SPCD-KABUM-02-KHA-017: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 9: Line 9:
|citation=[['phags mchog rdo rje]]. ''''. In ''Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che '', Vol. : .  Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
|citation=[['phags mchog rdo rje]]. ''''. In ''Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che '', Vol. : .  Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
|language=Tibetan
|language=Tibetan
|pagestatus=Temporary stub only
|volnumtib=
|volyigtib=ཁ་
|volumenumber=02
|volumenumber=02
|volumeLetter=KHA
|volumeLetter=KHA

Revision as of 13:27, 3 July 2024

Wylie title SPCD-KABUM-02-KHA-017.pdf
Location 'phags mchog bka' 'bum
Volume 2, Text 17, Pages (Folios to )
Author འཕགས་མཆོག་རྡོ་རྗེ་
Less details More details
Citation 'phags mchog rdo rje. '. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. : . Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre
[edit]

༄༅། །གསོལ་འདེབས་མོས་གུས་མ་བཞུགས་སོ།།

མོས་གུས་སྙིང་ནས་སྐྱེས་མཁན་ཡིན་ན། བླ་མ་མཁྱེན་ནོ། །ལན་གསུམ་དང་འདི་ལྟར་བརྗོད་པར་བྱ་སྟེ། གླིང་བཞི་མཐའ་འཁོབ་དག་ལས་ཡུལ་གྱི་དབུས། །མི་ལུས་ཁྱད་འཕགས་གསང་སྔགས་བླ་མ་མཇལ། །དལ་རྟེན་ཕུན་ཚོགས་ཡིད་བཞིན་ནོར་ལས་ལྷག །སྙིང་པོའི་སྙིང་པོ་ལོན་ལ་གསོལ་བ་འདེབས། །ཕྱི་ནང་བར་གསུམ་རྟག་བརྟན་འགའ་ཡང་མེད། །སྒྱུ་མའི་ལུས་འདིར་སྙིང་པོ་ལྷག་པར་མེད། །ཟས་གོས་ནོར་ལ་ཞེན་པའི་བསགས་སྲུང་སོགས། །ཚེ་འདིའི་འཁྲི་བ་ཆོད་ལ་གསོལ་བ་འདེབས། །དཀར་ནག་ལས་འབྲས་ཆེ་ཕྲ་བསླུ་བ་མེད། །བདེ་སྡུག་ལུས་སེམས་འདི་ཐོག་རག་ལས་བཞིན། །འཇིག་རྟེན་ཆོས་བརྒྱད་དུག་དང་མ་འདྲེས་པར། །དགེ་སྡིག་བླང་དོར་ཞིབ་ལ་གསོལ་བ་འདེབས། །སྙིགས་མའི་ལས་འབྲས་ངན་ལ་གོམས་སྟོབས་ཀྱིས། །མཐོ་རིས་གསུམ་ཡང་བདེ་བའི་འབྱོར་བ་ཆུང་། །ངན་སོང་གསུམ་ནི་སྡུག་བསྔལ་ཁོ་ནས་འདའ། །ཐར་ལམ་མྱུར་དུ་བགྲོད་ལ་གསོལ་བ་འདེབས། །སྔོན་བསགས་དགེ་བའི་ལས་ཀྱི་འཕྲོ་སད་པས། །ཐོས་བསམ་སྒོམ་པའི་ཤེས་རབ་ངང་གིས་རྒྱས། །དཀའ་སྤྱད་བརྩོན་འགྲུས་ཉིན་མཚན་དུས་ཀྱིས་འདའ། །ལུས་སྲོག་འབེན་དུ་འཛུག་ལ་གསོལ་བ་འདེབས། །དཔལ་ལྡན་བླ་མའི་བཀའ་དྲིན་ཕ་མཐའ་ཡས། །སངས་རྒྱས་ཀུན་དངོས་མཐོང་བའི་དག་སྣང་གིས། །བཟོད་མེད་མོས་གུས་དྲག་པོ་སྙིང་ནས་འབར། །རྟོགས་པའི་རྩལ་ཆེན་རྫོགས་ལ་གསོལ་བ་འདེབས། །གཟུང་འཛིན་སེམས་ཀྱི་སྤྲོས་པ་ཉེར་ཞི་ཡང་། །མཁྱེན་སྤྱོད་སྒྱུ་མ་ལྟ་བུར་ཐོགས་རྡུགས་མེད། །ལོངས་སྤྱོད་རྒྱ་མཚོའི་ངང་དུ་འདའ་གྱུར་ཀྱང་། །འཛིན་པའི་རྡུལ་མི་ལེན་ལ་གསོལ་བ་འདེབས། །སེམས་ཉིད་གཞི་མེད་རྩ་བྲལ་འགྲོ་འོང་བྲལ། །སྣང་སྟོང་གཉིས་མེད་དག་པ་རབ་འབྱམས་ཤིང་། །བྱ་སྤྱོད་མེད་པ་ལས་ཀྱི་མཆོག་ཏུ་གྲུབ། །ཐམས་ཅད་དབྱིངས་གཅིག་གྱུར་ལ་གསོལ་བ་འདེབས། །ཡང་གསང་བླ་ན་མེད་པའི་མན་ངག་གི། །ཐོག་མའི་གྲོལ་འཁྲུལ་གཞི་ལ་དེངས་ཕྱིན་པས། །སླར་ནི་བར་དོའི་མིང་ཡང་མི་གྲགས་པར། །དགོངས་པའི་བཙན་ས་ཟིན་ལ་གསོལ་བ་འདེབས། །ཚད་མེད་བཞི་དང་བྱང་ཆུབ་སེམས་གཉིས་འབྱོངས། །སྙིགས་མའི་བསྟན་དང་འགྲོ་རྣམས་ཕན་བདེའི་ཕྱིར། །དགེ་བའི་ཕྲིན་ལས་དངོས་བརྒྱུད་བར་གསུམ་སྤེལ། །ལྷག་བསམ་ཁུར་ཆེན་འདེགས་ལ་གསོལ་བ་འདེབས། །ཁྱད་པར་ཆོས་ཕུང་རྒྱ་མཚོའི་སྙིང་པོའི་ནོར། །རང་སེམས་གཞི་ཡི་གནས་ལུགས་རྟོགས་བྱའི་ཕྱིར། །ཉམས་མྱོང་ལྡན་ངེས་མན་ངག་ཟབ་མོ་ཡིས། །ཐར་ལམ་མངོན་སུམ་སྟོན་ལ་གསོལ་བ་འདེབས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སོགས། །མི་ཕྱེད་དད་པས་དག་པའི་སྣང་ངོ་ལ། །ཞལ་གཟིགས་ལུང་བསྟན་ཕྲིན་ལས་དངོས་གྲུབ་སྩོལ། །ལེགས་ཚོགས་འཕེལ་ཞིང་ཉེས་ཀུན་ཞི་གྱུར་པའི། །མཆོག་ཐུན་དངོས་གྲུབ་བརྙེས་ལ་གསོལ་བ་འདེབས། །མི་མཁས་མཁས་རློམ་མི་བདེན་བདེན་པར་བཟུང་། །བདེ་བའི་རྒྱུ་འབྲས་ཆོས་ལ་རྒྱབ་ཕྱོགས་ནས། །སྡུག་བསྔལ་ཟད་རེ་བདེ་བ་ཐོབ་ཏུ་རེ། །ཟིན་པའི་དུས་མེད་སྐྱེ་འཆིས་དུས་འདའ་བས། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །འཁོར་བའི་གྲོང་ལས་བརྒལ་བར་བྱིན་གྱིས་རློབས། །འདིར་སྣང་ཆོས་བརྒྱད་སྒྱུ་མའི་བསླུ་བྲིད་མཁས། །ཆོས་སྒོར་ཞུགས་ཀྱང་བསམ་སྦྱོར་རྩེ་གཉིས་འགྱུར། །དལ་ཁོམ་རེས་འགའ་དགེ་སྡིག་འདྲ་འདྲེས་ཀྱིས། །ཡང་དག་དགེ་བ་འགྲུབ་དུས་མི་གདའ་བས། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །ཆོས་བརྒྱད་འཁྲི་བ་ཆོད་པར་བྱིན་གྱིས་རློབས། །འཆི་ནད་དྲག་པོས་ལུས་སེམས་འབྲལ་ནུས་སམ། །སྒྲ་འོད་ཟེར་སོགས་མི་འཇིགས་གདེང་ཡོད་དམ། །ཚ་གྲང་ལྟོགས་སྐོམ་བཀོལ་སྤྱོད་མྱོང་ནུས་སམ། །ཤུགས་དྲག་བར་མེད་ཡུན་རིང་བཟོད་ནུས་སམ། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །སྐྱེ་འཆི་རང་དབང་འདུས་པར་བྱིན་གྱིས་རློབས། །ལུས་ལ་གཅེས་པར་མ་སྤྲས་འདོར་རྒྱུ་ཡིན། །རྒྱུ་ནོར་བསགས་སྲུང་མ་བྱེད་འབྲལ་ལ་ཉེ། །དགྲ་གཉེན་ཆགས་སྡང་མ་གསོག་ངེས་ངེས་མེད། །ཀུན་ངོ་ཟིན་ཀྱང་གཅིག་ངོ་ཟིན་དུས་མེད། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །སྐྱོ་ཤས་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས། །ཇི་ཙམ་བདེ་སྐྱིད་ལྡན་ཀྱང་ངོམས་དུས་མེད། །སྡུག་པའི་རྣམ་གྲངས་མྱོང་ཡང་ཟད་དུས་མེད། །སྐྱིད་ན་བདེ་བ་རྒྱས་ཤིང་དྲེགས་པ་འཕེལ། །སྡུག་ན་ཞུམ་པ་འཁུམ་ཞིང་བདེ་བ་ཚོལ། །ལས་ལ་ཟིན་མེད་ཆུ་ཡི་རི་མོ་འདྲ། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །དགོས་མེད་ཆོག་ཤེས་བརྟན་པར་བྱིན་གྱིས་རློབས། །སྒོ་ལྔའི་ཡུལ་ལ་འཛིན་སེམས་ཐག་བཞིན་འབྲེང་། །ཅི་བྱ་འདི་བྱས་མེད་པར་ལས་ཀྱིས་བྲེལ། །རྣམ་གཡེང་ངང་དུ་མི་ཚེ་ཅི་ཆོད་བྱེད། །ངེས་པར་བརྟགས་ན་སྨྱོན་པའི་ངང་ཚུལ་འདྲ། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །རང་སེམས་ཁོང་དུ་ཆུད་པར་བྱིན་གྱིས་རློབས། །སྔོན་བྱོན་རྒྱལ་བ་སྲས་དང་སློབ་མར་བཅས། །རང་དོན་འགྲུབ་ནས་གཞན་དོན་ཤུགས་ཀྱིས་རྡོལ། །དེང་སང་ཕལ་ཆེའི་རང་དོན་ཆར་མ་གཏོགས། །གཞན་ཕན་མི་འབྱུང་རི་མོའི་མར་མེ་བཞིན། །རང་དོན་མི་འགྲུབ་འཆི་དུས་འཁྲུལ་མཁན་མང་། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །དང་པོ་རང་རྒྱུད་དུལ་བར་བྱིན་གྱིས་རློབས། །དལ་རྟེན་ཐོབ་ཀྱང་མི་རྟག་རང་བཞིན་དང་། །འཁོར་བའི་ཉེས་དམིགས་རྒྱུ་འབྲས་བསླུ་མེད་སོགས། །དགེ་སྡིག་སྐྱོན་ཡོན་ཚུལ་བཞིན་ཤེས་པ་དང་། །ཁྱད་པར་བདག་མེད་རྣམ་གཉིས་དོན་མཐོང་ནས། །རང་དོན་ཞི་བདེ་གཞན་དོན་བློས་བཏང་ན། །དེ་ལས་འཇིག་རྟེན་ཁམས་འདིར་ཁྲེལ་མེད་སུ། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །གཞན་ཕན་ལྷག་བསམ་ལྡན་པར་བྱིན་གྱིས་རློབས། །མི་ལུས་ཐོབ་པ་ཆོས་ཀྱི་བསོད་ནམས་ཡིན། །སྡིག་པའི་ཕྱོགས་ལ་བློ་འདི་ཅིའི་ཕྱིར་འཇུག །དབང་པོའི་སྒོ་དང་རྣམ་ཤེས་ཁྱད་པར་འཕགས། །ཐ་མལ་དུད་འགྲོ་བཞིན་དུ་འཆི་ནུས་སམ། །སྒོ་གསུམ་རང་དབང་ཡོད་དུས་མི་བསྒྲུབ་པར། །ངན་སོང་འཁོར་བའི་བྲན་དུ་བཀོལ་ནུས་སམ། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །ཤེས་པ་རྣལ་དུ་ཕེབས་པར་བྱིན་གྱིས་རློབས། །རང་དོན་མི་འགྲུབ་ཐ་མལ་འཆི་ནུས་སམ། །གཞན་ཕན་མི་བསྒྲུབ་བློ་འདིས་གཏོང་ནུས་སམ། །མི་ལུས་ཐོབ་ནས་རང་སེམས་འཁྲུལ་ནུས་སམ། །དོན་མེད་བྱ་བས་གཏན་དོན་བརླག་ནུས་སམ། །དལ་རྟེན་ཁྱད་འཕགས་ལུས་ངན་བརྗེ་ནུས་སམ། །རྣམ་གཡེང་ངང་དེར་མི་ཚེ་ཟད་ནུས་སམ། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །དོན་གཉིས་ལྷག་པར་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདིའི་རྒྱུ་ནོར་སྙན་གྲགས་ཐོབ་ཐང་སོགས། །ཅུང་ཟད་མེད་པ་ཐ་མལ་ལས་ཞན་ཀྱང་། །དགོས་ངེས་དམ་ཆོས་ཡོང་ངེས་འཆི་བའི་སྐབས། །རང་གིས་རང་ཉིད་ངེས་པར་མི་བསླུ་བར། །གདམས་པའི་རིམ་པ་གོ་མྱོང་རྟོགས་གསུམ་གྱིས། །སེམས་རྒྱུད་གྲོལ་བ་ཐོབ་ན་ཅི་མ་རུང་། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །བར་དོའི་འཇིགས་སྐྲག་ཞི་བར་བྱིན་གྱིས་རློབས། །རྟོགས་པའི་གྲོགས་སུ་སྤྱོད་པ་མ་གྱུར་པར། །ཕྱེ་ལེབ་མར་མེས་བསླུས་བཞིན་འབྱུང་སྲིད་པས། །ཚེ་འདིའི་བདེ་བ་ཅུང་ཟད་ཡོང་བརླམས་ནས། །གཏན་གྱི་བདེ་བའི་ལས་འབྲས་བརླག་བྱེད་མཁན། །སྡིག་གྲོགས་རྣམས་ཀྱིས་ཆོས་མིན་ལམ་དུ་བསྒྱུར། །མི་ཚངས་སྤྱོད་སོགས་རིང་དུ་སྤང་བར་བྱ། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །འགལ་རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས། །དཀར་ནག་ལས་ཀྱིས་འགྲོ་ཀུན་རྣམ་པར་སྨིན། །བདེ་སྡུག་ལུས་སེམས་འདི་ཐོག་རག་ལས་བཞིན། །དགེ་སྡིག་བླང་དོར་ལས་ལ་མི་ཞིབ་པར། །བདེ་བ་འདོད་ཀྱང་མི་དགེའི་ལས་ལ་བརྩོན། །མི་ལུས་ཁྱད་འཕགས་བསམ་སྦྱོར་ཕྱིན་ཅི་ལོག །ཀྱེ་མ་མི་ཟད་གདོན་འདི་སུ་ཡིས་བགོས། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །དགེ་སྡིག་བླང་དོར་ཞིབ་པར་བྱིན་གྱིས་རློབས། །རི་ཁྲོད་དགོན་དང་སྡེ་འབངས་འགོ་འཛིན་བྱེད། །དགྲ་འདུལ་གཉེན་སྐྱོང་གྱོད་ཀྱི་འཁོར་ལོ་བསྐོར། །ཚོང་དང་ཁེ་སྤོག་གདུལ་བྱ་ལྡོམ་བུ་དང་། །ཆོ་ག་ཆོས་སྤྱོད་ཚོགས་འདུ་བསྒྲིག་ཁྲིམས་དང་། །ཐུན་མོང་ཕྱི་ཡི་རིག་གནས་སློབ་གཉེར་སོགས། །མདོར་ན་སྒོ་གསུམ་རྣམ་པར་གཡེང་བ་ཀུན། །གནས་ལུགས་དོན་ལ་ཕྱོགས་ཙམ་མ་ཉེ་བས། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །སྤྲོས་པ་ཡོངས་སུ་ཆོད་པར་བྱིན་གྱིས་རློབས། །ཚེ་འདིའི་སྣང་བ་དཀར་དམར་བསླུ་བྲིད་མཁས། །དགེ་བའི་ཕྱོགས་ལ་བཤོལ་འདེབས་བྱེད་མཁས་མང་། །ཆོས་མིན་རིགས་ལ་གོམས་ཆ་ཤུགས་ཀྱིས་འབྱོངས། །དགེ་བ་གང་འགྲུབ་ཆུད་ཟོས་བཏང་མཁན་མང་། །བར་མ་དོ་རུ་མི་ཚེ་ཆ་མེད་ཟད། །དོན་གཉིས་ཅི་འགྲུབ་མེད་པ་མདོ་སྟོར་ནས། །ཆོས་པ་ཕལ་ཆེར་ཐ་མའི་གྲལ་དུ་འཆི། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །སྙིང་ནས་སྙིང་པོ་ལོན་པར་བྱིན་གྱིས་རློབས། །ཆོས་པའི་ཕྱི་རྟགས་མི་ཡིས་མ་ཚོར་བར། །ནང་རྟགས་རང་རྒྱུད་ཉོན་མོངས་ཐུལ་བ་གནད། །བཤད་ཡམ་ཚིག་གི་རྣམ་པ་མི་བཀྲ་ཡང་། །ཉམས་མྱོང་ཟབ་མོ་སེམས་ཐོག་འབེབ་པ་གནད། །ཐོས་བསམ་ཚིག་གི་ཚིག་མཐའ་མ་ཆོད་ཀྱང་། །སྒོམ་པའི་ངང་བསྲིང་མོས་གུས་བསྐྱེད་པ་གནད། །ཚེ་འདི་བློས་ཐོངས་ཆོས་མཐར་ཕྱིན་པ་གནད། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །ཉམས་མྱོང་རྡོ་རུས་ཐུག་པར་བྱིན་གྱིས་རློབས། །ཚེ་འདིར་དོན་གཉེར་ཆོས་དང་འཇིག་རྟེན་བསྲེ། །ཆོས་ལྟར་བཤད་ཡམ་འདོན་ཀྱང་རང་རྒྱུད་འཛོལ། །རྒྱུ་ནོར་བདག་འདོད་ཆེ་བས་ཆོག་མི་ཤེས། །འཁོར་སློབ་སྙན་གྲགས་འབྱོར་ཚོགས་རྒྱས་འདོད་དང་། །ང་རྒྱལ་ཆེ་ཞིང་ཕྲག་དོག་སྐུར་འདེབས་མཁན། །དགོས་ངེས་ཐོས་བསམ་སྒོམ་ལ་བརྩོན་འགྲུས་ཞན། །ཉམས་མྱོང་རྟོགས་པ་མི་ལྡན་སྙིང་རྗེས་དབུལ། །གཞན་ཕན་མི་འབྱུང་ཆོས་ཀྱི་ཚོང་དཔོན་འདྲ། །བྱ་སྤྱོད་ཆོས་ལྟར་འཆོས་མཁན་ཟོག་པོའི་རིགས། །ཐར་པ་འདོད་པས་རིང་དུ་སྤང་བར་བྱ། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །ཡང་དག་དེད་དཔོན་རྙེད་པར་བྱིན་གྱིས་རློབས། །ངེས་འབྱུང་སྐྱོ་ཤས་དད་པ་དོན་གཉེར་ཆུང་། །ཆོས་མིན་བྱ་བའི་རིགས་ལ་སྤྱང་གྲུང་འཛོམས། །ཚེ་འདིར་དོན་གཉེར་རྒྱུ་ནོར་རྩོལ་སྒྲུབ་མཁས། །སྡོམ་དང་དམ་ཚིག་རྒྱུ་འབྲས་འཆོལ་རྙོགས་སྤྱོད། །ཁ་མཁས་ལག་དམ་ངས་བྱས་སྡུག་ཡུས་ཆེ། །རང་འདོད་ངན་པས་སུ་དང་འགྲོགས་མི་ཤེས། །ཁོང་ཁྲོའི་ཚིག་རྩུབ་འབྱིན་ཅིང་ནང་དབྱེན་བྱེད། །དྲིན་ལན་མི་ཚོར་ཕན་ལན་གནོད་དུ་མཇལ། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །དེ་འདྲའི་སྣོད་མིན་སྤང་བར་བྱིན་གྱིས་རློབས། །ཚེ་འདི་རྒྱང་བསྲིང་ཕྱི་མའི་གཏན་དོན་གཉེར། །ཡང་དག་ཐོས་བསམ་སྒོམ་པའི་ནོར་གྱིས་ཕྱུག །འཆད་རྩོད་རྩོམ་པ་གང་ལ་ཐོགས་རྡུགས་མེད། །རྒྱལ་བ་གོང་མའི་དགོངས་བརྒྱུད་ཅིག་ཆར་འཕོས། །རང་དོན་རྟོགས་པའི་རྒྱལ་ས་ཡོངས་སུ་བརྙེས། །གཞན་ཕན་སྙིང་རྗེས་གང་ལ་གང་འདུལ་སྟོན། །ཁྱད་པར་སྨིན་གྲོལ་ཟབ་མོའི་ལམ་ལ་བཀོད། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །དགོངས་བརྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས། །བསྐལ་མང་ཚོགས་ཆེན་བསགས་ཤིང་ལས་འཕྲོ་ལྡན། །བསམ་རྒྱུ་བླ་མ་སྒྲུབ་རྒྱུ་ཆོས་ལས་མེད། །དད་དང་དག་སྣང་བློ་རྒྱ་རབ་ཏུ་ཡངས། །སྡོམ་དང་དམ་ཚིག་གཙང་ཞིང་སྙིང་རྗེ་ཆེ། །དབེན་པའི་རི་ལ་གཅིག་པུར་སྡོད་ཚུགས་ཟིན། །སྒོ་གསུམ་ཞི་ཞིང་དུལ་ལ་བྱ་བ་བྲལ། །དམ་པའི་ཆོས་ཕྱིར་ལུས་སྲོག་ཡལ་བར་དོར། །དཀའ་སྤྱད་བརྩོན་འགྲུས་ཤེས་རབ་ཕུན་སུམ་ཚོགས། །བླ་མ་མཁྱེན་ནོ་ཐུགས་རྗེས་གཟིགས། །གསང་སྔགས་སྣོད་མཆོག་རུང་བར་བྱིན་གྱིས་རློབས། །བརྒྱུད་ལྡན་བླ་མ་ཉམས་རྟོགས་བཅུད་ཀྱིས་འགེངས། །སྣོད་ལྡན་སློབ་མ་དད་དང་དག་སྣང་ཆེ། །བླ་སློབ་བར་དུ་བརྩེ་གདུང་རྒྱུན་ཆད་མེད། །འཇིག་རྟེན་ཁམས་འདིར་འབྲེལ་བ་ཆེ་ཤོས་ཡིན། །རྒྱལ་པོ་དང་ནི་དྲིན་ཆེན་ཕ་མ་ལས། །ཡང་དག་བྱམས་བརྩེས་སྐྱོང་མཁན་ཉིད་ལས་སུ། །དགེ་སྡིག་བླང་དོར་ཞིབ་ལ་མིག་འབྱེད་ཅིང་། །ཐར་ལམ་མ་ནོར་སྟོན་པའི་དེད་དཔོན་མཆོག །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །ཐུགས་ཡིད་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས། །གནས་སྐབས་འཇིགས་པ་ཅུང་ཟད་སྐྱོབ་ཕྱིར་དུ། །ཚེ་འདིའི་རྒྱལ་པོ་བློན་པོ་བཙན་པོ་རྣམས། །ཐོད་བཞིན་ཁུར་ནས་སྒོ་གསུམ་བྲན་དུ་བཀོལ། །རྒྱུ་ནོར་གཅེས་དགུ་དམར་དགུ་གང་ཡོད་ཀྱིས། །ཚེ་འདི་ངོ་མེད་ཕྱི་མ་འབྲས་མེད་པའི། །ཁྲལ་ཁྲིམས་འཇལ་བའི་དུས་ཀྱིས་འདའ་བྱེད་ན། །གནས་སྐབས་མཐར་ཐུག་སྡུག་བསྔལ་ཀུན་དང་བྲལ། །གཏན་གྱི་བདེ་བའི་གནས་ལ་འགོད་མཛད་པའི། །ཡང་དག་དགེ་བའི་བཤེས་གཉེན་ཅིས་མི་བསྟེན། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །བསོད་ནམས་ཚོགས་ཆེན་རྫོགས་པར་བྱིན་གྱིས་རློབས། །བཀའ་བཅག་སྐུ་བརྙས་ཐུགས་དཀྲུགས་ཅུང་མི་ཤོར། །མཉེས་པ་གསུམ་གྱིས་ཞབས་ཏོག་ཅི་འགྲུབ་བྱ། །འགལ་བར་གྱུར་ན་ཉེས་པ་ཀུན་ལས་ལྕི། །མཐུན་པར་འགྲུབ་ན་ལེགས་ཚོགས་ཀུན་གྱི་གཞི། །དེ་ཕྱིར་སྐྱོ་དུབ་གྱོང་འཁེང་མེད་པ་དང་། །ངོ་བསྟོད་ལྐོག་ལབ་ཨ་གསར་མི་བྱེད་པར། །དད་དང་མཉེན་ལྕུག་ལྡན་པའི་སྲི་ཞུ་དང་། །གཡོ་སྒྱུ་མེད་པའི་དྲང་སྐད་ལྷག་བསམ་བཅས། །དུས་རྣམ་ཀུན་ཏུ་བསྟེན་ལ་མཁས་པར་བྱ། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །དམ་ཚིག་ཚུལ་བཞིན་ལྡན་པར་བྱིན་གྱིས་རློབས། །བྱིས་པས་མེ་ལོང་གཟུགས་ལ་བླང་དོར་བྱེད། །ཨ་མས་བཞིན་ཕྱི་རྒད་པོས་མཉམ་པ་ལྟར། །ཐེག་དམན་པ་ནི་ཐབས་ཤེས་གཉིས་ཀས་རྨོངས། །ཡུལ་གྱི་རྣམ་པར་དགེ་སྡིག་བླང་དོར་བྱེད། །དེ་ལས་ཐབས་ཀྱིས་ཐེག་ཆེན་ཁྱད་པར་འཕགས། །ཕན་སེམས་ལྡན་ན་སྡིག་པའང་སྤྱོད་དུ་རུང་། །དེ་ལས་གསང་སྔགས་ཐབས་ཤེས་དབྱེར་མེད་འཕགས། །དགེ་སྡིག་སྐྱོན་ཡོན་གཞི་ནས་མ་གྲུབ་བཞིན། །ཐམས་ཅད་དག་མཉམ་ཆེན་པོར་ལམ་ཁྱེར་བྱ། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །སྡོམ་གསུམ་རྣམ་པ་ངེས་པར་བྱིན་གྱིས་རློབས། །ཡོངས་གྲགས་ལྟ་བ་ཆེན་པོ་རྣམ་གསུམ་ཡང་། །བཅོས་དང་མི་བཅོས་དེར་འཛིན་ཡོད་མེད་སོགས། །ས་ལམ་རིང་ཐུང་འབྲས་བུ་ཐོབ་སྔ་ཕྱི། །ཡོད་ཚུལ་མཁས་གྲུབ་དུ་མས་གསུངས་པའི་དོན། །དབུ་མ་པས་ནི་འཁྲུལ་རྐྱེན་ཡུལ་ལ་དཔྱད། །རིམ་གྱིས་བདེན་གཉིས་ཟུང་འཇུག་དབྱེར་མེད་སྒོམ། །ཕྱག་ཆེན་པས་ནི་འཁྲུལ་མཁན་སེམས་ལ་བལྟ། །རྣལ་འབྱོར་བཞི་ཡིས་སྒོམ་མེད་གཏན་དུ་འབེབས། །རྫོགས་ཆེན་པས་ནི་རིག་པ་རྐྱང་དེད་བྱེད། །སྐུ་གསུམ་སྣང་བའི་ཞིང་ལ་ལོངས་སུ་སྤྱོད། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །དགོངས་དོན་གཅིག་ཏུ་ལོན་པར་བྱིན་གྱིས་རློབས། །དགེ་སྡིག་ལུང་མ་བསྟན་སོགས་རྣམ་དབྱེ་ཞིང་། །ཡང་དག་ཆོས་དང་གང་ཟག་མཚམས་སྦྱོར་བྱེད། །ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །དཀོན་མཆོག་གསུམ་ལ་སྐྱབས་གནས་དམ་པར་བཅོལ། །སྒྲིབ་སྦྱོང་མཆོག་གྱུར་རྡོར་སེམས་སྒོམ་བཟླས་བྱ། །ཚོགས་ཆེན་རྫོགས་ཕྱིར་ཐབས་མཆོག་མཎྜལ་འབུལ། །བྱིན་རླབས་འཇུག་བྱེད་བླ་མར་དབང་བཞི་ཞུ། །རྒྱུ་ནོར་ལོངས་སྤྱོད་ཐམས་ཅད་བློས་བཏང་ནས། །ཚོགས་བསགས་སྒྲིབ་སྦྱོང་རིགས་ལ་སྙིང་ནས་འབད། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །ཚེ་རབས་སྡིག་སྒྲིབ་དག་པར་བྱིན་གྱིས་རློབས། །རྟེན་བཅས་རྟེན་མེད་དུ་མའི་ཞི་གནས་སྒྲུབས། །གནས་འགྱུའི་རྣམ་དབྱེ་ཕྱེད་ནས་ངང་རྒྱུན་སྐྱོང་། །ལམ་ལ་ཁྱེར་ནས་བཟང་ངན་རྐྱེན་དང་བསྲེ། །རིམ་གྱིས་ཉིན་མཚན་དབྱེར་མེད་གོམས་འདྲིས་བྱ། །སྒོམ་པ་མ་ལུས་ཀུན་གྱི་གཞི་གྱུར་ཡིན། །ཉོན་མོངས་རྟོག་ཚོགས་རགས་རྣམས་དལ་ཁོད་སྙོམས། །ཉམས་རྟོགས་ཡོན་ཏན་ཀུན་གྱི་འབྱུང་གནས་བྱེད། །བརྟན་ཆ་ཐོབ་ཅིང་རྩལ་ཆེན་ཤུགས་ཀྱིས་རྫོགས། །དེ་ཕྱིར་རང་སེམས་ཞི་གནས་གཅིག་ཏུ་བསྐྱིལ། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །རྟོག་ཚོགས་རྦ་རླབས་ཞི་བར་བྱིན་གྱིས་རློབས། །ཞི་བར་གནས་དང་རྟོག་པའི་དྭངས་སྙིགས་འབྱེད། །སྤྱན་དང་མངོན་ཤེས་རྫུ་འཕྲུལ་དུ་མ་འབྱུང་། །ཤེས་ཉམས་སྣང་ཉམས་བདེན་ཉམས་རྫུན་ཉམས་སོགས། །རྣལ་འབྱོར་དག་པའི་ཉམས་སྣང་ཅི་རིགས་འཆར། །བདེ་བར་འཛིན་ན་བཤིག་སྟེ་སྟོང་པར་སྒོམས། །རྟོག་མེད་ངང་དུ་འབྱམས་ན་འཛིན་ཞེན་སློངས། །ཉམས་སོགས་དགའ་བྲོད་སྐྱེ་དུས་འཆར་གཞིར་ལྟོས། །བདེ་གསལ་མི་རྟོག་ཉམས་ཀྱི་ཚད་རྣམས་རྫོགས། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །འཛིན་ཞེན་གེགས་རྣམས་སེལ་བར་བྱིན་གྱིས་རློབས། །ཞི་གནས་ཉམས་མྱོང་བསྐྱང་བྱ་སྐྱོང་བྱེད་བྲལ། །ཡིད་དཔྱད་མཚན་འཛིན་རེ་དོགས་རྨང་ནས་ཞིག །གསལ་སྟོང་རིག་པའི་ཉི་མ་ཁོང་ནས་འཆར། །སྣང་སྲིད་འཁོར་འདས་ཆོས་རྣམས་ཉམས་འོག་ཚུད། །སྨྲ་བསམ་བརྗོད་དུ་མེད་པའི་བདེན་པ་མཐོང་། །རྣམ་སྨིན་བག་ཆགས་ཐམས་ཅད་གསོག་པའི་གནས། །ཀུན་གཞི་ལུང་མ་བསྟན་སོགས་དྲུངས་ནས་འབྱིན། །སྒྲིབ་གཡོག་བྲལ་བ་ཆོས་སྐུའི་གསལ་དྭངས་ཕྱེད། །རྣམ་ཤེས་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །རྟོགས་པའི་རྩལ་ཆེན་རྫོགས་པར་བྱིན་གྱིས་རློབས། །ཐེག་དམན་སྤང་བླང་རོ་གཅིག་ལམ་དུ་ཁྱེར། །ཐེག་ཆེན་གཞན་དོན་ལྷུན་གྱིས་གྲུབ་པས་མཉམ། །གསང་སྔགས་སྤྱི་ལྟར་བསྐྱེད་རྫོགས་འབད་རྩོལ་ཀུན། །རང་བྱུང་ཡེ་ཤེས་གཅིག་གི་ངང་དུ་ཟླུམ། །ས་དང་ལམ་དང་འབྲས་བུའི་རིམ་པ་རྣམས། །གཞི་འབྲས་དབྱེར་མེད་ད་ལྟ་མངོན་དུ་གྱུར། །འཁྲུལ་གཞིའི་རྣམ་པ་ཀ་དག་ཁྲེགས་སུ་གཅོད། །འཁྲུལ་རྐྱེན་སྣང་བ་ལྷུན་གྲུབ་ཐོད་རྒལ་ལམ། །གསང་ལམ་གནད་ཀྱིས་མཐར་ཐུག་འབྲས་བུ་འབྱིན། །མན་ངག་རྫོགས་པ་ཆེན་པོ་ཁྱད་པར་འཕགས། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །རྫོགས་ཆེན་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །སྣང་བའི་བཟང་ངན་སེམས་ཀྱིས་བྱས་པ་སྟེ། །སེམས་ཀྱི་འཛིན་ཞེན་རིག་པའི་ངང་དེར་གྲོལ། །རིག་པ་ཉིད་ཀྱང་ཡེ་ཤེས་དབྱིངས་སུ་བཟླ། །ཡེ་ཤེས་དབྱིངས་ལ་ཡེ་ནས་འཕོ་འགྱུར་མེད། །འདོད་ཡོན་མ་སྤངས་ཡེ་ཤེས་རྒྱན་དུ་རྫོགས། །ཉོན་མོངས་རང་གྲོལ་ཡེ་ཤེས་ལྔ་ཡི་དངོས། །སྒོ་ལྔའི་རྣམ་ཤེས་གང་ལ་རག་མི་ལས། །ཕྱི་ནང་བར་མེད་ཡེ་ཤེས་ཟང་ཐལ་ལེ། །སྒྱུ་མའི་སྤྱོད་པ་འཆིང་གྲོལ་གཉིས་སུ་མེད། །ཐམས་ཅད་བྱང་ཆུབ་བློ་འདས་རྫོགས་པ་ཆེ། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །སྒྱུ་ལུས་རྡུལ་ཕྲན་དེངས་པར་བྱིན་གྱིས་རློབས། །དྲི་མེད་ཤེལ་ལས་འོད་ལྔ་ཕྱི་གསལ་ལྟར། །ལུས་ལ་སྐུ་གསུམ་རྣམ་དག་གནས་པ་ཉིད། །མན་ངག་ཐབས་ཀྱིས་མངོན་སུམ་འཆར་བར་བྱེད། །སྒྲོན་མ་བཞི་ཡིས་ཉམས་སྣང་གོང་དུ་འཕེལ། །ཤེས་ཉམས་སྣང་ཉམས་ཡོངས་སུ་རྩལ་ཆེན་རྫོགས། །ཀ་དག་ལྷུན་གྲུབ་དབྱེར་མེད་ཟུང་དུ་འཇུག །ས་ལམ་འབྲས་བུའི་ཡོན་ཏན་མ་ལུས་ཟླུམ། །རང་སྣང་ལོངས་སྐུའི་ཞིང་ལ་མངའ་དབང་འབྱོར། །སྒྱུ་ལུས་མ་དོར་གོང་ནས་ཆོས་སྐུའི་ངང་། །ཐོག་མའི་ཀུན་ཏུ་བཟང་དང་སྐལ་པ་མཉམ། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །འཇའ་ལུས་འོད་སྐུར་འགྲུབ་པར་བྱིན་གྱིས་རློབས། །རབ་ནི་ཚེ་འདིར་ལོ་ཟླ་ཞག་གྲངས་དང་། །འབྲིང་ནི་བར་དོའི་རིམ་པ་གོང་འོག་དང་། །ཐ་མ་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་ནས། །ཕྱིར་མི་ལྡོག་པའི་ས་ལམ་རིམ་བགྲོད་ཀྱིས། །རང་དོན་ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཟིན། །དེ་ལས་གཟུགས་སྐུའི་རྣམ་པ་དུ་མ་མཆེད། །ཡིད་བཞིན་ནོར་དང་བུམ་པ་དཔག་བསམ་ཤིང་། །ས་གཞི་ནམ་མཁའ་ཇི་བཞིན་འབད་མེད་ངང་། །ཇི་སྲིད་འཁོར་བ་མཐའ་རུ་མ་སྟོངས་བར། །གང་ལ་གང་འདུལ་ཕྲིན་ལས་ཕ་མཐའ་ཡས། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས། །ཞེས་པ་འདིའང་མར་ཞོག་གྲྭ་མཁྱེན་རབ་མཆོག་ནས་གསོལ་འདེབས་ཞིག་དགོས་ཞེས་བསྐུལ་ཡང་། ལར་གསོལ་འདེབས་ཀྱི་རིགས་རྒྱས་བསྡུས་བྱེ་བྲག་མང་པོ་བཞུགས་བཞིན་ཉམས་སུ་ལོན་མཁན་དཀོན་པས་ན་དཔེ་ཉོབ་རྣམས་ཤུལ་དུ་ལྷག་ཅིང་རང་འཆི་དུས་འཁྲུལ་རྐྱེན་དུ་མི་འབྱུང་བའི་ངེས་པའང་མི་འདུག་པ་དང་། ཐོས་བསམ་གྱི་ཡོན་ཏན་མི་འབྱོང་བཞིན་རྩོམ་ཆོས་སོགས་ཀྱི་བྱ་བ་གཏན་ནས་སྤང་ཁུལ་ཡིན་པ་དང་། མ་ཟད་ལོ་ཆུང་དུས་རློམ་སེམས་དང་བཅས་ཏེ་རང་ལ་ཉམས་མྱོང་རྟགས་མཚན་ཡོན་ཏན་གྱི་རིགས་ཅུང་ཟད་ཡོད་སྙམ་པ་རྣམས་དེང་སང་གནས་མེད་དུ་སངས་ནས་འདི་བརྗོད་བྱ་བའི་གཏད་སོ་གང་ཡང་མི་འདུག་ཅིང་། འོན་ཀྱང་དད་པ་ཅན་ལ་ཁྱི་སོ་ལ་རིང་བསྲེལ་འཁྲུངས་ཟེར་བའི་དཔེ་ལྟར་ཟོབ་རྫུན་གྱི་ སྒྲོ་བཏགས་ཅུང་ཟད་བྱས་པ་ཡིན་པས་གོ་གཞི་སྣ་རེ་ཙམ་སློང་རྐྱེན་ཨེ་ཡོང་སྙམ་ནས་གསོལ་འདེབས་དང་གདམས་པ་ཕྱོགས་སྦྲེལ་གྱི་ཚུལ་དུ། སྲས་མིང་པས་གང་དྲན་དེ་འཕྲལ་ཉིད་དུ་བྲིས་ནས་ཕུལ་བ་དགེའོ། །དགེའོ།། །།