JKW-KABAB-20-WA-023: Difference between revisions
From Khyentse Lineage - A Tsadra Foundation Project
JKW-KABAB-20-WA-023
No edit summary |
m (Text replacement - "Khyentse Metadata" to "Text") |
||
(One intermediate revision by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
Line 44: | Line 44: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །རྡོ་རྗེ་ཕུར་པའི་གནད་ཏིག་གི་ཁྲིད་ཀྱི་ཟིན་བྲིས་བླ་མའི་མན་ངག་ཡེ་ཤེས་སྣང་བ་བཞུགས་སོ།།དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་དཔལ་ལྡན་བླ་མ་དམ་པ་བཀའ་དྲིན་མཉམ་མེད་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་སྩལ་གྱི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །རྒྱལ་ཀུན་སྤྱི་གཟུགས་རིགས་བདག་དྲུག་པ་ཡི། །སྒྱུ་འཕྲུལ་སྣང་བས་རྒྱུད་སྡེ་རྒྱ་མཚོའི་བཅུད། །བསྟན་པའི་ཉི་མ་འགྲོ་ལ་གསལ་མཛད་པའི། །པདྨ་མདོ་སྔགས་གླིང་པ་སྤྱྀ་བོར་རྒྱལ། །འོད་གསལ་མི་ཤིགས་རྡོ་རྗེ་ཐིག་ལེའི་ངང༌། །སྐྱེ་འཆི་ཀུན་བྲལ་གཞོན་ནུ་རིག་པའི་རྩལ། །ཁྲོས་པའི་ཉམས་བརྒྱས་ས་གསུམ་བདུད་སྡེའི་དཔུང༌། །གཞོམ་མཛད་ལྷག་པའི་ལྷ་ཁྱོད་སྙིང་དབུས་འདུད། །འོག་མིན་པདྨ་དྲྭ་བའི་ཞིང༌། །སྟོན་པས་རྒྱུད་སྡེ་བཀའ་གཏེར་ཀུན། །གསུངས་པའི་མཐར་ཐུག་སྙིང་པོའི་བཅུད། །བླ་མའི་མན་ངག་ཇི་བཞིན་བཤད། །དེ་ལ་འདིར་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་པའི་ཕྲིན་ལས་གཅིག་ཏུ་བསྡུས་པའི་བདག་ཉིད་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ལ་བཀའ་གཏེར་བསྐྱེད་རྫོགས་ཀྱི་ལམ་སྲོལ་དུ་མ་ཞིག་ཡོད་པ་ལས། འདིར་ཉེ་རྒྱུད་གཏེར་མའི་ཕྱོགས་སུ་གཏོགས་པའི་སྙན་བརྒྱུད་ཕུར་པའི་གནད་ཏིག་གི་ཁྲིད་ལ་གསུམ། སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ། དང་པོ་ལ་ཐུན་གྱི་སྔོན་འགྲོ་དང༌། ཁྲིད་ཀྱི་སྔོན་འགྲོ་གཉིས། དང་པོ་ལ། ཉིན་མོར་སྐྱེ་བོའི་རྒྱུ་འགྲུལ་དང་མཚན་མོར་དགྲ་རྐུན་གྱི་ཅ་ཅོ་སོགས་བསམ་གཏན་གྱྀ་ཚེར་མ་མེད་པའི་གནས་དབེན་པར་བདེ་བའི་བསྟན་ལ་ལུས་གནད་རྣམ་སྣང་ཆོས་བདུན་ལྡན་དུ་འདུག །ངག་གནད་རླུང་གཡས་གཡོན་དབུས་གསུམ་ནས་རླུང་རོ་སུམ་ཕྲུགས་སམ་དགུ་ཕྲུག་བསལ། ནད་གདོན་སྡིག་སྒྲིབ་དང་ཁྱད་པར་ལམ་སྒོམ་པའི་བར་དུ་གཅོད་པ་ཐམས་ཅད་དག་ནས་སོར་བཅུ་དྲུག་ཙམ་རླུང་ཕྱིར་སོང་ནས་འོད་གསལ་སྟོང་ཉིད་ཀྱི་ངང་དུ་ཡལ་བར་བསམ། ཡིད་གནད་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བའི་སྒོ་ནས་རང་གི་མདུན་གྱི་ནམ་མཁར་ཡིད་འཕྲོག་པའི་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས་སུ་བླ་མ་དང་གཉིས་སུ་མེད་པའི་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་གསལ་བ་ལ་མོས་གུས་གདུང་ཤུགས་དྲག་པོའི་སྒོ་ནས་གསོལ་བ་གདབ། བླ་མ་དགྱེས་པ་ཆེན་པོས་འོད་དུ་ཞུ་རང་ལ་ཐིམ་པས་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་དུ་འདྲེས་ཏེ་ཉི་མ་ཤར་བ་ན་མུན་པ་རང་སངས་བཞིན་དུ་སྡིག་སྒྲིབ་ཐམས་ཅད་དག་པར་བསམ། ཐུགས་ཡིད་བསྲེས་ཏེ་དབྱིངས་རིག་དབྱེར་མེད་ཀྱི་ངང་དུ་དུས་གསུམ་གྱི་རྟོག་པའི་སྤྲོས་པ་བཅད་དེ་མཉམ་པར་བཞག་པར་བྱའོ། །གཉིས་པ་ལ་ཐུན་མོང་དང༌། ཐུན་མིན་གྱི་སྔོན་འགྲོ་གཉིས་ལས། དང་པོ་ལ་བཞི། ཆོས་ལ་འཇུག་པའི་རྒྱུ་དལ་འབྱོར་རྙེད་དཀའ་བསམ་པ། ཆོས་ལ་འཇུག་པའི་རྐྱེན་འཆི་བ་མི་རྟག་པ་བསམ་པ། ཆོས་ལ་འཇུག་པའི་འབྲས་བུ་ལས་འབྲས་བླང་དོར་ཚུལ་བཞིན་བྱ་བ། ཆོས་ལ་འཇུག་པའི་ངོ་བོ་འཁོར་བ་ལ་ངེས་འབྱུང་བསྐྱེད་པ་སྟེ་དེ་རྣམས་ནི་གཞན་ལས་འབྱུང་བ་ལྟར་ཉམས་སུ་བླངས་བར་བྱའོ། །གཉིས་པ་ལ་ཐེག་ཆེན་ལམ་གྱི་རྩ་བ་སྐྱབས་སུ་འགྲོ་བ། ཐམས་ཅད་མཁྱེན་པའི་ལམ་གྱི་སྙིང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། བསགས་སྦྱོང་སྤེལ་གསུམ་གྱི་གནད་ཅིག་ཏུ་བསྡུས་པ་བླ་མའི་རྣལ་འབྱོར་དང་གསུམ་མོ། །དང་པོ་ནི། རང་གཞན་འཁོར་བ་ལས་བསྒྲལ་བའི་ཕྱིར་ར་མདའ་ཞུ་བའི་སླད་དུ་བླ་མ་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་ནི། ཨཱཿ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ འགགས་མེད་སྣང་བའི་ཕྱག་རྒྱར་བཞེངས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཞེས་གསུངས་ཏེ། ཨཱཿཞེས་བརྗོད་པ་དང་མཉམ་དུ་ཐ་མལ་གྱི་སྣང་བ་ཐམས་ཅད་འོད་གསལ་གྱྀ་དབྱིངས་སུ་ཐིམ་པའི་སྐད་ཅིག་གཉིས་པར། རང་གི་མདུན་གྱི་ནམ་མཁར་པདྨ་དང་ཉི་མ་ཟླ་བ་དྲེགས་པ་ལྷ་ཆེན་ཕོ་མོའི་གདན་གྱི་སྟེང་དུ། གདོད་ནས་རང་བཞིན་གྱི་རྣམ་པར་དག་པ་སྐྱེ་བ་མེད་པའི་དབྱིངས་སྟོང་པ་ཉིད་ཀྱི་ངང་ལས། གདངས་ཆ་རིག་པའི་རྩལ་འགགས་པ་མེད་པའི་ཡེ་ཤེས་བླ་མ་དང་གཉིས་སུ་མེད་པ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ལ་རྩ་གསུམ་རབ་འབྱམས་ཀྱིས་བསྐོར་བ་སྤྲིན་ཕུང་འཁྲིགས་པ་བཞིན་དུ་བཞུགས་པར་མོས་ལ། དེའི་མདུན་དུ་རང་གི་ཚེ་འདིའི་ཕ་མ་གཙོར་བྱས་པའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་སྟོན་མོ་ཆེན་པོ་ལ་ཁྲོམ་ཚོགས་པ་བཞིན་དུ་འདུས་ནས་ཐལ་མོ་སྙིང་གར་སྦྱར། ངག་གི་སྒོ་ནས་སྐྱབས་འགྲོའི་ཚིག་བརྗོད། ཡིད་ཀྱིས་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར་ཅི་མཛད་ཁྱེད་ཀྱིས་ཤེས། ཁྱེད་ལ་བརྟེན། ཁྱེད་ལ་འབུལ། ཁྱེད་ལས་གཞན་པའི་སྐྱབས་དང་རེ་ས་མེད་པས་ཁྱེད་མཁྱེན་སྙམ་པའི་མོས་གུས་གདུང་ཤུགས་དྲག་པོའི་སྒོ་ནས་སྐྱབས་འགྲོ་བཟླས་མཐར་སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས། སྒྲིབ་གཉིས་བག་ཆགས་དང་བཅས་པ་དག །ཐམས་ཅད་ལུས་ཟག་མེད་འཇའ་ལུས་རྡོ་རྗེའི་སྐུ་དང༌། སེམས་རྟོག་མེད་འོད་གསལ་ཆོས་ཀྱི་སྐུར་གྱུར་པར་བསམ། སེམས་ཅན་ཐམས་ཅད་སྐྱབས་ཡུལ་རྣམས་ལ་ཐིམ། སྐྱབས་ཡུལ་ལྷ་ཚོགས་འོད་དུ་ཞུ་ནས་དཔལ་ཆེན་པོ་ལ་ཐིམ། དེ་ཡང་དབུ་ཡི་གཙུག་གཏོར་ནས་མར་ཞུ། ཞབས་ཀྱི་གདན་ཁྲི་ནས་ཡར་ཞུ་ནས་འོད་ཀྱི་གོང་བུར་གྱུར་ནས་རང་ལ་ཐིམ། དཔལ་ཆེན་པོའི་རྡོ་རྗེ་གསུམ་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་བསམ་ལ་ཐུགས་ཡིད་བསྲེས་ཏེ་རིག་སྟོང་གཉུག་མ་བཞི་ཆ་གསུམ་བྲལ་གྱི་ངང་དུ་མཉམ་པར་བཞག་པ་ནི་དོན་དམ་པའི་སྐྱབས་འགྲོའོ། །གཉིས་པ་ནི། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བའི་སེམས་མཆོག་བསྐྱེད༔ ཅེས་གསུངས་ཏེ། མཁའ་ཁྱབ་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོའི་རང་བཞིན་གདོད་ནས་རྣམ་པར་དག་པ་ཡིན་ནའང༌། དེ་ལྟ་བུའི་གནས་ལུགས་མ་རྟོགས་པའི་ མ་རྒན་འགྲོ་བ་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་བློས་ཐབས་བསྐྱེད་པའི་རིམ་པ་དང་ཤེས་རབ་རྫོགས་པའི་རིམ་པ་གཉིས་ཀྱི་ལམ་ཟབ་མོ་ཉམས་སུ་བླང་ནས་ཁམས་གསུམ་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བར་བྱའོ་སྙམ་པ་དང་དངོས་གཞི་ཚད་མེད་བཞིའི་བློ་སྦྱོང་བ་དང༌། སྨོན་འཇུག་གི་དམ་བཅའ་ཅི་རིགས་པར་བྱའོ། །གསུམ་པ་ལ་ལྔ། དང་པོ་ཚོགས་ཞིང་གསལ་གདབ་པ་ནི། ཨ་ཞེས་བརྗོད་པ་དང་ལྷན་གཅིག་ཏུ་ཐ་མལ་གྱི་སྣང་བ་ཐམས་ཅད་འོད་གསལ་གྱི་དབྱིངས་སུ་ཐིམ་པའི་སྐད་ཅིག་གཉིས་པར། གནས་རྣམ་པར་དག་པ་འོག་མིན་དུར་ཁྲོད་གསང་ཆེན་རོལ་པའི་གཞལ་ཡས་ཁང་ཆེན་པོའི་དབུས་སུ། རང་གི་མདུན་གྱི་ནམ་མཁར་ཡེ་ཤེས་འོད་ལྔའི་ཀློང་དུ་སེང་ཁྲི་པདྨ་ཉི་ཟླའི་གདན་གྱི་སྟེང་དུ། ངོ་བོ་རང་གི་རྩ་བའི་བླ་མ་རྣམ་པ་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་གསལ་རྡོ་རྗེ་དང་དྲིལ་བུ་འཛིན་པ། རང་གི་འོད་ལས་སྐྱེས་པའི་ཡུམ་སྙེམས་མ་དཀར་མོ་དང་མཉམ་པར་སྦྱོར་བའི་བདེ་བས་དགྱེས་པ། ཡབ་ལ་དར་གྱི་ཆས་གོས་ལྔ་དང་རུས་པའི་རྒྱན་དྲུག་ལ་རིན་པོ་ཆེའི་ཁྲ་བཏབ་པ་དང༌། རིན་པོ་ཆེའི་དོ་ཤལ་ཕྱེད་པས་བརྒྱན་པ་འོད་ཟེར་བྱེ་བ་ཕྲག་དྲུག་ཏུ་འབར་བའི་ཀློང་ན་བཞུགས་པ། དེ་ལྟར་བླ་མའི་སྐུའི་དབྱིབས་རྡོར་སེམས་དང་དེའི་ཐུགས་ཀའི་ནང་ཡེ་ཤེས་སྙིང་པོའི་སྲོག་ཅེས་བླ་མའྀ་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་བདག་ཉིད་བཅོམ་ལྡན་འདས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ན་ཕུར་བུ་འདྲིལ་བ། ཡུམ་འཁོར་ལོ་རྒྱས་འདེབས་མ་མཐིང་ལ་སྐྱ་བའི་རྣམ་པ་ཅན་ཕྱག་གཉིས་ཨུཏྤལ་དང་དུང་ཁྲག་བསྣམ་པ། དཔལ་དང་དུར་ཁྲོད་རོལ་པའི་ཆས་ཐམས་ཅད་ཀྱིས་བརྒྱན་པ། ཡབ་ཡུམ་མཉམ་པར་སྦྱོར་བའི་ཐུགས་རྒྱུད་ལ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་འཁྲུངས་ཤིང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པ་འོད་ཟེར་གཟི་བརྗིད་དཔལ་དུ་འབར་བ་ཕྱི་ལྟར་ན་དཀོན་མཆོག་གསུམ། ནང་ལྟར་ན་རྩ་བ་གསུམ། གསང་བ་ལྟར་ན་སྐུ་གསུམ་གྱི་ངོ་བོར་བཞུགས་པར་བསམ་མོ། །གཉིས་པ་ཐུན་མོང་ཚོགས་བསགས་ཡན་ལག་བརྒྱད་པ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱི་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང་༔ དག་པའི་མཐའ་བཞི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔ དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔ ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོ་བསྔོ༔ ཞེས་གསུངས་ཏེ། དང་པོ་ཕྱག་འཚལ་བའི་ཡན་ལག་ཡུལ་དུས་གསུམ་དུ་གཤེགས་ཤིང་གཤེགས་ལ་འབྱོན་པར་འགྱུར་བའི་སངས་རྒྱས་ཐམས་ཅད་དང་དབྱེར་མེད་པའི་རྡོ་རྗེ་སློབ་དཔོན་ལ་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ་དང༌། སྐྱབས་སུ་འགྲོ་བའི་ཡན་ལག་ཚོགས་ཞིང་གསལ་བཏབ་པའི་དཀོན་མཆོག་གསུམ་ལ་སྟོན་པ་ལམ་གྲོགས་ཀྱི་སྒོ་ནས་སྐྱབས་སུ་འགྲོ་བ་ཀུན་རྫོབ་བརྡའི་སྐྱབས་འགྲོ་དང༌། རང་གི་སེམས་ཉིད་གདོད་ནས་དོན་དམ་པའི་དཀོན་མཆོག་གསུམ་དང་གཉིས་སུ་མེད་པར་ཤེས་པའི་སྒོ་ནས་དོན་དམ་ངེས་པའི་སྐྱབས་སུ་འགྲོ་བ་དང༌། མཆོད་པའི་ཡན་ལག་དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་ནམ་མཁའི་མཐའ་ཀླས་པ་འབུལ་བ་དང༌། བཤགས་པའི་ཡན་ལག་ཐུན་མོང་དང་མཆོག་གི་དངོས་གྲུབ་ལ་བར་དུ་གཅོད་པའི་གེགས་སྡིག་པ་དང་ལྟུང་བ་ཉེས་བྱས་གང་ཡོད་ཐམས་ཅད་སྙིང་ཐག་པ་ནས་བཤགས་པར་བགྱི་བ་དང༌། རྗེས་སུ་ཡི་རང་བའི་ཡན་ལག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བདེན་པ་གཉིས་ཀྱི་བསྡུས་པའི་འཁོར་འདས་ལམ་གསུམ་གྱི་དགེ་བའི་རྩ་བ་ཐམས་ཅད་ལ་མ་ཆགས་པ་དང་ཕྲག་མི་དོག་པའི་སྒོ་ནས་སྙིང་ཐག་པ་ནས་ཡི་རང་བ་དང༌། སེམས་བསྐྱེད་པའི་ཡན་ལག་རང་གི་སེམས་ཉིད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་ཡོད་མེད་རྟག་ཆད་ལ་སོགས་པའི་དྲི་མ་དག་པའི་དོན་དམ་པའི་སེམས་བསྐྱེད་པར་བདག་གི་རྒྱུད་ལ་དམ་བཅའ་བ་དང༌། ལུས་དབུལ་བའི་ཡན་ལག་འདས་པའི་སངས་རྒྱས་བདེ་བཤེགས་རྣམས་ལ་ལུས་འབུལ་བ་ལ་བརྟེན་ནས་རྒྱལ་བའི་གདུང་འཚོབས་པའི་དགོས་པ་དང༌། ད་ལྟའི་དཀྱིལ་འཁོར་གྱི་དབང་ཕྱུག་རྡོ་རྗེ་སློབ་དཔོན་ལ་ལུས་འབུལ་བ་ལ་བརྟེན་ནས་བདག་རྒྱུད་བྱིན་གྱིས་བརླབ་པའི་དགོས་པ་དང༌། སེམས་ཅན་ཐམས་ཅད་ལ་ལུས་འབུལ་བ་ལ་བརྟེན་ནས་མ་འོངས་པ་ན་གདུལ་བྱར་འགྱུར་བའི་རྟེན་འབྲེལ་བསྒྲིག་པ་དང་བཅས་ཏེ། དགོས་པ་གསུམ་གྱི་སྒོ་ནས་ལུས་རིལ་པོར་འབུལ་བ་དང༌། བསྔོ་བའི་ཡན་ལག་དུས་གསུམ་དུ་བསགས་ཤིང་བསོགས་ལ་སོགས་པར་འགྱུར་བའི་ལས་དགེ་བའི་རྩ་བ་ཐམས་ཅད་བློས་ཕྱོགས་གཅིག་ཏུ་བསྡོམས་སྟེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཆོས་ཀྱི་དབྱིངས་ལ་མི་བསྔོ་བའི་ཚུལ་གྱིས་བསྔོ་བའོ། །གསུམ་པ་ཐུན་མོང་མ་ཡིན་པའི་ཚོགས་བསགས་པ་ནི། སྒྲུབ་པའི་མཎྜལ་ཚོགས་ཞིང་གསལ་བཏབ་པ་ལ། མཆོད་པའི་མཎྜལ་འདུ་བྱས་ལ། ཕྱི་ཀུན་རྫོབ་རྫས་ཀྱི་མཎྜལ། ནང་རྡོ་རྗེ་ལུས་ཀྱི་མཎྜལ། གསང་བ་བྱང་ཆུབ་སེམས་ཀྱི་མཎྜལ་གསུམ་པོ་ཐམས་ཅད་ངོ་བོ་རང་གི་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་ལས་བྱུང་བ། རྣམ་པ་རི་རབ་གླིང་བཞྀ་ལྷ་མའི་འབྱོར་པ་ཐམས་ཅད་དང༌། བྱེད་ལས་ཚོགས་ཞིང་རྣམས་ཀྱི་ཐུགས་རྒྱུད་ལ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་བསྐྱེད་ནུས་པ། དེ་ཡང་རྡུལ་རེ་རེའི་ཁོངས་སུ་རྡུལ་སྙེད་ཀྱི་གྲངས་དང་མཉམ་པའི་མནྜལ་གྱི་བཀོད་པ་ཡུལ་ནམ་མཁའི་མཐའ་དང་མཉམ་པ། དུས་ཇི་སྲིད་བསྐལ་པ་མ་སྟོང་གི་བར་དུ་འབུལ་བར་མོས་པའོ། །བཞི་པ་འགལ་རྐྱེན་སྡིག་ལྟུང་སྦྱོང་བར་བྱེད་པ་རྡོ་རྗེ་སེམས་དཔའི་སྒོམ་ཟླས་ནི། རྟེན་གྱི་སྟོབས་བླ་མ་དང་དབྱེར་མེད་པའི་ཞི་ཁྲོ་སྦྲགས་སྒྲུབ་གོང་ལྟར་རང་གི་སྤྱི་བོར་གསལ་བཏབ་ནས་སྡིག་ལྟུང་སོགས་དག་པ་ཁྱེད་མཁྱེན་ནོ་སྙམ་པ་དང༌། རྣམ་པར་སུན་འབྱིན་པའི་སྟོབས་སྔར་བྱས་ཀྱི་སྡིག་པ་ལ་དུག་འཐུང་བ་ལྟར་འགྱོད་སེམས་སྐྱེས་པ་དང༌། སོར་ཆུད་པའི་སྟོབས་ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པ་དང༌། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་ཐུགས་ཀའི་ཧཱུྃ་ཡིག་གི་མཐར། ཨོཾ་བཛྲ་སཏྭ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཞེས་རང་སྒྲ་སྒྲོགས་བཞིན་པ་གསལ་ལ་སྔགས་བཟླ། སྔགས་ཕྲེང་ལས་འོད་ཟེར་ཡར་འཕྲོས་འཕགས་པ་མཆོད་མར་འཕྲོས་རིགས་དྲུག་གི་སྡུག་བསྔལ་སྦྱངས། ཚུར་འདུས་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབ་ཡབ་ཡུམ་གཉིས་ཀའི་སྐུ་ལུས་གང་མཐར་མ་ཤོང་བའི་ཚུལ་གྱིས་ཡུམ་གྱི་པདྨོ་ནས་རང་གི་ཚང་བུག་ཏུ་ཞུགས་ལུས་ཀྱི་ནང་ཐམས་ཅད་ཁེངས་པ་ལ་བརྟེན་ནས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བ་སྤུ་དང་འོག་སྒོ་ནས་ཕྱིར་སོང༌། དབང་བཞི་ཐོབ། སྒྲིབ་བཞི་དག །ལམ་བཞི་སྒོམ་པ་ལ་དབང༌། སྐུ་བཞི་མངོན་དུ་གྱུར་པ་ཡིན་སྙམ་པའི་མོས་པ་བྱའོ། །ལྔ་པ་བྱིན་རླབས་མྱུར་དུ་འཇུག་པར་བྱེད་པ་བླ་མ་ལ་གསོལ་བ་འདེབས་པ་ལ་གཉིས། དང་པོ་ཐུགས་དམ་གནད་ནས་བསྐུལ་ཏེ་གསོལ་བ་གདབ་པ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པ་ལ༔ རིག་པ་ཡེ་ཤེས་གཟུགས་ཀྱི་སྐུ༔ བླ་མ་དཔལ་ཆེན་ཞི་ཁྲོའི་ལྷ༔ སྐྱབས་ཀུན་འདུས་པའི་བདག་ཉིད་ལ༔ སྙིང་ནས་གུས་པས་གསོལ་བ་འདེབས༔ ཐུགས་དམ་ཟབ་མོའི་རྒྱུད་བསྐུལ་ན༔ བྱིན་གྱིས་རློབས་ཅིག་བླ་མ་རྗེ༔ དངོས་གྲུབ་སྩོལ་ཅིག་ཡི་དམ་ལྷ༔ བདེ་ཆེན་དབང་བསྐུར་མཁའ་འགྲོའི་ཚོགས༔ སྒོ་གསུམ་སྨིན་ཅིང་གྲོལ་བ་དང་༔ འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས༔ ཅེས་གསུངས་ཏེ། ཧཱུྃ་ཧཱུྃ་ཧཱུྃ། ཞེས་ཐུགས་དམ་ཟབ་མོ་གནད་ནས་བསྐུལ་ཏེ། ཆོས་ཐམས་ཅད་ཀྱི་གནས་ལུགས་ཀ་དག་སྐྱེ་བ་མེད་པའི་ངང་ལས། རིག་པ་ཡེ་ཤེས་མ་འགགས་པ་གཟུགས་ཀྱི་སྐུར་སྣང་བ། ངོ་བོ་བླ་མ་ཡིན་པ་ལ་རྣམ་པ་དཔལ་ཆེན་པོ་ཞི་ཁྲོའི་ལྷ་ཡི་ཞལ་ཕྱག་གི་རྣམ་པར་ཤར་བ། རྣམ་འགྱུར་ཡབ་ཡུམ་སྙོམས་པར་སྦྱོར་ཞིང་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པ། ཕྱི་ལྟར་ན་དཀོན་མཆོག་གསུམ། ནང་ལྟར་ན་རྩ་བ་གསུམ། གསང་བ་ལྟར་ན་སྐུ་གསུམ་གྱི་བདག་ཉིད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བཞུགས་ཤིང༌། ཡོན་ཏན་གྱི་ངོས་ནས་སངས་རྒྱས་ཐམས་ཅད་དང་མཉམ་པ། བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ཐམས་ཅད་ལས་ཀྱང་ལྷག་པ། སྐྱོན་ཀུན་ཟད་ཡོན་ཏན་ཀུན་ཚང་བ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་བདག་ཉིད་ཡིན་པར་ཐག་བཅད། ངེས་ཤེས་སྐྱེད། གློ་སྙིང་བྲང་གསུམ་ལིང་གིས་གཏད། འདི་ནས་བྱང་ཆུབ་སྙིང་པོའི་བར་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཁྱེད་མཁྱེན་ནོ་སྙམ་པའི་རེ་ལྟོས་ལིང་བསྐྱུར་གྱིས་ལུས་ཀྱི་བ་སྤུ་གཡོ་བ། མིག་ནས་མཆི་མ་འཁྲུག་པ། ཕར་ཐིམ་ཕོད་པ། ཚུར་བྲལ་མི་ཐུབ་པ། བློ་སྣ་བླ་མས་འཕྲོག་པ། བསམ་རྒྱུ་བླ་མ་ལས་མེད་པ། སྙིང་ནས་གུས་པས་གསོལ་བ་འདེབས་ཤིང༌། ཐུགས་དམ་ཟབ་མོའི་རྒྱུད་བསྐུལ། རྩ་བརྒྱུད་བླ་མ་ཐམས་ཅད་ཀྱིས་བྱིན་རླབས་གཅིག་ཏུ་བསྡུས་པའི་བདག་ཉིད་ཡིན་པས་བདག་རྒྱུད་བྱིན་གྱིས་རློབས་ཤིག །ཡི་དམ་དཀྱིལ་འཁོར་ཐམས་ཅད་ཀྱི་སྤྲོ་བ་དང་བསྡུ་བའི་བདག་ཉིད་ཡིན་པས་ན་མཆོག་ཐུན་མོང་གི་དངོས་གྲུབ་སྩོ་ཅིག །རྩ་ཁམས་ཐམས་ཅད་དཔའ་བོ་རྣལ་འབྱོར་མའི་འཁོར་ལོར་བཞུགས་པ་དང༌། མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་བཀའ་ཉན་གསུང་སྡོད་ཀྱི་ཚུལ་དུ་བཞུགས་པས་ན་བདེ་བ་ཆེན་པོའི་དབང་མཆོག་བསྐུར་ཅིག །བདག་གི་སྒོ་གསུམ་མ་སྨིན་པ་སྨིན་པ་དང༌། སྨིན་ཟིན་གྲོལ་བ་དང༌། ལུས་ཟག་མེད་འཇའ་ལུས་རྡོ་རྗེའི་སྐུར་གྱུར། སེམས་རྟོགས་མེད་འོད་གསལ་ཆོས་ཀྱི་སྐུར་སྨིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ཕུར་ཚུགས་སུ་གདབ་པའོ། །གཉིས་པ་བྱིན་རླབས་གཞུག་ཅིང་དབང་བཞི་བླང་ནས་ཐུགས་ཡིད་བསྲེས་ཏེ་མཉམ་པར་བཞག་པ་ནི། རིག་ཀུན་ཁྱབ་བདག་ཞི་ཁྲོའི་ལྷ༔ སྙོམས་ཞུགས་བྱང་ཆུབ་སེམས་ཀྱི་རྒྱུན༔ སྤྱི་བོར་ནས་ཞུགས་གནས་བཞིར་བབས༔ དབང་བཞི་ཡེ་ཤེས་འཕེལ་བར་བསམ༔ དམིགས་མེད་བརྗོད་བྲལ་ངང་དུ་བཞག༔ ཅེས་གསུངས་ཏེ། དེ་ལྟར་གསོལ་བ་ཕུར་ཚུགས་སུ་བཏབ་པ་ལ་བརྟེན་ནས་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་ཏེ། བྱང་ཆུབ་སེམས་ཀྱི་རྒྱུན་རང་གི་སྤྱི་བོར་བྱུང་ལུས་ཀྱི་ནང་གང༌། དབང་བཞི་ཐོབ། སྒྲིབ་བཞི་དག །ལམ་མཚན་མ་རྫས་ཀྱི་ཕུར་བུ་དང༌། བསྐྱེད་རིམ་སྲིད་པ་ཕུར་བུ་དང༌། རྫོགས་རིམ་བྱང་སེམས་ཕུར་བུ་དང༌། རིག་པ་ཡེ་ཤེས་ཀྱི་ཕུར་བུ་སྟེ་ལམ་བཞི་བསྒོམ་པ་ལ་དབང༌། སྐུ་བཞི་ཐོབ་པའི་ནུས་ལྡན་དུ་བྱས་པར་བསམ་སྟེ། མཐར་བླ་མ་ཡབ་ཡུམ་འོད་དུ་ཞུ་ནས་རང་ལ་ཐིམ། ཐུགས་ཡིད་བསྲེས་ཏེ་སོ་སོར་རང་རིག་པའི་ཡེ་ཤེས་ཀྱི་ཉམས་སུ་མྱོང་བ། མྱོང་དུས་ཉིད་ནས་ངག་གིས་བརྗོད་པ་དང་བློས་བསམ་པ་ཐམས་ཅད་ལས་འདས་པ་གསལ་བ་སྟོང་པ་རིག་པའི་སྙིང་པོ་ཅན་གྱི་ངང་དུ་མཉམ་པར་བཞག་པའོ། །གཉིས་པ་དངོས་གཞི་ལ་གཉིས། ལྟ་བས་ཐག་བཅད་པ་དང་སྒོམ་པས་ཉམས་སུ་བླང་བའོ། །དང་པོ་ནི། གདོད་ནས་རང་བཞིན་གྱིས་རྣམ་པར་དག་པ་རང་གི་སེམས་ཉིད་ངོ་བོ་སྟོང་པ་རང་བཞིན་གསལ་བ་རིག་སྟོང་གཉིས་མེད་ཀྱི་ཡེ་ཤེས་གཞི་དུས་ཀྱི་རྡོ་རྗེ་གཞོན་ནུར་ངོ་སྤྲད། དེ་ལྟར་བླ་མའི་བྱིན་རླབས་ལ་བསྟེན་ནས་ངོ་སྤྲད་པ་དེ་ལམ་བསྐྱེད་རྫོགས་རིམ་པ་གཉིས་ཀྱིས་རྒྱུན་སྐྱོང་སྟེ་ལམ་དུས་ཀྱི་རྡོ་རྗེ་གཞོན་ནུ་ཉམས་སུ་བླངས། ལམ་ཉམས་སུ་བླང་བ་ལ་བརྟེན་ནས་སྒྲིབ་གཉིས་མ་ལུས་ཐམས་ཅད་དག་ནས་གདོད་ནས་སྐུ་དང་ཡེ་ཤེས་རྒྱ་མཚོའི་ངོ་བོར་བཞུགས་པ་དེ་ཉིད་མངོན་དུ་གྱུར་སྟེ་གྲུབ་པ་འབྲས་བུའི་རྡོ་རྗེ་གཞོན་ནུ་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་མངོན་དུ་འགྱུར་བའོ། །གཉིས་པ་ལ་གཉིས། རྟེན་བསྐྱེད་པའི་རིམ་པ་དང༌། བརྟེན་པ་རྫོགས་པའི་རིམ་པའོ། །དང་པོ་ཏིང་ངེ་འཛིན་གཡོ་འགུལ་མེད་པ་རི་བོ་ལྟ་བུའི་གང་ཟག་གིས་བསྐྱེད་རིམ་སྲིད་པ་ཕུར་བུ། ཏིང་ངེ་འཛིན་གསུམ་གསལ་དག་བརྟན་གསུམ་འཇུག་གནས་ལྡང་གསུམ་ཐབས་ཁྱད་པར་ཅན་གྱི་སྒོ་ནས། ཁམས་གསུམ་གྱི་སྣང་ཞེན་ལ་བཏབ་ནས་སྲིད་གསུམ་གྱི་སྣང་བ་ཐམས་ཅད་དཔལ་རྡོ་རྗེ་གཞོན་ནུའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཆེན་པོར་ལྷ་སྣང་བསྡུ་ལྡང་བྱིན་གྱིས་རླབས་པའོ། །དེ་ལྟར་བསྐྱེད་རིམ་སྲིད་པ་ཕུར་བུ་ལ་གསུམ། སྐུ་བསྐྱེད་རིམ་ཕྱག་རྒྱའི་རྣལ་འབྱོར། གསུང་བཟླས་པ་སྔགས་ཀྱི་རྣལ་འབྱོར། ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་རོ། །དང་པོ་ལ་གསུམ། ཏིང་འཛིན་གསུམ་གྱིས་ཁོག་དབུབ་པ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པའོ། །དང་པོ་ནི། ཧཱུྃ༔ རྡོ་རྗེ་དེ་བཞིན་ཉིད་ཀྱི་དབྱིངས༔ སྙིང་རྗེའི་འགལ་ཟླ་ལ་ཁྲོས་པས༔ ཉོན་མོངས་ཞེ་སྡང་གཟུང་འཛིན་གཅོད༔ མཚོན་ཆེན་ཧཱུྃ་སྔོན་འོད་འབར་བ༔ རང་བྱུང་ནམ་མཁའི་དཀྱིལ་དུ་ཤར༔ འཁོར་འདས་སྲོག་གི་གོ་རུ་བསྒོམ༔ ཞེས་གསུངས་ཏེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། རང་གི་སེམས་ཉིད་བཅོས་སླད་དང་བྲལ་བ་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོའི་ངང་དུ་མཉམ་པར་བཞག་པའོ། །ཀུན་སྣང་གི་ཏིང་ངེ་འཛིན་ནི། དེ་ལྟར་མ་རྟོགས་པའི་འགྲོ་བ་ལ་སྙིང་རྗེའི་འགལ་ཟླ་ཞེ་སྡང་ལ་ཁྲོས་པའི་ཚུལ་གྱིས་སྙིང་རྗེ་ཆེན་པོ་བསྐྱེད་པའོ། །རྒྱུའི་ཏིང་ངེ་འཛིན་ནི། སྟོང་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ངོ་བོ་ཧཱུྃ་ཡིག་ནམ་མཁར་གསལ་གདབ། འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་ངོ་བོ་རྣམ་པ་འོད་དང་གཞལ་ཡས་ཁང་ལྷ་སྔགས་ཅིར་ཡང་འཕྲུལ་པའི་རང་བཞིན་ཅན་དུ་མོས་པའོ། །གཉིས་པ་ལ་གཉིས། རྟེན་གཞལ་ཡས་ཁང་བསྐྱེད་པ་དང༌། བརྟེན་པ་ལྷ་བསྐྱེད་པའོ། །དང་པོ་ནི། ཆོ་འཕྲུལ་ཆེན་པོའི་ཏིང་འཛིན་གྱིས༔ སྣོད་བཅུད་དངོས་འཛིན་དབྱིངས་སུ་སྦྱངས༔ ཀློང་ལྔའི་དྭངས་མ་འབྱུང་རིམ་སྟེང་༔ ཡེ་ཤེས་ལྔ་རྫོགས་གཞལ་མེད་ཁང་༔ དུར་ཁྲོད་དྲག་པོའི་བཀོད་པ་ཅན༔ འཇིགས་ཤིང་སྐྱི་གཡའི་ནང་ཁོངས་སུ༔ གནམ་ལྕགས་ཙཀྲ་རྩིབས་བཅུའི་དབུས༔ ཅེས་གསུངས་ཏེ། ནམ་མཁར་གནས་པའི་རྒྱུའི་ཧཱུྃ་ཡིག་ལས་འོད་ཟེར་བྱུང་ཕྱི་ནང་སྣོད་བཅུད་ཀྱི་དངོས་འཛིན་ཐམས་ཅད་འོད་གསལ་གྱི་དབྱིངས་སུ་ཐིམ། དེ་ནས་ཧཱུྃ་ཡིག་ལས་འབྱུང་བཞི་རི་རབ་གཞལ་ཡས་ཁང་ཆེན་པོ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་འཇིགས་ཤིང་སྐྱི་གཡའ་བའི་ནང་དུ། གནམ་ལྕགས་ལས་གྲུབ་པའི་འཁོར་ལོ་རྩིབས་བཅུ་པ་གདན་ཐབས་དང༌། དེ་སྟེང་དུ་པདྨ་དང་ཉི་མ་ལྷ་ཆེན་ཁྱཽ་ཤུགས་དང་བཅས་པ་གསལ་བཏབ་སྟེ་གཞལ་ཡས་ཁང་ཞར་བྱུང་གདན་དང་བཅས་པ་བསྐྱེད་པའོ། །གཉིསཔ་བདག་དམ་ཚིག་པ་བསྐྱེད་པ་བསྙེན་པའི་ཡན་ལག་ལ་གསུམ། བདག་རྩ་བའི་དཀྱིལ་འཁོར། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར། སྲས་མཆོག་ཕུར་པའི་དཀྱིལ་འཁོར་བསྐྱེད་པའོ། །དང་པོ་ནི། བདག་ཉིད་མ་བཅོས་རྩ་བའི་ལྷ༔ རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་དཀར་གཡོན་དམར་རྔམས་བཞད་གཤེ༔ ཕྱག་དྲུག་ཡེ་ཤེས་རོལ་པའི་རྟགས༔ གཡས་གཉིས་རྡོ་རྗེ་རྩེ་དགུ་ལྔ༔ གཡོན་གཉིས་མེ་དཔུང་ཁ་ཊྭཾ་དང་༔ ཐ་མས་རི་རབ་ཕུར་བུ་འགྲིལ༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ མཐིང་སྐྱ་ཨུཏྤལ་དུང་ཁྲག་བསྣམས༔ དཔལ་དང་དུར་ཁྲོད་རོལ་པའི་ཆས༔ པད་ཉི་ལྷ་ཆེན་ཁྲོ་ཤུགས་སྟེང་༔ ཁམས་གསུམ་ཟིལ་གནོན་ཆེན་པོར་བཞེངས༔ ཅེས་གསུངས་ཏེ། ནམ་མཁར་གནས་པའི་རྒྱུའི་ཧཱུྃ་ཡིག་གདན་སྟེང་བབས་ཏེ་འོད་དུ་ཞུ་བ་ལས་བདག་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་སྟོན་གྱི་ནམ་མཁའ་དྭངས་པའི་མདོག་ལྟ་བུ། རྣམ་ཐར་གསུམ་དང་ལྡན་པའི་རྟགས་སུ་ཞབས་བཞི་གྱད་ཆེན་པོའི་དོར་སྟབས་ཀྱིས་བསྒྲད་པ། གཡས་ཞལ་དཀར་ལ་བཞད་པའི་ཉམས་ཅན། གཡོན་ཞལ་དམར་ལ་གཤེ་བའི་ཉམས་ཅན། དབུས་ཞལ་མཐིང་ལ་གཏུམ་པའི་ཉམས་ཅན། ཕྱག་དྲུག་གཡས་ཀྱི་དང་པོ་གཉིས་ན་རྡོ་རྗེ་རྩེ་དགུ་པ་དང་ལྔ་པ་འཛིན་པ། གཡོན་གྱི་དང་པོ་གཉིས་ན་མེ་དཔུང་དང་ཁ་ཊྭཾ་འཛིན་པ། གཡས་གཡོན་གྱི་ཐ་མ་གཉིས་ན་རི་རབ་ལྟ་བུའི་གནམ་ལྕགས་ཀྱི་ཕུར་བུ་འགྲིལ་བ། ཡུམ་འཁོར་ལོ་རྒྱས་འདེབས་མ་སྐུ་མདོག་མཐིང་ལ་སྐྱ་བའི་རྣམ་པ་ཅན། གཡས་ཨུཏྤལ་དང་གཡོན་དུང་ཁྲག་བསྣམས་པའོ། །རུ་ཏྲ་བསྒྲལ་བའི་ལོངས་སྤྱོད་ཐམས་ཅད་དཔལ་ཆེན་པོའི་བདག་གིར་བཞེས་པའི་དཔལ་གྱི་ཆས་བརྒྱད་ནི། གཟི་བརྗིད་འབར་བ་ཆུ་སྲིན་བརྗིད་པའི་ཆས། །ཐབས་དང་ཤེས་རབ་ཟུང་འབྲེལ་ཉི་ཟླའི་ཆས། །གདུག་པ་བསྲེག་བྱེད་ཡེ་ཤེས་མེ་ཡི་ཆས། །སྐྱེ་ཤི་རྩད་གཅོད་མཆེ་བ་ཟླ་གམ་ཆས། །ཁྱབ་མཛད་རེ་སྐོང་རྡོ་རྗེ་གཤོག་པའི་ཆས། །སངས་རྒྱས་སར་བགྲོད་རྡོ་རྗེ་བསེ་ཁྲབ་ཆས། །གནོད་གདུག་བཟློག་བྱེད་རྡོ་རྗེ་ལྕགས་ཀྱི་ཆས། །མངའ་ཐང་ཡོངས་རྫོགས་རྡོ་རྗེ་སློག་པའི་ཆས། །དེ་ལྟར་དཔལ་གྱི་ཆས་བརྒྱད་ཀྱིས་བརྒྱན་པ་དང༌། །དུར་ཁྲོད་ཀྱི་ཆས་བརྒྱད་ནི། གླང་ཀོ་རློན་པའི་སྟོད་གཡོགས། ཞིང་ལྤགས་ཀྱི་སྐེད་དཀྲིས། སྟག་ལྤགས་ཀྱི་ཤམ་ཐབས་བཅས་བགོ་བའི་གོས་གསུམ་དང༌། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། མཁུར་ཚོས་ལ་རཀྟའི་ཐིག་ལེ། ཨོས་ཀོ་ལ་ཞག་གི་ཟོ་རིས་ཏེ་བྱུག་པའི་རྩི་གསུམ། སྐམ་པོ་ལྔ་ཡི་དབུ་རྒྱན། རློན་པ་ལྔ་བཅུའི་དོ་ཤལ། ཐོད་པ་ཚལ་བུའི་ཕྱག་ཞབས་ཀྱི་གདུ་བུ་རྣམས་དང༌། དུག་ལྔའི་རང་གཟུགས་སྦྲུལ་རིགས་ལྔའི་བརྒྱན་བཅས་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ཁམས་གསུམ་ཟིལ་གྱིན་གནོན་པའི་བདག་ཉིད་ཅན། སྒེག་པ་འཇིགས་རུང་སྐུ་ཡི་གར། རྒོད་གཤེ་དྲག་ཤུལ་གསུང་གི་གར། སྙིང་རྗེ་རྔམས་ཞི་ཐུགས་ཀྱི་གར་སྟེ་གར་དགུའི་གཟྀ་བྱིན་མཆོག་ཏུ་འབར་བའི་སྐུར་བཞེངས་པར་མོས་པའོ། །གཉིས་པ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ རྡོ་རྗེ་ཧཱུྃ་གིས་གླུས་བསྐུལ་བས༔ ཡབ་ཡུམ་བཟོད་མེད་བདེ་བ་འབར༔ རྗེས་ཆགས་སྙོམས་ཞུགས་མཁའ་གསང་ནས༔ ཨ་ཧཾ་སྔགས་ཀྱི་སྒྲ་ཆེན་པོས༔ སངས་རྒྱས་སྲས་བཅས་སྤྱན་དྲངས་ཏེ༔ ཞལ་ཞུགས་བྱང་སེམས་ཐིག་ལེར་ཞུ༔ འོད་ཀྱི་གོང་བུ་མཁའ་ནས་སྤྲོས༔ རྩིབས་སྟེང་དཔལ་ཆེན་ཁྲོ་རྒྱལ་བཅུ༔ མཐིང་ནག་ཕུར་འདྲིལ་ཡུམ་དང་འཁྱུད༔ ཟ་གསོད་ཕོ་ཉའི་སྤྲིན་ཕུང་འཕྲོ༔ སྒོ་བཞིར་ཕྲིན་ལས་སྒོ་མ་བཞི༔ མུ་རན་འཇིག་རྟེན་སྐྱོང་བས་བསྐོར༔ ཞེས་གསུངས་ཏེ། ཡུམ་གྱི་རྡོ་རྗེ་ཧཱུྃ་གིས་གླུས་བསྐུལ་བས་ཡབ་ཡུམ་སྙོམས་པར་ཞུགས་པའི་ཐུགས་རྒྱུད་ལ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་བཟོད་མེད་དུ་འབར་བ་སྟེ། རྗེས་སུ་ཆགས་པའི་བྱང་སེམས་ཀྱི་ཆུ་རྒྱུན་མཁའ་གསང་ནས་ཨ་ཧཾ་ཅེས་པའི་སྔགས་ཀྱི་སྒྲ་གདངས་ནམ་མཁའ་གང་བར་སྤྲོས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྲས་བཅས་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ། ཞལ་དུ་ཞུགས་བྱང་སེམས་ཀྱི་ཆུ་རྒྱུན་ཐིག་ལེར་ཞུ་སྟེ་སྐུའི་དབྱིབས་བརྒྱུད་མཁའ་གསང་དུ་བབས། འོད་ཀྱི་གོང་བུ་སྔོན་པོ་བཅུ་མཁའ་གསང་ནས་སྤྲོས་ཏེ་འོག་གཞིའི་འཁོར་ལོའི་རྩིབས་བཅུ་ལ་པདྨ་ཉི་མ་དང་ཕྱོགས་སྐྱོང་བཅུའི་གདན་གྱི་སྟེང་དུ་དཔལ་ཆེན་ཁྲོ་རྒྱལ་བཅུ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་ཕུར་བུ་འདྲིལ་བ་ཡུམ་ལ་འཁྱུད་པ། ལུས་གྲུབ་པ་ན་དྲི་མ་དང༌། ཉི་མ་ཤར་བ་ན་འོད་གྲུབ་པ་བཞིན་དུ་གཡས་སུ་ཟ་བྱེད་མཆེ་བ་ཅན་བཅུ་དང༌། གཡོན་དུ་གསོད་བྱེད་གཤོག་པ་ཅན་བཅུ་སྟེ་ཁྲ་ཐབས་ཉི་ཤུ་དང༌། དཀྱིལ་འཁོར་ཆེན་པོའི་སྒོ་བཞི་རུ་ཉི་མ་དང་ཞིང་ལྤགས་ཀྱི་གདན་གྱི་སྟེང་དུ་སྒོ་བ་ཡབ་ཡུམ་བརྒྱད་དང༌། དཀྱིལ་འཁོར་གྱི་མུ་རན་རྣམས་སུ་བདག་ཉིད་མ་བཞི་དང༌། ཤྭ་ན་མ་བཞི། ས་བདག་མ་བཞི་སོགས་རྡོ་རྗེ་ཆོས་སྐྱོང་བའི་ཕུར་པའི་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་བཀའ་ཉན་མངག་ཞུགས་ཀྱི་ཚུལ་དུ་སྤྲིན་ཕུང་འཕྲོ་བ་བཞིན་ཡོད་པར་བསམ་པའོ། །གསུམ་པ་ནི། གཙོ་བོ་ཡབ་ཡུམ་གནས་ལྔ་རུ༔ སངས་རྒྱས་པདྨ་རྡོ་རྗེ་དང་༔ རིན་ཆེན་ལས་ཀྱི་ཀཱི་ལ་ཡ༔ དཀར་དམར་མཐིང་སེར་ལྗང་གུའི་མདོག༔ ལྷན་སྐྱེས་ཡུམ་དང་བཅས་པར་གསལ༔ ཞེས་གསུངས་ཏེ། ཡབ་ཀྱི་སྐུ་ལུས་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་སྤྱི་བོར་བུདྡྷ་ཀཱི་ལ་ཡ་སྐུ་མདོག་དཀར་པོ། མགྲིན་པར་པདྨ་ཀཱི་ལ་ཡ་སྐུ་མདོག་དམར་པོ། སྙིང་གར་བཛྲ་ཀཱི་ལ་ཡ་སྐུ་མདོག་མཐིང་ནག །ལྟེ་བར་རཏྣ་ཀཱི་ལ་ཡ་སྐུ་མདོག་སེར་པོ། གསང་གནས་སུ་ཀརྨ་ཀཱི་ལ་ཡ་སྐུ་མདོག་ལྗང་གུ་ཞལ་གཅིག་པ། ཕྱག་གཉིས་ན་ཕུར་བུ་འདྲིལ་བ། ལྷན་སྐྱེས་ཀྱི་ཡུམ་དང་བཅས་པ་ལུས་དཀྱིལ་གྱི་ཚུལ་དུ་གསལ་བཏབ་རྒྱན་ཆ་ལུགས་གཙོ་བོ་དང་མཐུན་པ་ཀུན་ཀྱང་གར་དགུའི་གཟི་བྱིན་མཆོག་ཏུ་འབར་བ་ཡེ་ཤེས་ཀྱི་མེ་ཁ་དོག་སྣ་ལྔ་འཁྲུངས་པའི་དབུས་སུ་ཡེ་ཤེས་སྒྱུ་མའི་སྐུ་ཅན་དུ་ལམ་གྱིས་གསལ་གདབ་པའོ། །གནས་གསུམ་གྱིན་གྱིས་རླབས་པ་ཉེ་བསྙེན་གྱི་ཡན་ལག་ནི། གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ རྡོ་རྗེ་གསུམ་དུ་བྱིན་གྱིས་རླབས༔ ཞེས་གསུངས་ཏེ། རང་ཉིད་རྡོ་རྗེ་གཞོན་ནུར་གསལ་བའི་གནས་གསུམ་རྡོ་རྗེ་གསུམ་གྱི་ས་བོན་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ནམ་མཁའ་གང་བར་སྤྱན་དྲངས། བྱིན་རླབས་དང་གཟི་བྱིན་ཐམས་ཅད་ཡི་གེ་འབྲུ་གསུམ་གྱི་རྣམ་པར་བསྡུས་ཏེ་རང་གི་གནས་གསུམ་དུ་ཐིམ་སྟེ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དུ་བྱིན་གྱིས་རླབས་པར་བསམ་མོ། །དབང་བསྐུར་ཞིང་རིགས་བདག་གི་རྒྱས་འདེབས་པ་སྒྲུབ་པའི་ཡན་ལག་ནི། བདེ་གཤེགས་དབང་བསྐུར་ཡེ་ཤེས་ལྔ༔ ཁྲག་འཐུང་རིགས་ལྔའི་ཕྱག་རྒྱར་རྫོགས༔ ཨོཾ་ཨཱཿཧཱུྃ་ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿ སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕོག་པས། དེ་ཐམས་ཅད་རང་བཞིན་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་རྣམ་པ་གཟུགས་ཀྱི་སྐུར་བཞེངས་ནས་མདུན་གྱི་ནམ་མཁར་སྤྱན་དྲངས་དེ་དག་ཡབ་ཡུམ་སྙོམས་པར་ཞུགས་པའི་མཁའ་གསང་ནས་བདུད་རྩིའི་ཆུ་རྒྱུན་བབས། རང་ཉིད་དཔལ་ཆེན་པོའི་སྤྱི་བོ་ནས་ཞུགས་ཏེ་ལུས་ཀྱི་ནང་གང༌། དབང་བཞི་ཐོབ། སྒྲིབ་བཞི་དག །ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས། ཐོད་སྐམ་གོང་བུ་ལྔའི་དབུས་སུ་ཁྲག་འཐུང་རིགས་ལྔའི་དབུ་བརྒྱན་པར་བསམ་མོ། །ཡེ་ཤེས་པ་བཅུག་པ་སྒྲུབ་པ་ཆེན་པོའི་ཡན་ལག་ནི། ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང་༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཁྲོ་རྒྱལ་འཁོར་བཅས་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས༔ སྲིད་པ་རྡོ་རྗེ་གྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཏིཥྛ་ལྷན༔ ཞེས་གསུངས་ཏེ། རང་དམ་ཚིག་པའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཏེ་འོག་མིན་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྒྱུད་རང་དབང་མེད་པར་བསྐུལ། དེ་རྣམས་སྤྱན་དྲངས་ནས་དམ་ཡེ་དབྱེར་མེད་དུ་གྱུར་པར་བསམ་མོ། །སྤྱིར་གསང་སྔགས་ལུང་གི་སྒོ་བཞིར་བཞེད་དེ། དོན་རྣམས་གསལ་འདེབས་བརྗོད་པ་ཚིག་གི་སྒོ། །ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ། །དམིགས་པ་རྩེ་གཅིག་ཏིང་འཛིན་ཡིད་ཀྱི་སྒོ། །མཚོན་པ་བརྡར་རྟགས་ཕྱག་རྒྱ་གར་གྱི་སྒོ། ཞེས་ཚིག་དང་སྔགས་དང་ཏིང་ངེ་འཛིན་དང་ཕྱག་རྒྱ་བཞི་ཡི་སྒོ་ནས་བསྐུལ་མ་གསུངས་པ་ནི། དང་པོ། འདི་ལྟར་ཁམས་གསུམ་གྱི་སྣང་ཞེན་ཐམས་ཅད་དཔལ་ཆེན་པོའི་སྐུ་གསུང་ཐུགས་སུ་གྲུབ་པ་དང༌། དབང་དང་དངོས་གྲུབ་བླང་བའི་ཕྱིར་ཡེ་ཤེས་ཀྱི་ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ་ཅེས་པ་དང༌། སྲིད་པ་གསུམ་པོ་ཐམས་ཅད་དཔལ་ཆེན་པོའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་བྱིན་གྱིས་རླབས་པར་མཛོད་ཅིག་ཅེས་པ་དང༌། དེའང་ལྷ་སྣང་བདེ་བ་ཆེན་པོའི་ཡེ་ཤེས་སུ་བྱིན་གྱིས་རླབས་པར་མཛོད་ཅིག་ཅེས་ཚིག་གི་སྒོ་ནས་གསལ་འདེབས་པའོ། གཉིས་པ་སྔགས་ཀྱི་སྒོ་ནས། ཛཿཧཱུྃ་བྃ་ཧོཿདང་༔ ས་མ་ཡ་ཏིཥྛ་ལྷན༔ ཅེས་པ་ཛས་དགུགས་པ་དང༌། ཧཱུྃ་གིས་དམ་ཡེ་དབྱེར་མེད་དུ་བྱས་པ་དང༌། བྃ་གྱིས་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་རོ་གཅིག་པར་གྱུར་པར་མོས། ཧོས་དེ་ཡང་རེས་འགའ་བ་མ་ཡིན་པར་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བཞུགས་པར་མོས། ས་མ་ཡ་ཏིཥྛ་ལྷན་ཅེས་པས་དམ་ཚིག་ཆེན་པོས་བརྟན་པར་བཞུགས་ཤིག་ཅེས་པ་དང༌། གསུམ་པ་ནི་ཏིང་འཛིན་གྱིས་དེ་ལྟར་གསལ་གདབ་པའོ། བཞི་པ་ནི་རང་གི་ལག་པས་མཚོན་པ་ཕྱག་རྒྱ་བྱ་བའོ། །མཆོད་པ་ལ་གསུམ་ལས། དང་པོ་ཕྱག་འཚལ་བའི་མཆོད་པ་ནི། ཧཱུྃ༔ ཐབས་ཀྱི་སྤྱོད་པའི་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ ཁྲག་འཐུང་ཆེན་པོར་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱི་ཙྪ་ཧོ༔ ཞེས་རང་གི་ཐུགས་ཀ་ནས་རྡོ་རྗེའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ནས་གུས་པའི་ཚུལ་གྱིས་ཨ་ཏི་པཱུ་ཧོ་ཞེས་པས་ཕྱག་འཚལ་བས་དོན་གྱི་ཕྱག་ལེན་པྲ་ཏིཙྪ་ཧོ་ཞེས་བརྗོད་པར་མོས་པའོ། །གཉིས་པ་ཕྱི་ནང་གསང་གསུམ་གྱི་མཆོད་པ་ནི། ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ ཡུལ་དང་དབང་པོ་གཉིས་མེད་པ༔ བདེ་ཆེན་ལོངས་སྤྱོད་ཆེན་པོར་རོལ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝ་ར་ཨརྒྷཾ། པདྱཾ། པུཥྤེ། དྷཱུ་པེ། ཨ་ལོ་ཀེ །གནྡྷེ། ནཻཝི་དྱ། ཤབྡ། སརྦ་པཉྩ་ཨ་མྲྀ་ཏ། རཀྟ་བ་ལིངྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པའི་སྤྲིན་ཕུང་མཐའ་ཀླས་པ་ཕུལ་བས་ཡུལ་དང་དབང་པོ་གཉིས་མེད་ཀྱི་ཚུལ་དུ་བཞེས་ཏེ་མཉེས་ཤིང་ཚིམ་ནས་ཐུགས་རྒྱུད་ཟག་མེད་ཀྱི་བདེ་བ་ཆེན་པོར་འཁྲུངས་པར་བསམ་མོ། །གསུམ་པ་བསྟོད་པའི་མཆོད་པ་ནི། ཧཱུྃ༔ སྒེག་པ་དཔའ་བ་མི་སྡུག་རྡོ་རྗེའི་སྐུ༔ རྒོད་གཤེ་དྲག་ཤུལ་སྔགས་ཀྱི་སྒྲ་གདངས་ཅན༔ སྙིང་རྗེ་རྔམ་ཞི་ཡེ་ཤེས་སྲོག་ལྡན་པའི༔ ཕྲིན་ལས་འདུས་པའི་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་གསུངས་ཏེ། དཔལ་ཆེན་པོའི་སྐུ་ཆེ་ལ་ཡན་ལག་རགས་པ་ནི་སྒེག་པ་དང༌། མི་སྡུག་སྲིན་པོ་ལྟར་ཁྲོས་པ་ནི་སྐུའི་དཔའ་བ། བདུད་དང་རུ་ཏྲ་སོགས་གང་གིས་མཐོང་བ་ཙམ་གྱིས་དོན་སྙིང་ལྐོགས་མ་ནས་འབྱིན་ནུས་པ་ནི་མི་སྡུག་པ་སྟེ་སྐུའི་ཉམས་གསུམ། ཧ་ཧ་དང་ཧི་ཧི་ལ་སོགས་པའི་རྒོད་པ་དང༌། དེ་ཡང་འབྲུག་སྟོང་དུས་གཅིག་ལ་ལྡིར་བ་དང༌། ཐོག་སྟོང་དུས་གཅིག་ལ་ལྷུང་བ་ལྟ་བུའི་སྒྲ་དང་ལྡན་པ་ནི་གཤེ་བ། བདུད་དང་ལོག་འདྲེན་སོགས་གང་གིས་ཐོས་པ་ཙམ་གྱིས་འཇིགས་སུ་རུང་བ་སྟེ་གསུང་གི་ཉམས་གསུམ། ངོ་བོ་སྙིང་རྗེ་དང༌། རྣམ་པ་རྔམ་པ། རང་བཞིན་ཞི་བ་སྟེ་ཐུགས་ཀྱི་ཉམས་གསུམ་དང་ལྡན་པའི་གར་དགུའི་གཟི་བྱིན་མཆོག་ཏུ་འབར་བའི་དཔལ་ཆེན་པོའི་སྐུ་ལ་སྐུ་གསུམ་ཡོན་ཏན་རྒྱ་མཚོ་ལྟ་བུ་མངའ་བ་དྲན་པའི་སྒོ་ནས་བསྟོད་པའོ། །གསུམ་པ་ལ་གསུམ། རྣམ་པ་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པའོ། །དང་པོ་ནི། སྤྱི་ལ་སེམས་འཛིན་པ་ནི། བདག་རྩ་བའི་དཀྱིལ་འཁོར། མཚན་མ་རྫས་ཀྱི་དཀྱིལ་འཁོར། སྲས་མཆོག་ཕུར་པའི་དཀྱིལ་འཁོར་མ་འདྲེས་པ་ཡིད་ཡུལ་དུ་གསལ་བར་བྱའོ། །གཉིས་པ་བྱེ་བྲག་ལ་སེམས་འཛིན་པ་ནི། དང་པོ་དཔལ་ཆེན་པོའི་རྩ་ཞལ་གྱི་སྤྱན་དབུས་མ་གཏུམ་པའི་ཉམས་ཅན་སྤྱན་གཡོན་པ་གྱེན་དུ་བསླང་བ་ལྟ་བུ། དཀྱིལ་ནག་པ་མཐའ་སྐྱ་བ་སྤྱན་རྩ་དམར་ཤིག་གེ་བ་ཁྲོ་བོའི་སྡང་མིག་དང་ལྡན་པ་བདུད་དང་ལོག་འདྲེན་སོགས་གང་ལ་གཉེར་བ་ཙམ་གྱིས་དོན་སྙིང་འབྱིན་ནུས་པ་ལྟ་བུ་ལ་སེམས་བཟུང༌། དེ་ཡང་རབ་ཡིད་དུ་ཡུལ་གསལ་བ། འབྲིང་བརྗོད་པས་གསལ་བ། ཐ་མ་བྲིས་པ་གསལ་འདེབས་སྟེ། དེ་ལ་སེམས་ཟིན་ན་སྤྱན་གཡས་གཡོན་དང་ཤངས་ཞལ་གྱི་མཆུ་སྒྲོས་སོགས་སྐུའི་ཆ་ཤས་རེ་རེ་ནས་ཕྱི་རོལ་གྱི་གཞལ་ཡས་ཁང་དུར་ཁྲོད་མེ་རིའི་བར་དུ་རིམ་པ་བཞིན་དུ་སེམས་བཟུང་སྟེ། དེ་ལྟ་བུ་ལྷ་སྐུ་དེ་ཡང་བྲིས་སྐུ་ལྟ་བུའི་ལེབ་ལེབ་དང༌། འབུར་སྐུ་ལྟ་བུའི་ལྡིར་ལྡིར་མ་ཡིན་པར་སྣང་བའི་གཟུགས་སུ་གྲུབ་པ་ལ་རེག་པའི་གཟུགས་སུ་མ་གྲུབ་པ་སྣང་བཞིན་སྟོང་ལ་སྟོང་བཞིན་དུ་སྣང་བ། སྣང་ལ་རང་བཞིན་མེད་པ། གསལ་ལ་རྟོག་པ་མེད་པ། ནམ་མཁའི་འཇའ་ཚོན་དང་ཆུ་ཟླའི་གཟུགས་བརྙན་ལྟ་བུར་བསྒོམ་པའོ། །གཉིས་པ་ནི། རྣམ་པ་གསལ་རུང་མ་གསལ་རུང་བདག་ནི་ཐ་མལ་པ་ནམ་ཡང་མ་ཡིན་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ཚང་འབྲས་དུས་ཀྱི་ཁ་སྦྱོར་བདུན་ལྡན་གྱི་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཡིན་ནོ་སྙམ་པའོ། །གསུམ་པ་ནི། གཞི་སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོ་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་དེ། ལམ་དུས་སུ་སྒྲུབ་པ་པོའི་བློ་ངོར་ཞལ་ཕྱག་གི་རྣམ་པར་ཤར་བ་དེ་ཉིད། འབྲས་བུའི་དུས་སུ་ཆོས་སྐུའི་ཐུགས་རྒྱུད་ལ་བཞུགས་པའི་ཟག་མེད་ཀྱི་ཡོན་ཏན་ཐམས་ཅད་ཤར་བ་ཡིན་ནོ་སྙམ་དུ་གཞི་འབྲས་སྦྲེལ་བའི་དག་པ་དྲན་པའོ། །གཉིས་པ་གསུང་བཟླས་པ་སྔགས་ཀྱི་རྣལ་འབྱོར་ནི། ཐུགས་ཀར་དཔལ་གྱི་བེའུའི་དབྱིངས༔ ཡེ་ཤེས་སེམས་དཔའི་ཐིག་ལེའི་དབུས༔ བཛྲ་ས་ཏྭ་ཚོན་གང་བའི༔ སྙིང་དབུས་ཉི་ཟླ་ཁ་སྦྱོར་སྦུབས༔ ཧཱུྃ་ལས་རྡོ་རྗེའི་སྔགས་ཕྲེང་འཕྲོས༔ ཡབ་ཡུམ་ཞལ་ནས་ཞལ་དུ་ཞུགས༔ གསང་བའི་ལམ་ནས་འཁོར་བའི་འོད༔ སྐུ་དང་སྔགས་ཕྲེང་མེ་འོད་མཚོན༔ ནམ་མཁའ་གང་བའི་སྤྲོ་བསྡུ་ཡིས༔ ཕྱོགས་དུས་རྒྱལ་བ་མཆོད་པས་མཉེས༔ ཁམས་གསུམ་ཉོན་མོངས་དུག་ཆེན་སྦྱངས༔ སྲིད་གསུམ་དྲེགས་པ་གཟིར་ཞིང་བསྔངས༔ བར་ཆད་བདུད་བགེགས་ཚར་ཐག་བཅད༔ སྣོད་བཅུད་ཀ་དག་གཉུག་མའི་བབས༔ རྡོ་རྗེ་གཞོན་ནུའི་ངོ་བོར་རྫོགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ མ་རཀྨོ་ཡཀྨོ་ཀ་ལ་རུ་པ་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་ཏུང་ཏུང་༔ སྙིང་ཁྲག་སྲོག་ལ་ཤད་ཤད༔ ཐུཾ་རི་ལི་ལི༔ ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱག་མྱག༔ སོད་སོད༔ དྷཱ་ཏི་མ་མ་ཀརྨ་ཤྲཱི་གྷྲཱཾ་ཀ་ར་ཡེ༔ མཱ་ར་སེ་ན་པྲ་མ་དྷ་ན་ཡེ་ཧཱུྃ་ཕཊ༔ ཅེས་གསུངས་ཏེ། རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀར་སྙིང་རིན་པོ་ཆེ་མཆོང་གུར་ཕུབ་པ་ལྟ་བུ་ཟུར་བརྒྱད་པའི་དབུས་སུ་རྡོ་རྗེ་སེམས་དཔའ་ཚོན་གང་བ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡབ་རྐྱང་གི་རྣམ་པ་ལ་དར་དང་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པ། དེའི་ཐུགས་ཀར་ཉི་མ་འོག་དང་ཟླ་བ་སྟེང་དུ་བྱས་པའི་གའུ་ཁ་སྦྱོར་གྱི་ནང་དུ་ཐུགས་སྲོག་ཧཱུྃ་སྔོན་པོ་ལ་བསྙེན་སྔགས་འབྲུ་དགུ་པས་རང་སྒྲ་སྒྲོགས་བཞིན་པས་བསྐོར་བར་བསམ་ལ་སྔགས་བཟླས་པ་ནི་བསྙེན་པའི་ཡན་ལག་སྟེ། ཟླ་བ་སྐར་ཕྲེང་ལྟ་བུའི་དགོངས་པའོ། །དེ་ནས་དོ་ལའི་བཟླས་པ་ནི། སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་ཞིག་ཆད། ཡེ་ཤེས་སེམས་དཔའི་ཤངས་བུག་ནས་བྱུང་སྟེ་ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས་ཐུགས་ཀའི་ས་བོན་ལ་ཐིམ་པའི་ཚུལ་གྱིས་བདེ་བ་ཆེན་པོའི་ཡེ་ཤེས་བཟོད་མེད་དུ་འབར། སྐུ་ལུས་བརྒྱུད་དེ་པདྨོ་ནས་རྡོ་རྗེའི་ལམ་དུ་ཞུགས་སྟེ་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་དེ་ལྟར་བར་མ་ཆད་པ་འཁོར་བ་ནི་ཉེ་བསྙེན་གྱི་ཡན་ལག་སྟེ་འགལ་མེ་ཀླད་ཀོར་ལྟ་བུའི་དགོངས་པའོ། །དེ་ལྟར་སྐུ་དང་སྔགས་ཕྲེང་ལས་ཡེ་ཤེས་ཀྱི་མེའི་འོད་ཟེར་གྱིས་མཚོན་པའི་འོད་ཟེར་དཔག་ཏུ་མེད་པ་འཕྲོས། འོད་ཟེར་ཡར་འཕྲོས་རྒྱལ་བ་ཐམས་ཅད་ལ་ཐུགས་མཉེས་པའི་མཆོད་པ་ཕུལ། མར་འཕྲོས་ཁམས་གསུམ་གྱི་ཉོན་མོངས་པའི་དུག་ཆེན་མ་ལུས་པ་ཐམས་ཅད་སྦྱངས་བར་མོས་ཏེ་གཙོ་བོར་སྔགས་འབྲུ་བཅུ་བཞི་པ་བཟླ། སླར་ཡང་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང་དམ་ཅན་མ་མོ་བཅུ་གཉིས་སོགས་ཕུར་སྲུང་དམ་ཅན་ཚོགས་རྣམས་ལས་ལ་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་རང་རང་གི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས། གཟུགས་ཅན་གྱི་དགྲ་དང་གཟུགས་མེད་ཀྱི་བགེགས་ཁྱད་པར་དུ་ཟབ་ལམ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་ཐལ་བའྀ་རྡུལ་དུ་བརླག་སྟེ་བསྒྲལ་ནས་རང་གཞན་ཐམས་ཅད་འཚིང་བ་གསུམ་གྱི་གནས་ལ་བཀོད་པར་མོས་སྟེ་ལས་སྦྱོར་གྱི་སྔགས་བཟླ་བ་ནི་སྒྲུབ་པ་སྟེ། རྒྱལ་པོའི་ཕོ་ཉ་ལྟ་བུའི་དགོངས་པའོ། །དཔལ་ཆེན་པོའི་སྐུ་ལས་སྐུ་དང་སྔགས་ཕྲེང་ལས་སྔགས་དང་ཐུགས་ལས་ཕྱག་མཚན་དཔག་ཏུ་མེད་པ་ནམ་མཁའ་གང་བར་འཕྲོས། རང་གི་ལུས་ཀྱིས་མཚོན་པའི་སྣང་བ་ཐམས་ཅད་དཔལ་ཆེན་པོའི་སྐུ་སྣང་སྟོང་ཟུང་འཇུག་ཆུ་ཟླ་ལྟ་བུ། ངག་གིས་མཚོན་པའི་བརྟན་གཡོའི་སྒྲ་སྐད་ཐམས་ཅད་དཔལ་ཆེན་པོའི་གསུང་གྲགས་སྟོང་ཟུང་འཇུག་བྲག་ཅ་ལྟ་བུ། ཡིད་ཀྱིས་མཚོན་པའི་རྟོགས་ཚོགས་ཐམས་ཅད་དཔལ་ཆེན་པོའི་ཐུགས་རིག་སྟོང་ཟུང་འཇུག་སྒྱུ་མ་ལྟ་བུར་གྱུར་པར་བསམ། སླར་ཡང་སྐུ་དང་སྔགས་དང་ཕྱག་མཚན་རྣམས་ཚུར་འདུས་རང་ལ་ཐིམ། བྱིན་རླབས་དང་གཟི་བྱིན་མཆོག་ཏུ་འབར་བར་བསམ་པ་ནི་སྒྲུབ་པ་ཆེན་པོ་སྟེ། བུང་བ་ཚང་གཞིག་གི་དགོངས་པའོ། །གསུམ་པ་ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ལ་གསུམ། དང་པོ་ལྷ་སྣང་འོད་གསལ་དུ་བསྡུ་བ་ནི། ཨ་ཨ་ཨ༔ ལྷར་སྣང་རིག་རྩལ་དབྱིངས་སུ་ཐིམ༔ དབྱིངས་རིག་འདུ་འབྲལ་མེད་པའི་ངང་༔ ཅེས་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་སྣོད་བཅུད་ཐམས་ཅད་ལ་ཕོག་རིལ་འཛིན་དང་རྗེས་གཞིག །གང་རུང་གི་སྒོ་ནས་སྣོད་གཞལ་ཡས་ཁང་ནས་ཐུགས་སྲོག་ཧཱུྃ་ཡིག་གི་ན་ད་སུམ་འཁྱོག་གི་རྩེ་མོའི་བར་དུ་ལྷར་སྣང་ཐམས་ཅད་བསྡུ། དེ་ནས་འོད་གསལ་དུ་བཤིག་པའི་སྟོང་ཉིད་དང་རང་གི་རིག་སྟོང་གཉུག་མའི་བབས་གཉིས་དབྱེར་མེད་པའི་ངང་དུ་བཞག་སྟེ། འདས་པའི་རྣམ་རྟོག་གིས་རྗེས་མི་དཔྱད། མ་འོངས་པའི་རྣམ་རྟོག་གིས་མདུན་མི་བསུ། ད་ལྟའི་ཡུལ་ལ་ཤེས་པས་འདི་ཡིན་འདི་མིན་གྱི་རྩིས་གདབ་མི་བྱ་སྟེ། བཞི་ཆ་གསུམ་བྲལ་གྱི་ཆོས་སྐུའི་ངང་དུ་ཅི་གནས་སུ་མཉམ་པར་བཞག་པའོ། །གཉིས་པ་ཟུང་འཇུག་གི་སྐུར་ལྡང་བ་ནི། བདེ་སྟོང་ཟུང་འཇུག་རྟགས་ཀྱི་སྐུ༔ ཕྱག་རྒྱ་ཆེན་པོའི་རོལ་པར་ཤར༔ ཕཊ་ཕཊ་ཕཊ༔ ཅེས་གསུངས་ཏེ། དེ་ནས་སྐད་ཅིག་གིས་ཆུ་ལས་ཉ་ལྡང་བ་བཞིན་དུ། དཔལ་ཆེན་པོའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་གདབ་པའོ། །གསུམ་པ་བསྔོ་སྨོན་དང་ཤིས་བརྗོད་ཀྱི་འཇུག་བསྡུ་བ་ལ། དང་པོ་བསྔོ་སྨོན་ནི། ཧོ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱིས༔ འགྲོ་རྣམས་སྒྲིབ་གཉིས་ཡོངས་དག་ནས༔ ཁ་སྦྱོར་བཞི་ལྡན་དཔལ་ཆེན་པོ༔ རྡོ་རྗེ་གཞོན་ནུ་མྱུར་འགྲུབ་ཤོག༔ ཅེས་གསུངས་ཏེ། རང་གཞན་སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མེད་པ་ནས་བསགས་ཤིང་བསོག་ལ་སོགས་པར་གྱུར་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བྱང་ཆུབ་ཀྱི་རྒྱུར་བསྔོས་པ་ལ་བརྟེན་ནས། འགྲོ་བ་ཐམས་ཅད་ཀྱི་སྒྲིབ་གཉིས་མ་ལུས་པ་ཡོངས་སུ་དག་ནས་མཐར་ཐུག་གི་འབྲས་བུ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་སྐུ་སྣང་སྟོང་ཁ་སྦྱོར། གསུང་གྲགས་སྟོང་ཁ་སྦྱོར། ཐུགས་རིག་སྟོང་ཁ་སྦྱོར། ཡབ་ཡུམ་བདེ་སྟོང་ཁ་སྦྱོར་སྟེ་ཁ་སྦྱོར་བཞི་ལྡན་གྱི་གོ་འཕང་མྱུར་དུ་ཐོབ་པར་ཤོག་ཅིག་ཅེས་པའོ། །འདི་ནས་་་ག༵ཉིས་པ་ཤིས་བརྗོད་ནི། ཨོཾ༔ དབྱིངས་ཀྱི་ངོ་བོ་ཆོས་སྐུ་རྡོ་རྗེ་སེམས༔ རིག་པ་རང་སྣང་བཛྲ་ཀུ་མ་ར༔ དབྱིངས་རིག་ཟུང་འཇུག་རྩ་བརྒྱུད་བླ་མ་ཡིས༔ མཆོག་ཐུན་དགེ་ལེགས་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་གསུངས་ཏེ། གོང་བཤད་ཉམས་ལེན་དེ་དག་ལ་འཇུག་མཐར། དབྱིངས་ཀ་དག་སྟོང་ཆེན་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་ངོ་བོ་སྟོང་ཆ་ཞི་བར་སྣང་བ་ཆོས་སྐུ་རྡོ་རྗེ་སེམས་དཔའ་དང༌། རིག་གདངས་འགགས་པ་མེད་པའི་རང་སྣང་གསལ་བའི་ངོ་བོ་སྒྲིབ་པ་གཞོམས་པའི་ལྡོག་ཆ་ནས་ཁྲོ་བོར་ཤར་བ་ལོངས་སྐུ་བཛྲ་ཀུ་མཱ་ར་སྟེ་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༌། དེ་ལྟ་བུའི་དབྱིངས་རིག་གསལ་སྟོང་ཟུང་འཇུག་གི་རང་རྩལ་སྣ་ཚོགས་སུ་ཤར་བ་སྤྲུལ་པའི་སྐུ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱིས་མཚོན་ཕྱོགས་བཅུ་དུས་བཞིའི་རབ་འབྱམས་རྩ་བ་གསུམ་གྱི་ལྷ་ཚོགས་མཁའ་ཁྱབ་ཏུ་སད་པ་རྣམས་ཀྱིས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཀྱིས་མཚོན་པའི་དགེ་བའི་ལེགས་ཚོགས་ཐམས་ཅད་གོང་ནས་གོང་དུ་སྤེལ་ཤིང་མྱུར་དུ་འགྲུབ་པའི་ཆེད་དུ། བཀྲ་ཤིས་པའི་བདེན་ཚིག་བརྗོད། རྡོ་རྗེའི་གླུ་དབྱངས་ལེན། མེ་ཏོག་མནྡ་ར་བའི་ཆར་ཆེན་པོ་འབེབས་པར་བསམ་ལ། རང་ཉིད་ཀྱིས་ཀྱང་ཤིས་པ་བརྗོད་ཅིང་དབྱངས་རོལ་མེ་ཏོག་འཐོར་བ་སོགས་ཀྱིས་ཕྱོགས་དུས་གནས་སྐབས་ཀུན་ཏུ་མི་མཐུན་པའམ་མི་ཤིས་པའི་མཚན་མ་མིང་ཙང་ཡང་མེད་པར་བསམ་དོན་ཐམས་ཅད་ཆོས་བཞིན་འགྲུབ་པའི་དགེ་མཚན་གོང་འཕེལ་དུ་སྤེལ་བར་བྱའོ། །གཉིས་པ་རྫོགས་པའི་རིམ་པ་ལ་གཉིས་ཏེ་མཚན་བཅས་ཀྱི་རྫོགས་རིམ་དང༌། མཚན་མེད་ཀྱི་རྫོགས་རིམ་མོ། །དང་པོ་ལ་གཉིས་ཏེ་གསང་དབང་གི་ཉམས་ལེན་རླུང་དང་གཏུམ་མོའི་ལམ། ཤེར་དབང་གི་ཉམས་ལེན་གཞན་ལུས་ཕོ་ཉའི་ལམ་མོ། དང་པོ་ལ་གསུམ། རྣམ་བཞག་སྤྱིར་བསྟན་པ་དང༌། མན་ངག་བྱེ་བྲག་ཏུ་བཤད་པ། དོན་བསྡུ་བའི་སྒོ་ནས་འབྲས་བུ་བསྟན་པའོ། །དང་པོ་ནི། ཞེན་པའི་རྟ་ནི་རླུང་ཡིན་ཏེ༔ ལྔ་ཡི་བདག་ཉིད་བཅུ་མིང་ཅན༔ སྲིད་པ་བསྐྱེད་དང་གནས་པ་དང་༔ སྡུད་པའི་ལས་ཀུན་དེ་ཡིས་བྱེད༔ ཅེས་གསུངས་ཏེ། སྤྱིར་ནང་ལུས་ཅན་རྣམས་ཀྱི་ངག་དང༌། ཕྱི་རོལ་དུ་དབུགས་སྲང་ཆུ་ཚོད་ཞག་སོགས་དུས་ཀྱི་འཆར་གཞི་དོན་དམ་ཡེ་ཤེས་ཀྱི་རླུང་ངམ་སྲོག་ཆེན་པོའི་རླུང་ཞེས་བྱ་ཞིང༌། དེ་ནི་རླུང་ཐམས་ཅད་ཀྱི་ཁྱབ་བྱེད་ཆོས་ཉིད་གཞིའི་རླུང་ཡིན་ལ། དེ་ངོ་མ་ཤེས་པའི་དབང་གིས་ཡུལ་ལ་ཞེན་པའི་རྣམ་རྟོག་སྐྱེས་བུ་འཕྱེའོ་འདྲ་བ་དེ་གཡོ་ཞིང་བསྐྱོད་པར་བྱེད་པའི་རྟ་རྒོད་ལོང་བ་ལྟ་བུ་ནི་ལས་ཀྱི་རླུང་ཡིན་ཏེ། དེ་ལ་དབྱེ་ན་སྤྱིར་འབྱུང་བ་ལྔ་ཡི་བདག་ཉིད་ཀྱི་ས་ཆུ་མེ་རླུང་ནམ་མཁའི་རང་བཞིན་གྱི་རླུང་ལྔ་དང༌། བཅུ་མིང་ཅན་ཞེས་འབྱུང་ལྔའི་རླུང་དེ་ལ་དབྱེ་ན་སྲོག་འཛིན། གྱེན་རྒྱུ། ཁྱབ་བྱེད། མེ་མཉམ། ཐུར་སེལ་ཏེ་རྩ་བའི་རླུང་ལྔ་དང༌། རྒྱུ་བ། རྣམ་པར་རྒྱུ་བ། ཡང་དག་པར་རྒྱུ་བ། རབ་ཏུ་རྒྱུ་བ། ངེས་པར་རྒྱུ་བ་སྟེ་ཡན་ལག་གི་རླུང་ལྔ་བཅས་བཅུ་དང༌།་་་ཡིད་བཞིན་མཛོད་ཁྲིད་ལས། མིག་སོགས་དབང་པོ་ལྔར་རྒྱུ་བ་ལ་ཡན་ལག་གི་རླུང་ལྔར་གསུངས་ཏེ་དོན་གཅིག །བྱེ་བྲག་ཏུ་སྣར་རྒྱུ་བའི་རླུང་ལ་ཉིན་ཞག་ཕྲུགས་རེ་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བར་གསུངས། དེ་དག་ལས་སྣ་སྒོར་རྒྱུ་བ་དང་གཡོ་ཞིང་བསྒུལ་བསྐྱོད་བྱེད་པའི་རླུང་ནི་རགས་པ། ལུས་ནང་དུ་གནས་ནས་མི་གཡོ་ཞིང་འཁོར་བའི་རང་བཞིན་འབྱུང་ལྔའི་རླུང་དང༌། རྣམ་འགྱུར་གྱི་རླུང་བཅུ་དང་རྟོག་པ་སྣ་ཚོགས་གཡོ་བའི་གཞོན་པའི་རླུང་རྣམས་འབྲིང་པོ། སྣང་བཞིའི་གཞོན་པར་གྱུར་པའི་རླུང་རྣམས་ཕྲ་བའོ། །བྱེད་ལས་ནི་་་་བར་ཞལ་གསབ། དེ༵་ལྟ་བུའི་མ་དག་པའམ་སྙིགས་མའི་རླུང་དེ་ཉིད་ཀྱིས་སྲིད་པར་སྐྱེ་གནས་བསྡུད་པའི་ལས་ཐམས་ཅད་བྱེད་པ་ཡིན་ཏེ། ནང་རང་གི་ལུས་དང་པོ་མའི་མངལ་དུ་སྐྱེད་པ་དང༌། བར་དུ་ལུས་སེམས་ཚོགས་པ་ཟུང་དུ་འཇུག་ནས་གནས་པ་དང༌། ཐ་མ་ས་ཆུ་མེ་རླུང་སོགས་འབྱུང་བའི་ཐིམ་རིམ་གྱིས་འཇིག་པ་དང༌། ཕྱི་ཁམས་གསུམ་པོ་ཐམས་ཅད་དང་པོ་སྐྱེ་བ་དང༌། བར་དུ་གནས་པ་དང༌། ཐ་མ་མེ་བདུན་ཆུ་སོགས་ཀྱིས་འཇིག་པར་བྱེད་པའོ། །གཉིས་པ་ནི། ལམ་དུ་བྱ་ཕྱིར་རླུང་རོ་བསལ༔ ལུས་གནད་བཅའ་ཞིང་འཇུག་གནས་ལྡང་༔ རྡོ་རྗེ་འབྲུ་གསུམ་མི་ཤིགས་པའི༔ བཟླས་པ་ཡང་ནས་ཡང་དུ་བྱ༔ རྒྱུ་བ་གསལ་བའི་ཚད་བྱུང་ན༔ ཁ་སྦྱོར་ཆོ་གས་དབུ་མར་གཞུག༔ ཅེས་གསུངས་ཏེ། དེ་ལྟར་རྣམ་ཤེས་མི་དང༌། རླུང་གཞོན་པ་ལྟ་བུ་དེ་བྱེད་པས་འཆིང་ནས་ལམ་དུ་བྱ་བ་ལ་གསུམ། སྦྱོར་བ་སྟོང་ར་གསལ་གདབ་པ་དང༌། དངོས་གཞི་རླུང་དང་གཏུམ་མོ་སྒོམ་པ་གཉིས། དང་པོ་ལ་གསུམ་ལས། དང་པོ་ལུས་ཀྱི་སྟོང་ར་ནི། པདྨ་ཉི་མ་དྲེག་པ་ཕོ་མོའི་གདན་གྱི་སྟེང་དུ་རང་ཉིད་སྐད་ཅིག་གིས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག །ཞལ་གཅིག་ཕྱག་གཉིས་པ། ཕྱག་གཉིས་ན་ཕུར་བུ་འདྲིལ་བ་གར་དགུའི་གཟི་བྱིན་མཆོག་ཏུ་འབར་བ། དཔལ་དང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་པ་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་དྭངས་ཤིང་གསལ་ལ་རྙོག་པ་དང་བྲལ་བ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་སྒོམ་མོ། །གཉིས་པ་རྩ་ཡི་སྟོང་ར་ནི། རང་གི་ལུས་ཀྱི་དབུས་སུ་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་དེ་ཡང་ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། པདྨའི་འདབ་མ་ལྟར་སྲབ་པ། རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་དམར་བ། ཏིལ་མར་གྱི་མར་མེ་ལྟར་གསལ་བ་སྟེ་མཚན་ཉིད་བཞི་ལྡན། ཡར་སྣེ་སྤྱི་བོའི་བར་ཐ་ལེར་ཟུག་པ། མར་སྣེ་ལྟེ་འོག་བར་དུ་སོང་ཞིང་ཁ་དོང་ངེ་བའི་རྣམ་པར་ཡོད་པ། གཡས་སུ་རོ་མ་དཀར་མོ་ཁུ་བས་གཤེར་བག་ཆགས་པའི་རྣམ་པ། གཡོན་དུ་རྐྱང་མ་དམར་མོ་རྡུལ་གྱིས་གཤེར་བག་ཆགས་པའི་རྣམ་པ་ཅན་ཡར་སྣེ་ལྟག་པའི་སྤུ་འཁྱིལ་ཐད་ནས་གུག་སྟེ་སྣ་བུག་གཡས་གཡོན་ནས་ཟུག་པ་མར་སྣེ་ལྟེ་འོག་ནས་དབུ་མའི་ནང་དུ་ཡི་གེ་ཆ་ཡི་འཕོང་ལྟ་བུ་ཡར་ཆུད་པ་སྟོང་སང་ངེ་བའི་རྣམ་པ་གསལ་གདབ་པའོ། །གསུམ་པ་རླུང་གི་སྟོང་ར་ནི། ལུས་ཆོས་བདུན་ཁུ་ཚུར་བརླ་བཞག་དང་བཅས་པ་བྱས་ནས། རླུང་རོ་གཡོན་ནས་ལན་གསུམ། གཡས་ནས་ལན་གསུམ། དབུས་ནས་ལན་གསུམ་བུས་ལ་ནད་གདོན་སྡིག་སྒྲིབ་སྤྱི་དང་ཁྱད་པར་དུ་ལམ་སྒོམ་པའི་གེགས་སུ་གྱུར་པ་ཐམས་ཅད་དུད་ཁུང་ནས་དུ་བ་ཡལ་བ་ལྟར་སོར་བཅུ་དྲུག་ཙམ་གྱིས་སོང་ནས་འོད་གསལ་སྟོང་ཉིད་ཀྱི་ངང་དུ་ཡལ་བར་བསམ་མོ། །གཉིས་པ་ལ་གཉིས། ཁྱབ་བྱེད་རླུང་གི་རྣལ་འབྱོར་དང༌། ཁྱབ་བྱ་གཏུམ་མོའི་རྣལ་འབྱོར་གཉིས། དང་པོ་ལ་གཉིས། ཕ་རྒྱུད་ཀྱི་རླུང་སྦྱོར་རྡོ་རྗེའི་བཟླས་པ་དང༌། མ་རྒྱུད་ཀྱི་རླུང་སྦྱོར་བུམ་པ་ཅན་གཉིས། དང་པོ་ནི། རླུང་སྔགས་དབྱེར་མེད་པ་མི་ཤིགས་པའི་རྡོར་བཟླས་ནི། ཆེད་དུ་མ་བཅོས་པ་རླུང་སྣ་བུག་གཉིས་ནས་རོ་རྐྱང་གི་ལམ་ནས་ཚུར་ནང་དུ་འཇུག་པ་ཨོཾ་དང༌། རླུང་དབུ་མར་གནས་པ་ཨཱཿདང༌། རོ་རྐྱང་གཉིས་ཀྱི་ལམ་ནས་ཕྱིར་རྒྱུ་བ་ཧཱུྃ་སྟེ་འབྲུ་གསུམ་གྱིས་གདངས་སུ་མོས་པའི་ངང་དུ་བཟླས་པ་ཡང་ནས་ཡང་དུ་བྱ་སྟེ། རྡོར་བཟླས་གྲུབ་པའི་ཚད་འབྱུང་ལྔ་རླུང་གི་ཁ་དོག་རྒྱུ་བ་གསལ་བའི་ཚད། རབ་མིག་ཤེས་ཀྱི་བལྟར་རུང་བ། འབྲིང་ཉམས་དང༌། ཐ་མ་ཡིད་ངོར་བྱུང་བ་ན་བུམ་ཅན་གྱི་སྦྱོར་བ་ལ་འཇུག་པར་བྱའོ། །གཉིས་པ་བུམ་པ་ཅན་གྱི་སྦྱོར་བ་སྟེང་རླུང་སྲོག་དང་འོག་རླུང་རྩོལ་བ་གཉིས་ལྟེ་འོག་ཁ་སྦྱོར་གྱི་ཆོ་གས་ལས་རླུང་དབུ་མའི་དབྱིངས་སུ་གཞུག་པར་བྱ་སྟེ། རྩགསུམ་སྔར་བཞིན་གསལ་བཏབ། དུག་གསུམ་སྐྱོན་དང་འདྲེས་པའི་རླུང་རོ་སུམ་ཕྲུགས་སམ་དགུ་ཕྲུགས་སུ་འབུད། དེ་ལ་སྦྱོར་བ་བཞི་ལྡན་གྱི་མན་ངག་སྟེ། དང་པོ་རྔུབ་པའི་མན་ངག་ནི། སྐྱོན་མེད་འབྱུང་ལྔའི་དྭངས་མའི་རླུང་སྣ་བུག་གཉིས་ནས་བ་སྤུ་མི་འགུལ་ཙམ་དུ་རྔུབ། འོག་རླུང་གྱེན་དུ་འཐེན། གཉིས་པ་དགང་པའི་མན་ངག་ནི། དེ་ལྟར་སྟེང་འོག་གི་རླུང་གཉིས་ལྟེ་འོག་གི་དབུ་མར་ཁ་སྦྱོར་དུ་བུམ་པ་ལྟར་དགང༌། གསུམ་པ་གཞིལ་བའི་མན་ངག །མི་ནོན་ན་གཡས་གཡོན་དང་ཕྱི་ནང་དུ་གཞིལ། བ་སྤུའི་བུ་ག་ཐམས་ཅད་ནས་རླུང་རོ་ཕྱུར་ཕྱུར་འགྲོ་བར་མོས། བཞི་པ་འཕེན་པའི་མན་ངག །མི་ཐུབ་རྩ་ན་མདའ་ལྟར་རླུང་ལྷག་མ་མེད་པ་འཕེན་པ་སྟཻ་དེ་ལྟར་སྦྱོར་བ་བཞི་ལྡན་གྱི་ཁ་སྦྱོར་གྱི་ཆོ་གས་ལས་རླུང་ཐམས་ཅད་དབུ་མའི་དབྱིངས་སུ་གཞུག་སྟེ་བུམ་ཅན་རབ་འབྲིང་ཐ་མའི་ཚད་མ་གྲུབ་བར་དུ་བསླབ་པའོ། །གཉིས་པ་ཁྱབ་བྱ་གཏུམ་མོའི་རྣལ་འབྱོར་ལ་གསུམ། དང་པོ་རླུང་གི་གཏུམ་མོ་ནི། རྩ་གསུམ་སྔར་བཞིན་གསལ་བཏབ་ལ། སྤྱི་བོའི་འཁོར་ལོ་རྩ་འདབ་སོ་གཉིས་དམར་ལ་དཀར་བའི་མདངས་ཆགས་པ་གདུགས་ཀྱྀ་རྩིབས་མ་ལྟར་ཁ་ཅུང་ཟད་ཐུར་བསྟན་གྱི་རྣམ་པ་ཅན། མགྲིན་པར་བཅུ་དྲུག་ཤིན་ཏུ་དམར་བའི་རྣམ་པ་ཅུང་ཟད་གྱེན་བསྟན་ཅན། དེ་བཞིན་སྙིང་ཁར་བརྒྱད་དམར་ལ་སེར་བའི་རྣམ་པ་ཅན་ཅུང་ཟད་ཐུར་དུ་བསྟན་པ། ལྟེ་བར་དྲུག་ཅུ་རྩ་བཞི་དམར་ལ་ལྗང་བའི་རྣམ་པ་ཅན་ཅུང་ཟད་གྱེན་དུ་བསྟན་པ་ཐམས་ཅད་རྩ་ཡི་གནས་ཚུལ་ལྟར་དང་འཁོར་ལོ་བཞིའི་ཐད་དུ་རྩ་གསུམ་སྦུབས་གཅིག་ཏུ་འདྲེས་པ་གསལ་གདབ། སྤྱི་བོའི་འཁོར་ལོའི་སྟེང་དུ་ངོ་བོ་ཕ་ལས་ཐོབ་པའི་ཁམས་གཉིས་དྭངས་སུམ་དྭངས་ཀྱི་དྭངས་མ་རྣམ་པ་ཧྃ་ཡིག་དཀར་པོ་མགོ་ཐུར་བསྟན་གྱི་རྣམ་པ་ཅན་དང༌། བྱེད་ལས་དྲན་པ་ཙམ་གྱིས་བདེ་བ་ཆེན་པོའི་ཡེ་ཤེས་བསྐྱེད་ནུས་པ་ཅན་གསལ་གདབ་པའོ། །ལྟེ་བའི་འོག་ཏུ་མ་ལས་ཐོབ་པའི་རཀྟ་གཉིས་དྭངས་སུམ་དྭངས་ཀྱི་དྭངས་མ། རྣམ་པ་ཨ་ཐུང་སྐྱེར་ཚེར་རམ་ཤད་ཀྱི་རྣམ་པ་ཅན་རྩ་བ་ཕྲ་བ་གྱེན་དུ་བསྟན་པ། གདེང་ཁ་ཆེ་བ་ཐུར་དུ་བསྟན་པ་མེ་འབར་ལ་ཁད་པ་ཞིག་དང༌། བྱེད་ལས་དྲན་པ་ཙམ་གྱིས་བདེ་བ་ཆེན་པོ་བསྐྱེད་ནུས་པ་ཞིག་བསམ། དེ་ནས་སྔར་ལྟར་སྦྱོར་བ་བཞི་ལྡན་གྱི་བུམ་པ་ཅན་གྱི་རླུང་རྔུབ་པ་ན་རོ་རྐྱང་གཉིས་ནས་དབུ་མའི་ནང་དུ་སོང་ཨ་ཐུང་ལ་རེག་པ་ཙམ་གྱིས་མེ་ལྷབ་ཀྱིས་འབར། དང་པོ་ལྟེ་བའི་རྩ་འཁོར་གྱི་ལྟེ་བ་གང་དེ་ནས་རིམ་པར་རྩ་འདབ་བརྒྱད་དང་བཅུ་དྲུག་ནས་རེ་བཞིའི་བར་རྩ་འཁོར་ཐམས་ཅད་གང༌། རྩའི་རྩེ་མོ་ཐམས་ཅད་ན་མེ་ལྕེ་ཐམས་ཅད་དམར་ཕྲེང་ཕྲེང་ཡོད་པར་བསམ། དེ་ལ་བརྟན་པ་ཐོབ་ན་སྙིང་ག་དང་མགྲིན་པ་དང༌། སྤྱི་བོའི་རྩ་འཁོར་ཐམས་ཅད་གང་བར་བསམ། དེ་ནས་ཕྱི་ནང་ཐམས་ཅད་མེས་ཁྱབ་རང་ཉིད་དཔལ་རྡོ་རྗེ་གཞོན་ནུ་གསལ་བའི་སྐུ་ལས་ལྕགས་གོང་མེས་བསྲེག་པ་ལྟར་མཐིང་ལ་དམར་བའི་རྣམ་པར་གྱུར་པར་མོས། དེ་ནས་མེ་ལྕེས་སྣོད་བཅུད་ཐམས་ཅད་ལ་ཁྱབ། མཐར་མེ་ཐམས་ཅད་ཚུར་འདུས་ནས་ལྟེ་བའི་ཨ་ཤད་ལ་ཐིམ་པས། དེ་ཉིད་སྣོད་བཅུད་ཐམས་ཅད་ཀྱི་སྙིང་པོར་གྱུར་པར་བསམ་མོ། །གཉིས་པ་མེའི་གཏུམ་མོ་ནི། དེ་ནས་སྤྱི་བོའི་རྩ་འཁོར་ནས་མེ་ལྕེ་གློག་གི་ཟེགས་མ་ལྟ་བུ་ཞིག་ཡར་སོང༌། ཧྃ་ཡིག་ལ་ཕོག་པ་ཙམ་གྱི་བདེ་བ་ཆེན་པོའི་གཟི་བྱིན་སྔོན་ལས་ཀྱང་ཁྱད་པར་དུ་གྱུར་པར་བསམ། ན་དཱའི་རྩེ་ནས་སྟོང་སྐུད་ཀྱི་བ་ཐག་ལྟ་བུའི་བྱང་སེམས་ཞུ་ནས་སྤྱི་བོའི་རྩ་གནས་ཐམས་ཅད་གང་མེ་ཐམས་ཅད་རིམ་པ་བཞིན་དུ་མར་དེད། རིམ་པ་བཞིན་དུ་ལྟེ་བའི་རྩ་འཁོར་གྱི་བར་དུ་གང་བ་ལ་བརྟེན་ནས་དགའ་བཞིའི་ཡེ་ཤེས་མྱོང་བ་དང༌། དབང་བཞི་ཐོབ། སྒྲིབ་བཞི་དག་པར་བསམ། རྩ་སོ་སོའི་རྩེ་མོར་བྱང་སེམས་ཀྱི་བདུད་རྩི་ཟིལ་པ་ཁྲོམ་ཁྲོམ་ཡོད་པར་བསམ། དེ་ནས་ཨ་ཤད་ལ་ཕོག་པ་ཙམ་གྱིས་མེ་ལ་སྣུམ་ཁུ་བླུག་པ་བཞིན་སྔར་ལས་ཀྱང་མེ་ཆེར་འབར་མེ་ཡར་འབར་བ་དང་བདུད་རྩི་ཡར་དད་ཁམས་སྙིགས་མ་ཐམས་ཅད་བསྲེག །དྭངས་མ་དངུལ་ཆུ་ལྟ་བུས་རྩ་ཁམས་ཐམས་ཅད་ལ་ཁྱབ། ཡུལ་བདེ་བས་དྲངས་པའི་ཡུལ་ཅན་བདེ་སྟོང་དབྱེར་མེད་ཀྱི་ངང་དུ་དུས་གསུམ་གྱི་རྟོག་པས་མ་བསླད་པར་མཉམ་པར་བཞག་པར་བྱའོ། །གསུམ་པ་མི་རྟོག་པའི་གཏུམ་མོ་ནི། དེ་ལྟར་ཡུལ་ཅན་བདེ་བ་ཆེན་པོ་དང་ཡུལ་སྟོང་པ་ཉིད་དབྱེར་མེད་པའི་ངང་དུ་འདས་མ་འོངས་ད་ལྟ་དུས་གསུམ་གྱི་རྣམ་རྟོག་ཐམས་ཅད་རང་འགགས་ཀྱི་ངང་ལ་བཞག་པར་བྱ་སྟེ། དེ་ལྟར་ཉམས་སུ་བླང་བའི་ལག་རྗེས་ཚོགས་དྲུག་གི་སྣང་བ་ཐམས་ཅད་བདེ་བར་ཤར་བ་དང༌། འཇིག་རྟེན་ཆོས་བརྒྱད་ཀྱི་རྟོག་པས་མི་བརྫི་བའི་ཚེ་ན་སྦྱོར་ལམ་དྲོད་སོགས་ཐོབ་པའི་སྤྱོད་པ་སྤྱད་པ་ཡིན་ནོ། །གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཉམས་ལེན་གཞན་ལུས་ཕོ་ཉའི་ལམ་ནི། བཞིན་ལེགས་ཚུལ་བཟང་དམ་ཚིག་ཅན༔ རིགས་ཅན་ལྔ་སོགས་བརྟག་ཅིང་དགུག༔ དྲང་ངེས་ཆོས་བཤད་ཟབ་དབང་བསྐུར༔ ཁམས་ཀྱི་བཅུད་བསྐྱེད་ལས་རུང་ཚེ༔ བལྟ་དགོད་ལག་སྦྲེལ་གསང་རྩ་ཕྲད༔ རེ་རེ་ལ་ཡང་བདེ་བ་སྤེལ༔ ངོས་བཟུང་ཀ་དག་ངང་དུ་བཞག༔ དལ་བུས་བསྲུབ་ཅིང་བདེ་བ་དབབ༔ ནོར་བུའི་རྩེ་ནས་རླུང་གིས་དྲངས༔ གནས་སུ་ལྡོག་ཅིང་ཁྱབ་པར་དགྲམ༔ འཁྲུལ་འཁོར་བྱ་ཞིང་དོན་ལ་བལྟ༔ ཞེས་གསུངས་ཏེ། དང་པོ་རིག་མ་བསྟེན་ཅིང་དགུག་པ་བསྙེན་པའི་ཡན་ལག་ནི། མཚན་ལྡན་གྱི་བུད་མེད་བཞིན་ལེགས་པ་དང་ཚུལ་བཟང་བ་དམ་ཚིག་ཅན་གྱི་ཕྱག་རྒྱ་པདྨ་ཅན་དང༌། རི་མོ་ཅན་དང༌། དུང་ཅན་མ་དང༌། གླང་སྣ་ཅན་དང༌། རི་དྭགས་ཅན་ཏེ་རིགས་ཅན་ལྔ་པོ་ལེགས་པར་བརྟག་ནས། རྫས་སྔགས་དམིགས་པ་གསུམ་གྱིས་དགུག་པར་བྱས་ལ། དང་པོ་དྲང་བའི་དོན་གྱི་ཆོས་བཤད་ནས་འཁོར་བ་སྡུག་བསྔལ་གྱི་མེའི་ཕུང་པོ་ལྟ་བུར་རིག་པར་བྱ་བ་དང་བྱང་ཆུབ་སེམས་ཀྱིས་རྒྱུད་གང་བར་བྱ་བ་སོགས་ཐུན་མོང་གི་ཆོས་ཀྱིས་བློ་རྒྱུད་ལེགས་པར་སྦྱང༌། དེ་ནས་ངེས་པའི་དོན་སྔགས་ཀྱི་དཀྱིལ་འཁོར་དུ་གཞུག་ལ་དབང་གིས་རྒྱུད་སྨིན་ཅིང་དམ་ཚིག་རྣམ་པར་དག་པར་བྱས་ནས་རང་དང་རྟོགས་པ་མཉམ་པའམ་ཅུང་ཟད་དམན་པའང་རུང་མོད། ཁྲུས་བྱ་བ་དང་རྒྱན་གྱིས་སྤྲས་པ་དང་བསྐུ་མཉེ་དང༌། ཤ་ཆང་སོགས་ཟས་བཅུད་ཅན་གྱིས་ཁམས་ཀྱི་བཅུད་བསྐྱེད་པར་བྱ་བ་བཅས་སོ། །གཉིས་པ་སྦྱོར་བ་ཉེ་བསྙེན་གྱི་ཡན་ལག་ནི། ཡབ་ཡུམ་བདེ་བའི་སྟན་ལ་འཁོད་དེ། ཐོག་མར་མིག་གིས་གཟུགས་ལ་བལྟ་ཞིང་དགོད་པ་ལག་པ་སྦྲེལ་བ་སོགས་ལ་བསླབ། དེ་ནས་ཡབ་ཡུམ་ལྷ་ཡི་འདུ་ཤེས་དང༌། མཁའ་གསང་རྡོ་རྗེ་དང་པདྨར་བྱིན་གྱིས་བརླབ་པ་སྔགས་ཀྱི་འདུ་ཤེས་དང༌། སྒྲུབ་པའི་ཐབས་འདི་ལ་བརྟེན་ནས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ལམ་གྱི་འདུ་ཤེས་ཏེ། འདུ་ཤེས་གསུམ་གྱི་སྒོ་ནས་གསང་རྩ་སྤྲད་པ་སོགས་རེ་རེ་ལའང་བདེ་བ་ངོས་བཟུང་སྟེ་རིག་སྟོང་ཀ་དག་གི་ངང་དུ་བཞག་པའོ། །གསུམ་པ་ཡས་བབས་སྒྲུབ་པའི་ཡན་ལག་ནི། དལ་བུས་བསྲུབ་པའི་སྦྱོར་ཐབས་ཀྱིས་ཐིག་ལེ་སྤྱི་བོ་ནས་འཁོར་ལོ་བཞི་རིམ་གྱིས་དབབ་ཏེ་ཡས་བརྟན་གྱི་དགའ་བཞིའི་ཡེ་ཤེས་སྐྱེས་པ་ལ་རང་ངོར་བལྟ། བཞི་པ་མས་བརྟན་སྒྲུབ་ཆེན་གྱི་ཡན་ལག་ནི། དེ་ནས་རྡོ་རྗེ་ནོར་བུའི་རྩེ་མོ་ནས་རླུང་འཕོ་བ་མེད་པའི་སྟོབས་ཀྱིས་གྱེན་དུ་དྲངས་ནས་རྩ་གནས་ཐམས་ཅད་ལ་ཁྱབ་པར་དགྲམ། མས་བརྟན་གྱི་དགའ་བཞི་ཉམས་སུ་མྱོང༌། དེ་ལྟར་དབབ་ལ་མཁས་པ་རུ་སྦལ་གྱི་ནུར་འགྲོས་ལྟ་བུ། བཟུང་ལ་མཁས་པ་རྫ་སྣོད་ཐེམ་བུའི་བཀག་པ་ལྟ་བུ། ལྡོག་ལ་མཁས་པ་སྐྱེན་པོས་མདའ་འཕེན་པ་ལྟ་བུ། འགྲེམས་ལ་མཁས་པ་ཡུར་བ་ལ་ཆུ་དྲངས་པ་ལྟ་བུས་ལུས་གནས་ཐམས་ཅད་ལ་ཁྱབ་པར་དགྲམ། དེ་ལྟར་ཐིག་ལེ་གྱེན་དུ་དྲངས་པའི་ཐབས་སྟག་མོ་རྒྱུག་སྟངས་སོགས་དུད་འགྲོའི་བགྱུ་བ་བཞིའི་འཁྲུལ་འཁོར་བྱ་སྟེ། བདེ་སྟོང་གཉིས་མེད་ཀྱི་གནས་ལུགས་ཀྱི་དོན་ལ་ཡུན་རིང་བལྟ་བར་བྱའོ། །གསུམ་པ་དོན་བསྡུ་བའི་སྒོ་ནས་འབྲས་བུ་བསྟན་པ་ནི། ཨེ་ཡིག་འཁོར་ལོ་རྒྱས་འདེབས་དབྱིངས༔ ཝྃ་ཡིག་རྡོ་རྗེ་གཞོན་ནུའི་རྒྱུད༔ རེག་བྱའི་དགའ་བ་ཉམས་སུ་མྱོང་༔ ཧེ་རུ་ཀ་དཔལ་མངོན་དུ་འགྱུར༔ ཞེས་གསུངས་ཏེ། ཨེ་ཡིག་སྟེ་ཡུམ་འཁོར་ལོ་རྒྱས་འདེབས་མའི་མཁའ་དབྱིངས་དང༌། ཝྃ་ཡིག་སྟེ་ཡབ་རྡོ་རྗེ་གཞོན་ནུའི་རྡོ་རྗེ་ནོར་བུའི་རེག་བྱའི་དགའ་བ་ཉམས་སུ་མྱོང་བ་ལ་བརྟེན་ནས་མཚོན་བྱེད་དཔེ་ཡི་ཡེ་ཤེས་དང༌། དེ་ལ་བརྟེན་ནས་མཚོན་བྱ་དོན་གྱི་ཡེ་ཤེས་སློབ་པའི་འོད་གསལ་ཟུང་འཇུག་གི་ངོ་བོ་མངོན་དུ་གྱུར་ཏེ། དེ་ལ་རིམ་བཞིན་གོམས་པས་མཐར་ཐུག་མི་སློབ་པའི་གོ་འཕང་མངོན་དུ་གྱུར་ནས། ཡུལ་ཅན་འགྱུར་མེད་ཀྱི་བདེ་ཆེན་དང་ཡུལ་སྟོང་པ་ཉིད་གཉིས་སུ་མེད་པའི་ངོ་བོ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་རང་བཞིན་འོད་གསལ་བཞི་པོ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དང་སྐུ་གསུམ་དབྱེར་མེད་ཡེ་ཤེས་རྡོ་རྗེའི་བདག་ཉིད་མངོན་དུ་འགྱུར་བ་ཡིན་ནོ། །གཉིས་པ་མཚན་མེད་ཀྱི་རྫོགས་རིམ་ནི། ནམ་མཁའ་ལྟ་བུའི་གང་ཟག་གིས། རིག་པ་ཡེ་ཤེས་ཀྱི་ཕུར་བུ་ཡུལ་གཟུང་འཛིན་གཉིས་ལ་བཏབ་ནས་ཆོས་ཀྱི་དབྱིངས་དང་དབྱེར་མེད་དུ་བསྲེ་བ་ཡིན་ཏེ། ནམ་མཁའ་ལྟ་བུ་ཞེས་པ་ནི། ཆོས་ཐམས་ཅད་མཉམ་ཉིད་བླང་དོར་མེད་པ་ཁོང་དུ་ཆུད་ནུས་པའི་ཟག་ཡིན་ལ། རིག་པ་ནི་དབྱིངས་སྟོང་པ་ཉིད་དང༌། དེའི་གདངས་མ་འགགས་པའི་ཡེ་ཤེས་ལ་རིག་པ་ཡེ་ཤེས་ཀྱི་ཕུར་བུ་ཞེས་པ་དང༌། དེ་གཟུང་འཛིན་གྱི་སྣང་བ་ལ་བཏབ་ནས་ཆོས་ཀྱི་དབྱིངས་དང་དབྱེར་མེད་དུ་བསྲེ་བ་ནི་དེའི་ལག་རྗེས་ཡིན་ཏེ། དེ་ལ་གསུམ་རྣམ་བཞག་སྤྱིར་བསྟན་པ། མན་ངག་བྱེ་བྲག་ཏུ་བཤད་པ། འབྲས་བུ་སྒྲུབ་ཚུལ་གྱིས་མཇུག་བསྡུ་བའོ། །དང་པོ་ནི། རིག་པ་ཡེ་ཤེས་ཕུར་བུ་ནི༔ ཆོས་ཀྱི་དབྱིངས་ལ་བཏབ་ཅིང་བསྲེ༔ ཡུལ་དང་ཡུལ་ཅན་རོ་མཉམ་ན༔ ཟུང་འཇུག་མཐར་ཐུག་བླ་ན་མེད༔ ཅེས་གསུངས་ཏེ། འདི་ནས་་་གཙོ་བོ་ཁྲེགས་ཆོད་ལ་སྦྱར་ན་གདབ་བྱེད་སེམས་ཀྱི་ངོ་བོའམ་དྭངས་མ་གདོད་ནས་འཁྲུལ་མ་མྱོང་བའི་རིག་པ་ཡེ་ཤེས་ཀྱི་ཕུར་བུ་ནི། གདབ་ཡུལ་ཡོད་མེད་ལ་སོགས་པའི་གཟུང་འཛིན་གྱི་སྤྲོས་མཚན་ཐམས་ཅད་ཉེ་བར་ཞི་བའི་ཆོས་ཀྱི་དབྱིངས་ལ། བཏབ་ཚུལ། ཆོས་ཉིད་སྤྲོས་དང་བྲལ་བ་ལ། །ཤེས་པའང་སྤྲོས་དང་བྲལ་བར་བཞག །ཞེས་པ་ལྟར་ཡུལ་ལ་དེར་འཛིན་མེད་པར་དབྱིངས་རིག་བསྲེས་ཏེ་ཐད་ཀར་སྤྲོ་བསྡུ་བྲལ་བར་བཞག་པ་ལས།གདབ་པའི་འབྲས་བུ། ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པ་ལྟར་ཡུལ་དང་ཡུལ་ཅན་གྱིས་བསྡུས་པའི་གཉིས་ཆོས་མཚན་མའི་སྤྲོས་པ་ཐམས་ཅད་གཉིས་མེད་རིག་པའི་ཀློང་དུ་ནུབ་ཏེ་འཁོར་འདས་སྣང་སྲིད་ཐམས་ཅད་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་དུ་རོ་མཉམ་པ་ན། དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་མཐར་ཐུག་གི་གོ་འཕང་བླ་ན་མེད་པ་འགྲུབ་པ་ཡིན་ནོ་ཞེས་པའོ།་་་བར་གསབ། །ཐོད་རྒལ་ལ་སྦྱར་ནས་བཤད་ན། ཐོག་མར་གཞི་ཀ་དག་དང་ལྷུན་འགྲུབ་ཟུང་འཇུག་གི་དོན་གཏན་ལ་ཕབ་ནས་རིག་པ་ཡེ་ཤེས་ཀྱི་ཕུར་བུ་ངོ་སྤྲད་ཅིང༌། ལམ་ཀ་དག་གི་ལྟ་བ་ལས་མ་གཡོས་པར་དེའི་བོག་འབྱིན་ཐོད་རྒལ་སྣང་བཞིའི་རིམ་པ་ཉམས་སུ་བླང་བ་ལ་བརྟེན་ནས། འབྲས་བུ་ཡུལ་ཅན་ཀ་དག་དང་ཡུལ་ཐོད་རྒལ་ལྷུན་འགྲུབ་ཀྱི་སྣང་བ་རོ་མཉམ་དུ་འདྲེས་ཏེ་སྐུ་གཉིས་ཟུང་དུ་འཇུག་པའི་མཐར་ཐུག་བླ་ན་མེད་པའི་གོ་འཕང་ཐོབ་པ་ཡིན་ནོ་ཞེས་པའོ། །གཉིས་པ་མན་ངག་བྱེ་བྲག་ཏུ་བཤད་པ་ལ་གསུམ། དབང་པོ་རབ་ཚེ་འདིར་འཚང་རྒྱ་བ། འབྲིང་བར་དོར་འཚང་རྒྱ་བ། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་པའི་ཁྲིད་དོ། །དང་པོ་ལའང་ཁྱད་པར་གྱི་སྔོན་འགྲོ་དང༌། ལམ་གྱི་དངོས་གཞི་གཉིས་ལས། དང་པོ་ལ་རིག་པའི་སྣ་ཁྲིད་པ་འཁོར་འདས་རུ་ཤན་དབྱེ་བ་དང༌། སེམས་ཀྱི་སྣ་ཁྲིད་པ་ལུས་ངག་ཡིད་གསུམ་སྦྱོང་བའི་ཚུལ་གཉིས་ལས། དང་པོ་ནི་འདིར་རུ་ཤན་ནང་ལྟར་དབྱེ་བའི་ཚུལ་གསུངས་པ་སྟེ་རང་ཉིད་ཐ་མལ་དུ་གནས་པའི་ལུས་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་དུ་བསྒོམ་ལ། སྦྱངས་བྱ་སྤྱི་བོར་ལྷ་ཡི་ས་བོན་ཨ་དཀར་པོ། མགྲིན་པར་ལྷ་མིན་གྱི་ས་བོན་སུ་ལྗང་སེར། སྙིང་གར་མི་ཡི་ས་བོན་ནྲྀ་སྔོ་སྐྱ། ལྟེ་བར་དུད་འགྲོའི་ས་བོན་ཏྲི་དམར་ནག །གསང་བར་ཡི་དག་ཀྱི་ས་བོན་པྲེ་ཐལ་སྐྱ། རྐང་མཐིལ་དུ་དམྱལ་བའི་ས་བོན་དུ་དུད་ཁ་རྣམས་རྣམ་པ་མི་གསལ་བ་མོག་མོག་པོ་དུ་བ་འཁྱིལ་བ་ལྟ་བུར་དམིག །སྦྱོང་བྱེད་གནས་གསུམ་གྱི་སྦྱངས་བྱའི་ཡི་གེ་སོ་སོའི་སྟེང་དུ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་གཉིས་སུ་མེད་པའི་རིག་པའི་ཡེ་ཤེས་ཀྱི་རང་བཞིན་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ་དམར་པོ། སྙིང་གར་ཧཱུྃ་མཐིང་ག་རྣམས་ཤིན་ཏུ་གསལ་ཞིང་གཟི་བྱིན་ཁ་དོག་ལྔ་དང་ལྡན་པར་གསལ་བཏབ་ལ། འབྲུ་གསུམ་ལས་གང་ལ་རེག་པ་ཙམ་གྱིས་སྡིག་ལྟུང་ལྷག་མེད་དུ་བསྲེག་ནུས་པའི་ཡེ་ཤེས་ཀྱི་མེ་དཀར་དམར་མཐིང་གའི་འོད་ཟེར་གྱི་རྣམ་པར་བྱུང༌། ལུས་ཀྱི་ནང་ནས་མར་སོང༌། བརླ་ཡི་རྩ་བོ་ཆེ་ནས་བརྒྱུད་དེ་རྐང་མཐིལ་གྱི་དམྱལ་བའི་ས་བོན་ལ་རེག་པ་ཙམ་གྱིས་དངོས་མེད་དུ་སྦྱངས་ནས་ཆོས་ཉིད་ཀྱི་ངང་དུ་ཐིམ། དམྱལ་བར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་དག་པར་མོས་ཏེ། ཨོཾ་ཨཱཿཧཱུྃ། འབུམ་ཕྲག་གཅིག་བཟླ། དེས་འགྲེས་ཏེ་ཡི་དྭགས་ཀྱི་ས་བོན་སོགས་ལྷག་མ་རྣམས་ལ་དམིགས་བཟླས་སྔར་བཞིན་བཅས་འབུམ་དྲུག་དང༌། ཐམས་ཅད་ཀྱི་ཁ་སྐོང་འབུམ་གཅིག་བཅས་ཁྱོན་འབུམ་བདུན་བཟླའོ། །གཉིས་པ་ལ་གསུམ་ལས་དང་པོ་ལུས་སྦྱོང་ནི། ལུས་བསྲང་སྟེ་རྐང་མཐིལ་གཉིས་མདུན་དུ་སྤྲད། པུས་མོ་གཉིས་ཕྱིར་བཅིལ། ལག་པའི་གྲུ་མོ་གཉིས་རྒྱངས་ཏེ་ཐལ་མོ་མགོ་ལ་མ་རེག་པར་སྦྱར་བ་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་བྱས་ལ་མིག་བར་སྣང་དུ་ཧ་རེ་བལྟ། ལུས་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་མེ་འབར་བ་ཞིག་ཏུ་བསྒོམ་ལ་ལུས་ཚུགས་མ་ཐུབ་ན་རྒྱབ་འགྱེལ་བྱས་ནས་རྐང་ལག་ཕྱིར་གྱེས་ཏེ་ཧ་ཞེས་བརྗོད་ནས་དབྱིངས་རིག་བསྲེ། དེ་ལྟར་ཡང་ཡང་བྱའོ། །གཉིས་པ་ངག་སྦྱོང་ལ་བཞི་ལས་དང་པོ་རྒྱས་གདབ་ལ་ཕྱི་སྣང་བ་ལ་རྒྱས་གདབ་པ་ནི། དབེན་པའི་གནས་སུ་ལུས་ཆོས་བདུན་བཅའ་ལག་པ་གཡས་གཡོན་གྱིས་པུས་མགོ་བཀབ། སྙིང་ཁར་ཧཱུྃ་སྔོན་པོ་ཞིག་སྒོམ་ལ་སོ་དང་མཆུ་མ་རེག་ཙམ་གྱི་བར་ནས་ཧཱུྃ་གླུ་ལེན་ཤིང་སྙིང་གའི་ཧཱུྃ་ལས་ཧཱུྃ་ཡིག་གྲངས་མེད་པ་འཕྲོས་སྣ་བུག་གཡས་ནས་ཕྱིར་སོང༌། གནས་ཁང་སོགས་རིམ་བཞིན་ཁྱབ་མཐར་སྣོད་བཅུད་ཐམས་ཅད་ཧཱུྃ་གིས་གང་བ་ལ་སེམས་གཏད། ཡང་ཕྱི་ཡི་ཧཱུྃ་དེ་དག་སྣ་བུག་གཡོན་པ་ནས་ཚུར་ཞུགས་སྙིང་གའི་ཧཱུྃ་ལ་ཐིམ་པར་མོས། ནང་ཕུང་པོ་ལ་རྒྱས་གདབ་པ་ནི། ཡང་སྙིང་གའི་ཧཱུྃ་དེ་ལས་ཧཱུྃ་གྲངས་མེད་པ་འཕྲོས་རང་གི་ལུས་ཀྱི་ནང་ཐམས་ཅད་གང་བར་མོས་ཤིང་མཐར་སྙིང་གའི་ཧཱུྃ་ཡིག་ལ་ཐིམ་པར་བསམ། གཉིས་པ་རྩལ་སྦྱོང་བ་ལ། ཕྱི་སྣང་བ་ལ་རྩལ་སྦྱོང་བ་ནི་ཧཱུྃ་ཞེས་བརྗོད་པས་སྙིང་ཁའི་ཧཱུྃ་ལས་ཧཱུྃ་ཡིག་གཅིག་ཆད་ནས་ཕྱིར་སོང་བར་བསམ་ལ་རླུང་ཅུང་ཟད་ཕྱིར་འཛིན་པ་དང་མཉམ་དུ་ཧཱུྃ་ཡིག་དེས་ཐོག་མར་རང་གི་མདུན་དུ་དངོས་པོ་གང་རུང་ཅིག་ཤོག་བུ་ལ་མེ་སྟག་ཕོག་པ་ལྟར་ཕར་ཐལ་ཚུར་ཐལ་དུ་ཕུག་སྟེ། ཁྲ་ཤིག་ཤིག་བུན་ལམ་ལམ་འོད་དུ་ཡལ་ལ་ཁད་པར་བྱས་པར་བསམ། དེས་སྣང་བའི་བདེན་ཞེན་འགོག །དེ་ནས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་སྔར་ལྟར་བྱས་ནས་སྣ་བུག་གཡོན་ནས་ཚུར་འདུས་ཏེ་སྙིང་གའི་རིག་པ་གཞིར་གནས་ཡེ་ཤེས་ཀྱི་ངོ་བོ་ལ་ཐིམ་པར་དམིགས་ལ་རླུང་ནང་དུ་འཛིན། ནང་ཕུང་པོ་ལ་རྩལ་སྦྱོང་བ་ནི་ཡང་ཧཱུྃ་ཡིག་འཕྲོས་ནས་རང་གི་ལུས་སྔར་ལྟར་ཕུག་པར་བསམ། དེས་ནང་ཕུང་པོའི་བདེན་ཞེན་འགོག་པའོ། །གསུམ་པ་གཉེན་བརྩལ་བ་ནི། མདུན་དུ་ཀ་བ་ལྟ་བུ་བཙུག་པའམ་ཡང་ན་དམིགས་ཏེ་ཧཱུྃ་བརྗོད་པ་དང་མཉམ་དུ་སྙིང་གའི་ཧཱུྃ་ལས་ཧཱུྃ་ཡིག་གི་ཕྲེང་བ་བར་མ་ཆད་དུ་བྱུང༌། དམིགས་རྟེན་དེའི་རྩ་བ་ནས་རིམ་པར་སྦྲུལ་འཁྲིལ་བ་ལྟར་དཀྲིས་པར་མོས་ལ་ཧཱུྃ་ཡིག་ཐམས་ཅད་ཀྱིས་རང་སྒྲ་སྒྲོག་པར་བསམ་ལ་སེམས་བཟུང༌། ཡང་ཧཱུྃ་རྣམས་རིམ་བཞིན་ཚུར་འདུས་ནས་སྙིང་གའི་ཧཱུྃ་ལ་ཐིམ་པར་མོས་པ་ནི་བོགས་འབྱིན་པའི་ཐབས་སོ། །བཞི་པ་ལམ་དུ་གཞུག་པ་ནི། ངག་ནས་ཧཱུྃ་དལ་དྲག་རེས་མོས་བརྗོད་པ་དང་མཉམ་དུ་སྙིང་གའི་ཧཱུྃ་ཡིག་ལས་ཧཱུྃ་འཕྲོས་ཏེ་སྣ་བུག་གཡས་ནས་ཕྱིར་སོང༌། ཧཱུྃ་སྒྲ་དལ་དྲག་དང་མཐུན་པར་རེས་དྲང་པོ་དང་རེས་ཕར་འཁྱོགས་ཚུར་འཁྱོགས་བྱས་ནས་མ་དག་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སོང་བར་བསམ། ཡང་ཧཱུྃ་ཞེས་བརྗོད་པས་ཧཱུྃ་དེ་ཉིད་རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ཁམས་ལྔ་དང་པདྨ་འོད་ལ་སོགས་པ་དག་པའི་ཞིང་ཁམས་རྣམས་སུ་སོང་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞལ་མཇལ་གསུང་ཐོས་དབང་བསྐུར་ལུང་སྟོན་དབུགས་དབྱུང་གཟེངས་བསྟོད་དེ་རིག་པ་འཛིན་པའི་གྲལ་དུ་བཞག་པར་མོས། སླར་ཚུར་འོང་སྟེ་གཞིར་གནས་ཀྱི་ཧཱུྃ་ལ་ཐིམ་པར་བསམ་ལ་རླུང་ཅུང་ཟད་ནང་དུ་འཛིན་པའོ། །གསུམ་པ་སེམས་སྦྱང་བ་ལ་གཉིས་ལས་དང་པོ་བྱུང་གནས་འགྲོ་གསུམ་ལ་བརྟག་པ་ནི། རང་གི་བློ་ཁ་ནང་དུ་ཕྱོགས་ཏེ་བལྟས་པ་ན་རྣམ་རྟོག་ཞིག་ཐོལ་གྱིས་སྐྱེས་པའི་ཚེ། དེ་འདྲའི་རྣམ་རྟོག་གི་སེམས་དེ་དང་པོ་ཕྱི་སྣོད་བཅུད་དང་ནང་རང་གི་ལུས་དང་སེམས་སོགས་གང་ལས་བྱུང་བརྟག །བར་དུ་སེམས་དེ་ཕྱི་དངོས་པོའི་སྟེང་ན་གནས་དང་ནང་རང་གི་ལུས་ཀྱི་ཕྱི་ནང་སོགས་གང་དུ་གནས་བརྟག །མཐར་སེམས་དེ་འགགས་པའི་སྐབས་སུ་འགྲོ་ས་འགྲོ་མཁན་ཅི་འདྲ་ཞིག་འདུག་དང༌། དབྱིབས་དང་ ཁ་དོག་སོགས་ལ་བརྟག་ན་དང་པོ་སྐྱེ་བའི་རྒྱུ་དང༌། བར་དུ་གནས་པའི་ངོ་བོ། མཐའ་མར་འགགས་པའི་འབྲས་བུ་བཅས་སྐྱེ་འགགས་གནས་གསུམ་གྱིས་སྟོང་སྟེ། གཞི་མེད་རྩ་བྲལ་དུ་གཏན་ལ་འབེབས་ཅིང་མཚང་བཙལ་བ་ནི་སེམས་ཀྱི་ཁང་བུ་རྡིབ་པའི་མན་ངག་ཡིན་ནོ། །གཉིས་པ་དེ་ཉིད་ལམ་དུ་བཏང་བ་ལ་གཉིས་ལས་དང་པོ་རྣལ་དུ་དབབ་པ་ནི། ལུས་སོག་ཕོན་གྱི་ཐག་པ་ལྷོད་པ་ལྟར་བདེ་ལུགས་སུ་བཞག །ངག་པི་ཝཾ་གི་རྒྱུན་ཐག་ཆད་པ་བཞིན་མ་བཅོས་པར་བཞག །ཡིད་རང་ཐག་གི་ལྟག་ཆུ་ཆད་པ་བཞིན་སྣང་ཡུལ་མ་འགགས་ལ་དེར་འཛིན་གྱི་བློ་དང་བྲལ་བར་རིག་སྟོང་རྗེན་པའི་ངང་དུ་རང་བབས་སུ་བཞག་གོ །གཉིས་པ་སོར་གཞུག་པ་ནི། དེ་ལྟར་བཞག་པ་ན་བྱིང་བ་ལ་སོགས་པའི་རྐྱེན་བྱུང་ན་དང་པོ་ཉན་ཐོས་ཀྱི་ལྟ་སྟངས་རྣམ་སྣང་ཆོས་བདུན་དང་ལྡན་པས་སེམས་ལ་བཟོ་བཅོས་མི་བྱེད་པར་བཞག་པའོ། །གཉིས་པ་བྱང་སེམས་ཀྱི་ལྟ་སྟངས་མིག་ཐད་ཀར་བལྟ། རྐང་པའི་འགྲོ་སྟབས་ཆ་མཉམ་པར་བྱའོ། །གསུམ་པ་ཁྲོ་བོའི་ལྟ་སྟངས་མིག་བསྒྲད་པ་དང༌། རྐང་པ་གྱད་ཀྱི་འདོར་སྟབས་སུ་བསྒྲད། ངག་ནས་ཧ་ཧ་དང་ཧི་ཧི་སོགས་བརྗོད་ལ་རྩལ་སྦྱང་ངོ༌། །གཉིས་པ་ལམ་གྱི་དངོས་གཞི་ལ་གཉིས་ཏེ། གཞི་ཀ་དག་སོར་བཞག་གི་མན་ངག་དང༌། དེའི་བོགས་འབྱིན་ལྷུན་འགྲུབ་ཐོད་རྒལ་གྱི་ཉམས་ལེན་བཤད་པའོ། །དང་པོ་ལ་ལྟ་བས་ཐག་བཅད་པ། སྒོམ་པས་ཉམས་སུ་མྱོང་བ། མྱོང་ཐོག་ཏུ་ལ་བཟླ་བའོ། །དང་པོ་ལ་ལུས་ངག་གི་གནད་དང༌། སེམས་ཀྱི་གནད་གཉིས་ལས་དང་པོ་ནི། དེ་ཕྱིར་ལུས་ཀྱི་ཆ་སྙོམས་ལ༔ ལས་ཟིན་སྐྱེས་བུ་ལྟ་བུར་ཀློད༔ རླུང་གི་འགྲོ་འོང་དལ་བུར་བྱ༔ མིག་གི་གསང་འབྲས་དབྱིངས་སུ་གཏོད༔ ཅེས་གསུངས་ཏེ། དེ་ལ་ལུས་རི་བོ་ཅོག་བཞག་གིས་ཆ་སྙོམས་པར་བྱ་སྟེ། དཔེར་ན་ལས་ཟིན་པའི་སྐྱེས་བུ་ལྟ་བུར་ལྷོད་ཀྱིས་ཀློད་ལ་བཞག །ངག་རླུང་གི་མན་ངག་སོ་དང་མཆུ་མ་རེག་ཙམ་གྱི་བར་ནས་དབུགས་ཀྱི་འགྲོ་འོང་ཙམ་ཡང་དལ་བར་བྱ། མིག་རྒྱ་མཚོ་ཅོག་བཞག་གིས་མིག་གི་གསང་འབྲས་གླང་པོ་ཆེ་གར་ཆང་གིས་བཟི་བ་ལྟར་ནམ་མཁའི་དབྱིངས་སུ་ཅེ་རེ་གཏོད་པའོ། །གཉིས་པ་ནི། སེམས་ཀྱིས་སྣང་སྲིད་འཁོར་འདས་ཆོས༔ རང་གི་སེམས་ཀྱིས་བཏགས་པ་ཙམ༔ བཏགས་པ་ཙམ་ནས་མིང་ཞིག་གྲུབ༔ མིང་ནས་མིང་གི་ངོ་བོ་སྟོང་༔ སྟོང་པ་ཕྱང་ཆད་མ་ཡིན་པར༔ རྟེན་འབྲེལ་སྒྱུ་མའི་སྣང་བ་ནི༔ རྡོ་རྗེ་གཞོན་ནུ་ངེས་པའི་དོན༔ སྒྱུ་མ་བཏགས་པ་ཅང་མེད་པ༔ འཁོར་ལོ་རྒྱས་འདེབས་དབྱིངས་ཀྱི་ངང་༔ ཞེས་གསུངས་ཏེ། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་དང་འཁོར་བ་འགྲོ་བ་རིགས་དྲུག་མྱང་འདས་འཕགས་ལམ་སྐུ་དང་ཡེ་ཤེས་ཞིང་ཁམས་ལ་སོགས་པ་ཐམས་ཅད་ཀྱང༌། འདོགས་བྱེད་རང་གི་སེམས་ཀྱིས་ཕར་བཏགས་པ་ཙམ་ལས་གདོད་ནས་རང་རང་གི་ངོ་བོར་བདེན་པར་མ་གྲུབ་ཅིང༌། དེ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་བཏགས་པ་ཙམ་དུ་གྲུབ་ན་དེ་ཐམས་ཅད་མིང་ཙམ་དུ་གྲུབ་པ་ཡིན་ལ། འོ་ན་མིང་དེ་བདེན་པར་གྲུབ་བམ་སྙམ་ན་དེ་ཡང་མ་ཡིན་ཏེ་མིང་ནི་གྲུབ་ཙམ་ཉིད་ནས་མིང་གི་ངོ་བོས་སྟོང་པའི་ཕྱིར་ཏེ་བཏགས་པ་ཙམ་ཡིན་པའི་ཕྱིར། དེ་ལྟར་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་མོད་ཅི་མེད་ཅང་མེད་ཀྱི་སྟོང་པ་ཕྱམ་ཆད་ནམ་མཁའ་ལྟ་བུར་སོང་བ་མ་ཡིན་ཏེ་སྟོང་ཉིད་དེའི་ངང་ལས་རྟེན་འབྲེལ་སྒྱུ་མའི་སྣང་བ་འགགས་མེད་དུ་ཤར་བས་ལས་འབྲས་བསླུ་བ་མེད་པ་མདོ་ཡི་ཚུལ་དང༌། སྔགས་བསྐྱེད་རིམ་ལ་སྣང་བ་འགགས་མེད་དུ་ཤར་བ་ཐབས་ཀྱི་ཆ་རྡོ་རྗེ་གཞོན་ནུ་དང༌། ངེས་པའི་དོན་དུ་སྒྱུ་མ་ཙམ་མམ་བཏགས་པ་ཙམ་དུ་ཡང་མེད་ཅིང་མ་གྲུབ་པ་སྟོང་ཉིད་ཤེས་རབ་ཀྱི་ཆ་ཡུམ་འཁོར་ལོ་རྒྱས་འདེབས་མའི་དབྱིངས་ཀྱི་ངང་དུུ་སྟེ་སྣང་བཞིན་དུ་སྟོང་ལ་སྟོང་བཞིན་དུ་སྣང་བ་སྣང་སྟོང་ཟུང་འཇུག་གི་ངང་དུ་ཞེས་པའོ། །ནང་རང་གི་སེམས་ཀྱི་གནས་ཚུལ་ལ་སྦྱར་ན་རིག་པའི་རང་བཞིན་གདོད་མ་ནས་རྣམ་པར་དག་པ་ངོ་བོ་སྟོང་པ། རང་བཞིན་གསལ་བ། གསལ་དུས་ཉིད་ནས་ངོ་བོ་སྟོང་པ་ལས་མ་འདས་ཤིང༌། སྟོང་པ་དེའི་རིག་གདངས་རྩལ་འགགས་མེད་དུ་འཆར་བའི་ཐབས་ཀྱི་ཆ་རྡོ་རྗེ་གཞོན་ནུ་དང༌། རིག་གདངས་དེའི་སྟོང་ཆ་གནས་ལུགས་འོད་གསལ་བ་ནི་ཤེས་རབ་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་ལས་འདས་པ་ནི་ཡུམ་འཁོར་ལོ་རྒྱས་འདེབས་དང༌། དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་བདེ་གཤེགས་སྙིང་པོ་རིག་སྟོང་གཉིས་མེད་ཀྱི་ཡེ་ཤེས་སྐུ་གསུམ་དབྱེར་མེད་རིག་པའི་གཤིས་དེ་ཉིད་གཞི་དུས་ཀྱི་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཡིན་པར་ཤེས་པར་བྱའོ། །གཉིས་པ་ནི། མ་བཅོས་མ་བསླད་ཟངས་ཀར་བཞག༔ ལས་མི་འཆོལ་ཞིང་ཉམས་མྱོང་བྲལ༔ ཞེས་གསུངས་ཏེ། དེ་ལྟར་རིག་སྟོང་གཉིས་སུ་མེད་པའི་གནས་ལུགས་འདུས་མ་བྱས་པ་བློས་མ་བཅོས་མ་བསླད་པ་རིག་སྟོང་རྗེན་པ་རང་བབས་ཟངས་ཀར་བཞག་པ་ན། རྣམ་རྟོག་གི་ཕུང་པོ་ཐམས་ཅད་འོད་གསལ་གྱི་དབྱིངས་སུ་ཐིམ་སྟེ་མཁའ་ལ་ན་བུན་དེངས་པ་དང༌། ཆུ་ལ་རི་མོ་བྲིས་པ་ལྟར་རྟོག་པ་ཐམས་ཅད་དབྱིངས་ཀྱི་ངང་དུ་རང་ཡལ་རྗེས་མེད་དུ་སོང་སྟེ། རྟོག་པ་སྔ་ཕྱི་རྒྱུན་མི་འཐུད་ཅིང་སྣང་ཞེན་ཐད་ཀར་བཅད་ནས་ཤར་གྲོལ་དུས་མཉམ་དུ་གྲོལ་བ་ཡིན་ཏེ། དེ་ལྟར་ན་ལས་མི་འཆོལ་ཞེས་པ་སྒོམ་འབྱུང་བའི་རེ་བ་དང༌། མི་འབྱུང་བའི་དྭོགས་པ་དང་བདེ་གསལ་མི་རྟོག་པའི་ཉམས་དང༌། སྔོན་བསུ་རྗེས་དཔྱོད་ཀྱི་བློ་ཡི་ཤུན་པ་ཐམས་ཅད་དང་ཕྲལ་ལ་བྱར་མེད་ཀྱྀ་ངང་དུ་བཞག་པའོ། །གསུམ་པ་ནི། ངོ་ནི་ཡིད་དཔྱོད་བྲལ་བར་སྤྲད༔ ཐག་ནི་རང་བཞིན་གཉུག་མར་བཅད༔ གདེངས་ནི་རང་གྲོལ་ཐོག་ཏུ་འཆའ༔ ཞེས་གསུངས་ཏེ། རྒྱུ་རྐྱེན་འདུས་མ་བྱས་པའི་གནས་ལུགས་དེ་བླ་མའི་གསུངས་རྗེས་ཟློས་དང༌། དཔེ་ཐོག་གི་གོ་བ་དང་རྟགས་དང་གཏན་ཚིག་རྗེས་དཔག་ལ་སོགས་པས་ཇི་བཞིན་རྟོགས་མི་སྲིད་པས། བླ་མའི་མན་ངག་ལ་བརྟེན་ནས་དེ་འདྲའི་ཡིད་དཔྱོད་ལས་འདས་པ་རང་གིས་ཉམས་སུ་མྱོང་བ་རང་ཤར་བའི་ཚུལ་གྱིས། མྱོང་བཞིན་དུ་བརྗོད་པའི་མཐའ་ཐམས་ཅད་ལས་འདས་པའི་རིག་སྟོང་གཉུག་མའི་ངོ་རང་ཐོག་ཏུ་སྤྲད། དེ་ལྟར་རང་བབས་ཀྱི་རིག་པ་རང་གསལ་རྗེན་པར་བཞག་པའི་རང་བཞིན་སྟོང་གསལ་འདུས་མ་བྱས་པའི་གནས་ལུགས་ལ་ཐག་གཅིག་ཐོག་ཏུ་བཅད། རིག་པ་ཀ་དག་དེའི་ངང་དུ་བཞག་པས་ཚོགས་དྲུག་གི་རྣམ་པར་རྟོག་པ་ཐམས་ཅད་ཆུ་ལ་རི་མོ་བྲིས་པ་བཞིན་དུ་རང་ཡལ་རྗེས་མེད་རང་གྲོལ་དུ་འགྲོ་སྟེ་གདེངས་གྲོལ་ཐོག་ཏུ་འཆའ་བའོ། །གཉིས་པ་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་ལ་གསུམ། གཞི་གནད་དྲུག་གིས་འོད་གསལ་བལྟ་བ། ལམ་སྣང་བ་བཞི་ངོ་སྤྲོད་པ། འབྲས་བུ་མཐའ་རྟེན་གྱི་མན་ངག་གི་མཚམས་སྦྱར་བའོ། །དང་པོ་ལ་གནད་དྲུག་ལས། དང་པོ་བཞུགས་སྟངས་ལུས་ཀྱི་གནད་ལ་གསུམ་ལས་ཆོས་སྐུ་སེངྒེའི་བཞུགས་སྟངས་ནི། རྐང་པའི་མཐིལ་གཉིས་མདུན་དུ་སྤྲད། པུས་མོ་ཕྱིར་བསྒྲད། ལག་པའི་མཐེ་བོང་གཉིས་ཀྱིས་སྲིན་ལག་གི་རྩ་བ་མནན་ཅིང་ཁུ་ཚུར་བཅངས་ཏེ་རྟིང་པའི་རྩར་སར་བཙུགས། ལག་ཡུ་དྲང་པོར་བསྲང༌། རོ་སྟོད་གསེང་སྟེ་དཔུང་པ་གྱེན་དུ་འཐེན། མིག་འབྲས་མི་འགུལ་ཞིང་རྫི་མ་མི་བརྡེབ་པར་ནམ་མཁའ་ལ་བལྟ། ལྕེ་ཡ་རྐན་ལ་སྦྱར་བའོ། །གཉིས་པ་ལོངས་སྐུ་གླང་ཆེན་བཞུགས་སྟངས་ནི། ལུས་ཁ་སྦུབས་པུས་མོ་གཉིས་བྲང་ལ་སྦྱར༌། གྲུ་མོ་ས་ལ་བརྟེན་ཏེ་ལག་གཉིས་ཀྱིས་ཨོལ་ཀོར་བརྟེན་པའི་སོར་མོ་འགྲམ་པ་ལ་སྦྱར། རྐང་པའི་སོར་མོ་ཕྱིར་འཕུལ་ཏེ་བསྐུམ། སྒལ་ཚིག་དྲང་པོར་བསྲང་སྟེ་ནམ་མཁའ་ལ་ཟུར་མིག་ཧྲིག་གེར་བལྟ་བའོ། །གསུམ་པ་སྤྲུལ་སྐུ་དྲང་སྲོང་ཙོག་པུའི་བཞུགས་སྟངས་ནི། རྐང་པའི་ལོང་བུ་གཤིབས་ཏེ་ཙོག་པུར་འདུག །ལག་གཉིས་པུས་མོར་བསྐོར། སྒལ་ཚིག་དྲང་པོར་བསྲངས་ཏེ་མིག་ཟིམ་བུར་ཐུར་ལ་གཏད་པའོ། །གཉིས་པ་འགྲོ་འོང་རླུང་གི་གནད་ནི། སོ་དང་མཆུ་མ་རེག་ཙམ་བྱ། རླུང་ཅུང་ཟད་ཕྱིར་འཛིན་པ་ཙམ་བྱས་ནས་རླུང་དལ་བུས་འབྱུང་འཇུག་བྱེད་ཅིང་ངག་སྨྲ་བ་རྒྱུན་བཅད་པའོ། །གསུམ་པ་བལྟ་སྟངས་མིག་གི་གནད་ནི། ཆོས་སྐུའི་གཟིགས་སྟངས་མིག་གྱེན་དུ་ལྡོག་ནས་གཙུག་གཏོར་རྣམ་པར་བལྟ་བ་དང༌། ལོངས་སྐུའི་གཟིགས་སྟངས་ཟུར་མིག་གིས་གཡས་ནས་གཡོན་དུ་བལྟ་བ་དང་གཡོན་ནས་གཡས་སུ་བལྟ་བ་སྟེ། དཔེར་ན་མདའ་མཁན་གྱི་སྨྱུག་མ་བསྲང་བ་ལྟ་བུའོ། །སྤྲུལ་སྐུའི་གཟིགས་སྟངས་མིག་ཐུར་ལ་ཕབ་ཏེ་བལྟ་བ་དཔེར་ན་དྲང་སྲོང་གིས་བསམ་གཏན་བསྒོམ་པ་ལྟ་བུ་སྟེ། དེ་ལྟར་གཟིགས་སྟངས་གསུམ་པོ་དབྱིངས་རིག་འཕེལ་ཆ་ཆེ་བ་ལ་བསླབ་པར་བྱའོ། །བཞི་པ་འཆར་གཞི་ཡུལ་གྱི་གནད་ནི། ཡུལ་རྐྱེན་དང་བྲལ་བའི་ནམ་མཁའ་ལ་སྔ་དྲོ་ཁ་ནུབ་དང་ཕྱི་དྲོ་ཁ་ཤར་དུ་བལྟ་བའམ་མིག་ལ་མ་གནོད་ན་འོད་གསལ་འཆར་སླ་བའི་ཆེད་དུ་ཟེར་གཉིས་ལ་སྦྱར་བའི་སྔ་དྲོ་ཤར་དང་ཕྱི་དྲོ་ནུབ་ཏུ་ཉི་མའི་འོག་ཕྲུ་གང་ཙམ་དུ་མིག་དང་ནམ་མཁའ་རིག་པ་གསུམ་དབྱེར་མེད་མེད་དུ་བྱས་ཏེ་བལྟ་བར་བྱའོ། །ལྔ་པ་རྩ་བ་དབྱིངས་ཀྱི་གནད་ནི། སེམས་ཉིད་རིག་སྟོང་དབྱེར་མེད་ཀྱི་ཡེ་ཤེས་རིག་པ་སྤྱི་བླུགས་སུ་རྟག་ཏུ་འཇུག་པར་བྱའོ། །དྲུག་པ་ངོ་བོ་རིག་པའི་གནད་ནི། རིག་པའི་ཡེ་ཤེས་ལུས་ལ་གནས་ཀྱང་ཐབས་ལུས་ཀྱི་བཞུགས་སྟངས་དང་གཟིགས་སྟངས་སོགས་ལ་མ་བརྟེན་ན་དབང་པོའི་མངོན་སུམ་དུ་སྣང་མི་ནུས་ཏེ། སྦྲུལ་ལ་རྐང་ལག་ཡོད་ཀྱང་མ་གཅུན་ན་མངོན་དུ་སྣང་བར་མི་ནུས་པ་བཞིན་ཡིན་ལ། དེ་ལྟར་རིག་པའི་ཡེ་ཤེས་འཆར་བའི་ལམ་ནི་སྙིང་ནས་མིག་ཏུ་འབྲེལ་བའི་རང་བྱུང་གསང་བ་ཆེན་པོའི་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་འོད་ཀྱི་རྩ་བ་མེན་གྱི་རྭ་འདྲ་བ་ཕྲ་བ་སྙིང་ལ་ཟུག་པ་རྩེ་མོ་ཡངས་པ་མིག་གི་ཨ་འབྲས་ཀྱི་དཀྱིལ་དུ་ཟུག་པ་དེ་ཉིད་ཀྱིས་རྟེན་བྱས་ནས་འཆར་བ་ཏེ། དབང་པོ་རྐྱེན་དང་བྲལ་བ་རྒྱང་ཞགས་ཆུ་ཡི་སྒྲོན་མ་དང༌། དེ་ལྟར་སྒོ་ཡུལ་རླུང་གི་གནད་རྣམ་པ་གསུམ་གྱིས་གཅུན་པས། ཕྱིའི་ནམ་མཁའ་སྟོང་པ་མེ་ལོང་དང་འདྲ་བས་གོ་ཕྱེས་ནས་ནང་གི་དབྱིངས་རྣམ་དག་གི་སྒྲོན་མ་བདག་པོའི་བྱེད་དང་འདྲ་བ་དེ་ཉིད་ཇི་ལྟར་འཆར་ན། རྣམ་དག་དབྱིངས་སྒྲོན་ཉིད་ཐོག་མ་སྨིན་མཚམས་ནས་མཐིང་ག་ཁྱབ་པ་ཆེན་པོ་འོད་གསལ་རིམ་གྱིས་མཆེད་ནས་འོད་ལྔའི་མུ་ཁྱུད་དང༌། དེའི་དབུས་སུ་ཐིག་ལེ་སྟོང་པའི་སྒྲོན་མ་རྫིང་བུའམ་ཀོ་མོག་ལ་རྡོ་བོར་བའི་རི་མོ་ལྟར་འལ་འོལ་གྱི་རྣམ་པ་འོད་ལྔའི་མུ་ཁྱུད་ཅན་དང༌། དེ་ལྟར་ཕྱིའི་དབྱིངས་མཐིང་ག་ཁྱབ་པ་ཆེན་པོའི་འོད་དང༌། ནང་གི་དབྱིངས་རིག་པ་གཞི་གནས་ཀྱི་ཡེ་ཤེས་དང༌། གསང་བའི་དབྱིངས་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་གསུམ་དབྱེར་མེད་དུ་བསྲེས་ཏེ་བལྟས་པས། ཤེས་རབ་རང་བྱུང་གི་སྒྲོན་མ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བདག་པོའི་སེམས་དང་འདྲ་བ་འགྲོ་འོང་དལ་བྲེལ་ཅན་གྱི་རྣམ་པ་གསེར་སྐུད་དང་རྟ་རྔའི་མདུད་པ་ལྟ་བུ། རྟ་རྔ་གཏུབ་པ་ལྟ་བུ། ཉ་མིག་དང༌། ཉ་ཚགས་མུ་ཏིག་གི་ཕྲེང་བ་ལྟ་བུ་སོགས་འཆར་ཏེ། དེ་ཉིད་ལྟ་སྟངས་སོགས་ཀྱིས་དབྱིངས་ཀྱི་རྭ་བར་བཙུད་དེ་མིག་འབྲས་མི་འགུལ། བློས་བཅོས་བསླད་མི་བྱ་བར་བལྟས་པས་འོད་གསལ་གྱི་སྣང་བ་གསལ་འགྲིབ་མེད་པར་འཆར་རོ། །གཉིས་པ་ལམ་སྣང་བ་བཞི་ངོ་སྤྲད་པ་ལ་དངོས་དང་ཉམས་ལེན་སྲང་ལ་འཛུད་པའི་ཚུལ་གཉིས་ལས་དང་པོ་ནི། དབྱིངས་རིག་དབྱེར་མེད་སྣང་ཞིང་འཕེལ༔ ཚད་ཕེབས་ཆོས་ཅན་དབྱིངས་སུ་ཟད༔ ཅེས་གསུངས་ཏེ། ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། དེ་ལྟར་སྒོ་གསུམ་གྱི་གནད་གཅུན་པས་ནང་གི་དབྱིངས་རིག་དབྱེར་མེད་ཀྱི་རིག་གདངས་དབང་པོའི་ཡུལ་དུ་ཆོས་ཉིད་མངོན་སུམ་གྱི་སྣང་བ་རྐྱེན་དང་བྲལ་བའི་ནམ་མཁས་གོ་ཕྱེས་ནས། དབྱིངས་རྣམ་དག་གི་སྒྲོན་མ་མཐིང་གའི་དབྱིངས་སུ་ཐིག་ལེ་སྟོང་པའི་སྒྲོན་མ་འོད་ལྔའི་ཐིག་ཕྲན་གྱི་རྣམ་པ་གསུམ་ལ་སོགས་པའི་དཀྱིལ་དུ་ཤེས་རབ་རང་བྱུང་གི་སྒྲོན་མ་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་གསེར་སྐུད་ལྟ་བུ་སོགས་འགྲོ་འོང་གི་རྣམ་པ་ཅན་འཆར་བའོ། །ཉམས་གོང་འཕེལ་གྱི་སྣང་བ་ནི། ལུག་རྒྱུད་དབྱིངས་ཐིག་ལེའི་རྭ་བར་འཛུད་པ་ལ་གོམས་པས་ཇེ་གསལ་ཇེ་བརྟན་དུ་འགྲོ་ཞིང་ཉམས་སྣང་གོང་འཕེལ་དུ་སྣང་བ་འོད་སྣང་ཇེ་ཆེར་འཆེད་ཅིང་དབྱིངས་རིག་སྨིན་མཚམས་ལས་བྲལ་ཏེ། འོད་ལྔ་རྩིབས་ཤར་དང་གྱེན་འགྲེང༌། རེ་ལྡེ། མཆོད་རྟེན། པདྨ་སྟོང་ལྡན། མཁར་ཐབས། དྲྭ་བ་དྲྭ་ཕྱེད་སོགས་འཆར་ཞིང་མཐར་གང་ན་བལྟས་ཀྱང་སྣོད་བཅུད་ཐམས་ཅད་ཐིག་ལེས་ཁྱབ་སྟེ། དེས་ཉམས་གོང་འཕེལ་གྱི་སྣང་བ་རྫོགས་པའི་རྟགས་ཐིག་ལེའི་དབུས་སུ་ཞི་བའི་ལྷ་སྐུ་རྐྱང་པའམ་ཞལ་ཕྱག་ཙམ་ཤར་ཏེ། དེ་ནི་ཕ་རི་ལ་ལྟོས་ནས་ཚུར་རི། ཚུར་རི་ལ་ལྟོས་ན་ཕ་རིར་བཞག་པ་བཞིན་ཉམས་གོང་འཕེལ་ལ་ལྟོས་ན་རིག་པ་ཚད་ཕེབས་དང༌། རིག་པ་ཚད་ཕེབས་ལ་ལྟོས་ན་ཉམས་གོང་འཕེལ་གྱི་སྣང་བ་ཡིན་ནོ། །རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། རིག་པའི་ཆ་སྟོབས་སུ་གྱུར་པ་ལས་གང་སྣང་ཐམས་ཅད་འོད་དུ་གསལ་ཞིང༌། ཐིག་ལེ་ལྔ་ཚོམས་སུ་ཤར་བའི་དབུས་ན་གཙུག་གཏོར་ནས་སྐུ་རྐྱང་པའི་བར་དུ་འཆར་བ་ནི་སྤྲུལ་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པ་དང༌། དེ་ནས་གཙོ་བོ་མི་བསྐྱོད་པ་ཡབ་ཡུམ་ལ་རིག་ཆུང་ལྔ་ཚོམས་དང་རྒྱན་རྫོགས་ནས་ཡུམ་དང་བཅས་པའི་རྣམ་པ་འཆར་བ་ལོངས་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པ་དང༌། དེ་ནས་ཁྲོ་བོ་སོགས་འཆར་ཞིང༌། མཐར་སྣང་སྲིད་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཞི་བ་དང་ཁྲོ་བོ་སོགས་འཆར་བ་ཆོས་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པ་སྟེ། རིག་པ་ཚད་ཕེབས་ཀྱི་སྣང་བ་རྫོགས་པ་ཡིན་ནོ། །ཆོས་ཉིད་ཟད་པའི་སྣང་བ་ནི། ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་དབྱིངས་སུ་ནུབ་པ་སྟེ། དེས་ན་སྣང་བ་དང་པོ་གསུམ་ཚེས་གཅིག་ནས་བཅོ་ལྔའི་བར་ཟླ་བའི་ཆ་དེ་འཕེལ་བ་དང༌། ཆོས་ཉིད་ཟད་པའི་སྣང་བ་སྟོང་གི་ཟླ་བ་དབྱིངས་སུ་ནུབ་པའམ་ཤེལ་འོད་ནང་དུ་རྒྱུ་བ་ལྟར་རིག་གདངས་ཀྱི་སྣང་བ་ཐམས་ཅད་ནང་གསལ་ཐིམ་ལ་མ་རྨོངས་པ་གཞོན་ནུ་བུམ་སྐུའི་དབྱིངས་སུ་འཁྱིལ་ཞིང་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་དུས་གསུམ་འཕོ་འགྱུར་མེད་པའི་འབྲས་བུ་མངོན་དུ་གྱུར་པའོ། །གཉིས་པ་ཉམས་ལེན་སྲང་ལ་འཛུད་པའི་ཚུལ་ལ་དང་པོ་ཉིན་མོ་སྣང་བ་རྒྱས་འདེབས་པའི་རྣལ་འབྱོར་ནི་ཁྲེགས་ཆོད་དང་ཐོད་རྒལ་ཉམས་སུ་ལེན་པ་ཡིན་ལ། གཉིས་པ་མཚན་མོ་སྣང་བ་རྒྱས་གདབ་ཀྱི་རྣལ་འབྱོར་ནི། མཚན་མོའི་ཆ་གསུམ་དུ་ཕྱེས་ཏེ་སྲོད་ལ་དབང་པོ་གནད་དུ་བསྡུ་བའི་རྣལ་འབྱོར་དང༌། ནམ་གུང་ཤེས་བྱ་བུམ་པར་འཇུག་པའི་རྣལ་འབྱོར་དང༌། ཐོ་རངས་རིག་པར་གསལ་སྣང་གཏོད་པའི་རྣལ་འབྱོར་དང་གསུམ་ལས། དང་པོ་སྤྲུལ་སྐུ་དྲང་སྲོང་གི་འདུག་སྟངས་བཅས་ལ་རང་གི་ལུས་ཀྱི་དབུས་སུ་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་དྭངས་ཤྀང་གསལ་ལ་རྙོགས་པ་དང་བྲལ་བར་གནས་པའི་ལྟེ་བར་པདྨ་འདབ་མ་བཞི་པའི་དབུས་སུ་ཨ་ཐུང་གི་རྣམ་པ་དང༌། ཡར་སྣེ་ཧྃ་ཡིག་དཀར་པོ་མགོ་ཐུར་བསྟན་གྱི་རྣམ་པ་གསལ་བཏབ་ལ། རླུང་རོ་ལན་གསུམ་བསལ། སྟེང་རླུང་དལ་བར་རྔུབ་པ་དང༌། འོག་རླུང་གྱེན་དུ་འཐེན་པས་ལྟེ་བ་ཨ་ཐུང་རེག་བྱ་ཚ་བ་མེ་འབར་ལ་ཁད་ལ་ཕོག །མེ་དམར་ཁྱུག་གེ་འབར། སྤྱི་བོའི་ཧྃ་ལ་རེག་པས་བྱང་སེམས་བདེ་བའི་རྒྱུན་བབས་པ་ཨ་ཐུང་ལ་རེག་པས་སླར་ཡང་མེ་ཆེར་འབར། ཁམས་སྙིགས་མ་དང་བག་ཆགས་ཐམས་ཅད་བསྲེགས་དྭངས་མས་རྩ་གནས་ཐམས་ཅད་ལ་ཁྱབ་པར་དམིགས། བདེ་བ་སྐྱེས་པ་ན་བདེ་སྟོང་གི་ངང་དུ་བཞག་པའོ། །གཉིས་པ་ནི། ལོངས་སྐུ་གླང་པོ་ཆེའི་འདུག་སྟངས་བྱས་ལ་ལྟེ་བ་པདྨའི་དབུས་སུ་ཨ་དཀར་པོ་གཅིག་དང༌། སྤྱི་བོར་ཨ་དཀར་པོ་བསྒོམ་ལ་དེ་གཉིས་ཀྱི་བར་དབུ་མའི་ལམ་དུ་ཨ་ཉེར་གཅིག་གསལ་བར་བསྒོམ་ལ་སེམས་བཟུང༌། གཉིད་དུ་འགྲོ་ཁར་དེ་རྣམས་རིམ་པ་བཞིན་སྙིང་གའི་ཨ་ལ་ཐིམ་སྟེ་དེ་ལ་སེམས་གནས་པའི་ངང་དུ་གཉིད་ལོག་ན་འོད་གསལ་འཆར་བ་སོགས་གནད་དམ་པ་ཡིན་ནོ། །གསུམ་པ་ནི། ཆོས་སྐུ་སེངྒེའི་འདུག་སྟངས་བྱས་ནས་མིག་བར་སྣང་ལ་གཏད། ཐོ་རངས་ལངས་མ་ཐག་ཧ་ཞེས་གསུམ་བུས་པས་སྙིང་གའི་ཨ་ལས་ཨ་གཅིག་ཆད་དབུ་མ་ནས་ཡར་སོང༌། ཚངས་བུག་ནས་རྒྱངས་ཀྱིས་ཐོན། མདུན་དུ་ཨ་དཀར་སེར་དམར་ལྗང་མཐིང་ག་ལྔ་སྦྲེལ་ལམ་ཡར་གྱེན་དུ་ལྔ་བརྩེགས་བསྒོམ་ལ་སེམས་གཏད་པར་བྱའོ། །གསུམ་པ་མཐའ་རྟེན་གྱི་མན་ངག་ནི། མི་འགུལ་བ་གསུམ་གྱིས་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་བཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདེངས་བཞིའི་གྲོལ་ཚད་བསྟན་པའོ། །དང་པོ་ནི་ལུས་བཞུགས་སྟངས་གསུམ་ལས་མི་འགུལ་མིག་གཟིགས་སྟངས་གསུམ་ལས་མི་འགུལ། རིག་པ་འོད་གསལ་གྱི་སྣང་བ་ལས་མི་འགུལ་བའོ། །གཉིས་པ་ནི། ཕྱི་སྣང་བ་བསྐྱོད་བྱེད་ཀྱི་རླུང་ཟད་པས་དབྱིངས་རིག་འགྲོ་འོང་མེད་པར་སྡོད། ནང་ཕུང་པོ་བསྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་གཡོ་འགུལ་མེད་པར་སྡོད། གསང་བ་རྟོག་པ་བསྐྱོད་བྱེད་ཀྱི་རླུང་ཟད་པས་དབྱིངས་རིག་དབྱེར་མེད་ཀྱི་ངང་དུ་སྡོད་པའོ། །གསུམ་པ་ནི། ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་བ་ཞིང་ཁམས་སུ་གྲོལ། ནང་སྒྱུ་ལུས་ལ་དབང་ཐོབ་པས་གདོས་བཅས་འོད་གསལ་དུ་གྲོལ། གསང་བ་རིག་པ་ལ་དབང་ཐོབ་པས་རླུང་སེམས་ཀྱི་འཁྲུལ་པ་ཟད་དེ། དོན་གྱི་འབྲས་བུ་ལ་དབང་ཐོབ་རུང་ཉེ་བར་གནས་པའོ། །བཞི་པ་ལ། ཡར་གྱི་གདེངས་གཉིས་ནི། མྱང་འདས་ཀྱི་ཡོན་ཏན་ཐོས་ཀྱང་ཐོབ་ཏུ་རེ་བ་དང༌། མ་ཐོབ་པའི་དྭོགས་པ་མེད་དེ་རང་རིག་ལས་གཞན་པའི་སངས་རྒྱས་གུད་ན་བཙལ་དུ་མེད་པར་རྟོགས་པའི་ཕྱིར་རོ། །མར་གྱི་གདེངས་གཉིས་ནི། རིགས་དྲུག་གི་སྡུག་བསྔལ་ཐོས་ཀྱང་མི་ལྟུང་དུ་རེ་བ་དང༌། ལྟུང་བའི་དྭོགས་པ་མེད་དེ་རང་རིག་ཡེ་གདོད་མ་ནས་འཁྲུལ་པ་མེད་པར་ཐག་ཆོད་པའི་ཕྱིར་རོ། །གཉིས་པ་དབང་པོ་འབྲིང་བར་དོར་གྲོལ་བའི་གདམས་ངག་ལ་བཞི་ལས། དང་པོ་རང་བཞིན་སྐྱེ་གནས་ཀྱི་བར་དོ་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་ཚུལ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་གདམས་ངག་ནི། བླ་མ་དམ་པ་ལ་བརྟེན་ནས་དེས་བསྟན་པའི་གདམས་ངག་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་དེ་བསྒོམ་པས་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པར་བྱས་ནས་གྲོལ་བའོ། །གཉིས་པ་འཆི་ཀའི་བར་དོ་སྒེག་མོ་མེ་ལོང་ལ་བལྟ་བ་ལྟ་བུའི་གདམས་ངག་ནི། སྔར་བསྒོམ་པའི་གདམས་ངག་རྣམས་སྐབས་འདིར་རང་གིས་གསལ་བཏབ་པའམ། མི་ནུས་ན་གཞན་ཞིག་ལ་བརྗོད་དུ་བཅུག་པས་གསལ་གདབ་པར་བྱ་སྟེ། གསལ་གདབ་ཚུལ་འཆི་བ་འོད་གསལ་དང་རྗེས་མཐུན་གྱི་ཐིམ་རིམ་རྣམས་བྱུང་བའི་ཚེ། ད་ལྟའི་འོད་གསལ་འདི་རང་བྱུང་གི་ཡེ་ཤེས་ཡིན་པས་དེའི་ངང་ལ་མ་བཅོས་པར་ཞོག་ཅིག་ཅེས་སོགས་ཀྱིས་གསལ་བཏབ་པས་རིག་པ་སྟོང་གསལ་གྱི་ངང་དུ་བཞག་པས་འོད་གསལ་མ་བུ་འཕྲོད་དེ་ཚེས་བཅོ་ལྔའི་ཉི་མ་ནུབ་པ་དང་ཟླ་བ་ཤར་བ་དུས་མཉམ་པ་ལྟར་གྲོལ་བར་འགྱུར་རོ། །གསུམ་པ་ཆོས་ཉིད་ཀྱི་བར་དོ་རང་སྣང་ལ་ཡིད་ཆེས་པ་མ་སྤང་དུ་བུ་འཇུག་པ་ལྟ་བུ་ནི། གཞི་ལས་འཕགས་པའི་ཆོས་ཉིད་ཀྱི་སྣང་བ་བར་དོ་འོད་དང་ཐིག་ལེ་ཞི་འདི་ནས་་་་ཁྲོ༵འི་ཚོམ་བུ་ཟེར་ཐག་སྒྲ་སྐད་སྣ་ཚོགས་སུ་ཤར་བ་ཐམས་ཅད་རང་སྣང་ལས་གཞན་དུ་མེད་པར་ཡིད་ཆེས་ནས་མ་སྤང་དུ་བུ་འཇུག་པ་ལྟར་ངེས་པའི་ཤེས་པ་བརྟན་པོར་གནས་པས་སྐད་ཅིག་མ་དང་པོར་རང་ངོ་ཤེས། གཉིས་པར་ཤེས་ཐོག་ཏུ་གྲོལ། གསུམ་པར་གྲོལ་ཐོག་ཏུ་གནས་ནས་ཀ་དག་གི་དབྱིངས་སུ་ཐིམ་པར་འགྱུར་རོ། །བཞི་པ་སྲིད་པ་བར་དོ་འཁྲུལ་སྣང་ལམ་དུ་ཁྱེར་བའི་གདམས་ངག་ནི། དེར་མ་གྲོལ་བར་བར་དོའི་ཡིད་ལུས་གྲུབ་སྟེ་སྲིད་པ་བར་དོ་སྔར་གྱི་བག་ཆགས་དང་ལོག་པའི་འཁྲུལ་སྣང་སྣ་ཚོགས་པས་གཡེང་བའི་ཚེ་ནའང་སྔ་མའི་གདམས་ངག་རྣམས་དྲན་པར་བྱས་ལ། བླ་མའི་མོས་གུས། སྒྱུ་མའི་ཏིང་འཛིན། བསྐྱེད་རྫོགས་ཟུང་འཇུག་གང་ལ་གོམས་པ་དེའི་དྲན་ཤེས་དང་རིག་པ་ཡེངས་མེད་བྱས་པས་གྲོལ་བར་འགྱུར་རོ། །དོན་གསུམ་པ་ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་པ་ནི། ཆོས་འདིའི་སྒོ་མཐོང་ཡང་བརྟན་པ་མ་ཐོབ་པས་བར་དོའི་གྲོལ་ཚད་དང་མི་ལྡན་པ་རྣམས་མིང་གཞི་འདུས་པའི་ཕུང་པོ་བརྫུས་སྐྱེས་ཡིད་ཀྱི་ལུས་སུ་གྲུབ་ནས། འཁྲུལ་སྣང་ཅིར་ཡང་སྲིད་པའི་བར་དོ་ལ་འཁྲུལ་པ་རྨི་ལམ་ཙམ་དུ་ཤར་ནའང༌། ཆོས་འདི་ལ་ཐེ་ཚོམ་མེད་པའི་མོས་པ་དང་དམ་ཚིག་ཤིན་ཏུ་རྣམ་པར་དག་པས་རྩ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་རྗེའི་སྟོབས་ལས་བར་དོ་རང་ངོ་ཤེས་ཏེ་སྤྲུལ་པ་སྐུའི་ཞིང་ཡིད་ལ་བྱས་པས་རྨི་ལམ་སད་པའི་ཆ་ཙམ་ལ་མངོན་དགའ་སོགས་དག་པའི་ཞིང་དུ་པདྨོ་ལས་བརྫུས་ཏེ་སྐྱེས། དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་མཐོང་ཞིང་གསུངས་ཐོས། དབང་དང་ལུང་ནོད་དབུགས་དབྱུང་ལུང་བསྟན་གཟེངས་བསྟོད་རྣམས་རིམ་གྱིས་ཐོབ་ནས་ཉོན་ཤེས་ཀྱི་སྒྲིབ་པ་སྤངས་ཏེ་གདོད་མའི་ས་ལ་གྲོལ་བར་འགྱུར་བར་གསུངས་སོ། །གསུམ་པ་འབྲས་བུ་སྒྲུབ་ཚུལ་གྱིས་འཇུག་བསྡུ་བ་ནི། སླར་ཡང་འཁྲུལ་པའི་གཞི་ལས་འཕགས༔ གཞི་སྣང་ཡེ་ཤེས་ཆེན་པོའི་སྐུ༔ རྟག་པ་དང་ནི་ཁྱབ་པ་དང་༔ ལྷུན་གྱིས་གྲུབ་པའི་ཕྲིན་ལས་ནི༔ འགྲོ་བའི་དོན་དུ་རང་ཤར་ན༔ རྡོ་རྗེ་གཞོན་ནུ་དགོངས་པའི་གདེངས༔ གྲུབ་པ་མཐའ་རུ་ཕྱིན་པའོ༔ ཅེས་གསུངས་ཏེ། གནས་སྐབས་གཞི་རང་ངོ་མ་ཤེས་པས་འཁྲུལ་པ་གློ་བུར་བས་བསླུས་ཏེ་འཁོར་བར་འཁྱམས་ཀྱང༌། གོང་དུ་བཤད་པའི་རིམ་པ་ལྟར་ལྟ་བས་ཐག་བཅད་སྒོམ་པས་ཉམས་སུ་བླངས་པ་ལ་བརྟེན་ནས་དབང་པོ་རབ་འབྲིང་ཐ་མའི་གྲོལ་ཚུལ་ལྟར་སླར་ཡང་འཁྲུལ་པའི་གཞི་ལས་འཕགས་ཏེ། གྲོལ་གཞི་རིག་སྟོང་ཟུང་འཇུག་རང་སྣང་ཡེ་ཤེས་ཆེན་པོའི་གོ་འཕང་སྐུ་གསུམ་དབྱེར་མེད་མངོན་བྱང་ཡེ་ཤེས་ལྔའི་རང་བཞིན། རང་ངོར་སྐད་ཅིག་གིས་སྐྱེ་འགགས་དང་བྲལ་བས་རྟག་པ། འཁོར་འདས་རིས་སུ་མ་ཆད་པས་ཁྱབ་པ། རྣམ་རྟོག་དང་ཀུན་སློང་དང་འབད་རྩོལ་མི་མངའ་བས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་སྐུ་དང་གསུངས་འབྱམས་ཀླས་པར་མ་དག་འགྲོ་བའི་དོན་དུ་རང་ཤར་བ་སྟེ། དེ་ལྟ་བུའི་གོ་འཕང་མངོན་དུ་གྱུར་པའི་ཚེ་ན། ལམ་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་གྲུབ་འབྲས་མཐར་ཐུག་པ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་དང་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དགོངས་པའི་གདེངས་ཆེན་པོ་རང་སྣང་དག་པ་རབ་འབྱམས་ཀྱི་དཀྱིལ་འཁོར་ལ་དབང་བསྒྱུར་ཤིང་སྣང་སྲིད་ཐམས་ཅད་ཐུགས་རིག་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེན་པོའི་ཀློང་དུ་གྲུབ་པ་མཐར་ཕྱིན་པ་སྟེ་མི་སློབ་ཟུང་འཇུག་གི་གཤིས་མངོན་དུ་གྱུར་པ་ཞེས་བྱའོ། །སླར་སྨྲས་པ་་་་བར་ཞལ་གསབ། །རྒྱལ་བ་ཀུན་གྱི་གསང་གསུམ་སྒྱུ་མའི་གར། །གང་འདུལ་ཅིར་ཡང་སྣང་ཞིང་གསང་ཆེན་གྱི། །བསྟན་པའི་ཉི་མ་འགྲོ་ལ་གསལ་མཛད་པའི། །དཔལ་ལྡན་བླ་མ་སྙིང་དབུས་པདྨོར་འདུད། །གང་གི་རྡོ་རྗེའི་དགོངས་དོན་ཟབ་མོའི་གནད། །རང་ལ་ཇི་བཞིན་དབྱེ་བའི་མཐུ་མེད་ཀྱང༌། །གསང་བདག་སྨྲ་བའི་སེངྒེའི་ལེགས་བཤད་ཀྱི། །དམ་ཆོས་བདུད་རྩི་ཐོབ་པའི་མཐུ་ལས་རྙེད། །རྒྱལ་དང་དེ་སྲས་ཀུན་གྱི་ཆོས་ཀྱི་སྡེ། །ཇི་སྙེད་གསུངས་པའི་མན་ངག་སྙིང་པོའི་བཅུད། །འདི་ལས་ལྷག་པའི་ཟབ་ལམ་གཞན་ཡོད་ཅེས། །མཁས་གྲུབ་བྱེ་བས་སྨྲས་ཀྱང་ཐེ་ཚོམ་བྲལ། །གཞན་ཟེར་ཚིག་དང་རྟོག་གེའི་དཔྱད་པ་ཡིས། །བཅོས་བསླད་བྲལ་བའི་རྒྱུད་ལུང་དགོངས་པའི་དོན། །འཁྲུལ་མེད་སྨྲ་བའི་རྗེ་བཙུན་བླ་མ་ཡི། །ཟབ་གསང་བདུད་རྩི་འཐུང་བའི་སྐལ་བཟང་ཐོབ། །བདག་ནི་དེང་བཟུང་བྱང་ཆུབ་སྙིང་པོའི་བར། །བླ་མས་རྗེས་བཟུང་དེས་གསུངས་ཟབ་ལམ་གྱིས། །མིག་འཁྲུལ་ལྟ་བུར་ལམ་མཆོག་མྱུར་བསྒྲོད་ནས། །འབྲས་བུ་རྡོ་རྗེ་གཞོན་ནུ་མངོན་གྱུར་ཅིག །དགེ་འདིས་བླ་མའི་ཞབས་པད་ཡུན་དུ་བརྟན། །བཤད་སྒྲུབ་བསྟན་པ་ནམ་མཁའི་མཐའ་བཞིན་ཁྱབ། །དེ་འཛིན་ཚོགས་རྣམས་སྐུ་ཚེ་རབ་བརྟན་ཅིང༌། །མ་ལུས་འགྲོ་ཀུན་གདོད་མའི་སར་ཕྱིན་ཤོག །ཅེས་སྙན་རྒྱུད་རྡོ་རྗེ་ཕུར་པའི་དབང་ཁྲིད་མཐའ་དག་དམ་པ་གང་གི་དྲུང་ནས་སྔ་ཕྱི་ལན་མང་དུ་ཐོབ་པའི་སྐབས་རང་གི་ཉམས་ལེན་གྱི་གསོས་སུ་ཟིན་བྲིས་སུ་བཏབ་པ། སླད་ནས་བཀའ་དྲིན་མཚུངས་མེད་གང་གི་སྤྱན་སྔར་གཟིགས་འབུལ་ཞུས་ཤིང་དག་པར་བྱས་པ་འདི་ནི། ཀུན་གཟིགས་བླ་མ་རྡོ་རྗེ་གཟི་བརྗིད་རྩལ་གྱི་ཞབས་རྡུལ་སྤྱི་བོས་ལེན་པའི་སློབ་འབངས་ཡོངས་ཀྱི་བྲལ་མཐར་འཁོད་པ་ཉག་ཕྱོགས་ཀྱི་བནྡེ་པདྨ་ཡོན་ཏན་རྒྱ་མཚོས་བྲིས་པའི་དགེ་བས་འགྲོ་ཁམས་རྒྱ་མཚོ་དཔལ་རྡོ་རྗེ་གཞོན་ནུའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །སླད་ནས་ཕུན་ཚོགས་རྣམ་རྒྱལ་པས་གོང་འོག་ཏུ་མ་དཔེ་ལྡེབ་གཉིས་མ་ཚང་བའི་ཆད་གསབ་དང་བཅས་ཅུང་ཟད་གསལ་བར་བགྱིས་པའོ།། །། | {{TibP|༄༅། །རྡོ་རྗེ་ཕུར་པའི་གནད་ཏིག་གི་ཁྲིད་ཀྱི་ཟིན་བྲིས་བླ་མའི་མན་ངག་ཡེ་ཤེས་སྣང་བ་བཞུགས་སོ།།དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་དཔལ་ལྡན་བླ་མ་དམ་པ་བཀའ་དྲིན་མཉམ་མེད་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་སྩལ་གྱི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །རྒྱལ་ཀུན་སྤྱི་གཟུགས་རིགས་བདག་དྲུག་པ་ཡི། །སྒྱུ་འཕྲུལ་སྣང་བས་རྒྱུད་སྡེ་རྒྱ་མཚོའི་བཅུད། །བསྟན་པའི་ཉི་མ་འགྲོ་ལ་གསལ་མཛད་པའི། །པདྨ་མདོ་སྔགས་གླིང་པ་སྤྱྀ་བོར་རྒྱལ། །འོད་གསལ་མི་ཤིགས་རྡོ་རྗེ་ཐིག་ལེའི་ངང༌། །སྐྱེ་འཆི་ཀུན་བྲལ་གཞོན་ནུ་རིག་པའི་རྩལ། །ཁྲོས་པའི་ཉམས་བརྒྱས་ས་གསུམ་བདུད་སྡེའི་དཔུང༌། །གཞོམ་མཛད་ལྷག་པའི་ལྷ་ཁྱོད་སྙིང་དབུས་འདུད། །འོག་མིན་པདྨ་དྲྭ་བའི་ཞིང༌། །སྟོན་པས་རྒྱུད་སྡེ་བཀའ་གཏེར་ཀུན། །གསུངས་པའི་མཐར་ཐུག་སྙིང་པོའི་བཅུད། །བླ་མའི་མན་ངག་ཇི་བཞིན་བཤད། །དེ་ལ་འདིར་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་པའི་ཕྲིན་ལས་གཅིག་ཏུ་བསྡུས་པའི་བདག་ཉིད་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ལ་བཀའ་གཏེར་བསྐྱེད་རྫོགས་ཀྱི་ལམ་སྲོལ་དུ་མ་ཞིག་ཡོད་པ་ལས། འདིར་ཉེ་རྒྱུད་གཏེར་མའི་ཕྱོགས་སུ་གཏོགས་པའི་སྙན་བརྒྱུད་ཕུར་པའི་གནད་ཏིག་གི་ཁྲིད་ལ་གསུམ། སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ། དང་པོ་ལ་ཐུན་གྱི་སྔོན་འགྲོ་དང༌། ཁྲིད་ཀྱི་སྔོན་འགྲོ་གཉིས། དང་པོ་ལ། ཉིན་མོར་སྐྱེ་བོའི་རྒྱུ་འགྲུལ་དང་མཚན་མོར་དགྲ་རྐུན་གྱི་ཅ་ཅོ་སོགས་བསམ་གཏན་གྱྀ་ཚེར་མ་མེད་པའི་གནས་དབེན་པར་བདེ་བའི་བསྟན་ལ་ལུས་གནད་རྣམ་སྣང་ཆོས་བདུན་ལྡན་དུ་འདུག །ངག་གནད་རླུང་གཡས་གཡོན་དབུས་གསུམ་ནས་རླུང་རོ་སུམ་ཕྲུགས་སམ་དགུ་ཕྲུག་བསལ། ནད་གདོན་སྡིག་སྒྲིབ་དང་ཁྱད་པར་ལམ་སྒོམ་པའི་བར་དུ་གཅོད་པ་ཐམས་ཅད་དག་ནས་སོར་བཅུ་དྲུག་ཙམ་རླུང་ཕྱིར་སོང་ནས་འོད་གསལ་སྟོང་ཉིད་ཀྱི་ངང་དུ་ཡལ་བར་བསམ། ཡིད་གནད་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བའི་སྒོ་ནས་རང་གི་མདུན་གྱི་ནམ་མཁར་ཡིད་འཕྲོག་པའི་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས་སུ་བླ་མ་དང་གཉིས་སུ་མེད་པའི་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་གསལ་བ་ལ་མོས་གུས་གདུང་ཤུགས་དྲག་པོའི་སྒོ་ནས་གསོལ་བ་གདབ། བླ་མ་དགྱེས་པ་ཆེན་པོས་འོད་དུ་ཞུ་རང་ལ་ཐིམ་པས་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་དུ་འདྲེས་ཏེ་ཉི་མ་ཤར་བ་ན་མུན་པ་རང་སངས་བཞིན་དུ་སྡིག་སྒྲིབ་ཐམས་ཅད་དག་པར་བསམ། ཐུགས་ཡིད་བསྲེས་ཏེ་དབྱིངས་རིག་དབྱེར་མེད་ཀྱི་ངང་དུ་དུས་གསུམ་གྱི་རྟོག་པའི་སྤྲོས་པ་བཅད་དེ་མཉམ་པར་བཞག་པར་བྱའོ། །གཉིས་པ་ལ་ཐུན་མོང་དང༌། ཐུན་མིན་གྱི་སྔོན་འགྲོ་གཉིས་ལས། དང་པོ་ལ་བཞི། ཆོས་ལ་འཇུག་པའི་རྒྱུ་དལ་འབྱོར་རྙེད་དཀའ་བསམ་པ། ཆོས་ལ་འཇུག་པའི་རྐྱེན་འཆི་བ་མི་རྟག་པ་བསམ་པ། ཆོས་ལ་འཇུག་པའི་འབྲས་བུ་ལས་འབྲས་བླང་དོར་ཚུལ་བཞིན་བྱ་བ། ཆོས་ལ་འཇུག་པའི་ངོ་བོ་འཁོར་བ་ལ་ངེས་འབྱུང་བསྐྱེད་པ་སྟེ་དེ་རྣམས་ནི་གཞན་ལས་འབྱུང་བ་ལྟར་ཉམས་སུ་བླངས་བར་བྱའོ། །གཉིས་པ་ལ་ཐེག་ཆེན་ལམ་གྱི་རྩ་བ་སྐྱབས་སུ་འགྲོ་བ། ཐམས་ཅད་མཁྱེན་པའི་ལམ་གྱི་སྙིང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། བསགས་སྦྱོང་སྤེལ་གསུམ་གྱི་གནད་ཅིག་ཏུ་བསྡུས་པ་བླ་མའི་རྣལ་འབྱོར་དང་གསུམ་མོ། | ||
།དང་པོ་ནི། རང་གཞན་འཁོར་བ་ལས་བསྒྲལ་བའི་ཕྱིར་ར་མདའ་ཞུ་བའི་སླད་དུ་བླ་མ་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་ནི། ཨཱཿ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ འགགས་མེད་སྣང་བའི་ཕྱག་རྒྱར་བཞེངས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཞེས་གསུངས་ཏེ། ཨཱཿཞེས་བརྗོད་པ་དང་མཉམ་དུ་ཐ་མལ་གྱི་སྣང་བ་ཐམས་ཅད་འོད་གསལ་གྱྀ་དབྱིངས་སུ་ཐིམ་པའི་སྐད་ཅིག་གཉིས་པར། རང་གི་མདུན་གྱི་ནམ་མཁར་པདྨ་དང་ཉི་མ་ཟླ་བ་དྲེགས་པ་ལྷ་ཆེན་ཕོ་མོའི་གདན་གྱི་སྟེང་དུ། གདོད་ནས་རང་བཞིན་གྱི་རྣམ་པར་དག་པ་སྐྱེ་བ་མེད་པའི་དབྱིངས་སྟོང་པ་ཉིད་ཀྱི་ངང་ལས། གདངས་ཆ་རིག་པའི་རྩལ་འགགས་པ་མེད་པའི་ཡེ་ཤེས་བླ་མ་དང་གཉིས་སུ་མེད་པ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ལ་རྩ་གསུམ་རབ་འབྱམས་ཀྱིས་བསྐོར་བ་སྤྲིན་ཕུང་འཁྲིགས་པ་བཞིན་དུ་བཞུགས་པར་མོས་ལ། དེའི་མདུན་དུ་རང་གི་ཚེ་འདིའི་ཕ་མ་གཙོར་བྱས་པའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་སྟོན་མོ་ཆེན་པོ་ལ་ཁྲོམ་ཚོགས་པ་བཞིན་དུ་འདུས་ནས་ཐལ་མོ་སྙིང་གར་སྦྱར། ངག་གི་སྒོ་ནས་སྐྱབས་འགྲོའི་ཚིག་བརྗོད། ཡིད་ཀྱིས་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར་ཅི་མཛད་ཁྱེད་ཀྱིས་ཤེས། ཁྱེད་ལ་བརྟེན། ཁྱེད་ལ་འབུལ། ཁྱེད་ལས་གཞན་པའི་སྐྱབས་དང་རེ་ས་མེད་པས་ཁྱེད་མཁྱེན་སྙམ་པའི་མོས་གུས་གདུང་ཤུགས་དྲག་པོའི་སྒོ་ནས་སྐྱབས་འགྲོ་བཟླས་མཐར་སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས། སྒྲིབ་གཉིས་བག་ཆགས་དང་བཅས་པ་དག །ཐམས་ཅད་ལུས་ཟག་མེད་འཇའ་ལུས་རྡོ་རྗེའི་སྐུ་དང༌། སེམས་རྟོག་མེད་འོད་གསལ་ཆོས་ཀྱི་སྐུར་གྱུར་པར་བསམ། སེམས་ཅན་ཐམས་ཅད་སྐྱབས་ཡུལ་རྣམས་ལ་ཐིམ། སྐྱབས་ཡུལ་ལྷ་ཚོགས་འོད་དུ་ཞུ་ནས་དཔལ་ཆེན་པོ་ལ་ཐིམ། དེ་ཡང་དབུ་ཡི་གཙུག་གཏོར་ནས་མར་ཞུ། ཞབས་ཀྱི་གདན་ཁྲི་ནས་ཡར་ཞུ་ནས་འོད་ཀྱི་གོང་བུར་གྱུར་ནས་རང་ལ་ཐིམ། དཔལ་ཆེན་པོའི་རྡོ་རྗེ་གསུམ་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་བསམ་ལ་ཐུགས་ཡིད་བསྲེས་ཏེ་རིག་སྟོང་གཉུག་མ་བཞི་ཆ་གསུམ་བྲལ་གྱི་ངང་དུ་མཉམ་པར་བཞག་པ་ནི་དོན་དམ་པའི་སྐྱབས་འགྲོའོ། །གཉིས་པ་ནི། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བའི་སེམས་མཆོག་བསྐྱེད༔ ཅེས་གསུངས་ཏེ། མཁའ་ཁྱབ་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོའི་རང་བཞིན་གདོད་ནས་རྣམ་པར་དག་པ་ཡིན་ནའང༌། དེ་ལྟ་བུའི་གནས་ལུགས་མ་རྟོགས་པའི་ མ་རྒན་འགྲོ་བ་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་བློས་ཐབས་བསྐྱེད་པའི་རིམ་པ་དང་ཤེས་རབ་རྫོགས་པའི་རིམ་པ་གཉིས་ཀྱི་ལམ་ཟབ་མོ་ཉམས་སུ་བླང་ནས་ཁམས་གསུམ་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བར་བྱའོ་སྙམ་པ་དང་དངོས་གཞི་ཚད་མེད་བཞིའི་བློ་སྦྱོང་བ་དང༌། སྨོན་འཇུག་གི་དམ་བཅའ་ཅི་རིགས་པར་བྱའོ། །གསུམ་པ་ལ་ལྔ། དང་པོ་ཚོགས་ཞིང་གསལ་གདབ་པ་ནི། ཨ་ཞེས་བརྗོད་པ་དང་ལྷན་གཅིག་ཏུ་ཐ་མལ་གྱི་སྣང་བ་ཐམས་ཅད་འོད་གསལ་གྱི་དབྱིངས་སུ་ཐིམ་པའི་སྐད་ཅིག་གཉིས་པར། གནས་རྣམ་པར་དག་པ་འོག་མིན་དུར་ཁྲོད་གསང་ཆེན་རོལ་པའི་གཞལ་ཡས་ཁང་ཆེན་པོའི་དབུས་སུ། རང་གི་མདུན་གྱི་ནམ་མཁར་ཡེ་ཤེས་འོད་ལྔའི་ཀློང་དུ་སེང་ཁྲི་པདྨ་ཉི་ཟླའི་གདན་གྱི་སྟེང་དུ། ངོ་བོ་རང་གི་རྩ་བའི་བླ་མ་རྣམ་པ་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་གསལ་རྡོ་རྗེ་དང་དྲིལ་བུ་འཛིན་པ། རང་གི་འོད་ལས་སྐྱེས་པའི་ཡུམ་སྙེམས་མ་དཀར་མོ་དང་མཉམ་པར་སྦྱོར་བའི་བདེ་བས་དགྱེས་པ། ཡབ་ལ་དར་གྱི་ཆས་གོས་ལྔ་དང་རུས་པའི་རྒྱན་དྲུག་ལ་རིན་པོ་ཆེའི་ཁྲ་བཏབ་པ་དང༌། རིན་པོ་ཆེའི་དོ་ཤལ་ཕྱེད་པས་བརྒྱན་པ་འོད་ཟེར་བྱེ་བ་ཕྲག་དྲུག་ཏུ་འབར་བའི་ཀློང་ན་བཞུགས་པ། དེ་ལྟར་བླ་མའི་སྐུའི་དབྱིབས་རྡོར་སེམས་དང་དེའི་ཐུགས་ཀའི་ནང་ཡེ་ཤེས་སྙིང་པོའི་སྲོག་ཅེས་བླ་མའྀ་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་བདག་ཉིད་བཅོམ་ལྡན་འདས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ན་ཕུར་བུ་འདྲིལ་བ། ཡུམ་འཁོར་ལོ་རྒྱས་འདེབས་མ་མཐིང་ལ་སྐྱ་བའི་རྣམ་པ་ཅན་ཕྱག་གཉིས་ཨུཏྤལ་དང་དུང་ཁྲག་བསྣམ་པ། དཔལ་དང་དུར་ཁྲོད་རོལ་པའི་ཆས་ཐམས་ཅད་ཀྱིས་བརྒྱན་པ། ཡབ་ཡུམ་མཉམ་པར་སྦྱོར་བའི་ཐུགས་རྒྱུད་ལ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་འཁྲུངས་ཤིང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པ་འོད་ཟེར་གཟི་བརྗིད་དཔལ་དུ་འབར་བ་ཕྱི་ལྟར་ན་དཀོན་མཆོག་གསུམ། ནང་ལྟར་ན་རྩ་བ་གསུམ། གསང་བ་ལྟར་ན་སྐུ་གསུམ་གྱི་ངོ་བོར་བཞུགས་པར་བསམ་མོ། །གཉིས་པ་ཐུན་མོང་ཚོགས་བསགས་ཡན་ལག་བརྒྱད་པ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱི་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང་༔ དག་པའི་མཐའ་བཞི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔ དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔ ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོ་བསྔོ༔ ཞེས་གསུངས་ཏེ། དང་པོ་ཕྱག་འཚལ་བའི་ཡན་ལག་ཡུལ་དུས་གསུམ་དུ་གཤེགས་ཤིང་གཤེགས་ལ་འབྱོན་པར་འགྱུར་བའི་སངས་རྒྱས་ཐམས་ཅད་དང་དབྱེར་མེད་པའི་རྡོ་རྗེ་སློབ་དཔོན་ལ་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ་དང༌། སྐྱབས་སུ་འགྲོ་བའི་ཡན་ལག་ཚོགས་ཞིང་གསལ་བཏབ་པའི་དཀོན་མཆོག་གསུམ་ལ་སྟོན་པ་ལམ་གྲོགས་ཀྱི་སྒོ་ནས་སྐྱབས་སུ་འགྲོ་བ་ཀུན་རྫོབ་བརྡའི་སྐྱབས་འགྲོ་དང༌། རང་གི་སེམས་ཉིད་གདོད་ནས་དོན་དམ་པའི་དཀོན་མཆོག་གསུམ་དང་གཉིས་སུ་མེད་པར་ཤེས་པའི་སྒོ་ནས་དོན་དམ་ངེས་པའི་སྐྱབས་སུ་འགྲོ་བ་དང༌། མཆོད་པའི་ཡན་ལག་དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་ནམ་མཁའི་མཐའ་ཀླས་པ་འབུལ་བ་དང༌། བཤགས་པའི་ཡན་ལག་ཐུན་མོང་དང་མཆོག་གི་དངོས་གྲུབ་ལ་བར་དུ་གཅོད་པའི་གེགས་སྡིག་པ་དང་ལྟུང་བ་ཉེས་བྱས་གང་ཡོད་ཐམས་ཅད་སྙིང་ཐག་པ་ནས་བཤགས་པར་བགྱི་བ་དང༌། རྗེས་སུ་ཡི་རང་བའི་ཡན་ལག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བདེན་པ་གཉིས་ཀྱི་བསྡུས་པའི་འཁོར་འདས་ལམ་གསུམ་གྱི་དགེ་བའི་རྩ་བ་ཐམས་ཅད་ལ་མ་ཆགས་པ་དང་ཕྲག་མི་དོག་པའི་སྒོ་ནས་སྙིང་ཐག་པ་ནས་ཡི་རང་བ་དང༌། སེམས་བསྐྱེད་པའི་ཡན་ལག་རང་གི་སེམས་ཉིད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་ཡོད་མེད་རྟག་ཆད་ལ་སོགས་པའི་དྲི་མ་དག་པའི་དོན་དམ་པའི་སེམས་བསྐྱེད་པར་བདག་གི་རྒྱུད་ལ་དམ་བཅའ་བ་དང༌། ལུས་དབུལ་བའི་ཡན་ལག་འདས་པའི་སངས་རྒྱས་བདེ་བཤེགས་རྣམས་ལ་ལུས་འབུལ་བ་ལ་བརྟེན་ནས་རྒྱལ་བའི་གདུང་འཚོབས་པའི་དགོས་པ་དང༌། ད་ལྟའི་དཀྱིལ་འཁོར་གྱི་དབང་ཕྱུག་རྡོ་རྗེ་སློབ་དཔོན་ལ་ལུས་འབུལ་བ་ལ་བརྟེན་ནས་བདག་རྒྱུད་བྱིན་གྱིས་བརླབ་པའི་དགོས་པ་དང༌། སེམས་ཅན་ཐམས་ཅད་ལ་ལུས་འབུལ་བ་ལ་བརྟེན་ནས་མ་འོངས་པ་ན་གདུལ་བྱར་འགྱུར་བའི་རྟེན་འབྲེལ་བསྒྲིག་པ་དང་བཅས་ཏེ། དགོས་པ་གསུམ་གྱི་སྒོ་ནས་ལུས་རིལ་པོར་འབུལ་བ་དང༌། བསྔོ་བའི་ཡན་ལག་དུས་གསུམ་དུ་བསགས་ཤིང་བསོགས་ལ་སོགས་པར་འགྱུར་བའི་ལས་དགེ་བའི་རྩ་བ་ཐམས་ཅད་བློས་ཕྱོགས་གཅིག་ཏུ་བསྡོམས་སྟེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཆོས་ཀྱི་དབྱིངས་ལ་མི་བསྔོ་བའི་ཚུལ་གྱིས་བསྔོ་བའོ། །གསུམ་པ་ཐུན་མོང་མ་ཡིན་པའི་ཚོགས་བསགས་པ་ནི། སྒྲུབ་པའི་མཎྜལ་ཚོགས་ཞིང་གསལ་བཏབ་པ་ལ། མཆོད་པའི་མཎྜལ་འདུ་བྱས་ལ། ཕྱི་ཀུན་རྫོབ་རྫས་ཀྱི་མཎྜལ། ནང་རྡོ་རྗེ་ལུས་ཀྱི་མཎྜལ། གསང་བ་བྱང་ཆུབ་སེམས་ཀྱི་མཎྜལ་གསུམ་པོ་ཐམས་ཅད་ངོ་བོ་རང་གི་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་ལས་བྱུང་བ། རྣམ་པ་རི་རབ་གླིང་བཞྀ་ལྷ་མའི་འབྱོར་པ་ཐམས་ཅད་དང༌། བྱེད་ལས་ཚོགས་ཞིང་རྣམས་ཀྱི་ཐུགས་རྒྱུད་ལ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་བསྐྱེད་ནུས་པ། དེ་ཡང་རྡུལ་རེ་རེའི་ཁོངས་སུ་རྡུལ་སྙེད་ཀྱི་གྲངས་དང་མཉམ་པའི་མནྜལ་གྱི་བཀོད་པ་ཡུལ་ནམ་མཁའི་མཐའ་དང་མཉམ་པ། དུས་ཇི་སྲིད་བསྐལ་པ་མ་སྟོང་གི་བར་དུ་འབུལ་བར་མོས་པའོ། །བཞི་པ་འགལ་རྐྱེན་སྡིག་ལྟུང་སྦྱོང་བར་བྱེད་པ་རྡོ་རྗེ་སེམས་དཔའི་སྒོམ་ཟླས་ནི། རྟེན་གྱི་སྟོབས་བླ་མ་དང་དབྱེར་མེད་པའི་ཞི་ཁྲོ་སྦྲགས་སྒྲུབ་གོང་ལྟར་རང་གི་སྤྱི་བོར་གསལ་བཏབ་ནས་སྡིག་ལྟུང་སོགས་དག་པ་ཁྱེད་མཁྱེན་ནོ་སྙམ་པ་དང༌། རྣམ་པར་སུན་འབྱིན་པའི་སྟོབས་སྔར་བྱས་ཀྱི་སྡིག་པ་ལ་དུག་འཐུང་བ་ལྟར་འགྱོད་སེམས་སྐྱེས་པ་དང༌། སོར་ཆུད་པའི་སྟོབས་ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པ་དང༌། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་ཐུགས་ཀའི་ཧཱུྃ་ཡིག་གི་མཐར། ཨོཾ་བཛྲ་སཏྭ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཞེས་རང་སྒྲ་སྒྲོགས་བཞིན་པ་གསལ་ལ་སྔགས་བཟླ། སྔགས་ཕྲེང་ལས་འོད་ཟེར་ཡར་འཕྲོས་འཕགས་པ་མཆོད་མར་འཕྲོས་རིགས་དྲུག་གི་སྡུག་བསྔལ་སྦྱངས། ཚུར་འདུས་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབ་ཡབ་ཡུམ་གཉིས་ཀའི་སྐུ་ལུས་གང་མཐར་མ་ཤོང་བའི་ཚུལ་གྱིས་ཡུམ་གྱི་པདྨོ་ནས་རང་གི་ཚང་བུག་ཏུ་ཞུགས་ལུས་ཀྱི་ནང་ཐམས་ཅད་ཁེངས་པ་ལ་བརྟེན་ནས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བ་སྤུ་དང་འོག་སྒོ་ནས་ཕྱིར་སོང༌། དབང་བཞི་ཐོབ། སྒྲིབ་བཞི་དག །ལམ་བཞི་སྒོམ་པ་ལ་དབང༌། སྐུ་བཞི་མངོན་དུ་གྱུར་པ་ཡིན་སྙམ་པའི་མོས་པ་བྱའོ། | |||
།ལྔ་པ་བྱིན་རླབས་མྱུར་དུ་འཇུག་པར་བྱེད་པ་བླ་མ་ལ་གསོལ་བ་འདེབས་པ་ལ་གཉིས། དང་པོ་ཐུགས་དམ་གནད་ནས་བསྐུལ་ཏེ་གསོལ་བ་གདབ་པ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པ་ལ༔ རིག་པ་ཡེ་ཤེས་གཟུགས་ཀྱི་སྐུ༔ བླ་མ་དཔལ་ཆེན་ཞི་ཁྲོའི་ལྷ༔ སྐྱབས་ཀུན་འདུས་པའི་བདག་ཉིད་ལ༔ སྙིང་ནས་གུས་པས་གསོལ་བ་འདེབས༔ ཐུགས་དམ་ཟབ་མོའི་རྒྱུད་བསྐུལ་ན༔ བྱིན་གྱིས་རློབས་ཅིག་བླ་མ་རྗེ༔ དངོས་གྲུབ་སྩོལ་ཅིག་ཡི་དམ་ལྷ༔ བདེ་ཆེན་དབང་བསྐུར་མཁའ་འགྲོའི་ཚོགས༔ སྒོ་གསུམ་སྨིན་ཅིང་གྲོལ་བ་དང་༔ འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས༔ ཅེས་གསུངས་ཏེ། ཧཱུྃ་ཧཱུྃ་ཧཱུྃ། ཞེས་ཐུགས་དམ་ཟབ་མོ་གནད་ནས་བསྐུལ་ཏེ། ཆོས་ཐམས་ཅད་ཀྱི་གནས་ལུགས་ཀ་དག་སྐྱེ་བ་མེད་པའི་ངང་ལས། རིག་པ་ཡེ་ཤེས་མ་འགགས་པ་གཟུགས་ཀྱི་སྐུར་སྣང་བ། ངོ་བོ་བླ་མ་ཡིན་པ་ལ་རྣམ་པ་དཔལ་ཆེན་པོ་ཞི་ཁྲོའི་ལྷ་ཡི་ཞལ་ཕྱག་གི་རྣམ་པར་ཤར་བ། རྣམ་འགྱུར་ཡབ་ཡུམ་སྙོམས་པར་སྦྱོར་ཞིང་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པ། ཕྱི་ལྟར་ན་དཀོན་མཆོག་གསུམ། ནང་ལྟར་ན་རྩ་བ་གསུམ། གསང་བ་ལྟར་ན་སྐུ་གསུམ་གྱི་བདག་ཉིད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བཞུགས་ཤིང༌། ཡོན་ཏན་གྱི་ངོས་ནས་སངས་རྒྱས་ཐམས་ཅད་དང་མཉམ་པ། བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ཐམས་ཅད་ལས་ཀྱང་ལྷག་པ། སྐྱོན་ཀུན་ཟད་ཡོན་ཏན་ཀུན་ཚང་བ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་བདག་ཉིད་ཡིན་པར་ཐག་བཅད། ངེས་ཤེས་སྐྱེད། གློ་སྙིང་བྲང་གསུམ་ལིང་གིས་གཏད། འདི་ནས་བྱང་ཆུབ་སྙིང་པོའི་བར་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཁྱེད་མཁྱེན་ནོ་སྙམ་པའི་རེ་ལྟོས་ལིང་བསྐྱུར་གྱིས་ལུས་ཀྱི་བ་སྤུ་གཡོ་བ། མིག་ནས་མཆི་མ་འཁྲུག་པ། ཕར་ཐིམ་ཕོད་པ། ཚུར་བྲལ་མི་ཐུབ་པ། བློ་སྣ་བླ་མས་འཕྲོག་པ། བསམ་རྒྱུ་བླ་མ་ལས་མེད་པ། སྙིང་ནས་གུས་པས་གསོལ་བ་འདེབས་ཤིང༌། ཐུགས་དམ་ཟབ་མོའི་རྒྱུད་བསྐུལ། རྩ་བརྒྱུད་བླ་མ་ཐམས་ཅད་ཀྱིས་བྱིན་རླབས་གཅིག་ཏུ་བསྡུས་པའི་བདག་ཉིད་ཡིན་པས་བདག་རྒྱུད་བྱིན་གྱིས་རློབས་ཤིག །ཡི་དམ་དཀྱིལ་འཁོར་ཐམས་ཅད་ཀྱི་སྤྲོ་བ་དང་བསྡུ་བའི་བདག་ཉིད་ཡིན་པས་ན་མཆོག་ཐུན་མོང་གི་དངོས་གྲུབ་སྩོ་ཅིག །རྩ་ཁམས་ཐམས་ཅད་དཔའ་བོ་རྣལ་འབྱོར་མའི་འཁོར་ལོར་བཞུགས་པ་དང༌། མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་བཀའ་ཉན་གསུང་སྡོད་ཀྱི་ཚུལ་དུ་བཞུགས་པས་ན་བདེ་བ་ཆེན་པོའི་དབང་མཆོག་བསྐུར་ཅིག །བདག་གི་སྒོ་གསུམ་མ་སྨིན་པ་སྨིན་པ་དང༌། སྨིན་ཟིན་གྲོལ་བ་དང༌། ལུས་ཟག་མེད་འཇའ་ལུས་རྡོ་རྗེའི་སྐུར་གྱུར། སེམས་རྟོགས་མེད་འོད་གསལ་ཆོས་ཀྱི་སྐུར་སྨིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ཕུར་ཚུགས་སུ་གདབ་པའོ། །གཉིས་པ་བྱིན་རླབས་གཞུག་ཅིང་དབང་བཞི་བླང་ནས་ཐུགས་ཡིད་བསྲེས་ཏེ་མཉམ་པར་བཞག་པ་ནི། རིག་ཀུན་ཁྱབ་བདག་ཞི་ཁྲོའི་ལྷ༔ སྙོམས་ཞུགས་བྱང་ཆུབ་སེམས་ཀྱི་རྒྱུན༔ སྤྱི་བོར་ནས་ཞུགས་གནས་བཞིར་བབས༔ དབང་བཞི་ཡེ་ཤེས་འཕེལ་བར་བསམ༔ དམིགས་མེད་བརྗོད་བྲལ་ངང་དུ་བཞག༔ ཅེས་གསུངས་ཏེ། དེ་ལྟར་གསོལ་བ་ཕུར་ཚུགས་སུ་བཏབ་པ་ལ་བརྟེན་ནས་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་ཏེ། བྱང་ཆུབ་སེམས་ཀྱི་རྒྱུན་རང་གི་སྤྱི་བོར་བྱུང་ལུས་ཀྱི་ནང་གང༌། དབང་བཞི་ཐོབ། སྒྲིབ་བཞི་དག །ལམ་མཚན་མ་རྫས་ཀྱི་ཕུར་བུ་དང༌། བསྐྱེད་རིམ་སྲིད་པ་ཕུར་བུ་དང༌། རྫོགས་རིམ་བྱང་སེམས་ཕུར་བུ་དང༌། རིག་པ་ཡེ་ཤེས་ཀྱི་ཕུར་བུ་སྟེ་ལམ་བཞི་བསྒོམ་པ་ལ་དབང༌། སྐུ་བཞི་ཐོབ་པའི་ནུས་ལྡན་དུ་བྱས་པར་བསམ་སྟེ། མཐར་བླ་མ་ཡབ་ཡུམ་འོད་དུ་ཞུ་ནས་རང་ལ་ཐིམ། ཐུགས་ཡིད་བསྲེས་ཏེ་སོ་སོར་རང་རིག་པའི་ཡེ་ཤེས་ཀྱི་ཉམས་སུ་མྱོང་བ། མྱོང་དུས་ཉིད་ནས་ངག་གིས་བརྗོད་པ་དང་བློས་བསམ་པ་ཐམས་ཅད་ལས་འདས་པ་གསལ་བ་སྟོང་པ་རིག་པའི་སྙིང་པོ་ཅན་གྱི་ངང་དུ་མཉམ་པར་བཞག་པའོ། །གཉིས་པ་དངོས་གཞི་ལ་གཉིས། ལྟ་བས་ཐག་བཅད་པ་དང་སྒོམ་པས་ཉམས་སུ་བླང་བའོ། །དང་པོ་ནི། གདོད་ནས་རང་བཞིན་གྱིས་རྣམ་པར་དག་པ་རང་གི་སེམས་ཉིད་ངོ་བོ་སྟོང་པ་རང་བཞིན་གསལ་བ་རིག་སྟོང་གཉིས་མེད་ཀྱི་ཡེ་ཤེས་གཞི་དུས་ཀྱི་རྡོ་རྗེ་གཞོན་ནུར་ངོ་སྤྲད། དེ་ལྟར་བླ་མའི་བྱིན་རླབས་ལ་བསྟེན་ནས་ངོ་སྤྲད་པ་དེ་ལམ་བསྐྱེད་རྫོགས་རིམ་པ་གཉིས་ཀྱིས་རྒྱུན་སྐྱོང་སྟེ་ལམ་དུས་ཀྱི་རྡོ་རྗེ་གཞོན་ནུ་ཉམས་སུ་བླངས། ལམ་ཉམས་སུ་བླང་བ་ལ་བརྟེན་ནས་སྒྲིབ་གཉིས་མ་ལུས་ཐམས་ཅད་དག་ནས་གདོད་ནས་སྐུ་དང་ཡེ་ཤེས་རྒྱ་མཚོའི་ངོ་བོར་བཞུགས་པ་དེ་ཉིད་མངོན་དུ་གྱུར་སྟེ་གྲུབ་པ་འབྲས་བུའི་རྡོ་རྗེ་གཞོན་ནུ་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་མངོན་དུ་འགྱུར་བའོ། །གཉིས་པ་ལ་གཉིས། རྟེན་བསྐྱེད་པའི་རིམ་པ་དང༌། བརྟེན་པ་རྫོགས་པའི་རིམ་པའོ། །དང་པོ་ཏིང་ངེ་འཛིན་གཡོ་འགུལ་མེད་པ་རི་བོ་ལྟ་བུའི་གང་ཟག་གིས་བསྐྱེད་རིམ་སྲིད་པ་ཕུར་བུ། ཏིང་ངེ་འཛིན་གསུམ་གསལ་དག་བརྟན་གསུམ་འཇུག་གནས་ལྡང་གསུམ་ཐབས་ཁྱད་པར་ཅན་གྱི་སྒོ་ནས། ཁམས་གསུམ་གྱི་སྣང་ཞེན་ལ་བཏབ་ནས་སྲིད་གསུམ་གྱི་སྣང་བ་ཐམས་ཅད་དཔལ་རྡོ་རྗེ་གཞོན་ནུའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཆེན་པོར་ལྷ་སྣང་བསྡུ་ལྡང་བྱིན་གྱིས་རླབས་པའོ། །དེ་ལྟར་བསྐྱེད་རིམ་སྲིད་པ་ཕུར་བུ་ལ་གསུམ། སྐུ་བསྐྱེད་རིམ་ཕྱག་རྒྱའི་རྣལ་འབྱོར། གསུང་བཟླས་པ་སྔགས་ཀྱི་རྣལ་འབྱོར། ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་རོ། །དང་པོ་ལ་གསུམ། ཏིང་འཛིན་གསུམ་གྱིས་ཁོག་དབུབ་པ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པའོ། །དང་པོ་ནི། ཧཱུྃ༔ རྡོ་རྗེ་དེ་བཞིན་ཉིད་ཀྱི་དབྱིངས༔ སྙིང་རྗེའི་འགལ་ཟླ་ལ་ཁྲོས་པས༔ ཉོན་མོངས་ཞེ་སྡང་གཟུང་འཛིན་གཅོད༔ མཚོན་ཆེན་ཧཱུྃ་སྔོན་འོད་འབར་བ༔ རང་བྱུང་ནམ་མཁའི་དཀྱིལ་དུ་ཤར༔ འཁོར་འདས་སྲོག་གི་གོ་རུ་བསྒོམ༔ ཞེས་གསུངས་ཏེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། རང་གི་སེམས་ཉིད་བཅོས་སླད་དང་བྲལ་བ་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོའི་ངང་དུ་མཉམ་པར་བཞག་པའོ། །ཀུན་སྣང་གི་ཏིང་ངེ་འཛིན་ནི། དེ་ལྟར་མ་རྟོགས་པའི་འགྲོ་བ་ལ་སྙིང་རྗེའི་འགལ་ཟླ་ཞེ་སྡང་ལ་ཁྲོས་པའི་ཚུལ་གྱིས་སྙིང་རྗེ་ཆེན་པོ་བསྐྱེད་པའོ། །རྒྱུའི་ཏིང་ངེ་འཛིན་ནི། སྟོང་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ངོ་བོ་ཧཱུྃ་ཡིག་ནམ་མཁར་གསལ་གདབ། འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་ངོ་བོ་རྣམ་པ་འོད་དང་གཞལ་ཡས་ཁང་ལྷ་སྔགས་ཅིར་ཡང་འཕྲུལ་པའི་རང་བཞིན་ཅན་དུ་མོས་པའོ། །གཉིས་པ་ལ་གཉིས། རྟེན་གཞལ་ཡས་ཁང་བསྐྱེད་པ་དང༌། བརྟེན་པ་ལྷ་བསྐྱེད་པའོ། | |||
།དང་པོ་ནི། ཆོ་འཕྲུལ་ཆེན་པོའི་ཏིང་འཛིན་གྱིས༔ སྣོད་བཅུད་དངོས་འཛིན་དབྱིངས་སུ་སྦྱངས༔ ཀློང་ལྔའི་དྭངས་མ་འབྱུང་རིམ་སྟེང་༔ ཡེ་ཤེས་ལྔ་རྫོགས་གཞལ་མེད་ཁང་༔ དུར་ཁྲོད་དྲག་པོའི་བཀོད་པ་ཅན༔ འཇིགས་ཤིང་སྐྱི་གཡའི་ནང་ཁོངས་སུ༔ གནམ་ལྕགས་ཙཀྲ་རྩིབས་བཅུའི་དབུས༔ ཅེས་གསུངས་ཏེ། ནམ་མཁར་གནས་པའི་རྒྱུའི་ཧཱུྃ་ཡིག་ལས་འོད་ཟེར་བྱུང་ཕྱི་ནང་སྣོད་བཅུད་ཀྱི་དངོས་འཛིན་ཐམས་ཅད་འོད་གསལ་གྱི་དབྱིངས་སུ་ཐིམ། དེ་ནས་ཧཱུྃ་ཡིག་ལས་འབྱུང་བཞི་རི་རབ་གཞལ་ཡས་ཁང་ཆེན་པོ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་འཇིགས་ཤིང་སྐྱི་གཡའ་བའི་ནང་དུ། གནམ་ལྕགས་ལས་གྲུབ་པའི་འཁོར་ལོ་རྩིབས་བཅུ་པ་གདན་ཐབས་དང༌། དེ་སྟེང་དུ་པདྨ་དང་ཉི་མ་ལྷ་ཆེན་ཁྱཽ་ཤུགས་དང་བཅས་པ་གསལ་བཏབ་སྟེ་གཞལ་ཡས་ཁང་ཞར་བྱུང་གདན་དང་བཅས་པ་བསྐྱེད་པའོ། །གཉིསཔ་བདག་དམ་ཚིག་པ་བསྐྱེད་པ་བསྙེན་པའི་ཡན་ལག་ལ་གསུམ། བདག་རྩ་བའི་དཀྱིལ་འཁོར། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར། སྲས་མཆོག་ཕུར་པའི་དཀྱིལ་འཁོར་བསྐྱེད་པའོ། །དང་པོ་ནི། བདག་ཉིད་མ་བཅོས་རྩ་བའི་ལྷ༔ རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་དཀར་གཡོན་དམར་རྔམས་བཞད་གཤེ༔ ཕྱག་དྲུག་ཡེ་ཤེས་རོལ་པའི་རྟགས༔ གཡས་གཉིས་རྡོ་རྗེ་རྩེ་དགུ་ལྔ༔ གཡོན་གཉིས་མེ་དཔུང་ཁ་ཊྭཾ་དང་༔ ཐ་མས་རི་རབ་ཕུར་བུ་འགྲིལ༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ མཐིང་སྐྱ་ཨུཏྤལ་དུང་ཁྲག་བསྣམས༔ དཔལ་དང་དུར་ཁྲོད་རོལ་པའི་ཆས༔ པད་ཉི་ལྷ་ཆེན་ཁྲོ་ཤུགས་སྟེང་༔ ཁམས་གསུམ་ཟིལ་གནོན་ཆེན་པོར་བཞེངས༔ ཅེས་གསུངས་ཏེ། ནམ་མཁར་གནས་པའི་རྒྱུའི་ཧཱུྃ་ཡིག་གདན་སྟེང་བབས་ཏེ་འོད་དུ་ཞུ་བ་ལས་བདག་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་སྟོན་གྱི་ནམ་མཁའ་དྭངས་པའི་མདོག་ལྟ་བུ། རྣམ་ཐར་གསུམ་དང་ལྡན་པའི་རྟགས་སུ་ཞབས་བཞི་གྱད་ཆེན་པོའི་དོར་སྟབས་ཀྱིས་བསྒྲད་པ། གཡས་ཞལ་དཀར་ལ་བཞད་པའི་ཉམས་ཅན། གཡོན་ཞལ་དམར་ལ་གཤེ་བའི་ཉམས་ཅན། དབུས་ཞལ་མཐིང་ལ་གཏུམ་པའི་ཉམས་ཅན། ཕྱག་དྲུག་གཡས་ཀྱི་དང་པོ་གཉིས་ན་རྡོ་རྗེ་རྩེ་དགུ་པ་དང་ལྔ་པ་འཛིན་པ། གཡོན་གྱི་དང་པོ་གཉིས་ན་མེ་དཔུང་དང་ཁ་ཊྭཾ་འཛིན་པ། གཡས་གཡོན་གྱི་ཐ་མ་གཉིས་ན་རི་རབ་ལྟ་བུའི་གནམ་ལྕགས་ཀྱི་ཕུར་བུ་འགྲིལ་བ། ཡུམ་འཁོར་ལོ་རྒྱས་འདེབས་མ་སྐུ་མདོག་མཐིང་ལ་སྐྱ་བའི་རྣམ་པ་ཅན། གཡས་ཨུཏྤལ་དང་གཡོན་དུང་ཁྲག་བསྣམས་པའོ། །རུ་ཏྲ་བསྒྲལ་བའི་ལོངས་སྤྱོད་ཐམས་ཅད་དཔལ་ཆེན་པོའི་བདག་གིར་བཞེས་པའི་དཔལ་གྱི་ཆས་བརྒྱད་ནི། གཟི་བརྗིད་འབར་བ་ཆུ་སྲིན་བརྗིད་པའི་ཆས། །ཐབས་དང་ཤེས་རབ་ཟུང་འབྲེལ་ཉི་ཟླའི་ཆས། །གདུག་པ་བསྲེག་བྱེད་ཡེ་ཤེས་མེ་ཡི་ཆས། །སྐྱེ་ཤི་རྩད་གཅོད་མཆེ་བ་ཟླ་གམ་ཆས། །ཁྱབ་མཛད་རེ་སྐོང་རྡོ་རྗེ་གཤོག་པའི་ཆས། །སངས་རྒྱས་སར་བགྲོད་རྡོ་རྗེ་བསེ་ཁྲབ་ཆས། །གནོད་གདུག་བཟློག་བྱེད་རྡོ་རྗེ་ལྕགས་ཀྱི་ཆས། །མངའ་ཐང་ཡོངས་རྫོགས་རྡོ་རྗེ་སློག་པའི་ཆས། །དེ་ལྟར་དཔལ་གྱི་ཆས་བརྒྱད་ཀྱིས་བརྒྱན་པ་དང༌། །དུར་ཁྲོད་ཀྱི་ཆས་བརྒྱད་ནི། གླང་ཀོ་རློན་པའི་སྟོད་གཡོགས། ཞིང་ལྤགས་ཀྱི་སྐེད་དཀྲིས། སྟག་ལྤགས་ཀྱི་ཤམ་ཐབས་བཅས་བགོ་བའི་གོས་གསུམ་དང༌། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། མཁུར་ཚོས་ལ་རཀྟའི་ཐིག་ལེ། ཨོས་ཀོ་ལ་ཞག་གི་ཟོ་རིས་ཏེ་བྱུག་པའི་རྩི་གསུམ། སྐམ་པོ་ལྔ་ཡི་དབུ་རྒྱན། རློན་པ་ལྔ་བཅུའི་དོ་ཤལ། ཐོད་པ་ཚལ་བུའི་ཕྱག་ཞབས་ཀྱི་གདུ་བུ་རྣམས་དང༌། དུག་ལྔའི་རང་གཟུགས་སྦྲུལ་རིགས་ལྔའི་བརྒྱན་བཅས་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ཁམས་གསུམ་ཟིལ་གྱིན་གནོན་པའི་བདག་ཉིད་ཅན། སྒེག་པ་འཇིགས་རུང་སྐུ་ཡི་གར། རྒོད་གཤེ་དྲག་ཤུལ་གསུང་གི་གར། སྙིང་རྗེ་རྔམས་ཞི་ཐུགས་ཀྱི་གར་སྟེ་གར་དགུའི་གཟྀ་བྱིན་མཆོག་ཏུ་འབར་བའི་སྐུར་བཞེངས་པར་མོས་པའོ། །གཉིས་པ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ རྡོ་རྗེ་ཧཱུྃ་གིས་གླུས་བསྐུལ་བས༔ ཡབ་ཡུམ་བཟོད་མེད་བདེ་བ་འབར༔ རྗེས་ཆགས་སྙོམས་ཞུགས་མཁའ་གསང་ནས༔ ཨ་ཧཾ་སྔགས་ཀྱི་སྒྲ་ཆེན་པོས༔ སངས་རྒྱས་སྲས་བཅས་སྤྱན་དྲངས་ཏེ༔ ཞལ་ཞུགས་བྱང་སེམས་ཐིག་ལེར་ཞུ༔ འོད་ཀྱི་གོང་བུ་མཁའ་ནས་སྤྲོས༔ རྩིབས་སྟེང་དཔལ་ཆེན་ཁྲོ་རྒྱལ་བཅུ༔ མཐིང་ནག་ཕུར་འདྲིལ་ཡུམ་དང་འཁྱུད༔ ཟ་གསོད་ཕོ་ཉའི་སྤྲིན་ཕུང་འཕྲོ༔ སྒོ་བཞིར་ཕྲིན་ལས་སྒོ་མ་བཞི༔ མུ་རན་འཇིག་རྟེན་སྐྱོང་བས་བསྐོར༔ ཞེས་གསུངས་ཏེ། ཡུམ་གྱི་རྡོ་རྗེ་ཧཱུྃ་གིས་གླུས་བསྐུལ་བས་ཡབ་ཡུམ་སྙོམས་པར་ཞུགས་པའི་ཐུགས་རྒྱུད་ལ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་བཟོད་མེད་དུ་འབར་བ་སྟེ། རྗེས་སུ་ཆགས་པའི་བྱང་སེམས་ཀྱི་ཆུ་རྒྱུན་མཁའ་གསང་ནས་ཨ་ཧཾ་ཅེས་པའི་སྔགས་ཀྱི་སྒྲ་གདངས་ནམ་མཁའ་གང་བར་སྤྲོས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྲས་བཅས་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ། ཞལ་དུ་ཞུགས་བྱང་སེམས་ཀྱི་ཆུ་རྒྱུན་ཐིག་ལེར་ཞུ་སྟེ་སྐུའི་དབྱིབས་བརྒྱུད་མཁའ་གསང་དུ་བབས། འོད་ཀྱི་གོང་བུ་སྔོན་པོ་བཅུ་མཁའ་གསང་ནས་སྤྲོས་ཏེ་འོག་གཞིའི་འཁོར་ལོའི་རྩིབས་བཅུ་ལ་པདྨ་ཉི་མ་དང་ཕྱོགས་སྐྱོང་བཅུའི་གདན་གྱི་སྟེང་དུ་དཔལ་ཆེན་ཁྲོ་རྒྱལ་བཅུ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་ཕུར་བུ་འདྲིལ་བ་ཡུམ་ལ་འཁྱུད་པ། ལུས་གྲུབ་པ་ན་དྲི་མ་དང༌། ཉི་མ་ཤར་བ་ན་འོད་གྲུབ་པ་བཞིན་དུ་གཡས་སུ་ཟ་བྱེད་མཆེ་བ་ཅན་བཅུ་དང༌། གཡོན་དུ་གསོད་བྱེད་གཤོག་པ་ཅན་བཅུ་སྟེ་ཁྲ་ཐབས་ཉི་ཤུ་དང༌། དཀྱིལ་འཁོར་ཆེན་པོའི་སྒོ་བཞི་རུ་ཉི་མ་དང་ཞིང་ལྤགས་ཀྱི་གདན་གྱི་སྟེང་དུ་སྒོ་བ་ཡབ་ཡུམ་བརྒྱད་དང༌། དཀྱིལ་འཁོར་གྱི་མུ་རན་རྣམས་སུ་བདག་ཉིད་མ་བཞི་དང༌། ཤྭ་ན་མ་བཞི། ས་བདག་མ་བཞི་སོགས་རྡོ་རྗེ་ཆོས་སྐྱོང་བའི་ཕུར་པའི་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་བཀའ་ཉན་མངག་ཞུགས་ཀྱི་ཚུལ་དུ་སྤྲིན་ཕུང་འཕྲོ་བ་བཞིན་ཡོད་པར་བསམ་པའོ། །གསུམ་པ་ནི། གཙོ་བོ་ཡབ་ཡུམ་གནས་ལྔ་རུ༔ སངས་རྒྱས་པདྨ་རྡོ་རྗེ་དང་༔ རིན་ཆེན་ལས་ཀྱི་ཀཱི་ལ་ཡ༔ དཀར་དམར་མཐིང་སེར་ལྗང་གུའི་མདོག༔ ལྷན་སྐྱེས་ཡུམ་དང་བཅས་པར་གསལ༔ ཞེས་གསུངས་ཏེ། ཡབ་ཀྱི་སྐུ་ལུས་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་སྤྱི་བོར་བུདྡྷ་ཀཱི་ལ་ཡ་སྐུ་མདོག་དཀར་པོ། མགྲིན་པར་པདྨ་ཀཱི་ལ་ཡ་སྐུ་མདོག་དམར་པོ། སྙིང་གར་བཛྲ་ཀཱི་ལ་ཡ་སྐུ་མདོག་མཐིང་ནག །ལྟེ་བར་རཏྣ་ཀཱི་ལ་ཡ་སྐུ་མདོག་སེར་པོ། གསང་གནས་སུ་ཀརྨ་ཀཱི་ལ་ཡ་སྐུ་མདོག་ལྗང་གུ་ཞལ་གཅིག་པ། ཕྱག་གཉིས་ན་ཕུར་བུ་འདྲིལ་བ། ལྷན་སྐྱེས་ཀྱི་ཡུམ་དང་བཅས་པ་ལུས་དཀྱིལ་གྱི་ཚུལ་དུ་གསལ་བཏབ་རྒྱན་ཆ་ལུགས་གཙོ་བོ་དང་མཐུན་པ་ཀུན་ཀྱང་གར་དགུའི་གཟི་བྱིན་མཆོག་ཏུ་འབར་བ་ཡེ་ཤེས་ཀྱི་མེ་ཁ་དོག་སྣ་ལྔ་འཁྲུངས་པའི་དབུས་སུ་ཡེ་ཤེས་སྒྱུ་མའི་སྐུ་ཅན་དུ་ལམ་གྱིས་གསལ་གདབ་པའོ། །གནས་གསུམ་གྱིན་གྱིས་རླབས་པ་ཉེ་བསྙེན་གྱི་ཡན་ལག་ནི། གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ རྡོ་རྗེ་གསུམ་དུ་བྱིན་གྱིས་རླབས༔ ཞེས་གསུངས་ཏེ། རང་ཉིད་རྡོ་རྗེ་གཞོན་ནུར་གསལ་བའི་གནས་གསུམ་རྡོ་རྗེ་གསུམ་གྱི་ས་བོན་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ནམ་མཁའ་གང་བར་སྤྱན་དྲངས། བྱིན་རླབས་དང་གཟི་བྱིན་ཐམས་ཅད་ཡི་གེ་འབྲུ་གསུམ་གྱི་རྣམ་པར་བསྡུས་ཏེ་རང་གི་གནས་གསུམ་དུ་ཐིམ་སྟེ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དུ་བྱིན་གྱིས་རླབས་པར་བསམ་མོ། | |||
།དབང་བསྐུར་ཞིང་རིགས་བདག་གི་རྒྱས་འདེབས་པ་སྒྲུབ་པའི་ཡན་ལག་ནི། བདེ་གཤེགས་དབང་བསྐུར་ཡེ་ཤེས་ལྔ༔ ཁྲག་འཐུང་རིགས་ལྔའི་ཕྱག་རྒྱར་རྫོགས༔ ཨོཾ་ཨཱཿཧཱུྃ་ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿ སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕོག་པས། དེ་ཐམས་ཅད་རང་བཞིན་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་རྣམ་པ་གཟུགས་ཀྱི་སྐུར་བཞེངས་ནས་མདུན་གྱི་ནམ་མཁར་སྤྱན་དྲངས་དེ་དག་ཡབ་ཡུམ་སྙོམས་པར་ཞུགས་པའི་མཁའ་གསང་ནས་བདུད་རྩིའི་ཆུ་རྒྱུན་བབས། རང་ཉིད་དཔལ་ཆེན་པོའི་སྤྱི་བོ་ནས་ཞུགས་ཏེ་ལུས་ཀྱི་ནང་གང༌། དབང་བཞི་ཐོབ། སྒྲིབ་བཞི་དག །ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས། ཐོད་སྐམ་གོང་བུ་ལྔའི་དབུས་སུ་ཁྲག་འཐུང་རིགས་ལྔའི་དབུ་བརྒྱན་པར་བསམ་མོ། །ཡེ་ཤེས་པ་བཅུག་པ་སྒྲུབ་པ་ཆེན་པོའི་ཡན་ལག་ནི། ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང་༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཁྲོ་རྒྱལ་འཁོར་བཅས་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས༔ སྲིད་པ་རྡོ་རྗེ་གྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཏིཥྛ་ལྷན༔ ཞེས་གསུངས་ཏེ། རང་དམ་ཚིག་པའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཏེ་འོག་མིན་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྒྱུད་རང་དབང་མེད་པར་བསྐུལ། དེ་རྣམས་སྤྱན་དྲངས་ནས་དམ་ཡེ་དབྱེར་མེད་དུ་གྱུར་པར་བསམ་མོ། །སྤྱིར་གསང་སྔགས་ལུང་གི་སྒོ་བཞིར་བཞེད་དེ། དོན་རྣམས་གསལ་འདེབས་བརྗོད་པ་ཚིག་གི་སྒོ། །ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ། །དམིགས་པ་རྩེ་གཅིག་ཏིང་འཛིན་ཡིད་ཀྱི་སྒོ། །མཚོན་པ་བརྡར་རྟགས་ཕྱག་རྒྱ་གར་གྱི་སྒོ། ཞེས་ཚིག་དང་སྔགས་དང་ཏིང་ངེ་འཛིན་དང་ཕྱག་རྒྱ་བཞི་ཡི་སྒོ་ནས་བསྐུལ་མ་གསུངས་པ་ནི། དང་པོ། འདི་ལྟར་ཁམས་གསུམ་གྱི་སྣང་ཞེན་ཐམས་ཅད་དཔལ་ཆེན་པོའི་སྐུ་གསུང་ཐུགས་སུ་གྲུབ་པ་དང༌། དབང་དང་དངོས་གྲུབ་བླང་བའི་ཕྱིར་ཡེ་ཤེས་ཀྱི་ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ་ཅེས་པ་དང༌། སྲིད་པ་གསུམ་པོ་ཐམས་ཅད་དཔལ་ཆེན་པོའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་བྱིན་གྱིས་རླབས་པར་མཛོད་ཅིག་ཅེས་པ་དང༌། དེའང་ལྷ་སྣང་བདེ་བ་ཆེན་པོའི་ཡེ་ཤེས་སུ་བྱིན་གྱིས་རླབས་པར་མཛོད་ཅིག་ཅེས་ཚིག་གི་སྒོ་ནས་གསལ་འདེབས་པའོ། གཉིས་པ་སྔགས་ཀྱི་སྒོ་ནས། ཛཿཧཱུྃ་བྃ་ཧོཿདང་༔ ས་མ་ཡ་ཏིཥྛ་ལྷན༔ ཅེས་པ་ཛས་དགུགས་པ་དང༌། ཧཱུྃ་གིས་དམ་ཡེ་དབྱེར་མེད་དུ་བྱས་པ་དང༌། བྃ་གྱིས་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་རོ་གཅིག་པར་གྱུར་པར་མོས། ཧོས་དེ་ཡང་རེས་འགའ་བ་མ་ཡིན་པར་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བཞུགས་པར་མོས། ས་མ་ཡ་ཏིཥྛ་ལྷན་ཅེས་པས་དམ་ཚིག་ཆེན་པོས་བརྟན་པར་བཞུགས་ཤིག་ཅེས་པ་དང༌། གསུམ་པ་ནི་ཏིང་འཛིན་གྱིས་དེ་ལྟར་གསལ་གདབ་པའོ། བཞི་པ་ནི་རང་གི་ལག་པས་མཚོན་པ་ཕྱག་རྒྱ་བྱ་བའོ། །མཆོད་པ་ལ་གསུམ་ལས། དང་པོ་ཕྱག་འཚལ་བའི་མཆོད་པ་ནི། ཧཱུྃ༔ ཐབས་ཀྱི་སྤྱོད་པའི་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ ཁྲག་འཐུང་ཆེན་པོར་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱི་ཙྪ་ཧོ༔ ཞེས་རང་གི་ཐུགས་ཀ་ནས་རྡོ་རྗེའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ནས་གུས་པའི་ཚུལ་གྱིས་ཨ་ཏི་པཱུ་ཧོ་ཞེས་པས་ཕྱག་འཚལ་བས་དོན་གྱི་ཕྱག་ལེན་པྲ་ཏིཙྪ་ཧོ་ཞེས་བརྗོད་པར་མོས་པའོ། །གཉིས་པ་ཕྱི་ནང་གསང་གསུམ་གྱི་མཆོད་པ་ནི། ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ ཡུལ་དང་དབང་པོ་གཉིས་མེད་པ༔ བདེ་ཆེན་ལོངས་སྤྱོད་ཆེན་པོར་རོལ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝ་ར་ཨརྒྷཾ། པདྱཾ། པུཥྤེ། དྷཱུ་པེ། ཨ་ལོ་ཀེ །གནྡྷེ། ནཻཝི་དྱ། ཤབྡ། སརྦ་པཉྩ་ཨ་མྲྀ་ཏ། རཀྟ་བ་ལིངྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པའི་སྤྲིན་ཕུང་མཐའ་ཀླས་པ་ཕུལ་བས་ཡུལ་དང་དབང་པོ་གཉིས་མེད་ཀྱི་ཚུལ་དུ་བཞེས་ཏེ་མཉེས་ཤིང་ཚིམ་ནས་ཐུགས་རྒྱུད་ཟག་མེད་ཀྱི་བདེ་བ་ཆེན་པོར་འཁྲུངས་པར་བསམ་མོ། །གསུམ་པ་བསྟོད་པའི་མཆོད་པ་ནི། ཧཱུྃ༔ སྒེག་པ་དཔའ་བ་མི་སྡུག་རྡོ་རྗེའི་སྐུ༔ རྒོད་གཤེ་དྲག་ཤུལ་སྔགས་ཀྱི་སྒྲ་གདངས་ཅན༔ སྙིང་རྗེ་རྔམ་ཞི་ཡེ་ཤེས་སྲོག་ལྡན་པའི༔ ཕྲིན་ལས་འདུས་པའི་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་གསུངས་ཏེ། དཔལ་ཆེན་པོའི་སྐུ་ཆེ་ལ་ཡན་ལག་རགས་པ་ནི་སྒེག་པ་དང༌། མི་སྡུག་སྲིན་པོ་ལྟར་ཁྲོས་པ་ནི་སྐུའི་དཔའ་བ། བདུད་དང་རུ་ཏྲ་སོགས་གང་གིས་མཐོང་བ་ཙམ་གྱིས་དོན་སྙིང་ལྐོགས་མ་ནས་འབྱིན་ནུས་པ་ནི་མི་སྡུག་པ་སྟེ་སྐུའི་ཉམས་གསུམ། ཧ་ཧ་དང་ཧི་ཧི་ལ་སོགས་པའི་རྒོད་པ་དང༌། དེ་ཡང་འབྲུག་སྟོང་དུས་གཅིག་ལ་ལྡིར་བ་དང༌། ཐོག་སྟོང་དུས་གཅིག་ལ་ལྷུང་བ་ལྟ་བུའི་སྒྲ་དང་ལྡན་པ་ནི་གཤེ་བ། བདུད་དང་ལོག་འདྲེན་སོགས་གང་གིས་ཐོས་པ་ཙམ་གྱིས་འཇིགས་སུ་རུང་བ་སྟེ་གསུང་གི་ཉམས་གསུམ། ངོ་བོ་སྙིང་རྗེ་དང༌། རྣམ་པ་རྔམ་པ། རང་བཞིན་ཞི་བ་སྟེ་ཐུགས་ཀྱི་ཉམས་གསུམ་དང་ལྡན་པའི་གར་དགུའི་གཟི་བྱིན་མཆོག་ཏུ་འབར་བའི་དཔལ་ཆེན་པོའི་སྐུ་ལ་སྐུ་གསུམ་ཡོན་ཏན་རྒྱ་མཚོ་ལྟ་བུ་མངའ་བ་དྲན་པའི་སྒོ་ནས་བསྟོད་པའོ། །གསུམ་པ་ལ་གསུམ། རྣམ་པ་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པའོ། །དང་པོ་ནི། སྤྱི་ལ་སེམས་འཛིན་པ་ནི། བདག་རྩ་བའི་དཀྱིལ་འཁོར། མཚན་མ་རྫས་ཀྱི་དཀྱིལ་འཁོར། སྲས་མཆོག་ཕུར་པའི་དཀྱིལ་འཁོར་མ་འདྲེས་པ་ཡིད་ཡུལ་དུ་གསལ་བར་བྱའོ། །གཉིས་པ་བྱེ་བྲག་ལ་སེམས་འཛིན་པ་ནི། དང་པོ་དཔལ་ཆེན་པོའི་རྩ་ཞལ་གྱི་སྤྱན་དབུས་མ་གཏུམ་པའི་ཉམས་ཅན་སྤྱན་གཡོན་པ་གྱེན་དུ་བསླང་བ་ལྟ་བུ། དཀྱིལ་ནག་པ་མཐའ་སྐྱ་བ་སྤྱན་རྩ་དམར་ཤིག་གེ་བ་ཁྲོ་བོའི་སྡང་མིག་དང་ལྡན་པ་བདུད་དང་ལོག་འདྲེན་སོགས་གང་ལ་གཉེར་བ་ཙམ་གྱིས་དོན་སྙིང་འབྱིན་ནུས་པ་ལྟ་བུ་ལ་སེམས་བཟུང༌། དེ་ཡང་རབ་ཡིད་དུ་ཡུལ་གསལ་བ། འབྲིང་བརྗོད་པས་གསལ་བ། ཐ་མ་བྲིས་པ་གསལ་འདེབས་སྟེ། དེ་ལ་སེམས་ཟིན་ན་སྤྱན་གཡས་གཡོན་དང་ཤངས་ཞལ་གྱི་མཆུ་སྒྲོས་སོགས་སྐུའི་ཆ་ཤས་རེ་རེ་ནས་ཕྱི་རོལ་གྱི་གཞལ་ཡས་ཁང་དུར་ཁྲོད་མེ་རིའི་བར་དུ་རིམ་པ་བཞིན་དུ་སེམས་བཟུང་སྟེ། དེ་ལྟ་བུ་ལྷ་སྐུ་དེ་ཡང་བྲིས་སྐུ་ལྟ་བུའི་ལེབ་ལེབ་དང༌། འབུར་སྐུ་ལྟ་བུའི་ལྡིར་ལྡིར་མ་ཡིན་པར་སྣང་བའི་གཟུགས་སུ་གྲུབ་པ་ལ་རེག་པའི་གཟུགས་སུ་མ་གྲུབ་པ་སྣང་བཞིན་སྟོང་ལ་སྟོང་བཞིན་དུ་སྣང་བ། སྣང་ལ་རང་བཞིན་མེད་པ། གསལ་ལ་རྟོག་པ་མེད་པ། ནམ་མཁའི་འཇའ་ཚོན་དང་ཆུ་ཟླའི་གཟུགས་བརྙན་ལྟ་བུར་བསྒོམ་པའོ། །གཉིས་པ་ནི། རྣམ་པ་གསལ་རུང་མ་གསལ་རུང་བདག་ནི་ཐ་མལ་པ་ནམ་ཡང་མ་ཡིན་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ཚང་འབྲས་དུས་ཀྱི་ཁ་སྦྱོར་བདུན་ལྡན་གྱི་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཡིན་ནོ་སྙམ་པའོ། །གསུམ་པ་ནི། གཞི་སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོ་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་དེ། ལམ་དུས་སུ་སྒྲུབ་པ་པོའི་བློ་ངོར་ཞལ་ཕྱག་གི་རྣམ་པར་ཤར་བ་དེ་ཉིད། འབྲས་བུའི་དུས་སུ་ཆོས་སྐུའི་ཐུགས་རྒྱུད་ལ་བཞུགས་པའི་ཟག་མེད་ཀྱི་ཡོན་ཏན་ཐམས་ཅད་ཤར་བ་ཡིན་ནོ་སྙམ་དུ་གཞི་འབྲས་སྦྲེལ་བའི་དག་པ་དྲན་པའོ། །གཉིས་པ་གསུང་བཟླས་པ་སྔགས་ཀྱི་རྣལ་འབྱོར་ནི། ཐུགས་ཀར་དཔལ་གྱི་བེའུའི་དབྱིངས༔ ཡེ་ཤེས་སེམས་དཔའི་ཐིག་ལེའི་དབུས༔ བཛྲ་ས་ཏྭ་ཚོན་གང་བའི༔ སྙིང་དབུས་ཉི་ཟླ་ཁ་སྦྱོར་སྦུབས༔ ཧཱུྃ་ལས་རྡོ་རྗེའི་སྔགས་ཕྲེང་འཕྲོས༔ ཡབ་ཡུམ་ཞལ་ནས་ཞལ་དུ་ཞུགས༔ གསང་བའི་ལམ་ནས་འཁོར་བའི་འོད༔ སྐུ་དང་སྔགས་ཕྲེང་མེ་འོད་མཚོན༔ ནམ་མཁའ་གང་བའི་སྤྲོ་བསྡུ་ཡིས༔ ཕྱོགས་དུས་རྒྱལ་བ་མཆོད་པས་མཉེས༔ ཁམས་གསུམ་ཉོན་མོངས་དུག་ཆེན་སྦྱངས༔ སྲིད་གསུམ་དྲེགས་པ་གཟིར་ཞིང་བསྔངས༔ བར་ཆད་བདུད་བགེགས་ཚར་ཐག་བཅད༔ སྣོད་བཅུད་ཀ་དག་གཉུག་མའི་བབས༔ རྡོ་རྗེ་གཞོན་ནུའི་ངོ་བོར་རྫོགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ མ་རཀྨོ་ཡཀྨོ་ཀ་ལ་རུ་པ་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་ཏུང་ཏུང་༔ སྙིང་ཁྲག་སྲོག་ལ་ཤད་ཤད༔ ཐུཾ་རི་ལི་ལི༔ ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱག་མྱག༔ སོད་སོད༔ དྷཱ་ཏི་མ་མ་ཀརྨ་ཤྲཱི་གྷྲཱཾ་ཀ་ར་ཡེ༔ མཱ་ར་སེ་ན་པྲ་མ་དྷ་ན་ཡེ་ཧཱུྃ་ཕཊ༔ ཅེས་གསུངས་ཏེ། རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀར་སྙིང་རིན་པོ་ཆེ་མཆོང་གུར་ཕུབ་པ་ལྟ་བུ་ཟུར་བརྒྱད་པའི་དབུས་སུ་རྡོ་རྗེ་སེམས་དཔའ་ཚོན་གང་བ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡབ་རྐྱང་གི་རྣམ་པ་ལ་དར་དང་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པ། དེའི་ཐུགས་ཀར་ཉི་མ་འོག་དང་ཟླ་བ་སྟེང་དུ་བྱས་པའི་གའུ་ཁ་སྦྱོར་གྱི་ནང་དུ་ཐུགས་སྲོག་ཧཱུྃ་སྔོན་པོ་ལ་བསྙེན་སྔགས་འབྲུ་དགུ་པས་རང་སྒྲ་སྒྲོགས་བཞིན་པས་བསྐོར་བར་བསམ་ལ་སྔགས་བཟླས་པ་ནི་བསྙེན་པའི་ཡན་ལག་སྟེ། ཟླ་བ་སྐར་ཕྲེང་ལྟ་བུའི་དགོངས་པའོ། | |||
།དེ་ནས་དོ་ལའི་བཟླས་པ་ནི། སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་ཞིག་ཆད། ཡེ་ཤེས་སེམས་དཔའི་ཤངས་བུག་ནས་བྱུང་སྟེ་ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས་ཐུགས་ཀའི་ས་བོན་ལ་ཐིམ་པའི་ཚུལ་གྱིས་བདེ་བ་ཆེན་པོའི་ཡེ་ཤེས་བཟོད་མེད་དུ་འབར། སྐུ་ལུས་བརྒྱུད་དེ་པདྨོ་ནས་རྡོ་རྗེའི་ལམ་དུ་ཞུགས་སྟེ་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་དེ་ལྟར་བར་མ་ཆད་པ་འཁོར་བ་ནི་ཉེ་བསྙེན་གྱི་ཡན་ལག་སྟེ་འགལ་མེ་ཀླད་ཀོར་ལྟ་བུའི་དགོངས་པའོ། །དེ་ལྟར་སྐུ་དང་སྔགས་ཕྲེང་ལས་ཡེ་ཤེས་ཀྱི་མེའི་འོད་ཟེར་གྱིས་མཚོན་པའི་འོད་ཟེར་དཔག་ཏུ་མེད་པ་འཕྲོས། འོད་ཟེར་ཡར་འཕྲོས་རྒྱལ་བ་ཐམས་ཅད་ལ་ཐུགས་མཉེས་པའི་མཆོད་པ་ཕུལ། མར་འཕྲོས་ཁམས་གསུམ་གྱི་ཉོན་མོངས་པའི་དུག་ཆེན་མ་ལུས་པ་ཐམས་ཅད་སྦྱངས་བར་མོས་ཏེ་གཙོ་བོར་སྔགས་འབྲུ་བཅུ་བཞི་པ་བཟླ། སླར་ཡང་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང་དམ་ཅན་མ་མོ་བཅུ་གཉིས་སོགས་ཕུར་སྲུང་དམ་ཅན་ཚོགས་རྣམས་ལས་ལ་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་རང་རང་གི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས། གཟུགས་ཅན་གྱི་དགྲ་དང་གཟུགས་མེད་ཀྱི་བགེགས་ཁྱད་པར་དུ་ཟབ་ལམ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་ཐལ་བའྀ་རྡུལ་དུ་བརླག་སྟེ་བསྒྲལ་ནས་རང་གཞན་ཐམས་ཅད་འཚིང་བ་གསུམ་གྱི་གནས་ལ་བཀོད་པར་མོས་སྟེ་ལས་སྦྱོར་གྱི་སྔགས་བཟླ་བ་ནི་སྒྲུབ་པ་སྟེ། རྒྱལ་པོའི་ཕོ་ཉ་ལྟ་བུའི་དགོངས་པའོ། །དཔལ་ཆེན་པོའི་སྐུ་ལས་སྐུ་དང་སྔགས་ཕྲེང་ལས་སྔགས་དང་ཐུགས་ལས་ཕྱག་མཚན་དཔག་ཏུ་མེད་པ་ནམ་མཁའ་གང་བར་འཕྲོས། རང་གི་ལུས་ཀྱིས་མཚོན་པའི་སྣང་བ་ཐམས་ཅད་དཔལ་ཆེན་པོའི་སྐུ་སྣང་སྟོང་ཟུང་འཇུག་ཆུ་ཟླ་ལྟ་བུ། ངག་གིས་མཚོན་པའི་བརྟན་གཡོའི་སྒྲ་སྐད་ཐམས་ཅད་དཔལ་ཆེན་པོའི་གསུང་གྲགས་སྟོང་ཟུང་འཇུག་བྲག་ཅ་ལྟ་བུ། ཡིད་ཀྱིས་མཚོན་པའི་རྟོགས་ཚོགས་ཐམས་ཅད་དཔལ་ཆེན་པོའི་ཐུགས་རིག་སྟོང་ཟུང་འཇུག་སྒྱུ་མ་ལྟ་བུར་གྱུར་པར་བསམ། སླར་ཡང་སྐུ་དང་སྔགས་དང་ཕྱག་མཚན་རྣམས་ཚུར་འདུས་རང་ལ་ཐིམ། བྱིན་རླབས་དང་གཟི་བྱིན་མཆོག་ཏུ་འབར་བར་བསམ་པ་ནི་སྒྲུབ་པ་ཆེན་པོ་སྟེ། བུང་བ་ཚང་གཞིག་གི་དགོངས་པའོ། །གསུམ་པ་ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ལ་གསུམ། དང་པོ་ལྷ་སྣང་འོད་གསལ་དུ་བསྡུ་བ་ནི། ཨ་ཨ་ཨ༔ ལྷར་སྣང་རིག་རྩལ་དབྱིངས་སུ་ཐིམ༔ དབྱིངས་རིག་འདུ་འབྲལ་མེད་པའི་ངང་༔ ཅེས་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་སྣོད་བཅུད་ཐམས་ཅད་ལ་ཕོག་རིལ་འཛིན་དང་རྗེས་གཞིག །གང་རུང་གི་སྒོ་ནས་སྣོད་གཞལ་ཡས་ཁང་ནས་ཐུགས་སྲོག་ཧཱུྃ་ཡིག་གི་ན་ད་སུམ་འཁྱོག་གི་རྩེ་མོའི་བར་དུ་ལྷར་སྣང་ཐམས་ཅད་བསྡུ། དེ་ནས་འོད་གསལ་དུ་བཤིག་པའི་སྟོང་ཉིད་དང་རང་གི་རིག་སྟོང་གཉུག་མའི་བབས་གཉིས་དབྱེར་མེད་པའི་ངང་དུ་བཞག་སྟེ། འདས་པའི་རྣམ་རྟོག་གིས་རྗེས་མི་དཔྱད། མ་འོངས་པའི་རྣམ་རྟོག་གིས་མདུན་མི་བསུ། ད་ལྟའི་ཡུལ་ལ་ཤེས་པས་འདི་ཡིན་འདི་མིན་གྱི་རྩིས་གདབ་མི་བྱ་སྟེ། བཞི་ཆ་གསུམ་བྲལ་གྱི་ཆོས་སྐུའི་ངང་དུ་ཅི་གནས་སུ་མཉམ་པར་བཞག་པའོ། །གཉིས་པ་ཟུང་འཇུག་གི་སྐུར་ལྡང་བ་ནི། བདེ་སྟོང་ཟུང་འཇུག་རྟགས་ཀྱི་སྐུ༔ ཕྱག་རྒྱ་ཆེན་པོའི་རོལ་པར་ཤར༔ ཕཊ་ཕཊ་ཕཊ༔ ཅེས་གསུངས་ཏེ། དེ་ནས་སྐད་ཅིག་གིས་ཆུ་ལས་ཉ་ལྡང་བ་བཞིན་དུ། དཔལ་ཆེན་པོའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་གདབ་པའོ། །གསུམ་པ་བསྔོ་སྨོན་དང་ཤིས་བརྗོད་ཀྱི་འཇུག་བསྡུ་བ་ལ། དང་པོ་བསྔོ་སྨོན་ནི། ཧོ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱིས༔ འགྲོ་རྣམས་སྒྲིབ་གཉིས་ཡོངས་དག་ནས༔ ཁ་སྦྱོར་བཞི་ལྡན་དཔལ་ཆེན་པོ༔ རྡོ་རྗེ་གཞོན་ནུ་མྱུར་འགྲུབ་ཤོག༔ ཅེས་གསུངས་ཏེ། རང་གཞན་སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མེད་པ་ནས་བསགས་ཤིང་བསོག་ལ་སོགས་པར་གྱུར་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བྱང་ཆུབ་ཀྱི་རྒྱུར་བསྔོས་པ་ལ་བརྟེན་ནས། འགྲོ་བ་ཐམས་ཅད་ཀྱི་སྒྲིབ་གཉིས་མ་ལུས་པ་ཡོངས་སུ་དག་ནས་མཐར་ཐུག་གི་འབྲས་བུ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་སྐུ་སྣང་སྟོང་ཁ་སྦྱོར། གསུང་གྲགས་སྟོང་ཁ་སྦྱོར། ཐུགས་རིག་སྟོང་ཁ་སྦྱོར། ཡབ་ཡུམ་བདེ་སྟོང་ཁ་སྦྱོར་སྟེ་ཁ་སྦྱོར་བཞི་ལྡན་གྱི་གོ་འཕང་མྱུར་དུ་ཐོབ་པར་ཤོག་ཅིག་ཅེས་པའོ། །འདི་ནས་་་ག༵ཉིས་པ་ཤིས་བརྗོད་ནི། ཨོཾ༔ དབྱིངས་ཀྱི་ངོ་བོ་ཆོས་སྐུ་རྡོ་རྗེ་སེམས༔ རིག་པ་རང་སྣང་བཛྲ་ཀུ་མ་ར༔ དབྱིངས་རིག་ཟུང་འཇུག་རྩ་བརྒྱུད་བླ་མ་ཡིས༔ མཆོག་ཐུན་དགེ་ལེགས་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་གསུངས་ཏེ། གོང་བཤད་ཉམས་ལེན་དེ་དག་ལ་འཇུག་མཐར། དབྱིངས་ཀ་དག་སྟོང་ཆེན་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་ངོ་བོ་སྟོང་ཆ་ཞི་བར་སྣང་བ་ཆོས་སྐུ་རྡོ་རྗེ་སེམས་དཔའ་དང༌། རིག་གདངས་འགགས་པ་མེད་པའི་རང་སྣང་གསལ་བའི་ངོ་བོ་སྒྲིབ་པ་གཞོམས་པའི་ལྡོག་ཆ་ནས་ཁྲོ་བོར་ཤར་བ་ལོངས་སྐུ་བཛྲ་ཀུ་མཱ་ར་སྟེ་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༌། དེ་ལྟ་བུའི་དབྱིངས་རིག་གསལ་སྟོང་ཟུང་འཇུག་གི་རང་རྩལ་སྣ་ཚོགས་སུ་ཤར་བ་སྤྲུལ་པའི་སྐུ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱིས་མཚོན་ཕྱོགས་བཅུ་དུས་བཞིའི་རབ་འབྱམས་རྩ་བ་གསུམ་གྱི་ལྷ་ཚོགས་མཁའ་ཁྱབ་ཏུ་སད་པ་རྣམས་ཀྱིས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཀྱིས་མཚོན་པའི་དགེ་བའི་ལེགས་ཚོགས་ཐམས་ཅད་གོང་ནས་གོང་དུ་སྤེལ་ཤིང་མྱུར་དུ་འགྲུབ་པའི་ཆེད་དུ། བཀྲ་ཤིས་པའི་བདེན་ཚིག་བརྗོད། རྡོ་རྗེའི་གླུ་དབྱངས་ལེན། མེ་ཏོག་མནྡ་ར་བའི་ཆར་ཆེན་པོ་འབེབས་པར་བསམ་ལ། རང་ཉིད་ཀྱིས་ཀྱང་ཤིས་པ་བརྗོད་ཅིང་དབྱངས་རོལ་མེ་ཏོག་འཐོར་བ་སོགས་ཀྱིས་ཕྱོགས་དུས་གནས་སྐབས་ཀུན་ཏུ་མི་མཐུན་པའམ་མི་ཤིས་པའི་མཚན་མ་མིང་ཙང་ཡང་མེད་པར་བསམ་དོན་ཐམས་ཅད་ཆོས་བཞིན་འགྲུབ་པའི་དགེ་མཚན་གོང་འཕེལ་དུ་སྤེལ་བར་བྱའོ། །གཉིས་པ་རྫོགས་པའི་རིམ་པ་ལ་གཉིས་ཏེ་མཚན་བཅས་ཀྱི་རྫོགས་རིམ་དང༌། མཚན་མེད་ཀྱི་རྫོགས་རིམ་མོ། །དང་པོ་ལ་གཉིས་ཏེ་གསང་དབང་གི་ཉམས་ལེན་རླུང་དང་གཏུམ་མོའི་ལམ། ཤེར་དབང་གི་ཉམས་ལེན་གཞན་ལུས་ཕོ་ཉའི་ལམ་མོ། དང་པོ་ལ་གསུམ། རྣམ་བཞག་སྤྱིར་བསྟན་པ་དང༌། མན་ངག་བྱེ་བྲག་ཏུ་བཤད་པ། དོན་བསྡུ་བའི་སྒོ་ནས་འབྲས་བུ་བསྟན་པའོ། །དང་པོ་ནི། ཞེན་པའི་རྟ་ནི་རླུང་ཡིན་ཏེ༔ ལྔ་ཡི་བདག་ཉིད་བཅུ་མིང་ཅན༔ སྲིད་པ་བསྐྱེད་དང་གནས་པ་དང་༔ སྡུད་པའི་ལས་ཀུན་དེ་ཡིས་བྱེད༔ ཅེས་གསུངས་ཏེ། སྤྱིར་ནང་ལུས་ཅན་རྣམས་ཀྱི་ངག་དང༌། ཕྱི་རོལ་དུ་དབུགས་སྲང་ཆུ་ཚོད་ཞག་སོགས་དུས་ཀྱི་འཆར་གཞི་དོན་དམ་ཡེ་ཤེས་ཀྱི་རླུང་ངམ་སྲོག་ཆེན་པོའི་རླུང་ཞེས་བྱ་ཞིང༌། དེ་ནི་རླུང་ཐམས་ཅད་ཀྱི་ཁྱབ་བྱེད་ཆོས་ཉིད་གཞིའི་རླུང་ཡིན་ལ། དེ་ངོ་མ་ཤེས་པའི་དབང་གིས་ཡུལ་ལ་ཞེན་པའི་རྣམ་རྟོག་སྐྱེས་བུ་འཕྱེའོ་འདྲ་བ་དེ་གཡོ་ཞིང་བསྐྱོད་པར་བྱེད་པའི་རྟ་རྒོད་ལོང་བ་ལྟ་བུ་ནི་ལས་ཀྱི་རླུང་ཡིན་ཏེ། དེ་ལ་དབྱེ་ན་སྤྱིར་འབྱུང་བ་ལྔ་ཡི་བདག་ཉིད་ཀྱི་ས་ཆུ་མེ་རླུང་ནམ་མཁའི་རང་བཞིན་གྱི་རླུང་ལྔ་དང༌། བཅུ་མིང་ཅན་ཞེས་འབྱུང་ལྔའི་རླུང་དེ་ལ་དབྱེ་ན་སྲོག་འཛིན། གྱེན་རྒྱུ། ཁྱབ་བྱེད། མེ་མཉམ། ཐུར་སེལ་ཏེ་རྩ་བའི་རླུང་ལྔ་དང༌། རྒྱུ་བ། རྣམ་པར་རྒྱུ་བ། ཡང་དག་པར་རྒྱུ་བ། རབ་ཏུ་རྒྱུ་བ། ངེས་པར་རྒྱུ་བ་སྟེ་ཡན་ལག་གི་རླུང་ལྔ་བཅས་བཅུ་དང༌།་་་ཡིད་བཞིན་མཛོད་ཁྲིད་ལས། མིག་སོགས་དབང་པོ་ལྔར་རྒྱུ་བ་ལ་ཡན་ལག་གི་རླུང་ལྔར་གསུངས་ཏེ་དོན་གཅིག །བྱེ་བྲག་ཏུ་སྣར་རྒྱུ་བའི་རླུང་ལ་ཉིན་ཞག་ཕྲུགས་རེ་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བར་གསུངས། དེ་དག་ལས་སྣ་སྒོར་རྒྱུ་བ་དང་གཡོ་ཞིང་བསྒུལ་བསྐྱོད་བྱེད་པའི་རླུང་ནི་རགས་པ། ལུས་ནང་དུ་གནས་ནས་མི་གཡོ་ཞིང་འཁོར་བའི་རང་བཞིན་འབྱུང་ལྔའི་རླུང་དང༌། རྣམ་འགྱུར་གྱི་རླུང་བཅུ་དང་རྟོག་པ་སྣ་ཚོགས་གཡོ་བའི་གཞོན་པའི་རླུང་རྣམས་འབྲིང་པོ། སྣང་བཞིའི་གཞོན་པར་གྱུར་པའི་རླུང་རྣམས་ཕྲ་བའོ། །བྱེད་ལས་ནི་་་་བར་ཞལ་གསབ། དེ༵་ལྟ་བུའི་མ་དག་པའམ་སྙིགས་མའི་རླུང་དེ་ཉིད་ཀྱིས་སྲིད་པར་སྐྱེ་གནས་བསྡུད་པའི་ལས་ཐམས་ཅད་བྱེད་པ་ཡིན་ཏེ། ནང་རང་གི་ལུས་དང་པོ་མའི་མངལ་དུ་སྐྱེད་པ་དང༌། བར་དུ་ལུས་སེམས་ཚོགས་པ་ཟུང་དུ་འཇུག་ནས་གནས་པ་དང༌། ཐ་མ་ས་ཆུ་མེ་རླུང་སོགས་འབྱུང་བའི་ཐིམ་རིམ་གྱིས་འཇིག་པ་དང༌། ཕྱི་ཁམས་གསུམ་པོ་ཐམས་ཅད་དང་པོ་སྐྱེ་བ་དང༌། བར་དུ་གནས་པ་དང༌། ཐ་མ་མེ་བདུན་ཆུ་སོགས་ཀྱིས་འཇིག་པར་བྱེད་པའོ། །གཉིས་པ་ནི། ལམ་དུ་བྱ་ཕྱིར་རླུང་རོ་བསལ༔ ལུས་གནད་བཅའ་ཞིང་འཇུག་གནས་ལྡང་༔ རྡོ་རྗེ་འབྲུ་གསུམ་མི་ཤིགས་པའི༔ བཟླས་པ་ཡང་ནས་ཡང་དུ་བྱ༔ རྒྱུ་བ་གསལ་བའི་ཚད་བྱུང་ན༔ ཁ་སྦྱོར་ཆོ་གས་དབུ་མར་གཞུག༔ ཅེས་གསུངས་ཏེ། དེ་ལྟར་རྣམ་ཤེས་མི་དང༌། རླུང་གཞོན་པ་ལྟ་བུ་དེ་བྱེད་པས་འཆིང་ནས་ལམ་དུ་བྱ་བ་ལ་གསུམ། སྦྱོར་བ་སྟོང་ར་གསལ་གདབ་པ་དང༌། དངོས་གཞི་རླུང་དང་གཏུམ་མོ་སྒོམ་པ་གཉིས། དང་པོ་ལ་གསུམ་ལས། དང་པོ་ལུས་ཀྱི་སྟོང་ར་ནི། པདྨ་ཉི་མ་དྲེག་པ་ཕོ་མོའི་གདན་གྱི་སྟེང་དུ་རང་ཉིད་སྐད་ཅིག་གིས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག །ཞལ་གཅིག་ཕྱག་གཉིས་པ། ཕྱག་གཉིས་ན་ཕུར་བུ་འདྲིལ་བ་གར་དགུའི་གཟི་བྱིན་མཆོག་ཏུ་འབར་བ། དཔལ་དང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་པ་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་དྭངས་ཤིང་གསལ་ལ་རྙོག་པ་དང་བྲལ་བ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་སྒོམ་མོ། །གཉིས་པ་རྩ་ཡི་སྟོང་ར་ནི། རང་གི་ལུས་ཀྱི་དབུས་སུ་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་དེ་ཡང་ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། པདྨའི་འདབ་མ་ལྟར་སྲབ་པ། རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་དམར་བ། ཏིལ་མར་གྱི་མར་མེ་ལྟར་གསལ་བ་སྟེ་མཚན་ཉིད་བཞི་ལྡན། ཡར་སྣེ་སྤྱི་བོའི་བར་ཐ་ལེར་ཟུག་པ། མར་སྣེ་ལྟེ་འོག་བར་དུ་སོང་ཞིང་ཁ་དོང་ངེ་བའི་རྣམ་པར་ཡོད་པ། གཡས་སུ་རོ་མ་དཀར་མོ་ཁུ་བས་གཤེར་བག་ཆགས་པའི་རྣམ་པ། གཡོན་དུ་རྐྱང་མ་དམར་མོ་རྡུལ་གྱིས་གཤེར་བག་ཆགས་པའི་རྣམ་པ་ཅན་ཡར་སྣེ་ལྟག་པའི་སྤུ་འཁྱིལ་ཐད་ནས་གུག་སྟེ་སྣ་བུག་གཡས་གཡོན་ནས་ཟུག་པ་མར་སྣེ་ལྟེ་འོག་ནས་དབུ་མའི་ནང་དུ་ཡི་གེ་ཆ་ཡི་འཕོང་ལྟ་བུ་ཡར་ཆུད་པ་སྟོང་སང་ངེ་བའི་རྣམ་པ་གསལ་གདབ་པའོ། །གསུམ་པ་རླུང་གི་སྟོང་ར་ནི། ལུས་ཆོས་བདུན་ཁུ་ཚུར་བརླ་བཞག་དང་བཅས་པ་བྱས་ནས། རླུང་རོ་གཡོན་ནས་ལན་གསུམ། གཡས་ནས་ལན་གསུམ། དབུས་ནས་ལན་གསུམ་བུས་ལ་ནད་གདོན་སྡིག་སྒྲིབ་སྤྱི་དང་ཁྱད་པར་དུ་ལམ་སྒོམ་པའི་གེགས་སུ་གྱུར་པ་ཐམས་ཅད་དུད་ཁུང་ནས་དུ་བ་ཡལ་བ་ལྟར་སོར་བཅུ་དྲུག་ཙམ་གྱིས་སོང་ནས་འོད་གསལ་སྟོང་ཉིད་ཀྱི་ངང་དུ་ཡལ་བར་བསམ་མོ། །གཉིས་པ་ལ་གཉིས། ཁྱབ་བྱེད་རླུང་གི་རྣལ་འབྱོར་དང༌། ཁྱབ་བྱ་གཏུམ་མོའི་རྣལ་འབྱོར་གཉིས། དང་པོ་ལ་གཉིས། ཕ་རྒྱུད་ཀྱི་རླུང་སྦྱོར་རྡོ་རྗེའི་བཟླས་པ་དང༌། མ་རྒྱུད་ཀྱི་རླུང་སྦྱོར་བུམ་པ་ཅན་གཉིས། དང་པོ་ནི། རླུང་སྔགས་དབྱེར་མེད་པ་མི་ཤིགས་པའི་རྡོར་བཟླས་ནི། ཆེད་དུ་མ་བཅོས་པ་རླུང་སྣ་བུག་གཉིས་ནས་རོ་རྐྱང་གི་ལམ་ནས་ཚུར་ནང་དུ་འཇུག་པ་ཨོཾ་དང༌། རླུང་དབུ་མར་གནས་པ་ཨཱཿདང༌། རོ་རྐྱང་གཉིས་ཀྱི་ལམ་ནས་ཕྱིར་རྒྱུ་བ་ཧཱུྃ་སྟེ་འབྲུ་གསུམ་གྱིས་གདངས་སུ་མོས་པའི་ངང་དུ་བཟླས་པ་ཡང་ནས་ཡང་དུ་བྱ་སྟེ། རྡོར་བཟླས་གྲུབ་པའི་ཚད་འབྱུང་ལྔ་རླུང་གི་ཁ་དོག་རྒྱུ་བ་གསལ་བའི་ཚད། རབ་མིག་ཤེས་ཀྱི་བལྟར་རུང་བ། འབྲིང་ཉམས་དང༌། ཐ་མ་ཡིད་ངོར་བྱུང་བ་ན་བུམ་ཅན་གྱི་སྦྱོར་བ་ལ་འཇུག་པར་བྱའོ། །གཉིས་པ་བུམ་པ་ཅན་གྱི་སྦྱོར་བ་སྟེང་རླུང་སྲོག་དང་འོག་རླུང་རྩོལ་བ་གཉིས་ལྟེ་འོག་ཁ་སྦྱོར་གྱི་ཆོ་གས་ལས་རླུང་དབུ་མའི་དབྱིངས་སུ་གཞུག་པར་བྱ་སྟེ། རྩགསུམ་སྔར་བཞིན་གསལ་བཏབ། དུག་གསུམ་སྐྱོན་དང་འདྲེས་པའི་རླུང་རོ་སུམ་ཕྲུགས་སམ་དགུ་ཕྲུགས་སུ་འབུད། དེ་ལ་སྦྱོར་བ་བཞི་ལྡན་གྱི་མན་ངག་སྟེ། དང་པོ་རྔུབ་པའི་མན་ངག་ནི། སྐྱོན་མེད་འབྱུང་ལྔའི་དྭངས་མའི་རླུང་སྣ་བུག་གཉིས་ནས་བ་སྤུ་མི་འགུལ་ཙམ་དུ་རྔུབ། འོག་རླུང་གྱེན་དུ་འཐེན། གཉིས་པ་དགང་པའི་མན་ངག་ནི། དེ་ལྟར་སྟེང་འོག་གི་རླུང་གཉིས་ལྟེ་འོག་གི་དབུ་མར་ཁ་སྦྱོར་དུ་བུམ་པ་ལྟར་དགང༌། གསུམ་པ་གཞིལ་བའི་མན་ངག །མི་ནོན་ན་གཡས་གཡོན་དང་ཕྱི་ནང་དུ་གཞིལ། བ་སྤུའི་བུ་ག་ཐམས་ཅད་ནས་རླུང་རོ་ཕྱུར་ཕྱུར་འགྲོ་བར་མོས། བཞི་པ་འཕེན་པའི་མན་ངག །མི་ཐུབ་རྩ་ན་མདའ་ལྟར་རླུང་ལྷག་མ་མེད་པ་འཕེན་པ་སྟཻ་དེ་ལྟར་སྦྱོར་བ་བཞི་ལྡན་གྱི་ཁ་སྦྱོར་གྱི་ཆོ་གས་ལས་རླུང་ཐམས་ཅད་དབུ་མའི་དབྱིངས་སུ་གཞུག་སྟེ་བུམ་ཅན་རབ་འབྲིང་ཐ་མའི་ཚད་མ་གྲུབ་བར་དུ་བསླབ་པའོ། | |||
།གཉིས་པ་ཁྱབ་བྱ་གཏུམ་མོའི་རྣལ་འབྱོར་ལ་གསུམ། དང་པོ་རླུང་གི་གཏུམ་མོ་ནི། རྩ་གསུམ་སྔར་བཞིན་གསལ་བཏབ་ལ། སྤྱི་བོའི་འཁོར་ལོ་རྩ་འདབ་སོ་གཉིས་དམར་ལ་དཀར་བའི་མདངས་ཆགས་པ་གདུགས་ཀྱྀ་རྩིབས་མ་ལྟར་ཁ་ཅུང་ཟད་ཐུར་བསྟན་གྱི་རྣམ་པ་ཅན། མགྲིན་པར་བཅུ་དྲུག་ཤིན་ཏུ་དམར་བའི་རྣམ་པ་ཅུང་ཟད་གྱེན་བསྟན་ཅན། དེ་བཞིན་སྙིང་ཁར་བརྒྱད་དམར་ལ་སེར་བའི་རྣམ་པ་ཅན་ཅུང་ཟད་ཐུར་དུ་བསྟན་པ། ལྟེ་བར་དྲུག་ཅུ་རྩ་བཞི་དམར་ལ་ལྗང་བའི་རྣམ་པ་ཅན་ཅུང་ཟད་གྱེན་དུ་བསྟན་པ་ཐམས་ཅད་རྩ་ཡི་གནས་ཚུལ་ལྟར་དང་འཁོར་ལོ་བཞིའི་ཐད་དུ་རྩ་གསུམ་སྦུབས་གཅིག་ཏུ་འདྲེས་པ་གསལ་གདབ། སྤྱི་བོའི་འཁོར་ལོའི་སྟེང་དུ་ངོ་བོ་ཕ་ལས་ཐོབ་པའི་ཁམས་གཉིས་དྭངས་སུམ་དྭངས་ཀྱི་དྭངས་མ་རྣམ་པ་ཧྃ་ཡིག་དཀར་པོ་མགོ་ཐུར་བསྟན་གྱི་རྣམ་པ་ཅན་དང༌། བྱེད་ལས་དྲན་པ་ཙམ་གྱིས་བདེ་བ་ཆེན་པོའི་ཡེ་ཤེས་བསྐྱེད་ནུས་པ་ཅན་གསལ་གདབ་པའོ། །ལྟེ་བའི་འོག་ཏུ་མ་ལས་ཐོབ་པའི་རཀྟ་གཉིས་དྭངས་སུམ་དྭངས་ཀྱི་དྭངས་མ། རྣམ་པ་ཨ་ཐུང་སྐྱེར་ཚེར་རམ་ཤད་ཀྱི་རྣམ་པ་ཅན་རྩ་བ་ཕྲ་བ་གྱེན་དུ་བསྟན་པ། གདེང་ཁ་ཆེ་བ་ཐུར་དུ་བསྟན་པ་མེ་འབར་ལ་ཁད་པ་ཞིག་དང༌། བྱེད་ལས་དྲན་པ་ཙམ་གྱིས་བདེ་བ་ཆེན་པོ་བསྐྱེད་ནུས་པ་ཞིག་བསམ། དེ་ནས་སྔར་ལྟར་སྦྱོར་བ་བཞི་ལྡན་གྱི་བུམ་པ་ཅན་གྱི་རླུང་རྔུབ་པ་ན་རོ་རྐྱང་གཉིས་ནས་དབུ་མའི་ནང་དུ་སོང་ཨ་ཐུང་ལ་རེག་པ་ཙམ་གྱིས་མེ་ལྷབ་ཀྱིས་འབར། དང་པོ་ལྟེ་བའི་རྩ་འཁོར་གྱི་ལྟེ་བ་གང་དེ་ནས་རིམ་པར་རྩ་འདབ་བརྒྱད་དང་བཅུ་དྲུག་ནས་རེ་བཞིའི་བར་རྩ་འཁོར་ཐམས་ཅད་གང༌། རྩའི་རྩེ་མོ་ཐམས་ཅད་ན་མེ་ལྕེ་ཐམས་ཅད་དམར་ཕྲེང་ཕྲེང་ཡོད་པར་བསམ། དེ་ལ་བརྟན་པ་ཐོབ་ན་སྙིང་ག་དང་མགྲིན་པ་དང༌། སྤྱི་བོའི་རྩ་འཁོར་ཐམས་ཅད་གང་བར་བསམ། དེ་ནས་ཕྱི་ནང་ཐམས་ཅད་མེས་ཁྱབ་རང་ཉིད་དཔལ་རྡོ་རྗེ་གཞོན་ནུ་གསལ་བའི་སྐུ་ལས་ལྕགས་གོང་མེས་བསྲེག་པ་ལྟར་མཐིང་ལ་དམར་བའི་རྣམ་པར་གྱུར་པར་མོས། དེ་ནས་མེ་ལྕེས་སྣོད་བཅུད་ཐམས་ཅད་ལ་ཁྱབ། མཐར་མེ་ཐམས་ཅད་ཚུར་འདུས་ནས་ལྟེ་བའི་ཨ་ཤད་ལ་ཐིམ་པས། དེ་ཉིད་སྣོད་བཅུད་ཐམས་ཅད་ཀྱི་སྙིང་པོར་གྱུར་པར་བསམ་མོ། །གཉིས་པ་མེའི་གཏུམ་མོ་ནི། དེ་ནས་སྤྱི་བོའི་རྩ་འཁོར་ནས་མེ་ལྕེ་གློག་གི་ཟེགས་མ་ལྟ་བུ་ཞིག་ཡར་སོང༌། ཧྃ་ཡིག་ལ་ཕོག་པ་ཙམ་གྱི་བདེ་བ་ཆེན་པོའི་གཟི་བྱིན་སྔོན་ལས་ཀྱང་ཁྱད་པར་དུ་གྱུར་པར་བསམ། ན་དཱའི་རྩེ་ནས་སྟོང་སྐུད་ཀྱི་བ་ཐག་ལྟ་བུའི་བྱང་སེམས་ཞུ་ནས་སྤྱི་བོའི་རྩ་གནས་ཐམས་ཅད་གང་མེ་ཐམས་ཅད་རིམ་པ་བཞིན་དུ་མར་དེད། རིམ་པ་བཞིན་དུ་ལྟེ་བའི་རྩ་འཁོར་གྱི་བར་དུ་གང་བ་ལ་བརྟེན་ནས་དགའ་བཞིའི་ཡེ་ཤེས་མྱོང་བ་དང༌། དབང་བཞི་ཐོབ། སྒྲིབ་བཞི་དག་པར་བསམ། རྩ་སོ་སོའི་རྩེ་མོར་བྱང་སེམས་ཀྱི་བདུད་རྩི་ཟིལ་པ་ཁྲོམ་ཁྲོམ་ཡོད་པར་བསམ། དེ་ནས་ཨ་ཤད་ལ་ཕོག་པ་ཙམ་གྱིས་མེ་ལ་སྣུམ་ཁུ་བླུག་པ་བཞིན་སྔར་ལས་ཀྱང་མེ་ཆེར་འབར་མེ་ཡར་འབར་བ་དང་བདུད་རྩི་ཡར་དད་ཁམས་སྙིགས་མ་ཐམས་ཅད་བསྲེག །དྭངས་མ་དངུལ་ཆུ་ལྟ་བུས་རྩ་ཁམས་ཐམས་ཅད་ལ་ཁྱབ། ཡུལ་བདེ་བས་དྲངས་པའི་ཡུལ་ཅན་བདེ་སྟོང་དབྱེར་མེད་ཀྱི་ངང་དུ་དུས་གསུམ་གྱི་རྟོག་པས་མ་བསླད་པར་མཉམ་པར་བཞག་པར་བྱའོ། །གསུམ་པ་མི་རྟོག་པའི་གཏུམ་མོ་ནི། དེ་ལྟར་ཡུལ་ཅན་བདེ་བ་ཆེན་པོ་དང་ཡུལ་སྟོང་པ་ཉིད་དབྱེར་མེད་པའི་ངང་དུ་འདས་མ་འོངས་ད་ལྟ་དུས་གསུམ་གྱི་རྣམ་རྟོག་ཐམས་ཅད་རང་འགགས་ཀྱི་ངང་ལ་བཞག་པར་བྱ་སྟེ། དེ་ལྟར་ཉམས་སུ་བླང་བའི་ལག་རྗེས་ཚོགས་དྲུག་གི་སྣང་བ་ཐམས་ཅད་བདེ་བར་ཤར་བ་དང༌། འཇིག་རྟེན་ཆོས་བརྒྱད་ཀྱི་རྟོག་པས་མི་བརྫི་བའི་ཚེ་ན་སྦྱོར་ལམ་དྲོད་སོགས་ཐོབ་པའི་སྤྱོད་པ་སྤྱད་པ་ཡིན་ནོ། །གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཉམས་ལེན་གཞན་ལུས་ཕོ་ཉའི་ལམ་ནི། བཞིན་ལེགས་ཚུལ་བཟང་དམ་ཚིག་ཅན༔ རིགས་ཅན་ལྔ་སོགས་བརྟག་ཅིང་དགུག༔ དྲང་ངེས་ཆོས་བཤད་ཟབ་དབང་བསྐུར༔ ཁམས་ཀྱི་བཅུད་བསྐྱེད་ལས་རུང་ཚེ༔ བལྟ་དགོད་ལག་སྦྲེལ་གསང་རྩ་ཕྲད༔ རེ་རེ་ལ་ཡང་བདེ་བ་སྤེལ༔ ངོས་བཟུང་ཀ་དག་ངང་དུ་བཞག༔ དལ་བུས་བསྲུབ་ཅིང་བདེ་བ་དབབ༔ ནོར་བུའི་རྩེ་ནས་རླུང་གིས་དྲངས༔ གནས་སུ་ལྡོག་ཅིང་ཁྱབ་པར་དགྲམ༔ འཁྲུལ་འཁོར་བྱ་ཞིང་དོན་ལ་བལྟ༔ ཞེས་གསུངས་ཏེ། དང་པོ་རིག་མ་བསྟེན་ཅིང་དགུག་པ་བསྙེན་པའི་ཡན་ལག་ནི། མཚན་ལྡན་གྱི་བུད་མེད་བཞིན་ལེགས་པ་དང་ཚུལ་བཟང་བ་དམ་ཚིག་ཅན་གྱི་ཕྱག་རྒྱ་པདྨ་ཅན་དང༌། རི་མོ་ཅན་དང༌། དུང་ཅན་མ་དང༌། གླང་སྣ་ཅན་དང༌། རི་དྭགས་ཅན་ཏེ་རིགས་ཅན་ལྔ་པོ་ལེགས་པར་བརྟག་ནས། རྫས་སྔགས་དམིགས་པ་གསུམ་གྱིས་དགུག་པར་བྱས་ལ། དང་པོ་དྲང་བའི་དོན་གྱི་ཆོས་བཤད་ནས་འཁོར་བ་སྡུག་བསྔལ་གྱི་མེའི་ཕུང་པོ་ལྟ་བུར་རིག་པར་བྱ་བ་དང་བྱང་ཆུབ་སེམས་ཀྱིས་རྒྱུད་གང་བར་བྱ་བ་སོགས་ཐུན་མོང་གི་ཆོས་ཀྱིས་བློ་རྒྱུད་ལེགས་པར་སྦྱང༌། དེ་ནས་ངེས་པའི་དོན་སྔགས་ཀྱི་དཀྱིལ་འཁོར་དུ་གཞུག་ལ་དབང་གིས་རྒྱུད་སྨིན་ཅིང་དམ་ཚིག་རྣམ་པར་དག་པར་བྱས་ནས་རང་དང་རྟོགས་པ་མཉམ་པའམ་ཅུང་ཟད་དམན་པའང་རུང་མོད། ཁྲུས་བྱ་བ་དང་རྒྱན་གྱིས་སྤྲས་པ་དང་བསྐུ་མཉེ་དང༌། ཤ་ཆང་སོགས་ཟས་བཅུད་ཅན་གྱིས་ཁམས་ཀྱི་བཅུད་བསྐྱེད་པར་བྱ་བ་བཅས་སོ། །གཉིས་པ་སྦྱོར་བ་ཉེ་བསྙེན་གྱི་ཡན་ལག་ནི། ཡབ་ཡུམ་བདེ་བའི་སྟན་ལ་འཁོད་དེ། ཐོག་མར་མིག་གིས་གཟུགས་ལ་བལྟ་ཞིང་དགོད་པ་ལག་པ་སྦྲེལ་བ་སོགས་ལ་བསླབ། དེ་ནས་ཡབ་ཡུམ་ལྷ་ཡི་འདུ་ཤེས་དང༌། མཁའ་གསང་རྡོ་རྗེ་དང་པདྨར་བྱིན་གྱིས་བརླབ་པ་སྔགས་ཀྱི་འདུ་ཤེས་དང༌། སྒྲུབ་པའི་ཐབས་འདི་ལ་བརྟེན་ནས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ལམ་གྱི་འདུ་ཤེས་ཏེ། འདུ་ཤེས་གསུམ་གྱི་སྒོ་ནས་གསང་རྩ་སྤྲད་པ་སོགས་རེ་རེ་ལའང་བདེ་བ་ངོས་བཟུང་སྟེ་རིག་སྟོང་ཀ་དག་གི་ངང་དུ་བཞག་པའོ། །གསུམ་པ་ཡས་བབས་སྒྲུབ་པའི་ཡན་ལག་ནི། དལ་བུས་བསྲུབ་པའི་སྦྱོར་ཐབས་ཀྱིས་ཐིག་ལེ་སྤྱི་བོ་ནས་འཁོར་ལོ་བཞི་རིམ་གྱིས་དབབ་ཏེ་ཡས་བརྟན་གྱི་དགའ་བཞིའི་ཡེ་ཤེས་སྐྱེས་པ་ལ་རང་ངོར་བལྟ། བཞི་པ་མས་བརྟན་སྒྲུབ་ཆེན་གྱི་ཡན་ལག་ནི། དེ་ནས་རྡོ་རྗེ་ནོར་བུའི་རྩེ་མོ་ནས་རླུང་འཕོ་བ་མེད་པའི་སྟོབས་ཀྱིས་གྱེན་དུ་དྲངས་ནས་རྩ་གནས་ཐམས་ཅད་ལ་ཁྱབ་པར་དགྲམ། མས་བརྟན་གྱི་དགའ་བཞི་ཉམས་སུ་མྱོང༌། དེ་ལྟར་དབབ་ལ་མཁས་པ་རུ་སྦལ་གྱི་ནུར་འགྲོས་ལྟ་བུ། བཟུང་ལ་མཁས་པ་རྫ་སྣོད་ཐེམ་བུའི་བཀག་པ་ལྟ་བུ། ལྡོག་ལ་མཁས་པ་སྐྱེན་པོས་མདའ་འཕེན་པ་ལྟ་བུ། འགྲེམས་ལ་མཁས་པ་ཡུར་བ་ལ་ཆུ་དྲངས་པ་ལྟ་བུས་ལུས་གནས་ཐམས་ཅད་ལ་ཁྱབ་པར་དགྲམ། དེ་ལྟར་ཐིག་ལེ་གྱེན་དུ་དྲངས་པའི་ཐབས་སྟག་མོ་རྒྱུག་སྟངས་སོགས་དུད་འགྲོའི་བགྱུ་བ་བཞིའི་འཁྲུལ་འཁོར་བྱ་སྟེ། བདེ་སྟོང་གཉིས་མེད་ཀྱི་གནས་ལུགས་ཀྱི་དོན་ལ་ཡུན་རིང་བལྟ་བར་བྱའོ། །གསུམ་པ་དོན་བསྡུ་བའི་སྒོ་ནས་འབྲས་བུ་བསྟན་པ་ནི། ཨེ་ཡིག་འཁོར་ལོ་རྒྱས་འདེབས་དབྱིངས༔ ཝྃ་ཡིག་རྡོ་རྗེ་གཞོན་ནུའི་རྒྱུད༔ རེག་བྱའི་དགའ་བ་ཉམས་སུ་མྱོང་༔ ཧེ་རུ་ཀ་དཔལ་མངོན་དུ་འགྱུར༔ ཞེས་གསུངས་ཏེ། ཨེ་ཡིག་སྟེ་ཡུམ་འཁོར་ལོ་རྒྱས་འདེབས་མའི་མཁའ་དབྱིངས་དང༌། ཝྃ་ཡིག་སྟེ་ཡབ་རྡོ་རྗེ་གཞོན་ནུའི་རྡོ་རྗེ་ནོར་བུའི་རེག་བྱའི་དགའ་བ་ཉམས་སུ་མྱོང་བ་ལ་བརྟེན་ནས་མཚོན་བྱེད་དཔེ་ཡི་ཡེ་ཤེས་དང༌། དེ་ལ་བརྟེན་ནས་མཚོན་བྱ་དོན་གྱི་ཡེ་ཤེས་སློབ་པའི་འོད་གསལ་ཟུང་འཇུག་གི་ངོ་བོ་མངོན་དུ་གྱུར་ཏེ། དེ་ལ་རིམ་བཞིན་གོམས་པས་མཐར་ཐུག་མི་སློབ་པའི་གོ་འཕང་མངོན་དུ་གྱུར་ནས། ཡུལ་ཅན་འགྱུར་མེད་ཀྱི་བདེ་ཆེན་དང་ཡུལ་སྟོང་པ་ཉིད་གཉིས་སུ་མེད་པའི་ངོ་བོ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་རང་བཞིན་འོད་གསལ་བཞི་པོ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དང་སྐུ་གསུམ་དབྱེར་མེད་ཡེ་ཤེས་རྡོ་རྗེའི་བདག་ཉིད་མངོན་དུ་འགྱུར་བ་ཡིན་ནོ། །གཉིས་པ་མཚན་མེད་ཀྱི་རྫོགས་རིམ་ནི། ནམ་མཁའ་ལྟ་བུའི་གང་ཟག་གིས། རིག་པ་ཡེ་ཤེས་ཀྱི་ཕུར་བུ་ཡུལ་གཟུང་འཛིན་གཉིས་ལ་བཏབ་ནས་ཆོས་ཀྱི་དབྱིངས་དང་དབྱེར་མེད་དུ་བསྲེ་བ་ཡིན་ཏེ། ནམ་མཁའ་ལྟ་བུ་ཞེས་པ་ནི། ཆོས་ཐམས་ཅད་མཉམ་ཉིད་བླང་དོར་མེད་པ་ཁོང་དུ་ཆུད་ནུས་པའི་ཟག་ཡིན་ལ། རིག་པ་ནི་དབྱིངས་སྟོང་པ་ཉིད་དང༌། དེའི་གདངས་མ་འགགས་པའི་ཡེ་ཤེས་ལ་རིག་པ་ཡེ་ཤེས་ཀྱི་ཕུར་བུ་ཞེས་པ་དང༌། དེ་གཟུང་འཛིན་གྱི་སྣང་བ་ལ་བཏབ་ནས་ཆོས་ཀྱི་དབྱིངས་དང་དབྱེར་མེད་དུ་བསྲེ་བ་ནི་དེའི་ལག་རྗེས་ཡིན་ཏེ། དེ་ལ་གསུམ་རྣམ་བཞག་སྤྱིར་བསྟན་པ། མན་ངག་བྱེ་བྲག་ཏུ་བཤད་པ། འབྲས་བུ་སྒྲུབ་ཚུལ་གྱིས་མཇུག་བསྡུ་བའོ། | |||
།དང་པོ་ནི། རིག་པ་ཡེ་ཤེས་ཕུར་བུ་ནི༔ ཆོས་ཀྱི་དབྱིངས་ལ་བཏབ་ཅིང་བསྲེ༔ ཡུལ་དང་ཡུལ་ཅན་རོ་མཉམ་ན༔ ཟུང་འཇུག་མཐར་ཐུག་བླ་ན་མེད༔ ཅེས་གསུངས་ཏེ། འདི་ནས་་་གཙོ་བོ་ཁྲེགས་ཆོད་ལ་སྦྱར་ན་གདབ་བྱེད་སེམས་ཀྱི་ངོ་བོའམ་དྭངས་མ་གདོད་ནས་འཁྲུལ་མ་མྱོང་བའི་རིག་པ་ཡེ་ཤེས་ཀྱི་ཕུར་བུ་ནི། གདབ་ཡུལ་ཡོད་མེད་ལ་སོགས་པའི་གཟུང་འཛིན་གྱི་སྤྲོས་མཚན་ཐམས་ཅད་ཉེ་བར་ཞི་བའི་ཆོས་ཀྱི་དབྱིངས་ལ། བཏབ་ཚུལ། ཆོས་ཉིད་སྤྲོས་དང་བྲལ་བ་ལ། །ཤེས་པའང་སྤྲོས་དང་བྲལ་བར་བཞག །ཞེས་པ་ལྟར་ཡུལ་ལ་དེར་འཛིན་མེད་པར་དབྱིངས་རིག་བསྲེས་ཏེ་ཐད་ཀར་སྤྲོ་བསྡུ་བྲལ་བར་བཞག་པ་ལས།གདབ་པའི་འབྲས་བུ། ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པ་ལྟར་ཡུལ་དང་ཡུལ་ཅན་གྱིས་བསྡུས་པའི་གཉིས་ཆོས་མཚན་མའི་སྤྲོས་པ་ཐམས་ཅད་གཉིས་མེད་རིག་པའི་ཀློང་དུ་ནུབ་ཏེ་འཁོར་འདས་སྣང་སྲིད་ཐམས་ཅད་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་དུ་རོ་མཉམ་པ་ན། དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་མཐར་ཐུག་གི་གོ་འཕང་བླ་ན་མེད་པ་འགྲུབ་པ་ཡིན་ནོ་ཞེས་པའོ།་་་བར་གསབ། །ཐོད་རྒལ་ལ་སྦྱར་ནས་བཤད་ན། ཐོག་མར་གཞི་ཀ་དག་དང་ལྷུན་འགྲུབ་ཟུང་འཇུག་གི་དོན་གཏན་ལ་ཕབ་ནས་རིག་པ་ཡེ་ཤེས་ཀྱི་ཕུར་བུ་ངོ་སྤྲད་ཅིང༌། ལམ་ཀ་དག་གི་ལྟ་བ་ལས་མ་གཡོས་པར་དེའི་བོག་འབྱིན་ཐོད་རྒལ་སྣང་བཞིའི་རིམ་པ་ཉམས་སུ་བླང་བ་ལ་བརྟེན་ནས། འབྲས་བུ་ཡུལ་ཅན་ཀ་དག་དང་ཡུལ་ཐོད་རྒལ་ལྷུན་འགྲུབ་ཀྱི་སྣང་བ་རོ་མཉམ་དུ་འདྲེས་ཏེ་སྐུ་གཉིས་ཟུང་དུ་འཇུག་པའི་མཐར་ཐུག་བླ་ན་མེད་པའི་གོ་འཕང་ཐོབ་པ་ཡིན་ནོ་ཞེས་པའོ། །གཉིས་པ་མན་ངག་བྱེ་བྲག་ཏུ་བཤད་པ་ལ་གསུམ། དབང་པོ་རབ་ཚེ་འདིར་འཚང་རྒྱ་བ། འབྲིང་བར་དོར་འཚང་རྒྱ་བ། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་པའི་ཁྲིད་དོ། །དང་པོ་ལའང་ཁྱད་པར་གྱི་སྔོན་འགྲོ་དང༌། ལམ་གྱི་དངོས་གཞི་གཉིས་ལས། དང་པོ་ལ་རིག་པའི་སྣ་ཁྲིད་པ་འཁོར་འདས་རུ་ཤན་དབྱེ་བ་དང༌། སེམས་ཀྱི་སྣ་ཁྲིད་པ་ལུས་ངག་ཡིད་གསུམ་སྦྱོང་བའི་ཚུལ་གཉིས་ལས། དང་པོ་ནི་འདིར་རུ་ཤན་ནང་ལྟར་དབྱེ་བའི་ཚུལ་གསུངས་པ་སྟེ་རང་ཉིད་ཐ་མལ་དུ་གནས་པའི་ལུས་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་དུ་བསྒོམ་ལ། སྦྱངས་བྱ་སྤྱི་བོར་ལྷ་ཡི་ས་བོན་ཨ་དཀར་པོ། མགྲིན་པར་ལྷ་མིན་གྱི་ས་བོན་སུ་ལྗང་སེར། སྙིང་གར་མི་ཡི་ས་བོན་ནྲྀ་སྔོ་སྐྱ། ལྟེ་བར་དུད་འགྲོའི་ས་བོན་ཏྲི་དམར་ནག །གསང་བར་ཡི་དག་ཀྱི་ས་བོན་པྲེ་ཐལ་སྐྱ། རྐང་མཐིལ་དུ་དམྱལ་བའི་ས་བོན་དུ་དུད་ཁ་རྣམས་རྣམ་པ་མི་གསལ་བ་མོག་མོག་པོ་དུ་བ་འཁྱིལ་བ་ལྟ་བུར་དམིག །སྦྱོང་བྱེད་གནས་གསུམ་གྱི་སྦྱངས་བྱའི་ཡི་གེ་སོ་སོའི་སྟེང་དུ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་གཉིས་སུ་མེད་པའི་རིག་པའི་ཡེ་ཤེས་ཀྱི་རང་བཞིན་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ་དམར་པོ། སྙིང་གར་ཧཱུྃ་མཐིང་ག་རྣམས་ཤིན་ཏུ་གསལ་ཞིང་གཟི་བྱིན་ཁ་དོག་ལྔ་དང་ལྡན་པར་གསལ་བཏབ་ལ། འབྲུ་གསུམ་ལས་གང་ལ་རེག་པ་ཙམ་གྱིས་སྡིག་ལྟུང་ལྷག་མེད་དུ་བསྲེག་ནུས་པའི་ཡེ་ཤེས་ཀྱི་མེ་དཀར་དམར་མཐིང་གའི་འོད་ཟེར་གྱི་རྣམ་པར་བྱུང༌། ལུས་ཀྱི་ནང་ནས་མར་སོང༌། བརླ་ཡི་རྩ་བོ་ཆེ་ནས་བརྒྱུད་དེ་རྐང་མཐིལ་གྱི་དམྱལ་བའི་ས་བོན་ལ་རེག་པ་ཙམ་གྱིས་དངོས་མེད་དུ་སྦྱངས་ནས་ཆོས་ཉིད་ཀྱི་ངང་དུ་ཐིམ། དམྱལ་བར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་དག་པར་མོས་ཏེ། ཨོཾ་ཨཱཿཧཱུྃ། འབུམ་ཕྲག་གཅིག་བཟླ། དེས་འགྲེས་ཏེ་ཡི་དྭགས་ཀྱི་ས་བོན་སོགས་ལྷག་མ་རྣམས་ལ་དམིགས་བཟླས་སྔར་བཞིན་བཅས་འབུམ་དྲུག་དང༌། ཐམས་ཅད་ཀྱི་ཁ་སྐོང་འབུམ་གཅིག་བཅས་ཁྱོན་འབུམ་བདུན་བཟླའོ། །གཉིས་པ་ལ་གསུམ་ལས་དང་པོ་ལུས་སྦྱོང་ནི། ལུས་བསྲང་སྟེ་རྐང་མཐིལ་གཉིས་མདུན་དུ་སྤྲད། པུས་མོ་གཉིས་ཕྱིར་བཅིལ། ལག་པའི་གྲུ་མོ་གཉིས་རྒྱངས་ཏེ་ཐལ་མོ་མགོ་ལ་མ་རེག་པར་སྦྱར་བ་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་བྱས་ལ་མིག་བར་སྣང་དུ་ཧ་རེ་བལྟ། ལུས་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་མེ་འབར་བ་ཞིག་ཏུ་བསྒོམ་ལ་ལུས་ཚུགས་མ་ཐུབ་ན་རྒྱབ་འགྱེལ་བྱས་ནས་རྐང་ལག་ཕྱིར་གྱེས་ཏེ་ཧ་ཞེས་བརྗོད་ནས་དབྱིངས་རིག་བསྲེ། དེ་ལྟར་ཡང་ཡང་བྱའོ། །གཉིས་པ་ངག་སྦྱོང་ལ་བཞི་ལས་དང་པོ་རྒྱས་གདབ་ལ་ཕྱི་སྣང་བ་ལ་རྒྱས་གདབ་པ་ནི། དབེན་པའི་གནས་སུ་ལུས་ཆོས་བདུན་བཅའ་ལག་པ་གཡས་གཡོན་གྱིས་པུས་མགོ་བཀབ། སྙིང་ཁར་ཧཱུྃ་སྔོན་པོ་ཞིག་སྒོམ་ལ་སོ་དང་མཆུ་མ་རེག་ཙམ་གྱི་བར་ནས་ཧཱུྃ་གླུ་ལེན་ཤིང་སྙིང་གའི་ཧཱུྃ་ལས་ཧཱུྃ་ཡིག་གྲངས་མེད་པ་འཕྲོས་སྣ་བུག་གཡས་ནས་ཕྱིར་སོང༌། གནས་ཁང་སོགས་རིམ་བཞིན་ཁྱབ་མཐར་སྣོད་བཅུད་ཐམས་ཅད་ཧཱུྃ་གིས་གང་བ་ལ་སེམས་གཏད། ཡང་ཕྱི་ཡི་ཧཱུྃ་དེ་དག་སྣ་བུག་གཡོན་པ་ནས་ཚུར་ཞུགས་སྙིང་གའི་ཧཱུྃ་ལ་ཐིམ་པར་མོས། ནང་ཕུང་པོ་ལ་རྒྱས་གདབ་པ་ནི། ཡང་སྙིང་གའི་ཧཱུྃ་དེ་ལས་ཧཱུྃ་གྲངས་མེད་པ་འཕྲོས་རང་གི་ལུས་ཀྱི་ནང་ཐམས་ཅད་གང་བར་མོས་ཤིང་མཐར་སྙིང་གའི་ཧཱུྃ་ཡིག་ལ་ཐིམ་པར་བསམ། གཉིས་པ་རྩལ་སྦྱོང་བ་ལ། ཕྱི་སྣང་བ་ལ་རྩལ་སྦྱོང་བ་ནི་ཧཱུྃ་ཞེས་བརྗོད་པས་སྙིང་ཁའི་ཧཱུྃ་ལས་ཧཱུྃ་ཡིག་གཅིག་ཆད་ནས་ཕྱིར་སོང་བར་བསམ་ལ་རླུང་ཅུང་ཟད་ཕྱིར་འཛིན་པ་དང་མཉམ་དུ་ཧཱུྃ་ཡིག་དེས་ཐོག་མར་རང་གི་མདུན་དུ་དངོས་པོ་གང་རུང་ཅིག་ཤོག་བུ་ལ་མེ་སྟག་ཕོག་པ་ལྟར་ཕར་ཐལ་ཚུར་ཐལ་དུ་ཕུག་སྟེ། ཁྲ་ཤིག་ཤིག་བུན་ལམ་ལམ་འོད་དུ་ཡལ་ལ་ཁད་པར་བྱས་པར་བསམ། དེས་སྣང་བའི་བདེན་ཞེན་འགོག །དེ་ནས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་སྔར་ལྟར་བྱས་ནས་སྣ་བུག་གཡོན་ནས་ཚུར་འདུས་ཏེ་སྙིང་གའི་རིག་པ་གཞིར་གནས་ཡེ་ཤེས་ཀྱི་ངོ་བོ་ལ་ཐིམ་པར་དམིགས་ལ་རླུང་ནང་དུ་འཛིན། ནང་ཕུང་པོ་ལ་རྩལ་སྦྱོང་བ་ནི་ཡང་ཧཱུྃ་ཡིག་འཕྲོས་ནས་རང་གི་ལུས་སྔར་ལྟར་ཕུག་པར་བསམ། དེས་ནང་ཕུང་པོའི་བདེན་ཞེན་འགོག་པའོ། །གསུམ་པ་གཉེན་བརྩལ་བ་ནི། མདུན་དུ་ཀ་བ་ལྟ་བུ་བཙུག་པའམ་ཡང་ན་དམིགས་ཏེ་ཧཱུྃ་བརྗོད་པ་དང་མཉམ་དུ་སྙིང་གའི་ཧཱུྃ་ལས་ཧཱུྃ་ཡིག་གི་ཕྲེང་བ་བར་མ་ཆད་དུ་བྱུང༌། དམིགས་རྟེན་དེའི་རྩ་བ་ནས་རིམ་པར་སྦྲུལ་འཁྲིལ་བ་ལྟར་དཀྲིས་པར་མོས་ལ་ཧཱུྃ་ཡིག་ཐམས་ཅད་ཀྱིས་རང་སྒྲ་སྒྲོག་པར་བསམ་ལ་སེམས་བཟུང༌། ཡང་ཧཱུྃ་རྣམས་རིམ་བཞིན་ཚུར་འདུས་ནས་སྙིང་གའི་ཧཱུྃ་ལ་ཐིམ་པར་མོས་པ་ནི་བོགས་འབྱིན་པའི་ཐབས་སོ། །བཞི་པ་ལམ་དུ་གཞུག་པ་ནི། ངག་ནས་ཧཱུྃ་དལ་དྲག་རེས་མོས་བརྗོད་པ་དང་མཉམ་དུ་སྙིང་གའི་ཧཱུྃ་ཡིག་ལས་ཧཱུྃ་འཕྲོས་ཏེ་སྣ་བུག་གཡས་ནས་ཕྱིར་སོང༌། ཧཱུྃ་སྒྲ་དལ་དྲག་དང་མཐུན་པར་རེས་དྲང་པོ་དང་རེས་ཕར་འཁྱོགས་ཚུར་འཁྱོགས་བྱས་ནས་མ་དག་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སོང་བར་བསམ། ཡང་ཧཱུྃ་ཞེས་བརྗོད་པས་ཧཱུྃ་དེ་ཉིད་རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ཁམས་ལྔ་དང་པདྨ་འོད་ལ་སོགས་པ་དག་པའི་ཞིང་ཁམས་རྣམས་སུ་སོང་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞལ་མཇལ་གསུང་ཐོས་དབང་བསྐུར་ལུང་སྟོན་དབུགས་དབྱུང་གཟེངས་བསྟོད་དེ་རིག་པ་འཛིན་པའི་གྲལ་དུ་བཞག་པར་མོས། སླར་ཚུར་འོང་སྟེ་གཞིར་གནས་ཀྱི་ཧཱུྃ་ལ་ཐིམ་པར་བསམ་ལ་རླུང་ཅུང་ཟད་ནང་དུ་འཛིན་པའོ། །གསུམ་པ་སེམས་སྦྱང་བ་ལ་གཉིས་ལས་དང་པོ་བྱུང་གནས་འགྲོ་གསུམ་ལ་བརྟག་པ་ནི། རང་གི་བློ་ཁ་ནང་དུ་ཕྱོགས་ཏེ་བལྟས་པ་ན་རྣམ་རྟོག་ཞིག་ཐོལ་གྱིས་སྐྱེས་པའི་ཚེ། དེ་འདྲའི་རྣམ་རྟོག་གི་སེམས་དེ་དང་པོ་ཕྱི་སྣོད་བཅུད་དང་ནང་རང་གི་ལུས་དང་སེམས་སོགས་གང་ལས་བྱུང་བརྟག །བར་དུ་སེམས་དེ་ཕྱི་དངོས་པོའི་སྟེང་ན་གནས་དང་ནང་རང་གི་ལུས་ཀྱི་ཕྱི་ནང་སོགས་གང་དུ་གནས་བརྟག །མཐར་སེམས་དེ་འགགས་པའི་སྐབས་སུ་འགྲོ་ས་འགྲོ་མཁན་ཅི་འདྲ་ཞིག་འདུག་དང༌། དབྱིབས་དང་ ཁ་དོག་སོགས་ལ་བརྟག་ན་དང་པོ་སྐྱེ་བའི་རྒྱུ་དང༌། བར་དུ་གནས་པའི་ངོ་བོ། མཐའ་མར་འགགས་པའི་འབྲས་བུ་བཅས་སྐྱེ་འགགས་གནས་གསུམ་གྱིས་སྟོང་སྟེ། གཞི་མེད་རྩ་བྲལ་དུ་གཏན་ལ་འབེབས་ཅིང་མཚང་བཙལ་བ་ནི་སེམས་ཀྱི་ཁང་བུ་རྡིབ་པའི་མན་ངག་ཡིན་ནོ། །གཉིས་པ་དེ་ཉིད་ལམ་དུ་བཏང་བ་ལ་གཉིས་ལས་དང་པོ་རྣལ་དུ་དབབ་པ་ནི། ལུས་སོག་ཕོན་གྱི་ཐག་པ་ལྷོད་པ་ལྟར་བདེ་ལུགས་སུ་བཞག །ངག་པི་ཝཾ་གི་རྒྱུན་ཐག་ཆད་པ་བཞིན་མ་བཅོས་པར་བཞག །ཡིད་རང་ཐག་གི་ལྟག་ཆུ་ཆད་པ་བཞིན་སྣང་ཡུལ་མ་འགགས་ལ་དེར་འཛིན་གྱི་བློ་དང་བྲལ་བར་རིག་སྟོང་རྗེན་པའི་ངང་དུ་རང་བབས་སུ་བཞག་གོ །གཉིས་པ་སོར་གཞུག་པ་ནི། དེ་ལྟར་བཞག་པ་ན་བྱིང་བ་ལ་སོགས་པའི་རྐྱེན་བྱུང་ན་དང་པོ་ཉན་ཐོས་ཀྱི་ལྟ་སྟངས་རྣམ་སྣང་ཆོས་བདུན་དང་ལྡན་པས་སེམས་ལ་བཟོ་བཅོས་མི་བྱེད་པར་བཞག་པའོ། །གཉིས་པ་བྱང་སེམས་ཀྱི་ལྟ་སྟངས་མིག་ཐད་ཀར་བལྟ། རྐང་པའི་འགྲོ་སྟབས་ཆ་མཉམ་པར་བྱའོ། །གསུམ་པ་ཁྲོ་བོའི་ལྟ་སྟངས་མིག་བསྒྲད་པ་དང༌། རྐང་པ་གྱད་ཀྱི་འདོར་སྟབས་སུ་བསྒྲད། ངག་ནས་ཧ་ཧ་དང་ཧི་ཧི་སོགས་བརྗོད་ལ་རྩལ་སྦྱང་ངོ༌། །གཉིས་པ་ལམ་གྱི་དངོས་གཞི་ལ་གཉིས་ཏེ། གཞི་ཀ་དག་སོར་བཞག་གི་མན་ངག་དང༌། དེའི་བོགས་འབྱིན་ལྷུན་འགྲུབ་ཐོད་རྒལ་གྱི་ཉམས་ལེན་བཤད་པའོ། །དང་པོ་ལ་ལྟ་བས་ཐག་བཅད་པ། སྒོམ་པས་ཉམས་སུ་མྱོང་བ། མྱོང་ཐོག་ཏུ་ལ་བཟླ་བའོ། །དང་པོ་ལ་ལུས་ངག་གི་གནད་དང༌། སེམས་ཀྱི་གནད་གཉིས་ལས་དང་པོ་ནི། དེ་ཕྱིར་ལུས་ཀྱི་ཆ་སྙོམས་ལ༔ ལས་ཟིན་སྐྱེས་བུ་ལྟ་བུར་ཀློད༔ རླུང་གི་འགྲོ་འོང་དལ་བུར་བྱ༔ མིག་གི་གསང་འབྲས་དབྱིངས་སུ་གཏོད༔ ཅེས་གསུངས་ཏེ། དེ་ལ་ལུས་རི་བོ་ཅོག་བཞག་གིས་ཆ་སྙོམས་པར་བྱ་སྟེ། དཔེར་ན་ལས་ཟིན་པའི་སྐྱེས་བུ་ལྟ་བུར་ལྷོད་ཀྱིས་ཀློད་ལ་བཞག །ངག་རླུང་གི་མན་ངག་སོ་དང་མཆུ་མ་རེག་ཙམ་གྱི་བར་ནས་དབུགས་ཀྱི་འགྲོ་འོང་ཙམ་ཡང་དལ་བར་བྱ། མིག་རྒྱ་མཚོ་ཅོག་བཞག་གིས་མིག་གི་གསང་འབྲས་གླང་པོ་ཆེ་གར་ཆང་གིས་བཟི་བ་ལྟར་ནམ་མཁའི་དབྱིངས་སུ་ཅེ་རེ་གཏོད་པའོ། །གཉིས་པ་ནི། སེམས་ཀྱིས་སྣང་སྲིད་འཁོར་འདས་ཆོས༔ རང་གི་སེམས་ཀྱིས་བཏགས་པ་ཙམ༔ བཏགས་པ་ཙམ་ནས་མིང་ཞིག་གྲུབ༔ མིང་ནས་མིང་གི་ངོ་བོ་སྟོང་༔ སྟོང་པ་ཕྱང་ཆད་མ་ཡིན་པར༔ རྟེན་འབྲེལ་སྒྱུ་མའི་སྣང་བ་ནི༔ རྡོ་རྗེ་གཞོན་ནུ་ངེས་པའི་དོན༔ སྒྱུ་མ་བཏགས་པ་ཅང་མེད་པ༔ འཁོར་ལོ་རྒྱས་འདེབས་དབྱིངས་ཀྱི་ངང་༔ ཞེས་གསུངས་ཏེ། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་དང་འཁོར་བ་འགྲོ་བ་རིགས་དྲུག་མྱང་འདས་འཕགས་ལམ་སྐུ་དང་ཡེ་ཤེས་ཞིང་ཁམས་ལ་སོགས་པ་ཐམས་ཅད་ཀྱང༌། འདོགས་བྱེད་རང་གི་སེམས་ཀྱིས་ཕར་བཏགས་པ་ཙམ་ལས་གདོད་ནས་རང་རང་གི་ངོ་བོར་བདེན་པར་མ་གྲུབ་ཅིང༌། དེ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་བཏགས་པ་ཙམ་དུ་གྲུབ་ན་དེ་ཐམས་ཅད་མིང་ཙམ་དུ་གྲུབ་པ་ཡིན་ལ། འོ་ན་མིང་དེ་བདེན་པར་གྲུབ་བམ་སྙམ་ན་དེ་ཡང་མ་ཡིན་ཏེ་མིང་ནི་གྲུབ་ཙམ་ཉིད་ནས་མིང་གི་ངོ་བོས་སྟོང་པའི་ཕྱིར་ཏེ་བཏགས་པ་ཙམ་ཡིན་པའི་ཕྱིར། དེ་ལྟར་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་མོད་ཅི་མེད་ཅང་མེད་ཀྱི་སྟོང་པ་ཕྱམ་ཆད་ནམ་མཁའ་ལྟ་བུར་སོང་བ་མ་ཡིན་ཏེ་སྟོང་ཉིད་དེའི་ངང་ལས་རྟེན་འབྲེལ་སྒྱུ་མའི་སྣང་བ་འགགས་མེད་དུ་ཤར་བས་ལས་འབྲས་བསླུ་བ་མེད་པ་མདོ་ཡི་ཚུལ་དང༌། སྔགས་བསྐྱེད་རིམ་ལ་སྣང་བ་འགགས་མེད་དུ་ཤར་བ་ཐབས་ཀྱི་ཆ་རྡོ་རྗེ་གཞོན་ནུ་དང༌། ངེས་པའི་དོན་དུ་སྒྱུ་མ་ཙམ་མམ་བཏགས་པ་ཙམ་དུ་ཡང་མེད་ཅིང་མ་གྲུབ་པ་སྟོང་ཉིད་ཤེས་རབ་ཀྱི་ཆ་ཡུམ་འཁོར་ལོ་རྒྱས་འདེབས་མའི་དབྱིངས་ཀྱི་ངང་དུུ་སྟེ་སྣང་བཞིན་དུ་སྟོང་ལ་སྟོང་བཞིན་དུ་སྣང་བ་སྣང་སྟོང་ཟུང་འཇུག་གི་ངང་དུ་ཞེས་པའོ། །ནང་རང་གི་སེམས་ཀྱི་གནས་ཚུལ་ལ་སྦྱར་ན་རིག་པའི་རང་བཞིན་གདོད་མ་ནས་རྣམ་པར་དག་པ་ངོ་བོ་སྟོང་པ། རང་བཞིན་གསལ་བ། གསལ་དུས་ཉིད་ནས་ངོ་བོ་སྟོང་པ་ལས་མ་འདས་ཤིང༌། སྟོང་པ་དེའི་རིག་གདངས་རྩལ་འགགས་མེད་དུ་འཆར་བའི་ཐབས་ཀྱི་ཆ་རྡོ་རྗེ་གཞོན་ནུ་དང༌། རིག་གདངས་དེའི་སྟོང་ཆ་གནས་ལུགས་འོད་གསལ་བ་ནི་ཤེས་རབ་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་ལས་འདས་པ་ནི་ཡུམ་འཁོར་ལོ་རྒྱས་འདེབས་དང༌། དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་བདེ་གཤེགས་སྙིང་པོ་རིག་སྟོང་གཉིས་མེད་ཀྱི་ཡེ་ཤེས་སྐུ་གསུམ་དབྱེར་མེད་རིག་པའི་གཤིས་དེ་ཉིད་གཞི་དུས་ཀྱི་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཡིན་པར་ཤེས་པར་བྱའོ། | |||
།གཉིས་པ་ནི། མ་བཅོས་མ་བསླད་ཟངས་ཀར་བཞག༔ ལས་མི་འཆོལ་ཞིང་ཉམས་མྱོང་བྲལ༔ ཞེས་གསུངས་ཏེ། དེ་ལྟར་རིག་སྟོང་གཉིས་སུ་མེད་པའི་གནས་ལུགས་འདུས་མ་བྱས་པ་བློས་མ་བཅོས་མ་བསླད་པ་རིག་སྟོང་རྗེན་པ་རང་བབས་ཟངས་ཀར་བཞག་པ་ན། རྣམ་རྟོག་གི་ཕུང་པོ་ཐམས་ཅད་འོད་གསལ་གྱི་དབྱིངས་སུ་ཐིམ་སྟེ་མཁའ་ལ་ན་བུན་དེངས་པ་དང༌། ཆུ་ལ་རི་མོ་བྲིས་པ་ལྟར་རྟོག་པ་ཐམས་ཅད་དབྱིངས་ཀྱི་ངང་དུ་རང་ཡལ་རྗེས་མེད་དུ་སོང་སྟེ། རྟོག་པ་སྔ་ཕྱི་རྒྱུན་མི་འཐུད་ཅིང་སྣང་ཞེན་ཐད་ཀར་བཅད་ནས་ཤར་གྲོལ་དུས་མཉམ་དུ་གྲོལ་བ་ཡིན་ཏེ། དེ་ལྟར་ན་ལས་མི་འཆོལ་ཞེས་པ་སྒོམ་འབྱུང་བའི་རེ་བ་དང༌། མི་འབྱུང་བའི་དྭོགས་པ་དང་བདེ་གསལ་མི་རྟོག་པའི་ཉམས་དང༌། སྔོན་བསུ་རྗེས་དཔྱོད་ཀྱི་བློ་ཡི་ཤུན་པ་ཐམས་ཅད་དང་ཕྲལ་ལ་བྱར་མེད་ཀྱྀ་ངང་དུ་བཞག་པའོ། །གསུམ་པ་ནི། ངོ་ནི་ཡིད་དཔྱོད་བྲལ་བར་སྤྲད༔ ཐག་ནི་རང་བཞིན་གཉུག་མར་བཅད༔ གདེངས་ནི་རང་གྲོལ་ཐོག་ཏུ་འཆའ༔ ཞེས་གསུངས་ཏེ། རྒྱུ་རྐྱེན་འདུས་མ་བྱས་པའི་གནས་ལུགས་དེ་བླ་མའི་གསུངས་རྗེས་ཟློས་དང༌། དཔེ་ཐོག་གི་གོ་བ་དང་རྟགས་དང་གཏན་ཚིག་རྗེས་དཔག་ལ་སོགས་པས་ཇི་བཞིན་རྟོགས་མི་སྲིད་པས། བླ་མའི་མན་ངག་ལ་བརྟེན་ནས་དེ་འདྲའི་ཡིད་དཔྱོད་ལས་འདས་པ་རང་གིས་ཉམས་སུ་མྱོང་བ་རང་ཤར་བའི་ཚུལ་གྱིས། མྱོང་བཞིན་དུ་བརྗོད་པའི་མཐའ་ཐམས་ཅད་ལས་འདས་པའི་རིག་སྟོང་གཉུག་མའི་ངོ་རང་ཐོག་ཏུ་སྤྲད། དེ་ལྟར་རང་བབས་ཀྱི་རིག་པ་རང་གསལ་རྗེན་པར་བཞག་པའི་རང་བཞིན་སྟོང་གསལ་འདུས་མ་བྱས་པའི་གནས་ལུགས་ལ་ཐག་གཅིག་ཐོག་ཏུ་བཅད། རིག་པ་ཀ་དག་དེའི་ངང་དུ་བཞག་པས་ཚོགས་དྲུག་གི་རྣམ་པར་རྟོག་པ་ཐམས་ཅད་ཆུ་ལ་རི་མོ་བྲིས་པ་བཞིན་དུ་རང་ཡལ་རྗེས་མེད་རང་གྲོལ་དུ་འགྲོ་སྟེ་གདེངས་གྲོལ་ཐོག་ཏུ་འཆའ་བའོ། །གཉིས་པ་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་ལ་གསུམ། གཞི་གནད་དྲུག་གིས་འོད་གསལ་བལྟ་བ། ལམ་སྣང་བ་བཞི་ངོ་སྤྲོད་པ། འབྲས་བུ་མཐའ་རྟེན་གྱི་མན་ངག་གི་མཚམས་སྦྱར་བའོ། །དང་པོ་ལ་གནད་དྲུག་ལས། དང་པོ་བཞུགས་སྟངས་ལུས་ཀྱི་གནད་ལ་གསུམ་ལས་ཆོས་སྐུ་སེངྒེའི་བཞུགས་སྟངས་ནི། རྐང་པའི་མཐིལ་གཉིས་མདུན་དུ་སྤྲད། པུས་མོ་ཕྱིར་བསྒྲད། ལག་པའི་མཐེ་བོང་གཉིས་ཀྱིས་སྲིན་ལག་གི་རྩ་བ་མནན་ཅིང་ཁུ་ཚུར་བཅངས་ཏེ་རྟིང་པའི་རྩར་སར་བཙུགས། ལག་ཡུ་དྲང་པོར་བསྲང༌། རོ་སྟོད་གསེང་སྟེ་དཔུང་པ་གྱེན་དུ་འཐེན། མིག་འབྲས་མི་འགུལ་ཞིང་རྫི་མ་མི་བརྡེབ་པར་ནམ་མཁའ་ལ་བལྟ། ལྕེ་ཡ་རྐན་ལ་སྦྱར་བའོ། །གཉིས་པ་ལོངས་སྐུ་གླང་ཆེན་བཞུགས་སྟངས་ནི། ལུས་ཁ་སྦུབས་པུས་མོ་གཉིས་བྲང་ལ་སྦྱར༌། གྲུ་མོ་ས་ལ་བརྟེན་ཏེ་ལག་གཉིས་ཀྱིས་ཨོལ་ཀོར་བརྟེན་པའི་སོར་མོ་འགྲམ་པ་ལ་སྦྱར། རྐང་པའི་སོར་མོ་ཕྱིར་འཕུལ་ཏེ་བསྐུམ། སྒལ་ཚིག་དྲང་པོར་བསྲང་སྟེ་ནམ་མཁའ་ལ་ཟུར་མིག་ཧྲིག་གེར་བལྟ་བའོ། །གསུམ་པ་སྤྲུལ་སྐུ་དྲང་སྲོང་ཙོག་པུའི་བཞུགས་སྟངས་ནི། རྐང་པའི་ལོང་བུ་གཤིབས་ཏེ་ཙོག་པུར་འདུག །ལག་གཉིས་པུས་མོར་བསྐོར། སྒལ་ཚིག་དྲང་པོར་བསྲངས་ཏེ་མིག་ཟིམ་བུར་ཐུར་ལ་གཏད་པའོ། །གཉིས་པ་འགྲོ་འོང་རླུང་གི་གནད་ནི། སོ་དང་མཆུ་མ་རེག་ཙམ་བྱ། རླུང་ཅུང་ཟད་ཕྱིར་འཛིན་པ་ཙམ་བྱས་ནས་རླུང་དལ་བུས་འབྱུང་འཇུག་བྱེད་ཅིང་ངག་སྨྲ་བ་རྒྱུན་བཅད་པའོ། །གསུམ་པ་བལྟ་སྟངས་མིག་གི་གནད་ནི། ཆོས་སྐུའི་གཟིགས་སྟངས་མིག་གྱེན་དུ་ལྡོག་ནས་གཙུག་གཏོར་རྣམ་པར་བལྟ་བ་དང༌། ལོངས་སྐུའི་གཟིགས་སྟངས་ཟུར་མིག་གིས་གཡས་ནས་གཡོན་དུ་བལྟ་བ་དང་གཡོན་ནས་གཡས་སུ་བལྟ་བ་སྟེ། དཔེར་ན་མདའ་མཁན་གྱི་སྨྱུག་མ་བསྲང་བ་ལྟ་བུའོ། །སྤྲུལ་སྐུའི་གཟིགས་སྟངས་མིག་ཐུར་ལ་ཕབ་ཏེ་བལྟ་བ་དཔེར་ན་དྲང་སྲོང་གིས་བསམ་གཏན་བསྒོམ་པ་ལྟ་བུ་སྟེ། དེ་ལྟར་གཟིགས་སྟངས་གསུམ་པོ་དབྱིངས་རིག་འཕེལ་ཆ་ཆེ་བ་ལ་བསླབ་པར་བྱའོ། །བཞི་པ་འཆར་གཞི་ཡུལ་གྱི་གནད་ནི། ཡུལ་རྐྱེན་དང་བྲལ་བའི་ནམ་མཁའ་ལ་སྔ་དྲོ་ཁ་ནུབ་དང་ཕྱི་དྲོ་ཁ་ཤར་དུ་བལྟ་བའམ་མིག་ལ་མ་གནོད་ན་འོད་གསལ་འཆར་སླ་བའི་ཆེད་དུ་ཟེར་གཉིས་ལ་སྦྱར་བའི་སྔ་དྲོ་ཤར་དང་ཕྱི་དྲོ་ནུབ་ཏུ་ཉི་མའི་འོག་ཕྲུ་གང་ཙམ་དུ་མིག་དང་ནམ་མཁའ་རིག་པ་གསུམ་དབྱེར་མེད་མེད་དུ་བྱས་ཏེ་བལྟ་བར་བྱའོ། །ལྔ་པ་རྩ་བ་དབྱིངས་ཀྱི་གནད་ནི། སེམས་ཉིད་རིག་སྟོང་དབྱེར་མེད་ཀྱི་ཡེ་ཤེས་རིག་པ་སྤྱི་བླུགས་སུ་རྟག་ཏུ་འཇུག་པར་བྱའོ། །དྲུག་པ་ངོ་བོ་རིག་པའི་གནད་ནི། རིག་པའི་ཡེ་ཤེས་ལུས་ལ་གནས་ཀྱང་ཐབས་ལུས་ཀྱི་བཞུགས་སྟངས་དང་གཟིགས་སྟངས་སོགས་ལ་མ་བརྟེན་ན་དབང་པོའི་མངོན་སུམ་དུ་སྣང་མི་ནུས་ཏེ། སྦྲུལ་ལ་རྐང་ལག་ཡོད་ཀྱང་མ་གཅུན་ན་མངོན་དུ་སྣང་བར་མི་ནུས་པ་བཞིན་ཡིན་ལ། དེ་ལྟར་རིག་པའི་ཡེ་ཤེས་འཆར་བའི་ལམ་ནི་སྙིང་ནས་མིག་ཏུ་འབྲེལ་བའི་རང་བྱུང་གསང་བ་ཆེན་པོའི་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་འོད་ཀྱི་རྩ་བ་མེན་གྱི་རྭ་འདྲ་བ་ཕྲ་བ་སྙིང་ལ་ཟུག་པ་རྩེ་མོ་ཡངས་པ་མིག་གི་ཨ་འབྲས་ཀྱི་དཀྱིལ་དུ་ཟུག་པ་དེ་ཉིད་ཀྱིས་རྟེན་བྱས་ནས་འཆར་བ་ཏེ། དབང་པོ་རྐྱེན་དང་བྲལ་བ་རྒྱང་ཞགས་ཆུ་ཡི་སྒྲོན་མ་དང༌། དེ་ལྟར་སྒོ་ཡུལ་རླུང་གི་གནད་རྣམ་པ་གསུམ་གྱིས་གཅུན་པས། ཕྱིའི་ནམ་མཁའ་སྟོང་པ་མེ་ལོང་དང་འདྲ་བས་གོ་ཕྱེས་ནས་ནང་གི་དབྱིངས་རྣམ་དག་གི་སྒྲོན་མ་བདག་པོའི་བྱེད་དང་འདྲ་བ་དེ་ཉིད་ཇི་ལྟར་འཆར་ན། རྣམ་དག་དབྱིངས་སྒྲོན་ཉིད་ཐོག་མ་སྨིན་མཚམས་ནས་མཐིང་ག་ཁྱབ་པ་ཆེན་པོ་འོད་གསལ་རིམ་གྱིས་མཆེད་ནས་འོད་ལྔའི་མུ་ཁྱུད་དང༌། དེའི་དབུས་སུ་ཐིག་ལེ་སྟོང་པའི་སྒྲོན་མ་རྫིང་བུའམ་ཀོ་མོག་ལ་རྡོ་བོར་བའི་རི་མོ་ལྟར་འལ་འོལ་གྱི་རྣམ་པ་འོད་ལྔའི་མུ་ཁྱུད་ཅན་དང༌། དེ་ལྟར་ཕྱིའི་དབྱིངས་མཐིང་ག་ཁྱབ་པ་ཆེན་པོའི་འོད་དང༌། ནང་གི་དབྱིངས་རིག་པ་གཞི་གནས་ཀྱི་ཡེ་ཤེས་དང༌། གསང་བའི་དབྱིངས་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་གསུམ་དབྱེར་མེད་དུ་བསྲེས་ཏེ་བལྟས་པས། ཤེས་རབ་རང་བྱུང་གི་སྒྲོན་མ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བདག་པོའི་སེམས་དང་འདྲ་བ་འགྲོ་འོང་དལ་བྲེལ་ཅན་གྱི་རྣམ་པ་གསེར་སྐུད་དང་རྟ་རྔའི་མདུད་པ་ལྟ་བུ། རྟ་རྔ་གཏུབ་པ་ལྟ་བུ། ཉ་མིག་དང༌། ཉ་ཚགས་མུ་ཏིག་གི་ཕྲེང་བ་ལྟ་བུ་སོགས་འཆར་ཏེ། དེ་ཉིད་ལྟ་སྟངས་སོགས་ཀྱིས་དབྱིངས་ཀྱི་རྭ་བར་བཙུད་དེ་མིག་འབྲས་མི་འགུལ། བློས་བཅོས་བསླད་མི་བྱ་བར་བལྟས་པས་འོད་གསལ་གྱི་སྣང་བ་གསལ་འགྲིབ་མེད་པར་འཆར་རོ། །གཉིས་པ་ལམ་སྣང་བ་བཞི་ངོ་སྤྲད་པ་ལ་དངོས་དང་ཉམས་ལེན་སྲང་ལ་འཛུད་པའི་ཚུལ་གཉིས་ལས་དང་པོ་ནི། དབྱིངས་རིག་དབྱེར་མེད་སྣང་ཞིང་འཕེལ༔ ཚད་ཕེབས་ཆོས་ཅན་དབྱིངས་སུ་ཟད༔ ཅེས་གསུངས་ཏེ། ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། དེ་ལྟར་སྒོ་གསུམ་གྱི་གནད་གཅུན་པས་ནང་གི་དབྱིངས་རིག་དབྱེར་མེད་ཀྱི་རིག་གདངས་དབང་པོའི་ཡུལ་དུ་ཆོས་ཉིད་མངོན་སུམ་གྱི་སྣང་བ་རྐྱེན་དང་བྲལ་བའི་ནམ་མཁས་གོ་ཕྱེས་ནས། དབྱིངས་རྣམ་དག་གི་སྒྲོན་མ་མཐིང་གའི་དབྱིངས་སུ་ཐིག་ལེ་སྟོང་པའི་སྒྲོན་མ་འོད་ལྔའི་ཐིག་ཕྲན་གྱི་རྣམ་པ་གསུམ་ལ་སོགས་པའི་དཀྱིལ་དུ་ཤེས་རབ་རང་བྱུང་གི་སྒྲོན་མ་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་གསེར་སྐུད་ལྟ་བུ་སོགས་འགྲོ་འོང་གི་རྣམ་པ་ཅན་འཆར་བའོ། །ཉམས་གོང་འཕེལ་གྱི་སྣང་བ་ནི། ལུག་རྒྱུད་དབྱིངས་ཐིག་ལེའི་རྭ་བར་འཛུད་པ་ལ་གོམས་པས་ཇེ་གསལ་ཇེ་བརྟན་དུ་འགྲོ་ཞིང་ཉམས་སྣང་གོང་འཕེལ་དུ་སྣང་བ་འོད་སྣང་ཇེ་ཆེར་འཆེད་ཅིང་དབྱིངས་རིག་སྨིན་མཚམས་ལས་བྲལ་ཏེ། འོད་ལྔ་རྩིབས་ཤར་དང་གྱེན་འགྲེང༌། རེ་ལྡེ། མཆོད་རྟེན། པདྨ་སྟོང་ལྡན། མཁར་ཐབས། དྲྭ་བ་དྲྭ་ཕྱེད་སོགས་འཆར་ཞིང་མཐར་གང་ན་བལྟས་ཀྱང་སྣོད་བཅུད་ཐམས་ཅད་ཐིག་ལེས་ཁྱབ་སྟེ། དེས་ཉམས་གོང་འཕེལ་གྱི་སྣང་བ་རྫོགས་པའི་རྟགས་ཐིག་ལེའི་དབུས་སུ་ཞི་བའི་ལྷ་སྐུ་རྐྱང་པའམ་ཞལ་ཕྱག་ཙམ་ཤར་ཏེ། དེ་ནི་ཕ་རི་ལ་ལྟོས་ནས་ཚུར་རི། ཚུར་རི་ལ་ལྟོས་ན་ཕ་རིར་བཞག་པ་བཞིན་ཉམས་གོང་འཕེལ་ལ་ལྟོས་ན་རིག་པ་ཚད་ཕེབས་དང༌། རིག་པ་ཚད་ཕེབས་ལ་ལྟོས་ན་ཉམས་གོང་འཕེལ་གྱི་སྣང་བ་ཡིན་ནོ། །རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། རིག་པའི་ཆ་སྟོབས་སུ་གྱུར་པ་ལས་གང་སྣང་ཐམས་ཅད་འོད་དུ་གསལ་ཞིང༌། ཐིག་ལེ་ལྔ་ཚོམས་སུ་ཤར་བའི་དབུས་ན་གཙུག་གཏོར་ནས་སྐུ་རྐྱང་པའི་བར་དུ་འཆར་བ་ནི་སྤྲུལ་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པ་དང༌། དེ་ནས་གཙོ་བོ་མི་བསྐྱོད་པ་ཡབ་ཡུམ་ལ་རིག་ཆུང་ལྔ་ཚོམས་དང་རྒྱན་རྫོགས་ནས་ཡུམ་དང་བཅས་པའི་རྣམ་པ་འཆར་བ་ལོངས་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པ་དང༌། དེ་ནས་ཁྲོ་བོ་སོགས་འཆར་ཞིང༌། མཐར་སྣང་སྲིད་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཞི་བ་དང་ཁྲོ་བོ་སོགས་འཆར་བ་ཆོས་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པ་སྟེ། རིག་པ་ཚད་ཕེབས་ཀྱི་སྣང་བ་རྫོགས་པ་ཡིན་ནོ། །ཆོས་ཉིད་ཟད་པའི་སྣང་བ་ནི། ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་དབྱིངས་སུ་ནུབ་པ་སྟེ། དེས་ན་སྣང་བ་དང་པོ་གསུམ་ཚེས་གཅིག་ནས་བཅོ་ལྔའི་བར་ཟླ་བའི་ཆ་དེ་འཕེལ་བ་དང༌། ཆོས་ཉིད་ཟད་པའི་སྣང་བ་སྟོང་གི་ཟླ་བ་དབྱིངས་སུ་ནུབ་པའམ་ཤེལ་འོད་ནང་དུ་རྒྱུ་བ་ལྟར་རིག་གདངས་ཀྱི་སྣང་བ་ཐམས་ཅད་ནང་གསལ་ཐིམ་ལ་མ་རྨོངས་པ་གཞོན་ནུ་བུམ་སྐུའི་དབྱིངས་སུ་འཁྱིལ་ཞིང་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་དུས་གསུམ་འཕོ་འགྱུར་མེད་པའི་འབྲས་བུ་མངོན་དུ་གྱུར་པའོ། །གཉིས་པ་ཉམས་ལེན་སྲང་ལ་འཛུད་པའི་ཚུལ་ལ་དང་པོ་ཉིན་མོ་སྣང་བ་རྒྱས་འདེབས་པའི་རྣལ་འབྱོར་ནི་ཁྲེགས་ཆོད་དང་ཐོད་རྒལ་ཉམས་སུ་ལེན་པ་ཡིན་ལ། གཉིས་པ་མཚན་མོ་སྣང་བ་རྒྱས་གདབ་ཀྱི་རྣལ་འབྱོར་ནི། མཚན་མོའི་ཆ་གསུམ་དུ་ཕྱེས་ཏེ་སྲོད་ལ་དབང་པོ་གནད་དུ་བསྡུ་བའི་རྣལ་འབྱོར་དང༌། ནམ་གུང་ཤེས་བྱ་བུམ་པར་འཇུག་པའི་རྣལ་འབྱོར་དང༌། ཐོ་རངས་རིག་པར་གསལ་སྣང་གཏོད་པའི་རྣལ་འབྱོར་དང་གསུམ་ལས། དང་པོ་སྤྲུལ་སྐུ་དྲང་སྲོང་གི་འདུག་སྟངས་བཅས་ལ་རང་གི་ལུས་ཀྱི་དབུས་སུ་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་དྭངས་ཤྀང་གསལ་ལ་རྙོགས་པ་དང་བྲལ་བར་གནས་པའི་ལྟེ་བར་པདྨ་འདབ་མ་བཞི་པའི་དབུས་སུ་ཨ་ཐུང་གི་རྣམ་པ་དང༌། ཡར་སྣེ་ཧྃ་ཡིག་དཀར་པོ་མགོ་ཐུར་བསྟན་གྱི་རྣམ་པ་གསལ་བཏབ་ལ། རླུང་རོ་ལན་གསུམ་བསལ། སྟེང་རླུང་དལ་བར་རྔུབ་པ་དང༌། འོག་རླུང་གྱེན་དུ་འཐེན་པས་ལྟེ་བ་ཨ་ཐུང་རེག་བྱ་ཚ་བ་མེ་འབར་ལ་ཁད་ལ་ཕོག །མེ་དམར་ཁྱུག་གེ་འབར། སྤྱི་བོའི་ཧྃ་ལ་རེག་པས་བྱང་སེམས་བདེ་བའི་རྒྱུན་བབས་པ་ཨ་ཐུང་ལ་རེག་པས་སླར་ཡང་མེ་ཆེར་འབར། ཁམས་སྙིགས་མ་དང་བག་ཆགས་ཐམས་ཅད་བསྲེགས་དྭངས་མས་རྩ་གནས་ཐམས་ཅད་ལ་ཁྱབ་པར་དམིགས། བདེ་བ་སྐྱེས་པ་ན་བདེ་སྟོང་གི་ངང་དུ་བཞག་པའོ། །གཉིས་པ་ནི། ལོངས་སྐུ་གླང་པོ་ཆེའི་འདུག་སྟངས་བྱས་ལ་ལྟེ་བ་པདྨའི་དབུས་སུ་ཨ་དཀར་པོ་གཅིག་དང༌། སྤྱི་བོར་ཨ་དཀར་པོ་བསྒོམ་ལ་དེ་གཉིས་ཀྱི་བར་དབུ་མའི་ལམ་དུ་ཨ་ཉེར་གཅིག་གསལ་བར་བསྒོམ་ལ་སེམས་བཟུང༌། གཉིད་དུ་འགྲོ་ཁར་དེ་རྣམས་རིམ་པ་བཞིན་སྙིང་གའི་ཨ་ལ་ཐིམ་སྟེ་དེ་ལ་སེམས་གནས་པའི་ངང་དུ་གཉིད་ལོག་ན་འོད་གསལ་འཆར་བ་སོགས་གནད་དམ་པ་ཡིན་ནོ། | |||
།གསུམ་པ་ནི། ཆོས་སྐུ་སེངྒེའི་འདུག་སྟངས་བྱས་ནས་མིག་བར་སྣང་ལ་གཏད། ཐོ་རངས་ལངས་མ་ཐག་ཧ་ཞེས་གསུམ་བུས་པས་སྙིང་གའི་ཨ་ལས་ཨ་གཅིག་ཆད་དབུ་མ་ནས་ཡར་སོང༌། ཚངས་བུག་ནས་རྒྱངས་ཀྱིས་ཐོན། མདུན་དུ་ཨ་དཀར་སེར་དམར་ལྗང་མཐིང་ག་ལྔ་སྦྲེལ་ལམ་ཡར་གྱེན་དུ་ལྔ་བརྩེགས་བསྒོམ་ལ་སེམས་གཏད་པར་བྱའོ། །གསུམ་པ་མཐའ་རྟེན་གྱི་མན་ངག་ནི། མི་འགུལ་བ་གསུམ་གྱིས་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་བཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདེངས་བཞིའི་གྲོལ་ཚད་བསྟན་པའོ། །དང་པོ་ནི་ལུས་བཞུགས་སྟངས་གསུམ་ལས་མི་འགུལ་མིག་གཟིགས་སྟངས་གསུམ་ལས་མི་འགུལ། རིག་པ་འོད་གསལ་གྱི་སྣང་བ་ལས་མི་འགུལ་བའོ། །གཉིས་པ་ནི། ཕྱི་སྣང་བ་བསྐྱོད་བྱེད་ཀྱི་རླུང་ཟད་པས་དབྱིངས་རིག་འགྲོ་འོང་མེད་པར་སྡོད། ནང་ཕུང་པོ་བསྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་གཡོ་འགུལ་མེད་པར་སྡོད། གསང་བ་རྟོག་པ་བསྐྱོད་བྱེད་ཀྱི་རླུང་ཟད་པས་དབྱིངས་རིག་དབྱེར་མེད་ཀྱི་ངང་དུ་སྡོད་པའོ། །གསུམ་པ་ནི། ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་བ་ཞིང་ཁམས་སུ་གྲོལ། ནང་སྒྱུ་ལུས་ལ་དབང་ཐོབ་པས་གདོས་བཅས་འོད་གསལ་དུ་གྲོལ། གསང་བ་རིག་པ་ལ་དབང་ཐོབ་པས་རླུང་སེམས་ཀྱི་འཁྲུལ་པ་ཟད་དེ། དོན་གྱི་འབྲས་བུ་ལ་དབང་ཐོབ་རུང་ཉེ་བར་གནས་པའོ། །བཞི་པ་ལ། ཡར་གྱི་གདེངས་གཉིས་ནི། མྱང་འདས་ཀྱི་ཡོན་ཏན་ཐོས་ཀྱང་ཐོབ་ཏུ་རེ་བ་དང༌། མ་ཐོབ་པའི་དྭོགས་པ་མེད་དེ་རང་རིག་ལས་གཞན་པའི་སངས་རྒྱས་གུད་ན་བཙལ་དུ་མེད་པར་རྟོགས་པའི་ཕྱིར་རོ། །མར་གྱི་གདེངས་གཉིས་ནི། རིགས་དྲུག་གི་སྡུག་བསྔལ་ཐོས་ཀྱང་མི་ལྟུང་དུ་རེ་བ་དང༌། ལྟུང་བའི་དྭོགས་པ་མེད་དེ་རང་རིག་ཡེ་གདོད་མ་ནས་འཁྲུལ་པ་མེད་པར་ཐག་ཆོད་པའི་ཕྱིར་རོ། །གཉིས་པ་དབང་པོ་འབྲིང་བར་དོར་གྲོལ་བའི་གདམས་ངག་ལ་བཞི་ལས། དང་པོ་རང་བཞིན་སྐྱེ་གནས་ཀྱི་བར་དོ་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་ཚུལ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་གདམས་ངག་ནི། བླ་མ་དམ་པ་ལ་བརྟེན་ནས་དེས་བསྟན་པའི་གདམས་ངག་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་དེ་བསྒོམ་པས་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པར་བྱས་ནས་གྲོལ་བའོ། །གཉིས་པ་འཆི་ཀའི་བར་དོ་སྒེག་མོ་མེ་ལོང་ལ་བལྟ་བ་ལྟ་བུའི་གདམས་ངག་ནི། སྔར་བསྒོམ་པའི་གདམས་ངག་རྣམས་སྐབས་འདིར་རང་གིས་གསལ་བཏབ་པའམ། མི་ནུས་ན་གཞན་ཞིག་ལ་བརྗོད་དུ་བཅུག་པས་གསལ་གདབ་པར་བྱ་སྟེ། གསལ་གདབ་ཚུལ་འཆི་བ་འོད་གསལ་དང་རྗེས་མཐུན་གྱི་ཐིམ་རིམ་རྣམས་བྱུང་བའི་ཚེ། ད་ལྟའི་འོད་གསལ་འདི་རང་བྱུང་གི་ཡེ་ཤེས་ཡིན་པས་དེའི་ངང་ལ་མ་བཅོས་པར་ཞོག་ཅིག་ཅེས་སོགས་ཀྱིས་གསལ་བཏབ་པས་རིག་པ་སྟོང་གསལ་གྱི་ངང་དུ་བཞག་པས་འོད་གསལ་མ་བུ་འཕྲོད་དེ་ཚེས་བཅོ་ལྔའི་ཉི་མ་ནུབ་པ་དང་ཟླ་བ་ཤར་བ་དུས་མཉམ་པ་ལྟར་གྲོལ་བར་འགྱུར་རོ། །གསུམ་པ་ཆོས་ཉིད་ཀྱི་བར་དོ་རང་སྣང་ལ་ཡིད་ཆེས་པ་མ་སྤང་དུ་བུ་འཇུག་པ་ལྟ་བུ་ནི། གཞི་ལས་འཕགས་པའི་ཆོས་ཉིད་ཀྱི་སྣང་བ་བར་དོ་འོད་དང་ཐིག་ལེ་ཞི་འདི་ནས་་་་ཁྲོ༵འི་ཚོམ་བུ་ཟེར་ཐག་སྒྲ་སྐད་སྣ་ཚོགས་སུ་ཤར་བ་ཐམས་ཅད་རང་སྣང་ལས་གཞན་དུ་མེད་པར་ཡིད་ཆེས་ནས་མ་སྤང་དུ་བུ་འཇུག་པ་ལྟར་ངེས་པའི་ཤེས་པ་བརྟན་པོར་གནས་པས་སྐད་ཅིག་མ་དང་པོར་རང་ངོ་ཤེས། གཉིས་པར་ཤེས་ཐོག་ཏུ་གྲོལ། གསུམ་པར་གྲོལ་ཐོག་ཏུ་གནས་ནས་ཀ་དག་གི་དབྱིངས་སུ་ཐིམ་པར་འགྱུར་རོ། །བཞི་པ་སྲིད་པ་བར་དོ་འཁྲུལ་སྣང་ལམ་དུ་ཁྱེར་བའི་གདམས་ངག་ནི། དེར་མ་གྲོལ་བར་བར་དོའི་ཡིད་ལུས་གྲུབ་སྟེ་སྲིད་པ་བར་དོ་སྔར་གྱི་བག་ཆགས་དང་ལོག་པའི་འཁྲུལ་སྣང་སྣ་ཚོགས་པས་གཡེང་བའི་ཚེ་ནའང་སྔ་མའི་གདམས་ངག་རྣམས་དྲན་པར་བྱས་ལ། བླ་མའི་མོས་གུས། སྒྱུ་མའི་ཏིང་འཛིན། བསྐྱེད་རྫོགས་ཟུང་འཇུག་གང་ལ་གོམས་པ་དེའི་དྲན་ཤེས་དང་རིག་པ་ཡེངས་མེད་བྱས་པས་གྲོལ་བར་འགྱུར་རོ། །དོན་གསུམ་པ་ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་པ་ནི། ཆོས་འདིའི་སྒོ་མཐོང་ཡང་བརྟན་པ་མ་ཐོབ་པས་བར་དོའི་གྲོལ་ཚད་དང་མི་ལྡན་པ་རྣམས་མིང་གཞི་འདུས་པའི་ཕུང་པོ་བརྫུས་སྐྱེས་ཡིད་ཀྱི་ལུས་སུ་གྲུབ་ནས། འཁྲུལ་སྣང་ཅིར་ཡང་སྲིད་པའི་བར་དོ་ལ་འཁྲུལ་པ་རྨི་ལམ་ཙམ་དུ་ཤར་ནའང༌། ཆོས་འདི་ལ་ཐེ་ཚོམ་མེད་པའི་མོས་པ་དང་དམ་ཚིག་ཤིན་ཏུ་རྣམ་པར་དག་པས་རྩ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་རྗེའི་སྟོབས་ལས་བར་དོ་རང་ངོ་ཤེས་ཏེ་སྤྲུལ་པ་སྐུའི་ཞིང་ཡིད་ལ་བྱས་པས་རྨི་ལམ་སད་པའི་ཆ་ཙམ་ལ་མངོན་དགའ་སོགས་དག་པའི་ཞིང་དུ་པདྨོ་ལས་བརྫུས་ཏེ་སྐྱེས། དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་མཐོང་ཞིང་གསུངས་ཐོས། དབང་དང་ལུང་ནོད་དབུགས་དབྱུང་ལུང་བསྟན་གཟེངས་བསྟོད་རྣམས་རིམ་གྱིས་ཐོབ་ནས་ཉོན་ཤེས་ཀྱི་སྒྲིབ་པ་སྤངས་ཏེ་གདོད་མའི་ས་ལ་གྲོལ་བར་འགྱུར་བར་གསུངས་སོ། །གསུམ་པ་འབྲས་བུ་སྒྲུབ་ཚུལ་གྱིས་འཇུག་བསྡུ་བ་ནི། སླར་ཡང་འཁྲུལ་པའི་གཞི་ལས་འཕགས༔ གཞི་སྣང་ཡེ་ཤེས་ཆེན་པོའི་སྐུ༔ རྟག་པ་དང་ནི་ཁྱབ་པ་དང་༔ ལྷུན་གྱིས་གྲུབ་པའི་ཕྲིན་ལས་ནི༔ འགྲོ་བའི་དོན་དུ་རང་ཤར་ན༔ རྡོ་རྗེ་གཞོན་ནུ་དགོངས་པའི་གདེངས༔ གྲུབ་པ་མཐའ་རུ་ཕྱིན་པའོ༔ ཅེས་གསུངས་ཏེ། གནས་སྐབས་གཞི་རང་ངོ་མ་ཤེས་པས་འཁྲུལ་པ་གློ་བུར་བས་བསླུས་ཏེ་འཁོར་བར་འཁྱམས་ཀྱང༌། གོང་དུ་བཤད་པའི་རིམ་པ་ལྟར་ལྟ་བས་ཐག་བཅད་སྒོམ་པས་ཉམས་སུ་བླངས་པ་ལ་བརྟེན་ནས་དབང་པོ་རབ་འབྲིང་ཐ་མའི་གྲོལ་ཚུལ་ལྟར་སླར་ཡང་འཁྲུལ་པའི་གཞི་ལས་འཕགས་ཏེ། གྲོལ་གཞི་རིག་སྟོང་ཟུང་འཇུག་རང་སྣང་ཡེ་ཤེས་ཆེན་པོའི་གོ་འཕང་སྐུ་གསུམ་དབྱེར་མེད་མངོན་བྱང་ཡེ་ཤེས་ལྔའི་རང་བཞིན། རང་ངོར་སྐད་ཅིག་གིས་སྐྱེ་འགགས་དང་བྲལ་བས་རྟག་པ། འཁོར་འདས་རིས་སུ་མ་ཆད་པས་ཁྱབ་པ། རྣམ་རྟོག་དང་ཀུན་སློང་དང་འབད་རྩོལ་མི་མངའ་བས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་སྐུ་དང་གསུངས་འབྱམས་ཀླས་པར་མ་དག་འགྲོ་བའི་དོན་དུ་རང་ཤར་བ་སྟེ། དེ་ལྟ་བུའི་གོ་འཕང་མངོན་དུ་གྱུར་པའི་ཚེ་ན། ལམ་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་གྲུབ་འབྲས་མཐར་ཐུག་པ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་དང་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དགོངས་པའི་གདེངས་ཆེན་པོ་རང་སྣང་དག་པ་རབ་འབྱམས་ཀྱི་དཀྱིལ་འཁོར་ལ་དབང་བསྒྱུར་ཤིང་སྣང་སྲིད་ཐམས་ཅད་ཐུགས་རིག་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེན་པོའི་ཀློང་དུ་གྲུབ་པ་མཐར་ཕྱིན་པ་སྟེ་མི་སློབ་ཟུང་འཇུག་གི་གཤིས་མངོན་དུ་གྱུར་པ་ཞེས་བྱའོ། །སླར་སྨྲས་པ་་་་བར་ཞལ་གསབ། །རྒྱལ་བ་ཀུན་གྱི་གསང་གསུམ་སྒྱུ་མའི་གར། །གང་འདུལ་ཅིར་ཡང་སྣང་ཞིང་གསང་ཆེན་གྱི། །བསྟན་པའི་ཉི་མ་འགྲོ་ལ་གསལ་མཛད་པའི། །དཔལ་ལྡན་བླ་མ་སྙིང་དབུས་པདྨོར་འདུད། །གང་གི་རྡོ་རྗེའི་དགོངས་དོན་ཟབ་མོའི་གནད། །རང་ལ་ཇི་བཞིན་དབྱེ་བའི་མཐུ་མེད་ཀྱང༌། །གསང་བདག་སྨྲ་བའི་སེངྒེའི་ལེགས་བཤད་ཀྱི། །དམ་ཆོས་བདུད་རྩི་ཐོབ་པའི་མཐུ་ལས་རྙེད། །རྒྱལ་དང་དེ་སྲས་ཀུན་གྱི་ཆོས་ཀྱི་སྡེ། །ཇི་སྙེད་གསུངས་པའི་མན་ངག་སྙིང་པོའི་བཅུད། །འདི་ལས་ལྷག་པའི་ཟབ་ལམ་གཞན་ཡོད་ཅེས། །མཁས་གྲུབ་བྱེ་བས་སྨྲས་ཀྱང་ཐེ་ཚོམ་བྲལ། །གཞན་ཟེར་ཚིག་དང་རྟོག་གེའི་དཔྱད་པ་ཡིས། །བཅོས་བསླད་བྲལ་བའི་རྒྱུད་ལུང་དགོངས་པའི་དོན། །འཁྲུལ་མེད་སྨྲ་བའི་རྗེ་བཙུན་བླ་མ་ཡི། །ཟབ་གསང་བདུད་རྩི་འཐུང་བའི་སྐལ་བཟང་ཐོབ། །བདག་ནི་དེང་བཟུང་བྱང་ཆུབ་སྙིང་པོའི་བར། །བླ་མས་རྗེས་བཟུང་དེས་གསུངས་ཟབ་ལམ་གྱིས། །མིག་འཁྲུལ་ལྟ་བུར་ལམ་མཆོག་མྱུར་བསྒྲོད་ནས། །འབྲས་བུ་རྡོ་རྗེ་གཞོན་ནུ་མངོན་གྱུར་ཅིག །དགེ་འདིས་བླ་མའི་ཞབས་པད་ཡུན་དུ་བརྟན། །བཤད་སྒྲུབ་བསྟན་པ་ནམ་མཁའི་མཐའ་བཞིན་ཁྱབ། །དེ་འཛིན་ཚོགས་རྣམས་སྐུ་ཚེ་རབ་བརྟན་ཅིང༌། །མ་ལུས་འགྲོ་ཀུན་གདོད་མའི་སར་ཕྱིན་ཤོག །ཅེས་སྙན་རྒྱུད་རྡོ་རྗེ་ཕུར་པའི་དབང་ཁྲིད་མཐའ་དག་དམ་པ་གང་གི་དྲུང་ནས་སྔ་ཕྱི་ལན་མང་དུ་ཐོབ་པའི་སྐབས་རང་གི་ཉམས་ལེན་གྱི་གསོས་སུ་ཟིན་བྲིས་སུ་བཏབ་པ། སླད་ནས་བཀའ་དྲིན་མཚུངས་མེད་གང་གི་སྤྱན་སྔར་གཟིགས་འབུལ་ཞུས་ཤིང་དག་པར་བྱས་པ་འདི་ནི། ཀུན་གཟིགས་བླ་མ་རྡོ་རྗེ་གཟི་བརྗིད་རྩལ་གྱི་ཞབས་རྡུལ་སྤྱི་བོས་ལེན་པའི་སློབ་འབངས་ཡོངས་ཀྱི་བྲལ་མཐར་འཁོད་པ་ཉག་ཕྱོགས་ཀྱི་བནྡེ་པདྨ་ཡོན་ཏན་རྒྱ་མཚོས་བྲིས་པའི་དགེ་བས་འགྲོ་ཁམས་རྒྱ་མཚོ་དཔལ་རྡོ་རྗེ་གཞོན་ནུའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །སླད་ནས་ཕུན་ཚོགས་རྣམ་རྒྱལ་པས་གོང་འོག་ཏུ་མ་དཔེ་ལྡེབ་གཉིས་མ་ཚང་བའི་ཆད་གསབ་དང་བཅས་ཅུང་ཟད་གསལ་བར་བགྱིས་པའོ།། །། | |||
}} | }} |
Latest revision as of 14:48, 1 June 2024
🚧 This website is under continued development. We appreciate your patience!
Wylie title | rdo rje phur pa'i gnad tig gi khrid kyi zin bris bla ma'i man ngag ye shes snang ba | |
---|---|---|
Location | mkhyen brtse'i bka' babs Volume 20, Text 23, Pages 365-432 (Folios 1a to 34b2) | |
Author | པདྨ་ཡོན་ཏན་རྒྱ་མཚོ་ | |
Less details More details | ||
Tertön | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po) | |
Associated People | པྲ་བྷ་ཧསྟི་ (Prabhahasti) | |
Citation | pad+ma yon tan rgya mtsho. rdo rje phur pa'i gnad tig gi khrid kyi zin bris bla ma'i man ngag ye shes snang ba. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 20: 365-432. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013. | |
Genre | Notes - zin bris · Contemplative Guide Books and Instructional Manuals - khrid yig | |
Cycle | ཕྲིན་ལས་ཕུར་པའི་གནད་ཏིག་ (phrin las phur pa'i gnad tig) | |
Deity | rdo rje phur pa | |
Karchag page | JKW-KABAB-Volume-20-WA-Karchag | |
Colophon |
| |
|
Footnotes
Other Information
Categories:
- JKW-KABAB-20-WA-023
- Tibetan Publications
- Tibetan Texts
- mkhyen brtse'i bka' babs
- phrin las phur pa'i gnad tig
- rdo rje phur pa
- Notes - zin bris
- Contemplative Guide Books and Instructional Manuals - khrid yig
- pad+ma yon tan rgya mtsho
- phun tshogs rnam rgyal
- 'jam dbyangs mkhyen brtse'i dbang po
- Prabhahasti
- JKW-KABAB-Volume-20-WA
- Khyentse Lineage Project