ་ཚིག་རྣམ་དག་བརྡ། །ཏིང་འཛིན་བརྟན་བརྡར་གསེར་རྡོར་ཕྱེད་པའི་ཏོག །ལྟ་བའི་ཡང་རྩེ་ཡོངས་སུ་ཕྱིན་པའི་རྟགས། །རྒོད་དང་རྨ་བྱའི་སྒྲོ་མདོངས་ཀྱིས་བརྒྱན་པ། །སྣང་སྲིད་ལྷ་འདྲེ་སྡིགས་ཤིང་དབང་བསྡུས་ཕྱིར། །ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན། །ཡོ་ག་ཚེ་ཡི་དངོས་གྲུབ་བརྙེས་པའི་རྟགས། །གཡོན་པ་མཉམ་བཞག་ཀཔཱ་ལིའི་ཚེ་རིལ་སྟེང་། །བདུད་རྩིས་བཀང་བའི་ཚེ་བུམ་དཔག་བསམ་གྱི། །ཁ་རྒྱན་ཅན་འཛིན་ཞབས་གཉིས་སག་ལྷམ་གསོལ། །རྒྱལ་པོ་རོལ་པའི་སྟབས་སུ་བརྗིད་ཆགས་བཞུགས། །མཆན་ཁུང་གཡོན་ན་ཡུམ་མཆོག་མནྡཱ་ར། །སྦས་པའི་ཚུལ་གྱི་ཁ་ཊྭཾ་ག་འཛིན་པ། །དེ་ཡང་ངོ་བོ་རང་བཞིན་ཐུགས་རྗེ་ཡི། །མཚོན་བྱེད་ཡར་གྱི་རྩེ་གསུམ་སྐུ་གསུམ་གྱི། །མཚོན་བྱེད་ཐོད་པ་སྐམ་རློན་རྙིད་པ་བརྩེགས། །ཚེ་ཡི་དངོས་གྲུབ་ཐོབ་པའི་ཚེ་བུམ་དང་། །སྐྱེ་འཆི་བགྲེས་རྒུད་སྤང་པ་རྒྱ་གྲམ་མཚན། །རྭ་ལ་ཐེག་དགུའི་མཚོན་བྱེད་ལྕགས་ལུང་དགུ །ཡེ་ཤེས་ལྔ་ཡི་མཚོན་བྱེད་དར་སྣ་ལྔ། །དུར་ཁྲོད་ཆེན་པོ་བརྒྱད་དུ་བརྟུལ་ཞུགས་ཀྱིས། །མ་མོ་མཁའ་འགྲོ་དབང་དུ་སྡུད་པའི་རྟགས། །གསང་བའི་རྔེའུ་ཆུང་དྲིལ་བུའི་ལྕེ་རྩེ་རུ། །ཐབས་ཤེས་མཚོན་བྱེད་ཉི་མ་ཟླ་བས་བསྐུལ། །ཤི་སྐྲ་གསོན་སྐྲ་སོགས་ཀྱིས་བརྒྱན་པ་སྟེ། །དེ་དག་མ་འདྲེས་ཡོངས་རྫོགས་གསལ་བཏབ་ཅིང་། །དེ་ཡི་མཐའ་བསྐོར་བར་མཚམས་རྣམས་སུ་ཡང་། །འོད་ལྔའི་དྲྭ་བ་མིག་མང་རིས་ཀྱི་དཀྱིལ། །འཇའ་འོད་ཟླུམ་འཁྱིལ་སྤྲིན་ལྟར་འཁྲིགས་པའི་དབུས། །རྒྱ་གར་རིག་འཛིན་བརྒྱད་དང་བོད་ལྗོངས་ཀྱི། །རྗེ་འབངས་ཉེར་ལྔ་བཀའ་གཏེར་བླ་མ་དང་། །ཡི་དམ་རྒྱུད་སྡེ་བཞི་དྲུག་ལྷ་ཚོགས་དང་། །ཆོས་སྲུང་དམ་ཅན་རྒྱ་མཚོ་མངོན་སུམ་དུ། །བཞུགས་པར་གསལ་ལ་ངག་འདོན་གང་ཡིན་འབྲེལ། །མོས་གུས་གདུང་ཤུགས་དྲག་པོ་ཡང་ཡང་བསྐྱེད། །ཚིག་བདུན་གསོལ་འདེབས་ལ་སོགས་བརྗོད་པ་ཡིས། །ཨོ་རྒྱན་གཙོ་འཁོར་རྟེན་དང་བརྟེན་པར་བཅས། །མངོན་སུམ་བྱོན་ནས་བསྐྱེད་པའི་དམ་ཚིག་དང་། །གཉིས་སུ་མེད་པ་ཆུ་ལ་ཆུ་འདྲེས་ལྟར། །གྱུར་ཅིང་བརྟན་པར་བཞུགས་པའི་སྤྱན་སྔ་རུ། །ཚོགས་བསགས་ཐབས་ཀྱི་རིམ་པ་མཐའ་ཡས་ཀྱང་། །བསྡུ་ན་ཡན་ལག་བདུན་པ་འདིར་འདུས་ཤིང་། །དེ་ལྟར་ཕུལ་བའི་རིམ་པ་དང་པོ་ནི། །ང་རྒྱལ་གཉེན་པོ་གྱུར་པ་ཕྱག་འཚལ་ནི། །རང་གཞན་སེམས་ཅན་ལུས་ནི་གྲངས་མེད་པ། །མགོ་ཡང་གྲངས་མེད་ཁ་ལྕེ་དཔག་མེད་ཀྱིས། །བསྟོད་དབྱངས་གྲངས་མེད་སྤྲུལ་ནས་ཆབས་ཅིག་ཏུ། །རང་གཞན་སེམས་ཅན་ཀུན་གྱིས་ཕྱག་འཚལ་ཞིང་། །ངག་གིས་འུར་དིར་སྐྱབས་འགྲོ་དབྱངས་བཅས་འདོན། །ཡིད་ཀྱིས་བློ་གཏད་ལིང་བསྐྱུར་གསོལ་བ་གདབ། །རང་གཞན་སྒོ་གསུམ་འཇུག་པ་གཅིག་པར་དམིགས། །དངོས་སུ་ཕྱག་གི་གྲངས་ཀྱང་གསོག་པར་བྱ། །འདོད་ཆགས་སེར་སྣའི་གཉེན་པོ་མཆོད་འབུལ་ནི། །མཆོད་རྫས་ཅི་འབྱོར་གཙང་སྦྲ་ཡིད་འོང་བར། །བཤམས་བཀོད་རྒྱ་ཆེན་བྱས་ལ་དངོས་སུ་འབུལ། །ཡིད་སྤྲུལ་མཆོད་པའི་ལྷ་མོ་བརྒྱད་སོགས་ཀྱིས། །མཆོད་རྫས་སྣ་ཚོགས་སོ་སོར་ཐོགས་པ་དང་། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་བརྒྱད་དང་། །ལྷམ་སྟན་བཞོན་པ་མལ་ཆ་བཞུགས་ཁྲི་དང་། །རལ་གྲི་པགས་པ་ཉེ་བའི་རིན་ཆེན་བདུན། །གཞན་ཡང་མཆོད་པའི་རྣམ་པ་སྣ་ཚོགས་པ། །གཞལ་ཡས་ཁང་དང་རིན་ཆེན་དྲྭ་ཕྱེད་དང་། །གླུ་གར་སིལ་སྙན་པི་ཝཾ་བསྟོད་དབྱངས་དང་། །མེ་ཏོག་རྣམ་པ་སྣ་ཚོགས་ཆར་བབ་པ། །རིན་ཆེན་རིགས་དང་སྨན་རིགས་ནགས་ཀྱི་ཚལ། །རྒྱ་མཚོ་དྭངས་པ་ངང་པས་བརྒྱན་པ་དང་། །སྨན་དང་སྤོས་རིགས་དྲི་ཞིམ་ངད་ལྡང་བ། །རོ་བཅུད་ནུས་པ་ལྡན་པ་ཕུན་ཚོགས་དང་། །བྲག་རི་སྤང་ལྗོངས་ཆུ་བསིལ་ཡིད་འོང་དང་། །ནམ་མཁའ་དྭངས་དང་ཉི་ཟླ་གཟའ་སྐར་བཀྲ། །ནམ་མཁའི་ཁམས་ཀུན་གང་བར་དམིགས་ནས་འབུལ། །ཞེ་སྡང་གཉེན་པོ་སྡིག་པ་བཤགས་པ་ནི། །དེ་ཡང་སྡིག་པ་གསོག་པའི་སྒོ་དྲུག་སྟེ། །ཉོན་མོངས་དུག་གསུམ་ལུས་ངག་ཡིད་གསུམ་དང་། །ཡུལ་ནི་ཕ་མ་བླ་མ་མཁན་པོ་སོགས། །ངོ་བོ་མི་དགེ་བཅུ་དང་མཚམས་མེད་ལྔ། །འཁོར་བ་ངན་སོང་སྐྱེ་བའི་འབྲས་བུ་རྣམས། །དུས་ཀྱང་ཐོག་མེད་ནས་བཟུང་དེང་ཕན་ཆོད། །རང་གཞན་དངོས་བརྒྱུད་བར་གསུམ་བསགས་པ་ཀུན། །དུག་ཆེན་ཁོང་དུ་སོང་ལྟར་འགྱོད་བྱེད་པ། །སྐྲག་པའི་རྣམ་པ་ཀུན་ཏུ་སུན་འབྱིན་སྟོབས། །སྡིག་སྒྲིབ་ཐམས་ཅད་ལྕེ་ཐོག་ཕུང་ངེར་འདུས། །བླ་མའི་མཛོད་སྤུའི་ཡེ་ཤེས་མེ་ལྕེས་བསྲེགས། །སྙམ་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། །ཕྱིན་ཆོད་སྡིག་པ་གཏན་ནས་མི་བྱེད་པར། །དམ་བཅའ་བླང་བ་རང་སོར་ཆུད་པའི་སྟོབས། །བླ་མར་བསྟེན་པས་བྱིན་རླབས་ཞུགས་པའི་མཐུས། །སྡིག་པ་དག་སོང་སྙམ་པའི་ངེས་ཤེས་བཅས། །སྡོམ་པའི་སྟོབས་ཏེ་སྟོབས་བཞི་ཚང་བ་ཡིས། །ཡང་ཡང་བཤགས་ཤིང་དག་པ་གལ་དུ་ཆེ། །ཁྱད་པར་སྡིག་པའི་ངོ་བོ་ཇི་ལྟར་འདུག །ཞིབ་པར་དཔྱོད་པས་ངོ་བོ་ཆེར་མ་རྙེད། །མཁའ་ལྟར་རྟོགས་པའི་ངང་དེར་མཉམ་བཞག་པས། །སྡིག་པ་གནས་པའི་ཡུལ་ཡང་རང་སངས་འགྲོའོ། །དེ་ནི་རྨད་བྱུང་བཤགས་པའི་རྒྱལ་པོ་ཡིན། །ཕྲག་དོག་གཉེན་པོ་རྗེས་སུ་ཡི་རང་ནི། །འཇིག་རྟེན་ཕལ་དང་ཉན་ཐོས་རང་སངས་རྒྱས། །བྱང་སེམས་འཕགས་དང་རྫོགས་པའི་སངས་རྒྱས་དང་། །སྲས་དང་སློབ་མར་རྗེས་འཇུག་དང་བཅས་པས། །དུས་གསུམ་བསགས་པའི་དགེ་ཚོགས་ཀུན་ལའང་། །བསམ་པ་རྣམ་དག་རྗེས་སུ་ཡི་རང་གིས། །བློ་རྒྱ་བསྐྱེད་དེ་དགའ་བ་རྒྱ་ཆེར་བསྒོམ། །དེའི་སྟོབས་དགེ་བ་གང་འགྲུབ་ཆུད་མི་ཟ། །གོང་འཕེལ་བསོད་ནམས་ཚད་མེད་མཉམ་དུ་ཐོབ། །གཏི་མུག་གཉེན་པོ་བསྐུལ་མ་གདབ་པ་ནི། །རྒྱལ་བ་སྲས་བཅས་དམ་ཆོས་མ་གསུངས་ན། །བསྟན་འགྲོའི་འཕྲལ་ཡུན་བདེ་སྐྱིད་ཅུང་མི་འབྱུང་། །ཐར་ལམ་སྟོན་མཁན་མེད་པས་མུན་གླིང་འགྱུར། །དེ་ཕྱིར་ཚངས་པས་གསེར་གྱི་འཁོར་ལོ་སོགས། །སྟོན་པར་ཕུལ་ནས་བསྐུལ་མ་གདབ་པ་ལྟར། །བདག་གིས་རིས་མེད་བསྟན་འཛིན་སྐྱེས་ཆེན་རྣམས། །གང་ལ་གང་འདུལ་ཆོས་འཁོར་རྒྱུན་ཆགས་སུ། །བསྐོར་ཕྱིར་དངོས་སུ་འབྱོར་ཚོགས་ཁྱད་འཕགས་བཅས། །ཕུལ་ནས་ཆོས་ཀྱི་རྔ་བརྡུང་དུང་འབུད་ཅིང་། །ཆོས་ཀྱི་དར་ཕྱར་སྒྲོན་མེ་སྤར་དུ་གསོལ། །ཞེས་ཏེ་དངོས་བརྒྱུད་བར་གསུམ་སྨོན་འདུན་བཅས། །སྒོ་གསུམ་རྩེ་གཅིག་གུས་པས་བཏུད་པར་བྱ། །དེས་ནི་ཆོས་སྤང་བྱས་པའི་སྡིག་པ་དག །ཚེ་རབས་ཐབས་ཅད་ཆོས་ཀྱི་བརྒྱུད་འཛིན་འགྱུར། །ལོག་ལྟའི་གཉེན་པོ་བཞུགས་སུ་གསོལ་བ་ནི། །འཇིག་རྟེན་ཁམས་འདིར་སངས་རྒྱས་བྱང་སེམས་དང་། །ཉན་རང་དགྲ་བཅོམ་མཁན་པོ་སློབ་དཔོན་དང་། །མཆེད་གྲོགས་ཆོས་རྒྱལ་ལ་སོགས་བསྟན་འགྲོ་ལ། །དངོས་བརྒྱུད་བར་གསུམ་ཕན་པ་མཛད་པ་ཡི། །སྐྱེས་བུ་དམ་པ་གང་ན་སུ་བཞུགས་ཀུན། །སྙིགས་དུས་ངན་དང་སེམས་ཅན་ལོག་སྒྲུབ་ཀྱིས། །སྐྱོ་ངལ་སོགས་ལ་ཅུང་ཟད་མི་དགོངས་པར། །ཇི་སྲིད་འཁོར་བ་མཐའ་རུ་མ་སྟོངས་བར། །གཟུགས་སྐུ་ནམ་ཡང་མྱ་ངན་མི་འདའ་བར། །བཞུགས་པའི་ཞབས་བརྟན་དངོས་བརྒྱུད་བར་གསུམ་འབུལ། །སྙིང་ནས་གསོལ་བ་རྩེ་གཅིག་གདབ་པར་བྱ། །དེས་ནི་དེད་དཔོན་རྣམས་དང་མི་འབྲལ་ཞིང་། །སྲོག་བཅད་སྡིག་སྦྱང་ཚེ་རིང་ནད་མེད་འགྱུར། །ཐེ་ཚོམ་གཉེན་པོ་དགེ་བ་བསྔོ་བ་ནི། །རང་གཞན་དུས་གསུམ་བསགས་པའི་དགེ་ཚོགས་ཀུན། །གཏན་བདེ་བླ་མེད་སངས་རྒྱས་གོ་འཕང་དུ། །མཁའ་ཁྱབ་སེམས་ཅན་མྱུར་དུ་འགོད་པའི་ཕྱིར། །ཡོངས་སུ་བསྔོ་བའི་འདུན་སྨོན་རྩེ་གཅིག་བྱ། །དེ་ཡིས་དགེ་བ་ཡང་དག་གོང་འཕེལ་ཞིང་། །བྱང་ཆུབ་མ་ཐོབ་བར་དུ་འཛད་མེད་འགྱུར། །དེ་ལྟར་ཡན་ལག་བདུན་པ་ཕུལ་བའི་མཐུས། །དྲི་མ་ཅན་གྱི་རིགས་ནི་ཆུས་བཀྲུས་ཏེ། །ཚོས་མདོག་བསྒྱུར་དང་ཉེ་བར་མཚུངས་པ་སྟེ། །སྡིག་སྒྲིབ་རགས་པ་ཕལ་ཆེར་སྦྱང་བ་དང་། །གཞི་ཡི་གནས་ལུགས་རྟོགས་པ་སླ་བ་སོགས། །དགོས་ཆེད་དུ་མར་ལྡན་ཕྱིར་ལྷག་པར་དུ། །དོན་གཉེར་རྩེ་གཅིག་བསྐྱེད་པ་གལ་དུ་ཆེ། །བསྙེན་སྔགས་བཛྲ་གུ་རུ་ལ་སོགས་པ། །བཟླ་ཚུལ་ལ་ཡང་ལེགས་པར་འཇུག་དགོས་ཏེ། །སྔགས་ཀྱི་སྒྲ་དོན་ནམ་ནི་ངོ་བོ་ནི། །ཨོཾ་ཞེས་སྐུ་ཡི་རྡོ་རྗེ་འགྱུར་བ་མེད། །ཨཱཿནི་གསུང་གི་རྡོ་རྗེ་འགག་པ་མེད། །ཧཱུྃ་ནི་ཐུགས་ཀྱི་རྡོ་རྗེ་འཁྲུལ་བ་མེད། །བཛྲ་འཕོ་འགྱུར་བྲལ་བས་རྡོ་རྗེ་སྟེ། །གུ་རུ་བླ་མ་པདྨ་བདེ་བ་དང་། །སིདྡྷི་དངོས་གྲུབ་སརྦ་ཐམས་ཅད་དང་། །ཧཱུྃ་ནི་སྩོལ་ཞེས་དེ་ཡང་བསྡུ་བྱས་ན། །རྡོ་རྗེའི་བླ་མ་བདེ་བའི་དངོས་གྲུབ་སྩོལ། །ཞེས་པ་ཡིན་གྱི་སྔགས་ཀྱི་སྒྲ་དོན་ཕྱིར། །ལ་ལ་མཚན་ནས་འབོད་ཅིང་ཐུགས་དམ་བསྐུལ། །ལ་ལ་ཡོན་ཏན་བརྗོད་ཅིང་བསྟོད་པར་བྱ། །དེ་ལྟར་བཟླས་པས་ཡེ་ཤེས་པ་བྱོན་ནས། །བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོགས་མེད་དུ། །ངེས་པར་སྟེར་བར་གདོན་མི་ཟ་བར་ཡིན། །དེ་ཕྱིར་ངེས་ཤེས་ལྷག་ཏུ་བསྐྱེད་པར་མཛོད། །བཟླ་ཚུལ་དངོས་ནི་ཆད་ལྷག་མ་སོང་བར། །ངག་གི་སྒྲ་དག་འདོན་ནས་རྣ་བས་ཉན། །རེད་མིན་སེམས་ཀྱིས་དཔྱད་དེ་མ་ཡེངས་བཟླ། །ལྷག་པར་འཕྲོ་འདུ་ཕྲིན་ལས་དམིགས་པ་ནི། །རང་ཉིད་རྣལ་འབྱོར་མ་ཡི་ཐུགས་ཀ་རུ། །ཟླ་དཀྱིལ་སྲན་མ་བཀས་པ་ཙམ་གྱི་སྟེང་། །ཧཱུྃ་དཀར་མཐར་རུ་སྔགས་ཕྲེང་གཡོན་དུ་བཀོད། །གཡས་སུ་འཁོར་ལས་འོད་ཟེར་ཁ་དོག་ལྔ། །རྩེ་མོར་མཆོད་པའི་ལྷ་མོ་དཔག་མེད་ཀྱིས། །མཆོད་རྫས་ནམ་མཁའ་གང་བ་རབ་སྤྲོས་ལ། །ཆོས་དབྱིངས་ཞིང་བཞུགས་སྐུ་གསུམ་རྒྱལ་བ་དང་། །སྲས་དང་སློབ་མ་བཅས་པ་ཐུགས་མཉེས་མཆོད། །འབུལ་བས་ལྷ་རྣམས་ཟག་མེད་བདེ་བས་མྱོས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ནི། །སྐུ་ནི་ཞི་དྲག་གསུང་ནི་ཡིག་འབྲུའི་རིགས། །ཐུགས་ནི་ཕྱག་མཚན་རྣམ་པར་དཔག་མེད་དང་། །འོད་ཟེར་དཀར་གསལ་དམར་མཐིང་སོགས་བཀྲག་ལ། །དྭངས་པ་བཅུད་ལ་སྣུམ་པ་དཔག་མེད་བྱུང་། །རང་གཞན་ཀུན་གྱི་སྤྱི་མགྲིན་སྙིང་ག་ནས། །ནང་དུ་ཞུགས་ཤིང་ཐིམ་པར་གྱུར་པའི་མོད། །སྡུག་བསྔལ་སྡིག་སྒྲིབ་ཆེས་ཆེར་བསལ་བ་ཡི། །ངན་སོང་མ་སྐྱེས་པ་རྣམས་སྐྱེ་སྒོ་ཁེགས། །སྐྱེས་པ་རྣམས་ཀྱི་སྡུག་བསྔལ་ཐག་བསྲིང་སྟེ། །ཅུང་ཟད་ལས་ཀྱི་རྣམ་སྨིན་སྲབ་པ་རྣམས། །སྐད་ཅིག་ཚེ་འཕོས་མི་ལུས་ཆོས་ལྡན་སྐྱེས། །ཆོས་སྒོ་མ་ཞུགས་ཞུགས་པར་བློ་རྒྱུད་བསྐུལ། །ཞུགས་རྣམས་བར་ཆད་ཞི་ཞིང་ལེགས་ལམ་བགྲོད། །བགྲོད་རྣམས་ཆོས་མཐར་ཕྱིན་ནས་མངོན་འཚང་རྒྱས། །ལུས་ནི་མ་སྨིན་སྨིན་ནས་གཟི་བརྗིད་ཆགས། །ངག་ནི་མ་སྨིན་སྨིན་ནས་ནུས་མཐུ་འབྱུང་། །ཡིད་ནི་མ་སྨིན་སྨིན་ནས་ཉམས་རྟོགས་འཕེལ། །ཡོན་ཏན་མ་རྫོགས་པ་རྣམས་རྫོགས་པ་དང་། །ཤེས་བྱའི་གནས་ལ་ཆགས་ཐོགས་མེད་པར་འགྱུར། །ཕྲིན་ལས་མ་རྒྱས་པ་རྣམས་རྒྱས་པ་ཡིས། །ལས་བཞིའི་ཕྲིན་ལས་ཐམས་ཅད་ལྷུན་གྲུབ་འགྱུར། །ཉན་རང་འགོག་པ་ལས་བསླང་བྱང་སེམས་ནི། །ཤེས་སྒྲིབ་ལས་ཀྱང་གྲོལ་སོང་སྙམ་པའི་ངང་། །རྟགས་བསྙེན་དུས་བསྙེན་གྲངས་བསྙེན་ལ་སོགས་པ། །གང་རུང་ཚད་དང་ལྡན་པ་བཟླ་བར་བྱ། །དེ་ལྟར་དམིགས་བཟླས་བྱས་པའི་ཕན་ཡོན་ནི། །ཚེ་འདིར་བགེགས་དང་བར་ཆད་མྱུར་ཞི་ཞིང་། །ལུས་ལ་ནད་མེད་བདེ་ལྡན་སྤྲུལ་སྐུ་ཐོབ། །ངག་ལ་བདེན་ནུས་སྟོབས་འབྱུང་ལོངས་སྐུ་ཐོབ། །སེམས་ལ་རྟོགས་པའི་རྩལ་རྫོགས་ཆོས་སྐུ་ཐོབ། །ཡི་དམ་ལྷ་ཡི་བྱིན་རླབས་དངོས་གྲུབ་སྟེར། །སྒྲིབ་གཉིས་བྱང་ནས་ཚོགས་གཉིས་རབ་རྫོགས་ཏེ། །ལས་བཞིའི་དཀྱིལ་འཁོར་རབ་འབྱམས་ལ་དབང་ཞིང་། །ཚེ་རབས་ཀུན་ཏུ་བླ་མ་ལྷག་པའི་ལྷས། །རྗེས་སུ་བཟུང་ནས་མཐར་ཐུག་རིགས་བདག་གིས། །ཐུགས་ཀློང་མངོན་པར་བྱང་ཆུབ་དགོས་ཆེད་སོགས། །དུ་མ་ཡོད་པས་དེ་ལྟར་ངེས་ཤེས་བསྐྱེད། །གཞན་དུ་མ་ཡེངས་རྩེ་གཅིག་བཟླ་བ་དང་། །མོས་གདུང་དྲག་པོས་གསོལ་བ་ཡང་ཡང་བཏབ། །བསྙེན་པའི་གྲངས་ཟིན་ཐུན་མཐར་བསྡུ་བའི་སྐབས། །གཞི་དབང་ཐོབ་པ་མི་ཉམས་སྲུང་བ་དང་། །མཐར་ཐུག་འབྲས་དབང་མངོན་དུ་འགྱུར་བའི་ཕྱིར། །ལམ་དབང་བཞི་པ་རྒྱུན་དུ་འདི་ལྟར་ཞུ། །གུ་རུའི་སྨིན་མཚམས་ཨོཾ་ཡིག་དཀར་པོ་ལ། །ཟླ་བའི་འོད་བཞིན་འོད་དཀར་འཕྲོས་པ་དེ། །རང་གི་དཔྲལ་བར་ཡོངས་སུ་ཐིམ་པའི་མོད། །སྐུ་ནི་བུམ་པའི་དབང་ཐོབ་ལུས་ཀྱི་ལས། །གསུམ་དང་རྩ་ཡི་སྒྲིབ་པ་ཐམས་ཅད་དག །ལམ་ནི་བསྐྱེད་རིམ་སྒོམ་པའི་སྣོད་དུ་རུང་། །འབྲས་བུ་སྤྲུལ་སྐུའི་ས་བོན་ཐེབ་པར་བསྒོམ། །དེ་ནས་མགྲིན་པ་ཨཱཿཡིག་དམར་པོ་ལས། །ཉི་མའི་ཟེར་བཞིན་དམར་སེར་འོད་འཕྲོས་པ། །རང་གི་མགྲིན་པར་ཡོངས་སུ་ཐིམ་པའི་མོད། །གསང་བའི་དབང་ཐོབ་ངག་གི་མི་དགེ་བཞི། །རླུང་གི་སྒྲིབ་དག་རྫོགས་རིམ་བསྒོམ་ལ་དབང་། །འབྲས་བུ་ལོངས་སྐུ་ས་བོན་ཐེབ་པར་བསྒོམ། །དེ་ནས་ཐུགས་ཀའི་ཧཱུྃ་ཡིག་སྔོན་པོ་ལས། །སྤོས་དུད་ཇི་བཞིན་འོད་ཟེར་སྔོན་པོ་འཕྲོས། །རང་གི་སྙིང་གར་ཡོངས་སུ་ཐིམ་པའི་མོད། །ཤེས་རབ་ཡེ་ཤེས་དབང་ཐོབ་ཡིད་ཀྱི་ལས། །གསུམ་དང་ཐིག་ལེའི་སྒྲིབ་པ་མ་ལུས་དག །ལམ་ནི་བདེ་སྟོང་བསྒོམ་ལ་དབང་བ་དང་། །འབྲས་བུ་ལོངས་སྐུའི་ས་བོན་ཐེབ་པར་བསྒོམ། །སླར་ཡང་ཐུགས་ཀའི་ཧཱུྃ་ལས་གཉིས་པ་ཞིག །སྐར་མདའ་ཆད་པ་བཞིན་དུ་བྱུང་བ་དེ། །རང་གི་སེམས་དང་དབྱེར་མེད་འདྲེས་པའི་མོད། །ཚིག་དབང་ཐོབ་ཅིང་སྒོ་གསུམ་རྟེན་གཞི་དང་། །བག་ཆགས་ཤེས་བྱའི་སྒྲིབ་པ་ཡོངས་སུ་དག །ལམ་ནི་ཀ་དག་ཁྲེགས་ཆོད་སྒོམ་ལ་དབང་། །འབྲས་བུ་ངོ་བོ་ཉིད་སྐུའི་ས་བོན་ཐེབ། །སྙམ་ནས་ལྷག་པར་རྩེ་གཅིག་གསོལ་བ་བཏབ། །གུ་རུའི་ཐུགས་ནི་བརྩེ་བ་ཆེན་པོའི་ངང་། །ཞལ་འཛུམ་སྤྱན་གཉིས་རྗེས་ཆགས་གཡོ་བ་ཅན། །སླར་ཡང་ཐུགས་ཀའི་ཧཱུྃ་ལས་ཟེར་དམར་པོ། །དྲོད་དང་ལྡན་པ་ཐོན་ནས་རང་ཉིད་ཀྱི། །སྙིང་གར་ཐིམ་པའི་མོད་ལ་ལུས་འོད་ཀྱི། །གོང་བུ་སྲན་མ་ཙམ་དུ་གྱུར་ནས་ཀྱང་། །མེ་སྟག་ཡལ་བཞིན་གུ་རུའི་ཐུགས་ཀར་ཐིམ། །དེའི་ངང་ཅི་གནས་མཉམ་པར་བཞག་པར་བྱ། །དེ་ལྟར་སྒོམ་བཟླས་ཕན་ཡོན་ཚད་མེད་དེ། །བླ་མ་འགྲུབ་པའི་རྟགས་མཚན་འདི་ལྟར་འབྱུང་། །ཞལ་འཇལ་དབང་ཐོབ་ཆོས་གསུང་ལུང་བསྟན་དང་། །འོད་ཟེར་སྤྲོ་བསྡུ་བྱིན་རླབས་འཇུག་པ་སོགས། །དངོས་སུ་དྲན་པ་ཙམ་གྱིས་ཉམས་མྱོང་འབར། །ཕྱི་ཡི་སྣང་བ་བན་བུན་ལང་ལོང་འགྲོ། །ནང་གི་ཤེས་པ་གསལ་རྗེན་འཆར་བ་དང་། །བར་དུ་རྣམ་པར་རྟོག་པའི་རྒྱུན་ཆད་ནས། །བླ་མའི་མཚན་ནས་འབོད་པར་མི་བྲ་ཞིང་། །ཅུང་ཟད་འབྲལ་བར་མི་ནུས་ལྟ་བུ་སོགས། །དངོས་ཉམས་རྨི་ལམ་རྟགས་མཚན་སྣ་ཚོགས་འབྱུང་། །ཐར་ལམ་འཇུག་ཅིང་ས་ལམ་བར་ཆད་ཞི། །དངོས་གཞིའི་ཉམས་མྱོང་རྒྱུད་ལ་འབྱོར་སླ་ཞིང་། །གནས་ལུགས་རྩལ་རྫོགས་བརྟན་པ་ཐོབ་པ་དང་། །མཆོག་ཐུན་དངོས་གྲུབ་མྱུར་དུ་ཐོབ་པ་སོགས། །ཕན་ཡོན་ཚད་མེད་ལྷག་ཏུ་ཤེས་པར་བྱོས། །སླར་ཡང་རྗེས་སུ་ཅིར་སྣང་བླ་མའི་སྐུ། །གྲགས་ཚད་གསུང་དང་དྲན་རྟོག་ཐུགས་རང་བཞིན། །སྣང་སྲིད་ཐམས་ཅད་བླ་མའི་གསང་གསུམ་གྱི། །རྣམ་པར་ཤེས་པ་ཡོངས་སུ་ཤེས་པའི་ངང་། །དག་པའི་སྣང་བ་རྒྱུན་ཆད་མེད་པར་སྒོམས།། ༈ །།ད་ནི་དེ་དག་ཀུན་དང་འབྲེལ་དགོས་ངེས། །རྗེས་ཀྱི་བྱ་བ་བསྔོ་སྨོན་རིམ་པ་ནི། །དགེ་བའི་ཁ་བསྒྱུར་ཡིན་པས་མེད་ཐབས་མེད། །དགེ་བ་འདི་ཡི་མྱུར་དུ་བདག་སོགས་བརྗོད། །དགེ་བ་གང་འགྲུབ་བསྔོ་སྨོན་རྒྱས་ཐེབ་དགོས། །དེ་ཡང་མཚན་དོན་འགྲེལ་ཙམ་ཞིག་འགོད་པ༑ །སེམས་ཅན་སངས་རྒྱས་གོ་འཕང་ཐོབ་ཕྱིར་དུ། །དགེ་བའི་རྩ་བ་བསྔོ་བར་བྱ་བ་ཡིན། །རང་གཞན་དོན་གཉིས་འགྲུབ་པ་ཡིད་ཀྱིས་སྨོན། །བདེན་པའི་ཚིག་དང་བཅས་ཏེ་ལམ་ལ་སྦྱོར། །དེ་ཕྱིར་བསྔོ་བ་སྨོན་ལམ་ཅེས་པ་ཡིན། །དེ་ལྟར་ཚིག་དོན་ཟུང་དུ་འབྲེལ་བའི་ངང་། །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་སོགས། །བསྔོ་སྨོན་རིམ་པས་ཡང་དག་མཚམས་སྦྱར་ན། །དགེ་བའི་འབྲས་བུ་གོང་ནས་གོང་དུ་འཕེལ། །དགེ་རྩ་གནད་ལ་སྨིན་སོགས་དགོས་གལ་ཆེ། །དེ་ཕྱིར་བསྔོ་སྨོན་འདི་ལ་ནན་ཏན་མཛོད། །བསྔོ་བྱ་བསྔོ་བྱེད་དམིགས་བཅས་དམིགས་མེད་སོགས། །གང་གིས་རྩིས་ནི་ཟིན་པར་མ་གྱུར་ཚེ། །གཏི་མུག་བཏང་སྙོམས་ལུང་མ་བསྟན་ཞེས་བྱ། །དགེ་རྩ་གང་འགྲུབ་ཕན་གནོད་ཅུང་ཟད་མེད། །བར་མ་དོ་རུ་ཆུད་ཟོས་འགྲོ་ཉན་ཡོད། །དེས་ན་ཇི་ལྟར་བསྔོ་བར་བྱ་སྙམ་ན། །རྒྱུ་ནི་རང་གི་བསྐྱེད་རྫོགས་གང་བསྒོམ་པའི། །དགེ་བ་དེ་དག་དམིགས་རྟེན་མཚོན་བྱས་ནས། །རྒྱལ་བ་སྲས་དང་སློབ་མར་བཅས་པ་ཡིས། །དུས་གསུམ་བསགས་པའི་དགེ་ཚོགས་གང་མཆིས་ཀུན། །མཚོན་བྱར་བྱས་ཏེ་གཅིག་ཏུ་བསྡོམས་པའི་ངང་། །ཡུལ་ནི་གང་དུ་བསྔོ་བར་བྱ་སྙམ་ན། །ལྷ་མིའི་བདེ་བ་ཙམ་དང་ཉན་རང་དང་། །བྱང་སེམས་གོ་འཕང་ཐོབ་ཕྱིར་ཙམ་བསྔོས་ན། །དམིགས་བཅས་བསྔོ་བ་དུག་ཅན་ཞེས་པ་སྟེ། །ས་ལམ་ཅུང་ཟད་འགལ་དུ་འགྲོ་བ་ཡིན། །དེས་ན་ཡུལ་མཆོག་མཐར་ཐུག་དུས་གཏན་གྱི། །བདེ་བ་བླ་མེད་དོན་གཉིས་ལྷུན་གྲུབ་པའི། །སྐུ་བཞི་ཡེ་ཤེས་ལྔ་ཡི་ངོ་བོ་སྟེ། །ཁྱབ་བདག་རྒྱལ་བ་རྡོ་རྗེ་འཆང་ཉིད་ཀྱི། །གོ་འཕང་དྲི་མ་མེད་ལ་ཚད་འཛུགས་དགོས། །དེ་ནི་སུ་ཡི་ཆེད་དུ་བསྔོ་སྙམ་ན། །རང་དོན་ཉེ་འབྲེལ་འབྲེལ་ཐོགས་ལ་སོགས་པ༑ །ཕྱོགས་རེ་ཙམ་གྱི་ཕྱིར་དུ་མ་ཡིན་པར། །ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ་ཡོད། །སེམས་ཅན་གར་ཡོད་ཕ་མ་དྲིན་ཆེན་ཡིན། །དེ་ཀུན་བདེ་སྡུག་ལས་འབྲས་ཀྱིས་ཁྱབ་པས། །དེ་དག་སངས་རྒྱས་གོ་འཕང་དམ་པ་རུ། །མྱུར་བ་ཉིད་དུ་ཕྱམ་གཅིག་འགོད་པའི་ཕྱིར། །བསྔོ་སྨོན་ཟབ་མོས་རྒྱས་འདེབས་བྱ་དགོས་ཤིང་། །དེ་ཡང་འཁོར་གསུམ་དམིགས་པ་མེད་པ་ཡི། །ཤེས་རབ་ཟབ་མོས་ཡོངས་སུ་རྩིས་ཟིན་ན། །དམིགས་མེད་བསྔོ་བ་དུག་མེད་ཅེས་པ་སྟེ། །ཁྱད་པར་དུ་མས་འཕགས་པ་ཉིད་ཡིན་ནོ། །ལམ་མཆོག་ཤེས་རབ་སྙིང་རྗེས་མ་ཟིན་པའི། །དགེ་བ་དམན་ཏེ་དཔེར་ན་ཆུ་ཤིང་ནི། །འབྲས་བུ་ལན་གཅིག་སྨིན་ནས་སྐམ་པ་ལྟར། །དེ་ནི་གཏི་མུག་ས་པས་བསྡུས་པའི་ཕྱིར། །དགེ་རྩ་རྐྱེན་གྱིས་འཇོམས་ཤིང་སྐྱེད་མི་འཕེལ། །མངོན་མཐོའི་བདེ་འབྲས་བསྐྱེད་ནས་ཟད་འགྱུར་པས། །བསོད་ནམས་ཆ་མཐུན་དགེ་བ་ཞེས་བྱའོ། །ལམ་མཆོག་ཤེས་རབ་ཟབ་མོས་ཟིན་ནས་བཟུང་། །དགེ་རྩ་རྐྱེན་གྱིས་མི་འཇིགས་གོང་འཕེལ་འགྱུར། །དེས་ནི་བྱང་ཆུབ་བླ་མེད་ཐོབ་བྱེད་པས། །ཐར་པ་ཆ་མཐུན་དགེ་བ་ཞེས་བྱ་སྟེ། །དཔེར་ན་ལྕགས་ལ་གསེར་འགྱུར་རྩིས་ཐེབས་ལྟར། །གནས་སྐབས་མངོན་མཐོ་མཐར་ཐུག་ངེས་ལེགས་ཀྱི། །གོ་འཕང་མྱུར་དུ་ཐོབ་པའི་རྒྱུ་བྱེད་པས། །དགེ་རྩ་བདེན་མེད་སྟོང་པའི་ཤེས་རབ་ཀྱིས། །རྩིས་སུ་ཟིན་ན་ཁྱད་པར་དུ་མས་འཕགས། །དེ་ཕྱིར་དེ་ལྟར་འབྱོང་བ་གལ་དུ་ཆེ། །འོན་ཀྱང་རང་རེ་ལས་ནི་དང་པོ་པས། །འཁོར་གསུམ་བདེན་མེད་མཉམ་པར་བཞག་བྱས་ཀྱང་། །དམིགས་བཅས་དེ་ལས་ནམ་ཡང་མི་འདའ་ཞིང་། །ནམ་ཞིག་སྟོང་ཉིད་ཟབ་མོ་རྟོགས་པའི་ཚེ། །རྣམ་པ་དམིགས་བཅས་ཇི་ལྟར་བསྒོམས་གྱུར་ཀྱང་། །ངོ་བོ་ཤེས་རབ་སྟོང་པས་རང་ཤུགས་ཟིན། །དེ་ལྟར་མ་རྟོགས་བར་དུ་རེ་ཞིག་ལ། །ལྷག་བསམ་ལྡན་པ་ཁོ་ན་རག་ལས་ཤིང་། །དེ་སྟོབས་ཆེ་བས་རེ་ཞིག་གོམས་པར་མཛོད། །དེ་ཡང་གོང་དུ་བཤད་བཞིན་ཚུལ་བསྡུ་ན། །མཁའ་ཁྱབ་སེམས་ཅན་ཕ་མ་ཐམས་ཅད་ནི། །མྱུར་དུ་སངས་རྒྱས་ས་ལ་འགོད་པའི་ཕྱིར། །རྒྱལ་བ་སྲས་བཅས་ཇི་ལྟར་བསྔོས་པ་བཞིན། །བདག་ཀྱང་རྗེས་སུ་སློབ་ནས་དགེ་བ་ཀུན། །ཡོངས་སུ་བསྔོ་བར་བགྱི་འོ་སྙམ་པ་ཡི། །འདུན་པ་རྩེ་གཅིག་ངང་དུ་འདུས་ཡོད་པས། །ཚིག་རྗེས་དོན་དྲན་ངང་ནས་བསྔོ་སྨོན་གྱིས། །བདེན་ཚིག་ཟབ་མོ་ཆད་ལྷག་མ་སོང་བར། །ཤིན་ཏུ་དལ་ཆགས་ཞིབ་ཀྱིས་འདོན་པར་བྱའོ། །གྲུབ་རིགས་སྐྱེས་ནས་མན་ངག་ཟབ་མོ་ཡིས། །ཀུན་བྱེད་སེམས་ཀྱི་རྩ་བ་བཅད་པ་ལས། །གཟུང་འཛིན་དྲྭ་བར་བསྡོམས་པའི་ཐོས་བསམ་དང་། །ཚེ་འདི་འཇིག་རྟེན་ཆོས་བརྒྱད་སྒྲུབ་མཁན་མིན། །ཆོས་དང་གང་ཟག་གཅིག་ཏུ་མ་ངེས་ཀྱང་། །སྔོན་འགྲོ་ཕལ་ཆེར་རྒྱས་བསྡུས་མཚམས་པ་དཀོན། །དཔེ་དང་ལུང་འདྲེན་ཟབ་ཅིང་རྒྱ་ཆེ་བ། །བླུན་རྨོངས་སོ་སྐྱེའི་གོ་བས་མ་ཆུན་ཏེ། །འཆད་ཉན་གང་བགྱིས་ཚིག་ཐོག་ན་བུན་ཡལ། །ཤེས་རློམ་ང་རྒྱལ་ཆེ་བས་ཡུས་ཀྱིས་བརྒྱལ། །གསུང་རབ་ཕལ་ཆེར་རྡུལ་ཁྲོད་གཟིམས་དུ་ཉེ། །ངན་འགྲོར་ཕྱོགས་རྣམས་དབང་ཤེས་ལྡོང་བའི་སྐབས། །ཉམ་ཐག་རི་ཡི་སུལ་ན་གནས་བཅས་ཏེ། །དོན་གནད་ཉམས་ལེན་སྙིང་པོར་དྲིལ་འདོད་མཁས། །སྔོན་བསགས་དགེ་བའི་ལས་ཀྱི་མཐུ་སྟོབས་དང་། །རྒྱལ་བའི་ཐུགས་རྗེས་འགའ་ཡང་འབྱུང་སྲིད་ན། །སྙམ་སྟེ་ལྷག་བསམ་བཟང་པོའི་ཤུགས་དང་བཅས། །བཤད་བདེ་ཉན་བདེ་ཉམས་ལེན་འཇུག་བདེ་ཕྱིར། །གྲུབ་དབང་མཆོག་གི་ཞལ་རྒྱུན་གཙོ་བོར་བཟུང་། །མཁས་གྲུབ་དུ་མའི་གསུང་གིས་ཟུར་བརྒྱན་ཏེ། །གོང་འོག་འཕྲི་བས་རྒྱས་བསྡུས་འཚམས་པ་དང་། །ཤིན་ཏུ་ཁ་གསལ་གནད་ཐོག་བསྣུན་པ་ཡི། །ཐུན་མིན་སྔོན་འགྲོའི་ཁྲིད་ཡིག་ནོར་བུའི་ཕྲེང་། །སྐལ་བཟང་མགུལ་པ་མཛེས་པའི་རྒྱན་དུ་སྤེལ། །དགེ་བ་འདིས་མཚོན་དུས་གསུམ་དགེ་ཚོགས་ཀུན། །གཅིག་ཏུ་བསྡུས་པ་ནམ་མཁའི་ནོར་བུ་ཉིད། །མ་རྒན་ཡིད་ཅན་ཡིད་ཀྱི་མཁར་ཤར་ཏེ། །མི་ཤེས་རྨོངས་པའི་མུན་པ་རིང་དུ་བཅིལ། །ཕྱོགས་རྣམས་ཀུན་ཏུ་རྒྱལ་བསྟན་པད་ཚལ་བཞད། །བསྟན་འཛིན་སྐྱེས་བུའི་མཛད་དགེའི་འདབ་མ་གྲོལ། །དགེ་འདུན་ཚོགས་རྣམས་ཆོས་སྤྱོད་བཅུ་རབ་རྒྱས། །དམ་ཆོས་མི་ནུབ་བསྟན་པ་འཕེལ་རྒྱས་ཤོག །ཅེས་ཐུན་མིན་སྔོན་འགྲོའི་ཁྲིད་ཡིག་ཚིགས་བཅད་ནོར་བུའི་ཕྲེང་བ་ཞེས་བྱ་བ་འདི། ཐེག་པ་མཆོག་གི་རྣལ་འབྱོར་པ་གྲུབ་དབང་ཤཱཀྱ་ཤྲཱི་ཛྙཱ་ནའི་གདུང་རིགས་སུ་གྱུར་པ་འཕགས་མཆོག་རྡོ་རྗེས་གྲུ་རི་གསོལ་སྡེར་བཀྲ་ཤིས་འཁྱིལ་བའི་དབེན་གནས་གཟིམས་སྤྱིལ་འོད་གསལ་རྫོང་དུ་རབ་རྒྱས་ཤིང་ཁྱི་གྲོ་བཞིན་ཟླ་བའིདཀར་ཕྱོགས་གུ་རུ་པདྨ་འབྱུང་གནས་ཀྱི་དུས་ཆེན་བཟང་པོར་བཀོད་པ་དགེའོ།། །།