JKW-KABUM-05-CA-002-012: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
m (Text replacement - "Khyentse Metadata" to "Text") |
||
(3 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
Line 8: | Line 8: | ||
|collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | |collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | ||
|author='jam dbyangs mkhyen brtse'i dbang po | |author='jam dbyangs mkhyen brtse'i dbang po | ||
|editor= | |editor= | ||
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | ||
|editortib= | |editortib= | ||
|tibgenre=Completion Stage - rdzogs rim, Detailed Explanation - rnam bshad | |tibgenre=Completion Stage - rdzogs rim, Detailed Explanation - rnam bshad | ||
|terma=No | |terma=No | ||
Line 37: | Line 37: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|སློབ་དཔོན་ཨཱརྻ་དེ་ཝས་མཛད་པའི་རིམ་ལྔའི་དོན་གསལ་བར་བྱེད་པའི་བསྟན་བཅོས་སྤྱོད་བསྡུས་སྒྲོན་མར། དངོས་མེད་རྣམ་དག་ནམ་མཁའ་མཉམ་ལ་ཕྱག་འཚལ་ལོ། །མ་ལུས་ཚིག་མེད་ཡི་གེ་བྲལ་ལ་ཕྱག་འཚལ་ལོ། །འདས་དང་མ་བྱོན་ཀུན་ཏུ་སོན་ལ་ཕྱག་འཚལ་ལོ། །ཀུན་ཏུ་མ་ལུས་ཐམས་ཅད་སྟོང་ལ་ཕྱག་འཚལ་ལོ། །ཞེས་དང་། སྔགས་ཀྱི་དེ་ཁོ་ན་ཉིད་དང་། ཕྱག་རྒྱའི་དེ་ཁོ་ན་ཉིད་དང་། བདག་གི་དེ་ཁོ་ན་ཉིད་དང་། ཆོས་ཀྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དེ། གོ་རིམ་རྣམ་པ་ལྔ་གསལ་བར་བྱ་བའི་ཕྱིར། ཞེས་དང་། རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས་དྲངས་པ། ཕྱག་ན་རྡོ་རྗེས་གསོལ་བ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་གནས་དོན་དམ་པའི་བདེན་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ། ཆོས་ཐམས་ཅད་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་དང་། འགྲོ་བ་རྒྱུ་བ་དང་མི་རྒྱུ་བ་རྣམས་ཏེ། དེ་ཡང་དོན་དམ་པའི་བདེན་པ་ལ་གནས་མེད་པའི་ཚུལ་གྱིས་དོན་དམ་པའི་བདེན་པ་ནི་བདག་མེད་པ། ཟིལ་གྱིས་མི་ནོན་པ། ཐམས་ཅད་སྟོང་པ་སྟེ། འཕེལ་བ་མེད་པ། འགྲིབ་པ་མེད་པ། རྣམ་པར་དག་པ། ནམ་མཁའ་དང་མཉམ་པ་དྲི་མ་མེད་པའི་ངོ་བོ་ཉིད། ཡི་གེ་མེད་པ། ཚིག་མེད་པ། ལུས་དང་ངག་དང་ཡིད་དང་བྲལ་བ། ཡོད་པ་མ་ཡིན། མེད་པ་མ་ཡིན། རྒྱུ་བ་མ་ཡིན། མི་རྒྱུ་བ་མ་ཡིན། ཐག་རིང་བ་མ་ཡིན། ཐག་ཉེ་བ་མ་ཡིན། སྟོང་པ་མ་ཡིན། མི་སྟོང་པ་མ་ཡིན། དབུ་མ་ཡང་མ་ཡིན་པ་འདི་ནི་དོན་དམ་པའི་བདེན་པའོ། །དེ་བས་ནི་ཆེས་མཆོག་ཏུ་ཟབ་པ་དང་། འཇུག་པར་དཀའ་བ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པའོ། །རྒྱུ་རྐྱེན་གྱིས་འབྱུང་བ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་ནི་ཇི་སྲིད་དུ་རྨི་ལམ་དང་། མིག་འཕྲུལ་དང་། གཟུགས་བརྙན་ལྟར་སྣང་བ་ལྡན་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཏེ། རང་གི་མཚན་ཉིད་ཚངས་པའི་གནས་པ་བཞིའི་རྒྱུར་གྱུར་པ་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེ་གཉིས་ཟུང་དུ་འབྲེལ་བར་འཇུག་པའི་རིམ་པ་འདི་ནི་ཡང་དག་པའི་ཚུལ་གྱི་བདག་ཉིད་ཀྱི་ཏིང་ངེ་འཛིན་ཏེ། དམིགས་པ་ཐམས་ཅད་ཉེ་བར་ཞི་བ་གང་ཡིན་པའི་དེ་ཁོ་ན་ཉིད་ཅེས་བྱའོ། །ཞེས་དང་། ལང་གཤེགས་ལས་དྲངས་པ། བཅོམ་ལྡན་འདས་རང་གི་སེམས་སྣང་བའི་རྒྱུད་གཅིག་ཅར་རམ། རིམ་གྱིས་འཇུག་པས་སམ། ཇི་ལྟར་རྣམ་པར་དག་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་རང་གི་སེམས་སྣང་བའི་རྒྱུད་རིམ་གྱིས་འཇུག་པས་རྣམ་པར་དག་སྟེ་གཅིག་ཅར་ནི་མ་ཡིན་ནོ། །འདི་ལྟ་སྟེ། བློ་གྲོས་ཆེན་པོ་ཤིང་ཨ་མྲའི་འབྲས་བུ་རིམ་གྱིས་སྨིན་པར་འགྱུར་གྱི་གཅིག་ཅར་ནི་མ་ཡིན་ནོ། །ཞེས་སོགས་འཕང་སློབ་པའི་དཔེ་དང་བཅས་པས་རྒྱས་པར་བཤད་མཐར། ཡང་ཚུལ་འདི་ཉིད་ཀྱིས་རྡོ་རྗེའི་ཐེག་པ་ལ་གནས་པའི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སློབ་པར་འདོད་པས་ཀྱང་རིམ་པ་འདི་ཉིད་ལ་བསླབ་པར་བྱའོ། །དེའི་རིམ་པའང་འདི་ཡིན་ཏེ། ཐོག་མ་ཉིད་དུ་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་སློབ་བོ། །གང་གི་ཚེ་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལོབས་པར་གྱུར་པ་དེའི་ཚེ་ཐེག་པ་སར་པ་དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ་སློབ་བོ། །གང་གིས་ཐེག་པ་གསར་པ་དྲན་པ་གཅིག་བའི་ཏིང་ངེ་འཛིན་ལ་ལོབས་པ་དེའི་ཚེ་རྟོག་པའི་རྣལ་འབྱོར་ལ་སློབ་བོ། །གང་གི་ཚེ་རྟོག་པའི་རྣལ་འབྱོར་ལ་ལོབས་པ་དེའི་ཚེ་ལས་དང་པོ་པའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་པར་འགྱུར་རོ། །གང་གི་ཚེ་ལས་དང་པོ་པའི་ཏིང་ངེ་འཛིན་ལ་གནས་པ་དེའི་ཚེ་རིགས་བརྒྱའི་དབྱེ་བ་ལ་འཇུག་གོ །གང་གི་ཚེ་རིགས་བརྒྱའི་དབྱེ་བ་ལ་མཁས་པས་ལུས་རྣམ་པར་དབེན་པ་ཤེས་པ་དེའི་ཚེ་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པར་འགྱུར་རོ། །ལུས་རྣམ་པར་དབེན་པ་ལ་གནས་ནས་ཨཱ་ལི་ཀཱ་ལིའི་སྒོ་ནས་ངག་རྣམ་པར་དབེན་པ་ལ་འཇུག་གོ །གང་གི་རྡོ་རྗེའི་བཟླས་པའི་རིམ་གྱིས་སྲོག་དང་རྩོལ་བ་ཤེས་པ་དེའི་ཚེ་གསུང་རྡོ་རྗེའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་པར་འགྱུར་རོ། །ངག་རྣམ་པར་དབེན་པ་ལ་གནས་ནས་རང་བཞིན་གྱིས་སྣང་བའི་རིམ་གྱིས་སེམས་རྣམ་པར་དབེན་པ་ལ་འཇུག་གོ །གང་གི་ཚེ་རང་བཞིན་གྱིས་སྣང་བ་ལ་རླུང་གི་བཞོན་པའི་རབ་ཏུ་དབྱེ་བས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལོབས་པ་དེའི་ཚེ་སེམས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་འགྱུར་རོ། །སེམས་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་ལ་གནས་ནས་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཀུན་རྫོབ་ཀྱི་བདེན་པ་ལ་འཇུག་གོ། །གང་གི་ཚེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དེའི་ཚེ་སངས་རྒྱས་ཀྱི་དབང་བསྐུར་བ་ཐོབ་བོ། །གང་གི་ཚེ་དབང་བསྐུར་བ་ཐོབ་པ་དེའི་ཚེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ནས་སྟོང་པ་ཆེན་པོ་བཅོ་བརྒྱད་ཀྱི་རིམ་གྱིས་དོན་དམ་པའི་བདེན་པ་ལ་འཇུག་གོ །གང་གི་ཚེ་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་གྱིས་ཡང་དག་པའི་མཐའ་ལ་འཇུག་པ་དེའི་ཚེ་ཉོན་མོངས་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །གང་གི་ཚེ་ཡེ་ཤེས་ཀྱིས་རིམ་གྱིས་ལྡང་བའི་ཕྱིར་རང་བཞིན་གྱིས་འོད་གསལ་བའི་བདེན་པ་གཉིས་ལ་གཉིས་སུ་མེད་པའི་རྣམ་པས་བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་རྫོགས་པའི་ཏིང་ངེ་འཛིན་ལ་ལོབས་པར་འགྱུར་བ་ཡིན་ནོ། །གང་གི་ཚེ་རྫོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་རྣལ་འབྱོར་པས་ནི་ཕྱིས་ཆོས་གང་ཡང་མི་སློབ་བོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་ལེགས་པར་བསླབས་པའི་ཕྱིར་ཏེ་ཇི་ལྟར་འཕང་གི་སློབ་དཔོན་ནི་སྒྲས་མཚོན་པ་ལ་འཕོག་པར་བྱེད་པར་གནས་པས་ཕྱིས་གང་དུ་ཡང་མི་སློབ་བོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་ལེགས་པར་བསླབས་པའི་ཕྱིར་སྔོན་གྱི་འཕེན་ཤུགས་ཀྱི་སྟོབས་ཀྱིས་མངོན་དུ་འགྱུར་རོ། །དེ་བཞིན་དུ་རྫོགས་པའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་པ་ནི་ཕྱིས་གང་ལ་ཡང་སློབ་པར་མི་འགྱུར་ཏེ། སྔོན་ཤིན་ཏུ་ལེགས་པར་བསླབས་པའི་ཕྱིར་དེ་ཡིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་དག་ནི་ལྷུན་གྱིས་གྲུབ་པ་ཉིད་དུ་མངོན་སུམ་དུ་འགྱུར་རོ། །དེ་བཞིན་དུ་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་སློབ་པར་བྱེད་པས་ཀྱང་རིམ་གྱིས་འཇུག་པས་བསླབ་པར་བྱའི། གཅིག་ཅར་ནི་མ་ཡིན་ནོ། །དེ་བས་ན་ལུས་རྣམ་པར་དབེན་པ་མེད་པར་ངག་རྣམ་པར་དབེན་པ་ཤེས་པར་མི་ནུས་སོ། །ངག་རྣམ་པར་དབེན་པ་དང་བྲལ་བས་ནི་སེམས་རྣམ་པར་དབེན་པ་རྟོགས་མི་ནུས་སོ། །སེམས་ཀྱི་རང་བཞིན་སྣང་བའི་ཏིང་ངེ་འཛིན་མེད་པར་ཀུན་རྫོབ་ཀྱི་བདེན་པ་མངོན་སུམ་དུ་བྱ་བར་མི་ནུས་སོ། །ཀུན་རྫོབ་ཀྱི་བདེན་པ་རྟོགས་པ་དང་བྲལ་བས་ནི་དོན་དམ་པའི་བདེན་པ་མངོན་སུམ་དུ་བྱ་མི་ནུས་སོ། །དོན་དམ་པའི་བདེན་པ་རྟོགས་པ་མེད་པར་ནི་ཟུང་དུ་འཇུག་པའི་རིམ་པ་མངོན་སུམ་དུ་བྱ་བར་མི་ནུས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་དོན་གྱི་དབང་གིས་འདི་གཟིགས་ནས་རིམ་གྱིས་འཇུག་པར་བསླབ་པར་བྱའི། གཅིག་ཅར་ནི་མ་ཡིན་ནོ། །རིམ་གྱིས་འཇུག་པས་རྫོགས་པའི་རིམ་པ་ལ་བསླབས་པས་གཅིག་ཅར་རང་གི་རྒྱུད་རྣམ་པར་དག་པར་འགྱུར་ཏེ། ཞེས་སོགས་ལུང་དང་བཅས་པར་གསུངས་སོ། །ལེའུ་གཉིས་པ་ལུས་རྣམ་པར་དབེན་པར། ཟླ་གསང་ཐིག་ལེར། རིགས་ནི་རྣམ་པ་བརྒྱར་བསྟན་ཏེ། །མདོ་རུ་བསྡུ་ན་རྣམ་པ་ལྔ། །ལུས་དང་ངག་ཡིད་སྦྱོར་བ་ཡིས། །གསུམ་དུ་ཡང་ནི་འགྱུར་བ་ཡི། །ཞེས་པའི་དོན་རྒྱས་པར་བཤད་དེ། དེ་ཡང་ཕུང་༥པོ། ཁམས༤། དབང་༥པོ། ཡུལ་༥རྣམས་རིགས་ལྔས་བྱིན་གྱིས་བརླབས་༩༥པས་དང་། ཐུན་མོང་དུ་ཡེ་ཤེས་ལྔས་བྱིན་གྱིས་བརླབས་༡༠༠པའི་ཚུལ་གྱིས་ཕྱེ་ཚུལ་རྒྱས་པར་བསྟན་མཐར། ཕུང་པོ་ཁམས་དང་དེ་བཞིན་སྐྱེ་མཆེད་རྣམས། །ལྔ་པོ་དབྱེ་བ་ལྔ་རུ་བྱས་པ་ལ། །དེ་བཞིན་གཤེགས་པས་སོ་སོར་བྱིན་བརླབས་ན། །འཁོར་བའི་ལས་རྣམས་དག་ནི་ངག་ལས་འབྱུང་། །དེ་བཞིན་དབང་པོ་ཕྱི་རོལ་ཡུལ་བཅས་ལྔ། །རེ་རེ་ཞིང་ཡང་བདེ་གཤེགས་ལྔ་རྣམས་ཀྱིས། །དེ་ལ་རང་རང་རྟག་ཏུ་བྱིན་རློབ་ཅིང་། །ཡེ་ཤེས་ལྔ་དང་གསུམ་དུའང་ཡང་དག་གནས། །ཞེས་གསུངས་པའི་ཕྱིར་རོ། །ཞེས་དང་། དེ་ཉིད་མདོར་བསྡུ་ན་ལུས་ཀྱི་དཀྱིལ་འཁོར་ནི་འབྱུང་བ་ལྔ་ལས་གྲུབ་པ་སྟེ་དེ་ཉིད་རིགས་ལྔས་བྱིན་གྱིས་བརླབས་ཚུལ་དང་། རིན་འབྱུང་སྐུ་རྡོ་རྗེ། དོན་གྲུབ་གསུང་རྡོ་རྗེ། མི་བསྐྱོད་པ་ནི་དྲུག་པ་དེ་བཞིན་གཤེགས་པར་བསྡུ་བས་གསུམ་དུ་འདུ་ཚུལ་དང་། དེ་ཡང་། སྐུ་རྡོ་རྗེ་གྱུར་ནས་རྐན་དང་མཆུ་སྦྱོར་བ་དང་། ལྕེའི་ཚོགས་རྣམ་པར་གྱུར་པ་ལས་གསུང་རྡོ་རྗེ་ལ་འཇུག་པར་འགྱུར་རོ། །ཐུགས་རྡོ་རྗེ་ནི་དེ་ལ་སྐུལ་བར་བྱེད་པ་ཡིན་ཏེ། དེ་ལྟར་གསུམ་ཚོགས་པ་ལས་ཡིད་དགའ་ཞིང་ཚིམ་པར་བྱེད་པའི་དངོས་གྲུབ་རྫོགས་པར་བྱེད་པའི་དོན་ཏོ། །དེ་ལྟར་ལུས་དང་ངག་དང་ཡིད་ལ་སོགས་པའི་བསྒོམ་པའི་མཚན་ཉིད་བརྟགས་ནས་ད་ནི་རྡོ་རྗེ་གསུམ་མི་ཕྱེད་པའི་མཚན་ཉིད་བཞག་པར་བྱ་སྟེ། གསང་བ་འདུས་པ་ལས། ཁྱེད་ཀྱི་སེམས་ལུས་ལྟ་བུ་དང་། ལུས་སེམས་ལྟ་བུ་དང་། སེམས་ཚིག་ཏུ་བརྗོད་པ་ལྟ་བུར་སྐྱེད་ཅིག །ཅེས་གསུངས་པས་བདག་ནི་རང་བཞིན་གྱིས་བདག་པོའོ་ཞེས་བདག་ཉིད་བརྟན་པ་བསྐྱེད་ལ་རྡོ་རྗེ་གསུམ་གྱི་བདག་ཉིད་རྡོ་རྗེ་འཆང་ཆེན་པོར་ལྷག་པར་མོས་པར་བྱས་པ་ནི་བྱིན་གྱིས་བརླབས་པ་ཞེས་བཤད་དོ། །ཞེས་གསུངས་ཤིང་། མཐར་ཐུག་རྡོ་རྗེ་མི་ཕྱེད་པའི་རིགས་གཅིག་ཏུ་བསྡུ་བར་བསྟན་ཏོ། །ལེའུ་གསུམ་པ་ངག་རྣམ་པར་དབེན་པར། དེ་ལ་ངག་རྣམ་པར་དབེན་པ་ཞེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །དེ་ཡང་རླུང་གི་དེ་ཁོ་ན་ཉིད་དང་བྲལ་བས་དེ་ཤེས་པར་མི་འགྱུར་རོ། །རླུང་གི་དེ་ཁོ་ན་ཉིད་ཅེས་བྱ་བ་ནི་སྲོག་དང་རྩོལ་བའོ། །དེ་བས་ན་རླུང་གི་དེ་ཁོ་ན་ཉིད་བསྟན་པའི་ཚིག་དཔལ་གསང་བ་འདུས་པ་ལས། རིན་ཆེན་ཁ་དོག་སྣ་ལྔ་པ། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །དེ་ཉིད་སྦྱོར་བས་རྟག་ཏུ་བསྒོམ། །ཞེས་གསུངས་ཏེ། རྡོ་རྗེའི་ཚིག་འདི་ངེས་པ་དྲངས་པའི་དོན་གྱིས་དབྱེ་བས་ལྷའི་རྣལ་འབྱོར་རྣམ་པ་གཉིས་ལ་ཡང་སྦྱར་ཏེ། དེ་ལ་བསྐྱེད་པའི་རིམ་པ་སྒོམ་པར་བྱེད་པས་ནི་སྣའི་རྩེ་མོར་ཡུངས་ཀར་གྱི་འབྲུ་ཚད་ཙམ་གྱི་རང་ལྷའི་མཚན་མ་རང་སེམས་བརྟན་པར་བྱ་བའི་ཕྱིར་བསྒོམ་པར་བྱའོ། །ཞེས་བསྟན་པ་འདི་ནི་ཕྲ་མོའི་རྣལ་འབྱོར་བཤད་པ་ཡིན་ནོ། །འདི་ཉིད་རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱི་ཕྲ་མོའི་རྣལ་འབྱོར་བཤད་པ་ནི་ཨཱ་ལི་ཀཱ་ལི་རྣམས་ཀྱིས་བུད་མེད་དང་སྐྱེས་པ་དང་མ་ནིང་གི་ཚུལ་གྱི་ཡི་གེ་གསུམ་བསྐྱེད་ལ། ཡི་གེ་གསུམ་ཡང་འཇུག་པ་དང་གནས་པ་དང་ལྡང་བར་ངེས་པར་སྦྱར་ལ་དཀྱིལ་འཁོར་བཞིའི་རིམ་གྱིས་སྲོག་དང་རྩོལ་བའི་བདག་ཉིད་ཅན་གྱི་རྡོ་རྗེའི་བཟླས་པ་བྱའོ། །ཞེས་སོགས་དང་། དགོངས་པ་ལུང་སྟོན་པའི་རྒྱུད་ལས་དྲངས་པ། སྲོག་དང་ཐུར་སེལ་གྱེན་རྒྱུ་དང་། །ཁྱབ་དང་མཉམ་གནས་ཞེས་བཤད་དང་། །ཀླུ་དང་རུས་སྦལ་གཙང་པ་དང་། །ལྷས་སྦྱིན་དང་ནི་གཞུ་ལས་རྒྱལ། །ཞེས་དང་། རླུང་བཅུ་པོ་འདི་དག་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་གི་ཚུལ་ལས་ནི་སྒྲ་ཇི་བཞིན་མ་ཡིན་པར་གསུངས་ཏེ། ཀོ་ཊ་ཁྱ། ཀོ་ཊ་བ། ཀོ་ཊ། ཀོ་ཊ་བཤྩ་ཤ །ཀོ་ཊཱི་ར་བ། ཀོ་ལ་ཁྱ། ཀོ་ལ་བཱ། ཀོ་ལ། ཀོ་ལ་བཤྩ། ཀོ་ལ་ཏ་ཐཱ། མིང་འདི་དག་ནི་རྡོ་རྗེའི་སྒོ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་སྒྲ་ཇི་བཞིན་པའི་དོན་གྱིས་རླུང་བཅུར་གསུངས་ཏེ། སྲོག་དང་། ཐུར་དུ་སེལ་བ་དང་། མེ་དང་མཉམ་དུ་གནས་པ་དང་། གྱེན་དུ་རྒྱུ་བ་དང་། ཁྱབ་བྱེད་དང་། རྒྱུ་བ་དང་། རྣམ་པར་རྒྱུ་བ་དང་། ཡང་དག་པར་རྒྱུ་བ་དང་། རབ་ཏུ་རྒྱུ་བ་དང་། ངེས་པར་རྒྱུ་བ་ཞེས་བྱའོ། །རྡོ་རྗེའི་སློབ་མས་གསོལ་བ། སྲོག་ཅེས་བྱ་བ་ལ་སོགས་པའི་རླུང་བཅུ་པོ་ལུས་འདི་ལ་གང་ཞིག་རབ་ཏུ་གནས་ནས་ཅི་ཞིག་བགྱིད་པ་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། །རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། རླུང་ལྔ་ནི་ལུས་ཀྱི་ཆ་ལ་གནས་ནས་ལུས་ཀྱི་བྱ་བ་རྣམས་བྱེད་དོ། །རླུང་ལྔ་ནི་མིག་ལ་སོགས་པའི་སྐྱེ་མཆེད་ལ་གནས་ནས་དབང་པོ་རྣམས་ཀྱི་བྱ་བ་རྣམས་བྱེད་དོ། །དེ་ལ་སྲོག་ཅེས་བྱ་བའི་རླུང་སྙིང་གར་གནས་པ་ནི་དེ་བཞིན་གཤེགས་པ་མི་བསྐྱོད་པའོ། །ཐུར་དུ་སེལ་བ་འདོམས་ན་གནས་པ་ནི་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་ནོ། །གྱེད་དུ་རྒྱུ་བ་ལྐོག་མ་ལ་གནས་བ་ནི་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའོ། །མེ་དང་མཉམ་དུ་གནས་པ་ལྟེ་བར་གནས་པ་ནི་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའོ། །ཁྱབ་བྱེད་ཚིགས་ཐམས་ཅད་ལ་གནས་པ་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དོ། །རྒྱུ་བའི་རླུང་ནི་གཟུགས་སོ། །རྣམ་པར་རྒྱུ་བ་ནི་སྒྲའོ། །ཡང་དག་པར་རྒྱུ་བ་ནི་དྲིའོ། །རབ་ཏུ་རྒྱུ་བ་ནི་རོའོ། །ངེས་པར་རྒྱུ་བ་ནི་རེག་བྱའོ། །ཡང་རླུང་བཅུ་པོ་འདི་དག་ནི་དབུགས་དབྱུང་བ་དང་རྔུབས་པར་འགྱུར་བ་དང་། དེ་རྣམས་ཀྱང་རླུང་ལ་སོགས་པའི་དཀྱིལ་འཁོར་བཞིའི་བདག་ཉིད་ཅན་དུ་འགྱུར་བ་དང་། ཡང་དེ་རྣམས་ལྷ་མོ་བཞིའི་བདག་ཉིད་ཅན་དུ་འགྱུར་བ་དང་། ཡང་དེ་རྣམས་འབྱུང་བ་རྣམ་པ་ལྔར་འགྱུར་བ་དང་། ཡང་དེ་རྣམས་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་རྣམ་པ་ལྔར་འགྱུར་བ་དང་། ཡང་དེ་རྣམས་ལས་གོས་དཀར་མོ་ལ་སོགས་པ་འོད་ཟེར་རྣམ་པ་ལྔའི་བདག་ཉིད་ཅན་དུ་འགྱུར་བ་དང་། ཡང་དེ་རྣམས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་དུ་འགྱུར་བ་དང་། ཡང་དེ་རྣམས་ཡི་གེ་གསུམ་གྱི་གཞིར་གྱུར་ནས་འཇུག་པ་དང་། གནས་པ་དང་། ལྡང་བའི་རིམ་གྱིས་རྡོ་རྗེའི་བཟླས་པ་བྱེད་པར་འགྱུར་བ་དང་། ཡང་རླུང་དེ་རྣམས་ཨའི་གཞིར་གྱུར་ནས་ཚིག་མ་ལུས་པ་སྨྲ་བར་བྱེད་པ་དང་། ཡང་དེ་རྣམས་མི་ཤིགས་པ་ཐོབ་ནས་དངོས་པོ་མེད་པར་འགྱུར་རོ། །རྡོ་རྗེ་སློབ་མས་གསོལ་པ། ཇི་ལྟར་ན་རླུང་བཅུ་པོ་འདི་དག་གཅིག་དང་དུ་མའི་དངོས་པོ་རང་གི་ལུས་ལ་ཉིན་དང་མཚན་དུ་སྤྲོ་བ་སྡུད་པར་བགྱིད། བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམས་དཔའ་ཆེན་པོ་ལེགས་སོ་ལེགས་སོ། །དཔལ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་རྩ་བའི་རྒྱུད་བླ་མ་ལས་ཇི་ལྟར་རླུང་གི་དེ་ཁོ་ན་ཉིད་དགོངས་པར་བཤད་ཀྱིས་གསལ་བར་མ་གསུངས་ལ། དེ་བཤད་པའི་རྒྱུད་ལས་སྒྲ་ཇི་བཞིན་པར་གསུངས་པ་དེ་ལ་འཇུག་པར་བྱའོ། །སངས་རྒྱས་ལྔ་ཡི་རིག་གནས་པ། །སྣ་རྩེའི་བུ་ག་ལས་བྱུང་ཞིང་། །རླུང་ལྔ་སྟེང་དུ་ཡང་དག་རྒྱུ། །ལུས་ལ་རྟག་ཏུ་སྤྱོད་པར་འགྱུར། །ཀུན་རྫོབ་སྣ་ནི་སྤྱོད་པ་ནི། །སྒོ་དེ་ལས་ནི་རྣམ་པར་འབྱུང་། །གཡོན་དང་ཊཱི་ཀར་འདིའི་དོན་ནི་འདི་ཡིན་ཏེ། པདྨ་དང་རྡོ་རྗེའི་སྣ་ལས་འོད་ཟེར་རྣམས་བྱུང་ནས་སྟེང་དུ་སོང་སྟེ། ཀུན་རྫོབ་ཀྱི་སྣ་སྒོ་ལས་གཡས་པ་དང་གཡོན་པ་དང་གཉིས་ཀ་དང་དལ་གྱིས་རྒྱུ་བའི་རིམ་གྱིས་འབྱུང་ངོ་། །ཞེས་སོགས་སོ། །གཡས་དང་གཉིས་ཀ་དང་། །དལ་བར་རྒྱུ་དང་རྣམ་པ་བཞི། །གཡས་པ་ནས་ནི་འབྱུང་བའི་ཁམས། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་བའི་མཆོག་འདི་ནི། །པདྨ་མགོན་པོ་རྒྱུ་བའོ། །གཡོན་པ་ནས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་འབྱུང་བ་དག །ལྗང་སེར་དག་ཏུ་སྣང་བ་སྟེ། །ལས་ཀྱི་མགོན་པོ་རྒྱུ་བའོ། །གཉིས་ཀ་ལས་ནི་འབྱུང་བའི་ཁམས། །གསེར་གྱི་མདོག་ཏུ་སྣང་བ་སྟེ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད། །རིན་ཆེན་མགོན་པོ་རྒྱུ་བའོ། །དལ་ཞིང་རྒྱུ་བ་མེད་པའི་ཁམས། །དག་པའི་ཤེལ་ལྟར་སྣང་བ་སྟེ། །སྐད་ཅིག་ཆུ་ཡི་དཀྱིལ་འཁོར་ཏེ། །རྡོ་རྗེ་མགོན་པོ་རྒྱུ་བའོ། །ཁམས་གསུམ་ཡང་དག་འབྱུང་བ་ནི། །རྟེན་དང་བརྟེན་པར་བཟུང་བ་ནི། །རྣམ་སྣང་ཊཱི་ཀར། ཁྱབ་བྱེད་ཀྱིས་ནི་ཁམས་ཀྱི་དཀྱིལ་འཁོར་བཞི་ཆར་ལ་ཁྱབ་པའི་རླུང་སྟེ་མི་འབྱུང་ཞིང་ཁྱབ་པའི་འོད་ཟེར་ཅན་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དེ་ནམ་མཁའ་དང་མཉམ་པའི་ངོ་བོ་ཉིད་དོ། །ཞེས་སོ། །མཛད་ཆེན་སྐུ་ཡིན་ནོ། །འཆི་བའི་མཐར་ནི་འབྱུང་བར་འགྱུར། །དཀྱིལ་འཁོར་བཞི་པོ་འདི་དག་ནི། །མཉམ་པར་བཞག་པས་རྟག་ཏུ་ཟློས། །སྔགས་བཟླས་པ་ཡི་གྲངས་ཀྱིས་ནི། །ཉིན་དང་མཚན་དུ་རྟག་པར་ཟློས། །ཞེས་བཅོམ་ལྡན་འདས་ཀྱིས་དཔལ་རྡོ་རྗེ་ཕྲེང་བ་ཞེས་བྱ་བ་རྣལ་འབྱོར་གྱི་རྒྱུད་ཆེན་པོ་ལས་གསུངས་སོ། །ཞེས་སོགས་དང་དེའི་དོན་རྒྱས་པར་བཤད་དོ། །སྔགས་ཀྱི་དེ་ཁོ་ན་ཉིད་བཤད་པར། །དེ་ལ་སྤྲུལ་པ་ལ་སོགས་པའི་སྔགས་རྣམས་ནི་ཨཱ་ལི་ཀཱ་ལི་ལས་ཡང་དག་པར་བྱུང་བ་རྣམས་སོ། །དེ་རྣམས་ཀྱི་དེ་ཁོ་ན་ཉིད་མི་ཤིགས་པ་ལས་བྱུང་བའི་ཡི་གེ་གསུམ་སྟེ། གང་གི་ཕྱིར་སྔགས་ཐམས་ཅད་ནི་བུད་མེད་དང་སྐྱེས་པ་དང་མ་ནིང་གི་ངོ་བོ་ཉིད་ཀྱི་མན་ངག་ཇི་ལྟར་ཐོས་པས་ཡི་གེ་གསུམ་ལ་རབ་ཏུ་འཇུག་གོ། །དེ་བས་ན་ཡི་གེ་གསུམ་ནི་སྔགས་ཐམས་ཅད་ཀྱི་བདག་པོའོ། །དེ་ཡང་རེ་རེ་ཞིང་མི་ཤིགས་པ་དང་ལྷན་ཅིག་ཡི་གེ་གསུམ་ལས་འབྱུང་བ་ཡིན་ནོ། །ད་ནི་ཡི་གེ་གསུམ་གྱི་བྱ་བ་བསྟན་པར་བྱ་སྟེ། དེ་དང་པོར་གསུམ་ཡང་དག་པར་སྦྱོར་བ་ལས་ལྷའི་སྐུ་འབྱུང་བར་འགྱུར་རོ། །དེ་ཉིད་འཇུག་པ་དང་། གནས་པ་དང་། ལྡང་བའི་རིམ་གྱིས་ལུས་ཉིན་མཚན་དུ་འཛིན་པར་བྱེད་དོ། །དེ་ཉིད་ཨཱ་ལི་ཀཱ་ལི་རྣམས་དང་ལྷན་ཅིག་དབང་པོ་གཉིས་མཉམ་པར་སྦྱོར་བའི་དུས་སུ་ཁ་ཐུར་དུ་བལྟས་པར་གྱུར་པས་གསང་བའི་སྣ་ཡི་བུ་ག་ནས་ས་བོན་གྱི་གཟུགས་ཀྱིས་བྱུང་ནས་སེམས་ཅན་གྱི་ཁམས་སྐྱེད་པར་བྱེད་དོ། །དེ་ཉིད་སྲོག་དང་རྩོལ་བ་ཡང་ལྷན་ཅིག་སྟེང་དུ་སོང་ནས་དབང་པོའི་སྒོ་རྣམས་སད་པར་བྱེད་ཅིང་ཀུན་རྫོབ་ཀྱི་སྣའི་གཡོན་དང་གཡས་ལ་སོགས་པའི་རིམ་པས་བྱུང་ནས་ལྷུན་གྱིས་གྲུབ་པས་རྡོ་རྗེའི་བཟླས་པ་བྱ་སྟེ། སྔོན་གྱི་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བར་བྱེད་དོ། །དེ་ཉིད་ཉིན་མོ་དང་མཚན་མོའི་རིམ་གྱིས་བཟླས་པའི་གྲངས་ཉེ་བར་བཟུང་ནས་ཆུ་ལ་སོགས་པའི་དཀྱིལ་འཁོར་བྱུང་སྟེ། དཀར་པོ་ལ་སོགས་པའི་གནས་ནས་ཞི་བ་ལ་སོགས་པའི་ལས་རྣམས་བྱེད་དོ། །དེ་ཉིད་ཡི་གེའི་གཟུགས་སུ་ཡོངས་སུ་བརྟག་ལ། ལྕེ་རྩེ་ཤིན་ཏུ་མི་བསྐྱོད་ཅིང་། །ཞེས་བྱ་བ་ལ་སོགས་པའི་ངག་གི་བཟླས་བརྗོད་ཀྱི་མཚན་ཉིད་ཀྱི་བཟླས་བརྗོད་བྱས་ནས་ཕྱིའི་ཁ་དོག་ལ་སོགས་པའི་བྱ་བ་ལ་བརྟེན་ཏེ་ཞི་བ་ལ་སོགས་པའི་ལས་རྣམས་བྱེད་དོ། །ཡི་གེ་གསུམ་པོ་དེ་ཉིད་སྦྱང་བར་བྱ་བ་དང་། རྟོགས་པར་བྱ་བ་དང་། འབར་བར་བྱ་བའི་རིམ་གྱིས་ཁ་ཟས་རྣམས་སྦྱངས་ཏེ་སྐྱོན་མེད་པར་བྱེད་དོ། །དེ་ལྟར་ལུས་ལ་གནས་པའི་སྐབས་ཐམས་ཅད་དུ་བྱ་སྟེ་མཐར་མི་ཤིགས་པར་ཞུགས་ནས། ཡང་ཐ་མལ་པའི་ལུས་ལ་བརྟེན་ཏེ། དེ་བཞིན་དུ་ཐམས་ཅད་བྱེད་དོ། །ཞེས་དང་། གང་གི་ཕྱིར་ཨ་དང་ཡང་དག་པར་ལྡན་པར་མ་གྱུར་པའི་ཀ་ལ་སོགས་པའི་ཡི་གེ་ནི་ཡོད་པ་མ་ཡིན་ཏེ། མཐའ་ཅན་ཡིན་པའི་ཕྱིར་ཚིག་ཏུ་མི་འགྱུར་རོ། །ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད་པ་ལས། །ཨ་ནི་ཡིག་འབྲུ་སོགས༴ བྱེད། །ཅེས་གསུངས་ཏེ། དེ་བས་ན་བཅོམ་ལྡན་འདས་ཀྱིས་བསམ་གཏན་མ་ལུས་པ་སྒོའི་ས་བོན་གྱི་ཚིག །ཨ་ནི་སྐྱེ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་གསུངས་པ་དང་། ལྷན་ཅིག་སྐྱེས་པའི་ཡི་གེ་ཡིན་པ་ཡང་གསུངས་ཏེ། རྡོ་རྗེ་དཀྱིལ་འཁོར་རྒྱན་ཞེས་བྱ་བའི་རྒྱུད་ལས། །ཨ་ནི་གསལ་བར་བསྟན་པའི་ཕྱིར། །སྙིང་གི་དབུས་ན་མི་ཤིགས་པ། །འབར་ཞིང་མར་མེ་དག་དང་མཚུངས། །མི་འགྱུར་མཆོག་ཏུ་ཕྲ་བ་སྟེ། །ཨ་ནི་གཙོ་བོ་དམ་པའོ། །ཞེས་གསུངས་སོ། །དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཨའི་རིགས་སུ་གྱུར་པ་དང་། ཨ་རྒྱུར་གྱུར་པ་དང་། ཨ་ལས་ངེས་པར་འབྱུང་བ་སྟེ། བརྗོད་བཞིན་པ་ན་འགགས་པའི་རང་གི་ངོ་བོ་ཉིད་ངག་གི་རྣམ་པར་རྟོག་པའི་མཚན་ཉིད་ཅན་ཡང་དག་པ་ཇི་ལྟ་བ་ཉིད་ཤེས་ན་སྒྲ་དང་སྒྲ་མ་ཡིན་པ་ལ་ལྟོས་པ་མེད་པར་སེམས་ཅན་གྱི་བསམ་པའི་དབྱེ་བས་གདུལ་བྱའི་སྐྱེ་བོ་རྣམས་ལ་ཆོས་བསྟན་པར་མཛད་པ་ཡིན་ནོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་ལངྐར་གཤེགས་པའི་མདོ་ལས། བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་དོན་ལ་རྟོན་པར་བྱའི། ཡི་གེ་ལ་རྟོན་པར་མི་བྱའོ། །བློ་གྲོས་ཆེན་པོ་ཡི་གེའི་ཕྱིར་འབྲང་བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་ཀྱང་དོན་དམ་པ་ལས་ཉམས་པར་བྱེད་ཅིང་གཞན་ཡང་ཁོང་དུ་ཆུད་པར་མི་བྱེད་དོ། །ཞེས་སོགས་རྒྱས་པར་དྲངས་སོ། །མིའམ་ཅིའི་རྒྱལ་པོས་ཞུས་པའི་མདོ་ལས་དྲངས་པ། གང་བཟོད་པ་ཐོབ་པ་དེས་ནི་ཐམས་ཅད་བཟོད་དོ། །དེས་སྟོང་པ་ཡང་བཟོད་དོ། །གང་ཟག་ཏུ་ཡང་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟག་ལུས་སྟོང་པ་གཞན་མ་ཡིན་ཏེ། གང་ཟག་ཉིད་སྟོང་པའོ། །དེས་མཚན་མར་ཡང་བཟོད་དོ། །མཚན་མ་མེད་པ་ཡང་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། མཚན་མའི་ངོ་བོ་ཉིད་མཚན་མ་མེད་པའོ། །དེས་སྨོན་པར་ཡང་བཟོད་དོ། །སྨོན་པ་མེད་པར་ཡང་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། སྨོན་ལམ་གྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་སྨོན་པ་མེད་པའོ། །དེས་སེམས་ཅན་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་བཟོད་དོ། །དེས་སེམས་ཅན་ཐམས་ཅད་འཆི་འཕོ་དང་སྐྱེ་བར་ཡང་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། འཆི་འཕོ་དང་སྐྱེ་བ་ནི་སྒྱུ་མའི་ངོ་བོ་ཉིད་དོ། །རིགས་ཀྱི་བུ་དེ་ལྟར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ནི་འགལ་བ་མེད་པ་སྟེ། ཆོས་ཐམས་ཅད་ལ་འགལ་བ་མེད་པ་ཡིན་ནོ། །ཞེས་སོགས་དྲངས་སོ། །ཡང་གོང་གི་ལུས་དབེན་སྐབས། དབང་པོའི་སྒོ་ཡི་རྒྱུན་ལས་ནི། །སྲོག་དང་རྩོལ་བ་རྒྱུ་བ་དང་། །རྟག་པའི་དུས་སུ་རྒྱུ་བ་ནི། །སྲོག་ཅེས་བྱ་བ་ཡིན་པར་བཤད། །རླུང་དང་གཅིན་དང་ཕྱི་ས་དང་། །དེ་བཞིན་དུ་ནི་ཁུ་བ་རྣམས། །འོག་འདྲེན་འདི་ནི་ཐུར་སེལ་བ། །རྟག་ཏུ་རྣལ་འབྱོར་པས་ཤེས་བྱ། །མྱང་དང་ཟ་དང་བལྡག་པ་དང་། །ཀུན་ཏུ་འཐུང་དང་འཇིབ་པར་ནི། །གང་ཞིག་རྟག་ཏུ་མཉམ་གནས་པ། །མཉམ་དུ་གནས་ཞེས་བྱ་བ་ཡིན། །གྱེན་དུ་འགྲོ་ཞིང་སྡུད་པ་དང་། །བཟའ་དང་མྱང་སོགས་ཟ་བ་ནི། །ཤེས་དང་ལྷན་ཅིག་འབྱོར་བ་དག །གྱེན་རྒྱུའི་ལས་སུ་ཤེས་པར་བྱ། །ཁྱབ་པ་འཛིན་པ་ཉིད་དང་ནི། །འགྲོ་དང་དེ་བཞིན་ལྡོག་པ་དང་། །ཚིགས་རྣམས་ཀུན་ལ་ཁྱབ་པས་ན། །ཁྱབ་བྱེད་ཅེས་ནི་བྱ་བར་བཤད། །ཅེས་གསུངས་སོ། ། ༈ ལེའུ་བཞི་པ་སེམས་དབེན་སྐབས། དེ་བཞིན་གཤེགས་པ་རྣམས་ཀྱི་མན་ངག་ཡང་དག་པ་འགྲོ་བ་ལ་ཁ་ཕྱིར་བལྟས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ། ཤིན་ཏུ་ཟབ་པ། མཆོག་ཏུ་བཟུང་དཀའ་བ། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡོངས་སུ་དྲིས་པའི་སེམས་གང་ཡིན་པ་དེའི་ངོ་བོ་ཉིད་ནི་རྩ་བ་མེད་པ། གནས་མེད་པ། གཞི་མེད་པ། མཚན་མ་མེད་པ། དབྱིབས་མེད་པ། ཁ་དོག་མེད་པ། དབང་པོ་ལས་འདས་པ། རྟོག་གེ་བ་རྣམས་ཀྱི་ཡུལ་མ་ཡིན་པའོ་ཞེས་བཅོམ་ལྡན་འདས་ཀྱིས་རྒྱུད་ཐམས་ཅད་ལས་བསྟན་པའི་ཚིག་ལས་གསུངས་སོ། །དེ་ལྟ་བས་ན་རྡོ་རྗེ་ཐེག་པ་ལ་གནས་ནས་སངས་རྒྱས་ཉིད་ཐོབ་པར་འདོད་པས་དགེ་བའི་བཤེས་གཉེན་མཉེས་པར་བྱས་ནས་རང་གི་སེམས་ཀྱི་ངོ་བོ་ཉིད་བཙལ་བར་བྱའོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས། རིགས་ཀྱི་བུ་མཉམ་པར་བཞག་པས་རང་གི་སེམས་སོ་སོར་རྟོག་ཅིག །ཅེས་གསུངས་པ་དང་། དཔལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང་། བྱང་ཆུབ་ནི་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའོ། །ཞེས་གསུངས་པ་དང་། ཞེས་སོགས་འཐད་པའི་ལུང་རྒྱས་པར་དྲངས་སོ། །ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ནས་དྲངས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་ཤེས་པ་ནི་འོད་གསལ་བ་ལས་བྱུང་བའོ། །དེ་ཉིད་ནི་སེམས་དང་ཡིད་ཅེས་བྱ་སྟེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་བདག་ཉིད་ཅན་གྱི་ཆོས་ཐམས་ཅད་ནི་དེའི་རྩ་བ་ཅན་ཡིན་ནོ། །དེ་ལས་བདག་དང་གཞན་དུ་རྟོག་པ་རྣམ་པ་གཉིས་འབྱུང་བར་འགྱུར་རོ། །རྣམ་པར་ཤེས་པ་དེ་རླུང་ལ་ཞོན་ཏེ་བྱུང་། རླུང་ལས་ནི་མེའོ། །མེ་ལས་ནི་ཆུའོ། །ཆུ་ལས་ནི་སའོ། །དེ་རྣམས་ལས་ནི་ཕུང་པོ་ལྔ་དང་། སྐྱེ་མཆེད་དྲུག་དང་། དབང་པོ་ལྔ་རྣམས་ཏེ། དེ་དག་ཐམས་ཅད་ནི་རླུང་དང་རྣམ་པར་ཤེས་པ་ཡང་དག་པར་འདྲའོ། །དེ་ནས་རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་སྣང་བ་རབ་ཏུ་སྤྱོད་པ་ཡོངས་སུ་གསལ་བར་ཉམས་སུ་མྱོང་བར་འགྱུར་ཞིང་སྣང་བའི་རྒྱུས་རང་བཞིན་རྣམས་འབྱུང་བར་འགྱུར་རོ། །མདོར་བསྟན་པའི་ཚིག་དེ་རྣམས་རྒྱས་བར་བཤད་པའི་བསྡུས་པ་བསྟན་པར་བྱ་སྟེ། དེ་ལ་དང་པོ་ཁོ་ནར་རྣམ་པར་ཤེས་པ་གསུམ་གྱི་རྣམ་གྲངས་གཞན་དག་བཤད་པར་བྱའོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་ཤེས་རབ་དང་ཐབས་ཤེས་བྱ་བའི་མིང་གསལ་བའི་དགོངས་པས་བཤད་པ་འདིས་མ་ནིང་གི་ཚིག་ཉེ་བར་མཚོན་པ་ཡིན་ལ། ཉེ་བར་ཐོབ་པའི་ཡེ་ཤེས་ནི་གསལ་བ་མ་ཡིན་ནོ། །དེ་བས་ན་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བ་དང་། ཀུན་ཏུ་བརྟག་པ་དང་། གཞན་དབང་དང་། ཡོངས་སུ་གྲུབ་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཅེས་བྱ་བ་དང་། ངོ་བོ་ཉིད་གསུམ་ཞེས་བྱ་བ་ལ་སོགས་པའི་རྣམ་གྲངས་ཐེག་པ་ཆེན་པོ་དང་ཐུན་མོང་དུ་གྱུར་པའོ། །རྡོ་རྗེ་ཐེག་པ་འདིར་རྣམ་གྲངས་གསུངས་པ། སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པ་དང་། སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་དང་། སེམས་དང་སེམས་ལས་བྱུང་བ་དང་། མ་རིག་པ་དང་། འདོད་ཆགས་དང་། འདོད་ཆགས་བྲལ་བ་དང་། འདོད་ཆགས་བར་མ་ཞེས་བྱའོ། །དེ་ལྟར་སེམས་ཀྱི་རྣམ་གྲངས་བསྟན་ནས། ད་ནི་སོ་སོ་རང་རིག་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དག་གི་སྒོ་ལ་བརྟེན་ནས་བསྟན་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་སེམས་ནི་དབྱིབས་དང་ཁ་དོག་དང་བྲལ་བ་ནམ་མཁའི་མཚན་ཉིད་ཅན་ནོ། །ཞེས་གསུངས་པ་དང་། ཡང་བཅོམ་ལྡན་འདས་ཀྱིས་སྣང་བའི་མཚན་ཉིད་ཅན་དང་། རྗེས་སུ་མྱོང་བའི་མཚན་ཉིད་དུ་སོ་སོར་རྟོག་པར་བྱའོ་ཞེས་ལུང་ལས་བསྟན་ཏོ། །དེ་བས་ན་དེའི་མན་ངག་ལ་འཇུག་པར་བྱ་སྟེ། འདི་ལྟ་སྟེ། དང་པོ་ཀུན་ཏུ་སྣང་བ་དང་། ཕྱི་ནས་རང་བཞིན་ནོ། །དེ་ལ་སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པ་ཞེས་བྱ་སྟེ་སྣང་བ་གསུམ་མོ། །དེ་ལ་སྣང་བའི་མཚན་ཉིད་གང་ཞེ་ན། རྣམ་པ་མེད་པའི་རང་བཞིན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་སྟོན་གྱི་དུས་སུ་ནམ་མཁའ་དྲི་མ་མེད་པ་ལ་ཟླ་བའི་དཀྱིལ་འཁོར་གྱི་འོད་ཟེར་སྣང་བར་བྱེད་པས་ཁྱབ་པར་བྱེད་པ་བཞིན་ཏུ་རང་བཞིན་གྱིས་གསལ་བའི་རྣམ་པས་དངོས་པོ་མ་ལུས་པ་ཐམས་ཅད་ལ་དམིགས་པས་ན་སྣང་བ་སྟེ། འདི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཤེས་རབ་ཀྱི་སྣང་བ་སྟོང་པ་དང་པོ་སྟེ། ཨོཾ་ཞེས་བྱ་བ་ངག་གི་སྒོ་ལ་བརྟེན་པའི་ས་བོན་བརྟན་པར་བྱེད་པའི་རྒྱུ་སྟེ། མོས་པ་ཆུང་བའི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་རྟོགས་པར་མི་འགྱུར་བས་དེ་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་སོ་ཞེས་དམིགས་པར་བྱེད་ཅིང་། པདྨའམ། བུད་མེད་ཀྱི་གཟུགས་སམ། གཡོན་པའི་མིང་ངམ། མཚན་མོའི་མིང་དང་། འཇམ་པའི་དངོས་པོར་སེམས་ཀྱི་ཀུན་རྗོབ་ཀྱི་གཟུགས་གསལ་བའོ། །སྣང་བ་མཆེད་པའི་མཚན་ཉིད་གང་ཞེ་ན། དེ་ཡང་གཟུང་བ་དང་འཛིན་པ་བྲལ་བའི་རྣམ་པ་མེད་པའི་རང་བཞིན་ཅན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་སྟོན་ཀའི་དུས་སུ་ཉི་མའི་འོད་ཟེར་གྱིས་ཁྱབ་པ་བཞིན་དུ་ཤིན་ཏུ་གསལ་ཞིང་དྲི་མ་མེད་པའི་ངོ་བོ་ཉིད་དུ་དངོས་པོ་མ་ལུས་པར་དམིགས་པ་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་གཉིས་པ་སྟེ། རིམ་པ་གཉིས་པ་ཤིན་ཏུ་སྟོང་པའི་མཚན་ཉིད་ཨཱཿཞེས་བྱ་བའི་ངག་གི་སྒོ་ལ་བརྟེན་པའི་ས་བོན་བརྟན་པར་བྱེད་པའི་རྒྱུ་སྟེ། མོས་པ་ཆུང་བའི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་རྟོགས་པར་མི་འགྱུར་པས་ཉི་མའི་དཀྱིལ་འཁོར་ལ་བརྟེན་ནས་དམིགས་པར་བྱེད་ཅིང་། རྡོ་རྗེ་རྩེ་ལྔ་པའམ། རིན་པོ་ཆེའམ། ཉིན་མོའམ། སྐྱེས་པའི་གཟུགས་སམ། གཡས་པ་ཞེས་བྱའམ། རྩུབ་པའི་རྣམ་པ་ནི་སེམས་ལས་བྱུང་བའི་ཀུན་རྫོབ་ཀྱི་གཟུགས་སོ། །སྣང་བ་ཐོབ་པ་གང་ཞེ་ན། དེ་བཞིན་དུ་ནམ་མཁའི་མཚན་ཉིད་དངོས་པོ་མེད་པའི་གཟུགས་ཅན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་མཚམས་ཀྱི་སྨག་ལ་བབས་པའི་ངོ་བོར་ཁྱབ་པ་ཕྲ་ཞིང་བདག་མེད་པ་སྲོག་དང་རྩོལ་བ་མི་རྒྱུ་བས་རྒྱུ་བ་མེད་པ་སྟེ། སེམས་མེད་པ་མི་གཡོ་བ་དག་གིས་ས་བོན་ལ་བརྟེན་པའི་སྒོ་ཡོངས་སུ་གྲུབ་པ་ཞེས་བྱ་བ་འདི་ནི་སྣང་བ་ཐོབ་པ་མ་རིག་པའི་མཚན་ཉིད་ཅན་སྟོང་པ་ཆེན་པོ་སྟེ་རྣམ་པར་ཤེས་པ་གསུམ་དུ་བཤད་དོ། །དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་མན་ངག་སྟོང་པ་གསུམ་གྱི་མཚན་ཉིད་བསྟན་ནས། ད་ནི་ཡེ་ཤེས་རེ་རེ་འབྱུང་བ་ལ་རང་བཞིན་འབྱུང་བ་རྣམ་པར་བཞག་པར་བྱ་སྟེ། དེ་ལ་ཤེས་རབ་ཡེ་ཤེས་ཀྱི་རང་བཞིན་ནི་འདོད་ཆགས་དང་བྲལ་བར་དང་། འདོད་ཆགས་དང་བྲལ་བ་བར་མ་དང་། ཤིན་ཏུ་འདོད་ཆགས་དང་བྲལ་བ་དང་། གང་ཡིད་ཀྱིས་འགྲོ་བ་དང་འོང་བ་དག་དང་། མྱ་ངན་དང་། མྱ་ངན་བར་མ་དང་། ཤིན་ཏུ་མྱ་ངན་དུ་གྱུར་པ་དང་། ཞི་བ་དང་། རྣམ་པར་རྟོག་པ་དང་། འཇིགས་པ་དང་། འཇིགས་པ་བར་མ་དང་། ཤིན་ཏུ་འཇིགས་པ་དང་། སྲེད་པ་དང་། སྲེད་པ་བར་མ་དང་། ཤིན་ཏུ་སྲེད་པ་དང་། ཉེ་བར་ལེན་པ་དང་། མི་དགེ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། ཚོར་བ་དང་། ཚོར་བ་བར་མ་དང་། ཤིན་ཏུ་ཚོར་བ་དང་། རིག་པ་པོ་དང་། རིག་པ་དང་། འཛིན་པའི་གཞི་དང་། སོ་སོར་རྟོག་པ་དང་། ངོ་ཚ་ཤེས་པ་དང་། སྙིང་རྗེ་དང་། བརྩེ་བ་དང་། བརྩེ་བ་བར་མ་དང་། ཤིན་ཏུ་བརྩེ་བ་དང་། དོགས་པ་དང་བཅས་པ་དང་། སྡུད་པ་དང་། ཕྲག་དོག་སྟེ་མཚན་ཉིད་སུམ་ཅུ་རྩ་གསུམ་མོ། །ཐབས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཆགས་པ་དང་། །ཀུན་ཏུ་ཆགས་པ་དང་། དགའ་བ་དང་། དགའ་བ་བར་མ་དང་། ཤིན་ཏུ་དགའ་བ་དང་། རངས་པ་དང་། རབ་ཏུ་མགུ་བ་དང་། ངོ་མཚར་བ་དང་། རྒོད་པ་དང་། ཚིམ་པ་དང་། འཁྱུད་པ་དང་། འོ་བྱེད་པ་དང་། འཇིབས་པ་དང་། བརྟན་པ་དང་། བརྩོན་པ་དང་། ཁེངས་པ་དང་། བྱ་བ་དང་། དབྲོག་པ་དང་། སྟོབས་དང་། སྤྲོ་བ་དང་། དཀའ་བ་ལ་སྦྱོར་བ་དང་། །དཀའ་བ་ལ་སྦྱོར་བ་བར་མ་དང་། ཤིན་ཏུ་དཀའ་བ་ལ་སྦྱོར་བ་དང་། དྲག་པ་དང་། རྣམ་པར་སྒེག་པ་དང་། འགྲོས་དང་། དགེ་བ་དང་། ཚིག་གསལ་བ་དང་། བདེན་པ་དང་། མི་བདེན་པ་དང་། ངེས་པ་དང་། ཉེ་བར་མི་ལེན་པ་དང་། སྦྱིན་པ་པོ་དང་། བསྐུལ་བ་དང་། དཔའ་བ་དང་། ངོ་ཚ་མེད་པ་དང་། སྒྱུ་ཟིན་པ་དང་། གདུག་པ་དང་། མི་བསྲུན་པ་དང་། གྱ་གྱུ་ཆེ་བ་སྟེ་མཚན་ཉིད་བཞི་བཅུ་ཐམ་བའོ། །སྣང་བ་ཐོབ་པའི་ཡེ་ཤེས་ཀྱི་རང་བཞིན་ནི་འདི་ལྟ་སྟེ། ཆགས་པ་བར་མ་དང་། བརྗེད་ངས་པ་དང་། འཁྲུལ་པ་དང་། མི་སྨྲ་བ་དང་། སྐྱོ་བ་དང་། ལེ་ལོ་དང་། ཐེ་ཚོམ་དང་བཅས་པ་སྟེ། འདིའི་རང་བཞིན་གྱི་མཚན་ཉིད་ནི་བདུན་པོ་འདི་དག་གོ། །རང་བཞིན་རྣམ་པ་བརྒྱད་ཅུ་པོ་དེ་དག་གི་མཚན་ཉིད་ནི་མངོན་སུམ་དུ་ཕྱེ་བར་གྱུར་ན་བརྒྱ་དྲུག་ཅུ་སྟེ། ཉིན་དང་མཚན་དུ་སྒོ་ང་ལས་སྐྱེས་པ་ལ་སོགས་པ་རྣམས་ཀྱང་ཉིན་དང་མཚན་དུ་སྤྱོད་དེ། ཕོ་དང་མོའི་སྐྱེ་གནས་ཀྱི་དབྱེ་བས་ཕྱེ་བའི་ཕྱིར་ནི་མ་ཡིན་ནོ། །ཞེས་དང་། རྣམ་པར་ཤེས་པ་གསུམ་ནི་རྩ་བ་མེད་པ། གནས་མེད་པ། གཞི་མེད་པ། མཚན་ཉིད་མེད་པ། ཁ་དོག་དང་དབྱིབས་མེད་པ། དབང་པོ་ལས་འདས་པ་ཡིན་པར་ནི་བདེན་ཏེ། དེ་ལྟ་མོད་ཀྱི་སྣང་བ་དང་བཅས་པ་ཡིན་ལ། དེས་ན་རླུང་གི་ཁམས་དང་ལྷན་ཅིག་མེལ་ཚེ་དེ་གང་གི་ཕྱིར་རླུང་གི་ཁམས་ནི་གཟུགས་མེད་ཀྱང་གཡོ་ཞིང་བསྐྱོད་པ་ལ་སོགས་པའི་བྱ་བ་སྟོན་པས་རྗེས་སུ་དཔག་པར་ཤེས་པར་བྱའོ། །ཞེས་སོགས་འཐད་པའི་ལུང་བཅས་རྒྱས་པར་བཤད་མཐར། དེ་ལྟར་བཤད་པའི་རྒྱུད་ལ་བརྟེན་ནས་རང་གི་རང་བཞིན་སྣང་བའི་རྗེས་སུ་འབྲངས་ནས་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་རྟོགས་པར་ལས་སུ་སྨྲ་བའི་སེམས་ཅན་རྣམས་འཁོར་བ་ཐོག་མ་མེད་པ་ནས་རང་གི་སེམས་རྣམ་པར་རྟོག་པ་ལས་བྱུང་བའི་ལས་དང་ཉོན་མོངས་པའི་འཆིང་བས་དར་གྱི་སྲིན་བུ་བཞིན་དུ་རང་ཉིད་ཀྱིས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་མངོན་པར་འདུ་བྱས་ནས། སྐྱེ་བ་གཅིག་ནས་གཅིག་ཏུ་ཉེ་བར་བསགས་པའི་དགེ་བ་དང་མི་དགེ་བའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་ན་ཡང་དོན་དམ་པའི་བདེན་པའི་དཀྱིལ་འཁོར་ལ་འཇུག་པའི་རིམ་གྱིས་ཕུང་པོ་ཡོངས་སུ་སྤངས་ཏེ། རླུང་གི་ཁམས་བླངས་ནས་ཚོར་བ་དང་ལྡན་ཞིང་སྲེད་པས་རྗེས་སུ་བཅིངས་ལ། ཆོས་ཀྱི་དབྱིངས་རྒྱུ་མཐུན་པ་ལས་བྱུང་བའི་དྲན་པས་ཡོངས་སུ་བཟུང་བ། དགེ་བ་དང་མི་དགེ་བའི་རྣམ་པའི་ཡིད་དང་ལྡན་པ། བྱིས་པ་ལོ་ལྔ་པ་དང་མཉམ་པ་ཐམས་ཅད་མཐོང་བ། དབང་པོ་ཐམས་ཅད་ཚང་བ། དྲིའི་ཟས་ལ་སྤྱོད་པ། རྡོ་རྗེ་ལ་སོགས་པས་ཀྱང་མི་བཟློག་ལ། མཚན་ཉིད་ཐམས་ཅད་དང་ལྡན་པ། ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ། ཉི་མ་བདུན་གྱིས་འོང་བའི་བར་ལ་གནས་ནས་རང་གི་རྣམ་པར་རྟོག་པ་ལས་བྱུང་བའི་ལས་དགེ་བ་དང་མི་དགེ་བས་བསྐུལ་བར་གྱུར་པས་རྒྱུ་དང་རྐྱེན་ཐོབ་ནས་འགྲོ་བ་ལྔ་རྣམས་སུ་ཟོ་ཆུན་གྱི་འཁྲུལ་འཁོར་གྱི་ཚུལ་གྱིས་ཡང་དང་ཡང་དུ་ཉིང་མཚམས་སྦྱོར་བ་ལེན་པར་བྱེད་ཅིང་། འཁོར་བའི་སྡུག་བསྔལ་རྗེས་སུ་མྱོང་བར་འགྱུར་རོ། །ཞེས་དང་། ལེའུ་ལྔ་པ་ལས་ཀྱི་མཐའ་རྣམ་པར་འབྱེད་པའི་བསྡུས་པའི་ཐེ་ཚོམ་གཅོད་པ་ལས། ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་མདོ་ལས་ལུང་དྲངས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དགེ་སློང་དེ་ལྟར་ཆོས་ཐམས་ཅད་ནི་འོད་གསལ་བ་ཡིན་ནའང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་ཡང་དག་པ་མ་ཡིན་པའི་ཆོས་རྣམས་ལ་བརྟགས། ཕྱིན་ཅི་ལོག་ལ་བརྟགས། གསོ་བ་དང་། གསོག་ལྟ་བུའི་ཆོས་རྣམས་ལ་བརྟགས་པས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་འགྱུར་རོ། །དགེ་སློང་དེ་ལྟར་སེམས་ཀུན་ནས་ཉོན་མོངས་པས་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་རོ། །སེམས་རྣམ་པར་དག་པས་སེམས་ཅན་རྣམས་རྣམ་པར་དག་པར་འགྱུར་རོ། །ཞེས་དང་། དགོངས་པ་བླ་ན་མེད་པ་ལས། ཇི་ལྟར་སྤྲིན་ནི་སྣ་ཚོགས་སོགས༴ ཡང་དེ་ལྟར་ན་རིག་པ་འདིས་ལུང་དང་རིགས་པ་དག་གིས་དེ་བཞིན་གཤེགས་པ་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྦ་ཀློང་དུ་ལྟུང་བར་གྱུར་ཅིང་། སྐྱབས་མེད་པ་དཔུང་གཉེན་མེད་པ་རྣམས་ལ་གཟིགས་ནས་ཀུན་རྫོབ་ཀྱི་བདེན་པའི་ཚུལ་གྱིས་ཉོན་མོངས་པའི་ངོ་བོ་ཉིད་ཡོངས་སུ་ཤེས་པས་ཉོན་མོངས་པ་རྣམ་པར་དག་པར་མཛད་ཅིང་། ཀུན་རྫོབ་ཀྱི་བདེན་པ་ཡང་དོན་དམ་པའི་བདེན་པས་རྣམ་པར་སྦྱངས་ནས་ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ལ་ཡང་དག་པར་འཇོག་པར་མཛད་པ་ཡིན་ནོ། །ཞེས་སོ། །ལེའུ་དྲུག་པ་ཀུན་རྫོབ་ཀྱི་བདེན་པས་བསྡུས་པའི་ཐེ་ཚོམ་གཅོད་པར། ལུས་རྣམ་པར་དབེན་པ་ནི་ལྷའི་གཟུགས་མེད་དེ། ལུས་ནི་རྡུལ་ཕྲ་རབ་བསགས་པ་ཙམ་ཡིན་པའི་ཕྱིར་རོ། །ངག་རྣམ་པར་དབེན་པའི་མཐར་ཐུག་པ་ཡང་འཇུག་པ་ལ་སོགས་པའི་རིམ་གྱིས་རྡོ་རྗེའི་བཟླས་པ་ཙམ་ཡོངས་སུ་ཤེས་པ་སྟེ། དེ་ལ་ཡང་ལྷའི་རྣམ་པ་མེད་དེ། སྒྲ་རྣམས་ནི་བྲག་ཅ་ལྟ་བུ་ཡིན་པའི་ཕྱིར་རོ། །སེམས་རྣམ་པར་དབེན་པའི་མཐར་ཐུག་པ་ཡང་རང་བཞིན་གྱིས་སྣང་བ་ཙམ་ཡོངས་སུ་ཤེས་པར་ཟད་པས། དེར་ཡང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ལྷའི་སྐུའི་ངོ་བོ་རྙེད་པར་མི་འགྱུར་ཏེ། སེམས་ནི་སྣང་བ་ཙམ་ཡིན་པའི་ཕྱིར་རོ། །ཞེས་སོགས་ཀྱིས་དྲིས་པའི་ལན། རང་གི་སེམས་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པར་ཞེས་བྱ་བ། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལ་ཡང་མེད་པ། ཡེ་ཤེས་ཙམ་དུ་ཡོངས་སུ་སྣང་བ་ཙམ་གྱིས་མཚན་ཐམས་ཅད་དང་ལྡན་པའི་ལྷའི་སྐུར་བཟུང་བ་དེ་ཡང་སྒྱུ་མ་དང་། རྨི་ལམ་ལ་སོགས་པའི་དཔེ་རྣམ་པ་བཅུ་གཉིས་ཀྱིས་མཚོན་པ་འདི་ནི་སངས་རྒྱས་རྣམས་ཀྱི་ཡིད་ཀྱི་རང་བཞིན་ཅན་གྱི་སྐུ་ཡིན་ནོ། །ཞེས་སོགས་དང་། བདག་ལ་བྱིན་གྱིས་བརླབས་པ་ཞེས་བྱ་བ་འདི་ལྟར་རྩིག་པའི་རས་རིས་མེ་ལོང་གི་ནང་དུ་ཉེ་བར་སྣང་བ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྐུའི་ངོ་བོ་ཉིད་ཀྱིས་བདག་ཉིད་སྤྲུལ་ཏེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྐུ་བལྟ་བས་ཆོག་མི་ཤེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པས་ལུས་ལ་བརྒྱན་པ་སྟེ། མདོར་ན་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱིས་བརྒྱན་པ་ཞེས་པའི་བར་དུའོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་མངོན་པར་བྱང་ཆུབ་པའི་རྒྱུད་ལས། འཇའ་ཚོན་ལྟ་བུའི་ལུས་དག་ནི། །དེ་ཉིད་བསྒོམས་པས་འཐོབ་པར་འགྱུར། ཞེས་གསུངས་སོ། །འདིའི་དོན་ནི་འདི་ཡིན་ཏེ། འཇའ་ཚོན་ཞེས་བྱ་བ་ནི་ལྷའི་དབང་པོའི་གཞུའོ། །དེ་ཡང་གང་ཞེ་ན། དངོས་སུ་འོད་ཟེར་ལྔས་ཉེ་བར་མཚོན་པ་སྟེ། ཇི་ལྟར་འཇའ་ཚོན་ནམ་མཁའི་དཀྱིལ་ན་ཁ་དོག་ལྔའི་དབྱེ་བ་ཡོངས་སུ་གསལ་བ་ཡིན་ཏེ། ལུས་ཀྱང་དེ་དང་འདྲ་བར་ཉེ་བར་མཚོན་པའི་ཕྱིར། འཇའ་ཚོན་ལྟ་བུའི་ལུས་ངག་ནི། །ཞེས་བྱ་བའི་དོན་ཏོ། །དེ་ཉིད་བསྒོམས་པས་འཐོབ་པར་འགྱུར། །ཞེས་བྱ་བ་ནི་བླ་མ་ལས་མན་ངག་ཡང་དག་པར་ཐོབ་ནས་དེ་ཁོ་ན་ཉིད་བསྒོམས་ཤིང་དོན་དམ་པའི་བདེན་པ་ལ་དམིགས་པས་འཐོབ་པའི་དོན་ཏོ། །ཞེས་གསུངས་སོ། །ལེའུ་བདུན་པ་དོན་དམ་པའི་བདེན་པས་བསྡུས་པའི་ཐེ་ཚོམ་གཅོད་པར། དེ་ལ་མངོན་པར་བྱང་ཆུབ་པའི་རིམ་པ་ནི་རྣམ་པ་གཉིས་ཏེ། འདི་ལྟ་སྟེ་ཕྱི་དང་ནང་གིའོ། །དེ་ལ་དང་པོར་ཕྱིའི་བསྟན་པར་བྱ་སྟེ། ཐོ་རངས་ཀྱི་ཐུན་མཚམས་སུ་མ་རིག་པའི་སྣང་བ་འདས་ནས་ཇི་སྲིད་ཉི་མ་གསལ་བར་མ་གྱུར་པ་སྟེ། འདི་ལ་ནི་འོད་གསལ་དྲི་མ་མེད་པའི་རྣམ་པ་གསལ་ཞིང་ལུས་དང་ངག་དང་ཡིད་དང་བྲལ་བ་ཐམས་ཅད་སྟོང་པའི་མཚན་ཉིད་ཅན་ནོ། །ཉི་མ་ཤར་བ་ནི་སྣང་བ་མཆེད་པའོ། །ཉི་མ་ནུབ་པའི་ཐུན་མཚམས་སུ་མ་རིག་པའོ། །ཟླ་བ་ཤར་བའི་ཚེ་ནི་སྣང་བའོ། །དེ་ལྟར་སྟོང་པ་ཉིད་རྣམ་པ་བཞི་ཕྱི་རོལ་ལ་ངེས་པར་བསྟན་པར་བཤད་ནས། ད་ནི་ནང་གི་མངོན་པར་བྱང་ཆུབ་པ་སོ་སོ་རང་གིས་རིག་པའི་མཚན་ཉིད་ཅན་རིམ་པ་འདིས་བསྟན་པར་བྱ་སྟེ། དང་པོར་སྨིག་རྒྱུ་ལྟ་བུ་ལ་འོད་ཟེར་ལྔའི་ཚོགས་དང་ལྡན་པར་མཐོང་ངོ་། །གཉིས་པ་ནི། སྣང་བ་སྟེ་ཟླ་བའི་འོད་ཟེར་ལྟ་བུའོ། །གསུམ་པ་ནི་སྣང་བ་མཆེད་པ་སྟེ་ཉི་མའི་འོད་ཟེར་ལྟ་བུའོ། །བཞི་པ་ནི་སྣང་བ་ཐོབ་པ་སྟེ་མུན་པ་ལྟ་བུའོ། །དེ་ནས་མུན་པ་དང་བྲལ་བའི་སྐད་ཅིག་ལ་འོད་གསལ་བ་སྟེ། ཤིན་ཏུ་གསལ་བ་རྟག་ཏུ་སྣང་བའི་མཚན་ཉིད་ཅན་དོན་དམ་པའི་བདེན་པའི་རང་གི་མཚན་ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་བའོ། །དེ་ལྟར་ཐམས་ཅད་སྟོང་པ་ཉིད་མངོན་སུམ་དུ་བྱས་ནས་རིམ་པ་འདིས་བསམ་གཏན་མཉམ་པ་ཉིད་ལ་དམིགས་པར་བྱེད་དོ། །དེའི་རིམ་པ་ནི་འདི་ཡིན་ཏེ། ཆུ་བོའམ་ལྟེང་ཀའི་ཆུ་ནི་དྲི་མེད་དག་པ་གོང་བུ་གནས་པ་ལྟར། །དེ་བཞིན་དེ་ལ་རིམ་གྱིས་རྗེས་སུ་གཞིག་པར་བྱེད་པའི་རྣལ་འབྱོར་པས་ནི་རྟག་ཏུ་བསམ། །མེ་ལོང་ལ་ནི་རླུང་དག་རིམ་གྱིས་ཟད་པར་བྱེད་པ་བཞིན་དུ་བལྟ་བྱ་སྟེ། །རིལ་པོར་འཛིན་ལའང་བྱ་བའི་རིམ་པ་འདི་ཡིས་དེ་ཉིད་ཡང་དག་བརྟག །ད་ནི་མིང་ལ་མངོན་པར་ཞེན་པ་རྣམས་ཀྱི་འཁྲུལ་པ་བསལ་བའི་ཕྱིར་དོན་དམ་པའི་བདེན་པའི་མིང་གི་རྣམ་གྲངས་འགའ་ཞིག་ལ་འཇུག་པར་བྱ་སྟེ། དེ་ལ་དང་པོར་ནི་འོད་གསལ་བ་དང་། ཐམས་ཅད་སྟོང་པ་དང་། སངས་རྒྱས་ཡེ་ཤེས་དང་། རྡོ་རྗེའི་ཡེ་ཤེས་དང་། བླ་ན་མེད་པའི་ཡེ་ཤེས་དང་། དྲི་མ་མེད་པ་དང་། སོགས་ནས། ཉོན་མོངས་པ་ཐམས་ཅད་ཟད་པར་བྱེད་པ་ཞེས་བྱའོ། །ཞེས་སོགས་ཤིན་ཏུ་རྒྱས་པར་བསྟན་ཏོ། །ལེའུ་བརྒྱད་པ་མི་གནས་པའི་མྱ་ངན་ལས་འདས་པའི་ཁམས་བསྡུས་པའི་ཐེ་ཚོམ་གཅོད་པར། རྡོ་རྗེ་ཐེག་པ་འདི་ལ་བསྐྱེད་པའི་རིམ་པ་ལ་བསླབས་ནས་ས་བརྒྱད་པ་ཐོབ་སྟེ། ཡང་ནས་ཡང་དུ་བདེ་འགྲོར་སྐྱེ་ཞིང་ཇི་སྲིད་རྫོགས་པའི་རིམ་པ་མ་ཐོབ་པ་དེ་སྲིད་དུ་དགེ་བའི་བཤེས་གཉེན་མཉེས་པར་བྱའོ། །སྐུ་དང་གསུང་དང་ཐུགས་མངོན་པར་རྟོགས་ནས་ས་བཅུ་ཐོབ་པ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་སོ་སོར་ཐོབ་ཅིང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཡང་དག་པར་རྟོགས་ནས་སྣང་བ་རྣམ་པར་དག་པ་སོ་སོར་ཐོབ་ཅིང་། སྣང་བ་མེད་པ་ལས་ལངས་ནས་ཟུང་དུ་འཇུག་པར་གནས་པའི་རིམ་གྱིས་སངས་རྒྱས་ཀྱི་བྱ་བ་མངོན་སུམ་དུ་བྱས་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་ནས་གནས་པར་འགྱུར་རོ། །ཞེས་སོགས་ལུང་དང་བཅས་པ་དྲངས་མཐར། གང་རིགས་པ་འདིས་མངོན་པར་བྱང་ཆུབ་པའི་རིམ་པ་འདིས་འོད་གསལ་བ་ཡང་དག་པར་ཐོབ་པར་གྱུར་པ་དེའི་ལུས་དང་ངག་དང་སེམས་དྲི་མ་མེད་པའི་ངོ་བོ་ཉིད་ཐམས་ཅད་སྟོང་པ་ཉིད་ཡིན་པས། རྣམ་པར་ཤེས་པ་གསུམ་རྣམ་པར་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ལ་ནི་སེམས་པ་མེད་ཅིང་སྨྲ་བ་མེད་པ་གང་ཡིན་པ་འདི་ནི་མྱ་ངན་ལས་འདས་པའི་ཁམས་ཏེ། གཟུགས་མེད་པ་དང་། རེག་པར་དཀའ་བ་དང་། ལས་དང་སྐྱེ་བ་ལས་རྣམ་པར་གྲོལ་བ་དང་། ཉི་མ་དང་། ཟླ་བ་དང་། མེ་དང་། ནོར་བུའི་འོད་ཀྱིས་ངོ་བོ་ཉིད་བཞིན་དུ་གསལ་བའོ། །དེ་ལས་ནི་མུན་པའི་སྣང་བ་སྟེ་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པར་འགྱུར་རོ། །སྣང་བ་ཉེ་བར་ཐོབ་པ་ལས་གསལ་བའི་ཉི་མའི་འོད་ཀྱིས་སྣང་བའི་ཚ་བའི་ངོ་བོ་སྣང་བ་མཆེད་པ་འབྱུང་བར་འགྱུར་རོ། །དེ་ལས་ནི་གསལ་བ་ཟླ་བའི་འོད་ཟེར་བསིལ་བའི་ངོ་བོ་ཉིད་ཀྱིས་སྣང་བས་ཁྱབ་པ་ཤེས་རབ་ཀྱི་ཡེ་ཤེས་འབྱུང་བར་འགྱུར་རོ། །དཔལ་མཆོག་དང་པོ་ལས་ཀྱང་། ནམ་མཁའ་ལས་ནི་ནམ་མཁའ་འབྱུང་། །ཐམས་ཅད་སྟོང་པ་ནམ་མཁའ་ཆེ། །ཞེས་གསུངས་སོ། །དེ་བས་ན་སྟོང་པ་ཉིད་གཞི་གཅིག་ཏུ་གྱུར་པའི་སྣང་བའི་ཚོགས་ནམ་མཁའ་སྣང་བྱེད་ལྟ་བུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཏེ། ཁམས་ཕྲ་བ་དང་ལྷན་ཅིག་ཏུ་གྲིབ་མ་དང་འདྲ་བར་གཅད་དུ་མེད་པ་དང་གཞིག་ཏུ་མེད་པའི་རྡོ་རྗེའི་སྐུའི་ངོ་བོ་ཉིད་འཕོ་བ་མེད་ཅིང་། ཟག་པ་མེད་པས་ཉོན་མོངས་པའི་བག་ཆགས་ཐམས་ཅད་ལས་རྣམ་པར་གྲོལ་བ་འདོད་པ་ཙམ་གྱིས་དབང་དུ་གྱུར་པ་ཐོབ་པ་ཆུ་ལ་ཉ་ལྟ་བུའམ། མྱུར་བར་གཉིད་ལོག་ཅིང་སད་པ་བཞིན་དུ་མཆོག་ཏུ་དགའ་བའི་ལུས་ཀྱིས་ངོ་བོ་ཉིད་ཀྱི་གཟུགས་འབྱུང་བར་འགྱུར་བའི་གཟུགས་ཀྱི་བདག་ཉིད་ཅན་གྱི་མིང་ནི་རྡོ་རྗེ་འཆང་ཆེན་པོ་ཞེས་བྱའོ། །འཁོར་བའི་འཆིང་བ་ལས་ངེས་པར་གྲོལ་བས་ན་ཐར་པ་ཞེས་བྱའོ། །སོགས་དང་། རྩ་རྒྱུད་ལུང་ལས། ཨེ་མའོ་རྡོ་རྗེ་ཨེ་རྡོ་རྗེ། །ཨེ་མའོ་རྡོ་རྗེ་ཆོས་བསྟན་པ། །གང་དུ་ལུས་ངག་སེམས་མེད་པ། །དེ་ནི་གཟུགས་སུ་རྣམ་པར་བསྒོམ། །ཞེས་དང་། རྗེ་བཙུན་གྱིས། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་ཀྱང་མེད། །ནམ་མཁའ་ལས་ནི་འཇའ་ཚོན་ལྟར། །ཁྱེད་ཀྱི་སྐུ་ནི་སྟོན་པར་མཛད། །སོགས་དང་། ཟུང་དུ་འཇུག་པའི་སྐུ་ཡོངས་སུ་རྫོགས་པ་འདི་མིང་གི་རྣམ་གྲངས་འགའ་ཞིག་ལ་འཇུག་པར་བྱ་སྟེ། རིག་པ་ཆེན་པོའི་སྐྱེས་བུའི་གཟུགས་དང་། བདེན་པ་གཉིས་ཀྱི་ཚུལ་ལ་གནས་པ་དང་། རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་ཅན་དང་། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་དང་། འཇིག་རྟེན་གསུམ་གྱི་བདག་ཉིད་ཅན་དང་། དུས་གསུམ་གྱི་བདག་ཉིད་ཅན་དང་། ཐེག་པ་གསུམ་གྱི་བདག་ཉིད་ཅན་དང་། དཀྱིལ་འཁོར་གསུམ་གྱི་བདག་ཉིད་ཅན་དང་། སོགས་ནས། འཁོར་བའི་ཕ་རོལ་གྱི་མཐའ་ལ་གནས་པ་དང་། ཡེ་ཤེས་ཀྱི་སྐུ་དང་། རང་བྱུང་ཞེས་བཤད་དོ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི་ཁྱད་པར་འདི་ཉིད་བཅོམ་ལྡན་འདས་ཀྱིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས་ཀྱང་། གང་གིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་དག་ཐོབ་པའི་སྐྱེས་བུ་དམ་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུལ་དུ་མཆིས་པ་ལགས་སོ། །རང་དབང་གི་ཡེ་ཤེས་ལ་དབང་བགྱིད་པ་ལགས་སོ། །ཞེས་སོགས་རྒྱས་པར་དྲངས་སོ། །ལེའུ་དགུ་པ་སྤྱོད་པ་མངོན་པར་བྱང་ཆུབ་པའི་སྤྲོས་པ་དང་བཅས་པ་བསྡུས་པའི་ཐེ་ཚོམ་གཅོད་པར། སེམས་དཔའ་ཆེན་པོ་ལེགས་སོ་ལེགས་སོ། །ཁྱད་པར་གྱི་རྒྱུ་ཐོབ་ཅིང་བརྩོན་འགྲུས་འབར་བ་རྣམས་དང་། ལུས་དང་སྲོག་ལ་ལྟོས་པ་མེད་པ་རྣམས་ཀྱིས་ཚེ་འདི་ཉིད་ལ་རང་གི་གཟུགས་སུ་འཛིན་པ་ཡོངས་སུ་ལོག་ནས། ཡོན་ཏན་གྱི་དབང་ཕྱུག་བརྒྱད་ཀྱི་འབྲས་བུ་ཡོངས་སུ་རྫོགས་པར་བྱེད་པར་འདོད་པ་རྣམས་ཀྱི་ཐེ་ཚོམ་མེད་པར་བྱ་བའི་ཕྱིར་ཡོངས་སུ་འདྲི་བ་ལེགས་སོ་ལེགས་སོ། །དངོས་པོར་འཛིན་པ་རྣམས་བསལ་ནས་ཐར་པ་འདོད་པ་རྣམས་ཀྱི་སྒོམ་པ་རྣམ་པར་དག་པ་དང་། སྤྱོད་པ་རྣམ་པར་དག་པ་ཁྱེད་ལ་རིམ་བཞིན་དུ་བཤད་ཀྱིས་ཉོན་ཅིག །འདི་ལ་བདེན་པ་གཉིས་གཉིས་སུ་མེད་པས་རྒྱུ་དང་འབྲས་བུ་དག་ཀྱང་གཉིས་སུ་མེད་པ་ཡིན་ལ། །རྒྱུ་དང་འབྲས་བུ་གཉིས་སུ་མེད་པས་ཐོབ་པ་དང་ཐོབ་པར་བྱ་བ་དག་ཀྱང་གཉིས་སུ་མེད་པ་ཡིན་ལ། ཐོབ་པ་དང་ཐོབ་པར་བྱ་བ་གཉིས་སུ་མེད་པས་སྒོམ་པ་དང་བསྒོམ་པར་བྱ་བ་དག་ཀྱང་གཉིས་སུ་མེད་པ་སྟེ། གཉིས་སུ་མེད་པ་ལ་ནི་སྒྲུབ་པ་པོ་དང་། སྒྲུབ་པ་དང་། བསྒྲུབ་པར་བྱ་བ་དམིགས་པར་མི་འགྱུར་རོ། །ཞེས་དང་། འདིར་སྒྲུབ་པ་པོ་ནི་ཀུན་རྫོབ་ཀྱི་བདེན་པ་རྟོགས་པའོ། །སྒྲུབ་པ་ནི་དོན་དམ་པའི་བདེན་པའོ། །བསྒྲུབ་པར་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་བས་ན་རྒྱུ་དང་འབྲས་བུ་གཉིས་སུ་དབྱེ་བ་མེད་པར་ཡོངས་སུ་ཤེས་པ་ནི་འདིར་སྒོམ་པ་ཉིད་དུ་བཤད་དོ། །ཞེས་སོགས་དང་། སྤྱོད་པ་རྣམ་པར་དག་པ་བཤད་པ་ནི། གཉིས་སུ་མེད་པའི་ཡེ་ཤེས་རྟོགས་པར་གྱུར་ནས་མཉམ་པར་བཞག་པ་དང་མ་བཞག་པའི་གནས་སྐབས་གཉིས་སུ་མེད་པར་འགྱུར་ལ། དེ་གཉིས་སུ་མེད་ན་སུ་ཞིག་སྤྱོད་པ་རྣམ་པར་སྤྱོད་དེ། ཇི་ལྟར་བྱེད་པ་པོ་མེད་པར་གྱུར་པས་བྱ་བ་རྣམས་ཀྱང་མེད་པར་འགྱུར་བ་འཇིག་རྟེན་ན་ངེས་པ་ཡིན་ནོ། །ཡང་བརྟུལ་ཞུགས་ཀྱི་སྤྱོད་པ་མེད་པར་ཐོག་མ་མེད་པའི་ཉོན་མོངས་བག་ཆགས་ཟད་པར་མི་ནུས་སོ། །ཞེས་ལུང་ལས་བཤད་པ་དང་འཇིག་རྟེན་དུ་གྲགས་སོ། །ཞེས་སོགས་དང་། དེ་ལ་ཐོག་མ་ཁོ་ནར་བཅོམ་ལྡན་འདས་སྤྱོད་པ་མཛད་པའི་སྤྱོད་པ་བྱང་ཆུབ་སེམས་དཔའི་གནས་སྐབས་སུ་གླིང་ལ་སོགས་པ་ལ་གཟིགས་པར་མཛད་དེ། དགའ་ལྡན་གྱི་གནས་ནས་བབ་པར་མཛད་ནས་རྒྱུད་ལ་སོགས་པའི་ཚུལ་རྣམ་པ་བཞིར་བསྟན་ཏེ། འདོད་ཆགས་དང་བྲལ་བའི་གཟུགས་སུ་མངོན་པར་སྤྲུལ་ནས་དམན་པ་ལ་མོས་པ་རྣམས་ལ་འཕགས་པའི་བདེན་པ་བཞི་རྟོགས་པར་མཛད་ཅིང་འདོད་ཆགས་དང་བྲལ་བའི་སྤྱོད་པ་བསྟན་པ་དང་། ཡང་རྒྱ་ཆེན་པོ་ལ་མངོན་པར་ཞེན་པ་རྣམས་ལ་རྣམ་པར་ཤེས་པའི་ཚོགས་བརྒྱད་ལ་སོགས་པ་ཆོས་བདག་མེད་པར་རྟོགས་པར་མཛད་ཅིང་། ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་སྟོན་པར་མཛད་པ་དང་། ཡང་འཁོར་ལོས་སྒྱུར་བའི་གཟུགས་སུ་མངོན་པར་སྤྲུལ་ནས། ཟབ་མོ་ལ་ལྷག་པར་མོས་པ་རྣམས་ལ་འདོད་ཆགས་ཀྱིས་བདེན་པ་གཉིས་རྟོགས་པར་བྱ་བའི་ཕྱིར་འདོད་ཆགས་ཀྱི་ཆོས་བསྟན་པར་མཛད་པ་ཡིན་ནོ། །སོགས་དང་། ཉོན་མོངས་པ་རྣམས་ནི་ཉན་ཐོས་ལ་སོགས་པ་དམིགས་པར་ལྟ་བ་རྣམས་ཀྱི་ཉོན་མོངས་པ་རྣམས་ཀྱི་རྐྱེན་དུ་འགྱུར་ཏེ། ཉོན་མོངས་པའི་ངོ་བོ་ཉིད་ཡོངས་སུ་ཤེས་པའི་ཕྱིར་རོ། །ངོ་བོ་ཉིད་ཡོངས་སུ་ཤེས་ན་ནི་བྱང་ཆུབ་ཀྱི་སྐུར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་གསུངས་ཏེ། ཇི་སྐད་དུ། དཔལ་མཆོག་དང་པོ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འཛིན་པས་དུག་ཏུ་འགྱུར་བ་ཡིན། །དུག་ཉིད་ཉེ་བར་ཞི་གྱུར་ན། །དུག་ནི་དུག་མེད་བྱས་པ་ཡིན། །བདུད་རྩི་རིམ་གྱིས་བསྟེན་ན་ནི། །བདུད་རྩི་ཉིད་དུ་འགྱུར་བའང་ཡིན། །ཞེས་གསུངས་པ་དང་། སོགས་ལུང་མང་དུ་དྲངས་མཐར། དེ་ལ་འདོད་ཆགས་ལས་བྱུང་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པ་ཞེས་བྱའོ། །དེ་ལ་སྤྲོས་པ་དང་བཅས་པའི་སྤྱོད་པ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པས་དབུགས་དབྱུང་བ་དང་། རྡོ་རྗེ་འཆང་གིས་དབུགས་དབྱུང་བ་དང་། ཇི་སྐད་དུ་བསྟན་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚོགས་སྤྱོད་དེ་ཤིན་ཏུ་འདྲེས་པ་ཆོས་སྐུ་དང་བཅས་པ་འདོད་པའི་ཡོན་ཏན་མ་སྤངས་པར་རྡོ་རྗེ་འཆང་གྲུབ་པ་ཨིནྡྲ་བྷཱུ་ཏི་ལྟ་བུ། ཨ་རལླི་རྒྱས་པ་དེ་ནི་སྤྲོས་པ་དང་བཅས་པའོ། །དེ་ལ་སྤྲོས་པ་མེད་པ་གང་ཡིན་ཞེ་ན། རྟག་ཏུ་ཁྱབ་པ་ལས་དགོས་པའི་དབང་དུ་འགའ་ཞིག་ཉེ་རྒྱུའི་སྤྱོད་པ་སྟེ་རིག་མ་ལ་བརྟེན་པ་དྲིལ་བུ་པ་ལྟ་བུ། ལ་རོལ་པ་དེ་མི་སྤྲོས་པ་མེད་པའོ། །ཤིན་ཏུ་སྤྲོས་པ་མེད་པ་གཉིས་སྤང་མ་བྷཱུ་སུ་ཀུའི་སྤྱོད་པ་སྟེ་ཨ་བ་བྷཱུ་ཏི་དང་ལྭ་བ་པ་ལྟ་བུའོ། །གང་ཡིན་ཞེ་ན། འདུ་འཛི་ཐམས་ཅད་རྣམ་པར་སྤངས་ནས། བསམ་གཏན་གྱི་ཟས་དང་། །གནས་དབེན་པ་འབའ་ཞིག་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སྙོམས་པར་འཇུག་པ་གོམས་པ་དེ་ནི་ཤིན་ཏུ་སྤྲོས་པ་མེད་པ་སྟེ། དཔེར་ན་ཤིང་ཚིག་པས་ཀྱང་ཐལ་བར་འགྱུར་རོ། །ཏཱ་ལའི་ལོ་མ་ཚིག་པས་ཀྱང་ཐལ་བར་འགྱུར་རོ། །རས་བལ་གྱི་ལོ་མ་ཚིག་པས་ཀྱང་ཐལ་བར་འགྱུར་ཏེ་ཐམས་ཅད་ཀྱང་ཐལ་བར་འགྱུར་རོ། །དེ་བཞིན་དུ་སྤྱོད་པ་གསུམ་ཆར་གྱིས་ཀྱང་རྡོ་རྗེ་འཛིན་པའི་གོ་འཕང་མངོན་པར་འདོད་པ་ཉིད་སྐྱེ་བར་འགྱུར་རོ། །ཞེས་སོགས་ནས། སྤྲོས་བཅས་ཀྱི་སྤྱོད་པ་སངས་རྒྱས་མཉམ་སྦྱོར་གྱི་རྗེས་སུ་འབྲངས་ཏེ་རྒྱས་པར་བཤད་དོ། །ལེའུ་བཅུ་པ་སྤྲོས་པ་མེད་པའི་སྤྱོད་པ་བསྡུས་པའི་ཐེ་ཚོམ་བཅོད་པར། དེ་ལྟར་ན་འདོད་པ་ན་སྤྱོད་པ་དྲུག་སྟེ། གཉིས་གཉིས་འཁྱུད་པ་དང་། ལག་པ་བཅངས་པ་དང་། བལྟས་དང་རྒོད་པའི་བདེ་བས་མཆོག་ཏུ་དགའ་བའི་བདེ་བ་སྐད་ཅིག་སྐད་ཅིག་ལ་ཉམས་སུ་མྱོང་བར་བྱེད་དོ། །རྫོགས་པའི་གནས་ནའང་འཁོར་བདག་ལས་རྟག་ཏུ་དགའ་བའི་གཟུགས་ཅན་དུ་འགྱུར་རོ། །དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར། ལྷ་ཐམས་ཅད་ཡང་དག་པར་འདུས་པའི་རྒྱུད་ལས། དབང་པོ་གཉིས་ནི་མཉམ་སྦྱར་ཏེ། །རྩོལ་བའི་ཆོ་གའི་འོག་ཏུ་ནི། །དགའ་བའི་སེམས་ཀྱིས་ཐུགས་འགྲུབ་པ། །བདེ་བ་ཆེན་པོ་ཞེས་བྱའོ། །ཞེས་སོགས་གསུངས་སོ། །ལེའུ་བཅུ་གཅིག་པ་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་བསྡུས་པའི་ཐེ་ཚོམ་གཅོད་པར། དེ་ལ་དང་པོ་ཁོ་ནར་སྒྲུབ་པ་པོས་འཁོར་བ་ཐོག་མ་མེད་པ་ཅན་གྱི་སྡུག་བསྔལ་དྲན་པར་བྱས་ཏེ། མྱ་ངན་ལས་འདས་པའི་བདེ་བ་འདོད་པས་འདུ་འཛི་ཐམས་ཅད་ཡོངས་སུ་སྤང་བར་བྱ་ཞིང་། ཐ་ན་རྒྱལ་སྲིད་ཀྱི་དབང་ཕྱུག་ལའང་སྡུག་བསྔལ་གྱི་འདུ་ཤེས་བསྒོམ་པར་བྱའོ། །གཉིས་པ་ཏིལ་འབྲུ་ཙམ་ལའང་དངོས་པོར་འཛིན་པའི་བློ་སྤང་བར་བྱའོ། །གསུམ་པ་དོན་དམ་པའི་བདེན་པ་ལ་དད་པས་ལུས་དང་སྲོག་ལའང་ལྟོས་པ་མེད་པར་བྱའོ། །ཞེས་སོགས་དང་། དེ་བས་ན་ཕྱི་རོལ་གྱི་བུད་མེད་རྣམ་པར་སྤངས་ནས་སྙིང་གར་གནས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་ཏུ་ཤིན་ཏུ་མྱུར་བར་རྡོ་རྗེ་འཆང་གི་གོ་འཕང་རྫོགས་པར་བྱའོ། །ཞེས་སྤྲོས་པས་དམིགས་ཏེ། གཅིག་པུ་ཁོ་ནར་ལོགས་ནས་བཤད་པའི་རིམ་པ་བཞིན་དུ་བསམ་པར་བྱའོ། །ཞེས་སོགས་དང་། ཕུང་པོ་སོགས་ནི་ཁམས་ཕྲ་བ་ལ་གཞུག་གོ །ཁམས་ཕྲ་བ་ནི་ཡང་སེམས་ལ་གཞུག་གོ། སེམས་ནི་ཡང་མ་རིག་པ་ལ་གཞུག་སྟེ། དེ་ལྟར་སྦྱར་ནས་གཉིད་ལོག་པར་བྱེད་དོ། །དེ་ལ་དུས་འདིར་ནི་སེམས་ཅན་མ་རིག་པ་ལ་རབ་ཏུ་ཞུགས་པའི་སྐད་ཅིག་ལ་དྲན་པ་བརྗེད་པའོ། །ཕྱིས་ནི་བརྗོད་པའང་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ནི་འོད་གསལ་པའོ། །ཡང་གྲོལ་བ་ན་རླུང་གི་རང་བཞིན་རྙེད་དེ། །གང་གི་ཚེ་རྨི་ལམ་གཞན་དག་འབྱུང་བ་ནི་ཇི་སྲིད་དུ་རྣམ་པར་ཤེས་པ་མི་གཡོ་བ་དེ་སྲིད་དུ་གཉིད་ལོག་ནས་འོད་གསལ་ལ་བལྟ་སྟེ། དེ་ནི་སོ་སོ་རང་གིས་རིག་པ་ལུས་དང་ངག་དང་སེམས་བྲལ་བའི་དོན་དམ་པའི་བདེན་པ་ནི་ནང་གི་མངོན་པར་བྱང་ཆུབ་པ་ཞེས་བྱའོ། །རིམ་པ་འདིས་ལུས་ཀྱི་དཀྱིལ་འཁོར་ལ་གནས་པའི་དེ་བཞིན་གཤེགས་པའི་ཚོགས་རྣམས་སད་པར་བྱ་ཞིང་། དེ་བཞིན་ཉིད་ལ་གཞུག་པར་བྱས་ནས་སྐལ་པ་བཟང་པོའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པའི་སྤྱོད་པ་ལྟོས་པ་མེད་པར་ཤིན་ཏུ་མྱུར་བར་འདིར་རང་གི་གཟུགས་ཡོངས་སུ་བརྗེད་པར་འགྱུར་རོ། །ཞེས་སོགས་ལུང་དང་བཅས་པ་དང་། ཡུལ་ལ་ཞེན་པ་དང་རོལ་པ་ཐམས་ཅད་སྤངས་ཏེ། རིམ་པ་འདིས་བྷུ་སུ་ཀུ་ཙམ་གྱི་སྤྱོད་པ་ལ་སྤྱད་དེ། བྷུ་ཞེས་བྱ་བ་ནི་ཟས་ལ་སྤྱོད་པ་སྟེ་དེ་ཙམ་ཞིག་རྗེས་སུ་དྲན་པ་དང་འདུ་འཛི་སྤོང་བར་བྱེད་ཅིང་། དཀའ་ཐུབ་དང་བརྟུལ་ཞུགས་སོ་ཞེས་གང་ལའང་བསམ་པར་མི་བྱའོ། །སུ་ཞེས་བྱ་བ་ནི་གཉིད་ལོག་པ་སྟེ་རྣམ་པར་ཤེས་པ་འདི་དག་མ་རིག་པས་ཉེ་བར་མཚོན་པས་མངོན་སུམ་དུ་བྱེད་དོ། །མ་རིག་པ་ལྕགས་ཀྱུ་དེ་ཉིད་ཀྱིས་རྣམ་པར་ཤེས་པ་ལའང་འགྲེ་བར་མི་བྱེད་དེ། འོད་གསལ་བ་ཉིད་མངོན་པར་འདུ་བྱེད་ཅིང་དྲི་མ་མེད་པའི་ངོ་བོ་ཉིད་དོ། །ཀུ་ཞེས་བྱ་བ་བཤང་སར་འགྲོ་བ་སྟེ། བཤང་བ་གཅི་བ་འདོར་བའི་ཕྱིར་དེ་ཙམ་ཞིག་རྗེས་སུ་དྲན་པར་བྱེད་ཅིང་འདུ་འཛི་སྤོང་བར་བྱེད་ལ། ལུས་དང་ཚོར་བ་དབང་པོའི་ཡུལ་དང་ངོ་བོ་ཉིད་སེམས་པར་མི་བྱེད་དོ། །ཞེས་སོགས་ལུང་དང་བཅས་པ་དང་། དེ་ལྟར་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཉིད་དབྱེ་བས་ན་ཚོད་དང་རྗེས་སུ་མཐུན་པས་སྤྱོད་པ་རྣམ་གསུམ་ཟླ་བ་ཕྱེད་དམ། ཟླ་བ་དྲུག་བཟླས་པར་འགྱུར་བས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་མཚན་མ་ཉེ་བར་འབྱུང་བར་འགྱུར་ཏེ། དེ་ལ་མཚན་མ་འདི་དག་ཡིན་ནོ། །གཟུགས་ཕྲ་བ་དང་། རེག་པ་ཡང་བ་དང་། ཁྱབ་པ་དང་། ཡང་དག་པར་ཐོབ་པ་ཉིད་དང་། རབ་ཏུ་སྣང་བ་ཉིད་དང་། བརྟན་པ་དང་། དབང་དུ་གྱུར་པ་དང་། འདོད་དགུར་བསྒྱུར་བ་ཞེས་བྱའོ། །ཞེས་སོགས་དང་། རྡོ་རྗེ་སློབ་མས་གསོལ་བ། གལ་ཏེ་སྒྲུབ་པ་པོ་བདེན་པ་མཐོང་ཡང་སྔོན་གྱི་བག་ཆགས་ལ་གོམས་པའི་སྟོབས་ཀྱིས་ཞིང་དང་། ལས་དང་། ཚོང་དང་བསྙེན་བཀུར་ལ་སོགས་པས་གཡེངས་ནས་སྤྱོད་པ་རྣམ་པ་གསུམ་སྤྱོད་པར་མི་བྱེད་པ་དང་། སྒྲུབ་པ་པོ་གཞན་དག་འབྱོར་པ་མ་ཚང་བས་རྒྱུད་ལས་ཇི་སྐད་གསུངས་པའི་ཆོ་ག་རྫོགས་པར་བྱེད་མི་ནུས་པའི་ཕྱིར། མི་སྤྱོད་པ་དེ་དག་ནི་འཆི་བའི་དུས་བྱས་ན་ཡང་སྲིད་པ་གཞན་དུ་འགྲོ་བར་འགྱུར་རམ། ཡང་ན་རྡོ་རྗེ་འཆང་བ་ཉིད་འཐོབ་པར་འགྱུར། ཞེས་སོགས་དང་། དེ་བས་ན་དེ་ཁོ་ན་ཉིད་ཤེས་པའི་རྐྱེན་མ་ཚང་བས་ཇི་སྐད་དུ་བཤད་པའི་སྤྱོད་པ་གལ་ཏེ་མ་སྤྱད་དུ་ཟིན་ཀྱང་། ལྟ་བ་ངན་རྟག་ཆད་འཆི་འཕོ་སོགས། པ་ཐམས་ཅད་རྣམ་པར་སྤངས་ནས་འཆི་བར་འགྱུར་བ་དོན་དམ་པའི་བདེན་པ་ཡིན་ལ། སྐྱེ་བ་ནི་ཀུན་རྫོབ་ཀྱི་བདེན་པའོ་ཞེས་ཡང་དག་པར་མངོན་པར་རྟོགས་ནས་བརྒྱ་ལམ་ན་འོད་གསལ་བར་ཞུགས་ནས། ཐ་མལ་གྱི་ཕུང་པོ་བོར་ནས་བདག་ལ་བྱིན་གྱིས་བརླབས་པའི་རིམ་གྱིས་ལྡང་བར་བྱའོ་ཞེས་པ་བརྟན་པའི་སེམས་བསྐྱེད་དེ། དེ་ཡིད་ལ་བྱེད་པས་གནས་པར་བྱེད་ན། དེ་སྐྱེ་བ་གཞན་དུ་ཡིད་ལ་བྱེད་པ་དེ་འདོར་བར་མི་འགྱུར་ཏེ། དེ་བས་ན་ཐམས་ཅད་མཁྱེན་པར་འགྱུར་རོ། །དེ་བས་ན། བསམ་པ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེས་ནི་དེ་ཡི་རང་བཞིན་འགྱུར། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །ཞེས་གསུངས་སོ། །དེ་བས་ན་འདི་ཐམས་ཅད་ནི་ཁྱད་པར་ཅན་ཡོངས་སུ་བསྒྱུར་བས་ཡོངས་སུ་འགྱུར་བཞིན་པས། ཁྱད་པར་ཅན་གྱི་འབྲས་བུ་འབྱུང་བར་འགྱུར་རོ། །འདིར་བཤད་པ། གང་ཞིག་སྐྱེ་བ་ཀུན་རྫོབ་བདེན་ཞེས་བྱ། །འཆི་བའི་མིང་ཡང་དོན་དམ་བདེན་པ་ཡིན། །རིམ་གཉིས་དེ་དག་བླ་མའི་དྲིན་གྱིས་ནི། །རྙེད་པ་འདི་ནི་མ་འོངས་སངས་རྒྱས་ཡིན། །བདེན་གཉིས་དེ་ལ་ཟུང་དུ་འཇུག་པ་ནི། །མི་འཆད་བཞིན་དུ་དེ་དག་ཁྱད་པར་མེད། །མིང་གཉིས་ཐ་མ་གཅིག་པུ་ཁོ་ནར་ནི། །ཤེས་པ་དེ་འདིར་བཅིངས་ནས་གྲོལ་བ་ཡིན། །ཞེས་སོགས་གསུངས་སོ། །འདིར་སྨྲས་པ། དབེན་གསུམ་༥བདུད་རྩིས་བརླན་པའི་འཁྲི་ཤིང་ལས། །ཀུན་རྫོབ་སྒྱུ་༦མའི་ཡལ་འདབ་རབ་རྒྱས་ཤིང་། །དོན་དམ་འོད་གསལ་༧མེ་ཏོག་མཛེས་འབར་བར། །སྤྱོད་པ་༡༠གསུམ་གྱི་ཟུང་༡༠འཇུག་འབྲས་བུར་ཤོག །ཅེས་པའང་སྨྲས་སོ། ། ༈ སློབ་དཔོན་དེ་ཉིད་ཀྱིས་མཛད་པའི་སེམས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་རབ་ཏུ་བྱེད་པར། ལས་དྲག་གིས་ནི་འགྲོ་བ་རྣམས། །གང་དང་གང་དུ་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་ལས་གྲོལ་བར་འགྱུར། །སེམས་ཙམ་རྣམ་པར་དག་བྱའི་ཕྱིར། །འབྲས་བུ་རྣམ་པར་དག་པར་འགྱུར། །འདི་དག་ཤིན་ཏུ་རྒྱས་པར་ནི། །ཐེག་པ་ཆེན་པོར་གསལ་བར་བསྟན། །ཆོས་དང་གང་ཟག་དབྱེར་མེད་པ། །ཡེ་ཤེས་ཙམ་དུ་ཐུབ་པས་གསུངས། །དེ་ལྟར་ན་ཡང་འདི་ལྟར་འབྱུང་། །རིགས་པ་དང་ཡང་རབ་ཏུ་མཐུན། །དངོས་འཛིན་གདོན་གྱིས་ཟིན་པ་ཡི། །ཞེན་བ་རབ་ཏུ་བསལ་བྱའི་ཕྱིར། །ལུང་ལས་ཀྱང་ནི་གསལ་པོ་རུ། །རྒྱལ་བ་སྙིང་རྗེའི་བདག་ཉིད་གསུངས། །ཆོས་རྣམས་སྔོན་དུ་འགྲོ་བའི་ཡིད། །ཡིད་གཙོ་ཡིད་ནི་མགྱོགས་པ་སྟེ། །ཡིད་གཉིས་ཀྱི་ནི་འབད་པ་ཡང་། །སྨྲ་བའམ་ནི་བྱེད་པའོ། །ཞེས་དང་། བསམ་པ་བཟང་པོས་མཆིལ་ལྷྭམ་གཉིས། །ཐུབ་པའི་དབུ་ལ་བཞག་པ་དང་། །དེ་ཉིད་གཞན་གྱིས་བསལ་བ་ཡིས། །གཉིས་ཀས་རྒྱལ་སྲིད་ཐོབ་པར་འགྱུར། །དེ་ཕྱིར་བསམ་པའི་རྩ་བ་ལ། །བསོད་ནམས་སྡིག་པ་རྣམ་པར་གནས། །ལུང་ལས་འདི་ལྟར་གསུངས་པའི་ཕྱིར། །སེམས་དགེ་བ་ལ་ཉེས་པ་མེད། །རང་ལྷར་སྦྱོར་བའི་བདག་ཉིད་ཀྱིས། །འགྲོ་བའི་དོན་ནི་བྱེད་བརྩོན་པས། །རྣལ་འབྱོར་འདོད་ཡུལ་ལོངས་སྤྱོད་ཀྱང་། གྲོལ་འགྱུར་དགོས་པར་མི་འགྱུར་རོ། །དང་། བྱིས་པ་རྣམས་ནི་གཟུགས་ལ་ཆགས། །འབྲིང་པོ་རྣམས་ནི་ཆགས་བྲལ་འགྱུར། །གཟུགས་སོགས་ངོ་བོ་ཉིད་ཤེས་ན། །བློ་མཆོག་རྣམས་ནི་གྲོལ་བར་འགྱུར། །དམ་ཚིག་ཐམས་ཅད་རྣམ་བསམས་ལ། །ལྷ་ལ་མཆོད་པའི་ཆོ་ག་ཡིས། །ཐེ་ཚོམ་མེད་པར་བཟང་པོར་བལྟ། །སྔགས་ཀྱིས་བསྐུལ་ལ་ལོངས་སྤྱོད་བྱ། །ཡི་གེ་གསུམ་གྱི་སྦྱོར་བ་ཡིས། །སྤྱོད་དང་དེ་རྟོགས་དེ་བཞིན་སྦར། །སྲིན་ལག་མཐེ་བོང་རྩེ་མོ་ཡིས། །དེ་བཞིན་གཤེགས་རྣམས་ཚིམ་པར་བྱ། །བྱིས་པ་རྣམས་ལ་འདི་བདེན་པ། །དེ་ནི་རྣལ་འབྱོར་པ་ལ་བརྫུན། །ད་ཙམ་ཞིག་ཏུ་ལོངས་སྤྱོད་པ། །བཅིངས་པ་མེད་ཅིང་གྲོལ་བ་མེད། །འཁོར་བ་མྱ་ངན་འདས་པ་ཞེས། །དེ་ཉིད་མ་མཐོང་བ་ཡི་སེམས། །འཁོར་མེད་མྱ་ངན་འདས་མེད་ཅེས། །དེ་ཉིད་མཐོང་བ་རྣམས་ཀྱི་སེམས། །རྣམ་པར་རྟོག་པའི་གདོན་ཆེན་པོ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །རྣམ་པར་མི་རྟོག་བདག་ཉིད་ཆེས། །སྲིད་པའི་འཆིང་ལས་གྲོལ་བར་འགྱུར། །དང་། དཔེར་ན་ཤེལ་སྒོང་དག་པ་ནི། །ཁ་དོག་གཞན་གྱིས་སྒྱུར་བར་བྱེད། །དེ་བཞིན་རིན་ཆེན་སེམས་འདི་ཡང་། །རྟོག་པའི་ཚོན་གྱིས་བསྒྱུར་བ་ཉིད། །ཐ་མལ་རྟོག་པའི་ཚོན་གྱིས་ནི། །རིན་ཆེན་སེམས་ནི་དབེན་གྱུར་ན། །ཐོག་མ་དག་ནས་མ་སྐྱེས་པ། །གཉུག་མའི་རང་བཞིན་དེ་ཉིད་གང་། །ཞེས་དང་། འཁོར་ལོ་དཔག་ཚད་བཅུ་གཉིས་པ། །ལྕགས་བྱས་མགོ་ལ་འཁོར་བ་ཡང་། །བྱང་ཆུབ་སེམས་ནི་བསྐྱེད་མ་ཐག །མེད་པར་གྱུར་ཅེས་ཐོས་པ་ཡིན། །སོགས་དང་། ཇི་ལྟར་དུག་གིས་ཟིན་པ་འགའ། །དུག་ཉིད་ཀྱིས་ནི་དུག་མེད་བྱེད། །རྣ་བའི་ཆུ་ལ་ཆུ་ཉིད་དང་། །ཚེར་མ་ཟུག་ལ་ཚེར་མ་ལྟར། །དེ་བཞིན་ཆགས་ལ་ཆགས་ཉིད་ཀྱིས། །མཁས་པ་རྣམས་ཀྱིས་འཛིན་པར་བྱེད། །ཅེས་དང་། དངུལ་ཆུས་རེག་པའི་ཟངས་ལ་ནི། །ཇི་ལྟར་སྐྱོན་མེད་གསེར་དུ་འགྱུར། །དེ་བཞིན་ཡང་དག་ཡེ་ཤེས་ནི། །སྦྱངས་པས་ཉོན་མོངས་བཟང་པོར་བྱེད། །ཐེག་པ་དམན་ལ་ཞོན་པ་རྣམས། །སྐད་ཅིག་སྐད་ཅིག་འཆིང་བར་བྱེད། །གཡུལ་ལས་རྒྱལ་བར་བྱེད་པའི་སེམས། །རིང་པ་ཉིད་དུ་རྣམ་པར་གནས། །ཐེག་པ་ཆེ་ལ་ཞོན་ནས་ནི། །སྙིང་རྗེའི་གོ་ཆ་བགོ་བྱས་ནས། །ཤེས་རབ་རྒྱུད་བཅས་མདའ་དང་གཞུས། །འགྲོ་བ་བཟུང་བའི་བསམ་པ་ཡིས། །སེམས་དཔའ་ཆེ་དང་ཐབས་ཆེ་བ། །བརྟན་པའི་བློ་ནི་གཉིད་སངས་ནས། །བརྒལ་དཀའི་གཡུལ་ལས་རྒྱལ་བྱས་ཏེ། །གཞན་དག་ཀྱང་ནི་སྒྲོལ་བར་བྱེད། །ཅེས་དང་། འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ལོག་ལྟ་ཐེ་ཚོམ་རྣམས། །སྡིག་པའི་རྩ་བར་རབ་ཏུ་གྲགས། །འདི་དག་སྦྱང་བྱ་ཁྲུས་ཀྱིས་མིན། །ཞེས་དང་། བདག་དང་བདག་གིར་འཛིན་པ་ལས། །སྲོག་ཆགས་རྣམས་ནི་བྱུང་བ་ཡིན། །དེ་ཡང་རྩ་བ་མ་རིག་ལས། །མ་རིག་དེ་ཡང་འཁྲུལ་པར་འདོད། །ཅེས་དང་། དཀྱིལ་འཁོར་དུ་ནི་མ་ཞུགས་པ། །སྒྲིབ་པ་ཀུན་དང་ལྡན་པས་ཀྱང་། །རང་གི་ལྷ་སྦྱོར་བདག་ཉིད་ཀྱིས། །བསོད་ནམས་ཆུང་ཡང་འགྲུབ་པར་འགྱུར། །འདིས་ནི་སངས་རྒྱས་ཐམས་ཅད་དང་། །དབང་པོ་དག་ནི་ཐམས་ཅད་ཉིད། །ཚེ་འདི་ཉིད་ལ་འང་འདི་རིག །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཇི་ལྟར་འཇིག་རྟེན་ཕལ་པ་ལས། །རྣལ་འབྱོར་པ་ཡི་ཏིང་འཛིན་རྒྱལ། །གོང་མ་གོང་མའི་བློ་ཁྱད་ཀྱིས། །རྣལ་འབྱོར་པ་ཡང་རྒྱལ་བར་འགྱུར། །ཞེས་དང་། གང་ཞིག་བསྐལ་པ་གྲངས་མེད་ནི། །མང་པོས་མི་འཐོབ་པར་འདོད་པའི། །སངས་རྒྱས་ཚེ་འདི་ཉིད་ཀྱིས་ནི། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །དང་། ས་བོན་སྐྱེས་བུ་ལྡན་པ་ལས། །མེ་ཏོག་འབྲས་བུ་ལྡན་པ་ཡི། །འཁྲི་ཤིང་ཀུན་ཏུ་འབྱུང་བ་ལྟར། །དེ་བཞིན་ཚོགས་གཉིས་དང་ལྡན་པའི། །སྐད་ཅིག་གིས་ནི་མངོན་བྱང་ཆུབ། །དང་། ཁྲུས་དང་བཀུ་མཉེ་གོས་ལ་སོགས། །བཟའ་དང་བཏུང་སོགས་འབད་པ་ཉིད། །རང་འདོད་ལྷ་ཡི་བདག་ཉིད་དུ། །བསམས་ལ་ཆོ་གས་མཆོད་པར་བྱ། །གླུ་དང་བརྡུང་བ་དེ་བཞིན་གར། །ཐམས་ཅད་བརྟུལ་ཞུགས་ཅན་གྱིས་སྤྱད། །འདིར་ནི་དངོས་པོ་ཐམས་ཅད་ལ། །ལྷག་པར་ཆགས་པར་མི་བྱའོ། །རང་གི་བདག་ཉིད་ཡོངས་སྤངས་ནས། །དཀའ་ཐུབ་ཀྱིས་ནི་གདུང་མི་བྱ། །ཇི་ལྟར་བདེ་བས་བདེ་བ་བཟུང་། །འདི་ནི་མ་འོངས་རྫོགས་སངས་རྒྱས། །ཞེས་སོགས་དང་། རབ་ཏུ་གསལ་བའི་འབྱུང་བ་རྣམས། །ས་དང་ཆུ་དང་མེ་དང་རླུང་། །སྔགས་ཀྱི་སྦྱོར་བ་ནུས་པ་ཡི། །གཞན་ཉིད་དུ་ནི་འབྱུང་བར་བྱེད། །བརྗོད་པ་ཐམས་ཅད་ཡོངས་སྤངས་ལ། །སྔགས་ཀྱི་བརྗོད་པ་ཡང་དག་སྤྱོད། །བདེ་བའི་དངོས་གྲུབ་སྦྱིན་པ་ཡིས། །སྔགས་ཀྱི་ནུས་པ་འདི་ལ་ལྟོས། །ཞེས་སོགས་དང་། སློབ་དཔོན་ལྷ་ཡི་མཆོག་ཡིན་ཏེ། །འབད་པས་མཆོད་པར་བྱ་བ་ཉིད། །དེ་ཉིད་རྡོ་རྗེ་འཛིན་རྒྱལ་པོ། །མངོན་སུམ་གཟུགས་ཀྱི་རྣམ་པར་གནས། །ཤེས་རབ་མིག་དང་བྲལ་གྱུར་ན། །དད་པའི་བདག་ཉིད་ཅན་རྨོངས་འགྱུར། །དེ་འདྲའི་ལུང་རྟོགས་བདག་ཉིད་ཅན། །ཤེས་རབ་ཉེ་བར་བསྐྱེད་པར་བྱ། །དད་ལྡན་མང་ཐོས་ཤེས་རབ་ལྡན། །རང་བཞིན་སྙིང་རྗེའི་བདག་ཉིད་ཅན། །འགྲོ་བའི་སྡུག་བསྔལ་བསལ་བའི་ཕྱིར། །དེ་ཡིས་བདེ་བའི་ཐབས་ཤེས་བྱ། །ཞེས་སོགས་ཚིག་དོན་ཕུན་སུམ་ཚོགས་པའི་སྒོ་ནས་སེམས་ཇི་ལྟར་སྦྱོང་བའི་ཚུལ་དང་དགོས་པ་སོགས་བསྟན་ཏོ། ། ༈ ཡང་དེས་མཛད་པའི་བདག་བྱིན་གྱིས་བརླབས་པའི་རིམ་པ་རྣམ་པར་དབྱེ་བར། ཀུན་རྫོབ་བདེན་པར་གང་གསུངས་པའི། །སངས་རྒྱས་རྣམས་ཀྱི་སྐུ་མཚན་ཉིད། །དེ་འདིར་སྒྱུ་མར་བསྟན་པ་སྟེ། །བདག་བྱིན་བརླབས་པ་ཞེས་བརྗོད་དོ། །ཞེས་དང་། ཆོས་ཀུན་རྨི་ལམ་སྒྱུ་འདྲ་ཞེས། །སངས་རྒྱས་པ་ཀུན་སྨྲ་མོད་ཀྱི། །བདག་བྱིན་བརླབས་ལས་ཕྱིར་ཕྱོགས་པས། །དེ་ཡིས་བདེན་པ་མཐོང་མི་ནུས། །གཞུ་ཡི་རྣམ་པའི་ཡིད་རང་བཞིན། །རྣམ་ཤེས་རླུང་དང་ཡང་དག་ལྡན། །སྒྱུ་མའི་དཔེ་ལ་རྨོངས་པས་ནི། །རང་གི་ཡེ་ཤེས་དེ་མི་མཐོང་། །བསྐལ་བ་བྱེ་བ་མཐའ་ཡས་པར། །ཐོས་པའི་ཕ་རོལ་སོན་གྱུར་ཀྱང་། །བླ་མའི་ལུང་དང་བྲལ་བ་ཡིས། །བདག་བྱིན་བརླབས་པ་རྙེད་མི་འགྱུར། །དེ་བས་ང་རྒྱལ་ཡོངས་སྤངས་ནས། །སངས་རྒྱས་འབྲས་བུ་འདོད་པ་ཡིས། །རྡོ་རྗེ་ཐེག་ལ་ཞོན་པ་ཡི། །བླ་མ་བསྒྲིམས་ཏེ་མཉེས་པར་བྱ། །ཞེས་དང་། ས་ལ་སོགས་པ་རྣམ་བཞི་དང་། །དེ་བཞིན་དུ་ནི་སྟོང་པ་བཞི། །གནས་ནི་རྣམ་པ་བརྒྱད་པོ་དང་། །སྐྱེ་དང་འཇུག་པའི་རྒྱུར་ཤེས་བྱ། །འོད་གསལ་ལས་ནི་སྟོང་ཆེན་ཏེ། །དེ་ལ་ཐབས་ནི་ཡང་དག་འབྱུང་། །དེ་ལུས་སྐྱེས་པ་ཤེས་རབ་སྟེ། །དེ་ལས་རླུང་ནི་འབྱུང་བར་འགྱུར། །རླུང་ལས་མེ་ནི་ཡང་དག་སྐྱེས། །མེ་ལས་ཆུ་ནི་འབྱུང་བར་འགྱུར། །ཆུ་ལས་སྐྱེས་པ་ས་ཡིན་ཏེ། །དེ་རྣམས་ལས་ནི་སེམས་ཅན་འབྱུང་། །ས་ནི་ཆུ་ལ་ཐིམ་འགྱུར་ཏེ། །ཆུ་ནི་མེ་ལ་ཐིམ་པར་འགྱུར། །མེ་ནི་ཕྲ་བའི་ཁམས་སུ་ཞུགས། །རླུང་ཡང་སེམས་ལ་ཐིམ་འགྱུར་ཏེ། །སེམས་ནི་སེམས་ལས་བྱུང་ལ་འགྱུར། །སེམས་བྱུང་མ་རིག་པར་ཞུགས་ནས། །དེ་ཡང་འོད་གསལ་བར་སོང་ནས། །སྲིད་པ་གསུམ་པོ་འགག་པར་འགྱུར། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །ཇི་སྲིད་བདག་ཉིད་མ་མཐོང་བ། །དེ་སྲིད་ཐོག་མའི་དུས་ཅན་གྱི། །སྲིད་པའི་འཁོར་ལོར་འཇུག་པར་འགྱུར། །རང་རིག་སྒྱུ་མ་ལྟ་བུ་སྟེ། །རྟོག་གེ་པ་ཡི་ཡུལ་མིན་ཅིང་། །རང་གི་ལུས་ལ་གནས་མོད་ཀྱི། །བསོད་ནམས་དམན་པས་རྙེད་མི་འགྱུར། །རང་ལུས་འགྱུར་བ་མེད་པ་དེ། །མཆོག་གཅིག་གིས་ནི་ཤེས་བྱས་ཏེ། །དེ་ནི་དཔེ་ཡིས་ཉེར་མཚོན་ནས། །བླ་མའི་ཞལ་གྱི་དྲིན་ལས་སོ། །ས་དང་དེ་བཞིན་ཆུ་ལ་སོགས། །གཏེར་དང་ནོར་བུ་སྦས་པ་ལྟར། །དེ་བཞིན་ལུས་ལ་ཀུན་མཁྱེན་པའང་། །རྨོངས་དང་ལྡན་པས་མཐོང་མི་འགྱུར། །སྒྱུ་མ་སྨིག་རྒྱུ་དྲི་ཟ་ཡི། །གྲོང་ཁྱེར་དང་ནི་བརྒྱ་བྱིན་གཞུ། །མེ་ལོང་གི་ནི་གཟུགས་བརྙན་དང་། །ཆུ་ཟླ་དང་ནི་བྲག་ཅ་དང་། །རྨི་ལམ་མིག་ཡོར་སྤྲིན་དང་གློག །ཆུ་ཡི་ཆུ་བུར་ཞེས་བྱ་བ། །སྒྱུ་མའི་དཔེ་ནི་བཅུ་དང་གཉིས། །རྣམ་པ་དུ་མར་ཡོངས་མཚོན་པ། །དེ་འདི་ཤིན་ཏུ་གསལ་བའི་གཟུགས། །ལྟ་བའི་གཟུགས་ལ་དམིགས་པར་བྱེད། །སྒྱུ་མ་གསུམ་དུ་བསྟན་པ་ཡིས། །ནན་ཏན་དུ་ནི་རབ་ཏུ་བསྒྲགས། །མེ་ལོང་གི་ནི་གཟུགས་བརྙན་དང་། །འཇའ་ཚོན་དང་ནི་དེ་ལས་གཞན། །གསུམ་པ་ཆུ་ཟླ་ལྟ་བུ་ཡིས། །དེ་ཡི་སྐུ་ནི་བསྒོམ་པར་བྱ། །ཞེས་དང་། འདོད་ཡོན་ལྔ་ཡི་བདེ་བ་ཡིས། །བྱིས་པ་རྣམས་ནི་འཆིང་བརྗོད་དེ། །ཆོས་དེ་ཉིད་ཀྱིས་རྣལ་འབྱོར་པ། །སངས་རྒྱས་ཉིད་ཀྱང་འགྲུབ་པར་འགྱུར། །ཞེས་དང་། གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་སྡུག་པ་རྣམས། །བདེ་ཆེན་གོ་འཕང་གནས་ནས་ཀྱང་། །རྣལ་འབྱོར་པ་ཡིས་རྟག་ཏུ་མྱོང་། །ཞེས་དང་། ཕྱག་རྒྱ་གཅིག་དང་ལྡན་པའམ། །ཡང་ན་ཕྱག་རྒྱ་བཞི་དང་ལྡན། །བཙུན་མོའི་འཁོར་ན་བཞུགས་པས་ཀྱང་། །བདག་བྱིན་བརླབས་པ་རྗེས་དྲན་བྱ། །ཞེས་སོགས་དང་། ཇི་ལྟར་མེ་ལོང་དྲི་མ་མེད་པ་ལ། །ཡན་ལག་ཀུན་དང་ལྡན་གཟུགས་སྣང་བ་ལྟར། །དཔེ་བྱད་བརྒྱད་ཅུ་མཚན་བཟང་སུམ་ཅུ་གཉིས། །དེ་བཞིན་རྟག་ཏུ་རྡོ་རྗེ་འཛིན་ལུས་ཉིད། །མཁའ་དབྱིངས་དབང་པོའི་མཚོན་ཆ་ཁ་དོག་སྣང་བ་ལྟར། །དེ་བཞིན་རྡོ་རྗེ་འཛིན་པའང་ཁ་དོག་དཀར་པོ་ལ་སོགས་པས། །དགེ་སོགས་ལས་རྣམས་ཇི་བཞིན་དེ་བཞིན་དུ་ནི་འཇིག་རྟེན་ལ། །ཡན་ལག་མ་ཉམས་ཕུན་སུམ་ཚོགས་པའི་གཟུགས་ནི་སྟོན་པར་མཛད། །དང་། རང་དངོས་སྣ་ཚོགས་གཟུགས་ཅན་ཟག་མེད་གང་། །འཇིག་རྟེན་ཀུན་ཁྱབ་སྒྱུ་མའི་རང་བཞིན་ཉིད། །རྣམ་པ་སྣ་ཚོགས་འགྲོ་བའི་སྡེར་གནས་པའི། །སེམས་མགོན་རྡོ་རྗེ་དེ་ཡང་དེ་བཞིན་ནོ། །གཟུགས་ལ་སོགས་པ་རྣམ་པ་ལྔ་དང་གང་ཡང་སྐྱེ་མཆེད་རྣམས་དེ་ནས། །བཅོ་བརྒྱད་ཅེས་བྱར་གསུངས་དང་ཁམས་ནི་རྣམ་པ་ལྔ་དང་ཡང་། །ཡེ་ཤེས་ལྔ་པོ་དང་ནི་ཡུལ་དེ་འགྲོ་བ་མ་ལུས་ཀུན། །སྒྱུ་མ་ལས་བྱུང་དེ་འདིར་རྡོ་རྗེ་འཛིན་དེ་གཞན་མ་ཡིན། །རི་རྣམས་དང་ནི་རྒྱ་མཚོ་ཆེན་པོ་བརྒྱད་གང་ཡིན། །གླིང་རྣམས་དང་ནི་དམྱལ་བ་ལ་སོགས་དབྱེ་བ་རྣམས། །རྒྱུ་བ་དང་ནི་མི་རྒྱུ་བ་ཉིད་གང་ཡིན་པ། །དེ་དེའི་རང་བཞིན་རྡོ་རྗེ་འཛིན་དེ་གཞན་མི་བལྟ། །ཞེས་སོགས་རྒྱ་ཆེར་གསུངས་སོ། ། ༈ ཡང་དེས་མཛད་པའི་མངོན་པར་བྱང་ཆུབ་པའི་རིམ་པར། ཐུབ་པ་ཆེན་པོས་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ལས། །མངོན་པར་བྱང་ཆུབ་མཚན་ཉིད་ནི། །སྙིང་པོ་ལས་ཀྱང་སྙིང་པོར་གསུངས། །མངོན་པར་བྱང་ཆུབ་རྣམ་གཉིས་ཏེ། །ཕྱི་དང་ནང་གི་ཞེས་སུ་བཤད། །ཕྱི་ནི་མདོ་སྡེ་རྣལ་འབྱོར་རྒྱུད། །ཅེས་སོགས་དང་། ནང་ནི་གསང་སྔགས་ཚུལ་ཆེན་ཏེ། །སོགས་དང་། ཡང་ན་ནང་གི་ཕྱི་ཉིད་ནི། །ཕྱག་རྒྱ་མོ་ལ་རབ་བརྟེན་ཏེ། །སྣང་གསུམ་རིམ་མྱོང་ལས་འདས་པའོ། །ཐམས་ཅད་སྟོང་པའི་འོད་གསལ་བ། །དེ་ནི་ནང་གི་ཕྱི་ཞེས་བཤད། །ནང་གི་ནང་ནི་ཕྱག་རྒྱ་བྲལ། །དང་པོ་སྨིག་རྒྱུ་འོད་ལྔའི་ཚུལ། །བདེ་བ་རྟོག་བྲལ་ཉམས་མྱོང་གསུམ། །གསུམ་པོ་ལས་འདས་གསུམ་པོ་ཉིད། །ཐམས་ཅད་སྟོང་པའི་རང་བཞིན་དག །བླ་མའི་མན་ངག་ལས་རྙེད་པའོ། །དེ་བཞིན་རྗེས་འཇུག་རྣལ་འབྱོར་པའི། །ཉམས་སུ་བླངས་པའི་བསམ་གཏན་ནི། །སྟོང་པ་གསུམ་གྱི་རྣམ་གཞག་དང་། །འོད་གསལ་ཐམས་ཅད་སྟོང་པ་སྟེ། །རྒྱུ་བ་དང་ནི་མི་རྒྱུ་བ། །ལུང་དང་རིག་པའི་གཏན་ཚིག་གིས། །གཞིག་སྟེ་འོད་གསལ་བར་བྱས་ནས། །ཕྱིས་ནས་རང་ཉིད་དེ་བཞིན་བྱེད། །རྗེས་གཞིག་རིམ་གྱིས་ཐུན་མོང་ངོ་། །སོགས་དབྱེ་བ་རྒྱས་པ་དང་། ཐམས་ཅད་སྟོང་པ་འོད་གསལ་བ། །སྤྲོས་པ་ཀུན་བྲལ་གང་ཡང་ཡིན། །ཆད་པར་ལྟ་བ་ག་ལ་ཡིན། །དེ་ཡི་མཚན་ཉིད་ཡོད་མེད་དང་། །སྣང་དང་མི་སྣང་རྟག་ཆད་སོགས། །སོ་སོ་མ་ནིང་ཁ་དོག་དབྱིབས། །བསྐྱེད་དང་སྔགས་དང་སེམས་ལ་དམིགས། །བདེན་གཉིས་འཁོར་འདས་ལ་སོགས་དང་། །བསོད་ནམས་གཟུགས་མིན་སྡིག་གཟུགས་མིན། །སྐུ་དང་ཡོན་ཏན་གང་ཡང་མིན། །བརྗོད་པའི་ཐ་སྙད་ཀུན་དང་བྲལ། །ཨེ་མའོ་ཀུན་ཏུ་བཟང་པོ་ཡི། །རྡོ་རྗེ་སྐུ་དང་གསུང་ཐུགས་སོགས། །སྐྱེ་བ་མེད་པའི་ཚུལ་གྱིས་ནི། །སྐྱེ་བ་དག་ཏུ་རབ་ཏུ་བསྒྲགས། །སྐྱེས་པ་ཉིད་ནས་སྐྱེ་བ་ཉིད། །སྐྱེས་དང་མ་སྐྱེས་གཉིས་སུ་མེད། །སོགས་དང་། མ་སྐྱེས་པ་ཡི་ཆོས་རྣམས་ལ། །ངོ་བོ་མེད་དེ་བསྒོམ་པའང་མེད། །ནམ་མཁའི་ཚུལ་དུ་སྦྱོར་བ་ཡིས། །དངོས་པོ་ཀུན་ཏུ་རབ་གྲགས་པའོ། །ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །བྱང་ཆུབ་མེད་ཅིང་རྟོག་པའང་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །མངོན་པར་བྱང་ཆུབ་མངོན་སངས་རྒྱས། །བདག་གི་དེ་ཉིད་ཆོས་ཀྱི་དབྱིངས། །དེ་བཞིན་ཉིད་ལ་སོགས་པའི་ཚིག །ཐམས་ཅད་དེ་ཡི་རྣམ་གྲངས་སོ། །སུས་ཀྱང་མ་བྱས་མ་བཅོས་པ། །མ་བསླད་མི་འགྱུར་དེ་བཞིན་གཤེགས། །བྱང་ཆུབ་ནམ་མཁའི་མཚན་ཉིད་པས། །མངོན་པར་བྱང་ཆུབ་ཅེས་བརྗོད་དོ། །དེ་ཉིད་རྟོགས་ཏེ་མཐོང་སྒོམ་ཚེ། །གཞན་གྱི་དོན་དུ་ལན་འགའ་ཞིག །ཆུ་ལས་ཉ་ལྡང་ཇི་བཞིན་དུ། །བདག་བྱིན་བརླབས་པའི་རིམ་གྱིས་ནི། །རྩོལ་བས་སྐུར་བཞེངས་དོན་མཛད་དོ། །ད་དུང་བདེན་གཉིས་ཕྲ་མོར་སྣང་། །དེ་ནས་ཟུང་འཇུག་ཡེ་ཤེས་སྐྱེད། །ཆོས་རྣམས་གང་ལའང་མི་བཟོད་དང་། །འཇིགས་སྐྲག་ཉམ་པའི་རྟོག་པ་མེད། །གཉིས་པ་ཐམས་ཅད་རྣམ་སྤངས་པའི། །དབྱེར་མེད་ཟུང་དུ་འཇུག་པ་ཉིད། །དེ་ལྟར་རྟོགས་པས་ཐམས་ཅད་དེ། །སྤྱོད་པའང་དེ་བཞིན་གཉིས་མེད་པའོ། །སྔགས་པས་སེང་གེ་བཞིན་དུ་སྤྱོད། །ཟུང་འཇུག་ཏིང་ངེ་འཛིན་བསླབས་པས། །མི་སློབ་ཟུང་འཇུག་ཆོས་སྐུ་ཐོབ། །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །མི་རྟོག་སྨོན་ལམ་དབང་གིས་ནི། །གཟུགས་སྐུ་ལ་སོགས་ཡོན་ཏན་རྣམས། །གདུལ་བྱ་དག་པའི་ངོ་ལ་སྣང་། །མ་འོངས་ཕྱི་མའི་དུས་སུ་ནི། །ལུང་ཟབ་མན་ངག་མི་བརྟེན་པར། །འཐད་སྒྲུབ་རིགས་པ་གཙོར་བྱེད་པས། །རང་རང་གྲུབ་མཐའ་དམ་པར་འཛིན། །སྦས་དོན་ཙམ་གྱིས་ཆོག་བྱེད་ཅིང་། །མཐར་ཐུག་ལྟ་བ་ཟབ་མོ་ལ། །མི་མོས་སླར་ཡང་སུན་འབྱིན་བྱེད། །དེས་ནི་བདག་གཞན་དོན་བརླག་འགྱུར། །སོགས་དཔེ་དང་བཅས་པ་རྒྱས་པ་དང་། གསང་སྔགས་མཐར་ཐུག་ལྟ་དུས་སུ། །ཡིད་དང་དབང་པོ་མངོན་སུམ་དང་། །རྗེས་སུ་དཔག་པ་མི་ཚད་དེ། །ལུང་ཟབ་མན་ངག་ཚད་མར་བྱ། །གང་ཞིག་ང་རྒྱལ་གྱིས་སྦགས་ཤིང་། །དེ་ཉིད་ཆོས་ལ་བརྙས་བྱས་ཏེ། །ཡང་དག་རིག་པ་སུན་འབྱིན་པ། །མནར་མེད་སེམས་ཅན་དམྱལ་བར་ལྟུང་། །སོགས་དང་། ཐ་སྙད་ཚིག་གི་ང་རྒྱལ་གྱིས། །བླ་མ་མི་བསྟེན་བསྙེན་བཀུར་མེད། །དམན་པའི་ལྟ་བ་ལ་མོས་ཏེ། །སྦས་གསུམ་ལྟ་ཞེན་མི་གཏོང་ཞིང་། །མཐར་ཐུག་དོན་ལ་མི་མོས་ཏེ། །རིག་པ་གཙོར་བྱེད་ཤེས་རབ་ཀྱིས། །མཐར་ཐུག་ཟབ་མོ་སུན་འབྱིན་བྱེད། །དེ་ལ་དེ་ཉིད་བསྟན་མི་བྱ། །གང་ཞིག་བླ་མ་བསྙེན་བཀུར་ཞིང་། །ཐམས་ཅད་སྟོང་པས་མི་སྐྲག་བཟོད། །མཐར་ཐུག་དོན་ལ་མི་མོས་པ། །དེ་ལ་བླ་མའི་དྲིན་སྦྱིན་བྱ། །ཞེས་སོ། ། ༈ སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པའི་འདུས་པའི་སྒྲུབ་པའི་ཐབས་རྣམ་པར་བཞག་པའི་རིམ་པར། །འདིར་གསོལ་པ། གླིང་གསུམ་གྱི་མི་རྣམས་ཀྱང་སོ་སོར་གནས་པ་མ་ལགས་སམ། ཅིའི་སླད་དུ་སྐྱེ་བ་གཅིག་གིས་ཐོབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དགའ་ལྡན་གྱི་གནས་མཆོག་ནས་དེར་འཇུག་བར་མི་མཛད་པར་འདིར་ངེས་པ་ཁོ་ནར་འཛམ་བུའི་གླིང་དུ་འཇུག་ཅིང་། མི་རྣམས་ལ་ཆོས་སྟོན་པའི་རྒྱུ་ཉིད་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། །རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་ལང་སྤྱོད་དང་། བྱང་གི་སྒྲ་མི་སྙན་རྣམས་ཀྱི་མི་རྣམས་ལོངས་སྤྱོད་ཆེན་པོ་དང་ལྡན་ཏེ། དེ་ལྟ་མོད་ཀྱི་བླུན་ཞིང་རྨོངས་པས་མི་སྤྱོད་ཅིང་མི་འབྱེད་དོ། །འཛམ་བུའི་གླིང་འདི་ནི་ལས་ཀྱི་ས་པ་ཡིན་ཏེ། དེ་ན་ལེགས་པར་སྤྱོད་པ་དང་ཉེས་པར་སྤྱད་པས་མཆོག་དང་འབྲིང་དང་ཐ་མའི་སེམས་ཅན་རྣམས་སུ་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པས་འདིར་སྣང་བར་འགྱུར་རོ། །འདི་ལྟ་སྟེ། འཛམ་བུ་གླིང་པའི་མི་རྣམས་གཡོ་དང་། སྒྱུ་དང་། དྲེགས་པ་དང་། ཕྲག་དོག་དང་གདུག་པའི་བསམ་པས་རིམས་ནད་ལ་སོགས་པས་ཡོངས་སུ་གཟིར་བར་འགྱུར་རོ། །འོན་ཀྱང་མགོ་སྨོས་པས་གོ་བ་དང་། དབང་པོ་རྣོ་ཞིང་སྒྲིན་པ་སྟེ། དེས་ན་བྱང་ཆུབ་སེམས་དཔའ་རྣམས་འཛམ་བུའི་གླིང་གི་སྐྱེ་བོའི་གནས་ཀྱི་དབུས་སུ་འཁྲུངས་ཤིང་ཆོས་སྟོན་པར་འགྱུར་རོ། །དེའི་ཕྱིར་གསུངས་པ། མི་རུ་འཁྲུངས་པ་ངེས་ཚུལ་དང་པོ་སྟེ། །རབ་ཏུ་བྱུང་བ་ཚུལ་ནི་གཉིས་པའོ། །འདུལ་བ་བསྲུངས་པ་ཚུལ་ཆེན་གསུམ་པ་སྟེ། །ཏིང་འཛིན་མཉེས་པ་ཚུལ་མཆོག་བཞི་པ་ཡིན། །ཞེས་དང་། དབང་པོ་གཉིས་མཉམ་པར་སྦྱོར་བ་མཐོང་བས་འདོད་པ་ཉེ་བར་ལེན་པའི་ཕྱིར་སྲིད་པ་བར་མ་སྤངས་ཏེ་རྟ་ཞོན་པ་བཞིན་རྣམ་པར་ཤེས་པའི་བདག་པོ་ཐུགས་རྡོ་རྗེ་རླུང་གི་གཞོན་པ་ལ་ཡང་དག་པར་ཞོན་ནས་ཤིན་ཏུ་མྱུར་བར་སོང་ཞིང་སྐད་ཅིག་ཐང་གཅིག་ཡུད་ཙམ་གྱིས་ཡེ་ཤེས་སེམས་དཔའ་ལྟར་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཞུགས་ཏེ། ཡེ་ཤེས་ཀྱིས་ཐོབ་ནས་ཐབས་ཀྱི་ཡེ་ཤེས་དང་ལྷན་ཅིག་གཉིས་སུ་མེད་པར་གྱུར་ནས་ཤིན་ཏུ་དགའ་བར་ཆུད་པའི་སྙིང་པོ་ཅན་ཡིན་ཏེ། རྒྱུད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་གསུངས་པའི་རིགས་པ་དང་། ཤེས་རབ་ཀྱི་མདོ་ལས་གཉིས་ཀ་མཆོག་ཏུ་དགའ་བའི་བདེ་བས་ཚིམ་པར་བྱས་པས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡང་དག་པར་བསྐུལ་ཏེ། གཉིས་ཀའང་མཆོག་ཏུ་དགའ་བའི་བདེ་བས་ཚིམ་པར་བྱའོ། །ཨཱ་ལི་དང་ཀཱ་ལི་རྣམས་གཅིག་ཏུ་གྱུར་ནས་ཁམས་ཕྲ་བ་ལ་ཞུགས་པའི་ཤེས་རབ་དང་། ཡེ་ཤེས་ཀྱི་འོད་ཟེར་ཤར་བས་གཉི་ག་ཡང་ཞུ་བར་གྱུར་ཏེ། ཁུ་བ་དང་ཁྲག་ཡང་དག་པར་འདྲེས་ནས་སྐྱེ་གནས་ཀྱི་དབུས་སུ་ཐིག་ལེའི་གཟུགས་སུ་བབས་སོ། །ཞེས་གསུངས་སོ། །ཞེས་དང་། དེའི་འོག་ཏུ་རིམ་གྱིས་འཕེལ་ཏེ། དང་པོར་མེར་མི། མེར་པོའི་རྣམ་པའོ། །མེར་རི། མེར་པོ་ལས་ལྟར་ལྟར་པོར་འགྱུར། ལྟར་འོད། ལྟར་པོ་ལས་གོར་གོར་པོའོ། །གོར་གོར་པོ་ལས་མཁྲང་དོན། འགྱུར། མཁྲང་འགྱུར་ལ་ཡང་རླུང་གིས་བསྐུལ་ཏེ། དེས་རྐང་ལག་རྣམ། འགྱུས་ཏེ་གནས་སྐབས་ལྔ་གསལ་བར་འགྱུར་རོ། །དེའི་འོག་ཏུ་སྐྲ་དང་། །ཁ་སྤུ་དང་། སེན་མོ་ལ་སོགས་པ་དང་། དབང་པོ་རྣམས་དང་གཟུགས་དང་མཚན་མ་རྣམས་རིམ་གྱིས་སྐྱེའོ། །དེ་ཡང་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པ་ལས་ས་བོན་གྱི་གནས་སྐབས་ནས་བརྩམས་ཏེ་གནས་སྐབས་ལྔ་ངེས་པར་སྐྱེའོ། །སོགས་དང་། དེ་ལྟར་མེར་མེར་པོ་ལ་སོགས་པས་ས་བོན་དང་མྱུ་གུ་བཞིན་ཡོངས་སུ་སྨིན་པ་ཐོབ་སྟེ། མངལ་གྱི་སྣོད་དུ་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་རླུང་རྒྱུ་བ་གང་དག་གིས་མངལ་གྱི་སྣོད་ཡོངས་སུ་བསྒྱུར་ནས་མའི་རུམ་ནས་ཆོས་ཀྱི་འབྱུང་གནས་ཀྱི་སྒོར་མངོན་པར་ཕྱོགས་ཤིང་གནས་པར་འགྱུར་རོ། །དེ་ཡང་ཕོ་ཡིན་ན་མའི་མངལ་རུམ་གྱི་གཡས་སུ་བརྟེན་ཅིང་རྒྱབ་ཏུ་མངོན་པར་བལྟས་ཏེ་ཙོག་ཙོག་པོར་གནས་སོ། །གལ་ཏེ་མོ་ཡིན་ན་དེའི་ཕྱིར་མངལ་གྱི་གཡོན་དུ་བརྟེན་ཏེ་ལྟེ་བར་མངོན་པར་བལྟས་ཏེ་གནས་སོ། །དེའི་འོག་ཏུ་ཟླ་བ་བཅུའི་ཐ་མར་རྩ་བའི་རྒྱུད་ལས་གསུངས་པའི་དམ་ཚིག་འབྱུང་བའི་རྡོ་རྗེའི་ཏིང་ངེ་འཛིན་ལ་ཡང་དག་པར་བསྟན་པའི་རིམ་པས་མའི་མངལ་ནས་ཐོན་པར་གྱུར་ཏེ། །དེའི་ཕྱིར་དྲི་ཟ་ཉེ་བར་འཁོར་སེམས་ཅན་གྱི་ཤའི་མིག་གི་ཡུལ་དུ་གྱུར་ཏོ། །ཞེས་དང་ས་ལྟར་མི་གཡོ་བའི་ཏིང་ངེ་འཛིན་དེ་ཉིད་ནི་སྙིང་པོ་སྟེ། ནང་གི་བདག་ཉིད་གང་ལ་ཡོད་པ་དེ་ནི་སའི་སྙིང་པོའོ། །ཡེ་ཤེས་ལྔ་ཡི་རང་བཞིན་གྱི་རྡོ་རྗེ་འཆང་བར་མཛད་པས་ན་ཕྱག་ན་རྡོ་རྗེའོ། །ནམ་མཁའ་ནི་སྒྲིབ་པ་དང་བྲལ་བའི་ཡེ་ཤེས་ཏེ་དེ་ཉིད་སྙིང་པོ་སྟེ་ནམ་མཁའི་སྙིང་པོའོ། །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འཇིག་རྟེན་རྣམས་དབང་དུ་བྱེད་པས་ན་འཇིག་རྟེན་དབང་ཕྱུག་གོ། །འོད་གསལ་ཞིང་ཡིད་དུ་འོང་བའི་ཏིང་ངེ་འཛིན་གྱིས་བསྐུལ་བའི་དཔལ་ཡོད་པས་ན་འཇམ་དཔལ་ལོ། །སྒྲིབ་པ་ཐམས་ཅད་དང་ཉོན་མོངས་པ་རྣམས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་མནན་པས་ན་སྒྲིབ་པ་ཐམས་ཅད་སེལ་བའོ། །ཀུན་ནས་མཛེས་པས་ན་ཀུན་ཏུ་བཟང་པོའོ། །བྱམས་པའི་ཡོན་ཏན་གང་ལ་ཡོད་པས་ན་བྱམས་པའོ། །ཞེས་དང་། དེ་ལ་གཟུགས་ཀྱི་ཕུང་པོ་འོད་གསལ་དུ་ཞུགས་པའི་མཚན་མ་མཁས་པས་ཤེས་པར་བྱ་སྟེ། ཡན་ལག་ཐམས་ཅད་ཕྲ་བ་དང་། ལུས་ཀྱི་ཉམ་ཆུང་ཞིང་ལྷོད་པར་འགྱུར་རོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཐིམ་པ་ན་རབ་རིབ་ཏུ་འགྱུར་རོ། །སའི་ཁམས་འགགས་པ་ན་ལུས་བསྐམ་པར་འགྱུར་རོ། །མིག་གི་དབང་པོ་འགགས་པ་ན་མིག་འགྱུར་ཞིང་ཟུམ་པར་འགྱུར་རོ། །གཟུགས་ཀྱི་ཡུལ་འགགས་པ་ན་རང་གི་ལུས་ཀྱི་མདངས་མེད་ཅིང་ཉམས་ཟད་པ་ཉིད་དུ་འགྱུར་རོ། །དེ་ལྟར་འཁོར་བ་ཐོག་མ་མེད་པ་ནས་རྐང་མེད་དང་། རྐང་གཉིས་དང་། རྐང་བཞི་དང་། རྐང་མང་ལ་སོགས་པའི་སེམས་ཅན་རྣམ་པར་སྣང་མཛད་ཀྱི་རིགས་ཅན་རྣམས་སྐུའི་དཀྱིལ་འཁོར་ལ་གནས་ཏེ། དོན་དམ་པའི་དཀྱིལ་འཁོར་དུ་སྐད་ཅིག་པའི་རིམ་གྱིས་འཇུག་གོ། །གང་དག་ཆ་ཤས་ལ་གནས་པ་དེ་དག་ནི་འདིར་རྣམ་པར་བཞག་པ་མེད་མོད་ཀྱི། འོན་ཀྱང་རིམ་གྱིས་དོན་དམ་པའི་བདེན་པར་རབ་ཏུ་འཇུག་གོ། །དེ་བཞིན་དུ་གཉེས་པ་རིན་པོ་ཆེའི་རིགས་ཀྱི་ལྷ་རྣམས་དོན་དམ་པའི་བདེན་པར་འཇུག་པ་དེའི་ཚེ་མཚན་མ་མཁས་པས་ཤེས་པར་བྱ་སྟེ། ཚོར་བའི་ཕུང་པོ་ཐིམ་པ་ན་རླུང་དང་མཁྲིས་པ་བད་ཀན་ལ་སོགས་པ་ལུས་ཚོར་བ་ཉམས་སུ་མྱོང་བར་མི་འགྱུར་རོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཐིམ་པ་ན་ཡིད་ཀྱི་ཚོར་བ་རྣམ་པ་གསུམ་དྲན་པར་མི་འགྱུར་རོ། །ཆུའི་ཁམས་བསྐམ་པ་ན་རང་གི་ལུས་ལ་ཁ་ཆུ་དང་ཁྲག་དང་ཁུ་བ་ལ་སོགས་པ་བསྐམ་པར་འགྱུར་རོ། །རྣ་བའི་དབང་པོ་ཐིམ་པ་ན་ཕྱི་དང་ནང་དུ་བཅས་པའི་སྒྲ་ཐོས་པར་མི་འགྱུར་རོ། །སྒྲའི་ཡུལ་ཐིམ་པ་ན་རང་གི་ལུས་ཀྱི་སྒྲ་ཐོས་པར་མི་འགྱུར་རོ། །གཉིས་པ་རིན་པོ་ཆེའི་རིགས་ཀྱི་ལྷ་རྗེས་སུ་གཞུག་གོ། །གསུམ་པ་པདྨའི་རིགས་ཀྱི་ལྷ་རྣམས་འཇུག་པའི་དུས་སུ་མཚན་མ་མཁས་པས་ཤེས་པར་བྱ་སྟེ། འདུ་ཤེས་ཀྱི་ཕུང་པོ་ཐིམ་པ་ན་རྐང་གཉིས་ལ་སོགས་པའི་སེམས་ཅན་རྣམས་དྲན་པར་མི་འགྱུར་རོ། །སོ་སོར་རྟོག་པའི་ཡེ་ཤེས་ཐིམ་པ་ན་ཕ་དང་། མ་དང་། བུ་དང་། གཉེན་ལ་སོགས་པའི་འགྲོ་བ་ཐམས་ཅད་ཀྱི་མིང་མི་དྲན་ནོ། །མེའི་ཁམས་ཐིམ་པ་ན་བཟའ་བ་ཐམས་ཅད་མི་འཇུའོ། །སྣའི་དབང་པོ་ཐིམ་པ་ན་སྟེང་གི་རླུང་བརྩེགས་ཤིང་འགྲོ་བར་འགྱུར་རོ། །དྲིའི་ཡུལ་ཐིམ་པ་ན་རང་གི་ལུས་ལ་དྲིའི་ཡུལ་བྲོ་བར་མི་འགྱུར་རོ། །གསུམ་པ་པདྨའི་རིགས་ཀྱི་ལྷ་རྣམས་རྗེས་སུ་གཞུག་པའོ། །བཞི་པ་ལས་ཀྱི་རིགས་ཀྱི་ལྷ་རྣམས་ཀྱི་ཡང་དག་པའི་མཐར་འཇུག་པའི་མཚན་མ་མཁས་པས་ཤེས་པར་བྱ་སྟེ། དེ་ལ་འདུ་བྱེད་ཀྱི་ཕུང་པོ་ཐིམ་པ་ན་ལུས་ཀྱི་བྱ་བ་ཐམས་ཅད་ལ་འཇུག་པར་མི་འགྱུར་རོ། །བྱ་བ་གྲུབ་པའི་ཡེ་ཤེས་ཐིམ་པ་ན་འཇིག་རྟེན་པའི་བྱ་བ་དང་དགོས་པ་ཐམས་ཅད་དྲན་པར་མི་འགྱུར་རོ། །རླུང་གི་ཁམས་ཐིམ་པ་ན་སྲོག་ལ་སོགས་པའི་རླུང་བཅུ་རང་གི་གནས་ནས་འཕོ་བའོ། །ལྕེའི་དབང་པོ་ཐིམ་པ་ན་ལྕེ་སྦོམ་པ་དང་། ཐུང་བ་དང་། རྩ་བ་སྔོན་པོར་འགྱུར་རོ། །རོའི་ཡུལ་ཐིམ་པ་ན་རོ་དྲུག་ཉམས་སུ་མི་མྱོང་ངོ་། །བཞི་པ་ལས་ཀྱི་རིགས་ཀྱི་ལྷ་རྣམས་རྗེས་སུ་གཞུག་པའོ། །ལྷག་མ་རང་བཞིན་གྱི་སྣང་བ་འཇམ་དཔལ་གྱི་ཡེ་ཤེས་རིམ་པ་གཉིས་པ་བྱ་སྟེ། དེ་ཡང་སྲོག་དང་རྩོལ་བ་དང་བཅས་པ་རྡོ་རྗེ་བཟླས་པའི་རིམ་པས་གནས་ཏེ། རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའི་རིམ་པས་མི་ཤིགས་པ་མངོན་དུ་བྱ་སྟེ། འཛིན་པ་ཉེ་བར་བསྡུས་པ་དེའི་ཚེ། ཨོཾ་ཤཱུནྱ་ཏཱ་ནས། ཀོ྅ཧཾ། ཞེས་བྱ་བའི་སྔགས་ཀྱི་དོན་མངོན་སུམ་དུ་བྱེད་པར་འགྱུར་རོ། །ཞེས་གསུངས་སོ། ། ༈}} | {{TibP|སློབ་དཔོན་ཨཱརྻ་དེ་ཝས་མཛད་པའི་རིམ་ལྔའི་དོན་གསལ་བར་བྱེད་པའི་བསྟན་བཅོས་སྤྱོད་བསྡུས་སྒྲོན་མར། དངོས་མེད་རྣམ་དག་ནམ་མཁའ་མཉམ་ལ་ཕྱག་འཚལ་ལོ། །མ་ལུས་ཚིག་མེད་ཡི་གེ་བྲལ་ལ་ཕྱག་འཚལ་ལོ། །འདས་དང་མ་བྱོན་ཀུན་ཏུ་སོན་ལ་ཕྱག་འཚལ་ལོ། །ཀུན་ཏུ་མ་ལུས་ཐམས་ཅད་སྟོང་ལ་ཕྱག་འཚལ་ལོ། །ཞེས་དང་། སྔགས་ཀྱི་དེ་ཁོ་ན་ཉིད་དང་། ཕྱག་རྒྱའི་དེ་ཁོ་ན་ཉིད་དང་། བདག་གི་དེ་ཁོ་ན་ཉིད་དང་། ཆོས་ཀྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དེ། གོ་རིམ་རྣམ་པ་ལྔ་གསལ་བར་བྱ་བའི་ཕྱིར། ཞེས་དང་། རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས་དྲངས་པ། ཕྱག་ན་རྡོ་རྗེས་གསོལ་བ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་གནས་དོན་དམ་པའི་བདེན་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ། ཆོས་ཐམས་ཅད་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་དང་། འགྲོ་བ་རྒྱུ་བ་དང་མི་རྒྱུ་བ་རྣམས་ཏེ། དེ་ཡང་དོན་དམ་པའི་བདེན་པ་ལ་གནས་མེད་པའི་ཚུལ་གྱིས་དོན་དམ་པའི་བདེན་པ་ནི་བདག་མེད་པ། ཟིལ་གྱིས་མི་ནོན་པ། ཐམས་ཅད་སྟོང་པ་སྟེ། འཕེལ་བ་མེད་པ། འགྲིབ་པ་མེད་པ། རྣམ་པར་དག་པ། ནམ་མཁའ་དང་མཉམ་པ་དྲི་མ་མེད་པའི་ངོ་བོ་ཉིད། ཡི་གེ་མེད་པ། ཚིག་མེད་པ། ལུས་དང་ངག་དང་ཡིད་དང་བྲལ་བ། ཡོད་པ་མ་ཡིན། མེད་པ་མ་ཡིན། རྒྱུ་བ་མ་ཡིན། མི་རྒྱུ་བ་མ་ཡིན། ཐག་རིང་བ་མ་ཡིན། ཐག་ཉེ་བ་མ་ཡིན། སྟོང་པ་མ་ཡིན། མི་སྟོང་པ་མ་ཡིན། དབུ་མ་ཡང་མ་ཡིན་པ་འདི་ནི་དོན་དམ་པའི་བདེན་པའོ། །དེ་བས་ནི་ཆེས་མཆོག་ཏུ་ཟབ་པ་དང་། འཇུག་པར་དཀའ་བ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པའོ། །རྒྱུ་རྐྱེན་གྱིས་འབྱུང་བ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་ནི་ཇི་སྲིད་དུ་རྨི་ལམ་དང་། མིག་འཕྲུལ་དང་། གཟུགས་བརྙན་ལྟར་སྣང་བ་ལྡན་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཏེ། རང་གི་མཚན་ཉིད་ཚངས་པའི་གནས་པ་བཞིའི་རྒྱུར་གྱུར་པ་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེ་གཉིས་ཟུང་དུ་འབྲེལ་བར་འཇུག་པའི་རིམ་པ་འདི་ནི་ཡང་དག་པའི་ཚུལ་གྱི་བདག་ཉིད་ཀྱི་ཏིང་ངེ་འཛིན་ཏེ། དམིགས་པ་ཐམས་ཅད་ཉེ་བར་ཞི་བ་གང་ཡིན་པའི་དེ་ཁོ་ན་ཉིད་ཅེས་བྱའོ། །ཞེས་དང་། ལང་གཤེགས་ལས་དྲངས་པ། བཅོམ་ལྡན་འདས་རང་གི་སེམས་སྣང་བའི་རྒྱུད་གཅིག་ཅར་རམ། རིམ་གྱིས་འཇུག་པས་སམ། ཇི་ལྟར་རྣམ་པར་དག་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་རང་གི་སེམས་སྣང་བའི་རྒྱུད་རིམ་གྱིས་འཇུག་པས་རྣམ་པར་དག་སྟེ་གཅིག་ཅར་ནི་མ་ཡིན་ནོ། །འདི་ལྟ་སྟེ། བློ་གྲོས་ཆེན་པོ་ཤིང་ཨ་མྲའི་འབྲས་བུ་རིམ་གྱིས་སྨིན་པར་འགྱུར་གྱི་གཅིག་ཅར་ནི་མ་ཡིན་ནོ། །ཞེས་སོགས་འཕང་སློབ་པའི་དཔེ་དང་བཅས་པས་རྒྱས་པར་བཤད་མཐར། ཡང་ཚུལ་འདི་ཉིད་ཀྱིས་རྡོ་རྗེའི་ཐེག་པ་ལ་གནས་པའི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སློབ་པར་འདོད་པས་ཀྱང་རིམ་པ་འདི་ཉིད་ལ་བསླབ་པར་བྱའོ། །དེའི་རིམ་པའང་འདི་ཡིན་ཏེ། ཐོག་མ་ཉིད་དུ་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་སློབ་བོ། །གང་གི་ཚེ་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལོབས་པར་གྱུར་པ་དེའི་ཚེ་ཐེག་པ་སར་པ་དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ་སློབ་བོ། །གང་གིས་ཐེག་པ་གསར་པ་དྲན་པ་གཅིག་བའི་ཏིང་ངེ་འཛིན་ལ་ལོབས་པ་དེའི་ཚེ་རྟོག་པའི་རྣལ་འབྱོར་ལ་སློབ་བོ། །གང་གི་ཚེ་རྟོག་པའི་རྣལ་འབྱོར་ལ་ལོབས་པ་དེའི་ཚེ་ལས་དང་པོ་པའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་པར་འགྱུར་རོ། །གང་གི་ཚེ་ལས་དང་པོ་པའི་ཏིང་ངེ་འཛིན་ལ་གནས་པ་དེའི་ཚེ་རིགས་བརྒྱའི་དབྱེ་བ་ལ་འཇུག་གོ །གང་གི་ཚེ་རིགས་བརྒྱའི་དབྱེ་བ་ལ་མཁས་པས་ལུས་རྣམ་པར་དབེན་པ་ཤེས་པ་དེའི་ཚེ་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པར་འགྱུར་རོ། །ལུས་རྣམ་པར་དབེན་པ་ལ་གནས་ནས་ཨཱ་ལི་ཀཱ་ལིའི་སྒོ་ནས་ངག་རྣམ་པར་དབེན་པ་ལ་འཇུག་གོ །གང་གི་རྡོ་རྗེའི་བཟླས་པའི་རིམ་གྱིས་སྲོག་དང་རྩོལ་བ་ཤེས་པ་དེའི་ཚེ་གསུང་རྡོ་རྗེའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་པར་འགྱུར་རོ། །ངག་རྣམ་པར་དབེན་པ་ལ་གནས་ནས་རང་བཞིན་གྱིས་སྣང་བའི་རིམ་གྱིས་སེམས་རྣམ་པར་དབེན་པ་ལ་འཇུག་གོ །གང་གི་ཚེ་རང་བཞིན་གྱིས་སྣང་བ་ལ་རླུང་གི་བཞོན་པའི་རབ་ཏུ་དབྱེ་བས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལོབས་པ་དེའི་ཚེ་སེམས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་འགྱུར་རོ། །སེམས་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་ལ་གནས་ནས་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཀུན་རྫོབ་ཀྱི་བདེན་པ་ལ་འཇུག་གོ། །གང་གི་ཚེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དེའི་ཚེ་སངས་རྒྱས་ཀྱི་དབང་བསྐུར་བ་ཐོབ་བོ། །གང་གི་ཚེ་དབང་བསྐུར་བ་ཐོབ་པ་དེའི་ཚེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ནས་སྟོང་པ་ཆེན་པོ་བཅོ་བརྒྱད་ཀྱི་རིམ་གྱིས་དོན་དམ་པའི་བདེན་པ་ལ་འཇུག་གོ །གང་གི་ཚེ་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་གྱིས་ཡང་དག་པའི་མཐའ་ལ་འཇུག་པ་དེའི་ཚེ་ཉོན་མོངས་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །གང་གི་ཚེ་ཡེ་ཤེས་ཀྱིས་རིམ་གྱིས་ལྡང་བའི་ཕྱིར་རང་བཞིན་གྱིས་འོད་གསལ་བའི་བདེན་པ་གཉིས་ལ་གཉིས་སུ་མེད་པའི་རྣམ་པས་བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་རྫོགས་པའི་ཏིང་ངེ་འཛིན་ལ་ལོབས་པར་འགྱུར་བ་ཡིན་ནོ། །གང་གི་ཚེ་རྫོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་རྣལ་འབྱོར་པས་ནི་ཕྱིས་ཆོས་གང་ཡང་མི་སློབ་བོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་ལེགས་པར་བསླབས་པའི་ཕྱིར་ཏེ་ཇི་ལྟར་འཕང་གི་སློབ་དཔོན་ནི་སྒྲས་མཚོན་པ་ལ་འཕོག་པར་བྱེད་པར་གནས་པས་ཕྱིས་གང་དུ་ཡང་མི་སློབ་བོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་ལེགས་པར་བསླབས་པའི་ཕྱིར་སྔོན་གྱི་འཕེན་ཤུགས་ཀྱི་སྟོབས་ཀྱིས་མངོན་དུ་འགྱུར་རོ། །དེ་བཞིན་དུ་རྫོགས་པའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་པ་ནི་ཕྱིས་གང་ལ་ཡང་སློབ་པར་མི་འགྱུར་ཏེ། སྔོན་ཤིན་ཏུ་ལེགས་པར་བསླབས་པའི་ཕྱིར་དེ་ཡིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་དག་ནི་ལྷུན་གྱིས་གྲུབ་པ་ཉིད་དུ་མངོན་སུམ་དུ་འགྱུར་རོ། །དེ་བཞིན་དུ་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་སློབ་པར་བྱེད་པས་ཀྱང་རིམ་གྱིས་འཇུག་པས་བསླབ་པར་བྱའི། གཅིག་ཅར་ནི་མ་ཡིན་ནོ། །དེ་བས་ན་ལུས་རྣམ་པར་དབེན་པ་མེད་པར་ངག་རྣམ་པར་དབེན་པ་ཤེས་པར་མི་ནུས་སོ། །ངག་རྣམ་པར་དབེན་པ་དང་བྲལ་བས་ནི་སེམས་རྣམ་པར་དབེན་པ་རྟོགས་མི་ནུས་སོ། །སེམས་ཀྱི་རང་བཞིན་སྣང་བའི་ཏིང་ངེ་འཛིན་མེད་པར་ཀུན་རྫོབ་ཀྱི་བདེན་པ་མངོན་སུམ་དུ་བྱ་བར་མི་ནུས་སོ། །ཀུན་རྫོབ་ཀྱི་བདེན་པ་རྟོགས་པ་དང་བྲལ་བས་ནི་དོན་དམ་པའི་བདེན་པ་མངོན་སུམ་དུ་བྱ་མི་ནུས་སོ། །དོན་དམ་པའི་བདེན་པ་རྟོགས་པ་མེད་པར་ནི་ཟུང་དུ་འཇུག་པའི་རིམ་པ་མངོན་སུམ་དུ་བྱ་བར་མི་ནུས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་དོན་གྱི་དབང་གིས་འདི་གཟིགས་ནས་རིམ་གྱིས་འཇུག་པར་བསླབ་པར་བྱའི། གཅིག་ཅར་ནི་མ་ཡིན་ནོ། །རིམ་གྱིས་འཇུག་པས་རྫོགས་པའི་རིམ་པ་ལ་བསླབས་པས་གཅིག་ཅར་རང་གི་རྒྱུད་རྣམ་པར་དག་པར་འགྱུར་ཏེ། ཞེས་སོགས་ལུང་དང་བཅས་པར་གསུངས་སོ། | ||
།ལེའུ་གཉིས་པ་ལུས་རྣམ་པར་དབེན་པར། ཟླ་གསང་ཐིག་ལེར། རིགས་ནི་རྣམ་པ་བརྒྱར་བསྟན་ཏེ། །མདོ་རུ་བསྡུ་ན་རྣམ་པ་ལྔ། །ལུས་དང་ངག་ཡིད་སྦྱོར་བ་ཡིས། །གསུམ་དུ་ཡང་ནི་འགྱུར་བ་ཡི། །ཞེས་པའི་དོན་རྒྱས་པར་བཤད་དེ། དེ་ཡང་ཕུང་༥པོ། ཁམས༤། དབང་༥པོ། ཡུལ་༥རྣམས་རིགས་ལྔས་བྱིན་གྱིས་བརླབས་༩༥པས་དང་། ཐུན་མོང་དུ་ཡེ་ཤེས་ལྔས་བྱིན་གྱིས་བརླབས་༡༠༠པའི་ཚུལ་གྱིས་ཕྱེ་ཚུལ་རྒྱས་པར་བསྟན་མཐར། ཕུང་པོ་ཁམས་དང་དེ་བཞིན་སྐྱེ་མཆེད་རྣམས། །ལྔ་པོ་དབྱེ་བ་ལྔ་རུ་བྱས་པ་ལ། །དེ་བཞིན་གཤེགས་པས་སོ་སོར་བྱིན་བརླབས་ན། །འཁོར་བའི་ལས་རྣམས་དག་ནི་ངག་ལས་འབྱུང་། །དེ་བཞིན་དབང་པོ་ཕྱི་རོལ་ཡུལ་བཅས་ལྔ། །རེ་རེ་ཞིང་ཡང་བདེ་གཤེགས་ལྔ་རྣམས་ཀྱིས། །དེ་ལ་རང་རང་རྟག་ཏུ་བྱིན་རློབ་ཅིང་། །ཡེ་ཤེས་ལྔ་དང་གསུམ་དུའང་ཡང་དག་གནས། །ཞེས་གསུངས་པའི་ཕྱིར་རོ། །ཞེས་དང་། དེ་ཉིད་མདོར་བསྡུ་ན་ལུས་ཀྱི་དཀྱིལ་འཁོར་ནི་འབྱུང་བ་ལྔ་ལས་གྲུབ་པ་སྟེ་དེ་ཉིད་རིགས་ལྔས་བྱིན་གྱིས་བརླབས་ཚུལ་དང་། རིན་འབྱུང་སྐུ་རྡོ་རྗེ། དོན་གྲུབ་གསུང་རྡོ་རྗེ། མི་བསྐྱོད་པ་ནི་དྲུག་པ་དེ་བཞིན་གཤེགས་པར་བསྡུ་བས་གསུམ་དུ་འདུ་ཚུལ་དང་། དེ་ཡང་། སྐུ་རྡོ་རྗེ་གྱུར་ནས་རྐན་དང་མཆུ་སྦྱོར་བ་དང་། ལྕེའི་ཚོགས་རྣམ་པར་གྱུར་པ་ལས་གསུང་རྡོ་རྗེ་ལ་འཇུག་པར་འགྱུར་རོ། །ཐུགས་རྡོ་རྗེ་ནི་དེ་ལ་སྐུལ་བར་བྱེད་པ་ཡིན་ཏེ། དེ་ལྟར་གསུམ་ཚོགས་པ་ལས་ཡིད་དགའ་ཞིང་ཚིམ་པར་བྱེད་པའི་དངོས་གྲུབ་རྫོགས་པར་བྱེད་པའི་དོན་ཏོ། །དེ་ལྟར་ལུས་དང་ངག་དང་ཡིད་ལ་སོགས་པའི་བསྒོམ་པའི་མཚན་ཉིད་བརྟགས་ནས་ད་ནི་རྡོ་རྗེ་གསུམ་མི་ཕྱེད་པའི་མཚན་ཉིད་བཞག་པར་བྱ་སྟེ། གསང་བ་འདུས་པ་ལས། ཁྱེད་ཀྱི་སེམས་ལུས་ལྟ་བུ་དང་། ལུས་སེམས་ལྟ་བུ་དང་། སེམས་ཚིག་ཏུ་བརྗོད་པ་ལྟ་བུར་སྐྱེད་ཅིག །ཅེས་གསུངས་པས་བདག་ནི་རང་བཞིན་གྱིས་བདག་པོའོ་ཞེས་བདག་ཉིད་བརྟན་པ་བསྐྱེད་ལ་རྡོ་རྗེ་གསུམ་གྱི་བདག་ཉིད་རྡོ་རྗེ་འཆང་ཆེན་པོར་ལྷག་པར་མོས་པར་བྱས་པ་ནི་བྱིན་གྱིས་བརླབས་པ་ཞེས་བཤད་དོ། །ཞེས་གསུངས་ཤིང་། མཐར་ཐུག་རྡོ་རྗེ་མི་ཕྱེད་པའི་རིགས་གཅིག་ཏུ་བསྡུ་བར་བསྟན་ཏོ། | |||
།ལེའུ་གསུམ་པ་ངག་རྣམ་པར་དབེན་པར། དེ་ལ་ངག་རྣམ་པར་དབེན་པ་ཞེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །དེ་ཡང་རླུང་གི་དེ་ཁོ་ན་ཉིད་དང་བྲལ་བས་དེ་ཤེས་པར་མི་འགྱུར་རོ། །རླུང་གི་དེ་ཁོ་ན་ཉིད་ཅེས་བྱ་བ་ནི་སྲོག་དང་རྩོལ་བའོ། །དེ་བས་ན་རླུང་གི་དེ་ཁོ་ན་ཉིད་བསྟན་པའི་ཚིག་དཔལ་གསང་བ་འདུས་པ་ལས། རིན་ཆེན་ཁ་དོག་སྣ་ལྔ་པ། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །དེ་ཉིད་སྦྱོར་བས་རྟག་ཏུ་བསྒོམ། །ཞེས་གསུངས་ཏེ། རྡོ་རྗེའི་ཚིག་འདི་ངེས་པ་དྲངས་པའི་དོན་གྱིས་དབྱེ་བས་ལྷའི་རྣལ་འབྱོར་རྣམ་པ་གཉིས་ལ་ཡང་སྦྱར་ཏེ། དེ་ལ་བསྐྱེད་པའི་རིམ་པ་སྒོམ་པར་བྱེད་པས་ནི་སྣའི་རྩེ་མོར་ཡུངས་ཀར་གྱི་འབྲུ་ཚད་ཙམ་གྱི་རང་ལྷའི་མཚན་མ་རང་སེམས་བརྟན་པར་བྱ་བའི་ཕྱིར་བསྒོམ་པར་བྱའོ། །ཞེས་བསྟན་པ་འདི་ནི་ཕྲ་མོའི་རྣལ་འབྱོར་བཤད་པ་ཡིན་ནོ། །འདི་ཉིད་རྫོགས་པའི་རིམ་པ་ལ་གནས་པ་རྣམས་ཀྱི་ཕྲ་མོའི་རྣལ་འབྱོར་བཤད་པ་ནི་ཨཱ་ལི་ཀཱ་ལི་རྣམས་ཀྱིས་བུད་མེད་དང་སྐྱེས་པ་དང་མ་ནིང་གི་ཚུལ་གྱི་ཡི་གེ་གསུམ་བསྐྱེད་ལ། ཡི་གེ་གསུམ་ཡང་འཇུག་པ་དང་གནས་པ་དང་ལྡང་བར་ངེས་པར་སྦྱར་ལ་དཀྱིལ་འཁོར་བཞིའི་རིམ་གྱིས་སྲོག་དང་རྩོལ་བའི་བདག་ཉིད་ཅན་གྱི་རྡོ་རྗེའི་བཟླས་པ་བྱའོ། །ཞེས་སོགས་དང་། དགོངས་པ་ལུང་སྟོན་པའི་རྒྱུད་ལས་དྲངས་པ། སྲོག་དང་ཐུར་སེལ་གྱེན་རྒྱུ་དང་། །ཁྱབ་དང་མཉམ་གནས་ཞེས་བཤད་དང་། །ཀླུ་དང་རུས་སྦལ་གཙང་པ་དང་། །ལྷས་སྦྱིན་དང་ནི་གཞུ་ལས་རྒྱལ། །ཞེས་དང་། རླུང་བཅུ་པོ་འདི་དག་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་གི་ཚུལ་ལས་ནི་སྒྲ་ཇི་བཞིན་མ་ཡིན་པར་གསུངས་ཏེ། ཀོ་ཊ་ཁྱ། ཀོ་ཊ་བ། ཀོ་ཊ། ཀོ་ཊ་བཤྩ་ཤ །ཀོ་ཊཱི་ར་བ། ཀོ་ལ་ཁྱ། ཀོ་ལ་བཱ། ཀོ་ལ། ཀོ་ལ་བཤྩ། ཀོ་ལ་ཏ་ཐཱ། མིང་འདི་དག་ནི་རྡོ་རྗེའི་སྒོ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་སྒྲ་ཇི་བཞིན་པའི་དོན་གྱིས་རླུང་བཅུར་གསུངས་ཏེ། སྲོག་དང་། ཐུར་དུ་སེལ་བ་དང་། མེ་དང་མཉམ་དུ་གནས་པ་དང་། གྱེན་དུ་རྒྱུ་བ་དང་། ཁྱབ་བྱེད་དང་། རྒྱུ་བ་དང་། རྣམ་པར་རྒྱུ་བ་དང་། ཡང་དག་པར་རྒྱུ་བ་དང་། རབ་ཏུ་རྒྱུ་བ་དང་། ངེས་པར་རྒྱུ་བ་ཞེས་བྱའོ། །རྡོ་རྗེའི་སློབ་མས་གསོལ་བ། སྲོག་ཅེས་བྱ་བ་ལ་སོགས་པའི་རླུང་བཅུ་པོ་ལུས་འདི་ལ་གང་ཞིག་རབ་ཏུ་གནས་ནས་ཅི་ཞིག་བགྱིད་པ་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། །རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། རླུང་ལྔ་ནི་ལུས་ཀྱི་ཆ་ལ་གནས་ནས་ལུས་ཀྱི་བྱ་བ་རྣམས་བྱེད་དོ། །རླུང་ལྔ་ནི་མིག་ལ་སོགས་པའི་སྐྱེ་མཆེད་ལ་གནས་ནས་དབང་པོ་རྣམས་ཀྱི་བྱ་བ་རྣམས་བྱེད་དོ། །དེ་ལ་སྲོག་ཅེས་བྱ་བའི་རླུང་སྙིང་གར་གནས་པ་ནི་དེ་བཞིན་གཤེགས་པ་མི་བསྐྱོད་པའོ། །ཐུར་དུ་སེལ་བ་འདོམས་ན་གནས་པ་ནི་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་ནོ། །གྱེད་དུ་རྒྱུ་བ་ལྐོག་མ་ལ་གནས་བ་ནི་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའོ། །མེ་དང་མཉམ་དུ་གནས་པ་ལྟེ་བར་གནས་པ་ནི་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའོ། །ཁྱབ་བྱེད་ཚིགས་ཐམས་ཅད་ལ་གནས་པ་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དོ། །རྒྱུ་བའི་རླུང་ནི་གཟུགས་སོ། །རྣམ་པར་རྒྱུ་བ་ནི་སྒྲའོ། །ཡང་དག་པར་རྒྱུ་བ་ནི་དྲིའོ། །རབ་ཏུ་རྒྱུ་བ་ནི་རོའོ། །ངེས་པར་རྒྱུ་བ་ནི་རེག་བྱའོ། །ཡང་རླུང་བཅུ་པོ་འདི་དག་ནི་དབུགས་དབྱུང་བ་དང་རྔུབས་པར་འགྱུར་བ་དང་། དེ་རྣམས་ཀྱང་རླུང་ལ་སོགས་པའི་དཀྱིལ་འཁོར་བཞིའི་བདག་ཉིད་ཅན་དུ་འགྱུར་བ་དང་། ཡང་དེ་རྣམས་ལྷ་མོ་བཞིའི་བདག་ཉིད་ཅན་དུ་འགྱུར་བ་དང་། ཡང་དེ་རྣམས་འབྱུང་བ་རྣམ་པ་ལྔར་འགྱུར་བ་དང་། ཡང་དེ་རྣམས་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་རྣམ་པ་ལྔར་འགྱུར་བ་དང་། ཡང་དེ་རྣམས་ལས་གོས་དཀར་མོ་ལ་སོགས་པ་འོད་ཟེར་རྣམ་པ་ལྔའི་བདག་ཉིད་ཅན་དུ་འགྱུར་བ་དང་། ཡང་དེ་རྣམས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་དུ་འགྱུར་བ་དང་། ཡང་དེ་རྣམས་ཡི་གེ་གསུམ་གྱི་གཞིར་གྱུར་ནས་འཇུག་པ་དང་། གནས་པ་དང་། ལྡང་བའི་རིམ་གྱིས་རྡོ་རྗེའི་བཟླས་པ་བྱེད་པར་འགྱུར་བ་དང་། ཡང་རླུང་དེ་རྣམས་ཨའི་གཞིར་གྱུར་ནས་ཚིག་མ་ལུས་པ་སྨྲ་བར་བྱེད་པ་དང་། ཡང་དེ་རྣམས་མི་ཤིགས་པ་ཐོབ་ནས་དངོས་པོ་མེད་པར་འགྱུར་རོ། །རྡོ་རྗེ་སློབ་མས་གསོལ་པ། ཇི་ལྟར་ན་རླུང་བཅུ་པོ་འདི་དག་གཅིག་དང་དུ་མའི་དངོས་པོ་རང་གི་ལུས་ལ་ཉིན་དང་མཚན་དུ་སྤྲོ་བ་སྡུད་པར་བགྱིད། བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམས་དཔའ་ཆེན་པོ་ལེགས་སོ་ལེགས་སོ། །དཔལ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་རྩ་བའི་རྒྱུད་བླ་མ་ལས་ཇི་ལྟར་རླུང་གི་དེ་ཁོ་ན་ཉིད་དགོངས་པར་བཤད་ཀྱིས་གསལ་བར་མ་གསུངས་ལ། དེ་བཤད་པའི་རྒྱུད་ལས་སྒྲ་ཇི་བཞིན་པར་གསུངས་པ་དེ་ལ་འཇུག་པར་བྱའོ། །སངས་རྒྱས་ལྔ་ཡི་རིག་གནས་པ། །སྣ་རྩེའི་བུ་ག་ལས་བྱུང་ཞིང་། །རླུང་ལྔ་སྟེང་དུ་ཡང་དག་རྒྱུ། །ལུས་ལ་རྟག་ཏུ་སྤྱོད་པར་འགྱུར། །ཀུན་རྫོབ་སྣ་ནི་སྤྱོད་པ་ནི། །སྒོ་དེ་ལས་ནི་རྣམ་པར་འབྱུང་། །གཡོན་དང་ཊཱི་ཀར་འདིའི་དོན་ནི་འདི་ཡིན་ཏེ། པདྨ་དང་རྡོ་རྗེའི་སྣ་ལས་འོད་ཟེར་རྣམས་བྱུང་ནས་སྟེང་དུ་སོང་སྟེ། ཀུན་རྫོབ་ཀྱི་སྣ་སྒོ་ལས་གཡས་པ་དང་གཡོན་པ་དང་གཉིས་ཀ་དང་དལ་གྱིས་རྒྱུ་བའི་རིམ་གྱིས་འབྱུང་ངོ་། །ཞེས་སོགས་སོ། །གཡས་དང་གཉིས་ཀ་དང་། །དལ་བར་རྒྱུ་དང་རྣམ་པ་བཞི། །གཡས་པ་ནས་ནི་འབྱུང་བའི་ཁམས། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་བའི་མཆོག་འདི་ནི། །པདྨ་མགོན་པོ་རྒྱུ་བའོ། །གཡོན་པ་ནས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་འབྱུང་བ་དག །ལྗང་སེར་དག་ཏུ་སྣང་བ་སྟེ། །ལས་ཀྱི་མགོན་པོ་རྒྱུ་བའོ། །གཉིས་ཀ་ལས་ནི་འབྱུང་བའི་ཁམས། །གསེར་གྱི་མདོག་ཏུ་སྣང་བ་སྟེ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད། །རིན་ཆེན་མགོན་པོ་རྒྱུ་བའོ། །དལ་ཞིང་རྒྱུ་བ་མེད་པའི་ཁམས། །དག་པའི་ཤེལ་ལྟར་སྣང་བ་སྟེ། །སྐད་ཅིག་ཆུ་ཡི་དཀྱིལ་འཁོར་ཏེ། །རྡོ་རྗེ་མགོན་པོ་རྒྱུ་བའོ། །ཁམས་གསུམ་ཡང་དག་འབྱུང་བ་ནི། །རྟེན་དང་བརྟེན་པར་བཟུང་བ་ནི། །རྣམ་སྣང་ཊཱི་ཀར། ཁྱབ་བྱེད་ཀྱིས་ནི་ཁམས་ཀྱི་དཀྱིལ་འཁོར་བཞི་ཆར་ལ་ཁྱབ་པའི་རླུང་སྟེ་མི་འབྱུང་ཞིང་ཁྱབ་པའི་འོད་ཟེར་ཅན་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དེ་ནམ་མཁའ་དང་མཉམ་པའི་ངོ་བོ་ཉིད་དོ། །ཞེས་སོ། །མཛད་ཆེན་སྐུ་ཡིན་ནོ། །འཆི་བའི་མཐར་ནི་འབྱུང་བར་འགྱུར། །དཀྱིལ་འཁོར་བཞི་པོ་འདི་དག་ནི། །མཉམ་པར་བཞག་པས་རྟག་ཏུ་ཟློས། །སྔགས་བཟླས་པ་ཡི་གྲངས་ཀྱིས་ནི། །ཉིན་དང་མཚན་དུ་རྟག་པར་ཟློས། །ཞེས་བཅོམ་ལྡན་འདས་ཀྱིས་དཔལ་རྡོ་རྗེ་ཕྲེང་བ་ཞེས་བྱ་བ་རྣལ་འབྱོར་གྱི་རྒྱུད་ཆེན་པོ་ལས་གསུངས་སོ། །ཞེས་སོགས་དང་དེའི་དོན་རྒྱས་པར་བཤད་དོ། །སྔགས་ཀྱི་དེ་ཁོ་ན་ཉིད་བཤད་པར། །དེ་ལ་སྤྲུལ་པ་ལ་སོགས་པའི་སྔགས་རྣམས་ནི་ཨཱ་ལི་ཀཱ་ལི་ལས་ཡང་དག་པར་བྱུང་བ་རྣམས་སོ། །དེ་རྣམས་ཀྱི་དེ་ཁོ་ན་ཉིད་མི་ཤིགས་པ་ལས་བྱུང་བའི་ཡི་གེ་གསུམ་སྟེ། གང་གི་ཕྱིར་སྔགས་ཐམས་ཅད་ནི་བུད་མེད་དང་སྐྱེས་པ་དང་མ་ནིང་གི་ངོ་བོ་ཉིད་ཀྱི་མན་ངག་ཇི་ལྟར་ཐོས་པས་ཡི་གེ་གསུམ་ལ་རབ་ཏུ་འཇུག་གོ། །དེ་བས་ན་ཡི་གེ་གསུམ་ནི་སྔགས་ཐམས་ཅད་ཀྱི་བདག་པོའོ། །དེ་ཡང་རེ་རེ་ཞིང་མི་ཤིགས་པ་དང་ལྷན་ཅིག་ཡི་གེ་གསུམ་ལས་འབྱུང་བ་ཡིན་ནོ། །ད་ནི་ཡི་གེ་གསུམ་གྱི་བྱ་བ་བསྟན་པར་བྱ་སྟེ། དེ་དང་པོར་གསུམ་ཡང་དག་པར་སྦྱོར་བ་ལས་ལྷའི་སྐུ་འབྱུང་བར་འགྱུར་རོ། །དེ་ཉིད་འཇུག་པ་དང་། གནས་པ་དང་། ལྡང་བའི་རིམ་གྱིས་ལུས་ཉིན་མཚན་དུ་འཛིན་པར་བྱེད་དོ། །དེ་ཉིད་ཨཱ་ལི་ཀཱ་ལི་རྣམས་དང་ལྷན་ཅིག་དབང་པོ་གཉིས་མཉམ་པར་སྦྱོར་བའི་དུས་སུ་ཁ་ཐུར་དུ་བལྟས་པར་གྱུར་པས་གསང་བའི་སྣ་ཡི་བུ་ག་ནས་ས་བོན་གྱི་གཟུགས་ཀྱིས་བྱུང་ནས་སེམས་ཅན་གྱི་ཁམས་སྐྱེད་པར་བྱེད་དོ། །དེ་ཉིད་སྲོག་དང་རྩོལ་བ་ཡང་ལྷན་ཅིག་སྟེང་དུ་སོང་ནས་དབང་པོའི་སྒོ་རྣམས་སད་པར་བྱེད་ཅིང་ཀུན་རྫོབ་ཀྱི་སྣའི་གཡོན་དང་གཡས་ལ་སོགས་པའི་རིམ་པས་བྱུང་ནས་ལྷུན་གྱིས་གྲུབ་པས་རྡོ་རྗེའི་བཟླས་པ་བྱ་སྟེ། སྔོན་གྱི་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བར་བྱེད་དོ། །དེ་ཉིད་ཉིན་མོ་དང་མཚན་མོའི་རིམ་གྱིས་བཟླས་པའི་གྲངས་ཉེ་བར་བཟུང་ནས་ཆུ་ལ་སོགས་པའི་དཀྱིལ་འཁོར་བྱུང་སྟེ། དཀར་པོ་ལ་སོགས་པའི་གནས་ནས་ཞི་བ་ལ་སོགས་པའི་ལས་རྣམས་བྱེད་དོ། །དེ་ཉིད་ཡི་གེའི་གཟུགས་སུ་ཡོངས་སུ་བརྟག་ལ། ལྕེ་རྩེ་ཤིན་ཏུ་མི་བསྐྱོད་ཅིང་། །ཞེས་བྱ་བ་ལ་སོགས་པའི་ངག་གི་བཟླས་བརྗོད་ཀྱི་མཚན་ཉིད་ཀྱི་བཟླས་བརྗོད་བྱས་ནས་ཕྱིའི་ཁ་དོག་ལ་སོགས་པའི་བྱ་བ་ལ་བརྟེན་ཏེ་ཞི་བ་ལ་སོགས་པའི་ལས་རྣམས་བྱེད་དོ། །ཡི་གེ་གསུམ་པོ་དེ་ཉིད་སྦྱང་བར་བྱ་བ་དང་། རྟོགས་པར་བྱ་བ་དང་། འབར་བར་བྱ་བའི་རིམ་གྱིས་ཁ་ཟས་རྣམས་སྦྱངས་ཏེ་སྐྱོན་མེད་པར་བྱེད་དོ། །དེ་ལྟར་ལུས་ལ་གནས་པའི་སྐབས་ཐམས་ཅད་དུ་བྱ་སྟེ་མཐར་མི་ཤིགས་པར་ཞུགས་ནས། ཡང་ཐ་མལ་པའི་ལུས་ལ་བརྟེན་ཏེ། དེ་བཞིན་དུ་ཐམས་ཅད་བྱེད་དོ། །ཞེས་དང་། གང་གི་ཕྱིར་ཨ་དང་ཡང་དག་པར་ལྡན་པར་མ་གྱུར་པའི་ཀ་ལ་སོགས་པའི་ཡི་གེ་ནི་ཡོད་པ་མ་ཡིན་ཏེ། མཐའ་ཅན་ཡིན་པའི་ཕྱིར་ཚིག་ཏུ་མི་འགྱུར་རོ། །ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད་པ་ལས། །ཨ་ནི་ཡིག་འབྲུ་སོགས༴ བྱེད། །ཅེས་གསུངས་ཏེ། དེ་བས་ན་བཅོམ་ལྡན་འདས་ཀྱིས་བསམ་གཏན་མ་ལུས་པ་སྒོའི་ས་བོན་གྱི་ཚིག །ཨ་ནི་སྐྱེ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་གསུངས་པ་དང་། ལྷན་ཅིག་སྐྱེས་པའི་ཡི་གེ་ཡིན་པ་ཡང་གསུངས་ཏེ། རྡོ་རྗེ་དཀྱིལ་འཁོར་རྒྱན་ཞེས་བྱ་བའི་རྒྱུད་ལས། །ཨ་ནི་གསལ་བར་བསྟན་པའི་ཕྱིར། །སྙིང་གི་དབུས་ན་མི་ཤིགས་པ། །འབར་ཞིང་མར་མེ་དག་དང་མཚུངས། །མི་འགྱུར་མཆོག་ཏུ་ཕྲ་བ་སྟེ། །ཨ་ནི་གཙོ་བོ་དམ་པའོ། །ཞེས་གསུངས་སོ། །དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཨའི་རིགས་སུ་གྱུར་པ་དང་། ཨ་རྒྱུར་གྱུར་པ་དང་། ཨ་ལས་ངེས་པར་འབྱུང་བ་སྟེ། བརྗོད་བཞིན་པ་ན་འགགས་པའི་རང་གི་ངོ་བོ་ཉིད་ངག་གི་རྣམ་པར་རྟོག་པའི་མཚན་ཉིད་ཅན་ཡང་དག་པ་ཇི་ལྟ་བ་ཉིད་ཤེས་ན་སྒྲ་དང་སྒྲ་མ་ཡིན་པ་ལ་ལྟོས་པ་མེད་པར་སེམས་ཅན་གྱི་བསམ་པའི་དབྱེ་བས་གདུལ་བྱའི་སྐྱེ་བོ་རྣམས་ལ་ཆོས་བསྟན་པར་མཛད་པ་ཡིན་ནོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་ལངྐར་གཤེགས་པའི་མདོ་ལས། བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་དོན་ལ་རྟོན་པར་བྱའི། ཡི་གེ་ལ་རྟོན་པར་མི་བྱའོ། །བློ་གྲོས་ཆེན་པོ་ཡི་གེའི་ཕྱིར་འབྲང་བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་ཀྱང་དོན་དམ་པ་ལས་ཉམས་པར་བྱེད་ཅིང་གཞན་ཡང་ཁོང་དུ་ཆུད་པར་མི་བྱེད་དོ། །ཞེས་སོགས་རྒྱས་པར་དྲངས་སོ། །མིའམ་ཅིའི་རྒྱལ་པོས་ཞུས་པའི་མདོ་ལས་དྲངས་པ། གང་བཟོད་པ་ཐོབ་པ་དེས་ནི་ཐམས་ཅད་བཟོད་དོ། །དེས་སྟོང་པ་ཡང་བཟོད་དོ། །གང་ཟག་ཏུ་ཡང་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟག་ལུས་སྟོང་པ་གཞན་མ་ཡིན་ཏེ། གང་ཟག་ཉིད་སྟོང་པའོ། །དེས་མཚན་མར་ཡང་བཟོད་དོ། །མཚན་མ་མེད་པ་ཡང་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། མཚན་མའི་ངོ་བོ་ཉིད་མཚན་མ་མེད་པའོ། །དེས་སྨོན་པར་ཡང་བཟོད་དོ། །སྨོན་པ་མེད་པར་ཡང་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། སྨོན་ལམ་གྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་སྨོན་པ་མེད་པའོ། །དེས་སེམས་ཅན་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་བཟོད་དོ། །དེས་སེམས་ཅན་ཐམས་ཅད་འཆི་འཕོ་དང་སྐྱེ་བར་ཡང་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། འཆི་འཕོ་དང་སྐྱེ་བ་ནི་སྒྱུ་མའི་ངོ་བོ་ཉིད་དོ། །རིགས་ཀྱི་བུ་དེ་ལྟར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ནི་འགལ་བ་མེད་པ་སྟེ། ཆོས་ཐམས་ཅད་ལ་འགལ་བ་མེད་པ་ཡིན་ནོ། །ཞེས་སོགས་དྲངས་སོ། །ཡང་གོང་གི་ལུས་དབེན་སྐབས། དབང་པོའི་སྒོ་ཡི་རྒྱུན་ལས་ནི། །སྲོག་དང་རྩོལ་བ་རྒྱུ་བ་དང་། །རྟག་པའི་དུས་སུ་རྒྱུ་བ་ནི། །སྲོག་ཅེས་བྱ་བ་ཡིན་པར་བཤད། །རླུང་དང་གཅིན་དང་ཕྱི་ས་དང་། །དེ་བཞིན་དུ་ནི་ཁུ་བ་རྣམས། །འོག་འདྲེན་འདི་ནི་ཐུར་སེལ་བ། །རྟག་ཏུ་རྣལ་འབྱོར་པས་ཤེས་བྱ། །མྱང་དང་ཟ་དང་བལྡག་པ་དང་། །ཀུན་ཏུ་འཐུང་དང་འཇིབ་པར་ནི། །གང་ཞིག་རྟག་ཏུ་མཉམ་གནས་པ། །མཉམ་དུ་གནས་ཞེས་བྱ་བ་ཡིན། །གྱེན་དུ་འགྲོ་ཞིང་སྡུད་པ་དང་། །བཟའ་དང་མྱང་སོགས་ཟ་བ་ནི། །ཤེས་དང་ལྷན་ཅིག་འབྱོར་བ་དག །གྱེན་རྒྱུའི་ལས་སུ་ཤེས་པར་བྱ། །ཁྱབ་པ་འཛིན་པ་ཉིད་དང་ནི། །འགྲོ་དང་དེ་བཞིན་ལྡོག་པ་དང་། །ཚིགས་རྣམས་ཀུན་ལ་ཁྱབ་པས་ན། །ཁྱབ་བྱེད་ཅེས་ནི་བྱ་བར་བཤད། །ཅེས་གསུངས་སོ། ། ༈ | |||
ལེའུ་བཞི་པ་སེམས་དབེན་སྐབས། དེ་བཞིན་གཤེགས་པ་རྣམས་ཀྱི་མན་ངག་ཡང་དག་པ་འགྲོ་བ་ལ་ཁ་ཕྱིར་བལྟས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ། ཤིན་ཏུ་ཟབ་པ། མཆོག་ཏུ་བཟུང་དཀའ་བ། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡོངས་སུ་དྲིས་པའི་སེམས་གང་ཡིན་པ་དེའི་ངོ་བོ་ཉིད་ནི་རྩ་བ་མེད་པ། གནས་མེད་པ། གཞི་མེད་པ། མཚན་མ་མེད་པ། དབྱིབས་མེད་པ། ཁ་དོག་མེད་པ། དབང་པོ་ལས་འདས་པ། རྟོག་གེ་བ་རྣམས་ཀྱི་ཡུལ་མ་ཡིན་པའོ་ཞེས་བཅོམ་ལྡན་འདས་ཀྱིས་རྒྱུད་ཐམས་ཅད་ལས་བསྟན་པའི་ཚིག་ལས་གསུངས་སོ། །དེ་ལྟ་བས་ན་རྡོ་རྗེ་ཐེག་པ་ལ་གནས་ནས་སངས་རྒྱས་ཉིད་ཐོབ་པར་འདོད་པས་དགེ་བའི་བཤེས་གཉེན་མཉེས་པར་བྱས་ནས་རང་གི་སེམས་ཀྱི་ངོ་བོ་ཉིད་བཙལ་བར་བྱའོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས། རིགས་ཀྱི་བུ་མཉམ་པར་བཞག་པས་རང་གི་སེམས་སོ་སོར་རྟོག་ཅིག །ཅེས་གསུངས་པ་དང་། དཔལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང་། བྱང་ཆུབ་ནི་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའོ། །ཞེས་གསུངས་པ་དང་། ཞེས་སོགས་འཐད་པའི་ལུང་རྒྱས་པར་དྲངས་སོ། །ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ནས་དྲངས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་ཤེས་པ་ནི་འོད་གསལ་བ་ལས་བྱུང་བའོ། །དེ་ཉིད་ནི་སེམས་དང་ཡིད་ཅེས་བྱ་སྟེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་བདག་ཉིད་ཅན་གྱི་ཆོས་ཐམས་ཅད་ནི་དེའི་རྩ་བ་ཅན་ཡིན་ནོ། །དེ་ལས་བདག་དང་གཞན་དུ་རྟོག་པ་རྣམ་པ་གཉིས་འབྱུང་བར་འགྱུར་རོ། །རྣམ་པར་ཤེས་པ་དེ་རླུང་ལ་ཞོན་ཏེ་བྱུང་། རླུང་ལས་ནི་མེའོ། །མེ་ལས་ནི་ཆུའོ། །ཆུ་ལས་ནི་སའོ། །དེ་རྣམས་ལས་ནི་ཕུང་པོ་ལྔ་དང་། སྐྱེ་མཆེད་དྲུག་དང་། དབང་པོ་ལྔ་རྣམས་ཏེ། དེ་དག་ཐམས་ཅད་ནི་རླུང་དང་རྣམ་པར་ཤེས་པ་ཡང་དག་པར་འདྲའོ། །དེ་ནས་རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་སྣང་བ་རབ་ཏུ་སྤྱོད་པ་ཡོངས་སུ་གསལ་བར་ཉམས་སུ་མྱོང་བར་འགྱུར་ཞིང་སྣང་བའི་རྒྱུས་རང་བཞིན་རྣམས་འབྱུང་བར་འགྱུར་རོ། །མདོར་བསྟན་པའི་ཚིག་དེ་རྣམས་རྒྱས་བར་བཤད་པའི་བསྡུས་པ་བསྟན་པར་བྱ་སྟེ། དེ་ལ་དང་པོ་ཁོ་ནར་རྣམ་པར་ཤེས་པ་གསུམ་གྱི་རྣམ་གྲངས་གཞན་དག་བཤད་པར་བྱའོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་ཤེས་རབ་དང་ཐབས་ཤེས་བྱ་བའི་མིང་གསལ་བའི་དགོངས་པས་བཤད་པ་འདིས་མ་ནིང་གི་ཚིག་ཉེ་བར་མཚོན་པ་ཡིན་ལ། ཉེ་བར་ཐོབ་པའི་ཡེ་ཤེས་ནི་གསལ་བ་མ་ཡིན་ནོ། །དེ་བས་ན་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བ་དང་། ཀུན་ཏུ་བརྟག་པ་དང་། གཞན་དབང་དང་། ཡོངས་སུ་གྲུབ་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཅེས་བྱ་བ་དང་། ངོ་བོ་ཉིད་གསུམ་ཞེས་བྱ་བ་ལ་སོགས་པའི་རྣམ་གྲངས་ཐེག་པ་ཆེན་པོ་དང་ཐུན་མོང་དུ་གྱུར་པའོ། །རྡོ་རྗེ་ཐེག་པ་འདིར་རྣམ་གྲངས་གསུངས་པ། སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པ་དང་། སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་དང་། སེམས་དང་སེམས་ལས་བྱུང་བ་དང་། མ་རིག་པ་དང་། འདོད་ཆགས་དང་། འདོད་ཆགས་བྲལ་བ་དང་། འདོད་ཆགས་བར་མ་ཞེས་བྱའོ། །དེ་ལྟར་སེམས་ཀྱི་རྣམ་གྲངས་བསྟན་ནས། ད་ནི་སོ་སོ་རང་རིག་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དག་གི་སྒོ་ལ་བརྟེན་ནས་བསྟན་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་སེམས་ནི་དབྱིབས་དང་ཁ་དོག་དང་བྲལ་བ་ནམ་མཁའི་མཚན་ཉིད་ཅན་ནོ། །ཞེས་གསུངས་པ་དང་། ཡང་བཅོམ་ལྡན་འདས་ཀྱིས་སྣང་བའི་མཚན་ཉིད་ཅན་དང་། རྗེས་སུ་མྱོང་བའི་མཚན་ཉིད་དུ་སོ་སོར་རྟོག་པར་བྱའོ་ཞེས་ལུང་ལས་བསྟན་ཏོ། །དེ་བས་ན་དེའི་མན་ངག་ལ་འཇུག་པར་བྱ་སྟེ། འདི་ལྟ་སྟེ། དང་པོ་ཀུན་ཏུ་སྣང་བ་དང་། ཕྱི་ནས་རང་བཞིན་ནོ། །དེ་ལ་སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པ་ཞེས་བྱ་སྟེ་སྣང་བ་གསུམ་མོ། །དེ་ལ་སྣང་བའི་མཚན་ཉིད་གང་ཞེ་ན། རྣམ་པ་མེད་པའི་རང་བཞིན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་སྟོན་གྱི་དུས་སུ་ནམ་མཁའ་དྲི་མ་མེད་པ་ལ་ཟླ་བའི་དཀྱིལ་འཁོར་གྱི་འོད་ཟེར་སྣང་བར་བྱེད་པས་ཁྱབ་པར་བྱེད་པ་བཞིན་ཏུ་རང་བཞིན་གྱིས་གསལ་བའི་རྣམ་པས་དངོས་པོ་མ་ལུས་པ་ཐམས་ཅད་ལ་དམིགས་པས་ན་སྣང་བ་སྟེ། འདི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཤེས་རབ་ཀྱི་སྣང་བ་སྟོང་པ་དང་པོ་སྟེ། ཨོཾ་ཞེས་བྱ་བ་ངག་གི་སྒོ་ལ་བརྟེན་པའི་ས་བོན་བརྟན་པར་བྱེད་པའི་རྒྱུ་སྟེ། མོས་པ་ཆུང་བའི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་རྟོགས་པར་མི་འགྱུར་བས་དེ་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་སོ་ཞེས་དམིགས་པར་བྱེད་ཅིང་། པདྨའམ། བུད་མེད་ཀྱི་གཟུགས་སམ། གཡོན་པའི་མིང་ངམ། མཚན་མོའི་མིང་དང་། འཇམ་པའི་དངོས་པོར་སེམས་ཀྱི་ཀུན་རྗོབ་ཀྱི་གཟུགས་གསལ་བའོ། །སྣང་བ་མཆེད་པའི་མཚན་ཉིད་གང་ཞེ་ན། དེ་ཡང་གཟུང་བ་དང་འཛིན་པ་བྲལ་བའི་རྣམ་པ་མེད་པའི་རང་བཞིན་ཅན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་སྟོན་ཀའི་དུས་སུ་ཉི་མའི་འོད་ཟེར་གྱིས་ཁྱབ་པ་བཞིན་དུ་ཤིན་ཏུ་གསལ་ཞིང་དྲི་མ་མེད་པའི་ངོ་བོ་ཉིད་དུ་དངོས་པོ་མ་ལུས་པར་དམིགས་པ་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་གཉིས་པ་སྟེ། རིམ་པ་གཉིས་པ་ཤིན་ཏུ་སྟོང་པའི་མཚན་ཉིད་ཨཱཿཞེས་བྱ་བའི་ངག་གི་སྒོ་ལ་བརྟེན་པའི་ས་བོན་བརྟན་པར་བྱེད་པའི་རྒྱུ་སྟེ། མོས་པ་ཆུང་བའི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་རྟོགས་པར་མི་འགྱུར་པས་ཉི་མའི་དཀྱིལ་འཁོར་ལ་བརྟེན་ནས་དམིགས་པར་བྱེད་ཅིང་། རྡོ་རྗེ་རྩེ་ལྔ་པའམ། རིན་པོ་ཆེའམ། ཉིན་མོའམ། སྐྱེས་པའི་གཟུགས་སམ། གཡས་པ་ཞེས་བྱའམ། རྩུབ་པའི་རྣམ་པ་ནི་སེམས་ལས་བྱུང་བའི་ཀུན་རྫོབ་ཀྱི་གཟུགས་སོ། །སྣང་བ་ཐོབ་པ་གང་ཞེ་ན། དེ་བཞིན་དུ་ནམ་མཁའི་མཚན་ཉིད་དངོས་པོ་མེད་པའི་གཟུགས་ཅན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་མཚམས་ཀྱི་སྨག་ལ་བབས་པའི་ངོ་བོར་ཁྱབ་པ་ཕྲ་ཞིང་བདག་མེད་པ་སྲོག་དང་རྩོལ་བ་མི་རྒྱུ་བས་རྒྱུ་བ་མེད་པ་སྟེ། སེམས་མེད་པ་མི་གཡོ་བ་དག་གིས་ས་བོན་ལ་བརྟེན་པའི་སྒོ་ཡོངས་སུ་གྲུབ་པ་ཞེས་བྱ་བ་འདི་ནི་སྣང་བ་ཐོབ་པ་མ་རིག་པའི་མཚན་ཉིད་ཅན་སྟོང་པ་ཆེན་པོ་སྟེ་རྣམ་པར་ཤེས་པ་གསུམ་དུ་བཤད་དོ། །དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་མན་ངག་སྟོང་པ་གསུམ་གྱི་མཚན་ཉིད་བསྟན་ནས། ད་ནི་ཡེ་ཤེས་རེ་རེ་འབྱུང་བ་ལ་རང་བཞིན་འབྱུང་བ་རྣམ་པར་བཞག་པར་བྱ་སྟེ། དེ་ལ་ཤེས་རབ་ཡེ་ཤེས་ཀྱི་རང་བཞིན་ནི་འདོད་ཆགས་དང་བྲལ་བར་དང་། འདོད་ཆགས་དང་བྲལ་བ་བར་མ་དང་། ཤིན་ཏུ་འདོད་ཆགས་དང་བྲལ་བ་དང་། གང་ཡིད་ཀྱིས་འགྲོ་བ་དང་འོང་བ་དག་དང་། མྱ་ངན་དང་། མྱ་ངན་བར་མ་དང་། ཤིན་ཏུ་མྱ་ངན་དུ་གྱུར་པ་དང་། ཞི་བ་དང་། རྣམ་པར་རྟོག་པ་དང་། འཇིགས་པ་དང་། འཇིགས་པ་བར་མ་དང་། ཤིན་ཏུ་འཇིགས་པ་དང་། སྲེད་པ་དང་། སྲེད་པ་བར་མ་དང་། ཤིན་ཏུ་སྲེད་པ་དང་། ཉེ་བར་ལེན་པ་དང་། མི་དགེ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། ཚོར་བ་དང་། ཚོར་བ་བར་མ་དང་། ཤིན་ཏུ་ཚོར་བ་དང་། རིག་པ་པོ་དང་། རིག་པ་དང་། འཛིན་པའི་གཞི་དང་། སོ་སོར་རྟོག་པ་དང་། ངོ་ཚ་ཤེས་པ་དང་། སྙིང་རྗེ་དང་། བརྩེ་བ་དང་། བརྩེ་བ་བར་མ་དང་། ཤིན་ཏུ་བརྩེ་བ་དང་། དོགས་པ་དང་བཅས་པ་དང་། སྡུད་པ་དང་། ཕྲག་དོག་སྟེ་མཚན་ཉིད་སུམ་ཅུ་རྩ་གསུམ་མོ། །ཐབས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཆགས་པ་དང་། །ཀུན་ཏུ་ཆགས་པ་དང་། དགའ་བ་དང་། དགའ་བ་བར་མ་དང་། ཤིན་ཏུ་དགའ་བ་དང་། རངས་པ་དང་། རབ་ཏུ་མགུ་བ་དང་། ངོ་མཚར་བ་དང་། རྒོད་པ་དང་། ཚིམ་པ་དང་། འཁྱུད་པ་དང་། འོ་བྱེད་པ་དང་། འཇིབས་པ་དང་། བརྟན་པ་དང་། བརྩོན་པ་དང་། ཁེངས་པ་དང་། བྱ་བ་དང་། དབྲོག་པ་དང་། སྟོབས་དང་། སྤྲོ་བ་དང་། དཀའ་བ་ལ་སྦྱོར་བ་དང་། །དཀའ་བ་ལ་སྦྱོར་བ་བར་མ་དང་། ཤིན་ཏུ་དཀའ་བ་ལ་སྦྱོར་བ་དང་། དྲག་པ་དང་། རྣམ་པར་སྒེག་པ་དང་། འགྲོས་དང་། དགེ་བ་དང་། ཚིག་གསལ་བ་དང་། བདེན་པ་དང་། མི་བདེན་པ་དང་། ངེས་པ་དང་། ཉེ་བར་མི་ལེན་པ་དང་། སྦྱིན་པ་པོ་དང་། བསྐུལ་བ་དང་། དཔའ་བ་དང་། ངོ་ཚ་མེད་པ་དང་། སྒྱུ་ཟིན་པ་དང་། གདུག་པ་དང་། མི་བསྲུན་པ་དང་། གྱ་གྱུ་ཆེ་བ་སྟེ་མཚན་ཉིད་བཞི་བཅུ་ཐམ་བའོ། །སྣང་བ་ཐོབ་པའི་ཡེ་ཤེས་ཀྱི་རང་བཞིན་ནི་འདི་ལྟ་སྟེ། ཆགས་པ་བར་མ་དང་། བརྗེད་ངས་པ་དང་། འཁྲུལ་པ་དང་། མི་སྨྲ་བ་དང་། སྐྱོ་བ་དང་། ལེ་ལོ་དང་། ཐེ་ཚོམ་དང་བཅས་པ་སྟེ། འདིའི་རང་བཞིན་གྱི་མཚན་ཉིད་ནི་བདུན་པོ་འདི་དག་གོ། །རང་བཞིན་རྣམ་པ་བརྒྱད་ཅུ་པོ་དེ་དག་གི་མཚན་ཉིད་ནི་མངོན་སུམ་དུ་ཕྱེ་བར་གྱུར་ན་བརྒྱ་དྲུག་ཅུ་སྟེ། ཉིན་དང་མཚན་དུ་སྒོ་ང་ལས་སྐྱེས་པ་ལ་སོགས་པ་རྣམས་ཀྱང་ཉིན་དང་མཚན་དུ་སྤྱོད་དེ། ཕོ་དང་མོའི་སྐྱེ་གནས་ཀྱི་དབྱེ་བས་ཕྱེ་བའི་ཕྱིར་ནི་མ་ཡིན་ནོ། །ཞེས་དང་། རྣམ་པར་ཤེས་པ་གསུམ་ནི་རྩ་བ་མེད་པ། གནས་མེད་པ། གཞི་མེད་པ། མཚན་ཉིད་མེད་པ། ཁ་དོག་དང་དབྱིབས་མེད་པ། དབང་པོ་ལས་འདས་པ་ཡིན་པར་ནི་བདེན་ཏེ། དེ་ལྟ་མོད་ཀྱི་སྣང་བ་དང་བཅས་པ་ཡིན་ལ། དེས་ན་རླུང་གི་ཁམས་དང་ལྷན་ཅིག་མེལ་ཚེ་དེ་གང་གི་ཕྱིར་རླུང་གི་ཁམས་ནི་གཟུགས་མེད་ཀྱང་གཡོ་ཞིང་བསྐྱོད་པ་ལ་སོགས་པའི་བྱ་བ་སྟོན་པས་རྗེས་སུ་དཔག་པར་ཤེས་པར་བྱའོ། །ཞེས་སོགས་འཐད་པའི་ལུང་བཅས་རྒྱས་པར་བཤད་མཐར། དེ་ལྟར་བཤད་པའི་རྒྱུད་ལ་བརྟེན་ནས་རང་གི་རང་བཞིན་སྣང་བའི་རྗེས་སུ་འབྲངས་ནས་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་རྟོགས་པར་ལས་སུ་སྨྲ་བའི་སེམས་ཅན་རྣམས་འཁོར་བ་ཐོག་མ་མེད་པ་ནས་རང་གི་སེམས་རྣམ་པར་རྟོག་པ་ལས་བྱུང་བའི་ལས་དང་ཉོན་མོངས་པའི་འཆིང་བས་དར་གྱི་སྲིན་བུ་བཞིན་དུ་རང་ཉིད་ཀྱིས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་མངོན་པར་འདུ་བྱས་ནས། སྐྱེ་བ་གཅིག་ནས་གཅིག་ཏུ་ཉེ་བར་བསགས་པའི་དགེ་བ་དང་མི་དགེ་བའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་ན་ཡང་དོན་དམ་པའི་བདེན་པའི་དཀྱིལ་འཁོར་ལ་འཇུག་པའི་རིམ་གྱིས་ཕུང་པོ་ཡོངས་སུ་སྤངས་ཏེ། རླུང་གི་ཁམས་བླངས་ནས་ཚོར་བ་དང་ལྡན་ཞིང་སྲེད་པས་རྗེས་སུ་བཅིངས་ལ། ཆོས་ཀྱི་དབྱིངས་རྒྱུ་མཐུན་པ་ལས་བྱུང་བའི་དྲན་པས་ཡོངས་སུ་བཟུང་བ། དགེ་བ་དང་མི་དགེ་བའི་རྣམ་པའི་ཡིད་དང་ལྡན་པ། བྱིས་པ་ལོ་ལྔ་པ་དང་མཉམ་པ་ཐམས་ཅད་མཐོང་བ། དབང་པོ་ཐམས་ཅད་ཚང་བ། དྲིའི་ཟས་ལ་སྤྱོད་པ། རྡོ་རྗེ་ལ་སོགས་པས་ཀྱང་མི་བཟློག་ལ། མཚན་ཉིད་ཐམས་ཅད་དང་ལྡན་པ། ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ། ཉི་མ་བདུན་གྱིས་འོང་བའི་བར་ལ་གནས་ནས་རང་གི་རྣམ་པར་རྟོག་པ་ལས་བྱུང་བའི་ལས་དགེ་བ་དང་མི་དགེ་བས་བསྐུལ་བར་གྱུར་པས་རྒྱུ་དང་རྐྱེན་ཐོབ་ནས་འགྲོ་བ་ལྔ་རྣམས་སུ་ཟོ་ཆུན་གྱི་འཁྲུལ་འཁོར་གྱི་ཚུལ་གྱིས་ཡང་དང་ཡང་དུ་ཉིང་མཚམས་སྦྱོར་བ་ལེན་པར་བྱེད་ཅིང་། འཁོར་བའི་སྡུག་བསྔལ་རྗེས་སུ་མྱོང་བར་འགྱུར་རོ། །ཞེས་དང་། | |||
ལེའུ་ལྔ་པ་ལས་ཀྱི་མཐའ་རྣམ་པར་འབྱེད་པའི་བསྡུས་པའི་ཐེ་ཚོམ་གཅོད་པ་ལས། ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་མདོ་ལས་ལུང་དྲངས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དགེ་སློང་དེ་ལྟར་ཆོས་ཐམས་ཅད་ནི་འོད་གསལ་བ་ཡིན་ནའང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་ཡང་དག་པ་མ་ཡིན་པའི་ཆོས་རྣམས་ལ་བརྟགས། ཕྱིན་ཅི་ལོག་ལ་བརྟགས། གསོ་བ་དང་། གསོག་ལྟ་བུའི་ཆོས་རྣམས་ལ་བརྟགས་པས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་འགྱུར་རོ། །དགེ་སློང་དེ་ལྟར་སེམས་ཀུན་ནས་ཉོན་མོངས་པས་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་རོ། །སེམས་རྣམ་པར་དག་པས་སེམས་ཅན་རྣམས་རྣམ་པར་དག་པར་འགྱུར་རོ། །ཞེས་དང་། དགོངས་པ་བླ་ན་མེད་པ་ལས། ཇི་ལྟར་སྤྲིན་ནི་སྣ་ཚོགས་སོགས༴ ཡང་དེ་ལྟར་ན་རིག་པ་འདིས་ལུང་དང་རིགས་པ་དག་གིས་དེ་བཞིན་གཤེགས་པ་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྦ་ཀློང་དུ་ལྟུང་བར་གྱུར་ཅིང་། སྐྱབས་མེད་པ་དཔུང་གཉེན་མེད་པ་རྣམས་ལ་གཟིགས་ནས་ཀུན་རྫོབ་ཀྱི་བདེན་པའི་ཚུལ་གྱིས་ཉོན་མོངས་པའི་ངོ་བོ་ཉིད་ཡོངས་སུ་ཤེས་པས་ཉོན་མོངས་པ་རྣམ་པར་དག་པར་མཛད་ཅིང་། ཀུན་རྫོབ་ཀྱི་བདེན་པ་ཡང་དོན་དམ་པའི་བདེན་པས་རྣམ་པར་སྦྱངས་ནས་ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ལ་ཡང་དག་པར་འཇོག་པར་མཛད་པ་ཡིན་ནོ། །ཞེས་སོ། | |||
།ལེའུ་དྲུག་པ་ཀུན་རྫོབ་ཀྱི་བདེན་པས་བསྡུས་པའི་ཐེ་ཚོམ་གཅོད་པར། ལུས་རྣམ་པར་དབེན་པ་ནི་ལྷའི་གཟུགས་མེད་དེ། ལུས་ནི་རྡུལ་ཕྲ་རབ་བསགས་པ་ཙམ་ཡིན་པའི་ཕྱིར་རོ། །ངག་རྣམ་པར་དབེན་པའི་མཐར་ཐུག་པ་ཡང་འཇུག་པ་ལ་སོགས་པའི་རིམ་གྱིས་རྡོ་རྗེའི་བཟླས་པ་ཙམ་ཡོངས་སུ་ཤེས་པ་སྟེ། དེ་ལ་ཡང་ལྷའི་རྣམ་པ་མེད་དེ། སྒྲ་རྣམས་ནི་བྲག་ཅ་ལྟ་བུ་ཡིན་པའི་ཕྱིར་རོ། །སེམས་རྣམ་པར་དབེན་པའི་མཐར་ཐུག་པ་ཡང་རང་བཞིན་གྱིས་སྣང་བ་ཙམ་ཡོངས་སུ་ཤེས་པར་ཟད་པས། དེར་ཡང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ལྷའི་སྐུའི་ངོ་བོ་རྙེད་པར་མི་འགྱུར་ཏེ། སེམས་ནི་སྣང་བ་ཙམ་ཡིན་པའི་ཕྱིར་རོ། །ཞེས་སོགས་ཀྱིས་དྲིས་པའི་ལན། རང་གི་སེམས་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པར་ཞེས་བྱ་བ། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལ་ཡང་མེད་པ། ཡེ་ཤེས་ཙམ་དུ་ཡོངས་སུ་སྣང་བ་ཙམ་གྱིས་མཚན་ཐམས་ཅད་དང་ལྡན་པའི་ལྷའི་སྐུར་བཟུང་བ་དེ་ཡང་སྒྱུ་མ་དང་། རྨི་ལམ་ལ་སོགས་པའི་དཔེ་རྣམ་པ་བཅུ་གཉིས་ཀྱིས་མཚོན་པ་འདི་ནི་སངས་རྒྱས་རྣམས་ཀྱི་ཡིད་ཀྱི་རང་བཞིན་ཅན་གྱི་སྐུ་ཡིན་ནོ། །ཞེས་སོགས་དང་། བདག་ལ་བྱིན་གྱིས་བརླབས་པ་ཞེས་བྱ་བ་འདི་ལྟར་རྩིག་པའི་རས་རིས་མེ་ལོང་གི་ནང་དུ་ཉེ་བར་སྣང་བ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྐུའི་ངོ་བོ་ཉིད་ཀྱིས་བདག་ཉིད་སྤྲུལ་ཏེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྐུ་བལྟ་བས་ཆོག་མི་ཤེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པས་ལུས་ལ་བརྒྱན་པ་སྟེ། མདོར་ན་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱིས་བརྒྱན་པ་ཞེས་པའི་བར་དུའོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་མངོན་པར་བྱང་ཆུབ་པའི་རྒྱུད་ལས། འཇའ་ཚོན་ལྟ་བུའི་ལུས་དག་ནི། །དེ་ཉིད་བསྒོམས་པས་འཐོབ་པར་འགྱུར། ཞེས་གསུངས་སོ། །འདིའི་དོན་ནི་འདི་ཡིན་ཏེ། འཇའ་ཚོན་ཞེས་བྱ་བ་ནི་ལྷའི་དབང་པོའི་གཞུའོ། །དེ་ཡང་གང་ཞེ་ན། དངོས་སུ་འོད་ཟེར་ལྔས་ཉེ་བར་མཚོན་པ་སྟེ། ཇི་ལྟར་འཇའ་ཚོན་ནམ་མཁའི་དཀྱིལ་ན་ཁ་དོག་ལྔའི་དབྱེ་བ་ཡོངས་སུ་གསལ་བ་ཡིན་ཏེ། ལུས་ཀྱང་དེ་དང་འདྲ་བར་ཉེ་བར་མཚོན་པའི་ཕྱིར། འཇའ་ཚོན་ལྟ་བུའི་ལུས་ངག་ནི། །ཞེས་བྱ་བའི་དོན་ཏོ། །དེ་ཉིད་བསྒོམས་པས་འཐོབ་པར་འགྱུར། །ཞེས་བྱ་བ་ནི་བླ་མ་ལས་མན་ངག་ཡང་དག་པར་ཐོབ་ནས་དེ་ཁོ་ན་ཉིད་བསྒོམས་ཤིང་དོན་དམ་པའི་བདེན་པ་ལ་དམིགས་པས་འཐོབ་པའི་དོན་ཏོ། །ཞེས་གསུངས་སོ། | |||
།ལེའུ་བདུན་པ་དོན་དམ་པའི་བདེན་པས་བསྡུས་པའི་ཐེ་ཚོམ་གཅོད་པར། དེ་ལ་མངོན་པར་བྱང་ཆུབ་པའི་རིམ་པ་ནི་རྣམ་པ་གཉིས་ཏེ། འདི་ལྟ་སྟེ་ཕྱི་དང་ནང་གིའོ། །དེ་ལ་དང་པོར་ཕྱིའི་བསྟན་པར་བྱ་སྟེ། ཐོ་རངས་ཀྱི་ཐུན་མཚམས་སུ་མ་རིག་པའི་སྣང་བ་འདས་ནས་ཇི་སྲིད་ཉི་མ་གསལ་བར་མ་གྱུར་པ་སྟེ། འདི་ལ་ནི་འོད་གསལ་དྲི་མ་མེད་པའི་རྣམ་པ་གསལ་ཞིང་ལུས་དང་ངག་དང་ཡིད་དང་བྲལ་བ་ཐམས་ཅད་སྟོང་པའི་མཚན་ཉིད་ཅན་ནོ། །ཉི་མ་ཤར་བ་ནི་སྣང་བ་མཆེད་པའོ། །ཉི་མ་ནུབ་པའི་ཐུན་མཚམས་སུ་མ་རིག་པའོ། །ཟླ་བ་ཤར་བའི་ཚེ་ནི་སྣང་བའོ། །དེ་ལྟར་སྟོང་པ་ཉིད་རྣམ་པ་བཞི་ཕྱི་རོལ་ལ་ངེས་པར་བསྟན་པར་བཤད་ནས། ད་ནི་ནང་གི་མངོན་པར་བྱང་ཆུབ་པ་སོ་སོ་རང་གིས་རིག་པའི་མཚན་ཉིད་ཅན་རིམ་པ་འདིས་བསྟན་པར་བྱ་སྟེ། དང་པོར་སྨིག་རྒྱུ་ལྟ་བུ་ལ་འོད་ཟེར་ལྔའི་ཚོགས་དང་ལྡན་པར་མཐོང་ངོ་། །གཉིས་པ་ནི། སྣང་བ་སྟེ་ཟླ་བའི་འོད་ཟེར་ལྟ་བུའོ། །གསུམ་པ་ནི་སྣང་བ་མཆེད་པ་སྟེ་ཉི་མའི་འོད་ཟེར་ལྟ་བུའོ། །བཞི་པ་ནི་སྣང་བ་ཐོབ་པ་སྟེ་མུན་པ་ལྟ་བུའོ། །དེ་ནས་མུན་པ་དང་བྲལ་བའི་སྐད་ཅིག་ལ་འོད་གསལ་བ་སྟེ། ཤིན་ཏུ་གསལ་བ་རྟག་ཏུ་སྣང་བའི་མཚན་ཉིད་ཅན་དོན་དམ་པའི་བདེན་པའི་རང་གི་མཚན་ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་བའོ། །དེ་ལྟར་ཐམས་ཅད་སྟོང་པ་ཉིད་མངོན་སུམ་དུ་བྱས་ནས་རིམ་པ་འདིས་བསམ་གཏན་མཉམ་པ་ཉིད་ལ་དམིགས་པར་བྱེད་དོ། །དེའི་རིམ་པ་ནི་འདི་ཡིན་ཏེ། ཆུ་བོའམ་ལྟེང་ཀའི་ཆུ་ནི་དྲི་མེད་དག་པ་གོང་བུ་གནས་པ་ལྟར། །དེ་བཞིན་དེ་ལ་རིམ་གྱིས་རྗེས་སུ་གཞིག་པར་བྱེད་པའི་རྣལ་འབྱོར་པས་ནི་རྟག་ཏུ་བསམ། །མེ་ལོང་ལ་ནི་རླུང་དག་རིམ་གྱིས་ཟད་པར་བྱེད་པ་བཞིན་དུ་བལྟ་བྱ་སྟེ། །རིལ་པོར་འཛིན་ལའང་བྱ་བའི་རིམ་པ་འདི་ཡིས་དེ་ཉིད་ཡང་དག་བརྟག །ད་ནི་མིང་ལ་མངོན་པར་ཞེན་པ་རྣམས་ཀྱི་འཁྲུལ་པ་བསལ་བའི་ཕྱིར་དོན་དམ་པའི་བདེན་པའི་མིང་གི་རྣམ་གྲངས་འགའ་ཞིག་ལ་འཇུག་པར་བྱ་སྟེ། དེ་ལ་དང་པོར་ནི་འོད་གསལ་བ་དང་། ཐམས་ཅད་སྟོང་པ་དང་། སངས་རྒྱས་ཡེ་ཤེས་དང་། རྡོ་རྗེའི་ཡེ་ཤེས་དང་། བླ་ན་མེད་པའི་ཡེ་ཤེས་དང་། དྲི་མ་མེད་པ་དང་། སོགས་ནས། ཉོན་མོངས་པ་ཐམས་ཅད་ཟད་པར་བྱེད་པ་ཞེས་བྱའོ། །ཞེས་སོགས་ཤིན་ཏུ་རྒྱས་པར་བསྟན་ཏོ། | |||
།ལེའུ་བརྒྱད་པ་མི་གནས་པའི་མྱ་ངན་ལས་འདས་པའི་ཁམས་བསྡུས་པའི་ཐེ་ཚོམ་གཅོད་པར། རྡོ་རྗེ་ཐེག་པ་འདི་ལ་བསྐྱེད་པའི་རིམ་པ་ལ་བསླབས་ནས་ས་བརྒྱད་པ་ཐོབ་སྟེ། ཡང་ནས་ཡང་དུ་བདེ་འགྲོར་སྐྱེ་ཞིང་ཇི་སྲིད་རྫོགས་པའི་རིམ་པ་མ་ཐོབ་པ་དེ་སྲིད་དུ་དགེ་བའི་བཤེས་གཉེན་མཉེས་པར་བྱའོ། །སྐུ་དང་གསུང་དང་ཐུགས་མངོན་པར་རྟོགས་ནས་ས་བཅུ་ཐོབ་པ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་སོ་སོར་ཐོབ་ཅིང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཡང་དག་པར་རྟོགས་ནས་སྣང་བ་རྣམ་པར་དག་པ་སོ་སོར་ཐོབ་ཅིང་། སྣང་བ་མེད་པ་ལས་ལངས་ནས་ཟུང་དུ་འཇུག་པར་གནས་པའི་རིམ་གྱིས་སངས་རྒྱས་ཀྱི་བྱ་བ་མངོན་སུམ་དུ་བྱས་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་ནས་གནས་པར་འགྱུར་རོ། །ཞེས་སོགས་ལུང་དང་བཅས་པ་དྲངས་མཐར། གང་རིགས་པ་འདིས་མངོན་པར་བྱང་ཆུབ་པའི་རིམ་པ་འདིས་འོད་གསལ་བ་ཡང་དག་པར་ཐོབ་པར་གྱུར་པ་དེའི་ལུས་དང་ངག་དང་སེམས་དྲི་མ་མེད་པའི་ངོ་བོ་ཉིད་ཐམས་ཅད་སྟོང་པ་ཉིད་ཡིན་པས། རྣམ་པར་ཤེས་པ་གསུམ་རྣམ་པར་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ལ་ནི་སེམས་པ་མེད་ཅིང་སྨྲ་བ་མེད་པ་གང་ཡིན་པ་འདི་ནི་མྱ་ངན་ལས་འདས་པའི་ཁམས་ཏེ། གཟུགས་མེད་པ་དང་། རེག་པར་དཀའ་བ་དང་། ལས་དང་སྐྱེ་བ་ལས་རྣམ་པར་གྲོལ་བ་དང་། ཉི་མ་དང་། ཟླ་བ་དང་། མེ་དང་། ནོར་བུའི་འོད་ཀྱིས་ངོ་བོ་ཉིད་བཞིན་དུ་གསལ་བའོ། །དེ་ལས་ནི་མུན་པའི་སྣང་བ་སྟེ་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པར་འགྱུར་རོ། །སྣང་བ་ཉེ་བར་ཐོབ་པ་ལས་གསལ་བའི་ཉི་མའི་འོད་ཀྱིས་སྣང་བའི་ཚ་བའི་ངོ་བོ་སྣང་བ་མཆེད་པ་འབྱུང་བར་འགྱུར་རོ། །དེ་ལས་ནི་གསལ་བ་ཟླ་བའི་འོད་ཟེར་བསིལ་བའི་ངོ་བོ་ཉིད་ཀྱིས་སྣང་བས་ཁྱབ་པ་ཤེས་རབ་ཀྱི་ཡེ་ཤེས་འབྱུང་བར་འགྱུར་རོ། །དཔལ་མཆོག་དང་པོ་ལས་ཀྱང་། ནམ་མཁའ་ལས་ནི་ནམ་མཁའ་འབྱུང་། །ཐམས་ཅད་སྟོང་པ་ནམ་མཁའ་ཆེ། །ཞེས་གསུངས་སོ། །དེ་བས་ན་སྟོང་པ་ཉིད་གཞི་གཅིག་ཏུ་གྱུར་པའི་སྣང་བའི་ཚོགས་ནམ་མཁའ་སྣང་བྱེད་ལྟ་བུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཏེ། ཁམས་ཕྲ་བ་དང་ལྷན་ཅིག་ཏུ་གྲིབ་མ་དང་འདྲ་བར་གཅད་དུ་མེད་པ་དང་གཞིག་ཏུ་མེད་པའི་རྡོ་རྗེའི་སྐུའི་ངོ་བོ་ཉིད་འཕོ་བ་མེད་ཅིང་། ཟག་པ་མེད་པས་ཉོན་མོངས་པའི་བག་ཆགས་ཐམས་ཅད་ལས་རྣམ་པར་གྲོལ་བ་འདོད་པ་ཙམ་གྱིས་དབང་དུ་གྱུར་པ་ཐོབ་པ་ཆུ་ལ་ཉ་ལྟ་བུའམ། མྱུར་བར་གཉིད་ལོག་ཅིང་སད་པ་བཞིན་དུ་མཆོག་ཏུ་དགའ་བའི་ལུས་ཀྱིས་ངོ་བོ་ཉིད་ཀྱི་གཟུགས་འབྱུང་བར་འགྱུར་བའི་གཟུགས་ཀྱི་བདག་ཉིད་ཅན་གྱི་མིང་ནི་རྡོ་རྗེ་འཆང་ཆེན་པོ་ཞེས་བྱའོ། །འཁོར་བའི་འཆིང་བ་ལས་ངེས་པར་གྲོལ་བས་ན་ཐར་པ་ཞེས་བྱའོ། །སོགས་དང་། རྩ་རྒྱུད་ལུང་ལས། ཨེ་མའོ་རྡོ་རྗེ་ཨེ་རྡོ་རྗེ། །ཨེ་མའོ་རྡོ་རྗེ་ཆོས་བསྟན་པ། །གང་དུ་ལུས་ངག་སེམས་མེད་པ། །དེ་ནི་གཟུགས་སུ་རྣམ་པར་བསྒོམ། །ཞེས་དང་། རྗེ་བཙུན་གྱིས། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་ཀྱང་མེད། །ནམ་མཁའ་ལས་ནི་འཇའ་ཚོན་ལྟར། །ཁྱེད་ཀྱི་སྐུ་ནི་སྟོན་པར་མཛད། །སོགས་དང་། ཟུང་དུ་འཇུག་པའི་སྐུ་ཡོངས་སུ་རྫོགས་པ་འདི་མིང་གི་རྣམ་གྲངས་འགའ་ཞིག་ལ་འཇུག་པར་བྱ་སྟེ། རིག་པ་ཆེན་པོའི་སྐྱེས་བུའི་གཟུགས་དང་། བདེན་པ་གཉིས་ཀྱི་ཚུལ་ལ་གནས་པ་དང་། རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་ཅན་དང་། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་དང་། འཇིག་རྟེན་གསུམ་གྱི་བདག་ཉིད་ཅན་དང་། དུས་གསུམ་གྱི་བདག་ཉིད་ཅན་དང་། ཐེག་པ་གསུམ་གྱི་བདག་ཉིད་ཅན་དང་། དཀྱིལ་འཁོར་གསུམ་གྱི་བདག་ཉིད་ཅན་དང་། སོགས་ནས། འཁོར་བའི་ཕ་རོལ་གྱི་མཐའ་ལ་གནས་པ་དང་། ཡེ་ཤེས་ཀྱི་སྐུ་དང་། རང་བྱུང་ཞེས་བཤད་དོ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི་ཁྱད་པར་འདི་ཉིད་བཅོམ་ལྡན་འདས་ཀྱིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས་ཀྱང་། གང་གིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་དག་ཐོབ་པའི་སྐྱེས་བུ་དམ་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུལ་དུ་མཆིས་པ་ལགས་སོ། །རང་དབང་གི་ཡེ་ཤེས་ལ་དབང་བགྱིད་པ་ལགས་སོ། །ཞེས་སོགས་རྒྱས་པར་དྲངས་སོ། | |||
།ལེའུ་དགུ་པ་སྤྱོད་པ་མངོན་པར་བྱང་ཆུབ་པའི་སྤྲོས་པ་དང་བཅས་པ་བསྡུས་པའི་ཐེ་ཚོམ་གཅོད་པར། སེམས་དཔའ་ཆེན་པོ་ལེགས་སོ་ལེགས་སོ། །ཁྱད་པར་གྱི་རྒྱུ་ཐོབ་ཅིང་བརྩོན་འགྲུས་འབར་བ་རྣམས་དང་། ལུས་དང་སྲོག་ལ་ལྟོས་པ་མེད་པ་རྣམས་ཀྱིས་ཚེ་འདི་ཉིད་ལ་རང་གི་གཟུགས་སུ་འཛིན་པ་ཡོངས་སུ་ལོག་ནས། ཡོན་ཏན་གྱི་དབང་ཕྱུག་བརྒྱད་ཀྱི་འབྲས་བུ་ཡོངས་སུ་རྫོགས་པར་བྱེད་པར་འདོད་པ་རྣམས་ཀྱི་ཐེ་ཚོམ་མེད་པར་བྱ་བའི་ཕྱིར་ཡོངས་སུ་འདྲི་བ་ལེགས་སོ་ལེགས་སོ། །དངོས་པོར་འཛིན་པ་རྣམས་བསལ་ནས་ཐར་པ་འདོད་པ་རྣམས་ཀྱི་སྒོམ་པ་རྣམ་པར་དག་པ་དང་། སྤྱོད་པ་རྣམ་པར་དག་པ་ཁྱེད་ལ་རིམ་བཞིན་དུ་བཤད་ཀྱིས་ཉོན་ཅིག །འདི་ལ་བདེན་པ་གཉིས་གཉིས་སུ་མེད་པས་རྒྱུ་དང་འབྲས་བུ་དག་ཀྱང་གཉིས་སུ་མེད་པ་ཡིན་ལ། །རྒྱུ་དང་འབྲས་བུ་གཉིས་སུ་མེད་པས་ཐོབ་པ་དང་ཐོབ་པར་བྱ་བ་དག་ཀྱང་གཉིས་སུ་མེད་པ་ཡིན་ལ། ཐོབ་པ་དང་ཐོབ་པར་བྱ་བ་གཉིས་སུ་མེད་པས་སྒོམ་པ་དང་བསྒོམ་པར་བྱ་བ་དག་ཀྱང་གཉིས་སུ་མེད་པ་སྟེ། གཉིས་སུ་མེད་པ་ལ་ནི་སྒྲུབ་པ་པོ་དང་། སྒྲུབ་པ་དང་། བསྒྲུབ་པར་བྱ་བ་དམིགས་པར་མི་འགྱུར་རོ། །ཞེས་དང་། འདིར་སྒྲུབ་པ་པོ་ནི་ཀུན་རྫོབ་ཀྱི་བདེན་པ་རྟོགས་པའོ། །སྒྲུབ་པ་ནི་དོན་དམ་པའི་བདེན་པའོ། །བསྒྲུབ་པར་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་བས་ན་རྒྱུ་དང་འབྲས་བུ་གཉིས་སུ་དབྱེ་བ་མེད་པར་ཡོངས་སུ་ཤེས་པ་ནི་འདིར་སྒོམ་པ་ཉིད་དུ་བཤད་དོ། །ཞེས་སོགས་དང་། སྤྱོད་པ་རྣམ་པར་དག་པ་བཤད་པ་ནི། གཉིས་སུ་མེད་པའི་ཡེ་ཤེས་རྟོགས་པར་གྱུར་ནས་མཉམ་པར་བཞག་པ་དང་མ་བཞག་པའི་གནས་སྐབས་གཉིས་སུ་མེད་པར་འགྱུར་ལ། དེ་གཉིས་སུ་མེད་ན་སུ་ཞིག་སྤྱོད་པ་རྣམ་པར་སྤྱོད་དེ། ཇི་ལྟར་བྱེད་པ་པོ་མེད་པར་གྱུར་པས་བྱ་བ་རྣམས་ཀྱང་མེད་པར་འགྱུར་བ་འཇིག་རྟེན་ན་ངེས་པ་ཡིན་ནོ། །ཡང་བརྟུལ་ཞུགས་ཀྱི་སྤྱོད་པ་མེད་པར་ཐོག་མ་མེད་པའི་ཉོན་མོངས་བག་ཆགས་ཟད་པར་མི་ནུས་སོ། །ཞེས་ལུང་ལས་བཤད་པ་དང་འཇིག་རྟེན་དུ་གྲགས་སོ། །ཞེས་སོགས་དང་། དེ་ལ་ཐོག་མ་ཁོ་ནར་བཅོམ་ལྡན་འདས་སྤྱོད་པ་མཛད་པའི་སྤྱོད་པ་བྱང་ཆུབ་སེམས་དཔའི་གནས་སྐབས་སུ་གླིང་ལ་སོགས་པ་ལ་གཟིགས་པར་མཛད་དེ། དགའ་ལྡན་གྱི་གནས་ནས་བབ་པར་མཛད་ནས་རྒྱུད་ལ་སོགས་པའི་ཚུལ་རྣམ་པ་བཞིར་བསྟན་ཏེ། འདོད་ཆགས་དང་བྲལ་བའི་གཟུགས་སུ་མངོན་པར་སྤྲུལ་ནས་དམན་པ་ལ་མོས་པ་རྣམས་ལ་འཕགས་པའི་བདེན་པ་བཞི་རྟོགས་པར་མཛད་ཅིང་འདོད་ཆགས་དང་བྲལ་བའི་སྤྱོད་པ་བསྟན་པ་དང་། ཡང་རྒྱ་ཆེན་པོ་ལ་མངོན་པར་ཞེན་པ་རྣམས་ལ་རྣམ་པར་ཤེས་པའི་ཚོགས་བརྒྱད་ལ་སོགས་པ་ཆོས་བདག་མེད་པར་རྟོགས་པར་མཛད་ཅིང་། ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་སྟོན་པར་མཛད་པ་དང་། ཡང་འཁོར་ལོས་སྒྱུར་བའི་གཟུགས་སུ་མངོན་པར་སྤྲུལ་ནས། ཟབ་མོ་ལ་ལྷག་པར་མོས་པ་རྣམས་ལ་འདོད་ཆགས་ཀྱིས་བདེན་པ་གཉིས་རྟོགས་པར་བྱ་བའི་ཕྱིར་འདོད་ཆགས་ཀྱི་ཆོས་བསྟན་པར་མཛད་པ་ཡིན་ནོ། །སོགས་དང་། ཉོན་མོངས་པ་རྣམས་ནི་ཉན་ཐོས་ལ་སོགས་པ་དམིགས་པར་ལྟ་བ་རྣམས་ཀྱི་ཉོན་མོངས་པ་རྣམས་ཀྱི་རྐྱེན་དུ་འགྱུར་ཏེ། ཉོན་མོངས་པའི་ངོ་བོ་ཉིད་ཡོངས་སུ་ཤེས་པའི་ཕྱིར་རོ། །ངོ་བོ་ཉིད་ཡོངས་སུ་ཤེས་ན་ནི་བྱང་ཆུབ་ཀྱི་སྐུར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་གསུངས་ཏེ། ཇི་སྐད་དུ། དཔལ་མཆོག་དང་པོ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འཛིན་པས་དུག་ཏུ་འགྱུར་བ་ཡིན། །དུག་ཉིད་ཉེ་བར་ཞི་གྱུར་ན། །དུག་ནི་དུག་མེད་བྱས་པ་ཡིན། །བདུད་རྩི་རིམ་གྱིས་བསྟེན་ན་ནི། །བདུད་རྩི་ཉིད་དུ་འགྱུར་བའང་ཡིན། །ཞེས་གསུངས་པ་དང་། སོགས་ལུང་མང་དུ་དྲངས་མཐར། དེ་ལ་འདོད་ཆགས་ལས་བྱུང་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པ་ཞེས་བྱའོ། །དེ་ལ་སྤྲོས་པ་དང་བཅས་པའི་སྤྱོད་པ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པས་དབུགས་དབྱུང་བ་དང་། རྡོ་རྗེ་འཆང་གིས་དབུགས་དབྱུང་བ་དང་། ཇི་སྐད་དུ་བསྟན་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚོགས་སྤྱོད་དེ་ཤིན་ཏུ་འདྲེས་པ་ཆོས་སྐུ་དང་བཅས་པ་འདོད་པའི་ཡོན་ཏན་མ་སྤངས་པར་རྡོ་རྗེ་འཆང་གྲུབ་པ་ཨིནྡྲ་བྷཱུ་ཏི་ལྟ་བུ། ཨ་རལླི་རྒྱས་པ་དེ་ནི་སྤྲོས་པ་དང་བཅས་པའོ། །དེ་ལ་སྤྲོས་པ་མེད་པ་གང་ཡིན་ཞེ་ན། རྟག་ཏུ་ཁྱབ་པ་ལས་དགོས་པའི་དབང་དུ་འགའ་ཞིག་ཉེ་རྒྱུའི་སྤྱོད་པ་སྟེ་རིག་མ་ལ་བརྟེན་པ་དྲིལ་བུ་པ་ལྟ་བུ། ལ་རོལ་པ་དེ་མི་སྤྲོས་པ་མེད་པའོ། །ཤིན་ཏུ་སྤྲོས་པ་མེད་པ་གཉིས་སྤང་མ་བྷཱུ་སུ་ཀུའི་སྤྱོད་པ་སྟེ་ཨ་བ་བྷཱུ་ཏི་དང་ལྭ་བ་པ་ལྟ་བུའོ། །གང་ཡིན་ཞེ་ན། འདུ་འཛི་ཐམས་ཅད་རྣམ་པར་སྤངས་ནས། བསམ་གཏན་གྱི་ཟས་དང་། །གནས་དབེན་པ་འབའ་ཞིག་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སྙོམས་པར་འཇུག་པ་གོམས་པ་དེ་ནི་ཤིན་ཏུ་སྤྲོས་པ་མེད་པ་སྟེ། དཔེར་ན་ཤིང་ཚིག་པས་ཀྱང་ཐལ་བར་འགྱུར་རོ། །ཏཱ་ལའི་ལོ་མ་ཚིག་པས་ཀྱང་ཐལ་བར་འགྱུར་རོ། །རས་བལ་གྱི་ལོ་མ་ཚིག་པས་ཀྱང་ཐལ་བར་འགྱུར་ཏེ་ཐམས་ཅད་ཀྱང་ཐལ་བར་འགྱུར་རོ། །དེ་བཞིན་དུ་སྤྱོད་པ་གསུམ་ཆར་གྱིས་ཀྱང་རྡོ་རྗེ་འཛིན་པའི་གོ་འཕང་མངོན་པར་འདོད་པ་ཉིད་སྐྱེ་བར་འགྱུར་རོ། །ཞེས་སོགས་ནས། སྤྲོས་བཅས་ཀྱི་སྤྱོད་པ་སངས་རྒྱས་མཉམ་སྦྱོར་གྱི་རྗེས་སུ་འབྲངས་ཏེ་རྒྱས་པར་བཤད་དོ། །ལེའུ་བཅུ་པ་སྤྲོས་པ་མེད་པའི་སྤྱོད་པ་བསྡུས་པའི་ཐེ་ཚོམ་བཅོད་པར། དེ་ལྟར་ན་འདོད་པ་ན་སྤྱོད་པ་དྲུག་སྟེ། གཉིས་གཉིས་འཁྱུད་པ་དང་། ལག་པ་བཅངས་པ་དང་། བལྟས་དང་རྒོད་པའི་བདེ་བས་མཆོག་ཏུ་དགའ་བའི་བདེ་བ་སྐད་ཅིག་སྐད་ཅིག་ལ་ཉམས་སུ་མྱོང་བར་བྱེད་དོ། །རྫོགས་པའི་གནས་ནའང་འཁོར་བདག་ལས་རྟག་ཏུ་དགའ་བའི་གཟུགས་ཅན་དུ་འགྱུར་རོ། །དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར། ལྷ་ཐམས་ཅད་ཡང་དག་པར་འདུས་པའི་རྒྱུད་ལས། དབང་པོ་གཉིས་ནི་མཉམ་སྦྱར་ཏེ། །རྩོལ་བའི་ཆོ་གའི་འོག་ཏུ་ནི། །དགའ་བའི་སེམས་ཀྱིས་ཐུགས་འགྲུབ་པ། །བདེ་བ་ཆེན་པོ་ཞེས་བྱའོ། །ཞེས་སོགས་གསུངས་སོ། | |||
།ལེའུ་བཅུ་གཅིག་པ་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་བསྡུས་པའི་ཐེ་ཚོམ་གཅོད་པར། དེ་ལ་དང་པོ་ཁོ་ནར་སྒྲུབ་པ་པོས་འཁོར་བ་ཐོག་མ་མེད་པ་ཅན་གྱི་སྡུག་བསྔལ་དྲན་པར་བྱས་ཏེ། མྱ་ངན་ལས་འདས་པའི་བདེ་བ་འདོད་པས་འདུ་འཛི་ཐམས་ཅད་ཡོངས་སུ་སྤང་བར་བྱ་ཞིང་། ཐ་ན་རྒྱལ་སྲིད་ཀྱི་དབང་ཕྱུག་ལའང་སྡུག་བསྔལ་གྱི་འདུ་ཤེས་བསྒོམ་པར་བྱའོ། །གཉིས་པ་ཏིལ་འབྲུ་ཙམ་ལའང་དངོས་པོར་འཛིན་པའི་བློ་སྤང་བར་བྱའོ། །གསུམ་པ་དོན་དམ་པའི་བདེན་པ་ལ་དད་པས་ལུས་དང་སྲོག་ལའང་ལྟོས་པ་མེད་པར་བྱའོ། །ཞེས་སོགས་དང་། དེ་བས་ན་ཕྱི་རོལ་གྱི་བུད་མེད་རྣམ་པར་སྤངས་ནས་སྙིང་གར་གནས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་ཏུ་ཤིན་ཏུ་མྱུར་བར་རྡོ་རྗེ་འཆང་གི་གོ་འཕང་རྫོགས་པར་བྱའོ། །ཞེས་སྤྲོས་པས་དམིགས་ཏེ། གཅིག་པུ་ཁོ་ནར་ལོགས་ནས་བཤད་པའི་རིམ་པ་བཞིན་དུ་བསམ་པར་བྱའོ། །ཞེས་སོགས་དང་། ཕུང་པོ་སོགས་ནི་ཁམས་ཕྲ་བ་ལ་གཞུག་གོ །ཁམས་ཕྲ་བ་ནི་ཡང་སེམས་ལ་གཞུག་གོ། སེམས་ནི་ཡང་མ་རིག་པ་ལ་གཞུག་སྟེ། དེ་ལྟར་སྦྱར་ནས་གཉིད་ལོག་པར་བྱེད་དོ། །དེ་ལ་དུས་འདིར་ནི་སེམས་ཅན་མ་རིག་པ་ལ་རབ་ཏུ་ཞུགས་པའི་སྐད་ཅིག་ལ་དྲན་པ་བརྗེད་པའོ། །ཕྱིས་ནི་བརྗོད་པའང་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ནི་འོད་གསལ་པའོ། །ཡང་གྲོལ་བ་ན་རླུང་གི་རང་བཞིན་རྙེད་དེ། །གང་གི་ཚེ་རྨི་ལམ་གཞན་དག་འབྱུང་བ་ནི་ཇི་སྲིད་དུ་རྣམ་པར་ཤེས་པ་མི་གཡོ་བ་དེ་སྲིད་དུ་གཉིད་ལོག་ནས་འོད་གསལ་ལ་བལྟ་སྟེ། དེ་ནི་སོ་སོ་རང་གིས་རིག་པ་ལུས་དང་ངག་དང་སེམས་བྲལ་བའི་དོན་དམ་པའི་བདེན་པ་ནི་ནང་གི་མངོན་པར་བྱང་ཆུབ་པ་ཞེས་བྱའོ། །རིམ་པ་འདིས་ལུས་ཀྱི་དཀྱིལ་འཁོར་ལ་གནས་པའི་དེ་བཞིན་གཤེགས་པའི་ཚོགས་རྣམས་སད་པར་བྱ་ཞིང་། དེ་བཞིན་ཉིད་ལ་གཞུག་པར་བྱས་ནས་སྐལ་པ་བཟང་པོའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པའི་སྤྱོད་པ་ལྟོས་པ་མེད་པར་ཤིན་ཏུ་མྱུར་བར་འདིར་རང་གི་གཟུགས་ཡོངས་སུ་བརྗེད་པར་འགྱུར་རོ། །ཞེས་སོགས་ལུང་དང་བཅས་པ་དང་། ཡུལ་ལ་ཞེན་པ་དང་རོལ་པ་ཐམས་ཅད་སྤངས་ཏེ། རིམ་པ་འདིས་བྷུ་སུ་ཀུ་ཙམ་གྱི་སྤྱོད་པ་ལ་སྤྱད་དེ། བྷུ་ཞེས་བྱ་བ་ནི་ཟས་ལ་སྤྱོད་པ་སྟེ་དེ་ཙམ་ཞིག་རྗེས་སུ་དྲན་པ་དང་འདུ་འཛི་སྤོང་བར་བྱེད་ཅིང་། དཀའ་ཐུབ་དང་བརྟུལ་ཞུགས་སོ་ཞེས་གང་ལའང་བསམ་པར་མི་བྱའོ། །སུ་ཞེས་བྱ་བ་ནི་གཉིད་ལོག་པ་སྟེ་རྣམ་པར་ཤེས་པ་འདི་དག་མ་རིག་པས་ཉེ་བར་མཚོན་པས་མངོན་སུམ་དུ་བྱེད་དོ། །མ་རིག་པ་ལྕགས་ཀྱུ་དེ་ཉིད་ཀྱིས་རྣམ་པར་ཤེས་པ་ལའང་འགྲེ་བར་མི་བྱེད་དེ། འོད་གསལ་བ་ཉིད་མངོན་པར་འདུ་བྱེད་ཅིང་དྲི་མ་མེད་པའི་ངོ་བོ་ཉིད་དོ། །ཀུ་ཞེས་བྱ་བ་བཤང་སར་འགྲོ་བ་སྟེ། བཤང་བ་གཅི་བ་འདོར་བའི་ཕྱིར་དེ་ཙམ་ཞིག་རྗེས་སུ་དྲན་པར་བྱེད་ཅིང་འདུ་འཛི་སྤོང་བར་བྱེད་ལ། ལུས་དང་ཚོར་བ་དབང་པོའི་ཡུལ་དང་ངོ་བོ་ཉིད་སེམས་པར་མི་བྱེད་དོ། །ཞེས་སོགས་ལུང་དང་བཅས་པ་དང་། དེ་ལྟར་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཉིད་དབྱེ་བས་ན་ཚོད་དང་རྗེས་སུ་མཐུན་པས་སྤྱོད་པ་རྣམ་གསུམ་ཟླ་བ་ཕྱེད་དམ། ཟླ་བ་དྲུག་བཟླས་པར་འགྱུར་བས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་མཚན་མ་ཉེ་བར་འབྱུང་བར་འགྱུར་ཏེ། དེ་ལ་མཚན་མ་འདི་དག་ཡིན་ནོ། །གཟུགས་ཕྲ་བ་དང་། རེག་པ་ཡང་བ་དང་། ཁྱབ་པ་དང་། ཡང་དག་པར་ཐོབ་པ་ཉིད་དང་། རབ་ཏུ་སྣང་བ་ཉིད་དང་། བརྟན་པ་དང་། དབང་དུ་གྱུར་པ་དང་། འདོད་དགུར་བསྒྱུར་བ་ཞེས་བྱའོ། །ཞེས་སོགས་དང་། རྡོ་རྗེ་སློབ་མས་གསོལ་བ། གལ་ཏེ་སྒྲུབ་པ་པོ་བདེན་པ་མཐོང་ཡང་སྔོན་གྱི་བག་ཆགས་ལ་གོམས་པའི་སྟོབས་ཀྱིས་ཞིང་དང་། ལས་དང་། ཚོང་དང་བསྙེན་བཀུར་ལ་སོགས་པས་གཡེངས་ནས་སྤྱོད་པ་རྣམ་པ་གསུམ་སྤྱོད་པར་མི་བྱེད་པ་དང་། སྒྲུབ་པ་པོ་གཞན་དག་འབྱོར་པ་མ་ཚང་བས་རྒྱུད་ལས་ཇི་སྐད་གསུངས་པའི་ཆོ་ག་རྫོགས་པར་བྱེད་མི་ནུས་པའི་ཕྱིར། མི་སྤྱོད་པ་དེ་དག་ནི་འཆི་བའི་དུས་བྱས་ན་ཡང་སྲིད་པ་གཞན་དུ་འགྲོ་བར་འགྱུར་རམ། ཡང་ན་རྡོ་རྗེ་འཆང་བ་ཉིད་འཐོབ་པར་འགྱུར། ཞེས་སོགས་དང་། དེ་བས་ན་དེ་ཁོ་ན་ཉིད་ཤེས་པའི་རྐྱེན་མ་ཚང་བས་ཇི་སྐད་དུ་བཤད་པའི་སྤྱོད་པ་གལ་ཏེ་མ་སྤྱད་དུ་ཟིན་ཀྱང་། ལྟ་བ་ངན་རྟག་ཆད་འཆི་འཕོ་སོགས། པ་ཐམས་ཅད་རྣམ་པར་སྤངས་ནས་འཆི་བར་འགྱུར་བ་དོན་དམ་པའི་བདེན་པ་ཡིན་ལ། སྐྱེ་བ་ནི་ཀུན་རྫོབ་ཀྱི་བདེན་པའོ་ཞེས་ཡང་དག་པར་མངོན་པར་རྟོགས་ནས་བརྒྱ་ལམ་ན་འོད་གསལ་བར་ཞུགས་ནས། ཐ་མལ་གྱི་ཕུང་པོ་བོར་ནས་བདག་ལ་བྱིན་གྱིས་བརླབས་པའི་རིམ་གྱིས་ལྡང་བར་བྱའོ་ཞེས་པ་བརྟན་པའི་སེམས་བསྐྱེད་དེ། དེ་ཡིད་ལ་བྱེད་པས་གནས་པར་བྱེད་ན། དེ་སྐྱེ་བ་གཞན་དུ་ཡིད་ལ་བྱེད་པ་དེ་འདོར་བར་མི་འགྱུར་ཏེ། དེ་བས་ན་ཐམས་ཅད་མཁྱེན་པར་འགྱུར་རོ། །དེ་བས་ན། བསམ་པ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེས་ནི་དེ་ཡི་རང་བཞིན་འགྱུར། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །ཞེས་གསུངས་སོ། །དེ་བས་ན་འདི་ཐམས་ཅད་ནི་ཁྱད་པར་ཅན་ཡོངས་སུ་བསྒྱུར་བས་ཡོངས་སུ་འགྱུར་བཞིན་པས། ཁྱད་པར་ཅན་གྱི་འབྲས་བུ་འབྱུང་བར་འགྱུར་རོ། །འདིར་བཤད་པ། གང་ཞིག་སྐྱེ་བ་ཀུན་རྫོབ་བདེན་ཞེས་བྱ། །འཆི་བའི་མིང་ཡང་དོན་དམ་བདེན་པ་ཡིན། །རིམ་གཉིས་དེ་དག་བླ་མའི་དྲིན་གྱིས་ནི། །རྙེད་པ་འདི་ནི་མ་འོངས་སངས་རྒྱས་ཡིན། །བདེན་གཉིས་དེ་ལ་ཟུང་དུ་འཇུག་པ་ནི། །མི་འཆད་བཞིན་དུ་དེ་དག་ཁྱད་པར་མེད། །མིང་གཉིས་ཐ་མ་གཅིག་པུ་ཁོ་ནར་ནི། །ཤེས་པ་དེ་འདིར་བཅིངས་ནས་གྲོལ་བ་ཡིན། །ཞེས་སོགས་གསུངས་སོ། །འདིར་སྨྲས་པ། དབེན་གསུམ་༥བདུད་རྩིས་བརླན་པའི་འཁྲི་ཤིང་ལས། །ཀུན་རྫོབ་སྒྱུ་༦མའི་ཡལ་འདབ་རབ་རྒྱས་ཤིང་། །དོན་དམ་འོད་གསལ་༧མེ་ཏོག་མཛེས་འབར་བར། །སྤྱོད་པ་༡༠གསུམ་གྱི་ཟུང་༡༠འཇུག་འབྲས་བུར་ཤོག །ཅེས་པའང་སྨྲས་སོ། ། ༈ | |||
སློབ་དཔོན་དེ་ཉིད་ཀྱིས་མཛད་པའི་སེམས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་རབ་ཏུ་བྱེད་པར། ལས་དྲག་གིས་ནི་འགྲོ་བ་རྣམས། །གང་དང་གང་དུ་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་ལས་གྲོལ་བར་འགྱུར། །སེམས་ཙམ་རྣམ་པར་དག་བྱའི་ཕྱིར། །འབྲས་བུ་རྣམ་པར་དག་པར་འགྱུར། །འདི་དག་ཤིན་ཏུ་རྒྱས་པར་ནི། །ཐེག་པ་ཆེན་པོར་གསལ་བར་བསྟན། །ཆོས་དང་གང་ཟག་དབྱེར་མེད་པ། །ཡེ་ཤེས་ཙམ་དུ་ཐུབ་པས་གསུངས། །དེ་ལྟར་ན་ཡང་འདི་ལྟར་འབྱུང་། །རིགས་པ་དང་ཡང་རབ་ཏུ་མཐུན། །དངོས་འཛིན་གདོན་གྱིས་ཟིན་པ་ཡི། །ཞེན་བ་རབ་ཏུ་བསལ་བྱའི་ཕྱིར། །ལུང་ལས་ཀྱང་ནི་གསལ་པོ་རུ། །རྒྱལ་བ་སྙིང་རྗེའི་བདག་ཉིད་གསུངས། །ཆོས་རྣམས་སྔོན་དུ་འགྲོ་བའི་ཡིད། །ཡིད་གཙོ་ཡིད་ནི་མགྱོགས་པ་སྟེ། །ཡིད་གཉིས་ཀྱི་ནི་འབད་པ་ཡང་། །སྨྲ་བའམ་ནི་བྱེད་པའོ། །ཞེས་དང་། བསམ་པ་བཟང་པོས་མཆིལ་ལྷྭམ་གཉིས། །ཐུབ་པའི་དབུ་ལ་བཞག་པ་དང་། །དེ་ཉིད་གཞན་གྱིས་བསལ་བ་ཡིས། །གཉིས་ཀས་རྒྱལ་སྲིད་ཐོབ་པར་འགྱུར། །དེ་ཕྱིར་བསམ་པའི་རྩ་བ་ལ། །བསོད་ནམས་སྡིག་པ་རྣམ་པར་གནས། །ལུང་ལས་འདི་ལྟར་གསུངས་པའི་ཕྱིར། །སེམས་དགེ་བ་ལ་ཉེས་པ་མེད། །རང་ལྷར་སྦྱོར་བའི་བདག་ཉིད་ཀྱིས། །འགྲོ་བའི་དོན་ནི་བྱེད་བརྩོན་པས། །རྣལ་འབྱོར་འདོད་ཡུལ་ལོངས་སྤྱོད་ཀྱང་། གྲོལ་འགྱུར་དགོས་པར་མི་འགྱུར་རོ། །དང་། བྱིས་པ་རྣམས་ནི་གཟུགས་ལ་ཆགས། །འབྲིང་པོ་རྣམས་ནི་ཆགས་བྲལ་འགྱུར། །གཟུགས་སོགས་ངོ་བོ་ཉིད་ཤེས་ན། །བློ་མཆོག་རྣམས་ནི་གྲོལ་བར་འགྱུར། །དམ་ཚིག་ཐམས་ཅད་རྣམ་བསམས་ལ། །ལྷ་ལ་མཆོད་པའི་ཆོ་ག་ཡིས། །ཐེ་ཚོམ་མེད་པར་བཟང་པོར་བལྟ། །སྔགས་ཀྱིས་བསྐུལ་ལ་ལོངས་སྤྱོད་བྱ། །ཡི་གེ་གསུམ་གྱི་སྦྱོར་བ་ཡིས། །སྤྱོད་དང་དེ་རྟོགས་དེ་བཞིན་སྦར། །སྲིན་ལག་མཐེ་བོང་རྩེ་མོ་ཡིས། །དེ་བཞིན་གཤེགས་རྣམས་ཚིམ་པར་བྱ། །བྱིས་པ་རྣམས་ལ་འདི་བདེན་པ། །དེ་ནི་རྣལ་འབྱོར་པ་ལ་བརྫུན། །ད་ཙམ་ཞིག་ཏུ་ལོངས་སྤྱོད་པ། །བཅིངས་པ་མེད་ཅིང་གྲོལ་བ་མེད། །འཁོར་བ་མྱ་ངན་འདས་པ་ཞེས། །དེ་ཉིད་མ་མཐོང་བ་ཡི་སེམས། །འཁོར་མེད་མྱ་ངན་འདས་མེད་ཅེས། །དེ་ཉིད་མཐོང་བ་རྣམས་ཀྱི་སེམས། །རྣམ་པར་རྟོག་པའི་གདོན་ཆེན་པོ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །རྣམ་པར་མི་རྟོག་བདག་ཉིད་ཆེས། །སྲིད་པའི་འཆིང་ལས་གྲོལ་བར་འགྱུར། །དང་། དཔེར་ན་ཤེལ་སྒོང་དག་པ་ནི། །ཁ་དོག་གཞན་གྱིས་སྒྱུར་བར་བྱེད། །དེ་བཞིན་རིན་ཆེན་སེམས་འདི་ཡང་། །རྟོག་པའི་ཚོན་གྱིས་བསྒྱུར་བ་ཉིད། །ཐ་མལ་རྟོག་པའི་ཚོན་གྱིས་ནི། །རིན་ཆེན་སེམས་ནི་དབེན་གྱུར་ན། །ཐོག་མ་དག་ནས་མ་སྐྱེས་པ། །གཉུག་མའི་རང་བཞིན་དེ་ཉིད་གང་། །ཞེས་དང་། འཁོར་ལོ་དཔག་ཚད་བཅུ་གཉིས་པ། །ལྕགས་བྱས་མགོ་ལ་འཁོར་བ་ཡང་། །བྱང་ཆུབ་སེམས་ནི་བསྐྱེད་མ་ཐག །མེད་པར་གྱུར་ཅེས་ཐོས་པ་ཡིན། །སོགས་དང་། ཇི་ལྟར་དུག་གིས་ཟིན་པ་འགའ། །དུག་ཉིད་ཀྱིས་ནི་དུག་མེད་བྱེད། །རྣ་བའི་ཆུ་ལ་ཆུ་ཉིད་དང་། །ཚེར་མ་ཟུག་ལ་ཚེར་མ་ལྟར། །དེ་བཞིན་ཆགས་ལ་ཆགས་ཉིད་ཀྱིས། །མཁས་པ་རྣམས་ཀྱིས་འཛིན་པར་བྱེད། །ཅེས་དང་། དངུལ་ཆུས་རེག་པའི་ཟངས་ལ་ནི། །ཇི་ལྟར་སྐྱོན་མེད་གསེར་དུ་འགྱུར། །དེ་བཞིན་ཡང་དག་ཡེ་ཤེས་ནི། །སྦྱངས་པས་ཉོན་མོངས་བཟང་པོར་བྱེད། །ཐེག་པ་དམན་ལ་ཞོན་པ་རྣམས། །སྐད་ཅིག་སྐད་ཅིག་འཆིང་བར་བྱེད། །གཡུལ་ལས་རྒྱལ་བར་བྱེད་པའི་སེམས། །རིང་པ་ཉིད་དུ་རྣམ་པར་གནས། །ཐེག་པ་ཆེ་ལ་ཞོན་ནས་ནི། །སྙིང་རྗེའི་གོ་ཆ་བགོ་བྱས་ནས། །ཤེས་རབ་རྒྱུད་བཅས་མདའ་དང་གཞུས། །འགྲོ་བ་བཟུང་བའི་བསམ་པ་ཡིས། །སེམས་དཔའ་ཆེ་དང་ཐབས་ཆེ་བ། །བརྟན་པའི་བློ་ནི་གཉིད་སངས་ནས། །བརྒལ་དཀའི་གཡུལ་ལས་རྒྱལ་བྱས་ཏེ། །གཞན་དག་ཀྱང་ནི་སྒྲོལ་བར་བྱེད། །ཅེས་དང་། འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ལོག་ལྟ་ཐེ་ཚོམ་རྣམས། །སྡིག་པའི་རྩ་བར་རབ་ཏུ་གྲགས། །འདི་དག་སྦྱང་བྱ་ཁྲུས་ཀྱིས་མིན། །ཞེས་དང་། བདག་དང་བདག་གིར་འཛིན་པ་ལས། །སྲོག་ཆགས་རྣམས་ནི་བྱུང་བ་ཡིན། །དེ་ཡང་རྩ་བ་མ་རིག་ལས། །མ་རིག་དེ་ཡང་འཁྲུལ་པར་འདོད། །ཅེས་དང་། དཀྱིལ་འཁོར་དུ་ནི་མ་ཞུགས་པ། །སྒྲིབ་པ་ཀུན་དང་ལྡན་པས་ཀྱང་། །རང་གི་ལྷ་སྦྱོར་བདག་ཉིད་ཀྱིས། །བསོད་ནམས་ཆུང་ཡང་འགྲུབ་པར་འགྱུར། །འདིས་ནི་སངས་རྒྱས་ཐམས་ཅད་དང་། །དབང་པོ་དག་ནི་ཐམས་ཅད་ཉིད། །ཚེ་འདི་ཉིད་ལ་འང་འདི་རིག །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཇི་ལྟར་འཇིག་རྟེན་ཕལ་པ་ལས། །རྣལ་འབྱོར་པ་ཡི་ཏིང་འཛིན་རྒྱལ། །གོང་མ་གོང་མའི་བློ་ཁྱད་ཀྱིས། །རྣལ་འབྱོར་པ་ཡང་རྒྱལ་བར་འགྱུར། །ཞེས་དང་། གང་ཞིག་བསྐལ་པ་གྲངས་མེད་ནི། །མང་པོས་མི་འཐོབ་པར་འདོད་པའི། །སངས་རྒྱས་ཚེ་འདི་ཉིད་ཀྱིས་ནི། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །དང་། ས་བོན་སྐྱེས་བུ་ལྡན་པ་ལས། །མེ་ཏོག་འབྲས་བུ་ལྡན་པ་ཡི། །འཁྲི་ཤིང་ཀུན་ཏུ་འབྱུང་བ་ལྟར། །དེ་བཞིན་ཚོགས་གཉིས་དང་ལྡན་པའི། །སྐད་ཅིག་གིས་ནི་མངོན་བྱང་ཆུབ། །དང་། ཁྲུས་དང་བཀུ་མཉེ་གོས་ལ་སོགས། །བཟའ་དང་བཏུང་སོགས་འབད་པ་ཉིད། །རང་འདོད་ལྷ་ཡི་བདག་ཉིད་དུ། །བསམས་ལ་ཆོ་གས་མཆོད་པར་བྱ། །གླུ་དང་བརྡུང་བ་དེ་བཞིན་གར། །ཐམས་ཅད་བརྟུལ་ཞུགས་ཅན་གྱིས་སྤྱད། །འདིར་ནི་དངོས་པོ་ཐམས་ཅད་ལ། །ལྷག་པར་ཆགས་པར་མི་བྱའོ། །རང་གི་བདག་ཉིད་ཡོངས་སྤངས་ནས། །དཀའ་ཐུབ་ཀྱིས་ནི་གདུང་མི་བྱ། །ཇི་ལྟར་བདེ་བས་བདེ་བ་བཟུང་། །འདི་ནི་མ་འོངས་རྫོགས་སངས་རྒྱས། །ཞེས་སོགས་དང་། རབ་ཏུ་གསལ་བའི་འབྱུང་བ་རྣམས། །ས་དང་ཆུ་དང་མེ་དང་རླུང་། །སྔགས་ཀྱི་སྦྱོར་བ་ནུས་པ་ཡི། །གཞན་ཉིད་དུ་ནི་འབྱུང་བར་བྱེད། །བརྗོད་པ་ཐམས་ཅད་ཡོངས་སྤངས་ལ། །སྔགས་ཀྱི་བརྗོད་པ་ཡང་དག་སྤྱོད། །བདེ་བའི་དངོས་གྲུབ་སྦྱིན་པ་ཡིས། །སྔགས་ཀྱི་ནུས་པ་འདི་ལ་ལྟོས། །ཞེས་སོགས་དང་། སློབ་དཔོན་ལྷ་ཡི་མཆོག་ཡིན་ཏེ། །འབད་པས་མཆོད་པར་བྱ་བ་ཉིད། །དེ་ཉིད་རྡོ་རྗེ་འཛིན་རྒྱལ་པོ། །མངོན་སུམ་གཟུགས་ཀྱི་རྣམ་པར་གནས། །ཤེས་རབ་མིག་དང་བྲལ་གྱུར་ན། །དད་པའི་བདག་ཉིད་ཅན་རྨོངས་འགྱུར། །དེ་འདྲའི་ལུང་རྟོགས་བདག་ཉིད་ཅན། །ཤེས་རབ་ཉེ་བར་བསྐྱེད་པར་བྱ། །དད་ལྡན་མང་ཐོས་ཤེས་རབ་ལྡན། །རང་བཞིན་སྙིང་རྗེའི་བདག་ཉིད་ཅན། །འགྲོ་བའི་སྡུག་བསྔལ་བསལ་བའི་ཕྱིར། །དེ་ཡིས་བདེ་བའི་ཐབས་ཤེས་བྱ། །ཞེས་སོགས་ཚིག་དོན་ཕུན་སུམ་ཚོགས་པའི་སྒོ་ནས་སེམས་ཇི་ལྟར་སྦྱོང་བའི་ཚུལ་དང་དགོས་པ་སོགས་བསྟན་ཏོ། ། ༈ | |||
ཡང་དེས་མཛད་པའི་བདག་བྱིན་གྱིས་བརླབས་པའི་རིམ་པ་རྣམ་པར་དབྱེ་བར། ཀུན་རྫོབ་བདེན་པར་གང་གསུངས་པའི། །སངས་རྒྱས་རྣམས་ཀྱི་སྐུ་མཚན་ཉིད། །དེ་འདིར་སྒྱུ་མར་བསྟན་པ་སྟེ། །བདག་བྱིན་བརླབས་པ་ཞེས་བརྗོད་དོ། །ཞེས་དང་། ཆོས་ཀུན་རྨི་ལམ་སྒྱུ་འདྲ་ཞེས། །སངས་རྒྱས་པ་ཀུན་སྨྲ་མོད་ཀྱི། །བདག་བྱིན་བརླབས་ལས་ཕྱིར་ཕྱོགས་པས། །དེ་ཡིས་བདེན་པ་མཐོང་མི་ནུས། །གཞུ་ཡི་རྣམ་པའི་ཡིད་རང་བཞིན། །རྣམ་ཤེས་རླུང་དང་ཡང་དག་ལྡན། །སྒྱུ་མའི་དཔེ་ལ་རྨོངས་པས་ནི། །རང་གི་ཡེ་ཤེས་དེ་མི་མཐོང་། །བསྐལ་བ་བྱེ་བ་མཐའ་ཡས་པར། །ཐོས་པའི་ཕ་རོལ་སོན་གྱུར་ཀྱང་། །བླ་མའི་ལུང་དང་བྲལ་བ་ཡིས། །བདག་བྱིན་བརླབས་པ་རྙེད་མི་འགྱུར། །དེ་བས་ང་རྒྱལ་ཡོངས་སྤངས་ནས། །སངས་རྒྱས་འབྲས་བུ་འདོད་པ་ཡིས། །རྡོ་རྗེ་ཐེག་ལ་ཞོན་པ་ཡི། །བླ་མ་བསྒྲིམས་ཏེ་མཉེས་པར་བྱ། །ཞེས་དང་། ས་ལ་སོགས་པ་རྣམ་བཞི་དང་། །དེ་བཞིན་དུ་ནི་སྟོང་པ་བཞི། །གནས་ནི་རྣམ་པ་བརྒྱད་པོ་དང་། །སྐྱེ་དང་འཇུག་པའི་རྒྱུར་ཤེས་བྱ། །འོད་གསལ་ལས་ནི་སྟོང་ཆེན་ཏེ། །དེ་ལ་ཐབས་ནི་ཡང་དག་འབྱུང་། །དེ་ལུས་སྐྱེས་པ་ཤེས་རབ་སྟེ། །དེ་ལས་རླུང་ནི་འབྱུང་བར་འགྱུར། །རླུང་ལས་མེ་ནི་ཡང་དག་སྐྱེས། །མེ་ལས་ཆུ་ནི་འབྱུང་བར་འགྱུར། །ཆུ་ལས་སྐྱེས་པ་ས་ཡིན་ཏེ། །དེ་རྣམས་ལས་ནི་སེམས་ཅན་འབྱུང་། །ས་ནི་ཆུ་ལ་ཐིམ་འགྱུར་ཏེ། །ཆུ་ནི་མེ་ལ་ཐིམ་པར་འགྱུར། །མེ་ནི་ཕྲ་བའི་ཁམས་སུ་ཞུགས། །རླུང་ཡང་སེམས་ལ་ཐིམ་འགྱུར་ཏེ། །སེམས་ནི་སེམས་ལས་བྱུང་ལ་འགྱུར། །སེམས་བྱུང་མ་རིག་པར་ཞུགས་ནས། །དེ་ཡང་འོད་གསལ་བར་སོང་ནས། །སྲིད་པ་གསུམ་པོ་འགག་པར་འགྱུར། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །ཇི་སྲིད་བདག་ཉིད་མ་མཐོང་བ། །དེ་སྲིད་ཐོག་མའི་དུས་ཅན་གྱི། །སྲིད་པའི་འཁོར་ལོར་འཇུག་པར་འགྱུར། །རང་རིག་སྒྱུ་མ་ལྟ་བུ་སྟེ། །རྟོག་གེ་པ་ཡི་ཡུལ་མིན་ཅིང་། །རང་གི་ལུས་ལ་གནས་མོད་ཀྱི། །བསོད་ནམས་དམན་པས་རྙེད་མི་འགྱུར། །རང་ལུས་འགྱུར་བ་མེད་པ་དེ། །མཆོག་གཅིག་གིས་ནི་ཤེས་བྱས་ཏེ། །དེ་ནི་དཔེ་ཡིས་ཉེར་མཚོན་ནས། །བླ་མའི་ཞལ་གྱི་དྲིན་ལས་སོ། །ས་དང་དེ་བཞིན་ཆུ་ལ་སོགས། །གཏེར་དང་ནོར་བུ་སྦས་པ་ལྟར། །དེ་བཞིན་ལུས་ལ་ཀུན་མཁྱེན་པའང་། །རྨོངས་དང་ལྡན་པས་མཐོང་མི་འགྱུར། །སྒྱུ་མ་སྨིག་རྒྱུ་དྲི་ཟ་ཡི། །གྲོང་ཁྱེར་དང་ནི་བརྒྱ་བྱིན་གཞུ། །མེ་ལོང་གི་ནི་གཟུགས་བརྙན་དང་། །ཆུ་ཟླ་དང་ནི་བྲག་ཅ་དང་། །རྨི་ལམ་མིག་ཡོར་སྤྲིན་དང་གློག །ཆུ་ཡི་ཆུ་བུར་ཞེས་བྱ་བ། །སྒྱུ་མའི་དཔེ་ནི་བཅུ་དང་གཉིས། །རྣམ་པ་དུ་མར་ཡོངས་མཚོན་པ། །དེ་འདི་ཤིན་ཏུ་གསལ་བའི་གཟུགས། །ལྟ་བའི་གཟུགས་ལ་དམིགས་པར་བྱེད། །སྒྱུ་མ་གསུམ་དུ་བསྟན་པ་ཡིས། །ནན་ཏན་དུ་ནི་རབ་ཏུ་བསྒྲགས། །མེ་ལོང་གི་ནི་གཟུགས་བརྙན་དང་། །འཇའ་ཚོན་དང་ནི་དེ་ལས་གཞན། །གསུམ་པ་ཆུ་ཟླ་ལྟ་བུ་ཡིས། །དེ་ཡི་སྐུ་ནི་བསྒོམ་པར་བྱ། །ཞེས་དང་། འདོད་ཡོན་ལྔ་ཡི་བདེ་བ་ཡིས། །བྱིས་པ་རྣམས་ནི་འཆིང་བརྗོད་དེ། །ཆོས་དེ་ཉིད་ཀྱིས་རྣལ་འབྱོར་པ། །སངས་རྒྱས་ཉིད་ཀྱང་འགྲུབ་པར་འགྱུར། །ཞེས་དང་། གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་སྡུག་པ་རྣམས། །བདེ་ཆེན་གོ་འཕང་གནས་ནས་ཀྱང་། །རྣལ་འབྱོར་པ་ཡིས་རྟག་ཏུ་མྱོང་། །ཞེས་དང་། ཕྱག་རྒྱ་གཅིག་དང་ལྡན་པའམ། །ཡང་ན་ཕྱག་རྒྱ་བཞི་དང་ལྡན། །བཙུན་མོའི་འཁོར་ན་བཞུགས་པས་ཀྱང་། །བདག་བྱིན་བརླབས་པ་རྗེས་དྲན་བྱ། །ཞེས་སོགས་དང་། ཇི་ལྟར་མེ་ལོང་དྲི་མ་མེད་པ་ལ། །ཡན་ལག་ཀུན་དང་ལྡན་གཟུགས་སྣང་བ་ལྟར། །དཔེ་བྱད་བརྒྱད་ཅུ་མཚན་བཟང་སུམ་ཅུ་གཉིས། །དེ་བཞིན་རྟག་ཏུ་རྡོ་རྗེ་འཛིན་ལུས་ཉིད། །མཁའ་དབྱིངས་དབང་པོའི་མཚོན་ཆ་ཁ་དོག་སྣང་བ་ལྟར། །དེ་བཞིན་རྡོ་རྗེ་འཛིན་པའང་ཁ་དོག་དཀར་པོ་ལ་སོགས་པས། །དགེ་སོགས་ལས་རྣམས་ཇི་བཞིན་དེ་བཞིན་དུ་ནི་འཇིག་རྟེན་ལ། །ཡན་ལག་མ་ཉམས་ཕུན་སུམ་ཚོགས་པའི་གཟུགས་ནི་སྟོན་པར་མཛད། །དང་། རང་དངོས་སྣ་ཚོགས་གཟུགས་ཅན་ཟག་མེད་གང་། །འཇིག་རྟེན་ཀུན་ཁྱབ་སྒྱུ་མའི་རང་བཞིན་ཉིད། །རྣམ་པ་སྣ་ཚོགས་འགྲོ་བའི་སྡེར་གནས་པའི། །སེམས་མགོན་རྡོ་རྗེ་དེ་ཡང་དེ་བཞིན་ནོ། །གཟུགས་ལ་སོགས་པ་རྣམ་པ་ལྔ་དང་གང་ཡང་སྐྱེ་མཆེད་རྣམས་དེ་ནས། །བཅོ་བརྒྱད་ཅེས་བྱར་གསུངས་དང་ཁམས་ནི་རྣམ་པ་ལྔ་དང་ཡང་། །ཡེ་ཤེས་ལྔ་པོ་དང་ནི་ཡུལ་དེ་འགྲོ་བ་མ་ལུས་ཀུན། །སྒྱུ་མ་ལས་བྱུང་དེ་འདིར་རྡོ་རྗེ་འཛིན་དེ་གཞན་མ་ཡིན། །རི་རྣམས་དང་ནི་རྒྱ་མཚོ་ཆེན་པོ་བརྒྱད་གང་ཡིན། །གླིང་རྣམས་དང་ནི་དམྱལ་བ་ལ་སོགས་དབྱེ་བ་རྣམས། །རྒྱུ་བ་དང་ནི་མི་རྒྱུ་བ་ཉིད་གང་ཡིན་པ། །དེ་དེའི་རང་བཞིན་རྡོ་རྗེ་འཛིན་དེ་གཞན་མི་བལྟ། །ཞེས་སོགས་རྒྱ་ཆེར་གསུངས་སོ། ། ༈ ཡང་དེས་མཛད་པའི་མངོན་པར་བྱང་ཆུབ་པའི་རིམ་པར། ཐུབ་པ་ཆེན་པོས་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ལས། །མངོན་པར་བྱང་ཆུབ་མཚན་ཉིད་ནི། །སྙིང་པོ་ལས་ཀྱང་སྙིང་པོར་གསུངས། །མངོན་པར་བྱང་ཆུབ་རྣམ་གཉིས་ཏེ། །ཕྱི་དང་ནང་གི་ཞེས་སུ་བཤད། །ཕྱི་ནི་མདོ་སྡེ་རྣལ་འབྱོར་རྒྱུད། །ཅེས་སོགས་དང་། ནང་ནི་གསང་སྔགས་ཚུལ་ཆེན་ཏེ། །སོགས་དང་། ཡང་ན་ནང་གི་ཕྱི་ཉིད་ནི། །ཕྱག་རྒྱ་མོ་ལ་རབ་བརྟེན་ཏེ། །སྣང་གསུམ་རིམ་མྱོང་ལས་འདས་པའོ། །ཐམས་ཅད་སྟོང་པའི་འོད་གསལ་བ། །དེ་ནི་ནང་གི་ཕྱི་ཞེས་བཤད། །ནང་གི་ནང་ནི་ཕྱག་རྒྱ་བྲལ། །དང་པོ་སྨིག་རྒྱུ་འོད་ལྔའི་ཚུལ། །བདེ་བ་རྟོག་བྲལ་ཉམས་མྱོང་གསུམ། །གསུམ་པོ་ལས་འདས་གསུམ་པོ་ཉིད། །ཐམས་ཅད་སྟོང་པའི་རང་བཞིན་དག །བླ་མའི་མན་ངག་ལས་རྙེད་པའོ། །དེ་བཞིན་རྗེས་འཇུག་རྣལ་འབྱོར་པའི། །ཉམས་སུ་བླངས་པའི་བསམ་གཏན་ནི། །སྟོང་པ་གསུམ་གྱི་རྣམ་གཞག་དང་། །འོད་གསལ་ཐམས་ཅད་སྟོང་པ་སྟེ། །རྒྱུ་བ་དང་ནི་མི་རྒྱུ་བ། །ལུང་དང་རིག་པའི་གཏན་ཚིག་གིས། །གཞིག་སྟེ་འོད་གསལ་བར་བྱས་ནས། །ཕྱིས་ནས་རང་ཉིད་དེ་བཞིན་བྱེད། །རྗེས་གཞིག་རིམ་གྱིས་ཐུན་མོང་ངོ་། །སོགས་དབྱེ་བ་རྒྱས་པ་དང་། ཐམས་ཅད་སྟོང་པ་འོད་གསལ་བ། །སྤྲོས་པ་ཀུན་བྲལ་གང་ཡང་ཡིན། །ཆད་པར་ལྟ་བ་ག་ལ་ཡིན། །དེ་ཡི་མཚན་ཉིད་ཡོད་མེད་དང་། །སྣང་དང་མི་སྣང་རྟག་ཆད་སོགས། །སོ་སོ་མ་ནིང་ཁ་དོག་དབྱིབས། །བསྐྱེད་དང་སྔགས་དང་སེམས་ལ་དམིགས། །བདེན་གཉིས་འཁོར་འདས་ལ་སོགས་དང་། །བསོད་ནམས་གཟུགས་མིན་སྡིག་གཟུགས་མིན། །སྐུ་དང་ཡོན་ཏན་གང་ཡང་མིན། །བརྗོད་པའི་ཐ་སྙད་ཀུན་དང་བྲལ། །ཨེ་མའོ་ཀུན་ཏུ་བཟང་པོ་ཡི། །རྡོ་རྗེ་སྐུ་དང་གསུང་ཐུགས་སོགས། །སྐྱེ་བ་མེད་པའི་ཚུལ་གྱིས་ནི། །སྐྱེ་བ་དག་ཏུ་རབ་ཏུ་བསྒྲགས། །སྐྱེས་པ་ཉིད་ནས་སྐྱེ་བ་ཉིད། །སྐྱེས་དང་མ་སྐྱེས་གཉིས་སུ་མེད། །སོགས་དང་། མ་སྐྱེས་པ་ཡི་ཆོས་རྣམས་ལ། །ངོ་བོ་མེད་དེ་བསྒོམ་པའང་མེད། །ནམ་མཁའི་ཚུལ་དུ་སྦྱོར་བ་ཡིས། །དངོས་པོ་ཀུན་ཏུ་རབ་གྲགས་པའོ། །ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །བྱང་ཆུབ་མེད་ཅིང་རྟོག་པའང་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །མངོན་པར་བྱང་ཆུབ་མངོན་སངས་རྒྱས། །བདག་གི་དེ་ཉིད་ཆོས་ཀྱི་དབྱིངས། །དེ་བཞིན་ཉིད་ལ་སོགས་པའི་ཚིག །ཐམས་ཅད་དེ་ཡི་རྣམ་གྲངས་སོ། །སུས་ཀྱང་མ་བྱས་མ་བཅོས་པ། །མ་བསླད་མི་འགྱུར་དེ་བཞིན་གཤེགས། །བྱང་ཆུབ་ནམ་མཁའི་མཚན་ཉིད་པས། །མངོན་པར་བྱང་ཆུབ་ཅེས་བརྗོད་དོ། །དེ་ཉིད་རྟོགས་ཏེ་མཐོང་སྒོམ་ཚེ། །གཞན་གྱི་དོན་དུ་ལན་འགའ་ཞིག །ཆུ་ལས་ཉ་ལྡང་ཇི་བཞིན་དུ། །བདག་བྱིན་བརླབས་པའི་རིམ་གྱིས་ནི། །རྩོལ་བས་སྐུར་བཞེངས་དོན་མཛད་དོ། །ད་དུང་བདེན་གཉིས་ཕྲ་མོར་སྣང་། །དེ་ནས་ཟུང་འཇུག་ཡེ་ཤེས་སྐྱེད། །ཆོས་རྣམས་གང་ལའང་མི་བཟོད་དང་། །འཇིགས་སྐྲག་ཉམ་པའི་རྟོག་པ་མེད། །གཉིས་པ་ཐམས་ཅད་རྣམ་སྤངས་པའི། །དབྱེར་མེད་ཟུང་དུ་འཇུག་པ་ཉིད། །དེ་ལྟར་རྟོགས་པས་ཐམས་ཅད་དེ། །སྤྱོད་པའང་དེ་བཞིན་གཉིས་མེད་པའོ། །སྔགས་པས་སེང་གེ་བཞིན་དུ་སྤྱོད། །ཟུང་འཇུག་ཏིང་ངེ་འཛིན་བསླབས་པས། །མི་སློབ་ཟུང་འཇུག་ཆོས་སྐུ་ཐོབ། །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །མི་རྟོག་སྨོན་ལམ་དབང་གིས་ནི། །གཟུགས་སྐུ་ལ་སོགས་ཡོན་ཏན་རྣམས། །གདུལ་བྱ་དག་པའི་ངོ་ལ་སྣང་། །མ་འོངས་ཕྱི་མའི་དུས་སུ་ནི། །ལུང་ཟབ་མན་ངག་མི་བརྟེན་པར། །འཐད་སྒྲུབ་རིགས་པ་གཙོར་བྱེད་པས། །རང་རང་གྲུབ་མཐའ་དམ་པར་འཛིན། །སྦས་དོན་ཙམ་གྱིས་ཆོག་བྱེད་ཅིང་། །མཐར་ཐུག་ལྟ་བ་ཟབ་མོ་ལ། །མི་མོས་སླར་ཡང་སུན་འབྱིན་བྱེད། །དེས་ནི་བདག་གཞན་དོན་བརླག་འགྱུར། །སོགས་དཔེ་དང་བཅས་པ་རྒྱས་པ་དང་། གསང་སྔགས་མཐར་ཐུག་ལྟ་དུས་སུ། །ཡིད་དང་དབང་པོ་མངོན་སུམ་དང་། །རྗེས་སུ་དཔག་པ་མི་ཚད་དེ། །ལུང་ཟབ་མན་ངག་ཚད་མར་བྱ། །གང་ཞིག་ང་རྒྱལ་གྱིས་སྦགས་ཤིང་། །དེ་ཉིད་ཆོས་ལ་བརྙས་བྱས་ཏེ། །ཡང་དག་རིག་པ་སུན་འབྱིན་པ། །མནར་མེད་སེམས་ཅན་དམྱལ་བར་ལྟུང་། །སོགས་དང་། ཐ་སྙད་ཚིག་གི་ང་རྒྱལ་གྱིས། །བླ་མ་མི་བསྟེན་བསྙེན་བཀུར་མེད། །དམན་པའི་ལྟ་བ་ལ་མོས་ཏེ། །སྦས་གསུམ་ལྟ་ཞེན་མི་གཏོང་ཞིང་། །མཐར་ཐུག་དོན་ལ་མི་མོས་ཏེ། །རིག་པ་གཙོར་བྱེད་ཤེས་རབ་ཀྱིས། །མཐར་ཐུག་ཟབ་མོ་སུན་འབྱིན་བྱེད། །དེ་ལ་དེ་ཉིད་བསྟན་མི་བྱ། །གང་ཞིག་བླ་མ་བསྙེན་བཀུར་ཞིང་། །ཐམས་ཅད་སྟོང་པས་མི་སྐྲག་བཟོད། །མཐར་ཐུག་དོན་ལ་མི་མོས་པ། །དེ་ལ་བླ་མའི་དྲིན་སྦྱིན་བྱ། །ཞེས་སོ། ། ༈ | |||
སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པའི་འདུས་པའི་སྒྲུབ་པའི་ཐབས་རྣམ་པར་བཞག་པའི་རིམ་པར། །འདིར་གསོལ་པ། གླིང་གསུམ་གྱི་མི་རྣམས་ཀྱང་སོ་སོར་གནས་པ་མ་ལགས་སམ། ཅིའི་སླད་དུ་སྐྱེ་བ་གཅིག་གིས་ཐོབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དགའ་ལྡན་གྱི་གནས་མཆོག་ནས་དེར་འཇུག་བར་མི་མཛད་པར་འདིར་ངེས་པ་ཁོ་ནར་འཛམ་བུའི་གླིང་དུ་འཇུག་ཅིང་། མི་རྣམས་ལ་ཆོས་སྟོན་པའི་རྒྱུ་ཉིད་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། །རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་ལང་སྤྱོད་དང་། བྱང་གི་སྒྲ་མི་སྙན་རྣམས་ཀྱི་མི་རྣམས་ལོངས་སྤྱོད་ཆེན་པོ་དང་ལྡན་ཏེ། དེ་ལྟ་མོད་ཀྱི་བླུན་ཞིང་རྨོངས་པས་མི་སྤྱོད་ཅིང་མི་འབྱེད་དོ། །འཛམ་བུའི་གླིང་འདི་ནི་ལས་ཀྱི་ས་པ་ཡིན་ཏེ། དེ་ན་ལེགས་པར་སྤྱོད་པ་དང་ཉེས་པར་སྤྱད་པས་མཆོག་དང་འབྲིང་དང་ཐ་མའི་སེམས་ཅན་རྣམས་སུ་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པས་འདིར་སྣང་བར་འགྱུར་རོ། །འདི་ལྟ་སྟེ། འཛམ་བུ་གླིང་པའི་མི་རྣམས་གཡོ་དང་། སྒྱུ་དང་། དྲེགས་པ་དང་། ཕྲག་དོག་དང་གདུག་པའི་བསམ་པས་རིམས་ནད་ལ་སོགས་པས་ཡོངས་སུ་གཟིར་བར་འགྱུར་རོ། །འོན་ཀྱང་མགོ་སྨོས་པས་གོ་བ་དང་། དབང་པོ་རྣོ་ཞིང་སྒྲིན་པ་སྟེ། དེས་ན་བྱང་ཆུབ་སེམས་དཔའ་རྣམས་འཛམ་བུའི་གླིང་གི་སྐྱེ་བོའི་གནས་ཀྱི་དབུས་སུ་འཁྲུངས་ཤིང་ཆོས་སྟོན་པར་འགྱུར་རོ། །དེའི་ཕྱིར་གསུངས་པ། མི་རུ་འཁྲུངས་པ་ངེས་ཚུལ་དང་པོ་སྟེ། །རབ་ཏུ་བྱུང་བ་ཚུལ་ནི་གཉིས་པའོ། །འདུལ་བ་བསྲུངས་པ་ཚུལ་ཆེན་གསུམ་པ་སྟེ། །ཏིང་འཛིན་མཉེས་པ་ཚུལ་མཆོག་བཞི་པ་ཡིན། །ཞེས་དང་། དབང་པོ་གཉིས་མཉམ་པར་སྦྱོར་བ་མཐོང་བས་འདོད་པ་ཉེ་བར་ལེན་པའི་ཕྱིར་སྲིད་པ་བར་མ་སྤངས་ཏེ་རྟ་ཞོན་པ་བཞིན་རྣམ་པར་ཤེས་པའི་བདག་པོ་ཐུགས་རྡོ་རྗེ་རླུང་གི་གཞོན་པ་ལ་ཡང་དག་པར་ཞོན་ནས་ཤིན་ཏུ་མྱུར་བར་སོང་ཞིང་སྐད་ཅིག་ཐང་གཅིག་ཡུད་ཙམ་གྱིས་ཡེ་ཤེས་སེམས་དཔའ་ལྟར་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཞུགས་ཏེ། ཡེ་ཤེས་ཀྱིས་ཐོབ་ནས་ཐབས་ཀྱི་ཡེ་ཤེས་དང་ལྷན་ཅིག་གཉིས་སུ་མེད་པར་གྱུར་ནས་ཤིན་ཏུ་དགའ་བར་ཆུད་པའི་སྙིང་པོ་ཅན་ཡིན་ཏེ། རྒྱུད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་གསུངས་པའི་རིགས་པ་དང་། ཤེས་རབ་ཀྱི་མདོ་ལས་གཉིས་ཀ་མཆོག་ཏུ་དགའ་བའི་བདེ་བས་ཚིམ་པར་བྱས་པས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡང་དག་པར་བསྐུལ་ཏེ། གཉིས་ཀའང་མཆོག་ཏུ་དགའ་བའི་བདེ་བས་ཚིམ་པར་བྱའོ། །ཨཱ་ལི་དང་ཀཱ་ལི་རྣམས་གཅིག་ཏུ་གྱུར་ནས་ཁམས་ཕྲ་བ་ལ་ཞུགས་པའི་ཤེས་རབ་དང་། ཡེ་ཤེས་ཀྱི་འོད་ཟེར་ཤར་བས་གཉི་ག་ཡང་ཞུ་བར་གྱུར་ཏེ། ཁུ་བ་དང་ཁྲག་ཡང་དག་པར་འདྲེས་ནས་སྐྱེ་གནས་ཀྱི་དབུས་སུ་ཐིག་ལེའི་གཟུགས་སུ་བབས་སོ། །ཞེས་གསུངས་སོ། །ཞེས་དང་། དེའི་འོག་ཏུ་རིམ་གྱིས་འཕེལ་ཏེ། དང་པོར་མེར་མི། མེར་པོའི་རྣམ་པའོ། །མེར་རི། མེར་པོ་ལས་ལྟར་ལྟར་པོར་འགྱུར། ལྟར་འོད། ལྟར་པོ་ལས་གོར་གོར་པོའོ། །གོར་གོར་པོ་ལས་མཁྲང་དོན། འགྱུར། མཁྲང་འགྱུར་ལ་ཡང་རླུང་གིས་བསྐུལ་ཏེ། དེས་རྐང་ལག་རྣམ། འགྱུས་ཏེ་གནས་སྐབས་ལྔ་གསལ་བར་འགྱུར་རོ། །དེའི་འོག་ཏུ་སྐྲ་དང་། །ཁ་སྤུ་དང་། སེན་མོ་ལ་སོགས་པ་དང་། དབང་པོ་རྣམས་དང་གཟུགས་དང་མཚན་མ་རྣམས་རིམ་གྱིས་སྐྱེའོ། །དེ་ཡང་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པ་ལས་ས་བོན་གྱི་གནས་སྐབས་ནས་བརྩམས་ཏེ་གནས་སྐབས་ལྔ་ངེས་པར་སྐྱེའོ། །སོགས་དང་། དེ་ལྟར་མེར་མེར་པོ་ལ་སོགས་པས་ས་བོན་དང་མྱུ་གུ་བཞིན་ཡོངས་སུ་སྨིན་པ་ཐོབ་སྟེ། མངལ་གྱི་སྣོད་དུ་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་རླུང་རྒྱུ་བ་གང་དག་གིས་མངལ་གྱི་སྣོད་ཡོངས་སུ་བསྒྱུར་ནས་མའི་རུམ་ནས་ཆོས་ཀྱི་འབྱུང་གནས་ཀྱི་སྒོར་མངོན་པར་ཕྱོགས་ཤིང་གནས་པར་འགྱུར་རོ། །དེ་ཡང་ཕོ་ཡིན་ན་མའི་མངལ་རུམ་གྱི་གཡས་སུ་བརྟེན་ཅིང་རྒྱབ་ཏུ་མངོན་པར་བལྟས་ཏེ་ཙོག་ཙོག་པོར་གནས་སོ། །གལ་ཏེ་མོ་ཡིན་ན་དེའི་ཕྱིར་མངལ་གྱི་གཡོན་དུ་བརྟེན་ཏེ་ལྟེ་བར་མངོན་པར་བལྟས་ཏེ་གནས་སོ། །དེའི་འོག་ཏུ་ཟླ་བ་བཅུའི་ཐ་མར་རྩ་བའི་རྒྱུད་ལས་གསུངས་པའི་དམ་ཚིག་འབྱུང་བའི་རྡོ་རྗེའི་ཏིང་ངེ་འཛིན་ལ་ཡང་དག་པར་བསྟན་པའི་རིམ་པས་མའི་མངལ་ནས་ཐོན་པར་གྱུར་ཏེ། །དེའི་ཕྱིར་དྲི་ཟ་ཉེ་བར་འཁོར་སེམས་ཅན་གྱི་ཤའི་མིག་གི་ཡུལ་དུ་གྱུར་ཏོ། །ཞེས་དང་ས་ལྟར་མི་གཡོ་བའི་ཏིང་ངེ་འཛིན་དེ་ཉིད་ནི་སྙིང་པོ་སྟེ། ནང་གི་བདག་ཉིད་གང་ལ་ཡོད་པ་དེ་ནི་སའི་སྙིང་པོའོ། །ཡེ་ཤེས་ལྔ་ཡི་རང་བཞིན་གྱི་རྡོ་རྗེ་འཆང་བར་མཛད་པས་ན་ཕྱག་ན་རྡོ་རྗེའོ། །ནམ་མཁའ་ནི་སྒྲིབ་པ་དང་བྲལ་བའི་ཡེ་ཤེས་ཏེ་དེ་ཉིད་སྙིང་པོ་སྟེ་ནམ་མཁའི་སྙིང་པོའོ། །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འཇིག་རྟེན་རྣམས་དབང་དུ་བྱེད་པས་ན་འཇིག་རྟེན་དབང་ཕྱུག་གོ། །འོད་གསལ་ཞིང་ཡིད་དུ་འོང་བའི་ཏིང་ངེ་འཛིན་གྱིས་བསྐུལ་བའི་དཔལ་ཡོད་པས་ན་འཇམ་དཔལ་ལོ། །སྒྲིབ་པ་ཐམས་ཅད་དང་ཉོན་མོངས་པ་རྣམས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་མནན་པས་ན་སྒྲིབ་པ་ཐམས་ཅད་སེལ་བའོ། །ཀུན་ནས་མཛེས་པས་ན་ཀུན་ཏུ་བཟང་པོའོ། །བྱམས་པའི་ཡོན་ཏན་གང་ལ་ཡོད་པས་ན་བྱམས་པའོ། །ཞེས་དང་། དེ་ལ་གཟུགས་ཀྱི་ཕུང་པོ་འོད་གསལ་དུ་ཞུགས་པའི་མཚན་མ་མཁས་པས་ཤེས་པར་བྱ་སྟེ། ཡན་ལག་ཐམས་ཅད་ཕྲ་བ་དང་། ལུས་ཀྱི་ཉམ་ཆུང་ཞིང་ལྷོད་པར་འགྱུར་རོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཐིམ་པ་ན་རབ་རིབ་ཏུ་འགྱུར་རོ། །སའི་ཁམས་འགགས་པ་ན་ལུས་བསྐམ་པར་འགྱུར་རོ། །མིག་གི་དབང་པོ་འགགས་པ་ན་མིག་འགྱུར་ཞིང་ཟུམ་པར་འགྱུར་རོ། །གཟུགས་ཀྱི་ཡུལ་འགགས་པ་ན་རང་གི་ལུས་ཀྱི་མདངས་མེད་ཅིང་ཉམས་ཟད་པ་ཉིད་དུ་འགྱུར་རོ། །དེ་ལྟར་འཁོར་བ་ཐོག་མ་མེད་པ་ནས་རྐང་མེད་དང་། རྐང་གཉིས་དང་། རྐང་བཞི་དང་། རྐང་མང་ལ་སོགས་པའི་སེམས་ཅན་རྣམ་པར་སྣང་མཛད་ཀྱི་རིགས་ཅན་རྣམས་སྐུའི་དཀྱིལ་འཁོར་ལ་གནས་ཏེ། དོན་དམ་པའི་དཀྱིལ་འཁོར་དུ་སྐད་ཅིག་པའི་རིམ་གྱིས་འཇུག་གོ། །གང་དག་ཆ་ཤས་ལ་གནས་པ་དེ་དག་ནི་འདིར་རྣམ་པར་བཞག་པ་མེད་མོད་ཀྱི། འོན་ཀྱང་རིམ་གྱིས་དོན་དམ་པའི་བདེན་པར་རབ་ཏུ་འཇུག་གོ། །དེ་བཞིན་དུ་གཉེས་པ་རིན་པོ་ཆེའི་རིགས་ཀྱི་ལྷ་རྣམས་དོན་དམ་པའི་བདེན་པར་འཇུག་པ་དེའི་ཚེ་མཚན་མ་མཁས་པས་ཤེས་པར་བྱ་སྟེ། ཚོར་བའི་ཕུང་པོ་ཐིམ་པ་ན་རླུང་དང་མཁྲིས་པ་བད་ཀན་ལ་སོགས་པ་ལུས་ཚོར་བ་ཉམས་སུ་མྱོང་བར་མི་འགྱུར་རོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཐིམ་པ་ན་ཡིད་ཀྱི་ཚོར་བ་རྣམ་པ་གསུམ་དྲན་པར་མི་འགྱུར་རོ། །ཆུའི་ཁམས་བསྐམ་པ་ན་རང་གི་ལུས་ལ་ཁ་ཆུ་དང་ཁྲག་དང་ཁུ་བ་ལ་སོགས་པ་བསྐམ་པར་འགྱུར་རོ། །རྣ་བའི་དབང་པོ་ཐིམ་པ་ན་ཕྱི་དང་ནང་དུ་བཅས་པའི་སྒྲ་ཐོས་པར་མི་འགྱུར་རོ། །སྒྲའི་ཡུལ་ཐིམ་པ་ན་རང་གི་ལུས་ཀྱི་སྒྲ་ཐོས་པར་མི་འགྱུར་རོ། །གཉིས་པ་རིན་པོ་ཆེའི་རིགས་ཀྱི་ལྷ་རྗེས་སུ་གཞུག་གོ། །གསུམ་པ་པདྨའི་རིགས་ཀྱི་ལྷ་རྣམས་འཇུག་པའི་དུས་སུ་མཚན་མ་མཁས་པས་ཤེས་པར་བྱ་སྟེ། འདུ་ཤེས་ཀྱི་ཕུང་པོ་ཐིམ་པ་ན་རྐང་གཉིས་ལ་སོགས་པའི་སེམས་ཅན་རྣམས་དྲན་པར་མི་འགྱུར་རོ། །སོ་སོར་རྟོག་པའི་ཡེ་ཤེས་ཐིམ་པ་ན་ཕ་དང་། མ་དང་། བུ་དང་། གཉེན་ལ་སོགས་པའི་འགྲོ་བ་ཐམས་ཅད་ཀྱི་མིང་མི་དྲན་ནོ། །མེའི་ཁམས་ཐིམ་པ་ན་བཟའ་བ་ཐམས་ཅད་མི་འཇུའོ། །སྣའི་དབང་པོ་ཐིམ་པ་ན་སྟེང་གི་རླུང་བརྩེགས་ཤིང་འགྲོ་བར་འགྱུར་རོ། །དྲིའི་ཡུལ་ཐིམ་པ་ན་རང་གི་ལུས་ལ་དྲིའི་ཡུལ་བྲོ་བར་མི་འགྱུར་རོ། །གསུམ་པ་པདྨའི་རིགས་ཀྱི་ལྷ་རྣམས་རྗེས་སུ་གཞུག་པའོ། །བཞི་པ་ལས་ཀྱི་རིགས་ཀྱི་ལྷ་རྣམས་ཀྱི་ཡང་དག་པའི་མཐར་འཇུག་པའི་མཚན་མ་མཁས་པས་ཤེས་པར་བྱ་སྟེ། དེ་ལ་འདུ་བྱེད་ཀྱི་ཕུང་པོ་ཐིམ་པ་ན་ལུས་ཀྱི་བྱ་བ་ཐམས་ཅད་ལ་འཇུག་པར་མི་འགྱུར་རོ། །བྱ་བ་གྲུབ་པའི་ཡེ་ཤེས་ཐིམ་པ་ན་འཇིག་རྟེན་པའི་བྱ་བ་དང་དགོས་པ་ཐམས་ཅད་དྲན་པར་མི་འགྱུར་རོ། །རླུང་གི་ཁམས་ཐིམ་པ་ན་སྲོག་ལ་སོགས་པའི་རླུང་བཅུ་རང་གི་གནས་ནས་འཕོ་བའོ། །ལྕེའི་དབང་པོ་ཐིམ་པ་ན་ལྕེ་སྦོམ་པ་དང་། ཐུང་བ་དང་། རྩ་བ་སྔོན་པོར་འགྱུར་རོ། །རོའི་ཡུལ་ཐིམ་པ་ན་རོ་དྲུག་ཉམས་སུ་མི་མྱོང་ངོ་། །བཞི་པ་ལས་ཀྱི་རིགས་ཀྱི་ལྷ་རྣམས་རྗེས་སུ་གཞུག་པའོ། །ལྷག་མ་རང་བཞིན་གྱི་སྣང་བ་འཇམ་དཔལ་གྱི་ཡེ་ཤེས་རིམ་པ་གཉིས་པ་བྱ་སྟེ། དེ་ཡང་སྲོག་དང་རྩོལ་བ་དང་བཅས་པ་རྡོ་རྗེ་བཟླས་པའི་རིམ་པས་གནས་ཏེ། རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའི་རིམ་པས་མི་ཤིགས་པ་མངོན་དུ་བྱ་སྟེ། འཛིན་པ་ཉེ་བར་བསྡུས་པ་དེའི་ཚེ། ཨོཾ་ཤཱུནྱ་ཏཱ་ནས། ཀོ྅ཧཾ། ཞེས་བྱ་བའི་སྔགས་ཀྱི་དོན་མངོན་སུམ་དུ་བྱེད་པར་འགྱུར་རོ། །ཞེས་གསུངས་སོ། ། ༈}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 15:58, 1 June 2024
🚧 This website is under continued development. We appreciate your patience!
Wylie title | Ar+Ya de wa'i spyod bsdus sgron ma las zab gnad gces btus sogs dang | |
---|---|---|
Location | mkhyen brtse'i bka' 'bum Volume 5, sde tshan 2, Text 12, Pages 423-481 (Folios 178a5 to 207a5) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Citation | 'jam dbyangs mkhyen brtse'i dbang po. Ar+Ya de wa'i spyod bsdus sgron ma las zab gnad gces btus sogs dang. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 5: 423-481. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |
Genre | Completion Stage - rdzogs rim · Detailed Explanation - rnam bshad |
1 Texts in this Section (sde tshan or chos tshan)