SPCD-KABUM-03-GA-003: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=གནས་ལུགས་རྫོགས་པ་ཆེན་པོའི་ཁྲིད་ཡིག་ཡང་ཟབ་ཡིད་བཞིན་ནོར་བུ།
|fulltitle=gnas lugs rdzogs pa chen po'i khrid yig yang zab yid bzhin nor bu
|citation=[['phags mchog rdo rje]]. ''Gnas lugs rdzogs pa chen po'i khrid yig yang zab yid bzhin nor bu''. In ''Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che '', Vol. 3: 329-727.  Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
|collectiontitletib=འཕགས་མཆོག་བཀའ་འབུམ།
|collectiontitle='phags mchog bka' 'bum
|collectiontitle='phags mchog bka' 'bum
|collectiontitletib=འཕགས་མཆོག་བཀའ་འབུམ།
|totalvolumes=3
|author='phags mchog rdo rje
|author='phags mchog rdo rje
|authortib=འཕགས་མཆོག་རྡོ་རྗེ་
|authortib=འཕགས་མཆོག་རྡོ་རྗེ་
|citation=[['phags mchog rdo rje]]. ''''. In ''Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che '', Vol. : .  Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
|tibgenre=Contemplative Guide Books and Instructional Manuals - khrid yig
|terma=No
|language=Tibetan
|language=Tibetan
|volumenumber=03
|volnumtib=༣
|volnumtib=༣
|volyigtib=ག
|volyigtib=ག
|volumenumber=03
|totalvolumes=3
|volumeLetter=GA
|textnuminvol=003
|textnuminvol=003
|pagenumbers=329-727
|totalpages=399
|beginfolioline=1a1
|endfolioline=200a3
|totalfolios=200
|multivolumework=No
|versonotes=rdzogs chen khrid yig
|colophontib=།།སླར་སྨྲས་པ༑ འཕགས་པ་ཀུན་ཏུ་བཟང་པོའི་དགོངས་པའི་དཔྱིད། །བརྒྱུད་གསུམ་བླ་མའི་ཐུགས་ཀྱི་ཏི་ལ་ཀ །གྲུབ་དབང་བླ་མའི་ཞལ་གྱི་བདུད་རྩི་མཆོག །ལུང་རིགས་མན་ངག་ཟབ་མོའི་བཅུད་དང་བཅས། །རྨོངས་པ་བདག་བློའི་ཡོལ་གོར་ཡོངས་འཁྱིལ་བ། །སྐལ་ལྡན་རྣམས་ལ་འཆི་མེད་གཏན་བདེའི་དཔལ། །སྟེར་ཕྱིར་གབ་སྦས་མེད་པར་བཀོད་པའི་དགེས། །གདམས་ཟབ་འདིར་ཞུགས་ཉམས་སུ་ལེན་པ་ཀུན། །ལེགས་སྨོན་འཇིགས་སྐྱོབ་འཇིག་རྟེན་ཆོས་བརྒྱད་དང་། །དགྲ་འདུལ་གཉེན་སྐྱོང་ཆགས་སྡང་རྨོངས་པའི་ལས། །ཞིང་ཁང་ཟས་ནོར་གསོག་སྲུང་ཚོང་ཁེ་སྤོག །འགྲོ་འདུག་སྨྲ་བརྗོད་འདུ་འཛི་རྣམ་གཡེང་གིས། །བར་མ་དོ་རུ་མི་ཚེ་ཟད་པ་དང་། །སྡིག་པ་མི་དགེའི་ལས་སུ་གྱུར་པ་ཀུན། །སྐྱུགས་ནད་ཅན་གྱི་ཟས་ལྟར་རིང་དུ་སྤོངས། །ཚེ་འདི་བློས་བཏང་དགེ་བཅུ་སྤྱོད་པར་ཤོག །ལུས་སྲོག་ལོངས་སྤྱོད་ཀུན་ལ་མི་ཆགས་ཤིང་། །ཡར་མཆོད་མར་སྦྱིན་ཚོགས་གསོག་སྒྲིབ་སྦྱོང་འབད། །ནམ་ཞིག་ཚེ་ཡི་འདུ་བྱེད་མཐར་ཕྱིན་ནས། །ཕུང་པོ་ཁྱོགས་ལ་བཏེགས་པར་མ་གྱུར་བར། །དེ་སྲིད་དབེན་པའི་རི་ལ་གནས་བཅས་ཏེ། །ཤ་ལྤགས་བསྐམས་ཤིང་རུས་པ་ཞིག་གྱུར་ཀྱང་། །སྐྱིལ་མོ་ཀྲུང་བཅས་བསམ་གཏན་ལེགས་བསྒོམ་པར། །སྲོག་དང་བཅས་ཏེ་ལུས་འདི་འདོར་ནུས་ཤོག །བརྒྱུད་ལྡན་གདམས་ཟབ་བདུད་རྩིས་ཐུགས་རྒྱུད་གཏམས། །ཐོས་བསམ་སྒོམ་པའི་ཡོན་ཏན་ཡོངས་སུ་རྫོགས། །ལུང་རྟོགས་སྨིན་གྲོལ་ཟབ་མོའི་བཅུད་དང་ལྡན། །རང་གནས་ཆོས་སྐུའི་ངོ་བོ་གཅེར་མཐོང་སྤྲོད། །ཉམས་མྱོང་དམར་ཁྲིད་ཁོ་ནས་ཞུན་མཐར་ཕུད། །གེགས་སེལ་བོགས་འབྱིན་ས་ལམ་གོང་དུ་སྤེལ། །རང་འདོད་ཆོས་བརྒྱད་དྲི་མ་རིང་དུ་སྤངས། །དེ་འདྲའི་མཚན་ལྡན་བླ་མས་རྗེས་འཛིན་ཤོག །བསྐལ་མང་ཚོགས་བསགས་དལ་བརྒྱད་འབྱོར་བཅུ་ཚང་། །ལས་འཕྲོ་བཟང་པོས་བློ་རྩེ་ཆོས་ལ་ཕྱོགས། །སྒོ་གསུམ་ཞི་དུལ་དག་སྣང་བློ་རྒྱ་ཡངས། །དད་བརྩོན་ཤེས་རབ་སྙིང་རྗེ་བྱང་སེམས་འབྱོངས། །འཕགས་ནོར་བདུན་ལྡན་དམ་ཚིག་སྡོམ་པ་གཙང་། །དབེན་གནས་ལ་མོས་སྙིང་པོའི་ཉམས་ལེན་བརྩོན། །བློ་གཏད་བླ་མ་ལ་བྱེད་བརྒྱུད་པ་འཛིན། །སེམས་ཅན་དོན་བྱེད་སློབ་ཚོགས་འདུ་བར་ཤོག །སྔོན་བྱོན་རྒྱལ་བས་ཞབས་བཅག་བྱིན་གྱིས་བརླབས། །གྲུབ་གཉིས་བརྙེས་ཤིང་སྐུ་གཉིས་ཐོབ་པའི་ཞིང་། །གནས་ཡུལ་དུར་ཁྲོད་བས་མཐའ་རྒྱ་མཚོའི་གླིང་། །གངས་རི་གཡའ་སྤང་ནགས་ཚལ་བྲག་སྐྱིབས་ཕུག །བྱ་གཅན་རི་དྭགས་བག་ཡངས་རྩེ་བ་ན། །ཆུ་གཙང་ལོ་འབྲས་རྡེའུ་བཅུད་ལེན་སོགས། །སྲོག་འཚོ་ལྷགས་སྐྱོབ་ཙམ་གྱི་དཀའ་ཐུབ་བཅས། །ཉིན་མཚན་བར་མེད་སྒྲུབ་པས་དུས་འདའ་ཤོག །ཞི་བར་གནས་ནས་ཉམས་ཀྱི་རྩལ་ཆེན་རྫོགས། །རྟོགས་པའི་དྭངས་སྙིགས་གྲུང་ནས་འབྱིན་གྱུར་ཚེ། །མ་རིག་གནས་མེད་འཛིན་པ་རང་སར་གྲོལ། །ཆོས་དབྱིངས་ཁྱབ་བརྡལ་སྣང་བ་རྒྱ་ཡན་འཆར། །འཁོར་འདས་དབྱེར་མེད་གདོད་མའི་གནས་ལུགས་དང་། །རང་རིག་འགྱུར་མེད་ཆོས་སྐུའི་གཏན་སྲིད་ཟིན། །བྱར་མེད་བློ་འདས་རྫོགས་ཆེན་འོབས་སུ་ཆུབ། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །གདམས་ཟབ་གནད་ཀྱི་མཐར་ཐུག་རྫོགས་པ་ཆེ། །འབྲས་བུ་ལམ་བྱེད་གསང་མཆོག་ཟབ་མོའི་དོན། །ལུས་དཀྱིལ་སྐུ་གསུམ་རྣམ་དག་གནས་པ་ཉིད། །མན་ངག་ཐབས་ཀྱིས་མངོན་སུམ་གཏན་ལ་འབེབས། །སྒྲོན་མ་བཞི་ཡི་ཉམས་སྣང་གོང་དུ་འཕེལ། །རིག་རྩལ་ལོངས་སྐུའི་ཞིང་ཁམས་ཚད་ལ་ཕེབས། །ཆོས་ཟད་ཆོས་སྐུའི་དགོངས་པ་མངོན་གྱུར་ནས། །འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་ཤོག །རབ་ནི་ཚེ་འདིར་ཆོས་སྐུར་མངོན་འཚང་རྒྱ། །འབྲིང་ནི་བར་དོའི་སྣང་བ་ལོངས་སྐུར་གྲོལ། །ཐ་མ་སྐྱེ་བ་སྤྲུལ་པའི་སྐུར་འཁྲུངས་ཏེ། །རིམ་བཞིན་ཆོས་སྐུའི་གཏན་སྲིད་ཟིན་འགྱུར་ཞིང་། །དེ་ལས་གཟུགས་སྐུའི་རྣམ་པ་དཔག་མེད་མཆེད། །འདོད་འབྱུང་ནོར་དང་བུམ་བཟང་དཔག་བསམ་བཞིན། །གང་འདུལ་དེར་སྟོན་འགྲོ་ཁམས་འདུལ་ཕྱིར་དུ། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་ཤོག །རྡོ་རྗེ་རྩེ་མོའི་བསྟན་པ་ཉིན་བཞིན་གསལ། །དེར་འཛིན་སྐྱེས་བུའི་པད་ཚལ་ཕྱོགས་བརྒྱར་བཞད། །ལུང་རྟོགས་ཐོས་བསམ་སྒོམ་པའི་རྩི་བཅུད་རྒྱས། །འགྲོ་ཁམས་རྐང་དྲུག་གཏན་བདེའི་དཔལ་ཐོབ་ཤོག །དཔལ་ལྡན་བླ་མའི་ཐུགས་དགོངས་ཀུན་གསལ་དབྱིངས། །རབ་དྭངས་ཐུགས་རྗེའི་ཉི་འོད་རབ་གསལ་བས། །བདག་གཞན་ནང་གི་མུན་པ་དྲུངས་ཕྱུང་ནས། །ཕན་བདེའི་པདྨོ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་རྫོགས་པ་ཆེན་པོའི་ཁྲིད་ཀྱི་རིམ་པ་བརྒྱུད་ལྡན་གྲུབ་དབང་བླ་མའི་ཞལ་ལུང་མན་ངག་ཟབ་མོའི་བརྒྱན་པ་འདི་ནི། གནས་མཆོག་ལྷ་བྲག་དཀར་པོའི་ཉེ་འདབས་གསོལ་སྡེར་བཀྲ་ཤིས་འཁྱིལ་བའི་ཡང་སྟེང་༧དཔལ་གྲུབ་པའི་དབང་ཕྱུག་ཤཱཀྱ་ཤྲཱི་ཛྙཱ་ནའི་གདན་ས་གཟིམ་རྩེ་ཉི་འོད་འཁྱིལ་བར་རང་ཉིད་ཐོས་བསམ་གྱི་སྤྱི་རྒྱ་ཆོད་པའི་བརྩོན་པ་དབེན་རུང་། ཚེ་འདིའི་འཁྲི་བ་བཙན་ཐབས་སུ་བཅད་ནས་བགྲང་བྱ་དུ་མར་སྙིང་པོའི་སྒྲུབ་པ་རྩེ་གཅིག་བར་མེད་དུ་བསྒྲུབས་པས་རྟོགས་པའི་རྩལ་ཆེན་ཅིག་ཅར་དུ་རྫོགས་ཤིང་བསྒོམས་སྟོབས་ཀྱི་ཤེས་རབ་ཟབ་མོའི་ཀློང་རྡོལ་ཏེ། རྒྱལ་བ་རྫོགས་པའི་སངས་རྒྱས་མི་གཟུགས་སུ་བྱོན་པ་ཀློང་ཆེན་རབ་འབྱམས་བཟང་པོ་དང་། རྩ་བའི་བླ་མ་གྲུབ་པའི་དབང་ཕྱུག་ཤཱཀྱ་ཤྲཱི་ཛྙཱ་ན་སོགས་ཡུལ་དམ་པ་རྣམས་ལ་མོས་གུས་བཟོད་མེད་དུ་འབར་ཞིང་། སེམས་ཅན་རྣམས་ལ་ཕན་འདོད་ཀྱི་སྙིང་རྗེ་དྲག་པོ་ཡང་ཡང་སྐྱེས་པ་སོགས་ཀྱིས་བསྐུལ་མ་གདབ་ནས། བློ་དམན་གོ་མྱོང་ཕྱོགས་རེ་བ་བདག་ལྟ་བུ་ལ་ཅུང་ཟད་སྨན་དུ་རེ་བའི་ཀུན་སློང་ལྷག་བསམ་བཟང་པོའི་ཤུགས་དང་བཅས་ཏེ། ཚིག་ཚོགས་ཀྱི་ན་ཡམ་གོ་བ་སྐམ་པོ་ཙམ་མ་ཡིན་པར། ཉམས་མྱོང་གི་དམར་ཁྲིད་ལག་ལེན་དུ་འདེབས་བདེ་བའི་དབང་དུ་བྱས་པ་སྟེ། དང་པོ་ཀུན་གཞི་དང་ལྟ་བའི་རྣམ་བཞག་གཏན་ལ་འབེབས་ལུགས། བར་དུ་སྒོམ་པ་ཉམས་སུ་ལེན་ཞིང་སྤྱོད་པའི་བོགས་དབྱུང་ལུགས། མཐར་ཐུག་འབྲས་བུ་ཐོབ་ནས་གྲོལ་ལུགས་རྣམ་པ་གསུམ་གྱིས་སངས་རྒྱས་ཀྱི་གོ་འཕང་བརྙེས་ནས་འགྲོ་དོན་དུ་ཕྲིན་ལས་རྒྱུན་ཆད་མེད་པར་འབྱུང་ཚུལ་སོགས། འཆད་ཉན་དང་ཉམས་ལེན་བདེ་ཕྱིར་རྒྱས་བསྡུས་གང་མཚམས་སུ་བྱས་པ་འདི་ནི། སྙིང་ཐིག་མ་བུ་རྣམས་ལ་གོ་མྱོང་རྟོགས་གསུམ་བྱང་ཞིང་ཆུབ་པར་བྱས་ཤིང་། གཞི་ལམ་འབྲས་གསུམ་དབྱེ་བ་སོགས་སོ་སོར་རང་རིག་པས་ཐོས་བསམ་སྒོམ་པས་རྩད་བརྡར་བཅད་ཅིང་། སྔོན་བསུ་རྗེས་དཔྱོད་རེ་དོགས་འབད་རྩོལ་སོགས། བློ་གྲོས་ཀྱི་དྲི་མ་ངན་པས་མ་བསླད་པར། གང་དྲན་ཐམས་ཅད་བཟོ་བཅོས་མེད་པར་ཤུགས་འབྱུང་ཆེན་པོར་ལམ་དུ་བསླང་སྟེ། ༧སྲས་མིང་ས་མཱནྟ་བཛྲས་རབ་རྒྱལ་ལྕགས་ལུག་སྨིན་ཟླའི་དཀར་ཕྱོགས་ཀྱི་བཟང་པོ་གཉིས་པར་གྲུབ་པར་བགྱིས་པ་འདིས་ཀྱང་། ངེས་གསང་རྫོགས་པ་ཆེན་པོའི་བསྟན་པ་ཉིན་མོ་ལྟར་གསལ་ཞིང་། དེ་འཛིན་གྱི་སྐྱེས་བུ་ཐམས་ཅད་སྐུ་ཚེ་བསྐལ་བརྒྱའི་བར་དུ་བསྟན་པ་དང་། གདམས་ཟབ་ཀྱི་རིམ་པ་མདོ་དོན་གཅིག་ཏུ་དྲིལ་ནས་ཉན་བསམ་སྒོམ་པས་ཉམས་སུ་ལེན་པར་འདོད་པ་རྣམས་ལ་ཤེས་རབ་ཀྱི་མིག་ཟབ་མོར་གྱུར་ཏེ། གདོད་མའི་གནས་ལུགས་མངོན་དུ་གཟིགས་པའི་དཔལ་བླ་མེད་ལྷུན་གྱིས་གྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།།  །།
|colophonwylie=//slar smras pa/_'phags pa kun tu bzang po'i dgongs pa'i dpyid/_/brgyud gsum bla ma'i thugs kyi ti la ka_/grub dbang bla ma'i zhal gyi bdud rtsi mchog_/lung rigs man ngag zab mo'i bcud dang bcas/_/rmongs pa bdag blo'i yol gor yongs 'khyil ba/_/skal ldan rnams la 'chi med gtan bde'i dpal/_/ster phyir gab sbas med par bkod pa'i dges/_/gdams zab 'dir zhugs nyams su len pa kun/_/legs smon 'jigs skyob 'jig rten chos brgyad dang /_/dgra 'dul gnyen skyong chags sdang rmongs pa'i las/_/zhing khang zas nor gsog srung tshong khe spog_/'gro 'dug smra brjod 'du 'dzi rnam g.yeng gis/_/bar ma do ru mi tshe zad pa dang /_/sdig pa mi dge'i las su gyur pa kun/_/skyugs nad can gyi zas ltar ring du spongs/_/tshe 'di blos btang dge bcu spyod par shog_/lus srog longs spyod kun la mi chags shing /_/yar mchod mar sbyin tshogs gsog sgrib sbyong 'bad/_/nam zhig tshe yi 'du byed mthar phyin nas/_/phung po khyogs la btegs par ma gyur bar/_/de srid dben pa'i ri la gnas bcas te/_/sha lpags bskams shing rus pa zhig gyur kyang /_/skyil mo krung bcas bsam gtan legs bsgom par/_/srog dang bcas te lus 'di 'dor nus shog_/brgyud ldan gdams zab bdud rtsis thugs rgyud gtams/_/thos bsam sgom pa'i yon tan yongs su rdzogs/_/lung rtogs smin grol zab mo'i bcud dang ldan/_/rang gnas chos sku'i ngo bo gcer mthong sprod/_/nyams myong dmar khrid kho nas zhun mthar phud/_/gegs sel bogs 'byin sa lam gong du spel/_/rang 'dod chos brgyad dri ma ring du spangs/_/de 'dra'i mtshan ldan bla mas rjes 'dzin shog_/bskal mang tshogs bsags dal brgyad 'byor bcu tshang /_/las 'phro bzang pos blo rtse chos la phyogs/_/sgo gsum zhi dul dag snang blo rgya yangs/_/dad brtson shes rab snying rje byang sems 'byongs/_/'phags nor bdun ldan dam tshig sdom pa gtsang /_/dben gnas la mos snying po'i nyams len brtson/_/blo gtad bla ma la byed brgyud pa 'dzin/_/sems can don byed slob tshogs 'du bar shog_/sngon byon rgyal bas zhabs bcag byin gyis brlabs/_/grub gnyis brnyes shing sku gnyis thob pa'i zhing /_/gnas yul dur khrod bas mtha' rgya mtsho'i gling /_/gangs ri g.ya' spang nags tshal brag skyibs phug_/bya gcan ri dwags bag yangs rtse ba na/_/chu gtsang lo 'bras rde'u bcud len sogs/_/srog 'tsho lhags skyob tsam gyi dka' thub bcas/_/nyin mtshan bar med sgrub pas dus 'da' shog_/zhi bar gnas nas nyams kyi rtsal chen rdzogs/_/rtogs pa'i dwangs snyigs grung nas 'byin gyur tshe/_/ma rig gnas med 'dzin pa rang sar grol/_/chos dbyings khyab brdal snang ba rgya yan 'char/_/'khor 'das dbyer med gdod ma'i gnas lugs dang /_/rang rig 'gyur med chos sku'i gtan srid zin/_/byar med blo 'das rdzogs chen 'obs su chub/_/don gnyis lhun grub chos kyi rgyal por shog_/gdams zab gnad kyi mthar thug rdzogs pa che/_/'bras bu lam byed gsang mchog zab mo'i don/_/lus dkyil sku gsum rnam dag gnas pa nyid/_/man ngag thabs kyis mngon sum gtan la 'bebs/_/sgron ma bzhi yi nyams snang gong du 'phel/_/rig rtsal longs sku'i zhing khams tshad la phebs/_/chos zad chos sku'i dgongs pa mngon gyur nas/_/'ja' lus 'pho ba chen po'i skur bzhengs shog_/rab ni tshe 'dir chos skur mngon 'tshang rgya/_/'bring ni bar do'i snang ba longs skur grol/_/tha ma skye ba sprul pa'i skur 'khrungs te/_/rim bzhin chos sku'i gtan srid zin 'gyur zhing /_/de las gzugs sku'i rnam pa dpag med mched/_/'dod 'byung nor dang bum bzang dpag bsam bzhin/_/gang 'dul der ston 'gro khams 'dul phyir du/_/phrin las rnam bzhi lhun gyis 'grub par shog_/rdo rje rtse mo'i bstan pa nyin bzhin gsal/_/der 'dzin skyes bu'i pad tshal phyogs brgyar bzhad/_/lung rtogs thos bsam sgom pa'i rtsi bcud rgyas/_/'gro khams rkang drug gtan bde'i dpal thob shog_/dpal ldan bla ma'i thugs dgongs kun gsal dbyings/_/rab dwangs thugs rje'i nyi 'od rab gsal bas/_/bdag gzhan nang gi mun pa drungs phyung nas/_/phan bde'i pad+mo rgyas pa'i bkra shis shog_/ces rdzogs pa chen po'i khrid kyi rim pa brgyud ldan grub dbang bla ma'i zhal lung man ngag zab mo'i brgyan pa 'di ni/_gnas mchog lha brag dkar po'i nye 'dabs gsol sder bkra shis 'khyil ba'i yang steng 7dpal grub pa'i dbang phyug shAkya shrI dz+nyA na'i gdan sa gzim rtse nyi 'od 'khyil bar rang nyid thos bsam gyi spyi rgya chod pa'i brtson pa dben rung /_tshe 'di'i 'khri ba btsan thabs su bcad nas bgrang bya du mar snying po'i sgrub pa rtse gcig bar med du bsgrubs pas rtogs pa'i rtsal chen cig car du rdzogs shing bsgoms stobs kyi shes rab zab mo'i klong rdol te/_rgyal ba rdzogs pa'i sangs rgyas mi gzugs su byon pa klong chen rab 'byams bzang po dang /_rtsa ba'i bla ma grub pa'i dbang phyug shAkya shrI dz+nyA na sogs yul dam pa rnams la mos gus bzod med du 'bar zhing /_sems can rnams la phan 'dod kyi snying rje drag po yang yang skyes pa sogs kyis bskul ma gdab nas/_blo dman go myong phyogs re ba bdag lta bu la cung zad sman du re ba'i kun slong lhag bsam bzang po'i shugs dang bcas te/_tshig tshogs kyi na yam go ba skam po tsam ma yin par/_nyams myong gi dmar khrid lag len du 'debs bde ba'i dbang du byas pa ste/_dang po kun gzhi dang lta ba'i rnam bzhag gtan la 'bebs lugs/_bar du sgom pa nyams su len zhing spyod pa'i bogs dbyung lugs/_mthar thug 'bras bu thob nas grol lugs rnam pa gsum gyis sangs rgyas kyi go 'phang brnyes nas 'gro don du phrin las rgyun chad med par 'byung tshul sogs/_'chad nyan dang nyams len bde phyir rgyas bsdus gang mtshams su byas pa 'di ni/_snying thig ma bu rnams la go myong rtogs gsum byang zhing chub par byas shing /_gzhi lam 'bras gsum dbye ba sogs so sor rang rig pas thos bsam sgom pas rtsad brdar bcad cing /_sngon bsu rjes dpyod re dogs 'bad rtsol sogs/_blo gros kyi dri ma ngan pas ma bslad par/_gang dran thams cad bzo bcos med par shugs 'byung chen por lam du bslang ste/_7sras ming sa mAn+ta badz+ras rab rgyal lcags lug smin zla'i dkar phyogs kyi bzang po gnyis par grub par bgyis pa 'dis kyang /_nges gsang rdzogs pa chen po'i bstan pa nyin mo ltar gsal zhing /_de 'dzin gyi skyes bu thams cad sku tshe bskal brgya'i bar du bstan pa dang /_gdams zab kyi rim pa mdo don gcig tu dril nas nyan bsam sgom pas nyams su len par 'dod pa rnams la shes rab kyi mig zab mor gyur te/_gdod ma'i gnas lugs mngon du gzigs pa'i dpal bla med lhun gyis grub pa'i rgyur gyur cig_/sarba mang+ga laM//__//
|pdflink=File:SPCD-KABUM-03-GA-003.pdf
|pdflink=File:SPCD-KABUM-03-GA-003.pdf
|volumeLetter=GA
|InitCategories=Khyentse Lineage Project; SPCD-KABUM-Volume-03-GA
|InitCategories=Khyentse Lineage Project; SPCD-KABUM-Volume-03-GA
}}
}}

Latest revision as of 11:38, 3 July 2024

Wylie title gnas lugs rdzogs pa chen po'i khrid yig yang zab yid bzhin nor bu SPCD-KABUM-03-GA-003.pdf
Location 'phags mchog bka' 'bum
Volume 3, Text 3, Pages 329-727 (Folios 1a1 to 200a3)
Author འཕགས་མཆོག་རྡོ་རྗེ་
Less details More details
Citation 'phags mchog rdo rje. Gnas lugs rdzogs pa chen po'i khrid yig yang zab yid bzhin nor bu. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. 3: 329-727. Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre Contemplative Guide Books and Instructional Manuals - khrid yig
Colophon

།།སླར་སྨྲས་པ༑ འཕགས་པ་ཀུན་ཏུ་བཟང་པོའི་དགོངས་པའི་དཔྱིད། །བརྒྱུད་གསུམ་བླ་མའི་ཐུགས་ཀྱི་ཏི་ལ་ཀ །གྲུབ་དབང་བླ་མའི་ཞལ་གྱི་བདུད་རྩི་མཆོག །ལུང་རིགས་མན་ངག་ཟབ་མོའི་བཅུད་དང་བཅས། །རྨོངས་པ་བདག་བློའི་ཡོལ་གོར་ཡོངས་འཁྱིལ་བ། །སྐལ་ལྡན་རྣམས་ལ་འཆི་མེད་གཏན་བདེའི་དཔལ། །སྟེར་ཕྱིར་གབ་སྦས་མེད་པར་བཀོད་པའི་དགེས། །གདམས་ཟབ་འདིར་ཞུགས་ཉམས་སུ་ལེན་པ་ཀུན། །ལེགས་སྨོན་འཇིགས་སྐྱོབ་འཇིག་རྟེན་ཆོས་བརྒྱད་དང་། །དགྲ་འདུལ་གཉེན་སྐྱོང་ཆགས་སྡང་རྨོངས་པའི་ལས། །ཞིང་ཁང་ཟས་ནོར་གསོག་སྲུང་ཚོང་ཁེ་སྤོག །འགྲོ་འདུག་སྨྲ་བརྗོད་འདུ་འཛི་རྣམ་གཡེང་གིས། །བར་མ་དོ་རུ་མི་ཚེ་ཟད་པ་དང་། །སྡིག་པ་མི་དགེའི་ལས་སུ་གྱུར་པ་ཀུན། །སྐྱུགས་ནད་ཅན་གྱི་ཟས་ལྟར་རིང་དུ་སྤོངས། །ཚེ་འདི་བློས་བཏང་དགེ་བཅུ་སྤྱོད་པར་ཤོག །ལུས་སྲོག་ལོངས་སྤྱོད་ཀུན་ལ་མི་ཆགས་ཤིང་། །ཡར་མཆོད་མར་སྦྱིན་ཚོགས་གསོག་སྒྲིབ་སྦྱོང་འབད། །ནམ་ཞིག་ཚེ་ཡི་འདུ་བྱེད་མཐར་ཕྱིན་ནས། །ཕུང་པོ་ཁྱོགས་ལ་བཏེགས་པར་མ་གྱུར་བར། །དེ་སྲིད་དབེན་པའི་རི་ལ་གནས་བཅས་ཏེ། །ཤ་ལྤགས་བསྐམས་ཤིང་རུས་པ་ཞིག་གྱུར་ཀྱང་། །སྐྱིལ་མོ་ཀྲུང་བཅས་བསམ་གཏན་ལེགས་བསྒོམ་པར། །སྲོག་དང་བཅས་ཏེ་ལུས་འདི་འདོར་ནུས་ཤོག །བརྒྱུད་ལྡན་གདམས་ཟབ་བདུད་རྩིས་ཐུགས་རྒྱུད་གཏམས། །ཐོས་བསམ་སྒོམ་པའི་ཡོན་ཏན་ཡོངས་སུ་རྫོགས། །ལུང་རྟོགས་སྨིན་གྲོལ་ཟབ་མོའི་བཅུད་དང་ལྡན། །རང་གནས་ཆོས་སྐུའི་ངོ་བོ་གཅེར་མཐོང་སྤྲོད། །ཉམས་མྱོང་དམར་ཁྲིད་ཁོ་ནས་ཞུན་མཐར་ཕུད། །གེགས་སེལ་བོགས་འབྱིན་ས་ལམ་གོང་དུ་སྤེལ། །རང་འདོད་ཆོས་བརྒྱད་དྲི་མ་རིང་དུ་སྤངས། །དེ་འདྲའི་མཚན་ལྡན་བླ་མས་རྗེས་འཛིན་ཤོག །བསྐལ་མང་ཚོགས་བསགས་དལ་བརྒྱད་འབྱོར་བཅུ་ཚང་། །ལས་འཕྲོ་བཟང་པོས་བློ་རྩེ་ཆོས་ལ་ཕྱོགས། །སྒོ་གསུམ་ཞི་དུལ་དག་སྣང་བློ་རྒྱ་ཡངས། །དད་བརྩོན་ཤེས་རབ་སྙིང་རྗེ་བྱང་སེམས་འབྱོངས། །འཕགས་ནོར་བདུན་ལྡན་དམ་ཚིག་སྡོམ་པ་གཙང་། །དབེན་གནས་ལ་མོས་སྙིང་པོའི་ཉམས་ལེན་བརྩོན། །བློ་གཏད་བླ་མ་ལ་བྱེད་བརྒྱུད་པ་འཛིན། །སེམས་ཅན་དོན་བྱེད་སློབ་ཚོགས་འདུ་བར་ཤོག །སྔོན་བྱོན་རྒྱལ་བས་ཞབས་བཅག་བྱིན་གྱིས་བརླབས། །གྲུབ་གཉིས་བརྙེས་ཤིང་སྐུ་གཉིས་ཐོབ་པའི་ཞིང་། །གནས་ཡུལ་དུར་ཁྲོད་བས་མཐའ་རྒྱ་མཚོའི་གླིང་། །གངས་རི་གཡའ་སྤང་ནགས་ཚལ་བྲག་སྐྱིབས་ཕུག །བྱ་གཅན་རི་དྭགས་བག་ཡངས་རྩེ་བ་ན། །ཆུ་གཙང་ལོ་འབྲས་རྡེའུ་བཅུད་ལེན་སོགས། །སྲོག་འཚོ་ལྷགས་སྐྱོབ་ཙམ་གྱི་དཀའ་ཐུབ་བཅས། །ཉིན་མཚན་བར་མེད་སྒྲུབ་པས་དུས་འདའ་ཤོག །ཞི་བར་གནས་ནས་ཉམས་ཀྱི་རྩལ་ཆེན་རྫོགས། །རྟོགས་པའི་དྭངས་སྙིགས་གྲུང་ནས་འབྱིན་གྱུར་ཚེ། །མ་རིག་གནས་མེད་འཛིན་པ་རང་སར་གྲོལ། །ཆོས་དབྱིངས་ཁྱབ་བརྡལ་སྣང་བ་རྒྱ་ཡན་འཆར། །འཁོར་འདས་དབྱེར་མེད་གདོད་མའི་གནས་ལུགས་དང་། །རང་རིག་འགྱུར་མེད་ཆོས་སྐུའི་གཏན་སྲིད་ཟིན། །བྱར་མེད་བློ་འདས་རྫོགས་ཆེན་འོབས་སུ་ཆུབ། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །གདམས་ཟབ་གནད་ཀྱི་མཐར་ཐུག་རྫོགས་པ་ཆེ། །འབྲས་བུ་ལམ་བྱེད་གསང་མཆོག་ཟབ་མོའི་དོན། །ལུས་དཀྱིལ་སྐུ་གསུམ་རྣམ་དག་གནས་པ་ཉིད། །མན་ངག་ཐབས་ཀྱིས་མངོན་སུམ་གཏན་ལ་འབེབས། །སྒྲོན་མ་བཞི་ཡི་ཉམས་སྣང་གོང་དུ་འཕེལ། །རིག་རྩལ་ལོངས་སྐུའི་ཞིང་ཁམས་ཚད་ལ་ཕེབས། །ཆོས་ཟད་ཆོས་སྐུའི་དགོངས་པ་མངོན་གྱུར་ནས། །འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་ཤོག །རབ་ནི་ཚེ་འདིར་ཆོས་སྐུར་མངོན་འཚང་རྒྱ། །འབྲིང་ནི་བར་དོའི་སྣང་བ་ལོངས་སྐུར་གྲོལ། །ཐ་མ་སྐྱེ་བ་སྤྲུལ་པའི་སྐུར་འཁྲུངས་ཏེ། །རིམ་བཞིན་ཆོས་སྐུའི་གཏན་སྲིད་ཟིན་འགྱུར་ཞིང་། །དེ་ལས་གཟུགས་སྐུའི་རྣམ་པ་དཔག་མེད་མཆེད། །འདོད་འབྱུང་ནོར་དང་བུམ་བཟང་དཔག་བསམ་བཞིན། །གང་འདུལ་དེར་སྟོན་འགྲོ་ཁམས་འདུལ་ཕྱིར་དུ། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་ཤོག །རྡོ་རྗེ་རྩེ་མོའི་བསྟན་པ་ཉིན་བཞིན་གསལ། །དེར་འཛིན་སྐྱེས་བུའི་པད་ཚལ་ཕྱོགས་བརྒྱར་བཞད། །ལུང་རྟོགས་ཐོས་བསམ་སྒོམ་པའི་རྩི་བཅུད་རྒྱས། །འགྲོ་ཁམས་རྐང་དྲུག་གཏན་བདེའི་དཔལ་ཐོབ་ཤོག །དཔལ་ལྡན་བླ་མའི་ཐུགས་དགོངས་ཀུན་གསལ་དབྱིངས། །རབ་དྭངས་ཐུགས་རྗེའི་ཉི་འོད་རབ་གསལ་བས། །བདག་གཞན་ནང་གི་མུན་པ་དྲུངས་ཕྱུང་ནས། །ཕན་བདེའི་པདྨོ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་རྫོགས་པ་ཆེན་པོའི་ཁྲིད་ཀྱི་རིམ་པ་བརྒྱུད་ལྡན་གྲུབ་དབང་བླ་མའི་ཞལ་ལུང་མན་ངག་ཟབ་མོའི་བརྒྱན་པ་འདི་ནི། གནས་མཆོག་ལྷ་བྲག་དཀར་པོའི་ཉེ་འདབས་གསོལ་སྡེར་བཀྲ་ཤིས་འཁྱིལ་བའི་ཡང་སྟེང་༧དཔལ་གྲུབ་པའི་དབང་ཕྱུག་ཤཱཀྱ་ཤྲཱི་ཛྙཱ་ནའི་གདན་ས་གཟིམ་རྩེ་ཉི་འོད་འཁྱིལ་བར་རང་ཉིད་ཐོས་བསམ་གྱི་སྤྱི་རྒྱ་ཆོད་པའི་བརྩོན་པ་དབེན་རུང་། ཚེ་འདིའི་འཁྲི་བ་བཙན་ཐབས་སུ་བཅད་ནས་བགྲང་བྱ་དུ་མར་སྙིང་པོའི་སྒྲུབ་པ་རྩེ་གཅིག་བར་མེད་དུ་བསྒྲུབས་པས་རྟོགས་པའི་རྩལ་ཆེན་ཅིག་ཅར་དུ་རྫོགས་ཤིང་བསྒོམས་སྟོབས་ཀྱི་ཤེས་རབ་ཟབ་མོའི་ཀློང་རྡོལ་ཏེ། རྒྱལ་བ་རྫོགས་པའི་སངས་རྒྱས་མི་གཟུགས་སུ་བྱོན་པ་ཀློང་ཆེན་རབ་འབྱམས་བཟང་པོ་དང་། རྩ་བའི་བླ་མ་གྲུབ་པའི་དབང་ཕྱུག་ཤཱཀྱ་ཤྲཱི་ཛྙཱ་ན་སོགས་ཡུལ་དམ་པ་རྣམས་ལ་མོས་གུས་བཟོད་མེད་དུ་འབར་ཞིང་། སེམས་ཅན་རྣམས་ལ་ཕན་འདོད་ཀྱི་སྙིང་རྗེ་དྲག་པོ་ཡང་ཡང་སྐྱེས་པ་སོགས་ཀྱིས་བསྐུལ་མ་གདབ་ནས། བློ་དམན་གོ་མྱོང་ཕྱོགས་རེ་བ་བདག་ལྟ་བུ་ལ་ཅུང་ཟད་སྨན་དུ་རེ་བའི་ཀུན་སློང་ལྷག་བསམ་བཟང་པོའི་ཤུགས་དང་བཅས་ཏེ། ཚིག་ཚོགས་ཀྱི་ན་ཡམ་གོ་བ་སྐམ་པོ་ཙམ་མ་ཡིན་པར། ཉམས་མྱོང་གི་དམར་ཁྲིད་ལག་ལེན་དུ་འདེབས་བདེ་བའི་དབང་དུ་བྱས་པ་སྟེ། དང་པོ་ཀུན་གཞི་དང་ལྟ་བའི་རྣམ་བཞག་གཏན་ལ་འབེབས་ལུགས། བར་དུ་སྒོམ་པ་ཉམས་སུ་ལེན་ཞིང་སྤྱོད་པའི་བོགས་དབྱུང་ལུགས། མཐར་ཐུག་འབྲས་བུ་ཐོབ་ནས་གྲོལ་ལུགས་རྣམ་པ་གསུམ་གྱིས་སངས་རྒྱས་ཀྱི་གོ་འཕང་བརྙེས་ནས་འགྲོ་དོན་དུ་ཕྲིན་ལས་རྒྱུན་ཆད་མེད་པར་འབྱུང་ཚུལ་སོགས། འཆད་ཉན་དང་ཉམས་ལེན་བདེ་ཕྱིར་རྒྱས་བསྡུས་གང་མཚམས་སུ་བྱས་པ་འདི་ནི། སྙིང་ཐིག་མ་བུ་རྣམས་ལ་གོ་མྱོང་རྟོགས་གསུམ་བྱང་ཞིང་ཆུབ་པར་བྱས་ཤིང་། གཞི་ལམ་འབྲས་གསུམ་དབྱེ་བ་སོགས་སོ་སོར་རང་རིག་པས་ཐོས་བསམ་སྒོམ་པས་རྩད་བརྡར་བཅད་ཅིང་། སྔོན་བསུ་རྗེས་དཔྱོད་རེ་དོགས་འབད་རྩོལ་སོགས། བློ་གྲོས་ཀྱི་དྲི་མ་ངན་པས་མ་བསླད་པར། གང་དྲན་ཐམས་ཅད་བཟོ་བཅོས་མེད་པར་ཤུགས་འབྱུང་ཆེན་པོར་ལམ་དུ་བསླང་སྟེ། ༧སྲས་མིང་ས་མཱནྟ་བཛྲས་རབ་རྒྱལ་ལྕགས་ལུག་སྨིན་ཟླའི་དཀར་ཕྱོགས་ཀྱི་བཟང་པོ་གཉིས་པར་གྲུབ་པར་བགྱིས་པ་འདིས་ཀྱང་། ངེས་གསང་རྫོགས་པ་ཆེན་པོའི་བསྟན་པ་ཉིན་མོ་ལྟར་གསལ་ཞིང་། དེ་འཛིན་གྱི་སྐྱེས་བུ་ཐམས་ཅད་སྐུ་ཚེ་བསྐལ་བརྒྱའི་བར་དུ་བསྟན་པ་དང་། གདམས་ཟབ་ཀྱི་རིམ་པ་མདོ་དོན་གཅིག་ཏུ་དྲིལ་ནས་ཉན་བསམ་སྒོམ་པས་ཉམས་སུ་ལེན་པར་འདོད་པ་རྣམས་ལ་ཤེས་རབ་ཀྱི་མིག་ཟབ་མོར་གྱུར་ཏེ། གདོད་མའི་གནས་ལུགས་མངོན་དུ་གཟིགས་པའི་དཔལ་བླ་མེད་ལྷུན་གྱིས་གྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།

//slar smras pa/_'phags pa kun tu bzang po'i dgongs pa'i dpyid/_/brgyud gsum bla ma'i thugs kyi ti la ka_/grub dbang bla ma'i zhal gyi bdud rtsi mchog_/lung rigs man ngag zab mo'i bcud dang bcas/_/rmongs pa bdag blo'i yol gor yongs 'khyil ba/_/skal ldan rnams la 'chi med gtan bde'i dpal/_/ster phyir gab sbas med par bkod pa'i dges/_/gdams zab 'dir zhugs nyams su len pa kun/_/legs smon 'jigs skyob 'jig rten chos brgyad dang /_/dgra 'dul gnyen skyong chags sdang rmongs pa'i las/_/zhing khang zas nor gsog srung tshong khe spog_/'gro 'dug smra brjod 'du 'dzi rnam g.yeng gis/_/bar ma do ru mi tshe zad pa dang /_/sdig pa mi dge'i las su gyur pa kun/_/skyugs nad can gyi zas ltar ring du spongs/_/tshe 'di blos btang dge bcu spyod par shog_/lus srog longs spyod kun la mi chags shing /_/yar mchod mar sbyin tshogs gsog sgrib sbyong 'bad/_/nam zhig tshe yi 'du byed mthar phyin nas/_/phung po khyogs la btegs par ma gyur bar/_/de srid dben pa'i ri la gnas bcas te/_/sha lpags bskams shing rus pa zhig gyur kyang /_/skyil mo krung bcas bsam gtan legs bsgom par/_/srog dang bcas te lus 'di 'dor nus shog_/brgyud ldan gdams zab bdud rtsis thugs rgyud gtams/_/thos bsam sgom pa'i yon tan yongs su rdzogs/_/lung rtogs smin grol zab mo'i bcud dang ldan/_/rang gnas chos sku'i ngo bo gcer mthong sprod/_/nyams myong dmar khrid kho nas zhun mthar phud/_/gegs sel bogs 'byin sa lam gong du spel/_/rang 'dod chos brgyad dri ma ring du spangs/_/de 'dra'i mtshan ldan bla mas rjes 'dzin shog_/bskal mang tshogs bsags dal brgyad 'byor bcu tshang /_/las 'phro bzang pos blo rtse chos la phyogs/_/sgo gsum zhi dul dag snang blo rgya yangs/_/dad brtson shes rab snying rje byang sems 'byongs/_/'phags nor bdun ldan dam tshig sdom pa gtsang /_/dben gnas la mos snying po'i nyams len brtson/_/blo gtad bla ma la byed brgyud pa 'dzin/_/sems can don byed slob tshogs 'du bar shog_/sngon byon rgyal bas zhabs bcag byin gyis brlabs/_/grub gnyis brnyes shing sku gnyis thob pa'i zhing /_/gnas yul dur khrod bas mtha' rgya mtsho'i gling /_/gangs ri g.ya' spang nags tshal brag skyibs phug_/bya gcan ri dwags bag yangs rtse ba na/_/chu gtsang lo 'bras rde'u bcud len sogs/_/srog 'tsho lhags skyob tsam gyi dka' thub bcas/_/nyin mtshan bar med sgrub pas dus 'da' shog_/zhi bar gnas nas nyams kyi rtsal chen rdzogs/_/rtogs pa'i dwangs snyigs grung nas 'byin gyur tshe/_/ma rig gnas med 'dzin pa rang sar grol/_/chos dbyings khyab brdal snang ba rgya yan 'char/_/'khor 'das dbyer med gdod ma'i gnas lugs dang /_/rang rig 'gyur med chos sku'i gtan srid zin/_/byar med blo 'das rdzogs chen 'obs su chub/_/don gnyis lhun grub chos kyi rgyal por shog_/gdams zab gnad kyi mthar thug rdzogs pa che/_/'bras bu lam byed gsang mchog zab mo'i don/_/lus dkyil sku gsum rnam dag gnas pa nyid/_/man ngag thabs kyis mngon sum gtan la 'bebs/_/sgron ma bzhi yi nyams snang gong du 'phel/_/rig rtsal longs sku'i zhing khams tshad la phebs/_/chos zad chos sku'i dgongs pa mngon gyur nas/_/'ja' lus 'pho ba chen po'i skur bzhengs shog_/rab ni tshe 'dir chos skur mngon 'tshang rgya/_/'bring ni bar do'i snang ba longs skur grol/_/tha ma skye ba sprul pa'i skur 'khrungs te/_/rim bzhin chos sku'i gtan srid zin 'gyur zhing /_/de las gzugs sku'i rnam pa dpag med mched/_/'dod 'byung nor dang bum bzang dpag bsam bzhin/_/gang 'dul der ston 'gro khams 'dul phyir du/_/phrin las rnam bzhi lhun gyis 'grub par shog_/rdo rje rtse mo'i bstan pa nyin bzhin gsal/_/der 'dzin skyes bu'i pad tshal phyogs brgyar bzhad/_/lung rtogs thos bsam sgom pa'i rtsi bcud rgyas/_/'gro khams rkang drug gtan bde'i dpal thob shog_/dpal ldan bla ma'i thugs dgongs kun gsal dbyings/_/rab dwangs thugs rje'i nyi 'od rab gsal bas/_/bdag gzhan nang gi mun pa drungs phyung nas/_/phan bde'i pad+mo rgyas pa'i bkra shis shog_/ces rdzogs pa chen po'i khrid kyi rim pa brgyud ldan grub dbang bla ma'i zhal lung man ngag zab mo'i brgyan pa 'di ni/_gnas mchog lha brag dkar po'i nye 'dabs gsol sder bkra shis 'khyil ba'i yang steng 7dpal grub pa'i dbang phyug shAkya shrI dz+nyA na'i gdan sa gzim rtse nyi 'od 'khyil bar rang nyid thos bsam gyi spyi rgya chod pa'i brtson pa dben rung /_tshe 'di'i 'khri ba btsan thabs su bcad nas bgrang bya du mar snying po'i sgrub pa rtse gcig bar med du bsgrubs pas rtogs pa'i rtsal chen cig car du rdzogs shing bsgoms stobs kyi shes rab zab mo'i klong rdol te/_rgyal ba rdzogs pa'i sangs rgyas mi gzugs su byon pa klong chen rab 'byams bzang po dang /_rtsa ba'i bla ma grub pa'i dbang phyug shAkya shrI dz+nyA na sogs yul dam pa rnams la mos gus bzod med du 'bar zhing /_sems can rnams la phan 'dod kyi snying rje drag po yang yang skyes pa sogs kyis bskul ma gdab nas/_blo dman go myong phyogs re ba bdag lta bu la cung zad sman du re ba'i kun slong lhag bsam bzang po'i shugs dang bcas te/_tshig tshogs kyi na yam go ba skam po tsam ma yin par/_nyams myong gi dmar khrid lag len du 'debs bde ba'i dbang du byas pa ste/_dang po kun gzhi dang lta ba'i rnam bzhag gtan la 'bebs lugs/_bar du sgom pa nyams su len zhing spyod pa'i bogs dbyung lugs/_mthar thug 'bras bu thob nas grol lugs rnam pa gsum gyis sangs rgyas kyi go 'phang brnyes nas 'gro don du phrin las rgyun chad med par 'byung tshul sogs/_'chad nyan dang nyams len bde phyir rgyas bsdus gang mtshams su byas pa 'di ni/_snying thig ma bu rnams la go myong rtogs gsum byang zhing chub par byas shing /_gzhi lam 'bras gsum dbye ba sogs so sor rang rig pas thos bsam sgom pas rtsad brdar bcad cing /_sngon bsu rjes dpyod re dogs 'bad rtsol sogs/_blo gros kyi dri ma ngan pas ma bslad par/_gang dran thams cad bzo bcos med par shugs 'byung chen por lam du bslang ste/_7sras ming sa mAn+ta badz+ras rab rgyal lcags lug smin zla'i dkar phyogs kyi bzang po gnyis par grub par bgyis pa 'dis kyang /_nges gsang rdzogs pa chen po'i bstan pa nyin mo ltar gsal zhing /_de 'dzin gyi skyes bu thams cad sku tshe bskal brgya'i bar du bstan pa dang /_gdams zab kyi rim pa mdo don gcig tu dril nas nyan bsam sgom pas nyams su len par 'dod pa rnams la shes rab kyi mig zab mor gyur te/_gdod ma'i gnas lugs mngon du gzigs pa'i dpal bla med lhun gyis grub pa'i rgyur gyur cig_/sarba mang+ga laM//__//

[edit]

༄༅། །གནས་ལུགས་རྫོགས་པ་ཆེན་པོའི་ཁྲིད་ཡིག་ཡང་ཟབ་ཡིད་བཞིན་ནོར་བུ་ཞེས་བྱ་བ་བཞུགས་སོ།།

༄༅། །སྲས་བཅས་རྒྱལ་བའི་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་མ་ལུས་གཅིག་ཏུ་ངོམ་པ་བཞིན། །སྙིགས་དུས་རིས་མེད་བསྟན་དང་འགྲོ་བའི་མགོན། །མཚུངས་མེད་དཔལ་ལྡན་བླ་མ་སྙིང་དབུས་རོལ། །ཟབ་གསང་ཆོས་ཕུང་རྒྱ་མཚོའི་སྙིང་པོའི་ནོར། །གནས་ལུགས་རྫོགས་པ་ཆེན་པོ་བླ་ན་མེད། །རྒྱུད་དང་བསྟན་བཅོས་མན་ངག་འགའ་ཡི་བཅུད། །ཐོས་བསམ་སྒོམ་པས་གནད་ལ་རབ་བསྣུན་ཏེ། །བདག་གཞན་འཇུག་པ་བདེ་ཕྱིར་ཕྱོགས་ བསྡེབས། །བྱིན་རླབས་དགོངས་པའི་རྩལ་ཆེན་དེང་འདིར་འཕོས། །བློ་གྲོས་པདྨོ་མཆོག་ཏུ་རྒྱས་གྱུར་ནས། །རྩོམ་པའི་བསྟན་བཅོས་མཐའ་རུ་ཕྱིན་པར་མཛོད། །དེ་ལ་ཡང་གསང་བླ་ན་མེད་པའི་གདམས་པ་ཟབ་མོ་འཆད་པ་ལ། སྟོན་བྱེད་སློབ་དཔོན་དང་། སྟོན་ཡུལ་སློབ་མའི་མཚན་ཉིད་དང་། གདམས་ངག་གི་རིམ་པ་འཆད་ཚུལ་དང་ཉམས་སུ་ལེན་པའི་རིམ་པ་སོགས་གང་ཟག་གསར་བུ་ལས་དང་པོ་པ་ཐོས་བསམ་སྒོམ་པ་ཕྱོགས་རེར་ཤོར་བ་རྣམས་རང་ཡིད་ཆེས་ཤིང་ཆོས་ཁུངས་བཙུན་པར་ཤེས་ནས་ཉམས་སུ་ལེན་པ་ལ་སྤྲོ་བ་བསྐྱེད་ཕྱིར། རྒྱུད་དང་བསྟན་བཅོས་མན་ངག་གི་གཙོ་བོ་འགའ་རེ་ཕྱོགས་གཅིག་ཏུ་བསྡེབས་ནས་ཅུང་ཟད་སྤྲོས་པ་ལ་སྐབས་རྣམ་པ་བརྒྱད་དེ། ཇི་སྐད་དུ། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་དང་། གསང་རྒྱུད་ལས། གང་ཟག་གསར་བུ་ཡིད་ཆེས་ཕྱིར། །ཆུ་འགོ་གངས་ལ་ཐུག་པ་བཞིན། །ཀུན་བཟང་ང་ཡི་བར་དུ་བཤད། །ཅེས་གསུངས་པ་ལྟར་བཤད་པ་ལ། ཐེག་པའི་རྣམ་བཞག་མདོར་ཙམ་བསྟན་ནས་བླ་མ་བརྒྱུད་པའི་ལོ་རྒྱུས་བཤད་པ་དང་གཅིག །བླ་སློབ་མཚན་ཉིད་དང་ལྡན་པས་གདམས་པ་སྤེལ་ལ་སྣོད་མིན་གྱི་རིགས་ལ་ཤིན་ཏུ་གསང་བར་བྱ་དགོས་ཚུལ་དང་། སྨིན་བྱེད་དབང་གི་ལོ་རྒྱུས་ཅུང་ཟད་བཤད་པ་དང་གཉིས། དེ་ནས་ཀུན་གཞི་ལས་འཁོར་འདས་ཀྱི་རྣམ་དབྱེ་ཕྱེད་པ་དང་གསུམ། ཁྱད་པར་ལྟ་བ་དྲི་མ་མེད་པ་གཏན་ལ་འབེབས་པའི་སྐོར་དང་བཞི། སྒོམ་པའི་ཐབས་ཟབ་མོ་དུ་མ་དང་བཅས་གཞི་ཀ་དག་ཁྲེགས་ཆོད་ཆེན་པོ་ཉམས་སུ་ལེན་ལུགས་དང་ལྔ། གཞི་སྣང་ལྷུན་གྲུབ་ཐོད་རྒལ་ཉམས་སུ་ལེན་ནས་རྟོགས་ལུགས་དང་དྲུག །སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་སོགས་སྤྱོད་པའི་རིམ་པས་བོགས་དབྱུང་ལུགས་དང་བདུན། མཐར་ཐུག་གི་འབྲས་བུ་ཕྱིར་མི་ལྡོག་པའི་གཏན་སྲིད་ཟིན་ལུགས་སོགས་ཀྱི་རྣམ་བཞག་སྟེ་ཆེ་ལོང་སྐབས་བརྒྱད་ཀྱི་ཁོངས་སུ་གཏོགས་པར་བཤད་པར་བྱའོ། །དང་པོ་ནང་པ་སངས་རྒྱས་པའི་བསྟན་པ་འདི་ལ་གྲུབ་མཐའ་ཐེག་པའི་རྣམ་བཞག་སྤྱི་དང་བྱེ་བྲག་རྒྱས་འབྲིང་བསྡུས་སོགས་ཕ་མཐའ་ཡས་པ་ཞིག་བཞུགས་ཀྱང་། དེའི་ནང་ནས་ད་ལམ་འདིར་ཐེག་པ་རིམ་དགུའི་ས་བཅད་མདོ་ཙམ་བཞག་ནས་ཡང་གསང་བླ་ན་མེད་པའི་ཐེག་པ་ལ་འཇུག་པར་བྱ་སྟེ། ཨ་ཏི་བཀོད་པ་ཆེན་པོ་ལས། བསྟན་པའི་ལུགས་ནི་རྣམ་པ་གསུམ། །ཇི་ལྟར་སྐས་ཀྱི་རིམ་པ་བཞིན། །དབང་པོའི་དོན་དུ་བསྟན་པ་དང་། །འོ་མ་ལས་ནི་མར་བཞིན་དུ། །བསྡུ་བའི་དོན་དུ་བསྟན་པ་དང་། །ཚ་བའི་ནད་ལ་ག་པུར་བཞིན། །གཉེན་པོའི་དོན་དུ་བསྟན་པའོ། །ཞེས་དང་། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། གསུང་ཚུལ་དགོངས་པ་གསུམ་དང་བཅས། །དེ་མ་ཡིན་པ་བརྗོད་པའི་ཚིག །དུས་གསུམ་རྒྱལ་བས་གསུངས་པ་མེད། །ཅེས་གསུངས་པ་ལྟར་གཉེན་པོ་ནི་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ལ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པ་ལྟར་རོ། །དབང་པོའི་དོན་ཐེག་རིམ་དགུ་ནི་ཆུང་ངུའི་ཆུང་ཉན་ཐོས། ཆུང་ངུའི་འབྲིང་རང་སངས་རྒྱས། ཆུང་ངུའི་ཆེན་པོ་བྱང་སེམས་སོགས་སོ། །བསྡུ་བའི་དོན་ནི། ཡིད་བཞིན་མཆོག་གི་རྒྱུད་ལས། ཆུང་ངུ་གསུམ་ལ་བསྟན་པ་ནི། །མཚན་མར་འཛིན་ལ་ཉན་ཐོས་ཏེ། །འདུ་ཤེས་ཅན་ལ་རང་རྒྱལ་ཉིད། །སྙོམས་འཇུག་ཅན་ལ་བྱང་སེམས་སོ། །འབྲིང་པོ་གསུམ་ལ་བསྟན་པ་ནི། །རབ་ཏུ་དམན་ལ་བྱ་བ་སྟེ། །དམན་པ་རྣམས་ལ་སྤྱོད་པའོ། །རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། །ཆེན་པོ་གསུམ་ལ་བསྟན་པ་ནི། །སེམས་གནས་པ་ལ་བསྐྱེད་པ་སྟེ། །སེམས་བཅུད་པ་ལ་རྫོགས་པ་ཉིད། །མཆོག་གསང་རབ་ལ་རྫོགས་པ་ཆེ། །ཞེས་གསུངས་པ་ལྟར། དང་པོ་ཐེག་པ་དམན་ལ་ཉན་ཐོས་རང་རྒྱལ་བྱང་སེམས་གསུམ་མོ། །གསང་སྔགས་ཕྱི་པར་ཀྲི་ཡ། ཨུ་པ། ཡོ་ག་གསུམ་མོ། །གསང་སྔགས་ནང་པ་ལ་མ་ཧཱ། ཨ་ནུ། ཨ་ཏི་གསུམ་སྟེ་ཐེག་པ་དགུ་དེ་ལྟར་ཡིན་ཏེ། དེའང་ཅུང་ཟད་སྤྲོས་ན་ཉན་ཐོས་པའི་དང་པོ་འཇུག་སྒོ་ནི། སྡུག་བསྔལ་དང་། ཀུན་འབྱུང་དང་། ལམ་དང་། འགོག་བདེན་ཏེ་བཞིའི་སྒོ་ནས་འཇུག་ཅིང་། ལྟ་བ་གང་ཟག་གི་བདག་མེད་རྟོགས་ཀྱང་ཆོས་ཀྱི་བདག་མེད་མ་རྟོགས་ཏེ་གཟུང་འཛིན་ཕྲ་བ་དོན་དམ་དུ་འདོད་པའི་ཕྱིར་རོ། །སྒོམ་པ་ནི་སོ་ཐར་རིས་བདུན་གང་རུང་ལ་གནས་ནས་ཐོས་བསམ་སྒོམ་པ་བྱས་ཏེ་བདེན་བཞི་རྣམ་པ་བཅུ་དྲུག་སྒོམ་པར་བྱེད་པའོ། །སྤྱོད་པ་ནི་གཙང་སྦྲ་དང་། སྦྱང་བའི་ཡོན་ཏན་བཅུ་གཉིས་ལ་གནས་ཤིང་སྦྱིན་སོགས་རང་དོན་ཉོན་མོངས་ཞི་བྱེད་དུ་སྤྱོད་ཀྱང་ཐབས་ཀྱིས་མ་ཟིན་པ་དང་། འབྲས་བུ་ནི་རབ་བསྐལ་པ་བརྒྱ། འབྲིང་ཉིས་བརྒྱ། ཐ་མ་སུམ་བརྒྱ་ན་ལྷག་བཅས་ལྷག་མེད་ཀྱི་དགྲ་བཅོམ་པའི་གོ་འཕང་ཐོབ་པར་འདོད་དོ། །རང་སངས་རྒྱས་ཀྱི་འཇུག་སྒོ་དང་པོ་ནི་རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་འཇུག །ལྟ་བ་ནི་ཕྱི་ཀུན་རྫོབ་བདེན་པ་སྒྱུ་མ་ཙམ་དུ་འདོད་ཅིང་། ནང་གང་ཟག་གི་བདག་མེད་དང་གཟུང་བ་ཆོས་བདག་མེད་ཙམ་རྟོགས་ཀྱང་འཛིན་པ་ཆོས་བདག་མེད་མ་རྟོགས་པས་རྣམ་པར་རྨོངས་པ་དང་། སྒོམ་པ་ནི་བདེན་བཞི་དང་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལྡོག་བསྒོམ། སྤྱོད་པ་ནི་རང་དོན་འབའ་ཞིག་དང་ལུས་ཀྱི་རྫུ་འཕྲུལ་གྱི་བརྡའ་སོགས་ཀྱིས་གཞན་དོན་ལའང་སྤྱོད། འབྲས་བུ་ནི་རིང་བ་བསྐལ་པ་བརྒྱ་དང་མྱུར་བ་སྲིད་པ་གསུམ་སོགས་ཀྱི་མཐར་དགྲ་བཅོམ་པའི་གོ་འཕང་མངོན་དུ་འཐོབ་བོ། །དེ་ནས་ཐེག་ཆེན་རྒྱུ་ཡི་ཐེག་པའི་བྱང་སེམས་ཀྱི་འཇུག་སྒོ་ནི་བདེན་པ་གཉིས་ཀྱི་སྒོ་ནས་འཇུག །ལྟ་བ་ནི་སེམས་ཙམ་པས་ཕྱི་སྣང་བ་ཐམས་ཅད་སེམས་སུ་འདོད་དེ་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དོན་དམ་དུ་འདོད། དེའང་ནང་གསེས་རྣམ་བདེན་རྫུན་གྱི་འདོད་ཚུལ་ཐ་དད་ཅུང་ཡོད་དོ། །དབུ་མ་རང་རྒྱུད་པས་སྣང་བ་ཀུན་རྫོབ་ཏུ་གྲུབ་པ་སྒྱུ་མའི་རྟ་གླང་བཞིན། དོན་དམ་ཅིར་ཡང་མ་གྲུབ་པ་ནམ་མཁའ་ལྟ་བུར་འདོད། དེའང་གོང་འོག་གི་འདོད་ཚུལ་ཐ་དད་ཡོད་དོ། །དབུ་མ་ཐལ་འགྱུར་པས་ཀུན་རྫོབ་འཇིག་རྟེན་ན་ཇི་ལྟར་གྲགས་པའི་རྗེས་སུ་འབྲངས་ཏེ། བདེན་གཉིས་དབྱེར་མེད་སྤྲོས་བྲལ་བསམ་བརྗོད་ལས་འདས་པ་ཁས་ལེན་ཐམས་ཅད་དང་བྲལ་བ་འདོད་དོ། །སྒོམ་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཞི་ལྷག་ཟུང་འཇུག་སྒོམ་ཞིང་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་དཔྱད་འཇོག་སྤེལ་མར་བྱས་ནས་སྒོམ། སྤྱོད་པ་ནི་གཞན་དོན་དུ་ཕར་ཕྱིན་དྲུག་དང་བསྡུ་དངོས་བཞི་ལ་སྤྱོད། འབྲས་བུ་ནི་བསྐལ་པ་གྲངས་མེད་གསུམ་སོགས་ས་བཅུ་རིམ་གྱིས་བསྐྱོད་དེ་ས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་བྱང་ཆུབ་བླ་མེད་ཐོབ་བོ། །དེ་དག་ནི་སྔགས་ལ་ལྟོས་ན་དབང་པོ་ཐ་མའི་ལམ་ཀུན་འབྱུང་འདྲེན་པའི་ཐེག་པ་ཞེས་བྱའོ། །ད་ནི་འབྲས་བུ་གསང་སྔགས་ཀྱི་ཐེག་པ་ཀྲི་ཡའི་དང་པོ་འཇུག་སྒོ་ནི་ཆུ་དང་ཅོད་པན་གྱི་དབང་སོགས་ཀྱིས་སྨིན་པར་བྱས་ནས་ཁྲུས་དང་གཙང་སྦྲ་དང་ལྷ་དང་དཀྱིལ་འཁོར་དག་པ། རྫས་དང་ལོངས་སྤྱོད་དག་པ། སྔགས་དང་ཏིང་ངེ་འཛིན་དག་པ་སྟེ་གསུམ་གྱི་སྒོ་ནས་འཇུག །ལྟ་བ་ནི་སེམས་ཉིད་དག་པ་སྟོང་གསལ་གྱི་ཡེ་ཤེས་ཡོད་མེད་སྣང་སྟོང་གི་མཐའ་བཞི་ལས་འདས་པའི་ཆོས་ཉིད་ལྟ། སྒོམ་པ་ནི་བདག་དམ་ཚིག་པ་ལྷ་ཡེ་ཤེས་སེམས་དཔའ་གཉིས་རྗེ་ཁོལ་གྱི་ཚུལ་དུ་མཚན་བཅས་མཚན་མེད་ཀྱི་ཏིང་ངེ་འཛིན་རེས་འཇོག་ཏུ་སྒོམ། སྤྱོད་པ་ནི་གཙང་སྦྲ་དང་ལྡན་པས་ལྷ་མཆོད་ཅིང་སོ་སོའི་ལྷ་སྒྲུབ་པ་ལ་དམ་ཚིག་རྣམས་སྲུང་བར་བྱེད་ལ། འཇུག་པའི་དུས་དང་། ཟས། གོས། གཙང་སྦྲ། དམིགས་རྟེན། བཟླས་བརྗོད་དང་དྲུག་ལ་བྱ་བ་དྲུག་བཤད་དོ། འབྲས་བུ་ནི་མི་ཚེ་བདུན་ན་རིགས་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་བོ། །ཨུ་པའི་དང་པོ་འཇུག་སྒོ་ནི་ཁྲུས་དང་གཙང་སྦྲ་དང་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་སྒོ་ནས་འཇུག་པར་བྱ་བ་མཐུན། ལྟ་བ་ནི་རྣལ་འབྱོར་ཡོ་ག་དང་རྗེས་སུ་མཐུན། སྒོམ་པ་ནི་བདག་དང་ལྷ་མཉམ་པར་སྤུན་གྲོགས་ཀྱི་ཚུལ་དུ་སྒོམ་པ་དང་། ཡི་གེ་དང་། ཕྱག་རྒྱ་དང་། གཟུགས་ཀྱི་ལྷ་གསུམ་དུ་སྒོམ། སྤྱོད་པ་ནི་གོང་དང་མཚུངས། འབྲས་བུ་ནི་མི་ཚེ་ལྔ་ནས་རིགས་བཞི་རྡོ་རྗེ་འཆང་གི་ས་ཐོབ་བོ། །ཡོ་གའི་དང་པོ་འཇུག་སྒོ་ནི། རིག་པའི་དབང་ལྔ་སློབ་དཔོན་གྱི་དབང་དང་དྲུག་གིས་སྨིན་པར་བྱས་ནས་འཇུག །ལྟ་བ་ནི་དོན་དམ་སྤྲོས་མཚན་དང་བྲལ་བའི་རང་བཞིན་འོད་གསལ་བའི་སྟོང་པ་ཉིད་དང་། ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷར་ལྟ། སྒོམ་པ་མངོན་པར་བྱང་ཆུབ་ལྔ་དང་ཆོ་འཕྲུལ་བཞི་དང་ཕྱག་རྒྱ་བཞིས་རྒྱས་འདེབས་པའི་ཚུལ་དུ་བསྒོམས་ཏེ་མཚན་མེད་ཆོས་ཉིད་དང་ལྷར་སྣང་གི་སྣང་ཆ་གཉིས་མེད་ཀྱི་ངང་ལ་རྟག་ཏུ་མཉམ་པར་འཇོག །སྤྱོད་པ་ནི་གཙང་སྦྲ་སོགས་ཕྱི་ཡི་གྲོགས་དང་། གཙོ་བོར་ལྷ་ཡི་རྣལ་འབྱོར་ལ་གནས་པས་རང་བཞིན་དོན་གྱི་སྤྱོད་པའོ། །འབྲས་བུ་ནི་མི་ཚེ་ལྔ་ནས་ཕྱི་ནང་རྣམ་པར་དག་པའི་ཡེ་ཤེས་མངོན་དུ་བྱས་ནས་རིགས་ལྔ་སྟུག་པོ་བཀོད་པའི་ས་ལ་སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག་ཉིད་དུ་འཚང་རྒྱ་བའོ། །དེ་ལྟར་དབང་པོ་འབྲིང་གི་དོན་དུ་དགོངས་པ་སྔགས་ཀྱི་རྒྱུད་སྡེ་གསུམ་ཞེས་བྱ་བ་དེ་ཡིན་ནོ། །དབང་བསྒྱུར་ཐབས་ཀྱི་ཐེག་པ་གསང་སྔགས་ནང་པ་མ་ཧཱ་ཡོ་གའི་ཐེག་པ་ནི། འཇུག་སྒོ་དབང་བཞིས་སྨིན་པས་འཇུག །ལྟ་བ་ནི་འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་ལྟ། སྒོམ་པ་ནི་གཙོ་བོར་ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་སྣོད་བཅུད་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ་ཤེས་ནས་སྒོམ། སྤྱོད་པ་ནི་ལུས་ངག་དག་པར་བྱ་བ་སྟེ། དེ་ཡང་དུས་ཚོད་དང་འབྲེལ་དགེ་སྦྱོང་གཞོན་ནུའི་སྤྱོད་པ། སྨྱོན་པ་བརྟུལ་ཞུགས་ཀྱི་སྤྱོད་པ། རྒྱལ་པོ་ས་འཛིན་གྱི་སྤྱོད་པ་སོགས་མང་དུ་མཆིས་སོ། །ལྔ་པ་འབྲས་བུ་ནི་བརྩོན་འགྲུས་དང་དམ་ཚིག་ལྡན་པས་ཚེ་གཅིག་གིས་རིག་འཛིན་རྣམ་བཞིའི་གོ་འཕང་ཐོབ་པར་བྱེད་དོ། །ཨ་ནུའི་དང་པོ་འཇུག་སྒོ་ནི་ཕྱི་ནང་དབང་ཆོག་སུམ་ཅུ་སོ་དྲུག་གིས་རྒྱུད་སྨིན་པའི་སྒོ་ནས་འཇུག །ལྟ་བ་ནི། དབྱིངས་ཡེ་ཟུང་འཇུག་དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཆོས་ཐམས་ཅད་ཡེ་གདོད་མ་ནས་སངས་རྒྱས་པ་ཉིད་དུ་ལྟ། སྒོམ་པ་ནི། བྱ་བ་རྒྱུ་ཡི་རྣལ་འབྱོར། བྱེད་པ་རྐྱེན་གྱི་རྣལ་འབྱོར། བྱ་བྲལ་འབྲས་བུའི་རྣལ་འབྱོར་གསུམ་དང་རྩ་རླུང་ཐིག་ལེ་ཐམས་ཅད་ཡེ་ནས་ལྷ་ཡི་དཀྱིལ་འཁོར་སྐད་ཅིག་དྲན་རྫོགས་སུ་སྒོམ། སྤྱོད་པ་ནི། བྱིན་གྱིས་རློབ་པའི་སྤྱོད་པ་དང་། དབང་དུ་བསྒྱུར་བའི་སྤྱོད་པ་དང་། ཐབས་ཀྱི་སྤྱོད་པ་གསུམ་བསླབ་བོ། །འབྲས་བུ་ནི། ཚེ་གཅིག་གིས་མི་སློབ་པའི་ཟུང་འཇུག་ཡི་གེའི་འཁོར་ལོ་ཚོགས་ཆེན་གྱི་ས་མངོན་དུ་བྱེད་པ་ཡིན་ནོ། །རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་དང་པོ་འཇུག་སྒོ་ནི། རིག་པའི་རྩལ་དབང་བསྐུར་བའི་སྒོ་ནས་འཇུག །ལྟ་བ་ནི། གཞི་མེད་རྩ་བྲལ་གཟའ་གཏད་དང་བྲལ་བ་སྟོང་ཉིད་བསམ་བརྗོད་ལས་འདས་པའི་རང་གནས་ཀྱི་ཡེ་ཤེས་རྗེན་པར་སྟོན་པའོ། །སྒོམ་པ་ནི། ཡེ་གྲོལ་སྤང་བླང་བྲལ་བར་བསྒོམ། སྤྱོད་པ་ནི། བྱ་བྲལ་ཤུགས་འབྱུང་སྤང་བླང་གི་མཐའ་ཟད་རོལ་པ་གཅིག་གི་ངོ་བོའོ། །འབྲས་བུ་ནི། ཡེ་གདོད་མ་ནས་རང་ལ་རང་ཆས་ལྷུན་གྲུབ་ཏུ་ཡོད་པའི་སྐུ་དང་ཡེ་ཤེས་མངོན་དུ་གྱུར་ནས་ཡེ་ཤེས་བླ་མའི་ས་སྤངས་ཐོབ་མེད་པ་ལྷུན་རྫོགས་ཆེན་པོ་བརྙེས་པའོ། །དེ་ལྟར་ཐེག་རིམ་དགུའི་རྩེ་མོ་ཨ་ཏི་རྫོགས་པ་ཆེན་པོ་ལའང་གང་ཟག་བློ་རིམ་གསུམ་གྱི་ཚུལ་དུ་སེམས་སྡེ་དང་། ཀློང་སྡེ་དང་། མན་ངག་གི་སྡེ་དང་གསུམ་དུ་འཇམ་དཔལ་བཤེས་གཉེན་གྱིས་བཀྲལ་ཞིང་། མན་ངག་སྡེ་ལའང་དུས་དང་གདུལ་བྱ་ཡང་རབ་ལ་དགོངས་ཏེ་ཤྲཱི་སིདྷས་སྐོར་ཚོ་བཞི་ཕྱེས་པའི་ནང་ཚན་ལས་ད་ལན་བཤད་པ་ནི་ཡང་གསང་བླ་ན་མེད་པའོ། །དེའི་དང་པོ་བླ་མ་གྲུབ་ཐོབ་བརྒྱུད་པའི་ལོ་རྒྱུས་ནི། སྟོན་པ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་ཐོག་མའི་གཞི་ཐོག་ཏུ་ཁྱད་ཆོས་དྲུག་དང་ལྡན་པའི་སྒོ་ནས་མངོན་པར་རྫོགས་པ་བྱང་ཆུབ་ཀྱི་གོ་འཕང་དམ་པ་ཡོངས་སུ་བརྙེས་ཏེ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ལས་མ་གཡོས་བཞིན་དུ། གནས་ཕུན་སུམ་ཚོགས་པ་ཆོས་སྐུའི་ཞིང་ན། སྟོན་པ་ཕུན་སུམ་ཚོགས་པ་ཀུན་ཏུ་བཟང་པོ་བཞུགས་ནས། འཁོར་ཕུན་སུམ་ཚོགས་པ་ཡེ་ཤེས་རྒྱ་མཚོས་ཚོགས་ལ། དུས་ཕུན་སུམ་ཚོགས་པ་ཆོས་ཉིད་འཕོ་འགྱུར་མེད་པའི་ངང་། ཆོས་ཕུན་སུམ་ཚོགས་པ་རྫོགས་པ་ཆེན་པོ་རང་ཆས་ལྷུན་གྲུབ་ཏུ་འོད་གསལ་བའི་ངང་ལས་མ་གཡོས་བཞིན་དུ་རང་སྣང་ལོངས་སྤྱོད་རྫོགས་སྐུའི་སྤྲུལ་པ་ནི་ཡེ་ཤེས་ལྔ་ཡི་རང་མདངས་ལས་བྱུང་བའི་གནས་རྣམ་དག་སྟུག་པོ་བཀོད་པའི་ཞིང་ན། སྟོན་པ་ཕུན་སུམ་ཚོགས་པ་རིགས་ལྔའི་སངས་རྒྱས་དང་། འཁོར་ཕུན་སུམ་ཚོགས་པ་ཉིད་ལས་མི་གཞན་པའི་འཁོར་ལ། དུས་ཕུན་སུམ་ཚོགས་པ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཚེ། ཆོས་ཕུན་སུམ་ཚོགས་པ་ཡེ་ཤེས་འོད་གསལ་བའི་དགོངས་པ་བརྗོད་དུ་མེད་པ་བསྟན་ཅིང་། དེ་ཉིད་ཀྱི་ངང་ལས་སྤྲུལ་སྐུ་རྣམ་པར་འཕྲོ་བ་ནི་ཕྱོགས་བཅུའི་ཞིང་ན་ཆུ་ཟླ་ལྟར་འོད་འཕྲོ་བ་རང་བཞིན་སྤྲུལ་པ་རིགས་ལྔ་སོ་སོར་སྣང་བས། ས་དང་པོ་ནས་བཅུ་ཡི་བར་སེམས་དཔའ་རྣམས་ཀྱི་དོན་མཛད་པའི་ནང་ནས་བྱིན་རླབས་མཆོག་གི་སྤྲུལ་པ་གསུམ་དུ་འཕྲོ་བ་སྟེ། དང་པོ་མཆོག་གི་སྤྲུལ་སྐུ་ནི། རིགས་ལྔའི་མཛོད་སྤུ་ལས་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པ་འོད་ཟེར་ཁ་དོག་ལྔ་ལྡན་ཡིག་འབྲུ་དྲུག་རིགས་དྲུག་སོ་སོའི་གནས་སུ་འཕྲོས་པས་སྤྲུལ་སྐུ་ཐུབ་པ་དྲུག་དང་། རྫོགས་ཆེན་སྟོན་པ་བཅུ་གཉིས་དང་། སྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་སོགས་སྤྲུལ་པ་ཡང་སྤྲུལ་གྲངས་མེད་བསམ་ལས་འདས་པ་བྱོན་ཏེ་འགྲོ་བའི་དོན་ཐ་དད་པར་མཛད་དོ། །དེ་ནས་སྤྲུལ་སྐུའི་ཐོག་མར་རྡོ་རྗེ་འཆང་ཆེན་པོ་ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་དུ་བཞེངས་ཤིང་འདིའི་བསྐལ་པ་དང་པོ་དགའ་ལྡན་བརྩེགས་པ་ཞེས་བྱ་བ་ལ། པདྨའི་སྟེང་དུ་རང་བྱོན་ནས་རྡོ་རྗེ་སེམས་དཔའ་དང་། ཕྱག་ན་རྡོ་རྗེ་ལ་རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཚིག་དང་ཡི་གེ་ལས་འདས་པར་རང་སྣང་དུ་གོ་བར་མཛད་ཅིང་དེ་བཞིན་རིམ་གྱིས་རྫོགས་ཆེན་སྟོན་པ་བཅུ་གཉིས་སོགས། གནས་དང་ཆོས་དང་དུས་དང་འཁོར་སོགས་ཐ་དད་པས་འདུལ་བར་དགོངས་ནས་རིམ་པ་ཐ་དད་བྱོན་ནས་འགྲོ་དོན་རླབས་པོ་ཆེ་མཛད་ཅིང་མ་འོངས་ན་མགོན་པོ་བྱམས་པ་བྱོན་ནས་བཟུང་སྟེ། ཐ་མ་སངས་རྒྱས་མོས་པའི་བར་དུ་བྱོན་པའི་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་དང་བཅས་པ་ནི་བརྡ་དང་ཚིག་ལ་ཆེར་མི་བརྟེན་པར་ཀུན་ཏུ་བཟང་པོ་གཅིག་གི་ངོ་བོ་ལས་རང་བྱོན་པའི་དགོངས་པ་ཆོས་ཉིད་ལས་མི་གཡེལ་བར་རིམ་པར་འབྱོན་པ་ལྟར་སྣང་བས་ན་རྒྱལ་བ་དགོངས་པའི་བརྒྱུད་པ་ཞེས་བྱའོ། །གཉིས་པ་རིག་འཛིན་བརྡ་བརྒྱུད་ནི། རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ན་རྒྱལ་པོ་ཨུ་པ་རཱ་ཛ་དང་བཙུན་མོ་སྣང་གསལ་འོད་ལྡན་མ་གཉིས་ཀྱི་སྲས་མོ་སུ་དྷརྨ་ཞེས་དགེ་སློང་མ་ཞིག་རྒྱ་མཚོའི་གླིང་དུ་དཀའ་ཐུབ་ལ་བཞུགས་པའི་དུས་སུ་ཤེལ་གྱི་མི་དཀར་པོ་གཅིག་གིས་རིན་པོ་ཆེའི་བུམ་པ་སྤྱི་བོར་བཞག་པར་རྨིས་ཏེ། ཟླ་བ་བཅུ་ནས་བུ་གཅིག་བཙས་པས་ཡུམ་བྲེད་དེ་ཐལ་བའི་ཁུང་དུ་སྦས་པས་མཁའ་འགྲོ་མ་དང་ཀླུ་ཐམས་ཅད་ཀྱིས་ནམ་མཁའ་ནས་མཆོད་པར་བྱེད་པར་མཐོང་བས་སླར་བཟོད་པར་གསོལ་ནས་རོ་ལངས་དྷེ་བ་མཚན་དུ་བཏགས་ཏེ་གསོས་པས་ལོ་བདུན་ལོན་པ་ན་སངས་རྒྱས་ཀྱི་ཆོས་མང་པོ་ཐུགས་ལ་ཤར་ཏེ། རྒྱལ་པོའི་མཆོད་གནས་པཎྜི་ཏ་ལྔ་བརྒྱ་ལ་རྩོད་པ་མཛད་པས་སློབ་དཔོན་ཉིད་རྒྱལ་བར་གྱུར་ནས་པྲ་ཛྙཱ་བྷ་ཝ་ར་དང་རྒྱལ་པོ་དགྱེས་པས་དགའ་རབ་རྡོ་རྗེ་ཞེས་མཚན་གསོལ། དེ་ནས་ཕྱག་ན་རྡོ་རྗེ་ལས་རང་བཞིན་རྫོགས་པ་ཆེན་པོའི་ཆོས་རྣམས་གསན་ནས་རྒྱུད་དང་མན་ངག་རྣམས་གླེགས་བམ་དུ་བཀོད་དེ་མཁའ་འགྲོ་མ་རྣམས་ལ་གཏད་ནས་སློབ་དཔོན་ཉིད་དུར་ཁྲོད་བསིལ་བའི་ཚལ་དུ་བཞུགས་སོ། །དེའི་ཚེ་རྡོ་རྗེ་གདན་གྱི་ནུབ་ཕྱོགས་རིམ་པ་གཉིས་པ་ཞེས་བྱ་བའི་གྲོང་ཁྱེར་ན་ཡབ་བྲམ་ཟེ་ལེགས་ལྡན་སྟོན་པ་དང་ཡུམ་སྣང་གསལ་སྒྲོན་མ་གཉིས་ཀྱི་སྲས་སློབ་དཔོན་འཇམ་དཔལ་བཤེས་གཉེན་ཞེས་བྱ་བར་རིག་པའི་གནས་ལྔ་ལ་མཁས་པ་ཞིག་ཡོད་པ་ལ། འཕགས་པ་འཇམ་དཔལ་རྣོན་པོས་ལུང་བསྟན་ཏེ། ཀྱེ་རིགས་ཀྱི་བུ་ཚེ་གཅིག་གིས་སངས་རྒྱ་བར་འདོད་ན། དུར་ཁྲོད་བསིལ་བའི་ཚལ་དུ་སོང་ཞིག་ཅེས་ཐོས་མ་ཐག་ཏུ་ཕྱིན་པས་སློབ་དཔོན་དགའ་རབ་རྡོ་རྗེ་དང་མཇལ་ནས་དབང་ཁྲིད་རྣམས་རྫོགས་པར་མཛད་ནས་དགའ་རབ་རྡོ་རྗེ་འོད་ཕུང་དུ་གཤེགས་པ་ལ། འཇམ་དཔལ་བཤེས་གཉེན་གྱིས་གདུང་བའི་སྨྲེ་སྔགས་ཕྱུང་བ། ཀྱེ་མ་ཀྱེ་ཧུད་ཀྱེ་མ་ཀློང་། །སྟོན་པ་སྒྲོན་མེ་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་ཞུས་པས་རིན་པོ་ཆེ་གའུ་སེན་གང་བ་ནས་གདམས་ངག་ཚིག་གསུམ་གནད་དུ་བརྡེག་པའི་འདས་རྗེས་བཞག་མཛད་དོ། །དེ་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་རང་བཞིན་རྫོགས་པ་ཆེན་པོའི་ཆོས་རྣམས། སེམས་ཀློང་མན་ངག་གི་སྡེ་གསུམ་དུ་ཕྱེས་ནས། དེ་དག་གི་སྙིང་པོ་ཐིག་ལེ་མཆོག་གི་ཆོས་ཉིད་ལས། སྙན་རྒྱུད་དང་བཤད་རྒྱུད་གཉིས་སུ་ཕྱེས་ཏེ། སྙན་རྒྱུད་གསང་བ་རྣམས་ནི་རིམ་པར་མཆན་དུ་བཏབ་ནས། བཤད་རྒྱུད་ཀྱི་སྣོད་རེ་ཞིག་མ་རྙེད་དེ། དཔེ་ཆ་རྣམས་རྡོ་རྗེ་གདན་གྱི་བྱང་ཤར་ན་ཕ་ཝང་རྡོ་རྗེ་རྒྱ་གྲམ་ཅན་དུ་གཏེར་ལ་སྦས་ཏེ་དུར་ཁྲོད་སོ་ས་གླིང་དུ་གཤེགས་ནས་བཞུགས་སོ། །དེའི་ཚེ་རྒྱ་ནག་པོའི་གྲོང་ཁྱེར་ཤོ་ཁྱམ་ནག་པོ་ཞེས་པའི་ཡུལ་ན། ཁྱིམ་བདག་དགེ་བ་ལྡན་པའི་ཡིད་ཅན་དང་ཡུམ་སྣང་བ་རབ་ཏུ་མཁྱེན་ལྡན་མ་གཉིས་ཀྱི་སྲས་སློབ་དཔོན་ཆེན་པོ་ཤྲཱི་སིངྷ་ཞེས་པ་སྦྱང་བའི་ཡོན་ཏན་དང་ལྡན་པ་ཞིག་ཡོད་པ། གྲོང་ཁྱེར་གསེར་གླིང་ཞེས་པ་ལ་ཕེབས་པའི་ལམ་ཁར་ནམ་མཁའ་ནས་སྤྱན་རས་གཟིགས་ཀྱིས་ལུང་བསྟན་པ། ཀྱེ་སྐལ་ལྡན་འབྲས་བུ་ངེས་པར་འདོད་ན། རྒྱ་གར་རྡོ་རྗེ་གདན་གྱི་ནུབ་ཕྱོགས་དུར་ཁྲོད་སོ་ས་གླིང་དུ་སོང་ཞིག་ཅེས་ལུང་བསྟན་པ་ལྟར་ས་ལ་ཁྲུ་གང་གི་མ་རེག་པར་ཞག་དགུ་ལ། དུར་ཁྲོད་སོ་ས་གླིང་དུ་ཕེབས་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་མཇལ་ཏེ། ཕྱག་དང་བསྐོར་བ་བྱས་ནས་རྗེས་སུ་བཟུང་བར་ཞུས་པས་གདམས་པ་རྣམས་གནང་ནས་དཔེ་རྣམས་ལུང་བསྟན་ཏེ་དུར་ཁྲོད་དེ་ཉིད་ཀྱི་ནམ་མཁའ་ན་འོད་ཕུང་དུ་གཤེགས་དུས་ཤྲཱི་སིངྷས། ཀྱེ་མ་ཀྱེ་ཧུད་སོགས་སྨྲེ་སྔགས་བཏོན་པས་རིན་པོ་ཆེའི་གའུ་ནས་སྒོམ་ཉམས་དྲུག་པ་ཞེས་བྱ་བའི་འདས་རྗེས་སུ་བཞག་གོ། །དེ་ནས་སློབ་དཔོན་ཤྲཱི་སིངྷས་རྡོ་རྗེ་གདན་གྱི་ཕ་ཝང་ནས་དཔེ་རྣམས་ཕྱུངས་ཏེ་རྒྱ་ནག་པོའི་ཡུལ་བྱང་ཆུབ་འབྱུང་བའི་ཤིང་དྲུང་དུ་བྱོན་ཏེ། གསང་བ་མཆོག་གི་དཔེ་རྣམས་ལ་ཕྱི་སྐོར་ནང་སྐོར་གསང་སྐོར་ཡང་གསང་བླ་ན་མེད་པའི་སྐོར་དང་བཞི་ཕྱེས་ནས་སྐོར་དང་པོ་གསུམ་ནི་བཀྲ་ཤིས་ཁྲི་སྒོའི་ལྷ་ཁང་གི་བསམ་ལེར་སྦས་ཤིང་ཐ་མ་ཉིད་བཅང་བར་མཛད་ཀྱང་མཁའ་འགྲོའི་ལུང་བསྟན་བྱུང་ནས་དེའང་གཏེར་དུ་སྦས་ཏེ་དུར་ཁྲོད་བསིལ་སྦྱིན་དུ་བྱོན་ནས་བཞུགས་སོ། །དེའི་ཚེ་རྒྱ་གར་ནུབ་ཕྱོགས་གླང་པོ་སྒང་ཞེས་བྱ་བའི་གྲོང་ཁྱེར་ན་ཁྱིམ་བདག་བདེ་ལྡན་འཁོར་ལོ་དང་ཡུམ་གསལ་རིག་མ་བྱ་བའི་སྲས་སློབ་དཔོན་བི་མ་མི་ཏྲ་དང་། རྒྱ་གར་ཤར་ཕྱོགས་ཀ་མ་ལའི་གྲོང་ན་ཡབ་རྡོལ་བ་ཤིན་ཏིང་ལག་པ་དང་། ཡུམ་དགེ་བའི་སེམས་ལྡན་མ་གཉིས་ཀྱི་སྲས་ཡེ་ཤེས་མདོ་ཞེས་བྱ་བ་གཉིས་རིག་པའི་གནས་ལྔ་ལ་མཁས་ཤིང་། རྡོ་རྗེ་གདན་དུ་བཞུགས་པའི་ཚེ་ནུབ་ཕྱོགས་འདམ་བུའི་ཚལ་འཐུག་པོ་མེ་ཏོག་གིས་བརྒྱན་པའི་སར་སྐྱོ་སངས་ལ་བྱོན་དུས་ནམ་མཁའ་ནས་རྡོ་རྗེ་སེམས་དཔས་ལུང་བསྟན་པ། ཀྱེ་རིགས་ཀྱི་བུ་གཉིས་སྐྱེ་བ་ལྔ་བརྒྱར་པཎྜི་ཏའི་ལུས་བླངས་ཀྱང་འབྲས་བུ་མ་ཐོབ་པས་ཚེ་གཅིག་གིས་གྲོལ་བར་འདོད་ན་རྒྱ་ནག་པོའི་དུར་ཁྲོད་བསིལ་སྦྱིན་དུ་སོང་། ཞེས་ཐོས་མ་ཐག་བི་མ་ལ་བྱོན་པས་ཤྲཱི་སིངྷ་དང་མཇལ་ནས་སྙན་རྒྱུད་ཀྱི་གདམས་པ་རྣམས་དང་ཕྱི་ནང་གསང་བའི་སྐོར་རྣམས་རྫོགས་པར་གནང་སྟེ། སླར་རྒྱ་གར་ན་བྱོན་པའི་ཚེ་ཡེ་ཤེས་མདོ་དང་ཕྲད་ནས་སྔར་གྱི་དྲན་པ་སད་ནས་དམ་པ་མཇལ་ལམ་དྲིས་པས། སངས་རྒྱས་ཀྱི་སྤྲུལ་པ་དང་མཇལ་ལོ་ཞེས་ལན་བཏབ་པས་ཡེ་ཤེས་མདོ་དུར་ཁྲོད་བསིལ་སྦྱིན་དུ་བྱོན་པས་སློབ་དཔོན་ཆེན་པོ་ཤྲཱི་སིངྷ་དང་མཇལ་ནས་རྗེས་སུ་བཟུང་བར་ཞུས་པས་འཛིན་ཏེ། སྔོན་ལ་སྙན་རྒྱུད་ཐིག་ལེ་ཕྱི་ནང་གསང་བའི་སྐོར་རྣམས་དང་། དེ་ནས་ཡང་གསང་བླ་ན་མེད་པ་སོགས་གནང་ནས་དཔེ་རྣམས་ལུང་བསྟན་ཏེ་ཤྲཱི་སིངྷ་འོད་ཕུང་དུ་གཤེགས་པ་ལ། ཛྙཱ་ན་སུ་ཏྲས། ཀྱེ་མ་ཀྱེ་ཧུད་སོགས་སྨྲེ་སྔགས་ཕྱུང་བས་རིན་པོ་ཆེའི་གའུ་ནས་གཟེར་བུ་བདུན་པ་ཞེས་པའི་འདས་རྗེས་བཞག་གོ། །དེ་ནས་ཡེ་ཤེས་མདོས། བཀྲ་ཤིས་ཁྲི་སྒོ་ནས་དཔེ་རྣམས་ཕྱུངས་ཏེ་རྒྱ་གར་དུར་ཁྲོད་བྷ་སེང་ཞེས་བྱ་བར་བཞུགས་པའི་ཚེ་བི་མ་ལར་དཔལ་གྱི་བློ་གྲོས་མས་ལུང་བསྟན་པ། ཀྱེ་སྐལ་ལྡན་སྔར་ལས་ཟབ་པའི་གདམས་པ་ཞིག་བཞེད་ན་དུར་ཁྲོད་ཆེན་པོ་བྷ་སེང་དུ་སོང་ཞིག །ཅེས་ཐོས་མ་ཐག་ཏུ་བྱོན་ནས། ཡེ་ཤེས་མདོ་དང་མཇལ་ཏེ་རྗེས་སུ་བཟུང་བར་ཞུས་པས་གདམས་པ་ཐམས་ཅད་རྫོགས་པར་གནང་སྟེ་འོད་ཕུང་དུ་གཤེགས་པ་ལ་བི་མས། ཀྱེ་མ་ཀྱེ་ཧུད་སོགས་ཅེས་སྨྲེ་སྔགས་ཕྱུང་བས་རིན་པོ་ཆེའི་གའུ་ནས་བཞག་ཐབས་བཞི་པ་ཞེས་བྱ་བ་འདས་རྗེས་བབས་སོ། །དེ་ནས་བི་མ་ལ་ཉིད་ཤར་ཕྱོགས་ཀ་མ་རུའི་རྒྱལ་པོ་སེང་གེ་བཟང་པོ་དང་ནུབ་ཕྱོགས་བྷི་རུའི་གྲོང་ཁྱེར་དུ་རྒྱལ་པོ་དྷརྨ་ཕ་ལ་དང་། གྲོང་ཁྱེར་སེར་སྐྱ་ན་རྒྱལ་པོ་ཨིནྡྲ་བོ་དྷི་ཆུང་བ་ཞེས་པ་སོགས་ཀྱི་མཆོད་གནས་མཛད་ཅིང་། མཚན་མོ་དུར་ཁྲོད་རྣམས་སུ་མཁའ་འགྲོ་མ་རྣམས་ལ་ཆོས་སྟོན་པར་མཛད་དོ། །དེ་ཡན་ཆད་རིག་འཛིན་བརྡ་བརྒྱུད་ཞེས་བྱ་བ་སྟེ། མདོར་ན་ཤྲཱི་སིངྷས་ཕྱག་མཛུབ་ནམ་མཁར་བསྒྲེང་སྟེ་ཨོ་རྒྱན་རིན་པོ་ཆེ་ལ་གང་ཤར་ཤར་ཤར་ཤར་མ་ཤར་སོགས་གསུངས་ནས་བརྡ་བསྟན་པས་གནས་ལུགས་རྟོགས་པ་མངོན་དུ་གྱུར་པས་ན་རིག་འཛིན་བརྡ་བརྒྱུད་ཅེས་པ་དེ་འདྲའི་རིགས་ལ་གོ་དགོས་པར་འདུག །གསུམ་པ་གང་ཟག་སྙན་ཁུངས་བརྒྱུད་པ་ནི། དེའི་ཚེ་བོད་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ཏེ། སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་མཛད་པ་ན་མཆོད་གནས་ཉང་བན་ཏིང་འཛིན་བཟང་པོ་ཞེས་བྱ་བ་ལོ་བདུན་དུ་ཞི་གནས་ཀྱི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གནས་ཏེ། ཤ་ཡི་སྤྱན་གྱིས་གླིང་བཞི་དུས་གཅིག་ལ་གཟིགས་པ་དེས་རྒྱལ་པོ་ལ་བཀའ་བགྲོས་ཏེ། རྒྱ་གར་གྲོང་ཁྱེར་སེར་སྐྱ་ན་རྒྱལ་པོ་ཨིནྡྲ་བོ་དྷིའི་མཆོད་གནས་སུ་སློབ་དཔོན་བི་མ་མི་ཏྲ་ཞེས་བྱ་བ་མཁས་ཤིང་གྲུབ་པ་བརྙེས་པར་ཚེ་གཅིག་གིས་སངས་རྒྱས་ཐོབ་པའི་གསང་སྔགས་ཁྱད་པར་འཕགས་པ་ཐུགས་ལ་བཞུགས་གདའ་བས་སྤྱན་དྲངས་པར་ཞུ། ཞེས་གླེང་པས་རྒྱལ་པོས་ལོ་ཙཱ་གསུམ་ལ་གསེར་གྱི་པ་ཏྲ་མང་པོ་བསྐུར་ཏེ་བརྫངས་པས་ལོ་ཙཱ་གསུམ་འབྱོར་ནས། རྒྱ་གར་རྒྱལ་པོ་ལ་སྐྱེས་ཕུལ་ཏེ་པཎྜི་ཏ་བརྫང་བར་ཞུས་པས་ཆོས་སྟོན་གྱི་གྲལ་ན་པཎྜི་ཏ་ལྔ་བརྒྱ་བཞུགས་པའི་དབུས་ནས། བི་མ་ལ་བཞེངས་ཏེ་ཀ་ཀ་པ་རི་ཞེས་གསུངས་པ་ལོ་ཙཱ་གསུམ་ལ་གོ་ལུགས་གསུམ་དུ་བྱུང་བ་སོགས་དང་བཅས་བྱོན་པས་རྒྱ་གར་གྱི་ཉི་མ་བོད་དུ་ནུབ་པ་དང་རྩི་ཤིང་ནགས་ཚལ་ཐམས་ཅད་བོད་དུ་མགོ་འདུད་པའི་རྨི་ལྟས་རྒྱ་གར་བ་རྣམས་ལ་བྱུང་ཞིང་ལོ་པཎ་རྣམས་བསམ་ཡས་ལ་ཆགས་ཕབ་ནས་མངའ་བདག་ཡབ་སྲས་རྗེ་འབངས་ཀྱིས་བསུ་བ་མཛད་ནས་རིན་པོ་ཆེ་སེང་གེའི་ཁྲི་སུམ་བརྩེགས་ལ་བི་མ་ལ་བཞུགས་དུས་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་ཀུན་གྱི་མཐོང་བར་ནམ་མཁའི་དབྱིངས་ཐམས་ཅད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གསལ་བ་ངོ་མཚར་སྐྱེས་ཏེ་མཆོད་པ་དང་བསྟོད་པ་རྒྱ་ཆེན་པོ་བྱས་ཏེ་ཆོས་བསྒྱུར་ཞིང་གསུང་བར་ཞུས་པས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པའི་གསང་སྔགས་ཕྱི་ནང་མཚན་ཉིད་ཀྱི་ཐེག་པ་མང་པོ་བསྒྱུར་ཞིང་གསུངས་ནས། མཚན་མོ་དབུ་རྩེའི་ནང་དུ་གསང་བ་མཆོག་གི་རྒྱུད་ལུང་མན་ངག་རྣམས་རྒྱལ་སྲས་མུ་ནེ་བཙན་པོ་དང་ཉང་ཀ་ཅོག་གསུམ་དང་ལྔ་ལ་གསུངས་ཤིང་། དེ་ནས་གདམས་པའི་གནད་རྣམས་གཅིག་ཏུ་བསྡུས་ནས་ཟབ་མོའི་པོ་ཏི་བཞི་ནི་མཆིམས་ཕུ་བྲག་དམར་དགེ་གོང་དུ་གཏེར་དུ་སྦས་པའོ། །རྒྱ་ནག་པོའི་རི་བོ་རྩེ་ལྔ་ལ་འཇའ་ལུས་འཕོ་ཆེན་གྱི་སྐུར་བཞེངས་ནས། བསྐལ་པ་མ་ཞིག་གི་བར་དུ་བཞུགས་སོ། །དེ་ནས་ཉང་བན་གྱི་དབུ་རུ་ཞེས་ལྷ་ཁང་བཞེངས་ཏེ། སྙན་རྒྱུད་རྣམས་སྦས་བློ་གྲོས་དབང་ཕྱུག་ལ་མཆན་དུ་བཏབ་ནས་དཔེ་རྒྱུད་རྣམས་ཀ་བའི་བསམ་ལེར་དང་ཀེའུ་ཚང་དུ་ལོ་བརྒྱའི་བར་མི་སྣང་བར་གཏེར་དུ་སྦས་ཏེ་དམ་ཅན་རྡོ་རྗེ་ལེགས་པ་ལ་བཀའ་གཏད་མཛད་ནས་བྲག་ལྷའི་ཕུག་གི་ནམ་མཁའ་ལ་འོད་ཕུང་དུ་ལྷག་མ་མེད་པར་གཤེགས་སོ། །དེ་ནས་ལོ་བརྒྱ་ལོན་པ་ན་དབུ་རུ་ཞའི་ལྷ་ཁང་དུ་ལྡང་མ་དགེ་མཆོག་གི་སྲས་གནས་བརྟན་ལྡང་མ་ལྷུན་རྒྱལ་ལ། དམ་ཅན་རྡོ་རྗེ་ལེགས་པས་ལུང་བསྟན་པ་བཞིན་ཀ་བའི་བསམ་ལེར་དང་ཀེའུ་ཚང་དུ་སྦས་པའི་དཔེ་རྣམས་ཕྱུང་སྟེ། ལོ་བཅོ་ལྔ་སོང་དུས་བཤད་རྒྱུད་བཞག་པས་སྣོད་ཚུལ་དུ་བྱོན་པས་ཉང་རོའི་ཡུལ་མཚོ་ཞེས་པ་ན་ལྕེ་ཐུབ་པའི་དབང་པོའི་སྲས་ལྕེ་བཙུན་སེངྒེ་དབང་ཕྱུག་དང་མཇལ་བས་སྣོད་ལྡན་དུ་གཟིགས་ནས་གདམས་པ་རྫོགས་པར་གནང་སྟེ། ལྡང་མ་སྐུ་གཤེགས་པའི་ཚེ་ནམ་མཁའ་འཇའ་འོད་ཀྱིས་ཁེངས་པ་དང་སྐུ་གདུང་རིང་བསྲེལ་དཔག་ཏུ་མེད་པ་བྱུང་བར་གྲགས་སོ། །ལྕེ་བཙུན་གྱིས་དཔེ་རྣམས་གསར་དུ་བཤུས་ཏེ་སྔར་གྱི་གཏེར་དཔེ་རྙིང་པ་རྣམས་ལང་འགྲོ་མཆེད་པ་སྟག་འདྲའི་ཆུ་མིག་རྩ་བར་སྦས་ནས་བཞུགས་དུས་མཚན་ཞིག་གི་རྨི་ལམ་ན་ཨ་ཙ་ར་ཞིག་བྱུང་ནས། བདག་ནི་བི་མ་མི་ཏྲ་མཁས་པ་སྟེ། །སྐལ་ལྡན་སྙིང་པོའི་ཡང་བཅུད་དོན་འདོད་ན། །མཆིམས་ཕུ་བྲག་དམར་དགེ་གོང་ཡར་ལྡེབས་ལ། །གསང་བ་སྙིང་ཐིག་སྙིང་དང་འདྲ་བ་ཡོད། །དེ་དག་ཁྱེར་ལ་འོ་ཡུག་ཕྱི་གོང་དུ། །སུས་ཀྱང་མཐོང་བ་མེད་པ་ལོ་བདུན་སྒོམས། །ཟག་བཅས་ཕུང་པོ་སྣང་བ་མ་ཡིན་ནོ། །ཞེས་ཐོས་ནས་མཆིམས་ཕུར་བྱོན་དུས་བུད་མེད་དུང་སོ་འཁོར་མ་ཡོད་པ་གཡུ་ཡི་སྨིན་མ་ཅན་ཞིག་གིས། དཔེ་རྣམས་བཏོན་ནས་བྱིན་པ་བཞིན་བླངས་ཏེ། འོ་ཡུག་ཕྱི་གོང་རྫ་ཡི་ར་བར་བཞུགས་པས། བི་མ་ལ་དངོས་སུ་བྱོན་ཏེ་ཟླ་བ་ཕྱེད་དུ་དབང་ཁྲིད་གདམས་པ་དང་བཅས་པ་ཐམས་ཅད་རྫོགས་པར་གནང་བས། ལྕེ་བཙུན་གྱིས་དེ་ལྟར་ལོ་བདུན་བསྒོམས་པས་ཕུང་པོ་ལྷག་མེད་འགྲུབ་ནས་བཞུགས་དུས། སྤྲུལ་པའི་སྐུ་རྒྱལ་བ་ཞང་སྟོན་དང་མཇལ་བས་གདམས་པའི་སྣོད་མཁྱེན་ནས་རྫོགས་པར་གནང་ཞིང་ལོ་བརྒྱ་དང་ཉི་ཤུ་རྩ་ལྔ་ན་ནམ་མཁའ་ལ་འོད་ཟེར་གྱི་ཕུང་པོ་གཅིག་ཏུ་གཤེགས་སོ། །རྒྱལ་བ་ཞང་སྟོན་དེའི་ཡུལ་ཡར་འབྲོག་ཕྱོགས་ན་ཡབ་ཞང་རྡོ་རྗེ་དངོས་གྲུབ། ཡུམ་ཞུ་མོ་ཉ་རི་ལྕམ་གྱི་སྲས་སུ་འཁྲུངས་ཏེ། དགུང་ལོ་བཅུ་གཅིག་ནས་ཉི་ཤུ་རྩ་དགུའི་བར་དུ་མཁས་ཤིང་གྲུབ་པ་བརྙེས་པའི་བླ་མ་དུ་མར་བསྟེན་ནས་འདུལ་བ་མདོ་སྡེ་མངོན་པ་སོགས་ཀྱི་སྡེ་སྣོད་དང་སྔགས་གསར་རྙིང་གི་རྒྱུད་སྡེ་དུ་མ་ལ་མཁྱེན་རབ་ཀྱི་པདྨོ་རྒྱས་པར་མཛད་ནས་བཞུགས་པའི་དུས། ཐོ་རངས་ཁར་ནམ་མཁའ་འོད་ཕུང་འཁྲིགས་པའི་དཀྱིལ་ན་སྔོན་གྱི་བླ་མ་རྣམས་དང་དཔའ་བོ་དང་ཐུགས་རྗེ་ཆེན་པོ་དང་སྒྲོལ་མ་བཅས་བཞུགས་ནས་ལུང་བསྟན་པ། ཀྱེ་ཨེ་མ་ཚེ་གཅིག་གིས་སངས་རྒྱས་པའི་མན་ངག་རྫོགས་པ་ཆེན་པོ་གསང་བ་བླ་ན་མེད་པའི་སྐོར་རྣམས། བྲག་རི་སེང་གེ་འདྲ་བ་ལ་ཡོད་ཀྱི་ཐོན་ལ་སེམས་ཅན་དཔག་ཏུ་མེད་པའི་དོན་གྱིས་ཤིག་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་མི་ཞྭ་དཀར་པོ་གྱོན་པ་ཞིག་ན་རེ། དངོས་གྲུབ་སྦྱིན་གྱི་འདོང་ཟེར་ནས་མཉམ་དུ་འགྲོགས་ཤིང་བྲག་སེང་གེ་དང་འདྲ་བའི་རྩར་སླེབ་དུས་ཁོ་སྟོར་ནས་ལོག་སྙམ་ཡང་མ་ཐར་ནས་ཕྱོགས་ཀུན་ཏུ་བལྟས་པས་ཁ་བྱང་ལྟའི་ཕུག་ཞིག་གི་མདུན་རྩ་བཟང་པོ་སྐྱེས་པས་སྒྲིབ་པར་གཟིགས་ནས་མཚར་རྣོན་འཕངས་པས་ཁྲོལ་གྱིས་དེའི་ནང་དུ་སོང་བས་དེར་བྱོན་དུས་བྲག་ཕུག་གི་ནང་ལ་དཀྱིལ་འཁོར་ཞིག་འདུག་པ་བརློག་པས། སྦྲུལ་དང་སྦལ་པ་མང་པོ་ཤིག་གེ་བྱུང་བ་བསལ་ཏེ་བལྟས་པས་གཏེར་གྱི་ཁ་བྱང་བརྒྱ་རྩ་རྙེད་ནས་ས་རུབ་དུས་མི་དཀར་པོ་དེས་བཟའ་བཏུང་དང་མར་མེ་ཁྱེར་ནས་བྱུང་། དར་གཅིག་ན་མིག་ཁྲག་ཏུ་ཁོལ་བ་སླ་ང་ཙམ་བགྲད་པ་མཆེ་བ་གཙིགས་པ་འཇིགས་སུ་རུང་བ་ཞིག་བྱུང་བ་ལ་ཁོས་ལུང་བསྟན་པའི་སྤྲུལ་པ་དེ་ཡིན་ནམ་བྱས་པས། དེ་ན་རེ། ང་ནི་ཨེ་ཀ་ཛཱ་ཊི་ཡིན། །ཚོགས་འཁོར་བརྒྱ་དང་རྩ་བརྒྱད་ཐོང་། །ལོ་གསུམ་བར་དུ་མ་བཤད་ཅིག །གསུངས་ནས་ཕུག་པ་དེའི་སྒོ་དྲུང་ན་གཡུ་གཉིས་བཞག་འདུག་པ་ལས་གཅིག་གིས་ཤ་བུབས་གཅིག་ཉོས། གཅིག་གིས་ནས་ཁལ་གསུམ་ཉོས་ནས་ཚོགས་བརྒྱ་རྩ་བཏོན་ཏེ་དཔེ་རྣམས་རིམ་པར་བཏོན་ནས་ཁྱབ་ཚང་བར་གཏན་ལ་ཕབ་མཛད་དོ། །སླར་གྲུབ་ཐོབ་སེང་གེ་དབང་ཕྱུག་དང་མཇལ་གསང་བ་སྙིང་ཐིག་གི་དབང་ཁྲིད་གདམས་པ་བཅས་རྫོགས་པར་གནང་སྟེ་གཞན་དོན་གྱིས་ཤིག་ཅེས་རྗེས་གནང་སྩལ་བ་དང་ཆབས་ཅིག་ཐོ་རངས་ཁར་བི་མ་ལ་ཞལ་མཇལ་ནས་རྗེས་གནང་དེ་ལྟར་ཐོབ་ཅིང་། དེ་ནས་དགུང་ལོ་དྲུག་ཅུ་རྩ་གཅིག་ཕེབས་པའི་དུས་རྒྱལ་མོ་གཡང་ཞེས་ཁབ་ཏུ་བཞེས་པའི་སྲས་ལྕམ་སྲིང་གསུམ་འཁྲུངས་ཤིང་བླ་མའི་ཞལ་ནས་ངས་ཚོགས་པ་མ་བསྐྱངས་ན་ཕུང་པོ་ལྷག་མེད་དུ་འགྲུབ་པ་ཡིན་གསུངས་ཤིང་། དེ་ལྟར་སྐུ་ལུས་ལ་གྲིབ་མ་མེད་པ་དང་། སྐབས་རེར་རིགས་ལྔ་གསལ་བ་དང་། རྫོགས་ཆེན་གསུང་དུས་འཇའ་ཡི་གུར་ཕུབ་པ་སོགས་ངོ་མཚར་བའི་ལྟས་མང་པོ་ལྡན་པ་དང་། དགུང་ལོ་དྲུག་ཅུ་རྩ་བཞི་ན་སྐུ་འདས་པའི་ཚུལ་བསྟན་པའི་སྐབས་ཤར་ཕྱོགས་ནས་སྒྲ་ཆེན་པོ་ལན་བདུན་གྲགས་ཤིང་ས་ཆེན་པོ་ལན་གསུམ་གཡོས་ཤིང་ནམ་མཁའ་ལ་འཇའ་འོད་འཁྲིགས་བཞིན་སིལ་སྙན་གྱི་སྒྲ་གྲགས། དྲི་ཞིམ་པོའི་ངད་ཀྱིས་ཁྱབ་པ་དང་། འོད་ལྔའི་ཐིག་ལེ་ཕུབ་ཆུང་ཙམ་ནམ་མཁའ་ལ་འཁྲིགས་པ་ཀུན་གྱིས་མཐོང་བ་དང་། སྤུར་སྦྱང་བའི་དུས་སྐུ་ལྔའི་རྒྱལ་ཚབ་གདུང་ལྔ་དང་རིང་བསྲེལ་ཁ་དོག་ལྔ་དང་ནམ་མཁའ་ནས་མེ་ཏོག་གི་ཆར་བབས་པས་དེར་འདུས་པའི་མི་རྣམས་རང་བཞིན་གྱིས་བསམ་གཏན་ལ་གནས་པར་འགྱུར་རོ། །དེ་ལྟ་བུའི་བརྒྱུད་འཛིན་ནི། ཡབ་རྒྱལ་བ་ཞང་རིན་པོ་ཆེ་ཉིད་དང་། ཡུམ་རྒྱལ་མོ་གཡང་གཉིས་ཀྱི་སྲས་མཁས་པ་ཉི་འབུམ་འཁྲུངས་པའི་དུས། ཡུམ་གྱི་རྨི་ལམ་ན་ཉི་མ་མང་པོ་དུས་གཅིག་ཤར་བ་རྨིས་པར་སྨྲས་པས་ཡབ་ཀྱིས་གསུངས་པ། གསང་བ་བླ་ན་མེད་པའི་དོན་གསལ་བར་བྱེད་ཅིང་སེམས་ཅན་མ་རིག་པའི་མུན་པ་སེལ་བའི་རྟགས་ཡིན་ནོ་གསུངས་ཏེ། ཉི་མ་འབུམ་ཞེས་མཚན་གསོལ་ཞིང་། དེ་ནས་དགུང་ལོ་ལྔ་ནས་དགུའི་བར་ལ་ཡབ་ཀྱིས་གསང་བ་སྙིང་ཐིག་གི་དབང་ཁྲིད་གདམས་པ་དང་བཅས་པའི་ལུང་རྣམས་མཛད་དེ། ཡབ་འདས་ནས་དགུང་ལོ་ཉི་ཤུ་ལ་རྡོག་རྒྱལ་ཚའི་སྤྱན་སྔར་བྱོན་ཏེ། གསར་མའི་རྒྱུད་གདམས་ངག་དང་བཅས་མང་དུ་གསན་ཅིང་མཁྱེན་པར་མཛད། ཉི་ཤུ་རྩ་གཉིས་ལ་ཇོ་མོ་རྒྱ་གར་ཁབ་ཏུ་བཞེས། ཉི་ཤུ་རྩ་བདུན་ལ་ས་སྐྱའི་གྲགས་པ་རྒྱལ་མཚན་དང་བླ་མ་སྟག་པོ་བ་བསྟེན། རྩ་དགུ་ལ་སེང་རྒྱན་ཁབ་ཏུ་བཞེས། སུམ་ཅུ་ལ་ཁ་རག་དཔོན་འབྲུག་སོགས་མཁས་གྲུབ་དུ་མ་ལས་མདོ་རྒྱུད་དུ་མ་གསན་ནས་མཁྱེན་པར་མཛད་ཅིང་། ཁྱད་པར་སྒྲ་ཐལ་འགྱུར་ལས་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཡིན་པར་ལུང་བསྟན་ལྟར་དགུང་ལོ་བཅུ་ལ་ཆེ་སར་བཏོན་དུས་རྒྱུད་བཅུ་བདུན་གདམས་ངག་དང་བཅས་པའི་བཤད་པ་མཛད་པས་བུ་སློབ་ཀུན་ངོ་མཚར་ལྷག་པར་སྐྱེས་ཤིང་ལོ་ཉི་ཤུའི་བར་དུ་སྒྲུབ་པ་ལ་ནན་ཏན་སྙིང་པོ་མཛད་པ་ཡིན་ནོ། །དགུང་ལོ་ལྔ་བཅུ་རྩ་དྲུག་གི་ཚེ་སྐུ་གཤེགས་ནས་སྤུར་སྦྱངས་བས་ནམ་མཁའ་ལ་འཇའ་འོད་ཀྱི་གུར་ཕུབ་སྟེ་ས་གཞི་རིང་བསྲེལ་གྱི་གཅལ་བཀྲམ། དགུན་གཞུང་མེ་ཏོག་ཨུག་ཆོས་སྐྱེས། གདུང་ཤ་རཱི་རཾ་སོགས་རང་བྱུང་བས་མི་རྣམས་ངོ་མཚར་གྱི་ས་ལ་བཀོད་དོ། །དེའི་བརྒྱུད་འཛིན་ནི་མཁས་པ་ཉི་འབུམ་གྱི་གཅུང་པོ་ཟླ་བ་འབུམ་དང་རྒྱལ་མ་ཨ་ཡུ་གཉིས་ཀྱི་སྲས་སུ་གུ་རུ་ཇོ་འབེར་འཁྲུངས་ཏེ་དགུང་ལོ་བདུན་མན་ཆད་ལྐུགས་པ་དང་འདྲ་ཞིང་བརྒྱད་ནས་ཤེས་རབ་མེ་ལྟར་འབར་ནས་བཅོ་བརྒྱད་བར་དུ་ཁུ་བོ་མཁས་པ་ཉི་འབུམ་ལས་གསང་བ་བླ་མེད་ཀྱི་དབང་ཁྲིད་གདམས་པ་དང་བཅས་མ་ལུས་པ་གསན་ནས་རྒྱུད་རྣམས་ཀྱི་བཤད་པ་དང་། ཉམས་ལེན་ལ་བརྩོན་པ་མཛད་ཅིང་བཅུ་དགུ་ནས་ཉི་ཤུའི་བར་ལ་ས་སྐྱ་ལོ་ཙཱ་བ་དང་། ཁྲོ་ཕུ་ལོ་ཙཱ་བ་དང་། བལ་པོ་གྲགས་པ་འབུམ་མེ་དང་། གཞན་ཡང་མཁས་གྲུབ་དུ་མ་ལས་སྡེ་སྣོད་རྒྱུད་ལུང་མན་ངག་གདམས་པ་མང་པོ་དགུང་ལོ་སུམ་ཅུ་རྩ་དྲུག་གི་བར་ལ་གསན་ཅིང་མཁྱེན་པར་མཛད་ནས། སྒྲུབ་པ་མཛད་དུས་ཡི་དམ་ལྷ་དུ་མས་ཞལ་གཟིགས་ཤིང་ལྷ་སའི་ཇོ་བོའི་ཞལ་ལ་འཇའ་འོད་སྣ་ལྔས་བསྐོར་བའི་གསེབ་ནས་འོད་ཀྱི་ཐིག་ལེ་ལྔ་ཡི་དབུས་སུ་རྡོར་སེམས་ཡབ་ཡུམ་དང་ཕྱག་ན་རྡོ་རྗེ་ཐུགས་རྗེ་ཆེན་པོ་བཅས་ཞལ་མཐོང་ཞིང་། ཐོ་རངས་མགོན་པོ་ཚེ་དཔག་མེད་འཇའ་འོད་ཀྱི་ནང་ན་བཞུགས་པ་ཞལ་མཇལ་བས། དེའི་ཡོན་ཏན་ཡིན་པ་འདྲ། ངེད་ལ་ཚེ་རིང་རྒྱུད་མེད་ཀྱང་ང་རང་ལེགས་པར་བྱུང་གསུངས། དེ་ལྟར་ཚད་མེད་པའི་མཁྱེན་རབ་དང་། ཐུགས་རྗེས་འགྲོ་བ་འདྲེན་པའི་དེད་དཔོན་མཛད་ནས་སྐུ་གཤེགས་པའི་དུས་ཞག་བདུན་ལ་འཇའ་ཡི་དྲྭ་བས་སྦྲེལ་སྐུ་གདུང་ལ་ཨོཾ་ཨཱཿཧཱུྃ་དང་རིང་བསྲེལ་མང་པོ་བྱོན་ཅིང་མི་རྣམས་ངོ་མཚར་གྱི་གནས་ལ་བཀོད་དོ། །དེ་ལྟ་བུའི་བརྒྱུད་འཛིན་ནི་གཡོ་རུ་གྲྭ་ཡི་ཕུ་ན། ཡབ་བཀྲ་ཤིས་དངོས་གྲུབ་དང་། ཡུམ་དཔལ་ལེགས་གཉིས་ཀྱི་སྲས་སུ་འཁྲུལ་ཞིག་ཆེན་པོ་སྐུ་བལྟམས་དུས་ཉི་མ་རྩེ་ཤར་དུས་ཁང་པར་འཇའ་ཡི་གུར་ཕུབ་པ་ཀུན་གྱིས་མཐོང་། དགུང་ལོ་དགུ་ལོན་པ་ན་རིགས་སད་དེ་ཐ་མལ་ལས་བློ་ལྡོག་ཅིང་དག་སྣང་དང་མོས་གུས་དཔག་ཏུ་མེད་པ་སྐྱེས་པས་སྣང་བ་སྒྱུ་མར་མཐོང་ཞིང་སྣང་སྲིད་བླ་མར་ཤར། ནམ་ཞིག་ཐོ་རངས་ཀྱི་རྨི་ལམ་ན་ཉི་ཟླ་དུས་གཅིག་ཤར་བ་ལ་སོགས་རྨིས་ནས་སད་དུས་ཐུགས་རྗེ་ཆེན་པོས་ལུང་བསྟན་པ། ཀྱེ་སྐལ་ལྡན་ཚེ་གཅིག་གིས་གྲོལ་བ་ཡང་གསང་བླ་ན་མེད་པ་སྙིང་ཐིག་གི་དོན་སྒོམས་ཤིག །ཅེས་གསུངས་ནས་མི་སྣང་བར་གྱུར། དེ་ནས་བཟུང་སྙིང་རྗེ་ཕྱོགས་མེད་རྒྱས་སྣང་སེམས་བདེན་མེད་དུ་རྟོགས་ནས་ཟང་ཐལ་སྨྱོན་པའི་སྤྱོད་པས་རང་བྱུང་ཡེ་ཤེས་ཀྱི་དོན་ལ་རྩལ་སྦྱངས་ཤིང་། ཉི་ཤུ་ལ་མཁན་པོ་ལེའུ་སྒང་བ་དང་། སློབ་དཔོན་བཀྲ་ཤིས་སྒང་པ་གཉིས་ལས་རབ་ཏུ་བྱུང་སྟེ་འདུལ་བ་ལ་ཐོས་བསམ་མཛད། ཉི་ཤུ་རྩ་ལྔ་ལ་སེང་གེ་རྒྱབ་པ་དང་། བླ་མ་རྩ་རི་པ་དང་། རས་པ་དྲི་མེད་འོད་དང་། ལྷ་རི་པ་དང་། གཞོན་ནུ་འབུམ་དང་། སྟོན་ཕྱར་བ་དང་། བྱང་ཆུབ་ཡོན་ཏན་དང་། སློབ་དཔོན་ཇོ་སྲས་ལ་སོགས་པའི་བླ་མ་རྣམས་ལས་ཞང་ཚལ་གྱི་དབང་ཁྲིད་གདམས་པ་དང་། གཅོད་ཡུལ་ཞི་བྱེད་དང་། ཕྱག་རྒྱ་ཆེན་པོ་དང་། གསང་སྔགས་གསར་རྙིང་གི་སྒྲུབ་སྡེ་མན་ངག་དང་བཅས་པ་དུ་མ་ཞུས་ཤིང་། ཁྱད་པར་ཆོས་བདག་གུ་རུ་ཇོ་འབེར་ལས་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་དབང་ཁྲིད་གདམས་པ་དང་བཅས་པ་མ་ལུས་པ་རྫོགས་པར་ཞུས་ནས། གྲོ་བོ་ལ་སོགས་པའི་རི་ཁྲོད་དང་ལུང་སྟོང་རྣམས་སུ་ལོ་དུ་མར་སྒྲུབ་པ་ལ་ནན་ཏན་སྙིང་པོར་མཛད་ཅིང་དེ་ནས་སྐལ་ལྡན་མང་པོ་སྨིན་གྲོལ་གྱི་ས་ལ་བཀོད་དེ། དྲུག་ཅུ་རྩ་གཅིག་ལ་ཆོས་ཉིད་གདོད་མའི་དབྱིངས་སུ་གཤེགས་ཤིང་སྤུར་སྦྱང་དུས་ནམ་མཁའ་ལ་འཇའ་འཁྲིགས་ཤིང་རིང་བསྲེལ་དང་ལྷ་སྐུ་མང་པོ་བྱོན་ནས་འགྲོ་བ་རྣམས་ངོ་མཚར་དང་དད་པ་སྐྱེས་སོ། །དེ་ལྟ་བུའི་བརྒྱུད་འཛིན་ནི་སྒྲགས་ཕུར་ཡབ་བསམ་ཡེ་དང་། ཡུམ་འབར་མ་གཉིས་ཀྱི་སྲས་སུ་གྲུབ་ཆེན་མེ་ལོང་རྡོ་རྗེ་འཁྲུངས་ཏེ་ལོ་དགུ་ན་གྲུབ་ཆེན་བྱ་ལུང་པ་དང་། མཁན་ཆེན་སེ་ལུང་པ་གཉིས་ལས་རབ་ཏུ་བྱུང་ནས་ཟངས་རི་མཚོ་བྲག་ཏུ་བསྒོམས་པས་ཉམས་འབར་ཞིང་མངོན་ཤེས་ཕྲ་མོ་ཐོབ། བཅུ་དྲུག་ལོར་གླེགས་བམ་བརྒྱ་ཚར་མཛད་ནས་གནས་ལུགས་ཀྱི་དོན་རྟོགས་ཏེ་རང་ཤར་རང་གྲོལ་ཆེན་པོའི་སྤྱོད་པ་གཟའ་གཏད་དང་བྲལ། ཡུལ་ཕྱོགས་ཐ་དད་ཀུན་ཏུ་བྱོན་ནས། བླ་མ་གྲུབ་ཐོབ་མང་པོའི་ཞབས་ལ་གཏུགས་ཏེ་ཡང་དག་པའི་གདམས་པ་ཐུགས་ལ་སྦྱངས་ནས་གནས་ཆེན་རྣམས་སུ་ནས་བྲེ་གང་གིས་ཟླ་བ་གཅིག་དང་ཞག་ཉི་ཤུ་རྩ་གཅིག་ལ་འཚོ་བའི་དཀའ་ཐུབ་དང་དཀའ་སྤྱད་མང་པོ་མཛད། བཅོ་བརྒྱད་ལ་སངས་རྒྱས་དཔོན་པོའི་སྤྱན་སྔར་གསང་བ་སྙིང་ཐིག་ཞུས་ཏེ་སྔོན་འགྲོ་སྒོམ་པའི་དུས་ཉིན་མཚན་དྲུག་ཏུ་རྡོར་སེམས་ཀྱི་ཞལ་གཟིགས། སངས་རྒྱས་རས་པ་ལས་རྡོ་རྗེ་ཕག་མོའི་གཏེར་ཆོས་མང་དུ་གསན་ནས་བསྒྲུབས་པས་དངོས་སུ་ཞལ་མཇལ་ཞིང་། ནམ་མཁའ་འོད་ཕུང་གི་དཀྱིལ་ནས་བདེ་མཆོག་ལྷན་སྐྱེས་དང་། རྟ་མགྲིན། སྒྲོལ་མ། ཐུགས་རྗེ་ཆེན་པོ། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། བི་མ་ལ་དང་། ཨོ་རྒྱན་རིན་པོ་ཆེ་སོགས་བཞུགས་པ་མཐོང་གསུངས། གཞན་ཡང་ཞལ་གཟིགས་ལུང་བསྟན་གདམས་པ་གནང་བ་སོགས་དག་སྣང་དུ་མར་བྱུང་བ་དང་། ཁྱད་འཕགས་ཀྱི་བླ་མ་བཅུ་གསུམ་དང་། འགྲན་ཟླ་བྲལ་བའི་བླ་མ་གསུམ་སོགས་བསྟེན་ཏེ་གསང་སྔགས་ཀྱི་དབང་ཁྲིད་གདམས་པ་དང་སྙིང་པོ་དོན་གྱི་གདམས་པ་དཔག་ཏུ་མེད་པ་རྒྱ་མཚོའི་གཏིང་དཔོག་པར་གསན་ནས། ལྷོ་མཁན་པ་ལྗོངས་དང་། མཁན་པ་གླིང་དང་། སེང་གེ་རྫོང་དང་། ཀུན་བཟང་གླིང་དང་། མཁར་ཆུ་ལ་སོགས་པའི་གནས་ཆེན་རྣམས་སུ་སྒྲུབ་པའི་རྒྱལ་མཚན་འཛུགས་ནས་སྐལ་ལྡན་དུ་མ་སྨིན་གྲོལ་གྱི་ས་ལ་བཀོད་ནས་དགུང་ལོ་དྲུག་ཅུ་རྩ་གཅིག་ལ་ཐུགས་འཕོ་བའི་ཚུལ་བསྟན་དུས་འོད་ཆེན་པོ་སྒྲ་དང་བཅས་པ་ནུབ་ཕྱོགས་སུ་ཡལ་ཞིང་སྤུར་སྦྱང་དུས་ནམ་མཁའ་ཤིན་ཏུ་དག་པའི་དཀྱིལ་ན་འཇའ་ཡི་སྣམ་བུ་དང་འོད་དྲྭ་བ་རིས་སུ་ཤར་ཞིང་གདུང་རུས་ལ་ཨ་དཀར་པོ་དང་། གདུང་ཤ་རཱི་རཾ་རིགས་ལྔ་ཡང་བྱོན་པས་འགྲོ་བ་ཀུན་ངོ་མཚར་བའི་ས་ལ་བཀོད་དོ། །དེ་ལྟ་བུའི་བརྒྱུད་འཛིན་ནི་གཡོ་རུ་གསར་རྫིང་ཁ་ཞེས་པའི་གྲོང་བརྡལ་དུ་ཡབ་ཇོ་སྲས་བསོད་ནམས་དཔལ་དང་། ཡུམ་ཁྱེ་ཟ་འབུམ་ཞེས་པའི་སྲས་སུ་རིག་འཛིན་ཀུ་མཱ་རཱ་ཛ་འཁྲུངས་ཏེ་ཆུང་ནས་དད་པ་དང་སྙིང་རྗེ་ཆེན་པོ་མངའ་ཞིང་ཤེས་རབ་ཆེ་བས། ཀློག་དང་ཡི་གེ་བསླབ་མི་དགོས་པར་མཁྱེན་ཅིང་ལོ་བདུན་ནས་བླ་མ་དགྱེས་རྡོར་ལས་བདེ་མཆོག་གི་དབང་དང་། མཁན་པོ་གཙང་པ་ལས་ཡོངས་རྫོགས་ཀྱི་དགེ་བསྙེན་བླངས། ཕག་གྲུའི་མཁན་པོ་ཡེར་པ་དང་། སློབ་དཔོན་མངའ་རི་ལས་རབ་ཏུ་བྱུང་སྟེ་འདུལ་བ་གསན། རིན་པོ་ཆེ་གྲགས་ཡེ་པ་ལས་ནཱ་རོ་ཆོས་དྲུག་སོགས་ལོ་ལྔའི་བར་དུ་གསན། བླ་མ་མ་ཚར་སྟེང་པ་ལས་བརྟག་གཉིས་དང་། དབོན་པོ་སངས་ཤེ་ལས་ལྷ་བསླབ་ཅིང་ཡི་གེ་དྲུག་པ་བཟླས་པའི་རྨི་ལམ་ན་ཤེལ་གྱི་ཁང་པར་ཐུགས་རྗེ་ཆེན་པོ་ཞལ་འཛུམ་པ་མཇལ། ཁྱུང་ནག་ཤར་དར་ལས་རྙིང་མའི་རྒྱུད་ལུང་མན་ངག་མང་དུ་ཞུས་ཤིང་གྲུབ་ཆེན་མེ་ལོང་རྡོ་རྗེས་ཕྱག་རྒྱ་ཆེན་པོའི་ཁྲིད་གནང་ནས་ངོ་སྤྲོད་པས་རྟོགས་པ་རྒྱུད་ལ་སྐྱེས། རྡོ་རྗེ་ཕག་མོ་སོགས་ཀྱི་བསྙེན་སྒྲུབ་མཛད་པས། ཚེས་བཅུའི་ནུབ་མོ་རྨི་ལམ་ན་ཨོ་རྒྱན་པད་འབྱུང་སྐུ་མདོག་དམར་པོ་གར་སྟབས་ལིང་ལིང་རུས་པའི་རྒྱན་དྲུག་གསོལ་བ་ལས་རིགས་ཀྱི་བུ་རྟག་ཏུ་ཆོས་གྱིས་ཤིག་གསུངས། གཞན་ཡང་བླ་མ་གཉན་རས་དང་དར་མགོན་ལས་ཀརྨའི་ཆོས་སྐོར་མ་ལུས་པ་གསན། གྲུབ་ཆེན་ཨུ་རྒྱན་པ་ལས་གསང་བ་སྙིང་ཐིག་གི་དབང་ཁྲིད་གདམས་པ་ཚང་བར་ཞུས་ནས་སྒྲུབ་པ་ལ་དཀའ་བ་དུ་མར་སྤྱད་པས་བླ་མ་མཉེས་ཏེ་འགྲོ་དོན་གྱིས་ཤིག་གསུངས་ནས་རྗེས་གནང་ཐོབ། རྒྱ་སྨད་ཀྱི་བླ་མ་རྡོ་རྗེ་དང་ཆོས་ཀྱི་སེང་གེ་གཉིས་ལས་གསང་སྐོར་གནད་ཀྱི་ངོ་སྤྲོད་དང་། གསང་བ་གནད་ཀྱི་མེ་ལོང་སོགས་མང་དུ་ཞུས། དབང་གྲལ་ན་བླ་མའི་དབུ་སྟེང་གི་ནམ་མཁའ་ལ་མགོན་པོ་ཕྱག་བཞི་པ་དང་། གཟིམ་ཁང་སྒོའི་ཐད་ན་དཔལ་ཨེ་ཀ་ཛཱ་ཊི་དང་ལས་ཀྱི་མ་མོ་བཅས་གཟིགས་པ་དང་ཁྱད་པར་རྡོ་རྗེ་ཕག་མོའི་ཞལ་གཟིགས་པས་ཤེས་རབ་ཕྱོགས་མེད་རྒྱས་པར་གྱུར། སློབ་དཔོན་ཡེ་ཤེས་མགོན་པོ་ལ་སོགས་པ་ནས་གསང་སྐོར་དང་། རྒོད་ཚང་པའི་ཁྲིད་རིམ་དང་། ཨ་རོའི་ཁྲིད་མོ་ཆེ་དང་། དོན་ཁྲིད་སྐོར་ལ་སོགས་བོད་འདིར་གྲགས་སོ་ཅོག་གི་རྫོགས་རིམ་མན་ངག་རྣམས་ཞུན་མཐར་ཆོད་པར་མཛད་ཅིང་། དུས་རྟག་ཏུ་ནགས་ཁྲོད་དང་རི་ཁྲོད་འབའ་ཞིག་ཏུ་བཞུགས་ནས་སྒྲུབ་པ་ལ་ནན་ཏན་སྙིང་པོ་མཛད་དེ། ཀརྨ་པ་རང་བྱུང་རྡོ་རྗེ་སོགས་སྐྱེས་ཆེན་མང་པོར་གསང་བ་བླ་མེད་ཀྱི་ཆོས་འཁོར་བསྐོར་ཞིང་གྲོང་ཁྱེར་དང་ཡུལ་ཁམས་རྣམས་ལའང་ཐར་པའི་ས་བོན་བསྐྲུན་ནས་ལམ་རྒྱ་དང་ཆུ་རྒྱ་དང་རི་རྒྱ་སོགས་བསྡམས་པ་མཛད་ཅིང་ལོ་བརྒྱ་རེ་ན་བི་མའི་སྤྲུལ་པ་རེ་འབྱུང་བའི་ལུང་བསྟན་གྱི་རྟགས་མཚན་རྣམས་མངའ་ཞིང་། ཁྱད་པར་གསང་བ་སྙིང་ཐིག་གི་གནད་ངེས་པ་རྣམས་གསལ་བར་ཕྱེས་ཤིང་རྗེས་སུ་བཟུང་བའི་སྐལ་ལྡན་རྣམས་ཀྱང་འདས་དུས་འཇའ་འོད་རིང་བསྲེལ་དང་བཅས་པ་བྱུང་བའི་འགྲོ་དོན་མཛད་ཅིང་། དེ་ལྟར་དགུང་ལོ་བདུན་ཅུ་རྩ་བརྒྱད་བར་བཞུགས་ནས་མཐར་སྒྲ་དང་འོད་ཟེར་ཁ་དོག་ལྔ་ཡི་དྲྭ་བ་དང་གུར་ཁྱིམ་ལྟ་བུ་ལ་སོགས་ངོ་མཚར་གྱི་ལྟས་དཔག་ཏུ་མེད་པར་བཅས་གདོད་མའི་སར་གཤེགས་སོ། །སྤུར་སྦྱང་བའི་དུས་ནམ་མཁའ་ལ་འོད་ཟེར་དྲྭ་བ་རིས་གྲངས་མེད་དང་། དབུ་ཐོད་རིལ་བུར་བྱོན་པའི་ནང་རིགས་ལྔའི་ཚོམ་བུ་དང་། སྙན་གོང་གཡས་གཡོན་ན་རྗེ་བཙུན་མ་མཐིང་ག་ཚོན་གང་དང་། ཕྱི་ན་འོད་ལྔའི་ར་བ་འོད་ཁྱིམ་གྱེན་འགྲེང་དང་རྩིབ་ཤར་སོགས་རང་བྱུང་དང་། གདུང་སིལ་བུ་ལས་རང་བྱུང་དང་རིང་བསྲེལ་གདུང་རིགས་ལྔ་སོགས་བྱོན་པའི་ངོ་མཚར་གྱི་སྣང་བ་ཆེན་པོས་སྐྱེ་དགུ་རྣམས་དད་མོས་ཀྱི་ས་ལ་བཀོད་དོ། །དེ་ལྟ་བུའི་བརྒྱུད་འཛིན་ནི་གཡོ་རུ་གྲའི་ཕུ་སྟོད་ན་ཡབ་སློབ་དཔོན་བསྟན་སྲུང་དང་། ཡུམ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་རྒྱལ་བ་ཀློང་ཆེན་རབ་འབྱམས་སྐུ་འཁྲུངས་ཏེ། ཆུང་ངུའི་དུས་ནས་དད་པ་དང་སྙིང་རྗེ་ཤེས་རབ་ཆེ་ཞིང་ལོ་བདུན་ནས་ཀློག་ཤེས་ཏེ་ཕུར་པ་དང་། བདེ་གཤེགས་འདུས་པ་དང་། གུ་རུའི་ཕྲིན་སྒྲུབ་རྣམས་བཟླས་པས་ལོ་དགུ་ནས་ཁོང་དུ་ཆུད། ལོ་བཅུ་གཉིས་ནས་མཁན་པོ་བསམ་འགྲུབ་རིན་ཆེན་དང་སློབ་དཔོན་ཀུན་དགའ་འོད་ཟེར་ལས་རབ་ཏུ་བྱུང་སྟེ་འདུལ་བ་ལ་བསླབ་ཅིང་ལོ་བཅུ་བཞི་ནས་བཤད་དོ། །དེ་ནས་སློབ་དཔོན་བཀྲ་ཤིས་རིན་ཆེན་ལས་ལམ་འབྲས། ཆོས་དྲུག་གཉིས་དང་ཕག་མོ་ཆོས་དྲུག་དང་། བདེ་མཆོག་དྲིལ་བུ་པ་དང་། ཕྱག་རྡོར་འཁོར་ལོ་ཆེན་པོ་ལ་སོགས་དབང་ཁྲིད་གདམས་པ་བཅས་གསན། སློབ་དཔོན་དབང་ཡེ་དང་ཟབ་ལུང་རིན་པོ་ཆེ་སོགས་ལས་གསང་སྔགས་སྒྲུབ་སྡེ་མང་པོ་དང་། ཞང་ཚལ་པའི་གདམས་སྐོར་དང་། རྒོད་ཚང་པའི་ལམ་ཁྲིད་དང་། གཅོད་དང་ཞི་བྱེད་སོགས་དང་བྱམས་ཆོས་དང་ཚད་མ་སོགས་མཚན་ཉིད་ཐེག་པ་མང་དུ་གསན། སློབ་དཔོན་ཆོས་དཔལ་རྒྱལ་མཚན་དང་། ཆོས་གྲགས་ལ་སོགས་པའི་དྲུང་དུ་ལོ་དྲུག་ཏུ་ཞུན་མཐར་བཅད། སློབ་དཔོན་བཙན་དགོན་པ་དང་། ལོ་ཙཱ་བ་བློ་བརྟན་དང་། སློབ་དཔོན་གཞོན་ནུ་དོན་འགྲུབ། སློབ་དཔོན་གཞོན་ནུ་རྒྱལ་པོ་དང་། གཞོན་ནུ་རྡོ་རྗེ་ལ་སོགས་པ་ནས་ཚད་མ་སྡེ་བདུན་རྩ་བ་དང་། ཤེས་རབ་སྙིང་པོ་དང་། སྒྲོལ་མ་སོགས་དང་། མདོ་ཏིང་འཛིན་རྒྱལ་པོ་དང་། ཟབ་མོའི་མདོ་ལྔ་དང་། ཤེས་རབ་སྙིང་པོའི་འགྲེལ་པ་སོགས་དང་། མདོ་སྒྱུ་འཕྲུལ་སེམས་ཕྱོགས་ལ་སོགས་པའི་སྐོར་དང་། དབུ་མ་ཚིག་འཇུག་སོགས་འཕགས་སྐོར་རྣམས། སྤྱོད་འཇུག་དང་བསླབ་བཏུས་དང་། ཇོ་བོའི་གདམས་སྐོར་ཆོས་དྲུག་ལ་སོགས་པའི་སྙན་རྒྱུད་མང་དུ་གསན་པ་དང་། མཁན་པོ་ལས་ཁྲོ་ཕུའི་ཆོས་སྐོར་དང་། ཁ་རག་གི་ཆོས་སྐོར་དང་། སྒྲུབ་ཐབས་རྒྱ་མཚོ་དང་ཆོས་འབྱུང་བརྒྱ་རྩ་དང་། འདུལ་བའི་ལུང་སོགས་དང་། ཆོས་རྗེ་ཀརྨ་པ་ལས་སྦྱོར་དྲུག་གེགས་སེལ་བཅས་པ་དང་། ནཱ་རོ་ཆོས་དྲུག་སྐུ་གསུམ་ངོ་སྤྲོད་དང་། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དང་། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ལ་སོགས་པ་དང་། གཞན་ཡང་སློབ་དཔོན་དབང་ཚུལ་སོགས་ལས་སྦྱོར་དྲུག་དང་། སྙན་དྲུག་དང་། རླུང་སྐོར་ལ་སོགས་མང་དུ་གསན་ཅིང་། གནས་ངེས་མེད་རྣམས་སུ་སྒྲུབ་པ་མཛད་པ་ལས། ཅོག་བྲག་ཕུག་ཏུ་ཟླ་བ་ལྔ་མུན་ཁང་དུ་བཞུགས་པའི་སྐབས་ཐོ་རེངས་རྨི་ལམ་ན་སིལ་སྙན་སྒྲ་དབྱངས་དང་བཅས་པ་གསན་ནས་གཟིགས་པས། རྟ་ལ་བསེ་ཁྲབ་དྲིལ་བུས་བརྒྱན་པ་ལ་བུད་མེད་ལོ་བཅུ་དྲུག་གི་ན་ཚོད་ཅན་ཟ་འོག་གི་གོས་དང་གསེར་གཡུའི་རྒྱན་ཆས་སྤྲས་པ་གསེར་གྱི་དྲྭ་བས་གདོང་གཡོགས་པ་ཞིག་ཕེབ་བྱུང་བའི་ཐུ་བ་ལ་འཇུས་ཏེ། འཕགས་མ་ཐུགས་རྗེས་འཛིན་པར་ཞུས་པས། རིན་པོ་ཆེའི་དབུ་རྒྱན་ཞིག་ཕུད་ནས་དབུ་ལ་བཀོན་ཏེ་དེང་ནས་བཟུང་སྟེ་བྱིན་གྱིས་རློབ་ཅིང་དངོས་གྲུབ་སྦྱིན་པར་བྱའོ། །ཞེས་གསུངས་པའི་མོད་ལ་ལུས་སེམས་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་གྱིས་ཕྱམ་གདལ་ཏེ་ཡུན་རིང་པོར་འབྱམས་ཀླས་ཤིང་ཉི་མ་རྩེ་ཤར་དུས་གཟིམ་སད་ཀྱང་ཉམས་དེ་དང་མ་བྲལ་བ་ཞག་གསུམ་བྱུང་། དེ་ནས་བླ་མ་དམ་པ་ཀུ་མཱ་རཱ་ཛ་དང་མཇལ་བླ་མས་གསུངས་པ་མདངས་ལྷ་ཡི་བྱ་ཡིན་ཟེར་བའི་ཡ་མཚན་ཞིག་བྱུང་བ་དེ་ཁྱོད་ལ་ལྟ་བ་ཡིན་འདུག །ངའི་ཆོས་འདིའི་བརྒྱུད་པ་འཛིན་པ་ཞིག་ཡོང་བ་འདྲ་བས། གདམས་པ་ཚང་བར་སྦྱིན་དགོས་གསུངས་ནས་དགྱེས་ཚོར་ཆེན་པོ་དང་བཅས་གདམས་པ་རྣམས་ཞིབ་པར་གནང་མཛད། དེ་ནས་ལུང་སྟོང་དུ་ཤིན་ཏུ་དཀའ་བ་སྤྱད་དེ་ཕྱེ་བྲེ་གསུམ་དང་དངུལ་ཆུ་རིལ་བུ་སྲན་མ་ཙམ་ཉི་ཤུ་རྩ་གཅིག་གིས་ཟླ་བ་གཉིས་རེའི་འཚོ་བ་བྱས་ཏེ། ཁ་བ་བབ་དུས་སྒྱེ་ཞིག་གི་ནང་དུ་ཞུགས་ནས་གོས་གདན་གཉིས་ཀའི་གོ་བཅད་དེ་ལོ་གསུམ་དུ་དམ་བཅའ་མཛད་ནས་མཆིམས་ཕུ་ལ་སོགས་པའི་རི་ཁྲོད་རྣམས་སུ་བསྒོམས་ཤིང་སྒྲུབ་པའི་མཎྜལ་གྱིས་བླ་མའི་ཐུགས་མཉེས་པར་མཛད་ཅིང་། ཚེ་འདིར་ཞེན་པ་མེད་ཅིང་འཁོར་འདས་ལ་རེ་དོགས་སུ་འཛིན་པའི་གཟབ་ལས་གྲོལ་ཏེ། གནས་ལུགས་རྫོགས་པ་ཆེན་པོའི་ལྟ་བ་དང་། ཏིང་ངེ་འཛིན་ལ་རྒྱུན་ཆགས་སུ་གནས་པས་ཐར་པའི་ལམ་སྣ་ཟིན་པ་ཙམ་དུ་འཁོད་ཅིང་ཁྱད་པར་དུ་ཡང་རང་བྱུང་པདྨའི་སྒྲུབ་གནས་བོད་ཀྱི་རི་བོ་རྩེ་ལྔའི་ཕྱོགས་སུ་འོངས་ཏེ། ལས་དང་སྐལ་པ་ལྡན་པ་རྣམས་ལ་འོད་གསལ་རྡོ་རྗེ་སྙིང་པོའི་ལམ་བཟང་སྣང་བར་བྱས་ཤིང་། ཡང་དག་པའི་གདམས་པའི་གནད་མི་འཆུགས་ཤིང་། བདེ་བླག་ཏུ་རྟོགས་པས་ལག་ཏུ་བླང་བདེ་བའི་ཕྱིར་མན་ངག་གི་ཡི་གེ་མཆོག་རབ་རྨད་དུ་བྱུང་བ་མང་པོ་མཛད་ཅིང་། ཁྱད་པར་དུ་ཆོས་སྡེ་སུམ་ཅུ་རྩ་ལྔའི་ཡང་ཏིག་ཡིད་བཞིན་ནོར་བུའི་གདམས་པ་བཀོད་ཅིང་། ཕྱི་རབས་ཀྱི་དོན་དུ་སྨོན་ལམ་གྱི་རྒྱ་དང་བཅས་པ་མཛད་ནས། དགུང་ལོ་ལྔ་བཅུ་ང་དྲུག་བཞེས་པའི་ཚེ་མཆིམས་ཕུར་ཕེབས་ཏེ། གནས་འདིར་དུར་ཁྲོད་བསིལ་བའི་ཚལ་དང་མཚུངས་པས་གཞན་དུ་སྐྱེ་བ་ལས་འདིར་འཆི་བ་དགའ་བས། སྐུ་ལུས་འདི་དུར་ཁྲོད་ཆེན་པོ་འདིར་འཇོག་པ་ཡིན་གསུངས་ནས། ཅུང་ཟད་སྙུན་ཚུལ་བསྟན་ཏེ་ཆོས་སྐུའི་བཞུགས་སྟངས་མཛད་ནས་དགོངས་པ་འོད་གསལ་གདོད་མའི་དབྱིངས་སུ་ཐིམ་པར་འཇའ་འོད་ཀྱི་གུར་དང་མེ་ཏོག་གི་ཆར་བབ་ཅིང་གདུང་སྦྱང་བའི་དུས་ས་ཆེན་པོ་གཡོས། སྒྲ་ཆེན་པོ་ལན་བདུན་གྲགས། ཐུགས་ལྗགས་སྤྱན་གསུམ་རང་བྱུང་དང་། གདུང་ཆེན་ལྔ་དང་། རིང་བསྲེལ་ཕྲ་མོ་གྲངས་མེད་བབས་པ་སོགས་ཀྱིས་སྐལ་ལྡན་རྣམས་ངོ་མཚར་བའི་ལམ་ལ་བཀོད་དོ། །དེ་ལྟ་བུའི་བརྒྱུད་འཛིན་ནི་སོ་སོའི་རྣམ་ཐར་གྱི་གཞུང་ཆེན་པོ་དག་ལ་གསལ་བཞིན་ད་སྐབས་རེ་ཞིག་མདོ་དོན་ཡོངས་སུ་བསྡུ་ནས་ཅུང་ཟད་བཤད་ན། རྒྱལ་བ་ཀློང་ཆེན་རབ་འབྱམས་བཟང་པོའི་ཡེ་ཤེས་ཀྱི་སྐུ་དྲི་མ་མེད་པ་འཁྲུལ་བྲལ་དག་པའི་ལམ་སྣང་ནས་ཞལ་གཟིགས་ཤིང་། རྗེས་སུ་བཟུང་བར་མཛད་དེ། སྐུ་ཆུང་ངུའི་དུས་ནས་འདིར་སྣང་སྲིད་པའི་ཕུན་ཚོགས་ལ་རྒྱབ་ཀྱིས་ཕྱོགས་ཤིང་། རིས་མེད་ཀྱི་སྐྱེས་ཆེན་མཁས་གྲུབ་རྣམས་ལས་མདོ་རྒྱུད་དང་། བཀའ་གཏེར་མན་ངག་གི་རིམ་པ་དབང་ལུང་ཁྲིད་རྒྱུན་སོགས་དུ་མ་གསན་ནས། ཐོས་བསམ་སྒོམ་པ་ལ་དཀའ་སྤྱད་དང་བརྩོན་འགྲུས་ཕུལ་དུ་ཕྱིན་པར་མཛད་པས། ཉམས་རྟོགས་ཡོན་ཏན་གྱི་རྩལ་ཆེན་རྫོགས་པ་དང་། ཟབ་མོ་ཆོས་ཀྱི་གཏེར་མཛོད་རྡོལ་ཞིང་སངས་རྒྱས་བྱང་སེམས་རྣམས་དང་། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སོགས་རིགས་མི་འདྲ་བ་དུ་མས་ཞལ་གཟིགས། ལུང་བསྟན། དབུགས་དབྱུང་། གཟེངས་བསྟོད། དངོས་གྲུབ་སྩལ་ཞིང་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པ་དང་། མཁས་ཤིང་གྲུབ་པ་ཡོངས་སུ་བརྙེས་ནས་མངོན་ཤེས་དང་རྫུ་འཕྲུལ་སོགས་ལ་ཐོགས་པ་མེད་པར་འབྱུང་བས། ངེས་གསང་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་མི་ནུབ་ཕྱོགས་དུས་ཀུན་ཏུ་བསྒྲགས་པར་མཛད་པ་དང་ཆབས་ཅིག་བསྟན་པ་དང་། འགྲོ་བ་སྤྱི་དང་བྱེ་བྲག་ཀུན་ལ་གང་ལ་གང་འདུལ་གྱི་ཕན་པ་དང་བདེ་བའི་ཕྲིན་ལས་ཕ་མཐའ་ཡས་པ་རེ་སྐྱོང་བར་མཛད། རང་དོན་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པས་འཁྲུལ་གཞི་དང་འཁྲུལ་རྟོག་གི་ཆ་དང་བཅས་པ་ཐམས་ཅད་གདོད་མའི་ཟད་ས་ལ་བསྐྱོལ་ཞིང་། ལྷུན་གྲུབ་ཐོད་རྒལ་གྱི་སྣང་བའི་རྩལ་ཆེན་རྫོགས་པས་ཕྱི་ནང་སྣོད་བཅུད་རྣམས་དང་། སྐུ་ལུས་སོགས་རྡུལ་ཕྲན་དུ་དེངས་ནས་འཇའ་ལུས་འཕོ་ཆེན་གྱི་སྐུར་བཞེངས་སུ་ཉེ་བའི་ངང་དུ་གཤེགས་པ་ན། སྒྲ་ཆེན་པོ་འུར་ཞིང་ཐུག་ཆོམ་ལན་གྲངས་འབྱུང་བ་དང་། ཁ་དོག་ལྔ་ཡི་འོད་དང་འོད་ཁྱིམ་རྩིབ་ཤར་དང་གྱེན་འགྲེང་སོགས་གཟུགས་དབྱིབས་བཀོད་པ་ཚད་མེད་པ་ལ་སོགས་པ་དང་། སྐུ་གདུང་ལ་རང་བྱུང་གི་རྣམ་པ་དང་འཕེལ་གདུང་རིགས་ལྔ་དང་། རིང་བསྲེལ་ཕྲ་མོ་སོགས་དུ་མ་སྐལ་ལྡན་རྣམས་ཀྱི་དད་པའི་རྟེན་ཙམ་དུ་བཞག་པ་དང་། ཆབས་ཅིག་སྲིད་ན་འབྱུང་བར་དཀའ་བའི་རྟགས་མཚན་བླ་ན་མེད་པ་དང་བཅས་ཏེ་ཁྱབ་བདག་ཆོས་སྐུའི་ཁྲི་ལ་མངོན་པར་གཤེགས་པ་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པ་དང་། གཏེར་ཆེན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། བདག་ཅག་གི་རྩ་བའི་བླ་མ་རིན་པོ་ཆེ་དཔལ་༧གྲུབ་པའི་དབང་ཕྱུག་ཤཱཀྱ་ཤྲཱི་ཛྙཱ་ན་ལ་སོགས་པའི་གསང་བ་གསུམ་གྱི་རྣམ་ཐར་དེ་དང་དེ་ཡི་རང་བཞིན་དུ་མངའ་བ་ཤ་སྟག་བྱོན་པ་དང་བཞུགས་བཞིན་པ་ལགས་སོ། །དེ་ལྟར་ཐེག་པའི་རྣམ་དབྱེ་དང་བླ་མ་བརྒྱུད་པའི་ལོ་རྒྱུས་ཕྱོགས་ཙམ་སྟོན་པའི་སྐབས་དང་པོའི་རིམ་པ་རྫོགས་སོ།། ༈ །།དེ་ནས་གཉིས་པ་བླ་མ་མཚན་ཉིད་དང་ལྡན་པ་དང་སྟོན་ཡུལ་སློབ་མ་སོགས་ཀྱི་རྣམ་གྲངས་ནི་འདི་ལྟ་སྟེ། སྐྱོན་བྲལ་ཡོན་ཏན་རྫོགས་པའི་བླ་མ་དང་། །རང་བཞིན་ཡོན་ཏན་རྫོགས་པའི་བླ་མ་དང་། །སྲིད་ལས་རྣམ་གྲོལ་མཆོག་གི་བླ་མ་དང་། །ཤེས་རབ་རྒྱ་ཆེན་སྐལ་བཟང་བླ་མ་དང་། །རིམ་བརྒྱུད་དབང་བསྐུར་ལྡན་པའི་བླ་མ་དང་། །ཐུགས་རྗེའི་ལམ་སྣ་འདྲེན་པའི་བླ་མ་དང་། །མཐར་ཐུག་སྙིང་པོའི་དོན་སྟོན་བླ་མ་སོགས། །ཞེས་གསུངས་པའི་ནང་ཚན་ད་ལན་འོད་གསལ་རྡོ་རྗེ་སྙིང་པོའི་གདམས་ངག་ཟབ་མོ་སྟོན་པའི་སྐབས་འདིར། ཕལ་ཆེར་སྤྲོས་མེད་དོན་གྱི་སྙིང་པོར་ཡོངས་སུ་འདུས་པས་ན་མཐར་ཐུག་སྙིང་པོའི་དོན་སྟོན་གྱི་བླ་མ་ཞེས་པ་དེའི་རྒྱུ་མཚན་ཤེས་པར་འོས་ཏེ། དེ་ཡང་བསྡུ་ན་ཡོན་ཏན་ཐམས་ཅད་དོན་གྱི་ཆ་ལ་རང་བཞིན་ལྷུན་གྱིས་རྫོགས་པ་ཞིག་ཡོད་དགོས་པ་ཡིན་པས། བསྡུ་ན་འདི་ལྟ་སྟེ། ཕ་ཡུལ་རྒྱང་དུ་བསྲིངས་ནས་མི་ཆོས་རྒྱབ་ཏུ་བོར་བས་དགོས་མེད་ཀྱི་ཆོག་ཤེས་རབ་ཏུ་བརྟེན་པ་དང་། རྒྱལ་རིགས་སོགས་རིགས་བཟང་པོ་དང་ལྡན་པས་ངོ་ཚ་དང་ཁྲེལ་ལ་འཛེམ་བག་ཆེ་ཞིང་། གྱ་གྱུའི་གཡོ་སྒྱུ་མེད་པས་རྒྱུད་ཤིན་ཏུ་དྲང་བ། དབང་པོ་ཚང་ཞིང་གཟི་བརྗིད་ལྡན་པ། བྱམས་དང་སྙིང་རྗེ་ཆེ་ཞིང་བློ་རྒྱ་ཡངས་པ། གཟུང་འཛིན་དང་ཉོན་མོངས་ཆུང་བས་སྒོ་གསུམ་རབ་ཏུ་དུལ་བ། ཚེ་འདི་བློས་ཐོངས་ཤིང་ཡུན་གྱི་གཏན་དོན་གཉེར་བ། ཆོས་དང་ཆོས་མིན་གྱི་རྣམ་པར་རབ་ཏུ་ཕྱེ་ཞིང་རྒྱུ་འབྲས་ལ་ཤིན་ཏུ་ཞིབ་པ། སྔོན་སྦྱངས་སྐྱེས་ཐོབ་ཀྱི་ཤེས་རབ་ཆེ་ཞིང་བརྩོན་འགྲུས་ངང་གིས་འབྱོང་བ། སྤྱིར་རིག་གནས་དང་ཆོས་སྒོ་མང་པོར་ཐོས་བསམ་བྱས་པས་ཐེག་པ་ཐམས་ཅད་ཀྱི་ཚིག་དོན་ཁོང་དུ་ཆུད་པ། ཁྱད་པར་བླ་མ་གོང་མ་རྣམས་ལ་མོས་གུས་ཚད་མེད་པ་འབྱོངས་པས་ཡེ་ཤེས་ཀྱི་སྐུ་ཡིས་རྗེས་སུ་བཟུང་བ། ད་ལྟར་རང་གི་རྩ་བའི་བླ་མ་མཉེས་པ་གསུམ་གྱི་སྒོ་ནས་ལེགས་པར་བསྟེན་པས་གདམས་ངག་ཐམས་ཅད་བུམ་པ་གང་བྱོས་སུ་ཐོབ་ནས། བརྒྱུད་པའི་བྱིན་རླབས་དང་གདམས་པའི་རིམ་པ་གཉིས་ཀའི་བརྒྱུད་འཛིན་ནུས་པ། སྒྲུབ་པ་ཁོ་ན་ལས་ནམ་ཡང་མི་འདའ་བས་མཆོག་ཐུན་མོང་གི་དངོས་གྲུབ་བརྙེས་པ་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་གཞན་སྣང་ཆོས་ལ་བསྒྱུར་ནས་ཐར་པའི་ལམ་ལ་འདྲེན་ནུས་པ། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལ་མི་དགེ་བའི་སྐྱོན་གྱི་དྲི་མ་ཐམས་ཅད་དང་བྲལ་བ། རང་རྒྱུད་ཆོས་དང་ཡོངས་སུ་འདྲེས་པས། དཀོན་མཆོག་གསུམ་ཀ་ཚང་བ། ལྟ་སྤྱོད་ཁྱད་པར་འཕགས་པས་དམན་པའི་གྲུབ་མཐའ་ལས་གྲོལ་བ། བྱང་ཆུབ་ཀྱི་སེམས་འབྱོངས་པས་ཅི་སྤྱོད་གཞན་དོན་དུ་འགྱུར་བ། རིག་པ་གནད་དུ་ཆུད་པས་ལྟ་སྒོམ་སྤྱོད་འབྲས་ལ་ཉམས་མྱོང་དྲོད་རྟགས་ཚད་དུ་ཕྱིན་པ། ཐེག་པའི་གོ་རིམ་དང་གང་ཟག་གི་བློ་རིམ་ངེས་པར་བསྟུན་ནས་ཆོས་གང་ལ་གང་འདུལ་དུ་སྟོན་པར་མཁས་པ། གདམས་ངག་དམར་ཁྲིད་ཟབ་མོས་རང་གནས་ཆོས་སྐུའི་ངོ་བོ་ཅེར་མཐོང་དུ་ངོ་སྤྲོད་དེ་རྩལ་སྦྱོང་བོགས་འདོན་གྱི་རིམ་པས་ཡོན་ཏན་གོང་འཕེལ་དུ་བསྐྱེད་ནུས་པ། སྣ་ཚོགས་གདམས་པ་མང་བས་གང་ཡང་ལམ་དུ་བསྒྱུར་ནས་ཤེས་རྒྱུད་འགྲོལ་ལ་མཁས་པ། མཐོང་ཐོས་མྱོང་བ་ཆེ་བས་གེགས་དང་གོལ་ས་ཐམས་ཅད་གཅོད་ལ་མཁས་པ། ཡང་རྩེའི་དགོངས་པ་ལ་མངའ་དབང་བརྙེས་པས་ཤེས་རྒྱུད་མཐའ་དག་ཡོངས་སུ་འགྲོལ་བར་བྱེད་པའི་བླ་མ་མཆོག་རབ་རྩེ་མོར་ཕྱིན་པ་དེ་ལྟ་བུ་བསྟེན་དགོས་ཏེ། དགོངས་འདུས་ལས། དཔའ་བོ་མཐུ་ལྡན་རང་ཡུལ་སྤང་། །བདེན་སྨྲ་ཇི་སྐད་གསུངས་བཞིན་བྱེད། །རིགས་བཟང་སེམས་དུལ་ཁོང་ཡངས་ཤིང་། །གཟི་ལྡན་བརྗིད་ཆེ་ཡུལ་མི་འཇུག །ཤེས་བྱའི་ཡོན་ཏན་ཟད་མི་ཤེས། །ཚད་མེད་ཡངས་པའི་བློ་གྲོས་དང་། །རྐྱེན་ཐུབ་བཟོད་ལྡན་ཀུན་ཏུ་དྲངས། །སྲོང་ཞིང་སྤྱོད་ལམ་གྱ་གྱུ་མེད། །འདུ་འཛི་དམན་པའི་ལམ་རྣམས་སྤངས། །འཕྱོ་དང་གཡེངས་བྲལ་དབེན་པ་བསྟེན། །འདི་དང་གང་ལྡན་དམ་པ་འོས། །ཞེས་དང་། སྒྱུ་འཕྲུལ་རྡོ་རྗེ་ལས། མང་དུ་ཐོས་དང་ཤེས་རབ་ཆེ། །ལུང་གི་དགོངས་པ་ངེས་པར་རྟོགས། །ཟང་ཟིང་རྙེད་པ་ཕྱོགས་མི་གཉེར། །དཀའ་བ་སྤྱོད་ཅིང་སྐྱོ་ངལ་ཆུང་། །མན་ངག་ཆེ་ཞིང་ལམ་ལས་གྲོལ། །རིགས་ལ་མཁས་ཤིང་གྲོལ་ཚད་ཤེས། །བྱང་ཆུབ་སེམས་ལྡན་སྙིང་རྗེ་ཆེ། །བརྒྱུད་ལྡན་བཀའ་བབ་བསྒྲུབ་ལ་མཁས། །མཛོད་ལྡན་ཆུ་བོ་ཡོངས་སུ་རྫོགས། །རང་རྒྱུད་གྲོལ་ཞིང་གཞན་དོན་བརྩོན། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་དང་། གསང་བ་མཆོག་གི་རྒྱུད་ལས། མཁས་ཤིང་གཞན་བདེ་བྱེད་ལ་བརྩོན། །མཐར་ཕྱིན་དོན་ལ་བློ་གྲོས་འབྱོར། །ལམ་མྱུར་ཤེས་རྒྱུད་འགྲོལ་ལ་མཁས། །བདུད་དང་གོལ་ས་གཅོད་ལ་མཁས། །བླ་མེད་སྙིང་པོའི་བླ་མའི་ཆོས། །ཞེས་སོགས་མཐའ་ཡས་པ་གསུངས་པ་ལྟར་བསྟེན་བྱ་བླ་མའི་མཚན་ཉིད་དེ་ལྟར་ཤེས་པར་བྱ་བ་དང་། དེ་བཞིན་བསྟེན་བྱེད་སློབ་མའི་མཚན་ཉིད་བརྟག་པ་ལའང་བསྐལ་མང་ནས་བསོད་ནམས་ཀྱི་ཚོགས་ཆེན་བསགས་པས་སྒྲིབ་པ་བསྲབ་ཅིང་ལས་ཀྱི་འཕྲོ་བཙན་པོས་བསམ་རྒྱུ་བླ་མ་ལས་མེད་པ། བསྒྲུབ་རྒྱུ་ཆོས་ལས་གཞན་གང་ཡང་མེད་པ། སྒོ་གསུམ་ཞི་དུལ་གྱི་རྣམ་པ་རབ་དང་ལྡན་པ། ཁོང་ཡངས་ཤིང་སྤྲོ་རིང་བ། བློ་བརྟན་ཅིང་ཤེས་རབ་ཆེ་བ། དག་སྣང་ཆེ་ཞིང་བརྩོན་འགྲུས་དང་དཀའ་སྤྱད་ནུས་པ། སྙིང་རྗེ་ཆེ་ཞིང་གཞན་ཕན་གྱི་བྱ་བ་ཅུང་ཟད་ཙམ་མི་ལྷོད་པ། ངོ་ཚ་དང་ཁྲེལ་ཡོད་ཆེ་ཞིང་སྡོམ་པ་དང་དམ་ཚིག་ཚུལ་བཞིན་ལྡན་པ། གཅིག་པུ་དབེན་པའི་གནས་སུ་སྡོད་ཚུགས་ཟིན་ཅིང་སྙིང་པོའི་ཉམས་ལེན་ཁོ་ན་ལ་དྲིལ་བ། ཚེ་འདིའི་འདོད་པ་ཆུང་ཞིང་ཉོན་མོངས་ཤས་ཆུང་བ། དོན་མེད་སྒོ་གསུམ་གྱི་བྱ་བ་བྲལ་ཞིང་ཤིན་ཏུ་དལ་ཁོད་སྙོམས་པ། བླ་མའི་ཐུགས་དང་འགལ་བའི་ལས་ཅུང་ཟད་ཙམ་མི་བྱེད་པ་སྙིང་སྟོབས་ཀྱི་གོ་ཆ་ཆེ་བ། ལུས་སྲོག་ཡལ་བར་དོར་ནས་བླ་མའི་ཞབས་ཏོག་སྒྲུབ་ནུས་པ། ཅི་གསུང་གི་བཀའ་ཐམས་ཅད་ཚད་མར་འཛིན་ནས་རང་ཉིད་གཏན་ནས་མི་བསྲུངས་པ་ངོས་ལྐོག་ཐུབ་པ། རྒྱུ་ནོར་འབྱོར་ཚོགས་གང་ཡོད་བླ་མ་དང་ཆོས་ཕྱོགས་སུ་གཏོང་ཕོད་ཆེ་བ། བྱ་བ་དང་སྤྱོད་པ་ཐམས་ཅད་བླ་མའི་ཐུགས་དང་བསྟུན་ནས་སྒྲུབ་ལ་མཁས་པ། བཀའ་བཀྱོན་དྲག་པོས་ཚར་བཅད་ཀྱང་ཁྲོ་བ་དང་འཁོན་འཛིན་མེད་པ་རྟ་མཆོག་ལྟ་བུ། མངག་གཞུག་སོགས་གང་ལ་ཡང་སྐྱོ་ངལ་ནམ་ཡང་མེད་པ་གྲུ་ལྟ་བུ་དང་། ལས་བཟང་ངན་གང་ཡང་ཁུར་ཐེག་པ་ཟམ་པ་ལྟ་བུ་དང་། ཆོས་ཕྱིར་དཀའ་ཚེགས་དང་ཚ་གྲང་ཅི་བྱུང་ཡང་བཟོད་ནུས་པ་མགར་བའི་བཟོ་སྟེགས་ལྟ་བུ། ཅི་གསུང་གི་བཀའ་ཉན་པ་བྲན་གཡོག་བཟང་པོ་ལྟ་བུ། ང་རྒྱལ་སྤངས་ནས་དམན་ས་ཁོ་ན་འཛིན་པ་ཕྱག་དར་བ་ལྟ་བུ། དྲེགས་པ་སྤངས་ནས་ཐམས་ཅད་ལ་གུས་པ་ཁྱུ་མཆོག་རྭ་ཆད་པ་ལྟ་བུའི་སློབ་མ་ཤིན་ཏུ་ཞི་ཞིང་དུལ་བ་ཉམ་ཆུང་ཚད་ལྡན་ཞིག་དགོས་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། དད་ལྡན་སྙིང་རྗེ་གཏོང་ཕོད་ཆེ། །ཁོངས་ཡངས་སྤྲོ་རིང་ཤེས་རབ་ལྡན། །བརྩོན་བཞིན་བྱང་ཆུབ་ཐར་པ་འདོད། །སྣོད་ལྡན་གསང་བའི་རྟགས་སུ་བཤད། །སྐལ་ལྡན་གུས་དང་གཏོང་ཕོད་ཆེ། །བློ་བརྟན་ཡངས་ཤིང་སྒྲུབ་ལ་བརྩོན། །ཆོས་མཆོག་སྙིང་རྗེ་དམ་ཚིག་ལྡན། །རྡོ་རྗེ་སློབ་མ་ཤེས་པར་བྱ། །ཡང་། བླ་མ་ལ་གུས་ཚུལ་ཁྲིམས་ཡང་དག་ལྡན། །བསམ་གཏན་དང་ནི་འདོན་ལ་རབ་བརྩོན་པ། །གྲིམས་ཤིང་དུལ་བ་བཟོད་དང་ལྡན་པ་སྟེ། །སྡོམ་གཙང་གནས་པའི་ཆོས་ལྡན་ལེགས་པར་གསུངས། །ཞེས་དང་། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་ཡེངས་པ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །བྲེང་ངེ་དུང་ངེ་བརྩེ་གདུང་ལྡན། །ལྷང་ངེ་ལྷན་ནེ་སྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་བྱེད། །དམ་ཚིག་འཆལ་བར་མི་གཏོང་ཞིང་། །སྤྱོད་ལམ་གཞན་དང་མཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་གདུང་ཞིང་། །ཚིག་གཅིག་བསྟན་པའང་དེ་བཞིན་བྱེད། །རང་གི་དོན་ལ་དེ་བཞིན་སྤྱོད། །གསང་བ་གཉེར་གཏད་ཐོབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང་། །ཐོས་པ་ཆེ་བའི་གང་ཟག་བསྟེན། །རང་གི་དོན་ལས་འདའ་བ་མེད། །དྲེགས་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་པོ་དང་མཐུན་པར་འཇུག །སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་དེ། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཞེས་དང་། ཐལ་འགྱུར་ལས། ཡང་ན་ངང་རིང་ཤུགས་དལ་བ། །ལྷུག་པ་གླན་པའི་ལྷོད་ཆགས་པ། །རྟོག་པ་ཆུང་ཞིང་རང་བཞིན་བབས། །ལུས་ངག་བྱ་བ་དལ་བ་དང་། །ཤེས་རབ་ལྡན་པས་འཛིན་པར་འགྱུར། །ཞེས་དང་། ནོར་བུ་ཕྲ་བཀོད་ལས། རྒྱལ་རིགས་དང་ནི་བྲམ་ཟེའི་རིགས། །དེ་བཞིན་རྗེའུ་རིགས་ཆེན་པོ་དང་། །ཁྱད་པར་ཆེན་པོའི་མི་རྣམས་ལ། །གསང་སྔགས་ངེས་དོན་བསྟན་པར་གསུངས། །ཡང་ན་རིགས་མེད་ཁ་དོག་བརྟག །ཕོ་མོ་གཉིས་ནི་གང་ཡང་རུང་། །ཁ་དོག་འདི་དང་ལྡན་པར་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཡན་ལག་རགས་ཤིང་ཁ་དོག་ནག །སོ་ཉིད་ཐག་བཟང་དཀར་ལ་འགྲིག །མིག་རྩ་ཡིད་ཙམ་དམར་བ་དང་། །སྐྲ་ཡི་མཚན་ཉིད་ཆེན་པོ་ཡང་། །གཡས་སུ་འཁྱིལ་ཞིང་ཁམ་ནག་མདོག །ལུས་ལ་བཀུར་སྟི་ཆུང་བ་དང་། །ཕྱི་ཡི་སྤྱོད་ལམ་ཐ་མལ་མདོག །ཚིག་རྣམས་ཤུགས་འབྱུང་སྨྲ་བ་དང་། །ཡང་ན་ཚིག་གི་རྣམ་པ་ཀུན། །གཅིག་གིས་གང་ལྟར་སྨྲས་པ་ལྟར། །སྐྱེས་བུ་དེ་ཡང་དེ་ལྟར་སྨྲ། །རྫོགས་ཆེན་གདམས་ངག་སྟོན་པར་གསུངས། །དེ་རྣམས་གཅིག་ལ་ཚང་གྱུར་ན། །ཤན་པའི་རིགས་སམ་སྨད་འཚོང་རིགས། །ཕྱག་དར་ཁྲོད་པའི་རིགས་ཀྱང་རུང་། །རིགས་ངན་གང་དག་སུ་ཡིན་ཡང་། །གསང་བའི་མན་ངག་བཅུད་འདི་གཏད། །རྒྱུ་ཆུང་ཡོ་བྱད་མེད་པ་ན། །རང་གི་ཡོ་བྱད་སྦྱར་ནས་ཀྱང་། །ལྷག་མ་མེད་པར་ཡོངས་སུ་སྦྱིན། །ཞེས་གསུངས་པ་ལྟར་དང་། མ་ཚད་སློབ་མ་རིགས་སད་པའི་རྟགས་ནི། དབུ་མ་ལས་ཀྱང་། སྟོང་པ་ཉིད་ཐོས་པས་དགའ་ཞིང་མིག་ནས་མཆི་མ་ལུད་པ་དང་། ལུས་བ་སྤུ་ལྡང་ནས་རྫོགས་སངས་ཐོབ་འདོད་པ་དེ་ནི་ཉེ་བར་བསྟན་པའི་སྣོད་ཡིན་པས་ཤེས་པར་བྱའོ། །ཞེས་དང་། མདོ་སྡེ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་ལ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ངེས་པར་བཤད། །ཅེས་སོགས་གསུངས་པ་ལྟར་དེ་ལྟ་བུས་བླ་མ་བཅུད་དང་ལྡན་པ་དང་སློབ་མ་སྣོད་དང་ལྡན་པ་ཞིག་རྟེན་འབྲེལ་འགྲིགས་ནས་བཟུང་སློབ་དཔོན་གྱི་ཐུགས་རྗེས་གཟིགས་པ་དང་། སློབ་མའི་བརྩེ་གདུང་བསྐྱེད་པ་གཉིས་འཇིག་རྟེན་གྱི་ཁམས་འདིར་འབྲེལ་བ་ཆེ་ཤོས་ཡིན་པས་བརྩེ་གདུང་རྒྱུན་ཆད་མེད་པས་གཅིག་གིས་གཅིག་ལ་ལེགས་པར་བསྟེན་དགོས་ཏེ། ཇི་སྐད་དུ། ཐུགས་རྗེའི་འབྲེལ་ཐག་མ་ཆད་ཅིང་། །བརྩེ་གདུང་རྒྱུན་ཐག་མ་ཆད་པ། །སློབ་དཔོན་སློབ་མའི་འབྲེལ་བའོ། །ཞེསགསུངས་པ་ལྟར་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་བླ་མ་མཆོག་ནི་སངས་རྒྱས་དངོས་ཡིན་ཞིང་། སངས་རྒྱས་ལས་ལྷག་པའི་བཀའ་དྲིན་སྟོན་པར་མཛད་པས་ན། རང་གི་ཉེས་པའི་ཕྱོགས་ཐམས་ཅད་སྲུང་ཞིང་སྒོ་གསུམ་འདུན་པ་ཆིག་དྲིལ་གྱིས་མཉེས་པ་གསུམ་གྱིས་རབ་ཏུ་བསྟེན་པར་འོས་ཏེ། སྔོན་དུས་སངས་རྒྱས་དངོས་སུ་བྱོན་ནས་འགྲོ་རྣམས་འདུལ་བ་དང་། དེ་ནས་དགྲ་བཅོམ་དང་། པཎྜི་ཏས་བཀའ་རྣམས་བསྡུ་བ་ལ་བསྟན་བཅོས་རྩོམ་ཞིང་འགྲོ་དོན་མཛད། དེང་སང་དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས་འགྲོ་བའི་དོན་མཛད་པ་ཡིན་ཏེ། རྔ་བོ་ཆེ་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་སྔགས་མ་འདོན་ཀུན་དགའ་བོ། །ང་ནི་སྙིགས་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱེད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་དང་། གསང་འདུས་ལས། བླ་མ་སངས་རྒྱས་ཀུན་དང་མཉམ། །བླ་མ་སངས་རྒྱས་ཀུན་ལས་ལྷག །ཡང་དག་མཆོག་གི་གཏེར་གྱུར་པ། །དཔལ་ལྡན་བླ་མ་སྤྱི་བོས་འདུད། །ཅེས་དང་། འཁོར་ལོ་བདེ་བའི་རྒྱུད་ལས། དེ་ཕྱིར་ཆོས་ཀུན་རྩ་བ་ནི། །བླ་མ་རྡོ་རྗེ་འཛིན་པར་བཤད། །བླ་མ་དག་ལས་མ་བྱུང་བའི། །དངོས་གྲུབ་རྣམས་ནི་འབྱུང་མི་སྲིད། །བླ་མ་ཉིད་ལས་མ་བྱུང་བའི། །སངས་རྒྱས་ཞེས་བྱ་འབྱུང་མི་སྲིད། །སྲིད་པའི་ཁ་ལོ་གྱེན་དུ་ནི། །བླ་མ་མཚན་ཉིད་ལྡན་པས་བསྒྱུར། །ཞེས་དང་། དགོངས་འདུས་ལས། བླ་མེད་སྙིང་པོར་སྨིན་པའི་རྐྱེན། །ལམ་སྟོན་ས་མཁན་བཤེས་གཉེན་སྒོམས། །མུན་སེལ་སྒྲོན་མེ་རིན་པོ་ཆེ། །མཐོང་མིག་དབང་པོ་ཡིད་རྣམ་ཤེས། །ཆུ་བོ་རབ་མེད་སྒྲོལ་བའི་གྲུ། །འཇིགས་པའི་རྫོང་ཆེན་བརྟན་པའི་མཁར། །འཁོར་བའི་སྐྱོན་འབྱིན་སྨན་པའི་མཆོག །མཚོ་གླིང་རིན་ཆེན་སྦྱིན་བྱེད་པའི། །དེད་དཔོན་བླ་མ་དམ་པ་སྟེ། །སྔོན་དུ་ངེས་པར་ཤེས་པར་བྱ། །ཞེས་དང་། གང་དག་མུན་པར་འཁྱམས་པ་ལ། །བདེ་ཆེན་སྣང་བས་ལམ་སྟོན་མཁས། །སྐྱབས་ཆེན་བླ་མ་དེ་ཉིད་ལས། །གཞན་གྱིས་སྐྱོབས་པར་ནུས་མ་ཡིན། །ཞེས་དང་། ངལ་གསོ་ལས། དཀོན་མཆོག་བཞི་པ་བླ་མ་སངས་རྒྱས་ཏེ། །དཀྱིལ་འཁོར་དབང་ཕྱུག་ཧེ་རུ་ཀ་པ་ཉིད། །སྙིགས་དུས་འགྲོ་བ་འདུལ་དཀའི་དོན་མཛད་པའི། །གདུལ་བྱའི་ངོར་ནི་སངས་རྒྱས་ཀུན་ལས་ལྷག །དངོས་གྲུབ་རྩ་བ་རྡོ་རྗེ་སློབ་དཔོན་ལ༑ །སྒོ་གསུམ་ཟོལ་མེད་གཙང་མས་སྤྱི་བོར་བསྙེན། །ཞེས་དང་། ལམ་ཟབ་ལས། ཉི་མའི་དཀྱིལ་འཁོར་རབ་ཚ་ཡང་། །མེ་ཤེལ་མེད་པར་མེ་མི་འབྱུང་། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང་། །བླ་མ་མེད་པ་འབྱུང་མི་སྲིད། །ཅེས་དང་། སྒྱུ་འཕྲུལ་བརྒྱ་པ་ལས། ཡོན་ཏན་རིན་ཆེན་གཏེར་ཆེན་པོ། །ཐམས་ཅད་མ་ལུས་སྟོན་མཛད་ཅིང་། །ཉོན་མོངས་མ་ལུས་རྩད་གཅོད་པ། །བླ་མེད་འབྲས་བུ་ཐོབ་པར་བྱེད། །ཡུལ་ལ་དབང་བའི་རྒྱལ་པོ་བས། །ཤིན་ཏུ་ལྷག་པའི་བཀུར་སྟི་བྱ། །དྲིན་ཆགས་ལུས་བསྐྱེད་ཕ་མ་ལས། །ཤིན་ཏུ་གདུང་ཞིང་བརྩེ་བར་བྱ། །ཞེས་དང་། སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་ནི་འཁོར་བ་ལ་རྒྱུ་བའི་འཇིགས་པ་ཐམས་ཅད་ལས་སྐྱོབ་ཅིང་ལེགས་པ་ཐམས་ཅད་སྟོན་པའི་ཕྱིར་རྟག་ཏུ་ཐོད་བཞིན་སྤྱི་བོས་བརྟེན་ལ་བསྙེལ་བ་མེད་པར་བྱའོ། །ཞེས་དང་། མདོ་ལས། དགེ་བའི་གཤེས་གཉེན་ཚོལ་བའི་ཕྱིར་དུ་ལུས་དང་སྲོག་ལའང་ཕངས་པ་མི་བྱའོ། །དངོས་པོ་སྣ་ཚོགས་མི་བཟུང་ཤིང་ནོར་ལ་ཆགས་པ་མི་བྱ། རྙེད་དང་བཀུར་སྟི་འདོད་པ་མི་བྱ། ཐམས་ཅད་ཡོངས་སུ་དོར་ཏེ་བཙལ་ལ་བསྟེན་པར་བྱའོ། །ཞེས་སོགས་གསུངས་པ་ལྟར་བླ་མའི་ཡོན་ཏན་དང་བཀའ་དྲིན་ཆེ་བ་རྣམས་རང་རེས་ལྷག་པར་ཤེས་དགོས་པ་ཡིན། ཤེས་པར་བྱེད་པ་ལ་མཐོང་ཆོས་མྱོང་གྱུར་དུ་ཡོད་པ་ལྟར་དཔེ་དོན་ཅུང་ཟད་བཀྲོལ་བའི་སྒོ་ནས་མ་བཤད་ན་མི་གོ་བས། དེའི་ཕྱིར་འདི་ལྟ་སྟེ་འཇིག་རྟེན་ན་འདུན་གྲོས་མཁས་པར་གྲགས་པའི་རྒྱལ་བློན་དང་། ཕ་མ་སོགས་ཀྱིས་སྟོན་པར་མི་ནུས་པས་འདུན་གྲོས་འདི་ཕྱི་འཕྲལ་ཡུན་ཀུན་ཏུ་བདེ་ཞིང་དོན་གཉིས་རྒྱ་ཆེ་བ་འགྲུབ་པ་བླ་མ་དམ་པས་སྟོན་ནུས་པ་དང་། དགེ་སྡིག་གི་བླང་དོར་དང་རིག་མ་རིག་གི་ཆ་ཐམས་ཅད་མིག་འབྱེད་པ་བཞིན་དུ་བླ་མས་སྟོན་པ་དང་། བསོད་ནམས་བསགས་པའི་ཡུལ་བླ་མ་ལས་ལྷག་པ་མེད་པས་ཀྱང་རྩེ་གཅིག་བསྟེན་པར་འོས་པ་སྟེ། ཕྱི་རོལ་པས་དོན་མེད་པའི་དཀའ་ཐུབ་མེ་ལྔ་ལའང་འབད་པ་དྲག་པོ་བྱེད་པ་དང་། འཇིག་རྟེན་པ་རྣམས་ཚེ་འདིའི་དཔུང་གཉེན་གྱི་དོན་དུ་རྗེ་དཔོན་ལ་སོགས་བསྐུར་བ་དང་། སྐབས་གཅིག་གི་འཇིགས་པ་སྐྱོབ་ཕྱིར་དཔའ་བོ་སོགས་བརྟེན་པར་བྱེད་ན། བདེ་བ་ནས་བདེ་བར་ཁྲིད་ལ་འཁོར་བ་ངན་སོང་ལས་ཐར་བར་བྱེད་པའི་བླ་མ་དམ་པ་དེ། བདག་གིས་བསྟེན་ནས་གུས་པ་དང་བསྙེན་བཀུར་ཅི་ཡི་ཕྱིར་མི་བྱེད་སྙམ་ནས་བློ་རྒྱ་བསྐྱེད་པར་རིགས་སོ། །ཚེ་འདིའི་རྒྱལ་པོ་ལའང་རིན་པོ་ཆེའི་རིགས་དང་རྒྱུ་ནོར་གཅེས་དགུ་དམར་དགུ་གང་ཡོད་ཕུལ་བ་དང་། བཟོ་ལ་སོགས་པའི་འཇིག་རྟེན་པའི་སློབ་དཔོན་ལ་བསྙེན་བཀུར་བྱེད་པ་དང་། འདུ་བ་སྙོམས་པའི་སྨན་པ་ལའང་མཆོད་ཅིང་བསྟོད་ནས་དྲིན་ཆེ་བ་རློམ་ན། སེམས་ཅན་ལ་སངས་རྒྱས་སྒྲུབ་སྟེ་ཡུན་གྱི་གཏན་སྲིད་ཆེན་པོ་སྟེར་བ་དང་། དུག་ལྔའི་གཅོང་ནད་རྩ་བ་ནས་འདོན་པའི་བླ་མ་དམ་པ་དེ་ཉིད་བསྟེན་ནས། གུས་པ་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱེད་སྙམ་ནས་བློ་རྒྱ་བསྐྱེད་དགོས་པ་དང་། ཉིན་རེའི་འཇིགས་པ་སྐྱོབ་པའི་སྐྱེལ་མ་ལའང་གཅེས་སྤྲས་ཀྱིས་མཆོད་པ་དང་། ཟས་སྐོམ་དང་ནོར་ལ་སོགས་པའི་ཕན་པ་ཅུང་ཟད་ཐོབ་པའི་ཕྱིར་དུ་སྲོག་ཀྱང་བློས་གཏོང་ནུས་པ་དང་། དར་གཅིག་འགྲོགས་པའི་གྲོགས་ལའང་དགའ་སྤྲོ་ལྡན་པས་མཆོད་པར་བྱེད་ན། བདུད་བཞིའི་དགྲ་ལས་སྐྱོབ། དགོས་འདོད་ནོར་བུ་སྟེར། གཏན་གྱི་གྲོགས་མཆོག་དམ་པའི་ཆོས་ཟབ་མོ་རང་ངོ་སྤྲོད་པའི་བླ་མ་དམ་པ་དེ་བསྟེན་ནས་མོས་གུས་དང་བསྙེན་བཀུར་ཅི་ཡི་ཕྱིར་མི་བྱེད་སྙམ་ནས་བསྟེན་དགོས་སོ། །དེ་དག་གི་མདོ་དོན་ཡོངས་སུ་བསྡུ་ན། ཚེ་འདིའི་ཟས་གོས་ནོར་དང་འཇིགས་པ་ཕྲན་བུ་སྐྱོབ་པ་ལའང་བཀའ་དྲིན་ཆེ་སྙམ་ན། འཁོར་བའི་སྡུག་བསྔལ་མཐའ་དག་ལས་བསྒྲལ་ཏེ། གཏན་གྱི་བདེ་བ་ཕུན་སུམ་ཚོགས་པ་སྟེར་བའི་བཀའ་དྲིན་ནི་སྟོང་གསུམ་གསེར་གྱིས་བཀང་ནས་འབུལ་ཡང་གཞལ་བར་ག་ལ་ནུས། དེས་ན་དཔེ་དང་རྣམ་གྲངས་མང་པོའི་སྒོ་ནས་ངེས་ཤེས་ཁྱད་པར་ཅན་རྙེད་པར་བྱེད་ནས་ངལ་དུབ་དང་སྐྱོ་སུན་མེད་པར་དུས་རྣམས་ཀུན་ཏུ་ལེགས་པར་བསྟེན་དགོས་པ་ཡིན་ནོ། །དེའང་སྤང་བླང་གི་རིམ་པ་གཉིས་ཏེ། དང་པོ་བླང་བྱ་ནི། ལུས་ཀྱི་སྒོ་ནས་ཡུལ་གཞན་དུ་ཕོ་ཉ་མངགས་པ་སོགས་གང་དགོས་བྱ་བ་དང་། གཟིམས་ཁང་སོགས་ཉེ་སྐོར་ལ་ཕྱག་དར་བྱེད་ཅིང་དྲི་བཟང་གིས་ཆག་ཆག་ལེགས་པར་གདབ། བཞུགས་སར་གདན་འདིང་བ་དང་། གཤེགས་སར་ཞབས་ཞུ་ཞུ་བ་དང་། མེ་ཆུ་གཡང་ས་དང་གཅན་གཟན་ནམ་དགྲ་རྐུན་གྱི་འཇིགས་པ་ཐམས་ཅད་ལས་སྲུང་བ་དང་། ཕེབས་ལམ་ཕྱག་ཤིང་དར་ལམ་སྟོན་པ་དང་། བདུག་སྤོས་སོགས་ཀྱིས་མདུན་བསུ་ཞིང་བསྐྱལ་བ་དང་། མཎྜལ་འབུལ་བ་དང་། ཐ་ན་བཟོ་དང་འདེགས་འཇོག་ལ་སོགས་པ་གང་བྱས་ཐམས་ཅད་ཚོགས་ཆེན་རྫོགས་པའི་རྒྱུ་བླ་ན་མེད་པ་ཡིན་པས་དེ་ལྟར་གང་ནུས་སྒྲུབ་དགོས་ཏེ། ཡེ་ཤེས་རྒྱ་མཚོའི་མདོ་ལས། གང་གིས་བླ་མའི་བྱ་བ་ལ། །མཁས་པའི་སྐལ་ལྡན་གང་ཡིན་དེ། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །བསྐལ་པ་བྱེ་བ་དྲུག་འབུམ་དུ། །ཕྱག་བྱས་པས་ནི་འདི་དོན་ཆེ། །ཞེས་དང་། ངལ་གསོ་ལས། བླ་མ་མཐོང་ཚེ་ལྡང་དང་ཕྱག་འཚལ་ཞིང་། །བཞུགས་ཚེ་སྟན་སོགས་མཁོ་བའི་ཡོ་བྱད་འབུལ། །སྙན་པར་སྨྲ་བས་བསྟོད་ཅིང་ཐལ་མོ་སྦྱོར། །བཞུད་ཚེ་ལྡང་དང་ཞབས་འབྲིང་བསྙེན་བཀུར་བྱ། །རྟག་ཏུ་དྲན་དང་ཤེས་བཞིན་བག་ཡོད་ཅིང་། །གུས་དང་འཇིགས་བཅས་ཞུམ་པས་གནས་པར་བྱ། །ཞེས་སོགས་གསུངས་པ་ལྟར་ཕན་ཡོན་མཆོག་ཏུ་ཆེ་བས་ལྷག་པར་ཤེས་པ་གལ་ཆེའོ། །གཉིས་པ་སྤང་བྱའི་རིགས་ནི། དགོངས་འདུས་ལས། སློབ་མར་གྱུར་ནས་ངན་སེམས་ཀྱིས། །དམ་པ་དེ་ལ་བརྙས་བྱེད་གང་། །སངས་རྒྱས་ཀུན་ལ་བརྙས་པས་ན། །དེ་དག་སྤྱི་ཚུགས་དམྱལ་བར་འགྲོ། །བཀའ་བཅག་སྐུ་བརྙས་ཐུགས་དཀྲུགས་ན། །རྡོ་རྗེ་དམྱལ་བར་དེ་འགྲོ་སྟེ། །མི་ཟད་སྡུག་བསྔལ་མྱང་བར་འགྱུར། །ཚེ་འདི་རྒྱལ་པོའི་ཆད་པ་སོགས། །ཉེས་པ་ཐམས་ཅད་དེ་ལས་འབྱུང་། །ཞེས་དང་། གསང་སྙིང་ལས། རྩ་བའི་དམ་ཚིག་ཉམས་གྱུར་ན། །སྒྲུབ་པ་ཐམས་ཅད་ལོག་པ་དང་། །ཡིད་དུ་མི་འོང་སྣ་ཚོགས་ཀྱི། །འབྲས་བུ་མི་འདོད་བཞིན་དུ་འདུ། །ཞེས་དང་། རིམ་གསུམ་ལས། བླ་མའི་སྤྱན་སྔར་ལུས་ཀྱི་ལས། །སྐྱིལ་ཀྲུང་འདུག་དང་རྒྱབ་མི་སྟོན། །ཁྲོ་གཉེར་ངོ་ཟུམ་གནག་པའང་མིན། །མདོར་ན་ལུས་ཀྱི་བག་ཡོད་བྱ། །ཞེས་སོགས་གསུངས་པ་ལྟར་མ་གུས་པའི་རྣམ་པ་ཅུང་ཟད་ཙམ་བྱས་ནའང་གཞན་ལས་འབུམ་འགྱུར་གྱི་ཉེས་པ་ལྕི་བས་ཤེས་པར་བྱ་ལ། རང་གིས་ཆོས་བཤད་དང་དབང་བསྐུར་སོགས་བྱ་བ་གང་རྩོམ་ན་ཡང་སྔོན་དུ་བླ་མ་ལ་གནང་བ་ངེས་པར་ཞུས་ནས་སྤྱད་པ་བྱ་ཞིང་། དེ་བཞིན་ཞབས་ལྷྭམ་དང་ན་བཟའ། བཞུགས་གདན་དང་གཟིམ་ཆུང་གསོལ་ཞལ་དང་གསོལ་སྡེར། ཕྱག་དཔེ་དང་སྐུ་ཆས་ནོར་རྫས་ཀྱི་རིགས་ལ་གནང་བ་མེད་ན་ལོངས་སུ་ཅུང་ཟད་ཙམ་ཡང་སྤྱོད་མི་རུང་། ན་བཟའ་དང་བཞུགས་གདན་དང་སྐུ་ཡི་གྲིབ་མ་ཚུན་ཆད་མི་འགོམ། དྲུང་དུ་སྐྱིལ་ཀྲུང་བཅའ་བ་དང་། སྒེག་ཆོས་དང་། ཆེ་ཚུལ་གྱི་རིགས་དང་། རྒྱབ་སྟོན་པ་དང་། གཞོག་སྔས་པ་དང་། རྐང་པ་བརྐྱངས་པ་སོགས་མདོར་ན་མ་གུས་པའི་རྣམ་པ་ཐམས་ཅད་ཡོངས་སུ་སྤངས་ནས་བསྟེན་དགོས་སོ། །ངག་གིས་ཀྱང་རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་བྲེ་མོའི་གཏམ་དང་། བཀའ་གཅོག་པ་དང་གདོང་བཟློག་པ་དང་། ལྐོག་ནས་གཤེ་བ་ལ་སོགས་པ་ཡོངས་སུ་སྤང་བར་བྱ་དགོས་ཏེ། མཁའ་འགྲོ་གསང་བའི་རྒྱུད་ལས། བླ་མ་སངས་རྒྱས་རང་བཞིན་ལས། །ལྐོག་ནས་འཆལ་གཏམ་ཆེར་སྨྲ་བ། །བསྡུས་འཇོམས་སུ་འཇོམས་མགུལ་པ་འགག །ཅེས་དང་། རྒྱན་དམ་པ་ལས། ངག་ཚིག་བརླང་པོར་ཞི་འགེངས་པ། །བསྐལ་པ་སྟོང་ཕྲག་དམྱལ་བར་ལྷུང་། །རྡོ་རྗེ་སློབ་དཔོན་དམ་པ་ཡི། །ཟབ་མོའི་ཆོས་ལ་སྒྲོ་བསྐུར་བ། །མནར་མེད་གནས་སུ་ལྷུང་བར་འགྱུར། །ཞེས་དང་། གསང་བ་ཀུན་སྙོམས་ཀྱི་རྒྱུད་ལས། བླ་མ་མཆོག་ལས་རང་ཉིད་ནི། །ཆེས་མཆོག་རློམ་སེམས་སྨྲ་བ་དེ། །བསྐལ་པ་སྟོང་ཕྲག་དུ་མ་རུ། །མཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་དང་། གསང་བ་རོལ་པ་ལས། ལྐོག་འཕྱའི་སྨྲ་བ་གང་བྱེད་པ། །རྡོ་རྗེ་དམྱལ་བ་ཉིད་དུ་འཚོད། །ཀུ་རེ་ཙམ་ཡང་སྨོས་མ་བྱེད། །ངག་གི་ཉེས་བྱས་ཡང་དག་སྡོམས། །ཞེས་དང་། དགོངས་འདུས་ལས། བཀའ་ཟུར་མ་བཅག་ཆོས་སྲུང་ན། །ཆོས་སྐྱོང་སྲུང་མ་མཐུ་ཆེན་རྣམས། །བུ་བཞིན་རྟག་ཏུ་སྲུང་བྱེད་ནས། །འདོད་པའི་དངོས་གྲུབ་ཡིད་བཞིན་འབྱུང་། །ཞེས་གསུངས་པ་ལྟར། ངག་གི་མ་གུས་པའི་རྣམ་པ་ཐམས་ཅད་ཡོངས་སུ་སྤངས་ནས་བླ་མ་ལ་བསྟོད་པའི་རིགས་དང་། སྐྱབས་འགྲོའི་ཚིག་རྣམས་དབྱངས་སྙན་པོས་གསོལ་བ་འདེབས་པ་དང་། གང་ཞུས་ཀྱི་ཚིག་ཐམས་ཅད་འཇམ་པོ་དང་སྙན་པར་སྨྲ། གསོང་པོར་སྨྲ་བ་དང་། གདོང་མི་བཟློག་པ་དང་། ཅི་གསུང་གི་བཀའ་ཐམས་ཅད་སྒྲུབ་པའི་ལན་ཤིན་ཏུ་སྙན་པོར་འབུལ་དགོས་སོ། །ཡིད་ཀྱི་སྒོ་ནས་ཀྱང་མ་དད་པ་ལོག་པར་ལྟ་བ་དང་། ཁོང་ཁྲོ་བ་དང་། སྐྱོན་དུ་བཏགས་ནས་བརྙས་སེམས་དང་། འགྲན་སེམས་ཀྱི་ང་རྒྱལ་ཁུར་བ་དང་། བརྣབ་སེམས་གནོད་སེམས་ལོག་ལྟ་སོགས་ཅུང་ཟད་ཙམ་སྐྱེ་མི་རུང་སྟེ། དཔུང་བཟློག་པའི་རྒྱུད་ལས། བླ་མ་དང་ནི་དེ་ཡི་འཁོར། །ཁྲོ་བས་ཞེ་འགྲས་སུན་འབྱིན་པ། །བསྐལ་པ་ཞིང་གི་རྡུལ་སྙེད་དུ། །མནར་མེད་གནས་སུ་འཚེད་པའོ། །ཞེས་དང་། དཔུང་བསྐྱེད་པའི་རྒྱུད་ལས། རྡོ་རྗེ་བླ་མ་སྨད་མི་རུང་། །འདོད་ཆགས་ཞེ་སྡང་ལ་སོགས་པ། །ལྔ་པོ་ལྡན་ཞེས་བསམ་མི་བྱ། །དེ་བསམ་མནར་མེད་ས་གཞིར་སྲེག །ཅེས་དང་། སྙོམས་འཇུག་གསང་བའི་རྒྱུད་ལས། བླ་མའི་དཀོར་ལ་བརྣབ་སེམས་ཅན། །བསྐལ་པ་གཉིས་སུ་ཡི་དྭགས་སྐྱེ། །ཞེས་དང་། སྙིང་པོ་རྣམ་པར་འཕེལ་བའི་རྒྱུད་ལས། མཆོག་ཏུ་གསང་སྔགས་སྒོར་ཞུགས་ནས། །གནོད་པར་བྱེད་པའི་སེམས་འཆང་ན། །གྲང་བའི་དམྱལ་བར་ངེས་པར་ལྟུང་། །ཞེས་དང་། གཞུང་རྒྱ་མཚོ་ལས། རྡོ་རྗེ་ཡིད་བཞིན་རྒྱལ་པོ་ལ། །ཟས་སྐོམ་ནོར་ལ་སྲེད་སྙམ་པས། །རབ་མཐའ་བཅུ་ཡི་དམྱལ་བར་འཚོད། །གསང་མཆོག་སྨྲ་བྱེད་རྒྱལ་པོ་ལ། །ཤེས་པ་ཅན་གྱི་ཡིད་སྒོ་ནས། །ང་རྒྱལ་ཆེ་བའི་ཡིད་མི་བསམ། །དེ་སྐྱོན་ཁ་འཐབ་གནས་སུ་ལྷུང་། །ཞེས་དང་། དུ་མ་འདུས་པའི་མདོ་ལས། སློབ་དཔོན་སྐྱོན་ལ་གང་སེམས་པ། །དགེ་བསགས་དོན་མེད་ལྷ་སྤངས་བས། །ལྷ་ཀླུ་གདུག་པ་ལ་སོགས་ཀྱིས། །མྱུར་དུ་སྲོག་གཅོད་དམྱལ་བར་ལྷུང་། །ཞེས་གསུངས་པ་ལྟར་ཉེས་པ་ལྕི་བས་དེ་ལྟར་ཤེས་དགོས་པའོ། །དོན་དུ་སེམས་ཅན་མོས་པ་སྣ་ཚོགས་འདུལ་ཕྱིར། ཐབས་སྣ་ཚོགས་ཀྱིས་ཞི་བས་འདུལ་བ་ལ་ཞི་བས་འདོམས་པ་དང་། རྒྱས་པས་འདུལ་བ་ལ་ཡོ་བྱད་འགྱེད་པ་དང་། དབང་གིས་འདུལ་བ་ལ་དབང་དུ་སྡུད་པ་དང་། དྲག་པོས་འདུལ་བ་ལ་སྡིགས་འཚེ་རྔམ་པོ་ཆེ་བྱ་བ་དང་། དེ་བཞིན་རྡོ་རྗེའི་རིགས་རྣམས་ཤིན་ཏུ་ཞི་བ་དང་། རིན་ཆེན་རིགས་རྣམས་སྒེག་ཆོས་དང་རྒྱན་ནོར་ལོངས་སྤྱོད་ཀྱི་འབྱོར་བ་དང་། པདྨའི་རིགས་རྣམས་འགྲོ་བ་གང་འདུལ་སྟོན་ཅིང་ཡུམ་དང་བཅས་པ་དང་། ལས་ཀྱི་རིགས་རྣམས་དྲག་ཤུལ་སྟོབས་རྔམ་ཆེ་བ་སོགས་འགྲོ་བ་གང་ལ་གང་འདུལ་གྱི་ཕྲིན་ལས་གཅིག་ཏུ་མ་ངེས་པར་སྣ་ཚོགས་སྟོན་པས་ན་ནོར་རྫས་ལ་སྲེད་པ་ཆེ་སྙམ་པ་སོགས་སྐྱོན་རྟོག་སྐད་ཅིག་ཙམ་མི་བསྐྱེད་ཅིང་རྨི་ལམ་དུའང་རྨི་མི་རུང་སྟེ་ཉེས་པ་ཤིན་ཏུ་ལྕི་བའི་ཕྱིར་རོ། །བྱེ་བྲག་རྒྱུད་ནས་བཤད་པའི་ཡོན་ཏན་དེ་དག་ཚང་ན་འཇིག་རྟེན་གྱི་རིགས་དང་ལོངས་སྤྱོད་དང་མི་གཞི་ལ་སོགས་པའི་སྐྱོན་ཕྲན་བུ་འདུག་རུང་དག་སྣང་སྦྱངས་ནས་བསྟེན་པར་བྱ་ལ། ཁྱད་པར་དགེ་བའི་བཤེས་གཉེན་ནི་གཡོ་སྒྱུ་མེད་ཅིང་ཡིད་ལ་བསམ་པ་དང་ངག་ཏུ་བརྗོད་པ་དོན་མཐུན་པས་ཅུང་ཟད་འགྲོགས་དཀའ་བར་སྣང་ནའང་བཟོད་པ་དམ་པས་བརྟེན་པར་འོས་ཏེ། ཇི་སྐད་དུ། འཇིག་རྟེན་པ་ཡི་སྐྱོན་ལྡན་ཡང་། །ས་མཁན་ལམ་ལ་མཁས་ངེས་ན། །ཇི་ལྟར་བཟོད་པ་བྱ་དཀའ་ཡང་། །ཐམས་ཅད་ཐམས་ཅད་བཟོད་པར་བྱ། །ཞེས་དང་། དགའ་རབ་རྡོ་རྗེས། བླ་མ་མཆོག་གིས་བཀའ་སྩལ་པ། །གལ་ཏེ་ཉེས་པའི་སྐྱོན་རིགས་ཀྱང་། །ཇི་སྐད་སྨྲས་པ་དེ་བཞིན་བྱ། །དེ་བཞིན་བླ་མའི་བྱ་བ་ལ། །ལུས་ཀྱི་སྡུག་བསྔལ་ཅི་བྱུང་ཡང་། །རང་གི་ནུས་པས་འབད་དེ་བྱ། །བླ་མའི་ཐུགས་ནི་སྐད་ཅིག་ཙམ། །དཀྲུགས་པར་བྱ་བ་མ་ཡིན་ནོ། །བླ་མའི་རྫས་དང་ནོར་རྣམས་ལ། །རང་གི་སྲོག་ལས་ཕངས་པ་བཞིན། །རྣལ་འབྱོར་པས་ནི་རྟག་ཏུ་བྱ། །གལ་ཏེ་བླ་མའི་ཞིང་ཁམས་སུ། །ཆོས་བཤད་དབང་བསྐུར་རབ་གནས་དང་། །བསམ་གཏན་སྒོམ་པ་བྱ་བ་རྣམས། །རྗེས་མ་གནང་བར་མི་བྱའོ། །མདོར་ན་ལུས་དང་ངག་ཡིད་ཀྱིས། །བྱ་བའི་རྣམ་པ་གང་བྱེད་ཀྱང་། །བླ་མར་མ་ཞུས་མ་གནང་བར། །ཅུང་ཟད་ཙམ་ཡང་མི་བྱའོ། །ཞེས་དང་། དགོངས་འདུས་ལས། སྐྱོ་དུབ་མེད་པའི་དད་པ་དང་། །གྱོང་འཁེང་མེད་པའི་མཉེན་ལྕུག་དང་། །སེར་སྣ་མེད་པའི་ཟང་ཟིང་དང་། །སོམ་ཉི་མེད་པའི་སྲི་ཞུ་དང་། །གཡོ་སྒྱུ་མེད་པའི་དྲང་སྐད་དང་། །དྲི་མ་མེད་པའི་ལྷག་བསམ་སོགས། །དམ་པ་དེ་ལ་རྫོགས་པར་འབུལ། །ཞེས་དང་། བཀའ་བརྒྱུད་གྲུབ་ཐོབ་རྣམས་ཀྱིས། མཚན་ལྡན་བླ་མ་རིན་ཆེན་འདིས། །གང་མཛད་ཐམས་ཅད་ལེགས་པ་ཡིན། །ཅི་མཛད་ཐམས་ཅད་ཡོན་ཏན་ཡིན། །དོན་ལ་འདི་འདྲའི་བླ་མ་ཡིས། །བཀའ་བཀྱོན་མཛད་ན་དྲག་སྔགས་ཡིན། །རྐྱེན་ངན་བར་ཆད་སེལ་བར་ངེས། །རྡུང་རྡེག་མཛད་ན་བྱིན་རླབས་ཡིན། །དངོས་གྲུབ་ཐམས་ཅད་དེ་ལས་འབྱུང་། །མོས་གུས་ཅན་ཚོ་ཉམས་རེ་དགའ། །ཞེས་གསུངས་པ་ལྟར་དུ་རང་ལ་མངོན་ཞེན་མེད་པས་བཟང་པོའི་ཡོན་ཏན་རྣམས་སྦས་པས་ཐུགས་དགོངས་མི་རྟོགས་པས་གཞན་ལས་ཁྱད་པར་དུ་མས་འཕགས་པའི་དག་སྣང་དང་མོས་གུས་ཚད་མེད་པས་བསྟེན་པར་བྱ་དགོས་པས་ནམ་ཡང་འཕྲད་དཀའ་བའི་འདུ་ཤེས་ཀྱིས་མཆོག་ཏུ་དད་པས་བླ་མའི་ཡོན་ཏན་རྣམས་དྲན་པར་བྱས་ཤིང་དག་སྣང་ཚད་མེད་པ་བསྐྱེད་ནས་བླ་མའི་སྐུ་བསྒོམ་པ་དང་། བླ་མ་བཀའ་དྲིན་ཆེ་བ་རྣམས་དྲན་པར་བྱ་བ་དང་། མདོར་ན་དུས་དང་རྣམ་པ་ཀུན་ཏུ་ཡིད་ཁྱེད་ཤེས་ཀྱི་མོས་གུས་དུང་ངེ་གཞུ་བདུང་བ་ལྟ་བུ་དང་མི་བྲལ་བར་བྱའོ། །དེ་བཞིན་དུ་བསོད་ནམས་བསགས་པའི་ཡུལ་བླ་མ་ལས་ལྷག་པ་མེད་པས་རྒྱུ་ནོར་རྫས་རིགས་ཆེ་ཞིང་ཆེ་བ་ཕྲ་ཞིང་ཕྲ་བ་གང་ཡོད་རྣམས་དང་། ལུས་རྟེན་སྙིང་པོ་མེད་པ་ལ་སྙིང་པོ་བླང་བའི་ཕྱིར་དུ་ཐ་ན་ཆུ་རྫ་མ་གང་ཡིན་ཡང་ཆེད་དུ་འབུལ་བར་བྱ་དགོས་ཏེ། དགོངས་འདུས་ལས། ཆོས་ཀུན་མི་ཤེས་མ་རྟོགས་ཀྱང་། །མཚན་ཉིད་བཟང་ལྡན་བླ་མ་ལ། །ཀུན་ནས་རིམ་གྲོ་ཆེར་བྱས་པས། །འཁོར་བའི་རྒྱ་མཚོ་བརྒལ་བར་འགྱུར། །དཔེར་ན་ཞིང་རབ་གཤིན་པོ་ལ། །ས་བོན་གང་བཏབ་རྒྱས་འཕེལ་བཞིན། །ཞེས་དང་། རྡོ་རྗེ་མེ་ལྕེའི་རྒྱུད་ལས། བླ་མ་ཉིད་དང་བླ་མའི་འཁོར། །ཡང་འཁོར་གཡོག་དང་བཅས་པ་ལ། །གསེར་ལ་སོགས་པའི་ཡོན་འབུལ་ན༑ །སངས་རྒྱས་ཞིང་ཁམས་བརྗོད་མེད་པའི། །གཙོ་འཁོར་འབུམ་ཕྲག་གྲངས་མེད་ལ། །བསྙེན་བཀུར་མཆོད་པ་གྲངས་མེད་བས། །བསོད་ནམས་འདི་ནི་ཆར་མི་ཕོད། །ཞེས་དང་། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། ཇི་ལྟར་དགེ་སློང་ཁྲིམས་ལྡན་པ། །འབུམ་ཕྲག་དྲུག་ཅུ་རྩ་གཉིས་ལ། །སྟོན་མོ་ལན་བདུན་བྱས་པ་བས། །བླ་མའི་ཞལ་དུ་འབྲས་ཆན་འབྲུ། །རྡོག་མ་བདུན་གྲངས་བསོད་ནམས་ནི། །བརྒྱ་སྟོང་ཁྲི་འབུམ་ཆར་མི་ཕོད། །ཅེས་དང་། གསང་འདུས་ལས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོད་པ་ལས། བླ་མའི་བ་སྤུའི་ཁུང་བུ་གཅིག་མཆོད་པ་བསོད་ནམས་ཆེའོ། །ཞེས་དང་། མེ་ལྕེ་ཕྲེང་བའི་རྒྱུད་ལས། གལ་ཏེ་རྣལ་འབྱོར་བློ་ལྡན་གྱིས། །རང་ཟས་གོས་ལ་གྱོང་བསྐུར་ནས། །བླ་མ་རྡོ་རྗེ་མཆོད་པ་ནི། །ཞིང་གི་ཁོར་ཡུག་རྒྱལ་ཁམས་ན། །དགེ་སློང་དཔག་ཏུ་མེད་པ་ལ། །སྟོན་མོ་ལན་སྟོང་བྱས་པ་བས། །ཟས་སམ་ཡང་ན་གོས་ཀྱང་རུང་། །བླ་མར་ལན་གཅིག་མཆོད་པས་ཀྱང་། །བསོད་ནམས་བརྒྱ་ཕྲག་བརྗོད་མི་རྗོགས། །ཞེས་དང་། བཀོད་པ་ཆེན་པོ་ལས། རྟ་དང་གླང་པོ་ནོར་གྱི་དབྱིག །རྒྱལ་སྲིད་བུ་དང་ཆུང་མ་དང་། །གསེར་དངུལ་ཟངས་ལྕགས་རིན་པོ་ཆེ། །བཟའ་བཅའ་དགའ་སྟོན་ན་བཟའ་དང་། །སྙིང་པོ་སྨན་འབྲུ་མེ་ཏོག་དང་། །ཆོས་དང་ཟང་ཟིང་ལོངས་སྤྱོད་རྣམས། །བླ་མ་མཉེས་ཕྱིར་ཡོན་དུ་འབུལ། །དེས་ནི་དངོས་གྲུབ་མ་ལུས་པ། །ད་ལྟ་ཉིད་དུ་ཐོགས་མེད་འགྲུབ། །ཅེས་གསུངས་པ་ལྟར་ཡུལ་དམ་པ་དང་འབྲེལ་ན་ལྷག་པར་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་རྫོགས་ཏེ། དཔེར་ན་ཞིང་ས་གཤིན་པོ་ལ་བཏབ་པའི་འབྲས་བུ་ནི་བརྒྱ་འགྱུར་གྱིས་འཕེལ་སྐྱེད་ཆེ་བ་བཞིན་ནོ། །གཞན་ཡང་ལས་ཀྱི་འབྲས་བུ་སྐྱེ་བ་གཞན་དུ་སྨིན་དགོས་པ་སྤྱིར་བཏང་ཡིན་ལ། དམིགས་བསལ་འཛམ་གླིང་ལས་ཀྱི་ས་པར་ཡུལ་ཁྱད་པར་ཅན་དང་འབྲེལ་བའི་ལས་མཐོང་ཆོས་སུ་འཕྲལ་དུ་སྨིན་པར་མདོ་སྡེ་དག་ལས་གསུངས་པས་ལྷག་པར་ལུས་ངག་ཡིད་གསུམ་འདུན་པ་ཆིག་དྲིལ་གྱིས་ཞབས་འདེགས་དང་། ཟང་ཟིང་གི་འབུལ་བ་དང་། ཁྱད་པར་སྒྲུབ་པའི་མཎྜལ་སོགས་ཀྱིས་བླ་མའི་ཐུགས་རབ་ཏུ་མཉེས་པར་བྱས་ནས་བསྟེན་དགོས་པ་ཡིན་ནོ། །དེ་ལྟར་ཚུལ་བཞིན་བསྟེན་པའི་ཕན་ཡོན་ཀྱང་རང་རྒྱུད་ལ་ཚད་མེད་པར་འབྱུང་བ་ནི་འདི་ལྟ་སྟེ། བླ་མ་དམ་པས་བརྩེ་བས་རྗེས་སུ་བཟུང་ནས་ཡང་དག་པའི་ལམ་དུ་འཁྲིད་པ་དང་། ཐེ་ཚོམ་ཐམས་ཅད་སེལ་བ་དང་། རྟོགས་པ་རྒྱུད་ལ་འཆར་བ་དང་། སྡུག་བསྔལ་ཞི་བ་དང་། འཁོར་བའི་འདམ་ལས་འབྱིན་པ་དང་། མ་རིག་པའི་མུན་ཚོགས་སེལ་བ་དང་། ཡོན་ཏན་གྱི་གཏེར་རྡོལ་བ་དང་། དངོས་གྲུབ་ཀྱི་བཅུད་ཁེངས་པ་དང་། བླང་དོར་གྱི་མིག་འབྱེད་པ་དང་། དག་པའི་ཞིང་དུ་བགྲོད་ནུས་པ་དང་། ཚེ་རབས་ཀུན་ཏུ་དགེ་བའི་བཤེས་གཉེན་ཡང་དག་པ་དང་མཇལ་བ་སོགས་ཕན་ཡོན་མཆོག་ཏུ་ཆེ་བས་ལྷག་ཏུ་ཤེས་པར་བྱོས་ཤིག །དེ་ལྟར་བླ་མ་བཅུད་དང་ལྡན་པ་དང་། སློབ་མ་སྣོད་དང་ལྡན་པ་ལེགས་པར་འབྲེལ་ནས་དེ་དང་འགལ་བ་སྡིག་པའི་བཤེས་གཉེན་གྱི་རིགས་དང་ནམ་དུ་ཡང་འགྲོགས་པར་བྱ་མི་རུང་སྟེ། དཔེར་ན་སྣང་བ་དང་མུན་པ་ལྟར་འགལ་བའི་ཕྱིར་ཡོངས་སུ་སྤང་དགོས་པར་གདམས་པ་ནི་འདི་ལྟ་སྟེ། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་དགེ་བའི་རྩ་བ་མངོན་པར་འདོད་པ་དེས་དགེ་བའི་བཤེས་གཉེན་ཡང་དག་པ་ཁོ་ནར་བསྟེན་པར་བྱ་ཡི། སྡིག་པའི་གྲོགས་པོ་དག་ལ་ནམ་ཡང་བསྟེན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་དགེ་བའི་ཕྱོགས་ལ་བར་དུ་གཅོད་པའི་ཕྱིར་རོ། །ཞེས་གསུང་པ་ལྟར་དུ་སྤང་དགོས་པས། དེང་སང་དུས་སྙིགས་ལྔའི་གནས་སྐབས་འདིར་ཆོས་ལྟར་འཆོས་པའི་མཁན་སློབ་དང་། བླ་སྤྲུལ་གྱི་མཚན་དང་གཟུགས་བརྙན་གྱི་རྣམ་པ་ཙམ་འཆང་བ་རྣམས་ཏེ། དེ་ཅིའི་ཕྱིར་སྙམ་ན་དོན་ཚུལ་བཞིན་མི་ལྡན་པའི་བླ་མ་དང་སློབ་དཔོན་བསྟེན་པ་ནི་གྱོང་ཤིན་ཏུ་ཆེ་སྟེ། ཡང་དག་གྲོལ་བ་ཐོབ་ཏུ་རེ་བ་རྣམས་ལམ་མ་ཡིན་པ་ལ་སྦྱར་བའི་ཕྱིར་རོ། །འདི་ལྟ་སྟེ་དེ་དག་གི་རྒྱུད་ལའང་རྩ་བའི་ཉོན་མོངས་པ་ཤས་ཆེ་བ་དང་ཚེ་འདིའི་ཆེ་ཐབས་སྒྲུབ་པ་དང་། ཐོས་བསམ་ཆུང་བས་དོན་ལ་རྨོངས་པ་དང་། སྒོ་གསུམ་མ་དུལ་བ་ང་རྒྱལ་གྱི་རི་བོ་མཐོ་བ་དང་། ཚུལ་འཆོས་ཀྱིས་ཐབས་ལ་མངོན་པར་མཁས་པ་དང་། ཕྲ་དོག་གི་རླུང་དམར་འཚུབས་པས་ཆགས་སྡང་ཆེ་བ་དང་། ཡོན་ཏན་དང་ཉམས་མྱོང་ཏིང་ངེ་འཛིན་ལ་སོགས་པས་རྒྱུད་ཅུང་ཟད་ཙམ་མ་བརླན་པ་དང་། ཟས་སྐོམ་དང་ནོར་རྫས་ལ་ཆགས་ཞེན་ཆེ་ནས་ཆོག་ཤེས་མེད་པ་དང་། ཡང་དག་པའི་བླ་མ་མེད་པས་བརྒྱུད་པའི་བྱིན་རླབས་མ་ཞུགས་པ་དང་། ངོ་ཚ་དང་གཉེན་པོ་ཆུང་བས་སྡོམ་པ་དང་དམ་ཚིག་འཆོལ་བ་དང་། ཞི་དུལ་དང་བཟོད་པ་མེད་པས་མཐོང་ཚད་རང་རྒྱུད་རྩུབ་པ་དང་། ཀུན་སྤྱོད་དང་བསྐལ་པ་ངན་པས་འགྲོགས་ཚད་ལ་ཉོན་མོངས་འགོ་བ་དང་། བདུད་དང་བགེགས་ཆེན་ཞུགས་པས་རང་གཞན་བཀྲ་མི་ཤིས་པ་དང་། གོམས་ཆ་ཉོན་མོངས་ལ་ཆེ་བས་མི་དགེ་སྡིག་སྤྱོད་འཕེལ་བ་དང་། གང་དང་འགྲོགས་ཀྱང་དགེ་བ་འགྲིབ་ཅིང་ཉེས་ཚོགས་མངོན་དུ་འཕེལ་བའི་རང་བཞིན་ཏེ། ལྟ་སྒོམ་མེད་པ་རྣམས་དང་འགྲོགས་ན་ཆོས་ཉིད་དོན་ལ་རིང་བའི་ཉེས་པ་འགོ། དམ་ཚིག་སྡོམ་པ་འཆལ་བ་དང་འགྲོགས་ན་ཉམས་གྲིབ་ཤུགས་ཀྱིས་འགོ། སྟོང་ལྟ་ཁ་འབྱམས་ཅན་དང་འགྲོགས་ན་རྒྱུ་འབྲས་ཁྱད་གསོད་ཀྱི་ཉེས་པ་འགོ། ཐ་སྙད་མཁན་དང་འགྲོགས་ན་དོན་མེད་ཚིག་གིས་བསླུས་པས་ཉེས་པ་འགོ་བ་ཆོས་ཉིད་རང་ཡིན། དེ་བཞིན་ཁྱིམ་པ་རྣམས་དང་འགྲོགས་ན་སོ་ནམ་གསོག་འཇོག་འགོ། བློན་པོ་ཆེ་བཙན་དང་འགྲོགས་ན་འདུན་གྲོས་བསམ་ངན་འགོ། ན་གཞོན་རྩེ་དགའ་ཅན་དང་འགྲོགས་ན་གླུ་བྲོ་དམན་སྤྱོད་འགོ། ཁེ་སྤོག་ནོར་འཚོལ་ཅན་དང་འགྲོགས་ན་ཚོང་གི་བྱ་བ་འགོ། རྒྱལ་པོ་ཆེ་བཙན་རྣམས་དང་འགྲོགས་ན་ང་རྒྱལ་དང་མཐོ་སྣང་འགོ། རྐུ་འཕྲོག་བྱེད་པོ་རྣམས་དང་འགྲོགས་ན་དེ་དང་དེ་བཞིན་འགྱུར་བ་དང་། གཞན་ཡང་གཏི་མུག་ཅན་དང་འགྲོགས་ན་ཐོས་བསམ་ཤེས་རབ་འགྲིབ། ཞེ་སྡང་ཅན་དང་གྲོགས་ན་སྡིག་རྩུབ་ཉེས་པ་འགོ། འདོད་ཆགས་ཆེ་བ་དང་འགྲོགས་ན་སྡོམ་པ་གཏོང་བའི་གནས་བྱེད། ནོར་སྲེད་ཆེ་བ་དང་འགྲོགས་ན་སེར་སྣའི་རང་བཞིན་འགོ། ང་རྒྱལ་ཆེ་བ་དང་འགྲོགས་ན་ཕྱོགས་རིས་འགོ། ཕྲག་དོག་ཆེ་བ་དང་འགྲོགས་ན་འགྲན་སེམས་ཤུགས་ཀྱིས་ལྡང་བའི་ཕྱིར་ཏེ། ས་སྙིང་གི་མདོ་ལས། སྡིག་པའི་གྲོགས་པོ་ལ་བརྟེན་ན་ཕྱིན་ཅི་ལོག་པ་དང་། ལྟ་བ་ཕྱིན་ཅི་ལོག་པ་དང་། རྣམ་པར་འཁྲུལ་བ་དང་། རྣམ་པར་རྨོངས་པར་འགྱུར་རོ། །ཞེས་དང་། སློབ་དཔོན་ཚད་མར་མ་གྱུར་སྤྲེལ་འདྲའི་ལུང་། །མན་ངག་ལོག་པའི་ལམ་དུ་ཟིན་ཏ་རེ། །ཞེས་དང་། དྲན་པ་ཉེར་བཞག་ལས། འདོད་ཆགས་ཞེ་སྡང་གཏི་མུག་སོགས་ཐམས་ཅད་ཀྱི་རྩ་བར་གྱུར་པ་ནི་སྡིག་པའི་གྲོགས་པོ་ཡིན་ཏེ། དཔེར་ན་དུག་གི་སྡོང་པོ་ལ་བརྟེན་པ་ལྟ་བུ་ཉེས་པ་ཆེའོ། །ཞེས་དང་། འདུལ་བ་ལུང་ལས། མི་ཡི་མདུན་ན་ཉ་རུལ་བ། །ཀུ་ཤ་ཉིད་ཀྱིས་དམ་དཀྲིས་པ། །དེ་ནས་རིང་པོར་མི་ཐོགས་པར། །གཙང་མའི་ཀུ་ཤའང་དེ་འདྲ་འགྱུར། །དེ་བཞིན་སྡིག་པའི་གྲོགས་བརྟེན་པས། །ཀུན་ཏུ་དེ་བཞིན་འགྱུར་བ་ཉིད། །ཅེས་དང་། མན་ངག་མཛོད་ལས། རང་ཉིད་སློབ་མའི་མཚན་ཉིད་མི་ལྡན་པར། །སློབ་དཔོན་བྱེད་འདོད་འགལ་བ་གླབ་ཅོལ་ཞིག །རང་ཉིད་ཀོ་སྐམ་བཞིན་དུ་མ་དུལ་བར། །གཞན་རྒྱུད་འདུལ་རློམ་འགལ་བ་གླབ་ཅོལ་ཞིག །རང་ལ་འདིར་རྒྱག་རྟོགས་པའི་གདེང་མེད་པར། །གཞན་ལ་སྒོམ་འབོགས་འགལ་བ་གླབ་ཅོལ་ཞིག །རང་ཉིད་ཐ་མལ་ཀུན་སྤྱོད་མ་ལོག་པར། །གཞན་དག་ཆོས་འགོད་འགལ་བ་གླབ་ཅོལ་ཞིག །ཅེས་དང་། ཐོས་པ་བྱས་ཀྱང་ཚིག་གི་རྩོད་པ་མཁན། །བཤད་པ་བྱས་ཀྱང་ཕྲག་དོག་ཁ་རྐྱང་མཁན། །སྒོམ་པ་བྱས་ཀྱང་རྣམ་རྟོག་ཡིད་སྨོན་མཁན། །བསམ་པ་བྱས་ཀྱང་ཟས་ནོར་ཁེ་སྤོག་མཁན། །གཅིག་པུར་བསྡད་ཀྱང་འདུ་འཛི་རྣམ་གཡེང་མཁན། །སྲུང་སྡོམ་བྱས་ཀྱང་ཉོན་མོངས་རྣམ་རྟོག་མཁན། །ཞེས་དང་། གཞན་ལས་རྙེད་མང་ལོངས་སྤྱོད་འབྱོར་འདོད་དང་། །འཁོར་མང་བུ་སློབ་འབྱོར་བ་རྒྱས་འདོད་དང་། །བསོད་ནམས་ཅི་ཆེ་འདུ་བ་མང་འདོད་དང་། །སྙན་གྲགས་བ་དན་རྒྱལ་ཁམས་ཁྱབ་འདོད་དང་། །ཀུན་ལས་རབ་འཕགས་ཆེ་ཁྱད་འདོད་པ་དང་། །རང་ལས་གཞན་པ་གཅིག་ཀྱང་མི་འདོད་པ། །དེ་དག་འདོད་ལྷའི་མེ་ཏོག་མདའ་ཡིས་བཅོམ། །ཞེས་དང་། མཐོང་བ་ཙམ་གྱིས་ངེས་འབྱུང་དད་པ་འགྲིབ། །ཐོས་པ་ཙམ་གྱིས་ཐར་པའི་ལམ་དང་རིང་། །དྲན་པ་ཙམ་གྱིས་འཁོར་བའི་ས་བོན་འདེབས། །རེག་པ་ཙམ་གྱིས་བྱིན་རླབས་དངོས་གྲུབ་ཡལ། །གཏམ་འདྲིས་ཙམ་གྱིས་དག་སྣང་མོས་གུས་འགྲིབ། །ཆོས་ཀྱི་འབྲེལ་ཚད་བདུད་ཀྱི་བྱིན་རླབས་དང་། །ཤི་བའི་འོག་ཏུ་མནར་མེད་གནས་སུ་འགྲོ། །ཞེས་དང་། ཆོས་ལ་ལྟ་ཅི་ཐ་མལ་ལས་ཀྱང་དམན། །བསྟན་ཞུགས་ལྟ་ཅི་མ་རབ་ལས་ཀྱང་དམན། །ཐེག་དམན་ལྟ་ཅི་མུ་སྟེགས་བྱེད་ལས་དམན། །གསང་སྔགས་ལྟ་ཅི་ལོག་སྲེད་ཅན་ལས་དམན། །ཉམས་ལེན་ལྟ་ཅི་སྡིག་ཅན་རྣམས་ལས་དམན། །ལྟ་སྒོམ་ལྟ་ཅི་ཆོས་དང་གནམ་ས་བཞིན། །བསྟན་པའི་ཆོམ་རྐུན་ཆོས་ལྟར་བཅོས་པ་སྟེ། །དད་ལྡན་ལོག་ལམ་ངན་འགྲོར་ཁྲིད་པས་སྤོངས། །ཞེས་གསུངས་པ་ལྟར་མི་གཙང་བའི་འདམ་དང་ཉེ་བར་གནས་པ་རྣམས་ལ་དྲི་ངན་པས་ཁྱབ་ཅིང་ཉེས་པ་ཡང་ཡང་འགོ་བ་ལྟར། ངན་པ་གང་དང་སུ་ལ་འགྲོགས་ནའང་ཉེས་པ་ཤུགས་ཀྱིས་འགོ་བ་ཆོས་ཉིད་རང་ཡིན་པས་དགེ་སྡིག་གི་སྐྱོན་ཡོན་ཤེས་ཤིང་ཉམས་མྱོང་ལ་གོམས་འདྲིས་ཅུང་ཟད་ཐོབ་པ་རྣམས་ཀྱང་ནམ་ཞིག་བློ་སྒྱུ་མ་ལྟ་བུར་འགྱུར་ནས་ཉེས་པའི་སྐྱོན་འགོ་བ་ཅན་དེང་སང་མང་བས་ན། ལས་དང་པོ་པ་རྣམས་ཀྱིས་སྡིག་པའི་གྲོགས་པོ་དེ་དག་དུས་རྣམས་ཀུན་ཏུ་སྤང་བ་ཤིན་ཏུ་ནས་ཀྱང་གལ་ཆེ་ཞིང་མ་ཟད་སྡིག་པའི་གྲོགས་དང་གནས་གཅིག་ཏུ་སྡོད་དགོས་བྱུང་རུང་ཡིད་མི་རྟོན། བག་མི་ཕེབས། གཏམ་མི་སྨྲ། གུས་པར་མི་བྱ། ཚིག་ལ་ཡི་མི་རངས་ཏེ་དེ་ལྟར་བྱས་ན་མཉམ་དུ་ཉེས་སྐྱོན་ཤུགས་ཀྱིས་འགོ་བའི་ཕྱིར་ཏེ། དྲན་པ་ཉེར་བཞག་ལས། དགེ་བའི་ཆོས་ཐམས་ཅད་ཀྱི་བར་དུ་གཅོད་པའི་གཙོ་བོ་ནི་སྡིག་པའི་གྲོགས་པོ་ཡིན་པས་དེ་དང་ལྷན་ཅིག་འགྲོགས་པའམ། གཏམ་སྨྲ་བའམ། གྲིབ་མས་ཕོག་པ་ཙམ་ཡང་སྤང་བར་བྱའོ། །ཞེས་དང་། སྡིག་པའི་གྲོགས་པོ་དང་ཡུད་ཙམ་མི་འདྲེ། ཚིག་གཅིག་མི་སྨྲ། ལམ་དུའང་མི་འགྲོགས་སོ། །ཞེས་དང་། བདུད་རྩི་འབྱུང་བའི་རྒྱུད་ལས། རྡོ་རྗེ་སློབ་དཔོན་སྨོད་པ་ན། །ཞི་བའམ་མངོན་སྤྱོད་ལས་ཀྱིས་བཟློག །ནུས་པ་ཡོད་པར་མ་གྱུར་ན། །རྣ་ཆ་དྲན་པས་དགབ་པར་བྱ། །བརྟེན་པར་མི་བྱ་གཏམ་མི་བྱ། །གལ་ཏེ་དེ་དང་འདྲེས་གྱུར་ན། །ངན་སོང་དག་ཏུ་འཚོད་པར་འགྱུར། །ཞེས་གསུངས་པ་ལྟར་དངོས་སུ་དགེ་བ་ལ་བར་དུ་གཅོད་ཅིང་སྡིག་ཚོགས་འཕེལ་བ་དང་། ཞོར་དུ་ཉམས་གྲིབ་སོགས་འགོས་པ་དང་། བླ་སློབ་བར་དམ་སེལ་འཇུག་པའི་རྒྱུ་རྐྱེན་སྔ་ཕྱི་མ་ལྟོས་ངེས་པར་བྱེད་པས་ན་ཆོས་པ་རྒན་གཞོན་བར་མ་ཀུན་གྱིས་རིང་དུ་སྤང་མཁས་པར་བྱ་བ་ཤིན་ཏུ་ནས་གལ་ཆེ་བ་ཡིན་ནོ། །དེ་བཞིན་ཞར་བྱུང་དུ། གསང་སྔགས་རྡོ་རྗེ་ཐེག་པའི་གདམས་པ་སྣོད་མིན་ལ་གསང་སྟེ་སྣོད་ལྡན་ལ་སྤེལ་བ་གལ་ཆེ་བའི་རང་བཞིན་ནི་འདི་ལྟ་སྟེ། ཀུན་བྱེད་ལས། རྒྱུ་དང་འབྲས་བུ་ཐེག་པར་ཞེན་རྣམས་ལ། །ཀུན་བྱེད་ང་ཡི་ལུང་འདི་བསྟན་མི་བྱ། །ང་ཡི་ལུང་འདི་ངེས་པར་བསྟན་བྱས་ན༑ །དགེ་སྡིག་ལས་ལ་རྒྱུ་འབྲས་ཡོད་ཟེར་ནས། །གང་དག་ང་ལ་སྒྲོ་དང་སྐུར་འདེབས་པས། །ཡང་དག་ང་དང་ཡུན་དུ་འཕྲད་མི་འགྱུར། །ཞེས་དང་། སེང་གེ་རྩལ་རྫོགས་ལས། གསང་སྔགས་ཐབས་མཁས་སྤྱོད་པར་བསྟན། །གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །ཐུགས་རྗེ་ཆེན་པོ་ཐབས་མཁས་པས། །སྣོད་མ་ཡིན་དང་བློ་རྟུལ་རྣམས། །ལས་འཕྲོ་ངན་པས་དོན་གྱིས་གསང་། །དེ་ཕྱིར་ངེས་པའི་དོན་འདི་ནི། །རླུང་ཕྱོགས་ཙམ་ཡང་བསྒྲག་མི་བྱ། །ཞེས་དང་། ཐལ་འགྱུར་ལས། གནས་ལུགས་འདུག་ཚུལ་འདི་ལྟ་བུ། །བརྗོད་ན་ཉན་ཐོས་རང་སངས་རྒྱས། །རབ་ཏུ་སྐྲག་སྟེ་བརྒྱལ་བར་འགྱུར། །དེ་ཕྱིར་ཤིན་ཏུ་གསང་བ་གཅེས། །ཞེས་སོགས་རྒྱ་ཆེན་གསུངས་པའི་དོན་བསྡུ་ན་ནི། ཡུལ་མཐའ་འཁོབ་དང་སྐྱེ་བོ་ཕལ་པ་རྣམས་དང་ཐེག་དམན་ནི། སོ་སོའི་གྲུབ་མཐའ་ལ་ཕྱོགས་ཞེན་ཆེ་བ་དང་། རྒྱུ་འབྲས་བླང་དོར་གྱི་ཨ་འཐས་འཛིན་ཞེན་ཆེ་བ་དང་། ལས་འཕྲོ་དང་སྐལ་པ་ངན་པ་རྣམས་ལ་ཇི་ལྟར་བསྟན་ཀྱང་མི་རྟོགས་པ་དང་། བློ་ཆུང་པས་ནི་བློར་མི་ཤོང་སྟེ་ཆོས་སྤང་གི་ལས་གསོག་པ་དང་། གསང་སྒོ་འཆོལ་བའི་རིགས་དང་། དབང་གིས་མ་སྨིན་པ་དང་། ཉམས་མྱོང་གི་བརྟན་པ་མ་ཐོབ་པ་སོགས་ལ་ཤིན་ཏུ་གསང་དགོས་པ་ཡིན་མ་གཏོགས་ཆོས་ཀྱི་ཆེ་བ་ཉམས་ཤིང་བྱིན་རླབས་འགྱངས་འགྲོ་བ་དང་། དེ་ལ་བརྟེན་པས་དོན་ཉམས་པའི་སྐྱོན་ཡོད་པ་དང་། ཆོས་སྤང་གི་ལས་གསོག་པ་དང་། ལོག་པར་ལྟ་བ་དང་། སྒྲོ་སྐུར་གྱི་གནས་སུ་གྱུར་པ་དང་། གང་ཟག་རྣམས་ཀྱང་སྐྲག་པ་དང་། དངངས་པ་དང་། བརྒྱལ་བར་འགྱུར་ཏེ། གསང་སྔགས་ལ་གཏན་ནས་མི་མོས་པར་ཡིད་ཕྱིར་ཕྱོགས་པའི་རྐྱེན་གྱིས་རང་གཞན་དམྱལ་བ་མནར་མེད་ཀྱི་གནས་སུ་ལྷུང་ནས་ལྕེ་དཔག་ཚད་ལྔ་བརྒྱའི་སྟེང་དུ་ལྕགས་ཀྱི་ཐོང་གཤོལ་མེ་འབར་བས་ཞིང་རྨོ་བར་བྱེད་པ་སོགས། སྡུག་བསྔལ་མུ་མཐའ་མེད་པའི་རྒྱུར་གྱུར་པ་དང་། ཚེ་འདིར་ཡང་བསམ་པ་ཐམས་ཅད་མི་འགྲུབ་པ་དང་། ལེགས་ཉེས་སྟངས་འཛིན་བཀའ་སྲུང་རྣམས་ཀྱིས་བཀའ་ཆད་དྲག་པོ་བཟའ་ཀླུའི་ནད་དང་། སྨྱོ་འབོགས་དང་། ངག་ལྐུགས་པ་སོགས་དུ་མ་འབྱུང་སྟེ། འོད་གསལ་རྡོ་རྗེ་སྙིང་པོའི་གདམས་ངག་ཟབ་མོ་འདི་ནི་འཇིག་རྟེན་ཁམས་ན་གང་བཞུགས་ཀྱི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལ་སོགས་པའི་སྙིང་པོ་ཡང་ཟབ་བླ་ན་མེད་པ་ཡིན་པ་དང་། དུས་གསུམ་གྱི་རྒྱལ་བ་སྲས་དང་སློབ་མར་བཅས་པའི་དགོངས་པའི་གསང་མཛོད་ཆེན་པོ་ཡིན་པ་དང་། ལེགས་ཉེས་སྟངས་འཛིན་ཡེ་ཤེས་མཁའ་འགྲོ་མ་རྣམས་ཀྱི་སྙིང་ཁྲག་དྭངས་མ་ལྟ་བུ་དང་། བསྟན་པའི་བཀའ་སྲུང་ཆོས་སྐྱོང་སྲུང་མ་རྣམས་ཀྱི་བླ་རྡོ་སོགས་ཡིན་པའི་དབང་གིས་དེ་དག་སྣོད་དང་མི་ལྡན་པའི་སློབ་མ་ཉམས་སུ་མི་ལེན་པ་དང་། བླ་མ་དང་ཆོས་ལ་དམ་ཚིག་མི་བསྲུང་བ་དང་། གསང་སྒོ་འཆོལ་བ་ལ་སོགས་པའི་སྐྱོན་དུ་གྱུར་ན། བཀའ་རྒྱ་ཟབ་མོ་གཏད་པའི་སྲུང་མ་རྣམས་འཁུ་བ་དང་ཕངས་སེམས་དྲག་པོ་སྐྱེས་ནས་དངོས་བརྒྱུད་བར་གསུམ་དུ་བཀའ་ཆད་དྲག་པོ་རེ་རྩོམ་ཡོང་བ་ཐེ་ཚོམ་མེད་པའི་རང་བཞིན་ཏེ། དཔེར་ན་རིན་པོ་ཆེའི་བང་མཛོད་དགྲ་རྐུན་གྱི་བརླག་གཏོར་ཤོར་ན་བདག་པོས་བཟོད་མི་ནུས་པར་དེ་ཚུག་རམ་མདའ་དྲག་པོ་སྦྲན་ནས་རྗེས་བཅད་དུ་གནང་ཅི་ལོང་ཅི་ཐུབ་བྱེད་པ་ལྟར་བཀའི་སྲུང་མ་རྣམས་ཀྱིས་མིག་ས་ལ་བྲུས་པའམ། སྙིང་ཁྲག་འཐུང་བའམ་ཚེ་ཡི་འདུ་བྱེད་ལྟུང་བ་སོགས་ཤིན་ཏུ་བཀའ་ཆད་དྲག་པོ་མྱུར་བར་འབྱུང་སྟེ། རྩལ་རྫོགས་ལས། སྐལ་པ་དམན་ཅིང་ཤེས་རབ་ཆུང་། །བློ་ངན་རྒྱུ་འབྲས་རྨོངས་པ་རྣམས། །རྫོགས་ཆེན་དོན་ལ་སྐུར་འདེབས་པས། །ངན་སོང་གསུམ་དུ་འཕང་བར་འགྱུར། །ངེས་དོན་མ་རྟོགས་སྡུག་བསྔལ་མྱོང་། །ཞེས་དང་། གསང་བ་འཆོལ་བར་བྱེད་པ་ཡང་། །སྨྲ་བྱེད་ལྕེ་ལ་ཞིང་རྨོ་ཞིང་། །སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར། །དེ་ཕྱིར་ངེས་པའི་དོན་འདི་ནི། །རླུང་ཕྱོགས་ཙམ་ཡང་བསྒྲག་མི་བྱ། །ཞེས་དང་། ཀུན་བྱེད་ལས། སྙིང་པོའི་དོན་ལ་བླང་དོར་མི་གནས་ཀྱང་། །མི་མ་ཡིན་དང་འབྱུང་པོས་བར་གཅོད་ཅིང་། །མཁའ་འགྲོ་དྲེགས་པ་ཅན་གྱིས་གཉིས་ཀ་ལ། །དུས་མིན་འཆི་དང་འཇིགས་པས་དབང་བསྒྱུར་ནས། །སྒྲོ་སྐུར་དབང་གིས་སྙིང་པོའི་བསྟན་པ་བསྣུབས། །ཞེས་སོགས་གསུངས་པ་ལྟར་ཕན་པར་མི་འགྱུར་བའི་ཐོག་ཏུ་རང་གཞན་ཆོས་དང་བཅས་པ་ལ་གནོད་པའི་རྒྱུ་ཆེན་པོ་དེ་ལྟར་འབྱུང་ངེས་ཡིན་འདུག་པས། སྣོད་མིན་གྱི་རིགས་ལ་ཤིན་ཏུ་གསང་བར་བྱ་སྟེ་ཟབ་མོའི་དོན་བསྟན་པ་ཡིད་ཀྱིས་བསམ་མི་རུང་། རླུང་ཕྱོགས་ཙམ་ཡང་མི་བསྒྲགས། ཚིག་འབྲུ་ངག་ཏུ་མི་ལེན། མིང་དང་ཡི་གེ་གྲུབ་མཐའི་ཚིག་ཟུར་ཙམ་མི་བརྗོད། གླེག་བམ་ལག་ཏུ་མི་གཏད། ཆོས་དེ་འདྲ་ཡོད་པ་དང་ཞུས་པ་དང་། ཤེས་སྐད་ཕྱོགས་ཙམ་མི་བརྗོད་ཅིང་རང་གཞན་གྱི་འགྲོ་དོན་བྱ་བའི་དུས་ལ་ངེས་པར་ཅན་གྱིས་བབ་དགོས་པ་དང་། ལྷག་པར་བླ་མའི་བཀའ་ཡིས་གནང་བ་ངེས་པར་མ་ཐོབ་བར་རྡོ་རྗེའི་ལྕེ་ཡོད་ཀྱང་བཤད་པར་བྱ་མི་རུང་སྟེ། རྩལ་རྫོགས་ལས། རྡོ་རྗེ་སློབ་དཔོན་དབང་པོ་ཡིས། །ལུང་ཉིད་མ་ཐོབ་བར་དུ་ཡང་། །རྡོ་རྗེའི་ལྕེ་ཡི་ཚུལ་ཡོད་ཀྱང་། །གསང་བ་གཞན་ལ་བསྟན་མི་བྱ། །གསང་བ་ཆེན་པོའི་དོན་མི་བཤད། །དེ་ནི་དམ་ཚིག་རྣམ་གྲངས་ཡིན། །ཞེས་གསུངས་པ་ལྟར་སྤྱིར་ངེས་པར་བྱས་ནས་གལ་སྲིད་བླ་མས་བསྟན་པར་བྱ་བའི་དུས་ལ་བབ་ན། སློབ་མ་རྒྱུད་ནས་གསུངས་པའི་རིགས་བཞི་དང་། ཡང་ན་གཟུགས་དང་ཁ་དོག་དང་མི་གཤིས་སོགས་ལ་ཞིབ་ཀྱིས་བརྟགས་ཏེ་བྱ་དཀའ་བའི་ལས་ལ་བཅོལ་བ་དང་། སྙིང་ལ་ཕོག་པའི་ཚིག་གིས་གཤེ་བ་དང་། སྤྱོད་ལམ་འགལ་དུས་མི་དད་པ་བརྟག་པ་དང་། ནོར་འདི་དང་འདི་དགོས་ཞེས་གཏོང་ཕོད་ལ་བརྟགས་པ་སོགས་སྔོན་དུ་ཡང་ཡང་བྱས་པས་སྣོད་མིན་ཡིན་ན་དད་པ་ལོག་པ་དང་། ཡོ་བྱད་ལ་ཕོངས་པ་དང་། དཀའ་ལས་བྱ་མི་ནུས་པ་སོགས་སྔར་གྱི་འདུན་པ་དེ་ཉམས་ཡོང་བས་དེ་ལྟ་བུ་ལ་ནི་ཕན་ཐོགས་པ་དང་དམ་ཚིག་ཐུབ་པ་མི་སྲིད་པས་སྔ་ནས་མ་འབྲེལ་ན་ལེགས་པ་ཡིན་ཞིང་། དེ་ལྟར་མ་ཡིན་པ་དད་པ་དང་གཏོང་ཕོད་ལ་གནས་པ་འགྱུར་ལྡོག་མེད་པ་རྣམས་ནི་སྔོན་གྱི་ལས་འབྲེལ་ཡོད་པའི་རྟགས་ཁྱད་པར་ཅན་ཡིན་པས་ནོར་ལ་སོགས་པ་བླ་མ་ལ་དགོས་པ་མེད་ཀྱང་ཚོགས་རྫོགས་པའི་ཕྱིར་བླངས་ནས། དཀོན་མཆོག་ལ་མཆོད་པར་བྱས་པས་བླ་སློབ་རྟེན་འབྲེལ་མི་འཕྱུགས་པའི་དགོས་ཆེད་སོགས་ཡོད་དེ། ཀུན་བྱེད་ལས། འཇིག་རྟེན་ཞེན་པ་བྲལ་ཕྱིར་རྒྱུད་བརྟག་ཕྱིར། །ལུས་དང་ལོངས་སྤྱོད་བླ་མས་ཀུན་བླངས་ལ། །ནུས་དང་མི་ནུས་ཁྱད་པར་རྟགས་ལྡན་པས། །སྙིང་པོ་དོན་ལྡན་ཀུན་བྱེད་རྒྱལ་པོ་སྦྱིན། །ཞེས་དང་། དད་དང་དམ་ཚིག་བརྩོན་འགྲུས་ཆེ་བ་དང་། །སྙིང་རྗེ་ཡི་རང་སྐྱོ་དང་ཡིད་བཟློག་མེད། །ལུས་དང་བུ་དང་ཆུང་མ་བྲན་དང་ནོར། །གང་ལ་མ་ཆགས་དད་དང་དགའ་བས་འབུལ། །འདི་དག་དད་དང་དམ་ཚིག་རྟགས་ཡིན་པས། །སྙིང་པོ་དོན་དང་ལྡན་པ་སྦྱིན་པར་བྱ། །དྲེགས་པ་སྤངས་ཤིང་ང་རྒྱལ་བྲལ་བ་དང་། །སྙིང་པོའི་དོན་ཕྱིར་ལུས་སྲོག་ཕངས་པ་མེད། །བཀའ་ལས་མི་འདའ་རྟགས་དང་ལྡན་པ་ལ། །སྙིང་པོའི་དོན་ལྡན་སྐྱེ་མེད་བསྟན་པར་བྱ། །ཞེས་དང་། གལ་ཏེ་བདག་ལ་དགོས་པ་མ་གྱུར་ཀྱང་། །དམ་པས་བླངས་ཏེ་དཀོན་མཆོག་གསུམ་ལ་འབུལ། །ཞེས་སོགས་གསུངས་པ་ལྟར་དེ་འདྲའི་བླ་སློབ་ཀྱི་རྟེན་འབྲེལ་ངེས་པར་འགྲིགས་པ་དག་ལ་ཕངས་སེམས་དང་སྲེད་ཞེན་མེད་པར་གདམས་ངག་ཡོངས་རྫོགས་སྦྱིན་ནས་ལོ་ཟླ་མང་པོའི་བར་དུ་ཉམས་སུ་ངེས་པར་ལེན་བཅུག་ལ། དེ་ལྟར་ཁྲིད་ཀྱང་རིམ་པར་སྤེལ་བར་བྱ་བ་ལས། དུས་གཅིག་ཏུ་གདམས་པ་རྫོགས་པར་བཤད་ན་ཉམས་ལེན་མཐར་མི་ཕྱིན་པ་རྣམས་ལ་གསང་སྒོ་འཆོལ་བའི་ཉེས་པ་སླར་འབྱུང་བ་དང་། ཉམས་སུ་ལེན་མཁན་རྣམས་ཀྱང་ཆོས་དྲེད་དུ་སོང་ནས་ཕྱིན་ཆད་ཉམས་རྟོགས་རིམ་གྱིས་ན་མི་འཕེལ་བའི་སྐྱོན་སོགས་ཡོད་པས། དེས་ན་དང་པོ་བློ་ལྡོག་རྣམ་བཞི་དང་ཚོགས་བསགས་སྒྲིབ་བྱང་གི་རིམ་པ་སྤྱི་དང་། བྱེ་བྲག་རྟེན་བཅས་རྟེན་མེད་སོགས་ཀྱིས་ཞི་གནས་སྒྲུབ་ཚུལ་དང་ཁྱད་པར་བསྐྱེད་རྫོགས་ཀྱི་རིམ་པ་སྤྲོས་བཅས་སྤྲོས་མེད་གང་གི་སྒོ་ནས་ལྟ་བ་གཏན་ལ་འབེབས་ཚུལ་རྣམས་ཐེག་པའི་གོ་རིམ་དང་། གང་ཟག་གི་བློ་རིམ་རྣམས་དང་མ་འཛོལ་བ་ཉེ་བར་བསྟུན་ཏེ་གདམས་པ་སྤེལ་བ་ལ་མཁས་པར་བྱ་དགོས་པ་ཡིན་པས་རབ་ན་གང་ཟག་གི་རྒྱུད་ཚོད་བླ་མའི་མངོན་ཤེས་ཀྱིས་ལེགས་པར་མཁྱེན་དགོས་པ་དང་། འབྲིང་གིས་འགྲོགས་ནས་རྒྱུད་ཚོད་ལོན་པར་བྱེད་དགོས་པ་དང་། ཐ་མས་འདྲི་བ་ཚིག་གི་རྒྱུད་ཚོད་ལེན་པར་བྱ་དགོས་པ་སོགས་གལ་ཆེ་བའི་རང་བཞིན་ཏེ། སློབ་དཔོན་ཟླ་གྲགས་པས། རེ་ཞིག་ཐོག་མར་ཉན་པ་པོ། །སྦྱིན་གཏམ་སོགས་ལ་ངེས་པར་སྦྱར། །སྣོད་དུ་གྱུར་ནས་ཕྱིས་ དེ་ལ། །ཟབ་མོའི་གཏམ་ནི་བསྙད་པར་བྱ། །ཞེས་དང་། རིན་ཆེན་མཛོད་ལས། དཔེར་ན་བྱིས་པ་བཙས་མ་ཐག །ནུ་ཞོ་ལ་སོགས་རིམ་བསླབ་ཅིང་། །ཕྱིས་ནས་སྲ་བའི་འབྲས་ཆན་སོགས། །མང་པོ་ཟོས་ཀྱང་སྟོབས་འཕེལ་འགྱུར། །ཞེས་སོགས་དང་། རྒྱན་སྟུག་པོ་བཀོད་མདོ་ལས། རྣལ་འབྱོར་སྤྱོད་པ་སྟོང་པ་ཉིད། །གནས་མ་ཡིན་ལ་སྦྱར་མི་བྱ། །གནས་མ་ཡིན་པར་སྦྱར་བྱས་ན། །བདུད་རྩི་དུག་ཏུ་འགྱུར་བ་བཞིན། །ཞེས་དང་། མཛོད་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་བ་མན་ངག་སྡེ། །ཞེས་སོགས་གསུངས་པ་ལྟར་དུ། གང་ཟག་རབ་འབྲིང་ཐ་མའི་བློ་རིམ་དང་། བརྩོན་འགྲུས་དང་། ཉམས་མྱོང་སྐྱེས་ཆེ་ཆུང་སོགས་ལ་ངེས་པར་བསྟུན་ཏེ་གདམས་ཁྲིད་རིམ་གྱིས་སྤེལ་བའང་ཤིན་ཏུ་ཟབ་པའི་རང་བཞིན་ཅན་ཏེ། རིན་ཆེན་ཕྲེང་བ་ལས། ཇི་ལྟར་རིན་ཆེན་བརྡར་བ་དང་། །གསེར་ནི་བསྲེག་དང་གཅོད་པས་བརྟགས། །དེ་བཞིན་དུ་ནི་སློབ་མ་ཡང་། །ལོ་ནི་བཅུ་གཉིས་བར་དུ་བརྟག །ཅེས་དང་། ནོར་བུ་ཕྲ་བཀོད་ལས། གསང་བའི་དཀྱིལ་འཁོར་ཆེན་པོ་ནི། །ཀུན་ལ་བསྟན་པར་མི་བྱ་སྟེ། །གསང་བ་ཐུབ་པ་འགའ་ལ་བསྟན། །ཞེས་དང་། སློབ་དཔོན་པདྨས། དེ་ཡང་དུས་གཅིག་མ་ཡིན་རིམ་པར་དུ། །སྣོད་རྣམས་བརྟགས་ལ་ལེགས་པར་སྦྱིན་བྱེད་ཅིང་། །ཚེ་འདིར་ཞེན་པ་ཅན་ལ་གདམས་གཞུག་སྦ། །ཞེས་སོགས་གསུངས་པ་ལྟར་སྣོད་ལྡན་ལ་བུམ་པ་གང་བྱོའི་ཚུལ་དུ་སྟེར་བ་དང་། སྣོད་མིན་ལ་རླུང་ཕྱོགས་ཙམ་ནམ་ཡང་མི་བསྒྲགས་པར་གདམས་པ་སྟོན་པ་དང་གསང་བ་ལ་ཤིན་ཏུ་མཁས་པར་བྱས་ནས་རང་གིས་གཞན་ལ་གདམས་པ་གང་སྤེལ་བ་དེའང་སྣོད་མིན་ལ་གསང་བ་བཀའ་རྒྱ་དྲག་པོས་སླར་དེ་ཉིད་དུ་བསྡམས་ཤིང་སྣོད་ལྡན་ལ་གཏད་རྒྱ་ཚུལ་བཞིན་ལེགས་པར་བྱས་པའི་དྲིན་ལས། གསང་སྔགས་བླ་མེད་ཀྱི་བསྟན་པ་འདི་མི་ཉམས་པར་གོང་དུ་འཕེལ་ཞིང་ཡུན་རིང་དུ་གནས་པ་དང་། སྒྲོ་སྐུར་སོགས་ཀྱི་སྐྱོན་དུ་མི་འགྱུར་ཞིང་སྐྱེ་དགུ་དཔག་མེད་འཁོར་བ་ངན་སོང་ལས་རྣམ་པར་གྲོལ་ཏེ། ཚེ་ལུས་གཅིག་གི་ཐོག་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དགོས་ཆེད་སོགས་མཐའ་ཡས་པར་གསུངས་འདུག་པས་དེ་ལྟར་ལྷག་པར་ཐུགས་ལ་ཞོག་མཛོད། དེ་ཡང་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྒོ་ལ་འཇུག་པའི་ཚེ་ཐོག་མར་སྨིན་བྱེད་ཀྱི་དབང་མ་ཐོབ་ན་ཉམས་སུ་ལེན་ནས་སྒྲུབ་པ་སོགས་ལྟ་ཅི་སྨོས། ཉན་བཤད་ཟུར་ཙམ་ཡང་མི་རུང་བར་གསུངས་ཏེ། གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་བརྩོན་པ་ནི། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་དང་། དབང་རྫོགས་པའི་རྒྱུད་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་མི་འགྱུར་ཏེ། །དཔེར་ན་མཉན་པ་ལག་སྐྱ་མེད་པ་ནི། །ཆུ་བོའི་ཕ་རོལ་འགྲོ་བར་མི་ནུས་བཞིན། །ཞེས་དང་། ཕྱག་ཆེན་ཁ་སྦྱོར་ཐིག་ལེའི་རྒྱུད་ལས། དབང་མ་བསྐུར་ལ་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མི་འབྱུང་། །ཞེས་དང་། སངས་རྒྱས་ཐམས་ཅད་ཀྱི་རྒྱུད་ལས། ཡང་དག་དབང་བསྐུར་གྱིས་དབེན་ན། །སྒྲུབ་པ་རྒྱུད་ཀྱི་དོན་ཤེས་ཀྱང་། །སློབ་དཔོན་སློབ་མར་མཚུངས་པ་མིན། །མི་ཟད་དམྱལ་བ་ཆེན་པོར་འགྲོ། །ཞེས་གསུངས་པ་ལྟར་དབང་མ་ཐོབ་པའི་བྱ་བ་གང་རྩོམ་ཐམས་ཅད་ཕྱིན་ཅི་ལོག་ཏུ་གྱུར་ནས། ཚེ་འདིར་བཀྲ་མི་ཤིས་ཤིང་ནད་ཡམས་རིམས་ནད་སྣ་ཚོགས་འབྱུང་བ་དང་དབང་པོ་རྣམས་མི་གསལ་ཞིང་ཆོམ་རྐུན་དང་རྒྱལ་པོའི་ཆད་པ་འབྱུང་བ་དང་། བུ་དང་ཆུང་མ་འཆི་བ་དང་ཡུལ་རྣམས་དགྲར་ལྡང་ནས་ཟས་གོས་སོགས་ཀྱིས་དབུལ་བ་དང་། འཇིག་རྟེན་ཕ་རོལ་ཏུའང་ངན་སོང་གསུམ་གྱི་སྡུག་བསྔལ་དུ་མ་ཡུན་རིང་ཉམ་ཐག་པར་མྱོང་དགོས་པ་ཡིན་ཏེ། ཅིའི་ཕྱིར་སྙམ་ན། སྣོད་མིན་ལ་གསང་བ་བསྟན་པའམ། བབ་ཅོལ་གྱིས་ཉམས་སུ་བླང་མི་རུང་བའི་ཕྱིར་ཤེས་དགོས་ལ་དེས་ན་དབང་མ་ཐོབ་པར་བསྐྱེད་རྫོགས་སོགས་ཇི་ལྟར་འཆད་ཉན་གྱིས་ཉམས་སུ་བླངས་ཁུལ་བྱས་ཀྱང་དང་པོ་རྒྱུད་ལེགས་པར་མ་སྨིན་ན་གྲོལ་བར་མི་ནུས་ཏེ། དཔེར་ན་རྒྱལ་པོས་བློན་འབངས་ལ་བཀའ་མ་བགྲོས་པའི་བྱ་བ་རྣམས་དོན་མི་འབྱུང་བའི་ཐོག །ཉེས་པའི་སྐྱོན་ཆེན་པོར་འབྱུང་བ་ལྟ་བུའམ། ནང་ནས་འབྲས་བུ་མ་སྨིན་པར་ཕྱི་ནས་ཤུན་པ་བཏོན་སྔ་བས་ན་དོན་མི་འབྱུང་ཐོག་ཉམས་པའི་སྐྱོན་དུ་མ་ཡོད་པ་ལྟར། རྒྱུད་མ་སྨིན་ཅིང་སྣོད་དུ་མ་རུང་བར་གྲོལ་བའི་གདམས་པ་བཤད་སྔ་ན་གསང་སྒོ་འཆོལ་བའི་ཕྱིར་སྔར་ཡང་བཀའ་ཆད་དྲག་པོ་བྱུང་བའི་ལོ་རྒྱུས་དུ་མ་ཞིག་ཡོད་འདུག་པས་ན་དང་པོ་དབང་ཐོབ་པ་ཅི་ནས་གལ་ཆེ། དེའང་དབང་ཞེས་པའི་སྒྲ་དོན་ནི་རྒྱ་སྐད་དུ་ཨ་བྷི་ཥིཉྩ་ཞེས་པ་དེ་བོད་སྐད་དུ་གཏོར་བླུགས་ཞེས་པའི་དོན་ཡིན་གྱི་དག་པའི་རྒྱུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། མ་དག་པའི་རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པ་གཉིས་པོ་ནི་དག་མ་དག་གི་ཆ་ལམ་དུས་འདིར་འབྱེད་དགོས་པའི་ཕྱིར་ན། དཔེར་ན་གཞི་ལ་གནས་པའི་ས་བོན་ལ་ལམ་གྱི་ཆ་མྱུ་གུ་བསྐྱེད་དེ་འབྲས་བུ་སྨིན་པར་བྱེད་པ་ལ་དྲོད་གཤེར་ལུད་གསུམ་འཛོམས་ནས་ལས་སྣ་ཚོགས་ཀྱིས་བཅོས་དགོས་པ་ལྟར་བླ་མའི་བྱིན་རླབས་དང་ཐབས་ཟབ་མོར་བརྟེན་ནས་དབང་བཞི་བསྐུར་བའི་རིམ་པ་སྟེ། དེའི་ཚིག་དོན་འབྲེལ་ཆགས་ཙམ་ཞིག་བཤད་ན། གཏོར་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པའི་ཆ། ཉོན་མོངས་དང་། ལས་དང་བག་ཆགས་དང་། ཤེས་བྱའི་སྒྲིབ་པ་དང་སྣང་གསུམ་འཕོ་བའི་བག་ཆགས་བཅས་ཕར་སྦྱང་བས་ན་གཏོར་ཅེས་པ་དང་། མཐུན་པའི་ཆ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྒྲུབ་བྱེད་ལམ་གྱི་ཡེ་ཤེས་བཞི་དང་། མཐར་ཐུག་གི་འབྲས་བུ་སྐུ་བཞིའི་གོ་འཕང་ཐོབ་པར་བྱེད་པའི་ནུས་པ་རང་རྒྱུད་ལ་འཇོག་པས་ན་བླུགས་པའམ་སྨིན་བྱེད་དབང་ཞེས་པ་སྟེ། ཐལ་འགྱུར་ལས། དབང་ནི་རྣམ་པ་བཞི་ཡིན་ཏེ། །སྐལ་པ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་སྤྲོས་མེད་དང་། །ཤིན་ཏུ་སྤྲོས་པ་མེད་པ་དང་། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱེད། །ཅེས་དང་། གསང་སྙིང་ལས། སྙིང་པོ་ལྔ་ཡི་དབང་བསྐུར་ན། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་དང་། གདན་བཞིའི་བཤད་རྒྱུད་ལས། མཚམས་མེད་ལྔ་ཡི་ལས་ཅན་ཡང་། །ཚོན་རྩི་མཐོང་བས་གྲོལ་བར་འགྱུར། །དཀྱིལ་འཁོར་བཅུག་དང་དབང་བསྐུར་བ། །གཙང་མའི་རིགས་སུ་སྐྱེ་བར་འགྱུར། །ཞེས་སོགས་གསུངས་པ་ལྟར། དེ་ཡང་ལུས་སེམས་ཚོགས་པ་གཅིག་པའི་རྟེན་དང་བརྟེན་པའི་དྲི་མ་བཀྲུ་ཞིང་བྱིན་གྱིས་རླབས་པའི་དོན་འབྱུང་བ་ནི་ལུས་ལ་རྩ་གནས། དེ་ལ་རླུང་། དེ་ལ་ཐིག་ལེ། དེ་ལ་རིག་པ་བྱང་ཆུབ་ཀྱི་སེམས་བརྟེན་པའི་ཕྱིར་ལུས་དང་རྩ་ཡི་སྒྲིབ་པ་དག་ཅིང་སྨིན་པར་བྱེད་པ་བུམ་དབང་། ངག་དང་རླུང་དག་ཅིང་སྨིན་པར་བྱེད་པ་གསང་དབང་། ཡིད་དང་ཐིག་ལེ་དག་ཅིང་སྨིན་པར་བྱེད་པ་ཤེར་དབང་། ཀུན་གཞི་ལས་དང་ཤེས་སྒྲིབ་དག་པར་བྱེད་པ་ཚིག་དབང་རིན་པོ་ཆེ་སོགས་ཡིན་པས་ན་དབང་བཞི་ཐོབ་དགོས་པའི་དོན་ནི་བསྡུ་ན་དེ་ལྟར་ཡིན་ནོ། །དབང་ཐོབ་ནས་དེའི་རྗེས་ལ་དབང་དོན་དམ་ཚིག་ལ་གནས་དགོས་པ་ནི་དོན་གྱི་སྙིང་པོ་དེ་རང་ཡིན་ཏེ། སྣང་བ་རྡོ་རྗེ་འཆར་བའི་རྒྱུད་ལས། གང་ཕྱིར་རྡོ་རྗེ་འཆང་ཆེན་གྱིས། །གསུངས་པའི་དོན་ནི་རྣམ་མང་པོ། །མདོར་བསྡུས་རྣམ་པ་གཉིས་ཡིན་ཏེ། །སྨིན་པ་དང་ནི་གྲོལ་བའོ། །ཞེས་དང་། གསང་འདུས་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། །བསྐྱེད་པའི་རིམ་པ་དང་པོ་སྟེ། །རྫོགས་པའི་རིམ་པ་གཉིས་པའོ། །ཞེས་གསུངས་པ་ལྟར་བུམ་དབང་ཐོབ་པའི་དམ་ཚིག་ཏུ་བསྐྱེད་རིམ་རྣམ་པར་དག་པ་བསྒོམ། གསང་དབང་ཐོབ་པའི་དམ་ཚིག་ཏུ་བཟླས་པ་སྔགས་ལ་བརྩོན་པར་བྱ། ཤེར་དབང་ཐོབ་པའི་དམ་ཚིག་ཏུ་བདེ་སྟོང་ཐབས་ཀྱི་རིམ་པར་འཇུག །ཚིག་དབང་ཐོབ་པའི་དམ་ཚིག་ཏུ་རིག་སྟོང་ཀ་དག་ཆེན་པོའི་དགོངས་པ་ལ་དུས་རྟག་ཏུ་མཉམ་པར་བཞག་ཅིང་། དེ་ལྟ་བུའི་གསང་སྔགས་བླ་མེད་ཀྱི་དབང་དང་གདམས་པ་ཟབ་མོ་སྟོན་མཁན་གྱི་བླ་མ་དང་། སྟོན་པའི་ཡུལ་སློབ་མའི་བར་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་སྲུང་སྡོམ་ཞིབ་ཏུ་བྱ་བ་ཉིད་གལ་ཆེ་བའི་རང་བཞིན་ཏེ། ཐལ་འགྱུར་ལས། དབང་བསྟན་པ་ཡི་དམ་ཚིག་ལ། །བྱེ་བྲག་བརྗོད་དུ་མི་ལང་ཡང་། །མདོར་བསྡུས་སྐུ་དང་གསུང་དང་ཐུགས། །རྣལ་འབྱོར་ལུས་ངག་ཡིད་ལ་སྦྱར། །ཞེས་དང་། རང་ཤར་ལས། བསམ་གྱིས་མི་ཁྱབ་དམ་ཚིག་རྣམས། །རྣམ་པ་གཉིས་སུ་འདུས་པར་གསུང་། །སློབ་དཔོན་དང་ནི་སློབ་མ་གཉིས། །བསྲུང་བའི་རྒྱུ་ཞེས་ཀུན་ཏུ་གྲགས། །བསྲུང་བའི་རྒྱུ་ནི་སློབ་དཔོན་ལ། །སྲུང་བར་བྱེད་པ་སློབ་མ་སྟེ། །དེ་ལ་སྤྱོད་པའི་རྗེས་འཇུག་བྱ། །ཞེས་དང་། རྡོ་རྗེའི་སྤུན་ལ་དོན་བཞིའི་བསྟན། །སྤྱི་དང་ཉེ་དང་འདྲིས་པ་དང་། །དཀྱིལ་འཁོར་བུམ་པ་འདྲེས་པའོ། །ཞེས་གསུངས་པ་ལྟར། བསྲུང་བྱ་སྲུང་བྱེད་བསྲུང་རྒྱུ་དང་བཅས་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་ཤེས་པར་བྱས་ནས་སྲུང་སྡོམ་ལ་ལེགས་པར་གནས་དགོས་པ་ཡིན། དེའི་ཕན་ཡོན་ཀྱང་། རང་ཤར་ལས། དམ་ཚིག་སྡོམ་པ་ཇི་བཞིན་གནས། །དམ་ཚིག་ལ་ནི་གང་གནས་པ། །བསམ་པ་ཐམས་ཅད་མཐར་ཕྱིན་འགྱུར། །ཞེས་དང་། སྒྱུ་འཕྲུལ་ལས། དམ་ཚིག་མཆོག་ལ་གང་གནས་པ། །དམ་པ་མཆོག་དང་དམ་པ་ཡི། །སྲས་དང་སྤུན་དགོངས་བྱིན་གྱིས་རློབ། །ཅེས་དང་། ཤེལ་ཁང་བརྩེགས་རྒྱུད་ལས། དམ་ཚིག་མཆོག་དང་ལྡན་གྱུར་ན། །ཚེ་འདིར་ནད་མེད་ལོངས་སྤྱོད་འཕེལ། །མཁའ་འགྲོས་སྡོང་གྲོགས་བྱེད་པ་དང་། །གྲུབ་པ་བརྒྱད་རྣམས་དབང་བསྒྱུར་ཞིང་། །ཐར་བའི་བདག་པོ་མཆོག་ལ་རེག །ཅེས་དང་། གསང་སྙིང་ལས། རྣལ་འབྱོར་དམ་ཚིག་ལྡན་པ་ཡིས། །དངོས་གྲུབ་ཡ་མཚན་ཆེན་པོ་འགྲུབ། །ཕྲིན་ལས་བཞི་པོ་ཐོགས་མེད་ཅིང་། །རྟོགས་པ་མཆོག་ནི་གོང་དུ་འཕེལ། །དམ་ཚིག་རྣམ་པས་བསྡུས་ཏེ་ཕྱེས། །འདི་ལས་འགལ་བར་མ་བྱས་ན༑ །རྡོ་རྗེ་འཛིན་པ་རྫོགས་སངས་རྒྱས། །ཞེས་སོགས་གསུངས་པ་ལྟར་དམ་ཚིག་ལྡན་པའི་ཕན་ཡོན་མཆོག་དང་བཅས་ཏེ་ཤེས་པར་བྱས་ལ། དེའང་གོང་དུ་བཤད་པ་བཞིན་དགོངས་རྒྱུད་རྟོགས་པའི་བཅུད་དང་ལྡན་པས་སྨིན་བྱེད་ཀྱི་དབང་བསྐུར་བ་མཛད་པ་ལས། སྐྱེ་སྤྲུལ་གྱི་སྟོང་སྒྲ་སྒྲོགས་པ་དང་། མཚན་སྙན་པོ་སྐུ་བསོད་ཆེ་བ་སོགས་ཀྱིས་ལྟར་སྣང་དུ་དཀྱིལ་འཁོར་ཕྱར་བའི་རྒྱ་ཁྱོན་ཙམ། བ་ལིང་རི་ལྟར་སྤུངས། རིན་ཐང་ཅན་གྱི་དབང་རྫས་དང་བུམ་པས་མགོ་མོག་མོག་མཛད་ནས་བདུད་རྩི་སྒྲུབ་ཁང་གང་བ་ཙམ་བྱིན་ཡང་བྱིན་རླབས་སྣོད་སྟོང་དུ་ཕྱུང་བ་ལྟར་ཡེ་ཤེས་འཕོ་བྱ་འཕོ་བྱེད་ཀྱི་གདོད་ནས་སྟོང་པའི་ཕྱིར་སློབ་མའི་ཤེས་རྒྱུད་ལ་ནུས་པ་འཇོག་རྒྱུ་ཅང་མེད་བཞིན་ཉོན་མོངས་པ་ཁ་བྲི་བ་ཙམ་ཡང་འབྱུང་མི་སྲིད་གསུངས་པས། དེས་ན་བླ་མ་བཅུད་དང་ལྡན་པའི་ཞལ་སྔ་ནས་སྨིན་བྱེད་ཀྱི་དབང་ཐོབ་པ་ལྷག་ཏུ་གལ་ཆེ་ཞིང་། དང་པོ་སློབ་མས་དབང་གང་འདོད་པ་དེའང་དོན་གཉེར་ཆེན་པོ་དང་ལྡན་པས་བདག་ལ་བསྐུར་དུ་གསོལ། །ཞེས་སློབ་དཔོན་ལ་གསེར་གྱི་མཎྜལ་ཡོན་དང་བཅས་ལོ་ཟླ་དུ་མའི་བར་ཆོད་པ་སྔ་མོ་ནས་གསོལ་བ་བཏབ་སྟེ་དོན་གཉེར་དང་ལྡན་པའི་ངང་ནས། དབང་དངོས་བསྐུར་བའི་དུས་གནས་དང་དུས་དང་རྟེན་འབྲེལ་སོགས་རྒྱུད་ནས་གསུངས་པ་ཇི་བཞིན་ཚུལ་ལྡན་བྱས་ནས་རྗེས་ལ་དགའ་སྟོན་ཡོན་དང་བཅས་པས་བླ་མ་དང་རྣལ་འབྱོར་གྱི་དབང་ཕྱུག་རྣམས་མཉེས་པར་བྱ་བའང་གལ་གནད་ཆེ་བའི་རང་བཞིན་ཏེ། དུས་གཞན་དུ་བརྒྱ་འབུལ་བྱས་པ་བས་དེ་དུས་རྒྱུ་ནོར་སྣེ་གཅིག་འབུལ་བ་བསོད་ནམས་ཀྱི་ཚོགས་རྫོགས་པའི་ཐབས་ཁྱད་པར་དུ་འཕགས་ཏེ། པྲ་ཊི་ཀ་ལས། སྟོན་མོ་མེད་ན་དོན་མི་འགྲུབ། །དགའ་སྟོན་ཆེན་པོའི་མཆོད་པ་ཡིས། །བླ་མ་དང་ནི་བླ་མའི་འཁོར། །དེ་བཞིན་རང་གི་རྡོ་རྗེའི་སྤུན། །གཅིག་དང་གཉིས་དང་གསུམ་དག་གང་། །ཡང་ན་བརྒྱ་སྟོང་གྲངས་མེད་ལ། །ཚོགས་ཀྱི་དགའ་སྟོན་བྱ་བ་དང་། །སྟོན་མོ་ཡོན་དང་བཅས་པ་ཡིས། །རྣལ་འབྱོར་པ་རྣམས་མགུ་བྱས་ན། །ལེགས་པ་ཐམས་ཅད་འགྲུབ་པ་དང་། །ཉེས་པ་ཀུན་ལས་གྲོལ་བར་གྱུར། །ཞེས་དང་། རང་ཤར་ལས། དད་ལྡན་མན་ངག་སློབ་དཔོན་ལ། །རང་ལུས་དང་ནི་རིན་ཆེན་རྫས། །ཤིན་ཏུ་དཀོན་པ་དག་གིས་བརྟེན། །ཞེས་དང་། དབང་བསྐུར་ཐོབ་པའི་བླ་མ་ལ། །ཡོན་གྱི་མཆོག་ནི་གསེར་དང་དངུལ། །རང་ལུས་མཉམ་པར་ཕུལ་བ་ཡིས། །འཁོར་བ་དག་ལས་དབུགས་དབྱུང་ནས། །ངེས་པར་ཐོབ་པར་ཐེ་ཚོམ་མེད། །ཅེས་སོགས་གསུངས་པ་ལྟར་དགའ་སྟོན་ཚོགས་ཀྱི་འཁོར་ལོ་ཡོན་དང་བཅས་པས་མཐའ་ལེགས་པར་བརྒྱན་པར་བྱའོ། །དེ་ལྟར་བླ་སློབ་ཀྱི་མཚན་ཉིད་ལྡན་ནས་སྤང་བླང་གི་རིམ་པས་བསྟེན་ཚུལ་དང་། གདམས་པའང་སྣོད་ལྡན་ལ་སྤེལ་ཏེ་སྣོད་མིན་ལ་གཏན་ནས་གསང་བར་བྱ་དགོས་པའི་ཚུལ་དང་། སྨིན་བྱེད་དབང་གི་ལོ་རྒྱུས་ཅུང་ཟད་བཅས་ཏེ་སྐབས་གཉིས་པའི་རིམ་པ་རྫོགས་སོ།། ༈ །།དོན་གསུམ་པ་ཀུན་གཞི་ལས་འཁོར་འདས་འབྱུང་ཚུལ་ནི། ཀུན་གཞི་ཞེས་པ་འཁོར་འདས་ཐམས་ཅད་ཐོག་མ་མེད་པ་ནས་འབྱུང་བའི་གཞི་དབྱིངས་ཆེན་པོ་ཡིན་པས་ན་ཀུན་གཞིའམ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་གྲོལ་བའི་གཞི་ཡིན་པས་ན་གྲོལ་གཞི་ཀ་དག་གམ། སེམས་ཅན་ཐམས་ཅད་འཁྲུལ་བ་འབྱུང་བའི་གཞི་ཡིན་པས་ན་ཀུན་གཞིའམ། དེ་ནི་དགེ་སྡིག་གི་ལས་ཐམས་ཅད་བྱེད་པའི་མཁན་པོ་དང་བག་ཆགས་སྣ་ཚོགས་གསོག་པའི་གནས་གཅིག་ཏུ་བྱེད་པས་ན་ཀུན་གཞི་ཞེས་སྤྱི་བྱེར་དུ་གྲགས་པ་ཡིན་ནོ། །དེ་ལ་དང་པོ་རྟོགས་ཏེ་སངས་རྒྱས་མ་བྱུང་། མ་རྟོགས་ཏེ་སེམས་ཅན་མ་བྱུང་བའི་སྔོན་རོལ་ན་འཁོར་འདས་ཀུན་གྱི་སྤྱི་གཞི་ཀ་དག་ལྷུན་གྲུབ་དབྱེར་མེད་ཆེན་པོ་ནི། རིག་མ་རིག་གང་གི་ཕྱོགས་སུ་མ་ལྷུང་བར་ཡེ་ནས་རྣམ་དག་ནམ་མཁའ་དྭངས་པའི་ངོགས་ན་ཉི་མའི་དཀྱིལ་འཁོར་འོད་འབར་བ་རང་བཞིན་དུ་འཆར་བ་ལྟ་བུ་ཞིག་ཡིན་ཏེ། རང་རིག་རང་གསལ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་ཡེ་ནས་རང་ཆས་ལྷུན་གྱིས་གྲུབ་པའི་ངོ་བོ་ནི་འབད་རྩོལ་སྤྲོས་པ་ཐམས་ཅད་དང་བྲལ་བ་རང་གཞན་ཀུན་ལ་གཞི་ཁྱབ་བརྡལ་ཆེན་པོ་གཅིག་པར་ཡོད་ལ། གཞི་དག་པ་ལས་གཞི་སྣང་དག་པ་ཤར་བ་དཔེར་ན་ཤེལ་དག་པ་ལས་རང་འོད་དག་པ་འཆར་བ་ལྟ་བུ་སྟེ་དེ་ལ་འཆིང་གྲོལ་གཉིས་སུ་མེད་རུང་ལྷན་ཅིག་སྐྱེས་པའི་མ་རིག་པ་ཁོས་གློ་བུར་དུ་བསྒྲིབས་ཏེ་ཀུན་གཞི་ལུང་མ་བསྟན་རིམ་གྱིས་ཇེ་མཐུག་ཏུ་སོང་ནས་སྒྲིབ་པ་ཡིན། དཔེར་ན་གསེར་ལ་གཡའ་ཁུག་པ་ལྟར་རམ། ཏིལ་འབྲུ་སྨིན་པ་ལ་མར་གྱིས་ཁྱབ་པ་ལྟར་རམ། སྒོ་ངའི་ཆུ་ལ་བྱ་གྲུབ་པ་ལྟར་རམ། ཕུག་པ་གཏིང་རིང་པོ་ལྟར་རམ། ཆུ་རྙོགས་མ་ལྟ་བུ་སྟེ་འཁོར་འདས་གཉིས་ཀའི་འཆར་གཞིའི་ཚུལ་དུ་གྲུབ་སྟེ་གཞི་ཀ་དག་གི་ངོས་ན་འཁྲུལ་བའི་དྲི་མ་མེད་ཀྱང་ལྷུན་གྲུབ་ཀྱི་ལྡོག་ཆ་ནས་འཁྲུལ་བའི་ས་བོན་མ་སྤངས་ཏེ་ཐུགས་རྗེའི་འཆར་གཞི་ཡེ་ཤེས་རང་གསལ་ཆེན་པོ་རང་ལ་ཡོད་པས་ཀྱང་མངོན་དུ་རྟོགས་ཟིན་མིན་པས་གྲོལ་འཁྲུལ་གཉིས་ཀའི་གཞི་བྱས་པར་འཐད་དེ། སྐྱེས་བུ་ལ་བྱད་རང་ཆས་སུ་ཡོད་ཀྱང་རྐྱེན་མེ་ལོང་སོགས་དང་མ་འཕྲད་ཀྱི་བར་དུ་མངོན་སུམ་སྒྲོ་འདོགས་མི་ཆོད་པ་ཇི་བཞིན་གཞི་ལ་གཞི་སྣང་འཆར་བའི་སྐབས་སུ་གྲོལ་འཁྲུལ་གྱི་སྒོ་གཉིས་འབྱུང་བ་ནི་རྐྱེན་མེ་ལོང་དང་འཕྲད་པའི་ཚེ་དེར་བཞིན་གྱི་རྣམ་པ་ཤར་བ་ན་རྒས་པ་རྣམས་ཀྱིས་རང་གི་བྱད་ཡིན་པ་ལྷག་པར་རྟོགས་ནས་འཇིགས་དངངས་སོགས་མི་སྐྱེ་ལ། བྱིས་པ་རྣམས་བློ་ཆུང་བའི་སྐྱོན་གྱིས་དེ་ལྟར་མ་རྟོགས་ཏེ་གཉིས་སུ་འཛིན་པས་འཇིགས་དངངས་སྐྱེས་ནས་ཡུལ་ལ་བླང་དོར་བྱེད་པ་ཇི་བཞིན་ཉེ་བར་མཚུངས་པ་ཡིན་ཏེ། ཀུན་བྱེད་ལས། སངས་རྒྱས་སེམས་ཅན་སྣོད་བཅུད་སྣང་སྲིད་ཀུན། །སྙིང་པོ་བྱང་ཆུབ་ངང་ལས་བྱུང་བའི་ཕྱིར། །ཡེ་ནས་གཉིས་སུ་མེད་པར་ལ་ཡང་བཟླ། །ཞེས་དང་། ཡེ་ཤེས་གྲུབ་པ་ལས། སེམས་ཀྱི་དམ་པ་འོད་གསལ་བ། །ཀུན་ཏུ་དང་པོའི་སངས་རྒྱས་ཏེ། །སངས་རྒྱས་མ་བྱས་རང་བྱུང་བ། །ཡེ་ཉིད་ནས་ནི་གནས་པའོ། །ཞེས་དང་། རིག་པ་རང་ཤར་ལས། །དབྱིངས་དེའི་ངོ་བོ་ནི་ནམ་མཁའ་ལྟ་བུའོ། །རང་བཞིན་ནི་ངང་གིས་འོད་གསལ་བའོ། །ཞེས་དང་། ལང་གཤེགས་ལས། ཐོག་མ་མེད་པ་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །འདིར་ཡོད་པས་ནི་འགྲོ་ཀུན་དང་། །མྱང་ངན་འདས་པ་ཐོབ་པ་ཡིན། །ཞེས་དང་། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དྲི་མ་དེ་བསལ་སངས་རྒྱས་ཉིད། །ཅེས་དང་། རྣམ་འགྲེལ་ལས། སེམས་ཀྱི་རང་བཞིན་འོད་གསལ་བ། །དྲི་མ་རྣམས་ནི་གློ་བུར་བཤད། །ཅེས་དང་། སྒྱུ་འཕྲུལ་དྲྭ་བ་ལས། རྒྱ་ཆེ་བ་དང་དྭངས་པ་དང་། །ཡེ་ཤེས་གཟུགས་བརྙན་འཛིན་པའི་ཕྱིར། །དབྱིངས་ནི་དག་པའི་རྒྱ་མཚོ་འདྲ། །མ་རིག་གཟུང་འཛིན་རླུང་དག་གི། །དཀྲུགས་པས་རྙོགས་པ་ཅན་དུ་བྱས། །ཞེས་དང་། ཆོས་ཐམས་ཅད་འབྱུང་བ་མེད་པའི་མདོ་ལས། འདོད་ཆགས་མི་དམིགས་དེ་བཞིན་ཞེ་སྡང་དང་། །གཏི་མུག་འདི་ལ་ནམ་ཡང་མི་དམིགས་ཏེ། །ཆོས་རྣམས་ཀུན་དང་ནམ་མཁའ་འདྲའོ་ཞེས། །དེ་ལྟར་གང་ཤེས་དེ་ནི་རྒྱལ་བར་འགྱུར། །ལྷ་དང་ལྷ་མིན་གཉིས་ཀ་ཚུལ་གཅིག་སྟེ། །མཉམ་དང་མི་མཉམ་དེ་བཞིན་མཉམ་པ་ཡིན། །སངས་རྒྱས་མེད་ཅིང་ཆོས་དང་དགེ་འདུན་མེད། །དེ་ལྟར་སུས་ཤེས་དེ་ནི་མཁས་པ་ཡིན། །སེམས་ཅན་རང་བཞིན་བྱང་ཆུབ་ཉིད་དུ་གསུངས། །བྱང་ཆུབ་རང་བཞིན་སེམས་ཅན་ཐམས་ཅད་དེ། །སེམས་ཅན་རྣམས་དང་བྱང་ཆུབ་གཉིས་མ་ཡིན། །དེ་ལྟར་ཤེས་ན་སྐྱེས་བུ་མཆོག་ཏུ་འགྱུར། །ཞེས་དང་། ཀློང་དྲུག་པ་ལས། ཐོག་མ་བབ་ཀྱིས་གྲུབ་པའི་གཞི། །ཡོད་ནི་གཅིག་ལས་མེད་པ་ལས། །འཁྲུལ་བར་སྣང་བས་ཕྱོགས་དག་ལས། །རྟོག་ཚོགས་རྣམས་ཀྱིས་གཏན་ཕབ་ན། རིམ་པ་བདུན་གྱི་ཚུལ་དུ་སྣང་། །རིམ་པ་བདུན་གྱི་སྣང་བ་ཡང་། །ངོ་བོ་གཅིག་གི་སྣང་ཚུལ་ལས། །གཅིག་མ་ཤེས་པས་དེ་ལྟར་སྣང་། །དེ་ཀུན་བློ་ཡི་རིམ་པ་སྟེ། །རང་ངོ་ཀ་ནས་དག་པའོ། །ཞེས་དང་། །མུ་ཏིག་ཕྲེང་བ་ལས། ཐོག་མ་ཉིད་ནས་ཀ་དག་ལས། །འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་བ་ཡང་ཅི། །དེ་ཕྱིར་འཁྲུལ་བ་གདོད་ནས་མེད། །ཞེས་སོགས་གསུངས་པ་ལྟར་གཞི་དག་པ་དེ་ཡི་རང་བཞིན་དུ་དང་པོ་ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་གྲོལ་ལུགས་ཀྱི་རིམ་པ་ནི། ཡེ་དོན་གྱི་ཀུན་གཞི་གཡོས་ནས་གཞོན་ནུ་བུམ་སྐུའི་རྒྱ་རལ་ཏེ་ཐོག་མའི་དབྱིངས་ཀ་དག་དེ་ལ་ཕྲ་བའི་ཡེ་ཤེས་ནང་གསལ་དུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་གཞོན་ནུ་བུམ་པ་སྐུ་ཡི་གནས་ལུགས་སུ་ངོ་བོ་སྐུ་རུ་གནས། རང་བཞིན་གསུང་དུ་གནས། ཐུགས་རྗེ་ཐུགས་སུ་གནས་པ་དེའང་ཡེ་ཤེས་ཀྱི་རླུང་ལྔའི་སྙིང་པོ་རིག་པར་གནས་པའི་གདངས་ཕྱིར་ལྷུན་གྲུབ་ཀྱི་སྣང་བ་སྒོ་བརྒྱད་སོགས་ཤར་ཡོང་བའི་དུས་སུ་དག་པ་ལས་དག་པའི་སྣང་བ་མཆེད་པ་ངོ་ཤེས་ཏེ་མ་རིག་གཉིས་འཛིན་འཁྲུལ་བས་དེའི་བར་མ་བཅད་དེ། གཞི་ཀ་དག་གི་རང་སྣང་ཡིན་པ་གཟུ་བོའི་བློ་ཡིས་ཤེས་པ་ཙམ་གྱིས་སྐད་ཅིག་དང་པོ་ལ་ངོ་ཤེས། གཉིས་པ་ལ་སྣང་བ་རྩལ་རྫོགས། གསུམ་པ་ལ་གཞི་དེ་ཉིད་འབྲས་བུར་སྨིན་ནས་མ་རིག་པ་དང་འཁྲུལ་རྟོགས་གིས་ཅུང་ཟད་ཙམ་ཡང་མ་གོས་པར་ཡེ་གདོད་ནས་དག་པ་ཆེན་པོའི་དབྱིངས་སུ་བཙན་ས་ཡོངས་སུ་ཟིན་པས་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གྲོལ་ས་མཐར་ཐུག་བླ་ན་མེད་པ་དེ་ཉིད་ལ་ཚད་འཛུག་དགོས་པ་ཡིན་ཏེ། བཤད་མ་ཐག་པའི་ཚུལ་བཞིན་འཁོར་འདས་རྒྱ་གང་ཡང་མ་ཆད་པའི་སྤྱི་གཞི་ལྷུན་གྲུབ་དེ་ལ་རླུང་གཡོས་པས་གཞི་སྣང་འོད་ལྔ་འཆར་བའི་སྐབས། སྙེམས་བྱེད་ཀྱི་འཛིན་པ་མ་ཞུགས་པར་གཞི་དག་པའི་རང་སྣང་དུ་ཡེ་ཤེས་གསལ་རིག་འཛིན་མེད་དུ་ངོ་ཤེས་པས་གཉིས་འཛིན་གྱིས་བར་མ་ཆོད། གཟུང་འཛིན་གྱི་ཞེན་པས་མ་བསླད། རྒྱུའི་རྐྱེན་གནས་ལུགས་སུ་ཤར། བདག་པོའི་རྐྱེན་རང་རིག་པའི་ཡེ་ཤེས། དམིགས་པའི་ཡུལ་རྐྱེན་རང་སྣང་དུ་ངོ་ཤེས། མཚུངས་པའི་རྐྱེན་སྐད་ཅིག་མ་ལ་ལོངས་སྤྱོད་པས་སྐུ་བཞི་བཅུ་རྩ་གཉིས་འཁོར་གྱི་ཚོམ་བུ་དང་བཅས་པ་སངས་རྒྱས་ཤིང་། དེའི་དུས་བདུད་བཞི་རང་བཞིན་གྱིས་བཅོམ་རང་སྣང་ངོ་ཤེས་པས་ལྷའི་བདུད་བཅོམ། ཡེ་ཤེས་རང་ལུས་ཟིན་པས་ཕུང་པོའི་བདུད་བཅོམ། ཡེ་ཤེས་ལུས་ལ་ཉོན་མོངས་མེད་པས་ཉོན་མོངས་པའི་བདུད་བཅོམ། ཡེ་ཤེས་ལུས་ལ་སྐྱེ་ཤི་མེད་པས་འཆི་བདག་གི་བདུད་བཅོམ། ཐམས་ཅད་རང་བྱུང་དུ་བྱུང་། ལམ་སྣང་དུ་བྱུང་། སྙེམས་བྱེད་ཀྱི་ཐེ་ཚོམ་མེད་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆིག་ཆོད་དུ་བྱུང་ནས་སངས་ཡོངས་སུ་རྒྱས་པའོ། །ཐལ་འགྱུར་ལས། དེ་ལྟར་འཁོར་འདས་ཐོག་མ་ལ། །སངས་རྒྱས་འཁྲུལ་བར་མ་གྱུར་པས། །གཞི་ལས་འཕགས་པའི་དབང་པོ་ཡིས། །རང་སྣང་རང་བཞིན་མེད་པར་ཤེས། །རྟོག་དཔྱོད་ཡིད་རྣམས་ཕྱིར་མ་ཤོར། །འགྱུར་བ་རང་ཐོག་ཆོད་པའོ། །ཞེས་སོགས་གསུངས་པ་ལྟར་ཡིན་ནོ། །རང་ཅག་འཁོར་བ་པ་རྣམས་འཁྲུལ་ལུགས་ཀྱི་རིམ་པ་ནི། གཞི་དེ་ལྟ་བུ་ཡེ་ནས་ཀ་དག་ཡིན་ཀྱང་། དེའི་ཐུགས་རྗེ་རང་རྩལ་ལྷུན་གྲུབ་ཀྱི་སྒོ་བརྒྱད་འཆར་དུས། རང་སྣང་ཡིན་པ་རང་གིས་མ་ཤེས་ཏེ་ལས་རླུང་གིས་བསྐྱེད་པའི་གཉིས་འཛིན་གྱི་བློ་ཕྲ་མོ་ཞུགས་པ་ལས་མ་རིག་པ་དང་འཁྲུལ་སྣང་སོགས་རིམ་གྱིས་འབྱུང་བ་ཡིན་འདུག །དེའང་གཞིའམ་རྐྱེན་གསུམ་དང་། གཞི་སྣང་གི་རྐྱེན་བཞི་ལ་སོགས་ཀྱི་འཁྲུལ་བ་ལུ་གུ་རྒྱུད་དུ་འབྱུང་བའི་ཚུལ་ནི་འདི་ལྟ་སྟེ། འཛིན་པའི་ཆ་ནས་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ནི། ཤེས་པར་སྐྱེས་པ་དེ་ནི་མ་ཤེས་ཏེ་དོན་གྱིས་མ་འཁྲུལ་བའི་ཆ་ལ་རང་མ་རིག་པས་བརྟགས་ནས་འཁྲུལ་བར་སོང་སྟེ་ཡེ་ཤེས་ལ་རྨོངས་པའི་ཆ་འདྲེས་པས་ན་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ཞེས་བྱའོ། །ལྷན་ཅིག་སྐྱེས་པའི་མ་རིག་པ་ནི་རང་ངོ་མ་ཤེས་པ། ཡེ་ཤེས་ལྷུན་གྲུབ་ཏུ་ཡེ་ནས་ཡོད་པ་དེ་དང་། མ་རིག་པའི་ཤེས་པ་སྐྱེས་པ་དེ་གཉིས་པོ་ལྷན་ཅིག་ཏུ་ཚོགས་ནས་ཡོད་པས་ན་འཁོར་འདས་གཉིས་ཀའི་སྣང་ཆར་འབྱུང་བའི་ཕྱིར་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱའོ། །ཀུན་ཏུ་བརྟག་པའི་མ་རིག་པ་ནི་རང་སྣང་ལ་གཞན་དུ་དཔྱོད་པའི་ཆ་སྟེ་ཡུལ་གྱི་རྣམ་པ་ཐ་དད་སྣང་བ་ལ་འཛིན་པའི་སེམས་ཀྱིས་ཀུན་ཏུ་བརྟག་དཔྱད་བྱས་ཏེ། གཟུང་འཛིན་གཉིས་ཀྱི་སྒྲོ་བརྟགས་པས་ན་ཀུན་བརྟགས་ཀྱི་མ་རིག་པ་ཞེས་བྱའོ། །དེ་ལྟར་འཛིན་པ་འཁྲུལ་བའི་ཡུལ་གྱི་རྐྱེན་ནི་བཞི་སྟེ། གཞི་ལས་གཞི་སྣང་གི་རང་བཞིན་ཉིད་རང་ལས་བྱུང་བ་མ་ཤེས་པས་སྣང་བ་དེ་རྒྱུ་ཡི་རྐྱེན་དང་གཅིག །དེ་ཉིད་ཡུལ་ལ་ཤར་བའི་དུས་ན་དམིགས་པ་གཏད་སོའི་རྐྱེན་དུ་གྱུར་པས་ན་དམིགས་པའི་རྐྱེན་དང་གཉིས། དེ་ལ་བདག་དང་བདག་གིར་བཟུང་བ་ནི་བདག་པོའི་རྐྱེན་དང་གསུམ། དེ་གསུམ་དུས་མཚུངས་པའི་རྐྱེན་གྱིས་དེ་མ་ཐག་པར་འཁྲུལ་བ་དངོས་སུ་འབྱུང་བའི་རྐྱེན་བྱེད་པས་དེ་མ་ཐག་པའི་རྐྱེན་ཏེ་དེ་བཞི་ལས་གཟུང་འཛིན་སྣང་བ་སྣ་ཚོགས་སུ་འཁྲུལ་ལོ། །དེ་ལྟར་འཁྲུལ་དུས་རིག་པའི་རང་ངོ་མ་ཤེས་པའི་དྲི་མས་རིག་པ་ཉིད་འཁྲུལ་བར་སྦགས་ནས་ཤེས་བྱ་རིག་པ་དྲི་མ་མེད་པ་ཀ་དག་ཉིད་ཀྱང་དྲི་བཅས་སུ་སོང་སྟེ་སེམས་ཀྱི་རྒྱར་འཐུམས་ཏེ་ཉོན་མོངས་པ་བག་ཉལ་དུ་ཡོད་པ་རྣམས་ཆེར་ལྡང་ནས་རིག་པ་བཅིང་སྟེ་སྣང་བ་ལ་ཡུལ་དྲུག་གི་འཛིན་པ་མངོན་ཞེན་ཅན་འཆར་བ་ནི། མིག་གི་ཡུལ་དུ་གཟུགས་ཏེ་སྒྲ་དྲི་རོ་རེག་བྱ་ཡིད་ཆོས་དང་དྲུག་པོ་ལ་འཛིན་པའི་ཆ་མ་རིག་པ་དང་། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་ཕྲག་དོག་སོགས་སྐྱེས་པས་ཀུན་ནས་བསླང་སྟེ་ལས་ནི་མི་དགེ་བ་བཅུ་སོགས་བསགས་པའི་དབང་གིས་བག་ཆགས་སྣ་ཚོགས་པ་ཀུན་གཞིའི་སྟེང་དུ་བཞག་སྟེ་རྣམ་སྨིན་གྱི་འབྲས་བུ་ལ་རིགས་དྲུག་སོ་སོའི་ལས་དང་། བདེ་སྡུག་གི་རྣམ་པ་ཅི་ཡང་ཉམས་སུ་མྱོང་ནས་ཐར་པའི་དུས་མེད་པ་བུང་བ་བུམ་ནང་དུ་ཆུད་པ་ལྟར་རམ། རྫ་མཁན་གྱི་འཕང་ལོ་ལྟ་བུ་འཁོར་ཏེ་སྐྱེ་ཤི་ཁ་བརྒྱུད་ནས་འཁོར་བ་ལུ་གུ་རྒྱུད་དུ་འཁྱམས་བཞིན་སྡུག་བསྔལ་མུ་མཐའ་མེད་པ་མྱོང་དགོས་པའི་རྒྱུར་གྲུབ་པ་ཡིན་འདུག །དེའང་བཤད་མ་ཐག་པ་ལྟར་གཞི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་གཅིག་གི་རང་བཞིན་ལས་གཞི་ནས་བདག་མེད་པ་ལ་བདག་ཚུར་འཛིན་པས་བག་ཆགས་ཀྱི་འབྱུང་ལུས་གདོས་བཅས་སུ་གྲུབ་པ་སྟེ་འབྱུང་བ་ལྔ། ཁ་དོག་ལྔ། ཡུལ་ལྔ། དབང་པོ་ལྔ། ཉོན་མོངས་ལྔ། དོན་སྙིང་ལྔ་སོགས་དུ་མར་འཁྲུལ་ནས་གྲུབ། སྣང་བ་སྣང་ཙམ་གྱི་རྣམ་པ་བཟང་ངན་གྱི་དངོས་མེད་ལ་དངོས་པོ་མངོན་ཞེན་ཅན་ཕར་འཛིན་པའི་དབང་གིས་འོད་ལྔ་ལ་ཡུལ་དྲུག་གི་སྣང་བ་གྲུབ་པས་མ་རིག་པའི་ཆ་དེས་རང་རྒྱུད་ན་ཀུན་གཞི་ལུང་མ་བསྟན་དུ་གྲུབ། ཀུན་གཞི་ལུང་མ་བསྟན་ལས་སྐབས་འགར་གསལ་དྭངས་ཕྱེད་ནས་ཀུན་གཞིའི་རྣམ་ཤེས་མེ་ལོང་དྭངས་པ་ལྟ་བུའི་ངོར་ཡིད་ཤེས་ཀྱི་རྟོག་ཚོགས་སྤྱི་དང་ཉོན་ཡིད་ཧྲག་པ་མི་དྲན་དགུ་དྲན་མི་བཀྲ་དགུ་བཀྲ་འཕྲོ་བ་རྣམས་དབང་པོ་སྒོ་ལྔའི་རྣམ་ཤེས་ཀྱི་ལམ་བརྒྱུད་ནས་ཡུལ་རྐྱེན་དྲུག་དང་བསྡེབས་ཏེ་ཀུན་སློང་ངམ་རྒྱུ་ནི་དུག་གསུམ་མམ། དུག་ལྔ་ཆེ་ཕྲ་ཡིས་ལས་ནི་དགེ་མི་དགེ་བར་མ་དོ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་བྱེད་པའི་འབྲས་བུ་ནི་ངན་སོང་གསུམ་དང་མཐོ་རིས་གསུམ་སོགས་ཐོབ་པར་བྱེད། དེའང་ཤེས་པ་ཐམས་ཅད་ཀྱི་རྩ་བ་ལྟ་བུ་ནི། བག་ཆགས་སྣ་ཚོགས་པའི་ཀུན་གཞི་སྟེ། ལུང་མ་བསྟན་མེ་ལོང་དང་སྤྱིར་འདྲ་ཞིང་། ཀུན་གཞིའི་རྣམ་ཤེས་ནི་དེ་ལས་གསལ་དྭངས་ཕྱེད་པས་མེ་ལོང་དྭངས་པ་དང་འདྲ། སྒོ་ལྔའི་ཤེས་པ་ནི་དེ་ལ་གཟུགས་བརྙན་ཤར་བ་དང་འདྲ། དང་པོར། སྒོ་ལྔའི་ཤེས་པ་ལམ་གྱི་ཤེས་པ་ནི་ཡིད་ཤེས། དེ་རྗེས་ཆགས་སྡང་བར་མ་དོ་གསུམ་དཔྱོད་པ་ཉོན་ཡིད་ཟེར་བ་ཡིན་ཞིང་། དེའང་ཉོན་ཡིད་ཀྱིས་མ་དཔྱད་ན་ཚོགས་དྲུག་གིས་ལས་གསོག་མི་ནུས་ཤིང་། ཀུན་གཞི་ནག་ཐུམ་ལས་ཀུན་གཞིའི་རྣམ་ཤེས་གསལ་ནས། ཡིད་ཤེས་ཀྱི་དགེ་སྡིག་བར་མ་དོ་ཐམས་ཅད་སྒོ་ལྔའི་དབང་པོ་ལ་རྟེན་བྱེད་ནས་རྣམ་པར་དབྱེ། ཉོན་ཤེས་ཀྱིས་ལས་བསགས་ཏེ། གང་དུ་གསོག་ན་ཀུན་གཞིའི་སྟེང་དུ་གསོག་ཅིང་། དེའང་ཡིད་ཀྱི་རྣམ་ཤེས་དེ་ལས་འདུ་ཤེས་མཆེད་དེ་འདུ་ཤེས་ལས་མིང་དང་གཟུགས་མཆེད་དེ་མིང་གཟུགས་ལས་སྐྱེ་མཆེད་རྣམས་འབྱུང་ནས་ཡུལ་དང་དབང་ཤེས་ཀྱི་སྒོ་དང་ཤེས་བྱེད་ཡིད་ཤེས་དང་བཅས་ཚོགས་པའི་སྐབས་དེར་རེག་པ་ཞེས་འབྱུང་། རེག་པ་ལས་ཚོར་བ་འབྱུང་། ཡུལ་ཡིད་འོང་མི་འོང་བར་མ་གསུམ་ལས་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་འབྱུང་བའི་ཕྱིར། ཚོར་བ་ལ་བརྟེན་ནས་ཞེན་པའི་སྲེད་པ་འཕེལ་ཏེ། བུ་རམ་སོགས་རོ་མངར་བའི་སྲེད་བདེ་དང་། སྡུག་བསྔལ་གྱི་སྲེད་པ་སྤང་འདོད་དང་། བར་མ་དོ་རྣམས་ལ་བཏང་སྙོམས་ཀྱི་སྲེད་པ་དང་། སྲེད་པ་ལས་ཉེར་ལེན་འབྱུང་སྟེ། ཉེར་ལེན་ལས་བདེ་སྡུག་བར་མ་དོ་སོགས་འབྱུང་ནས་འཁོར་བར་མཐའ་མེད་དུ་འཁྱམས་པའི་རང་བཞིན་ཏེ། སྒྱུ་འགྲེལ་ལས། གདོད་མའི་དབྱིངས་ནི་ཀུན་གྱི་འབྱུང་གནས་ཏེ། །རིག་པའི་དྲི་མ་དག་ཚེ་ཡེ་ཤེས་དང་། །མ་རིག་བདག་འཛིན་འཁྲུལ་བས་སེམས་སྣང་དང་། །འགྲོ་དྲུག་བདེ་སྡུག་སྤྲུལ་པ་ལྟ་བུར་སྣང་། ཡང་། དེ་ཉིད་ངང་ལས་གློ་བུར་འཁྲུལ་བའི་སྤྲིན། །རྨི་ལམ་བྱེད་པོ་གཉིད་ཀྱི་ངང་ཚུལ་ཅན། །ལྷན་ཅིག་སྐྱེས་པའི་མ་རིག་གཉིད་དང་ནི། །གཉིས་མེད་གཉིས་སུ་འཛིན་པས་བསླད་པའི་སེམས། །ཀུན་ཏུ་བརྟག་པའི་མ་རིག་ལས་བྱུང་བའི། །འགྲོ་དྲུག་འཁྲུལ་སྣང་སྣ་ཚོགས་རྨི་ལམ་བཞིན། །མེད་བཞིན་སྣང་བ་བདེ་སྡུག་སོ་སོར་སྣང་། །ཡུན་རིང་ནས་ནི་གོམས་པས་འབྱུང་བའོ། །ཡང་། རྣམ་པ་སྣ་ཚོགས་རི་མོ་བྲིས་འདྲ་དང་། །གཅིག་ཉིད་འཁྲུལ་བས་མང་པོ་སྣང་གྱུར་ཏེ། །དུ་མར་བཟུང་བས་འཁྲུལ་སྣང་རྒྱུན་མི་ཆད། །ཨེ་མ་སྲིད་པའི་རང་བཞིན་རྨི་ལམ་བཞིན། །རང་བྱུང་སེམས་ཉིད་གཅིག་གི་ངོ་བོ་ལ། །མ་རིག་གཉིད་ཀྱི་འཁྲུལ་སྣང་གཟུང་འཛིན་ལུས། །སྣ་ཚོགས་མང་ལྡན་རྨི་ལམ་འཁྲུལ་བ་འདི། །རང་སེམས་ཉིད་ལས་གཞན་དུ་ཅི་ཡང་མེད། །ལོག་རྟོག་སྒྱུ་མའི་རང་བཞིན་རྒྱལ་བས་གསུངས། །ཇི་ལྟར་དྷ་རུ་ར་ཡིས་མྱོས་པ་ལས། །སྣང་བ་སྣ་ཚོགས་སྣང་ཡང་འཁྲུལ་བར་གཅིག །དེ་བཞིན་མ་རིག་གཉིད་མྱོས་ལས་བྱུང་བའི། །འགྲོ་དྲུག་སེམས་འཁྲུལ་བ་ལ་སྣང་བ་འདི། །བདེན་པ་མེད་ཅེས་དེ་རིང་རྟོགས་པར་བྱ། །ཡང་། སེམས་ཉིད་རང་བྱུང་ཡེ་ཤེས་གདོད་ནས་དག །ནམ་མཁའ་ཅི་ཡང་མ་གྲུབ་བཞིན་པའི་ངང་། །རྩ་བ་སྲོག་འཛིན་རླུང་ལྔ་གཡོས་པ་ལས། །རང་སྣང་འོད་གསལ་ཤར་བ་ངོ་མ་ཤེས། །ཆ་ལས་ཕྱི་ནང་སྣོད་བཅུད་ལུས་བཅས་འཁྲུལ། །སྒྱུ་མ་ལྟ་བུར་སྣ་ཚོགས་སྣང་བའོ། །ཡང་། དག་དང་མ་དག་གང་དུ་མ་ཆད་པ། །འཁོར་དང་མྱ་ངན་འདས་པ་གཉིས་ལས་འདས། །འཁོར་འདས་འབྱུང་བའི་དབྱིངས་ཡིན་འཆར་གཞི་ཡིན། །རིག་དང་མ་རིག་རྐྱེན་ལས་དེ་ལྟར་ཡིན། །འདི་ནི་གདོད་མའི་གཤིས་ཀྱི་གནས་ལུགས་ཡིན། །མེ་ལོང་དྭངས་བཞིན་གཟུགས་བརྙན་འཆར་གཞི་བྱེད། །ཤར་དུས་ཉིད་ནས་གང་དུ་མ་ཆད་པས། །མེ་ལོང་ངོས་ལ་དཀར་ནག་གཉིས་མེད་ལྟར། །དཀར་ནག་གཉིས་ཀྱི་འཆར་གཞི་བྱེད་དང་མཚུངས། །དེ་ཉིད་ཤེས་པས་ཀུན་ལ་མཁས་པར་འགྱུར། །ཞེས་སོགས་གསུངས་པ་ལྟར་གཞི་ཡེ་ནས་རྣམ་དག་ཆེན་པོའི་རང་བཞིན་ཡིན་པ་དང་དེ་ལྟར་ཀུན་ཏུ་བཟང་པོ་གཞི་སྣང་གི་སྐབས་སུ་གྲོལ་བས་མཐར་ཐུག་རྣམ་པར་དག་ལུགས་དང་། མཐར་སེམས་ཅན་ཇི་ཙམ་འཁྲུལ་བ་ལྟར་སྣང་རུང་དོན་གྱི་ཆ་མ་འཁྲུལ་བས་ན་ཐོག་མཐའ་བར་གསུམ་དག་པ་ཆེན་པོ་གཅིག་གི་རང་བཞིན་ཏེ་དཔེར་ན་ཡེ་ནས་རྣམ་དག་ནམ་མཁའ་དྭངས་པའི་ངོ་བོ་ན་ཉི་མའི་དཀྱིལ་འཁོར་འོད་འབར་བ་དེ་རང་ངོས་ན་སྒྲིབ་པའི་སྐྱོན་དང་བྲལ་རུང་། ཉི་མའི་དྲོད་རང་རྩལ་གྱི་འོད་ཟེར་དེ་ས་ཡི་གཤེར་ལ་ཕོག་པའི་རྐྱེན་གྱིས་དང་པོ་གློ་བུར་དུ་རླངས་པ་ཙམ་ཕྱུར་ཞིང་། དེ་ནས་ཇེ་མཐོ་ཇེ་མཐུག་ཏུ་སོང་ནས་སྤྲིན་པ་ཁ་དོག་སྣ་ཚོགས་པ་རིམ་པར་ཆགས་པའི་དབང་གིས་ནམ་མཁའ་རང་བཞིན་དྭངས་པའི་ངོགས་སུ་ཉི་མའི་དཀྱིལ་འཁོར་མངོན་པར་གསལ་བའི་ཡོན་ཏན་མཐའ་ཡས་པ་དེ་མི་མཐོང་བའི་ཐོག་ཏུ། ཆར་སྤྲིན་ནག་པོས་ཡོངས་སུ་བསྒྲིབས་ཏེ་དེ་ལ་བརྟེན་པའི་ཉེར་ལེན་གྱིས་གློག་འཁྱུག་འབྲུག་གྲགས་ནས་ཐོག་དང་སེར་བ་ཆར་པ་སོགས་བབས་པའི་རྐྱེན་གྱིས་བསྐུལ་བས། ས་གཞི་ནས་རྩི་ཤིང་སྡོང་པོ་ཡལ་ག་ཡན་ལག་ལོ་མ་འབྲས་བུ་རྣམ་པ་སྣ་ཚོགས་བཟང་པོ་སྨན་གྱི་རིགས། ངན་པ་དུག་གི་རིགས། བར་མ་དོ་རྩྭ་ལྡུམ་སོགས་དཔག་ཏུ་མེད་པ་སྐྱེས་པ་ལྟ་བུ། རྒྱུ་མ་རིག་པས་རིམ་གྱིས་བསྒྲིབས་ཏེ་དུག་གསུམ་གྱིས་ཀུན་ནས་བསླང་བའི་ལས་དགེ་སྡིག་བར་མ་དོ་རྣམ་པ་སྣ་ཚོགས་ཀྱི་རྣམ་སྨིན་གྱི་འབྲས་བུ་ནམ་ཡང་མི་བསླུ་བར་རང་རྒྱུད་དུ་སྨིན་དགོས་པ་དང་ཡོངས་སུ་མཚུངས་ཏེ། དེ་ཡང་གཞི་དྲུག་སྐྱོན་ཅན་ཏེ་ལོང་བ་རྣམས་ཀྱི་ལག་གིས་གླང་པོ་ཆེ་ལ་མྱོང་བ་ལྟར་ཕྱོགས་རེ་ལ་འཇལ་བ་ལྟ་བུ་དང་གཞི་ཀ་དག་ནི་སྐྱོན་མེད་དུ་འཇོག་ཏེ་དཔེར་ན་མིག་ལྡན་གྱིས་གླང་པོ་ཆེ་ཇི་བཞིན་མཐོང་བ་ལྟར་བདེ་བར་གཤེགས་པའི་སྙིང་པོ་འདུས་མ་བྱས་པའི་ཡེ་ཤེས་སོགས་ཡེ་ནས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་ཀྱི་རང་བཞིན་དེ་ལྟ་བུའི་རྣམ་དབྱེ་གཞི་ནས་ལེགས་པར་མ་ཕྱེད་ན་ལམ་ཉམས་སུ་ལེན་པའི་དུས་བརྩོན་འགྲུས་ཇི་ལྟར་བྱས་ཀྱང་མཐར་ཐུག་གི་གྲོལ་ས་མི་རྙེད་པ་ལྟ་བུ་དང་གྲོལ་ས་རྙེད་ཀྱང་སླར་གློ་བུར་དུ་འཁྲུལ་བ་འབྱུང་མི་ཡོང་བའི་ངེས་པ་མེད་པ་ལྟ་བུར་ནོར་ས་རྔམས་པོ་ཆེ་ཡོད་འདུག་པས་དེའི་ཕྱིར་དཔེར་ན་ནམ་མཁའི་ངོ་བོ་རང་ལ་ཐོག་མཐའ་ཀུན་ཏུ་སྤྲིན་པའི་རྐྱེན་དང་སྐྱོན་གང་གིས་ཀྱང་མ་གོས་མ་བསླད་པའི་རང་བཞིན་ཞིག་ཡིན་རུང་། སྣང་ངོར་ཆར་སྤྲིན་གཏིང་མཐུག་པོས་ཡོངས་སུ་བསྒྲིབས་པར་མཐོང་བ་ལྟ་བུའམ། དུང་ནི་དཀར་པོ་རྡུལ་དང་མ་འདྲེས་པ་ཞིག་གཞི་ནས་ཡིན་རུང་། གློ་བུར་གྱི་དྲི་མ་ཆགས་པས་ཕྱི་ནས་གཡོགས་ཏེ་ནག་པོའི་རང་བཞིན་མཐོང་བ་ལྟ་བུ་སྟེ་རང་སེམས་གཞི་ཡི་ངོ་བོ་ཀ་ནས་དག་ཅིང་། བར་དུ་ཡང་དག་ཅིང་། མཐར་ཡང་ཡོངས་སུ་དག་པའི་རང་བཞིན་ཁོ་ན་ལས་མ་འདས་རུང་། དེ་ལྟ་བུའི་རང་ཞལ་མ་མཐོང་སྟེ་ཤེས་པའི་སྣང་བ་ལ་ཁ་ཕྱིར་བལྟས་སུ་སོང་བའི་དབང་གིས་བདག་དང་སྣང་བ་ལ་གཟུང་འཛིན་གྱིས་བར་བཅད་པའི་དབང་གིས་བདག་འཛིན་པའི་གནས་མེད་པ་ལ་མ་རིག་པ་རྨོངས་ཆ་ཁོ་ཡིས་བདག་འཛིན་དམ་པོའི་དྲྭ་བར་ཚུར་འཆིངས་ཏེ། དེའི་དབང་གིས་སྣང་བ་བཟང་ངན་མེད་པ་ལ་བཟང་ངན་བར་མ་དོ་དཔག་ཏུ་མེད་པ་འཛིན་པའི་སེམས་རང་གི་རིས་ཕར་ཕྱེས་པའི་དབང་གིས་བཟང་པོའི་ཕྱོགས་ལ་ཞེན་ཅིང་ཆགས་ཏེ་འདོད་པས་ཚུར་བསྒྲུབ། ངན་པ་ལ་སྡང་ཞིང་སྨད་ནས་ཕར་སྤང་བའི་ལས་སྣ་ཚོགས་ཚབས་ཇེ་ཆེར་བསགས་ཤིང་འགྲོགས་ཡུན་ཇི་རིང་དུ་སོང་བའི་དབང་གིས་འཁྲུལ་སྣང་བདེ་སྡུག་རྣམ་པ་སྣ་ཚོགས་དངོས་བརྒྱུད་བར་གསུམ་ནས་མུ་མཐའ་མི་མངོན་པར་རིགས་དྲུག་སོ་སོའི་ལས་དང་རྣམ་སྨིན་རྣམས་མྱོང་དགོས་པ་ཡིན་ཏེ། ཀུན་བཟང་སྨོན་ལམ་ལས། གཉིས་འཛིན་བློ་ནི་ཐེ་ཚོམ་སྟེ། །ཞེན་པ་ཕྲ་མོ་སྐྱེས་པ་ལས། །བག་ཆགས་མཐུག་པོ་རིམ་གྱིས་བརྟས། །ཟས་ནོར་གོས་དང་གནས་དང་གྲོགས། །འདོད་ཡོན་ལྔ་དང་བྱམས་པས་གཉེན། །ཡིད་འོང་ཆགས་པའི་འདོད་པས་གདུངས། དེ་དག་འཇིག་རྟེན་འཁྲུལ་བ་སྟེ། །གཟུང་འཛིན་ལས་ལ་ཟད་མཐའ་མེད། །ཅེས་དང་། རྒྱུད་ལས། འཁོར་བ་རང་བཞིན་མེད་པར་མ་ཤེས་ཏེ། །གཉེན་བཤེས་འཁྲུལ་བའི་གྲོགས་ལ་རྟག་པར་འཛིན། །མི་ཤེས་སྐྱེ་བོའི་བློ་འདི་ཡོངས་རེ་གོལ། །བདེན་པའི་དོན་བོར་མི་དགེའི་ལས་ལ་བརྩོན། །སྟོན་པའི་བཀའ་བོར་མི་ཆོས་གཡེང་བས་བསླུས། །རང་རིག་དོན་མེད་གཡེང་བའི་ལས་ལ་བརྩོན། །འདི་འདྲའི་དོན་མེད་སེམས་ཅན་སྙིང་རེ་རྗེ། །དབྱེ་བསལ་མེད་པའི་ཀློང་དུ་བཤགས་པར་བགྱི། །ཞེས་དང་། ཀུན་བྱེད་ལས། ཀུན་བྱེད་ང་ཡི་རང་བཞིན་མ་རྟོགས་པར། །ང་ཡི་བྱས་པའི་ཆོས་ལ་ངས་བརྟགས་པས། །བརྐམ་ཞིང་ཆགས་པའི་དབང་གིས་སྣང་བ་གྲུབ། །མི་རྟག་སྒྱུ་མའི་རང་བཞིན་འཇིག་པར་འགྱུར། །ཆ་མེད་དམུས་ལོང་ལྟ་བུའི་རང་བཞིན་ནོ། །ཡང་། མ་ལུས་ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །སེམས་ཀྱིས་སྤྲུལ་ཞིང་སེམས་ཀྱིས་བྱས་པ་ཡིན། །ཞེས་དང་། བརྟག་གཉིས་ལས། སེམས་དང་སེམས་བྱུང་ཁམས་གསུམ་པོ། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་དང་། རྒྱུད་གསང་སྙིང་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །ཞེས་དང་། སྲིད་རྩེའི་ཉེས་དམིགས་བདག་ཏུ་རྟོག་ལས་འཕྲོས། །རྒྱུད་དྲུག་སྐྱེ་འགག་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་འཁྲུལ་འཁོར་ལ་སོགས་པ། །ལོག་རྟོག་ཉིད་ལས་གཞན་དུ་ཅི་ཡང་མེད། །ཡང་། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །མི་མཐུན་བདེ་སྡུག་མྱོང་བར་འགྱུར། །ཡང་། སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །བདེ་སྡུག་ཉིད་དུ་སྣང་བ་ནི། །སེམས་ཀྱིས་སྤྲུལ་ཞིང་སེམས་ཀྱིས་བྱས། །དཔེར་ན་རྨི་ལམ་ཇི་བཞིན་ནོ། །ཞེས་དང་། འཇུག་པ་ལས། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། །སྣོད་ཀྱི་འཇིག་རྟེན་སྣ་ཚོགས་ཤིན་ཏུ་འགོད། །འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས། །སེམས་སྤངས་ནས་ནི་ལས་ཀྱང་ཡོད་མ་ཡིན། །ཞེས་དང་། རྭ་གུར་ལས། གཟུགས་དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་དང་ནི་རྣམ་པར་ཤེས། །ཐམས་ཅད་སེམས་འདིའི་ངོ་བོ་ལས། །ཐུབ་པས་གཞན་དག་མ་གསུངས་སོ། །ཞེས་དང་། བཤེས་སྤྲིངས་ལས། ཁྱོད་ཀྱི་ཐུགས་འདུལ་མཛོད་ཅིང་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས། །ཞེས་དང་། ཡོན་ཏན་སྡུད་པའི་མདོ་ལས། སེམས་ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ། །དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས། །ཞེས་དང་། གནས་བརྟན་གཞུང་ལས། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །ལས་ནི་སེམས་པ་དག་ལས་སྐྱེས། །ཞེས་དང་། དོ་ཧ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་མཛད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་དང་། སེམས་ཉིད་ངལ་གསོ་ལས། རྩ་བ་མ་རིག་གཟུང་འཛིན་འཁྲུལ་བ་ཅན། །ཡུལ་དང་དོན་དང་སེམས་སུ་བག་ཆགས་པས། །ང་དང་ང་ཡིར་འཛིན་པས་འཁོར་བ་གྲུབ། །ཞེས་དང་། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འཁོར་འདས་གདོད་མའི་གནས་ལུགས་ཀ་དག་ནི། །ཡེ་ནས་རྣམ་དག་ནམ་མཁའ་ལྟ་བུར་ཡང་། །ཡོན་ཏན་མི་མཐོང་འཁྲུལ་སྣང་བདེ་སྡུག་སྣང་། །མ་རིག་གཟུང་འཛིན་སེམས་སྤྲིན་རབ་གཡོས་པས། །དགེ་སྡིག་ལས་ཀྱི་ཆར་བབས་དེས་བསྐྱེད་པའི། །འབྲས་བུ་ཁམས་གསུམ་འཁོར་བའི་རང་བཞིན་ཏེ། །ཇི་སྲིད་གཟུང་འཛིན་དབྱིངས་སུ་མ་ནུབ་བར། །ཐོག་མ་མེད་ནས་འཁྲུལ་བའི་གོམས་སྟབས་ཀྱིས། །ཡུལ་དོན་ལུས་ཀྱི་བག་ཆགས་མུ་མཐའ་མེད། །རིགས་དྲུག་གནས་སུ་འཁོར་ར་ཁོར་ཡུག་འཁྱམས། །ཞེས་སོགས་གསུངས་པ་ལྟར། འཁྲུལ་བ་འབྱུང་བའི་རྒྱུ་རྐྱེན་ནི་དེ་ལྟར་དང་། དོན་ལ་འཆར་ཚུལ་གྱི་རིམ་པ་རྣམས། རང་རྩལ་ཡེ་ཤེས་ཆེན་པོ་རྟོགས་ནས་རང་བཞིན་མཉམ་པ་ཆེན་པོའི་དོན་ལ་དབང་འབྱོར་ན་དག་པ་ཡེ་ཤེས་ཀྱི་སྒོ་དང་། དེ་ལྟར་མ་ཤེས་པ་གཟུང་འཛིན་བདག་ཏུ་འཛིན་པའི་དབང་གིས་དགག་སྒྲུབ་རང་མཚན་པ་ཤོར་ན་མ་དག་འཁྲུལ་བའི་སྒོ་ཡིན་པས། དོན་ལ་རིག་པ་ཡེ་ཤེས་དང་མ་རིག་འཁྲུལ་སེམས་གཉིས་ལ་རྩ་བ་ཐུག་པས་འཁོར་འདས་གཉིས་རིག་པ་རྒྱུ་གཅིག་པས་ལག་པའི་མདུན་རྒྱབ་ཇི་བཞིན་ནོ། །དེ་ལྟར་དུ་འབྲས་བུའི་སྐབས་རང་གནས་ཀྱི་ཡེ་ཤེས་མངོན་སུམ་རྟོགས་ཟིན་པས་འཁྲུལ་བའི་ས་བོན་གཏན་ནས་བཅོམ་པ་ནི། དཔེར་ན་ས་བོན་མེས་ཚིག་པ་ལྟ་བུའམ། ཡང་ན་འབྲུམ་ནད་བྱང་བའི་སྐྱེས་བུ་ལྟ་བུ་སྟེ་གོ་མྱོང་ཟབ་མོ་ཅི་རིགས་ཀྱི་གདེང་མཐར་ཆོད་དགོས་པ་དང་། ཁྱད་པར་དུ་ལམ་ཉམས་སུ་ལེན་པའི་དུས་མ་རིག་པའི་རང་བཞིན་ཅན་གྱི་བག་ཆགས་སྣ་ཚོགས་པའི་ཀུན་གཞི་དང་ཆོས་སྐུའི་རྣམ་དབྱེ་ཡོངས་སུ་མ་ཕྱེད་ན་ལོང་བས་ལོང་ཁྲིད་བྱས་པ་ལྟར་འཁྲུལ་བའི་གནས་ལས་ནམ་ཡང་ཕྱིན་མི་ནུས་བཞིན་གྲོལ་བའི་མཐར་ཐུག་མི་རྙེད་དེ། དགའ་རབ་རྡོ་རྗེའི་དྲུག་ཚན་དྲུག་གི་གདམས་པ་ལས། ཀུན་གཞི་ཆོས་སྐུར་མ་ཕྱེད་པས། །གདམས་ངག་སྟོན་པའི་བླ་མ་དེ། །གསེར་ཕྱེ་དང་སྦང་ཕྱེ་བསྲེས་པ་འདྲ། །ཀུན་གཞི་ཡིན་ཏེ་ཆོས་སྐུ་མིན། །ཀུན་གཞི་འཁོར་བའི་བག་ཆགས་གསོག །ཆོས་སྐུ་ལ་ནི་བག་ཆགས་མེད། །དེ་ཕྱིར་ཀུན་གཞི་ཆོས་སྐུར་ཕྱེད། །ཅེས་དང་། གནད་གསུམ་ཤན་འབྱེད་ལས་ཀྱང་། ཀུན་གཞི་ཀུན་གྱི་གཞི་ཡིན་པས། །རྙོགས་མ་ཅན་གྱི་ཆུ་དང་ཁྱད་པར་མེད། །མ་རིག་རྨོངས་ཆའི་ཉོན་མོངས་མགོ་བརྡུངས་ཏེ། །ཡེ་ཤེས་རིག་པའི་དྭངས་ཆ་སྐོག་ཏུ་གྱུར། །དྭངས་རྙོགས་གྲུང་ནས་འབྱིན་པ་ཡེ་ཤེས་གནད། །ཅེས་སོགས་གསུང་པ་ལྟར་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ནི། དོན་དུ་སེམས་སེམས་བྱུང་གི་ཉེ་བར་བསྡུས་པའི་འཁོར་འདས་ཀྱི་ལས་དང་བག་ཆགས་ཀྱི་རྟེན་ནམ། གནས་གཞི་ཉིད་བྱེད་པ་སྟེ་བག་ཆགས་སྔ་ཕྱིའི་རྟེན་བྱེད། ལས་ཉོན་གྱི་རྒྱུ་བྱེད། འབྱུང་ལུས་ཚོགས་པའི་འཆར་གཞི་བྱེད། ལུས་སེམས་སོགས་འཁོར་འདས་སོ་སོར་སྦྱོར་བའི་ཆ་བྱེད། བག་ཆགས་སྔ་ཕྱིའི་ཉིང་མཚམས་སྦྱོར་བར་བྱེད། བདེ་སྡུག་བར་མ་དོ་མྱོང་བའི་གནས་བྱེད། ང་དང་བདག་མེད་པ་ལ་བདག་འཛིན་གྱི་གཏིང་བཟུང་ནས་མ་རིག་པ་ཐམས་ཅད་ཀྱི་གཞི་མ་བྱེད། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི་འབྱུང་གནས་བྱེད། ལས་དང་ཉོན་མོངས་རྒྱུ་འབྲས་མ་ལུས་པ་ཀུན་གྱི་མཐིལ་བྱེད་བཟང་ངན་གྱི་རྣམ་སྨིན་ཆེ་ཕྲ་ཐམས་ཅད་ནམ་ཡང་ཆུད་མི་ཟ་བར་གསོག་པའི་བང་མཛོད་ལྟ་བུར་བྱེད། ཡང་དག་པའི་ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་སོགས་ཀྱི་ཤེས་རབ་ལ་རྨོངས་ཆས་བར་དུ་གཅོད་པར་བྱེད་པའོ། །ཆོས་སྐུ་ནི་འཁོར་བའི་བག་ཆགས་སོགས་གང་གི་སྐྱོན་གྱིས་མ་གོས་པར་དྲི་མ་མེད་པ་ནམ་མཁའ་དྭངས་པ་ལྟ་བུ་སྟེ་མ་རིག་པ་གཟུང་འཛིན་གྱི་རྟོག་ཚོགས་ཐམས་ཅད་ལྡོག་པའི་གནས་མེད་ཅིང་ཡུལ་ལ་འཕྲོ་བའི་གཞི་གཏན་ནས་མེད་དེ། དཔེར་ན་ཇ་ཚག་ལྟར་རམ། ནམ་མཁའ་ལ་དངོས་པོ་གང་ཡང་མི་གནས་པ་ལྟར་རམ་དངུལ་ཆུ་ལ་རྡུལ་མི་འགོས་པ་ལྟ་བུ་སྟེ་དེའང་ཡོངས་སུ་བསྡུ་ན་ཐེག་པ་རིམ་དགུ་སོགས་ཀྱི་ལྟ་སྒོམ་སྤྱོད་འབྲས་དང་ཡོན་ཏན་ཕྲིན་ལས་ཀྱི་རྣམ་པ་མ་ལུས་པ་ཐམས་ཅད་ཡོངས་སུ་འདག་སའི་ཡུལ་ལམ། གནས་བྱས་ཏེ་ངོ་བོ་སྟོང་པ་ཆོས་སྐུའི་རང་བཞིན་དང་། གསལ་བ་ལོངས་སྐུའི་རང་བཞིན་དང་། ཐུགས་རྗེ་ཕྱོགས་རིས་མེད་པ་སྟེ་གཞི་གནས་ཀྱི་ཆོས་སྐུ་ཡེ་ཤེས་གསུམ་ལྡན་རང་བཞིན་རྣམ་པར་དག་པའི་སྐུ་དང་ཡོན་ཏན་ཕྲིན་ལས་སོགས་ཡེ་ནས་རང་ཆས་ལྷུན་གྲུབ་ཏུ་བཞུགས་པའི་རང་བཞིན་མཐར་ཐུག་བླ་ན་མེད་པ་སྟེ། རང་ཤར་ལས། འགག་མེད་ཞེན་མེད་ཆགས་པ་མེད། །ཆོས་ཀྱི་སྐུ་ཡི་སྤྱོད་པའོ། །ལྷན་ནེ་ལྷང་ངེ་ཡེངས་པ་མེད། །ཆོས་ཀྱི་སྐུ་ཡི་སྒོམ་པ་ཡིན། །བལྟར་མེད་བལྟས་ཟིན་ལྟ་བ་རྫོགས། །ཆོས་ཀྱི་སྐུ་ཡི་ལྟ་བ་ཡིན། །བྱས་མེད་བྱུང་མེད་འབྱུང་བ་མེད། །ཆོས་ཀྱི་སྐུ་ཡི་འབྲས་བུ་ཡིན། །སྒྲུབ་མིན་སྒྲུབ་པའི་སྒྲུབ་པ་རྫོགས། །ཆོས་ཀྱི་སྐུ་ཡི་ཕྲིན་ལས་ཡིན། །གཅིག་དང་གཉིས་བྱུང་ཐམས་ཅད་བྱུང་། །ཆོས་ཀྱི་སྐུ་ཡི་ཡོན་ཏན་ཡིན། །ཞེས་གསུངས་པ་ལྟར་དང་། ཀུན་གཞི་ལ་ནི། རང་ཤར་ལས། ཀུན་གཞིས་རྣམ་རྟོག་འཛིན་པར་བྱེད། །སྣ་ཚོགས་པ་ཡི་ཤེས་པས་བསླད། །ཀུན་གཞི་ངོ་བོ་མ་རིག་ཡིན། །ཞེས་དང་། ཐལ་འགྱུར་ལས། དེ་ལ་ཀུན་གཞི་རེ་ཞིག་བཤད། །ཆོས་དང་ཆོས་མིན་ཀུན་གྱི་གཞི། །ཞེས་དང་། ཆོས་ཀྱི་སྐུ་ནི་ཟག་པ་ཟད། །སྟོང་ཞིང་གསལ་ལ་གསལ་ཞིང་ཁྱབ། །བསམ་པས་མི་སྣང་དྲན་པ་སངས། །སྤྲོས་པ་ཉིད་དང་བྲལ་བ་སྟེ། །ནམ་མཁའ་ལྟ་བུར་ཁྱབ་ཅིང་སྟོང་། །རང་གར་མཚོན་པ་ཀུན་དང་བྲལ། །ཞེས་དང་། ཡེ་ཤེས་རྟོགས་བཅས་མ་ཡིན་ཏེ། །ངོ་བོ་རང་གསལ་སྙིང་པོའི་དོན། །ཡེ་ཤེས་ཡེ་ནས་རང་བཞིན་ཤེས། །ཡུལ་ལ་རྟོག་པས་ཡེ་ཤེས་མིན། །ཞེས་དང་། སྣང་བ་འཁྲུལ་བའི་རང་བཞིན་ནི། །ཡེ་ཤེས་ཡིན་པ་སྔར་མ་མཐོང་། །རྟེན་བཅས་འཁྲུལ་བའི་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་བའི་རང་རྟོགས་རྒྱུན་ཆད་དོ། །ཞེས་སོགས་གསུངས་པ་ལྟར། ད་ལྟ་ཉམས་ལེན་ལ་བརྩོན་འགྲུས་རབ་དང་ལྡན་པ་རྣམས་ཀྱི་མཐོང་ཆོས་མྱོང་གྱུར་དུ་ཡོད་པ་ཀུན་གཞི་དང་ཆོས་སྐུའི་རྣམ་དབྱེ་མངོན་སུམ་མྱོང་ཆོས་ཚད་མར་གྲུབ་སྟེ། སེམས་འཕྲོ་འདུ་རྣམས་ཞི་བར་གནས་པའི་སྐབས། ཀུན་གཞི་ལུང་མ་བསྟན་གྱི་ཐོག་ཏུ་ཕྱམ་གྱིས་གནས་ཡོང་བ་དེ་རང་ཡིན་དེའང་སྐྱོན་ཅན་ཡིན། དེའང་གྲུང་རིམ་པར་འབྱིན་པས་ཀུན་གཞིའི་རྣམ་ཤེས་གསལ་སྟོང་ཙམ་དུ་གོ་འབྱེད་ཅིང་བདེ་གསལ་མི་རྟོག་པ་ལ་སོགས་པའི་ཉམས་མྱོང་སྣ་ཚོགས་འཆར་ཡོང་བ་དེ་རང་ཡིན་དེའང་ཕྱོགས་རེ་ཙམ་ཡིན། དེ་ནས་རིམ་གྱིས་རིག་པའི་བརྟན་ཆ་ཡང་དག་པ་ཐོབ་པའི་དུས་དེར་བདེ་གསལ་མི་རྟོག་པའི་ཉམས་དང་སེམས་རྟེན་དུ་གྱུར་པའི་ཞི་གནས་སོགས་སླར་གནས་མེད་རང་ཟད་དུ་སོང་ནས་མཐར་ནི་ཀུན་གཞིའི་རྣམ་ཤེས་ཉམས་ཀྱི་རིམ་པ་རྣམས་དང་། ཀུན་གཞི་ལུང་མ་བསྟན་དུ་འཐེབས་སེ་བ་སྐད་ཅིག་རེ་འབྱུང་བ་དེའང་ངོ་རང་བཞིན་གྱིས་ཤེས་ནས་གནས་མེད་དུ་ཡོངས་སུ་དག་པར་གྱུར་པའི་ཚེ་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་རང་བཞིན་འཕོ་འགྱུར་འཕེལ་འགྲིབ་མེད་པ་ཡོངས་སུ་རྟོགས་པ་སྟེ་རྫོགས་ཆེན་གྱི་རིག་པ་མཐར་ཐུག་པ་དེ་རང་ཡིན་འདུག་གོ། །དེ་ལྟར་ཆོས་སྐུ་དང་ཀུན་གཞིའི་རྣམ་གཞག་བསྟན་པའི་རིམ་པ་སྟེ་སྐབས་གསུམ་པ་རྫོགས་སོ།། ༈ །།ད་ནི་བཞི་པ་ལྟ་བའི་གཞི་ལུས་དངོས་སུ་བསྟན་པའི་རིམ་པ་ནི། ལྟ་བ་ཞེས་པ་ནི་གཞི་ཀ་དག་ཆེན་པོར་འཁྲུལ་བས་གོས་མ་མྱོང་བ་དེ་རང་ངོ་ཤེས་ན་གཞི་ལ་མེད་པའི་གློ་བུར་གྱི་འཁྲུལ་བའི་རང་མཚང་རིག་པའི་སྐབས་དེར་ལྟ་བ་ཞེས་མིང་སྤྱིར་འདོགས་པ་ཡིན། དེའང་གྲུབ་མཐའ་སོ་སོའི་ལུགས་ལྟར་དབྱེ་ནའང་། ཕྱི་པའི་ལྟ་ལོག་རྣམས་དང་ནང་པ་སངས་རྒྱས་པའི་ལྟ་བ་གཉིས་སུ་དབྱེ་ཞིང་། ནང་པའི་ལྟ་བ་ལའང་སྐས་ཀྱི་ཐེམ་བུ་ལྟ་བུ་དང་ཁང་པའི་ཡང་ཐོག་ཏུ་ཕྱིན་པ་ལྟ་བུའི་གོ་རིམ་དུ་མར་ཡོད་དེ། ཐེག་དམན་ཉན་རང་གི་ལྟ་བ་བདག་མེད་ཕྱེད་གཉིས་དང་། ཐེག་ཆེན་དབུ་སེམས་ལུགས་ལ་སེམས་ཙམ་རྣམ་བདེན་རྣམ་རྫུན་གཉིས་དང་། དབུ་མ་རང་རྒྱུད་པའི་ལྟ་བ་བདེན་གཉིས་ཟུང་འཇུག་དང་། དབུ་མ་ཐལ་འགྱུར་པའི་ལྟ་བ་ཁས་ལེན་བྲལ་བར་བཞེད་པ་སོགས་དང་། ཕྱག་ཆེན་པའི་ལྷན་ཅིག་སྐྱེས་སྦྱོར་གྱི་ལྟ་བ་དང་། མཐའ་བཞི་ལ་མི་གནས་པའི་རྫོགས་པ་ཆེན་པོ་ཀ་དག་ཁྲེགས་ཆོད་ཅེས་པ་སོགས་ལྟ་བའི་རྣམ་གྲངས་སྤྱི་དང་བྱེ་བྲག་ཤིན་ཏུ་མང་བས་དེའི་ནང་ནས་འདི་ལྟ་བའི་ཡང་རྩེ་ཀ་དག་རྫོགས་པ་ཆེན་པོའི་དོན་བསྟན་པ་སྟེ། དེ་ཡི་མཚན་དོན་ཅུང་ཟད་འབྲེལ་ཆགས་ཙམ་ཞིག་འགོད་ན། དང་པོ་ཀ་ཞེས་པ་ནི་འཁོར་འདས་གང་གི་ཕྱོགས་སུ་རྒྱ་མ་གྱེས་པའི་སྔོན་རོལ་ན་ཐོག་མའི་སྤྱི་གཞི་དེ་ལ་ཀ་ཞེས་པ་དང་། དག་པ་ནི་མདོར་ན་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་སྐྱོན་དང་ཡོན་ཏན་གང་གིས་ཀྱང་དྲི་མས་མ་གོས་པའི་ངོ་བོ་དེ་ལ་དག་པ་ཞེས་པ་དང་། རྫོགས་པ་ནི་རང་བྱུང་གི་ཡེ་ཤེས་ཆེན་པོ་ལ་འཁོར་འདས་ཐམས་ཅད་ཡེ་ནས་ལྷུན་གྲུབ་ཏུ་རྫོགས་ཤིང་དེའང་ཀ་དག་གི་ངོ་བོ་ལས་གཞན་དུ་གྲུབ་པ་ཆ་ཙམ་ཡང་མེད་པས་རིག་པ་ལས་ཕར་གྱེས་པས་ན་རྫོགས་པའམ། ཆོས་ཉིད་ཀྱི་ཀློང་ཆེན་པོ་དེའི་ངང་དུ་ཆོས་ཐམས་ཅད་འོབས་སུ་ཆུབ་ནས་ཚུར་རྫོགས་པས་ན་རྫོགས་པ་ཞེས་པ་དང་། ཆེན་པོ་ནི་དེ་བཞིན་ཕར་རྫོགས་ཚུར་རྫོགས་ཏེ་འཁོར་འདས་ཐམས་ཅད་ཐོག་མཐའ་མེད་པར་ཐིག་ལེ་ཉག་གཅིག་གི་ཀློང་ཆེན་པོའི་རང་བཞིན་ཡེ་ནས་གནས་པས་ན་ཆེན་པོ་ཞེས་བྱ་བ་ཡིན། ཡང་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་འཆར་གཞི་ཡིན་པས་ན་ཕར་རྫོགས་ཤིང་འཆར་བ་དེ་དག་ཀྱང་ཆོས་ཉིད་ཀྱི་དབྱིངས་ཆེན་པོ་གཅིག་གི་ངང་ལས་མི་གཡོ་བས་ན་ཚུར་རྫོགས་ཏེ་ཕར་རྫོགས་ཚུར་རྫོགས་སྲིད་ཞི་དབྱེར་མེད་ཐིག་ལེ་ཉག་གཅིག་གདོད་ནས་ཡིན་པས་ཆེན་པོའི་ཆེན་པོ་ཞེས་བྱ་བ་ཡིན་ནོ། །དེའང་ཉེ་བར་བསྡུ་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་འཆར་གཞི་ཡིན་པས་ན་ཕར་རྫོགས། གང་ཤར་ཐམས་ཅད་ཆོས་ཉིད་ཡངས་པའི་ཀློང་གཅིག་ལས་མི་གཡོ་བ་ཚུར་རྫོགས་པས་ན་རྫོགས་པ་དེ་ལས་ལྷག་པའི་རྟོགས་བྱ་དང་འབྲས་བུ་མཐར་ཐུག་གཞན་ན་མེད་པས་ན་ཆེན་པོ་ཞེས་བྱ་སྟེ། རྒྱུད་ལས། ཀ་ཞེས་ཐོག་མར་འབྱུང་བ་ལ། །དག་པ་དྲི་མའི་གྲངས་མཐའ་ཟད། །ཞེས་དང་། ངོ་བོ་ཀ་དག་བརྗོད་དང་བྲལ། །རང་བཞིན་ལྷུན་གྲུབ་ཅིར་ཡང་རྫོགས། །ཐུགས་རྗེ་ཀུན་ཁྱབ་རང་རིག་པའོ། །ཞེས་དང་། རྣམ་གྲངས་བསྡུ་བའི་ལེའུ་ལས། །འདི་ལ་མ་རྫོགས་གང་ཡང་མེད། །གཅིག་རྫོགས་གཉིས་རྫོགས་ཀུན་རྫོགས་པ། །བྱ་བ་ཕུན་སུམ་ཚོགས་པས་བདེ། །གཅིག་རྫོགས་བྱང་ཆུབ་སེམས་སུ་རྫོགས། །གཉིས་རྫོགས་སེམས་ཀྱིས་བྱས་པས་རྫོགས། །གསུམ་རྫོགས་ཕུན་སུམ་ཚོགས་པས་རྫོགས། །གཅིག་ལ་རྫོགས་པའི་ལུང་འདི་ཡིས། །སངས་རྒྱས་དགོངས་པ་འདི་ལ་གནས། །ཀུན་ལ་རྫོགས་པའི་དོན་འདི་ཡིས། །ཐམས་ཅད་ཕུན་སུམ་རྫོགས་པར་བྱེད། །བྱ་བྱེད་འདི་ལ་གང་གནས་པ། །ལུས་འདི་གང་ཟག་ལྷ་མིར་ཡང་། །དགོངས་པ་ཆོས་ཉིད་སངས་རྒྱས་ཡིན། །འདི་ཡིས་སེམས་ཅན་དོན་བྱེད་ནས། །རྩོལ་སྒྲུབ་མི་དགོས་བདེ་བར་གནས། །ཞེས་དང་། མུ་ཏིག་ཕྲེང་བ་ལས། ངོ་བོ་ཉིད་ནི་ཀ་དག་ལ། །རང་བཞིན་ཉིད་ནི་ལྷུན་གྲུབ་བོ། །ས་དང་ཕྱོགས་དང་རིས་ལས་འདས། །ཡོད་དང་མེད་དང་བལྟ་རྒྱུ་མེད། །གཅིག་དང་གཉིས་ཀྱི་གྲངས་ཡུལ་འདས། །སྟོང་པ་ཆེན་པོ་བབས་ཀྱིས་གྲུབ། །ཅེས་དང་། ཀློང་དྲུག་ལས། སྤྲོས་བྲལ་ཆོས་ཉིད་ཀ་དག་ནི། །རང་ངོ་རྣམ་དག་སྙིང་པོའི་གཞི། །དེ་ལ་ཚིག་དང་ཡི་གེ་བྲལ། །བརྗོད་པས་གཏན་ལ་དབབ་ཏུ་མེད། །སྒྲོ་འདོགས་ཐ་སྙད་ཀུན་བྲལ་ཏེ། །གཟུང་དང་འཛིན་པའི་རྣམ་རྟོག་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཆོས་མེད་ཆོས་ཀྱི་འདུ་ཤེས་མེད། །གང་མིན་ཅི་བཞིན་ཅི་ཡང་མེད། །དེ་ལྟར་དག་པའི་སྙིང་པོ་ལ། །རེ་ཞིག་ཚིག་གིས་གཏན་ཕབ་ན། །ངོ་བོ་ཉིད་ནི་ཀ་དག་ལ། །རང་བཞིན་ཉིད་ནི་ལྷུན་གྲུབ་བོ། །ཞེས་དང་། རང་ཤར་ལས། ཆོས་སྐུ་རྣམ་དག་ཆེན་པོ་ལ། །དངོས་པོ་གཟུགས་སུ་མེད་པའི་ཕྱིར། །མཚན་མ་ཅན་དུ་རྟོག་པ་མེད། །གལ་ཏེ་མཚན་མ་ཡོད་གྱུར་ན༑ །ཆོས་སྐུ་གཟུགས་སུ་ཡོད་པར་འགྱུར། །ཞེས་དང་། རྩལ་རྫོགས་ལས། སངས་རྒྱས་ཀུན་གྱི་ལྟ་ཕུག་ནི། །དབྱིངས་རིག་ཉིད་ལས་མ་འདས་སོ། །ཡིད་དཔྱོད་ཚིག་གིས་སངས་མི་རྒྱས། །ཆོས་ཉིད་མངོན་སུམ་གནད་ཀྱིས་ཀྱང་། །ལས་ལ་བཟང་ངན་མེད་པར་རྟོགས། །ཡང་། ལས་ལ་བཟང་ངན་ཡོད་གྱུར་ན། །རང་བྱུང་ཡེ་ཤེས་རྫུན་པར་འགྱུར། །ཞེས་དང་། མུ་ཏིག་ཕྲེང་བ་ལས། འཁྲུལ་བ་གདོད་ནས་མེད་པ་སྟེ། །རང་གི་རང་བཞིན་རྣམ་པར་དག །ཞེས་དང་། ཀུན་བྱེད་ལས། ཀུན་བྱེད་ང་ཡི་དཀྱིལ་འཁོར་བསྟན་པ་ནི། །རང་ལས་བྱུང་བའི་དཀྱིལ་འཁོར་རྟོགས་པའི་ལུང་། །མ་ལུས་སྙིང་པོ་རྫོགས་པས་སྐྱེ་བྲི་མེད། །མ་སྐྱེས་དུས་གཅིག་རྫོགས་པས་དཀྱིལ་འཁོར་རྟོགས། །ཀྱེ། དཀྱིལ་ནི་མ་ནོར་དོན་གྱི་སྙིང་པོ་ལ། །འཁོར་ནི་འཁོར་འདས་དབྱེར་མེད་རྫོགས་པར་ལྡན། །དེ་ནི་དཀྱིལ་འཁོར་སྙིང་པོ་ཀུན་གྱི་རྩ། །དཀྱིལ་འཁོར་མ་ལུས་འདི་ལ་འདུས་པར་རྟོགས། །ཀྱེ། ཀུན་བྱེད་རྒྱལ་པོ་ང་ཡི་དཀྱིལ་འཁོར་ནི། །མ་ལུས་སྙིང་པོ་རྫོགས་པའི་དཀྱིལ་འཁོར་ཏེ། །གང་གིས་དེ་དག་རྫོགས་པ་གང་རྟོགས་པ། །དཀྱིལ་འཁོར་བསྐྱེད་དུ་མེད་པའི་དོན་ལ་མཁས། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། །སྐྱེ་མེད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱིས། །འགྲོ་དང་འོང་མེད་ཀུན་ཏུ་ཁྱབ་པར་གདལ། །རྟོགས་པའི་སྐྱེ་བ་མེད་པའི་དོན་ལ་འཇུག །དེ་ཕྱིར་སེམས་པ་རྡོ་རྗེ་ཁྱོད་ཀྱིས་ཀྱང་། །སྒྲ་ལ་མ་གནས་དོན་ལ་རྟོགས་པར་གྱིས། །གང་གི་དེ་ལ་རྟོགས་པ་སྐྱེས་མ་ཐག །ཀུན་བྱེད་རྒྱལ་པོའི་དོན་ལ་དབང་འབྱོར་འབྱུང་། །ཞེས་དང་། བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་ལྟ་བུའི་སེམས་ཉིད་ཆོས་ཉིད་ལ༑ །ལྷ་དང་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། །ཕྲིན་ལས་རྩོལ་མེད་ཡེ་ཤེས་སྒྲུབ་པ་མེད། །ས་ལམ་སྦྱང་མེད་བགྲོད་པའི་ལམ་ཡང་མེད། །ཕྲ་བའི་ཆོས་མེད་གཉིས་མེད་འབྲེལ་བ་མེད། །སེམས་ལ་ལུང་མེད་གཏན་ལ་འབེབས་པ་མེད། །སྒྲོ་སྐུར་འདས་པས་ཡང་དག་ལ་བཟླ་མེད། །རྫོགས་ཆེན་བྱང་ཆུབ་སེམས་ཀྱི་ལྟ་བའོ། །ཞེས་དང་། བཅོས་སུ་མེད་པའི་ལེའུ་ལས། སྔ་རབས་འདས་པའི་སངས་རྒྱས་རྣམས། །རང་སེམས་མ་བཅོས་སྔར་མཐོང་རྟོགས། །ད་ལྟར་བཞུགས་པའི་སངས་རྒྱས་རྣམས། །མ་བཅོས་པ་ཡི་རང་སེམས་ཏེ། །མ་བཅོས་ཇི་བཞིན་རྟོགས་གྱུར་ཏེ། །ད་ལྟ་འགྲོ་བའི་དོན་ཡང་མཛད། །སླད་ནས་འབྱོན་པའི་སངས་རྒྱས་རྣམས། །རང་བྱུང་སེམས་ཉིད་འདི་ལ་ནི། །སྔར་མ་བཅོས་པ་ལུང་མ་བསྟན། །ད་ལྟ་ཏིང་འཛིན་སེམས་མ་འཆོས། །མ་བཙལ་ལམ་དུ་ཞུགས་ནས་བྱོན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་ལས་གཞན་མེད་དོ། །ཞེས་དང་། །བཟང་དུ་མེད་པའི་ལེའུ་ལས། ཀློང་ཆེན་སེམས་ཀྱི་ཡུལ་དེ་ན། །མི་གནས་པ་ནི་གཅིག་ཀྱང་མེད། །ཀུན་གྱི་གནས་དང་ས་ཡིན་ཏེ། །འདུ་འབྲལ་མེད་པ་དེ་ན་བཞུགས། །དེ་ལ་སྦྱང་ཞིང་བགྲོད་ཅི་དགོས། །ཞེས་དང་། ཆོས་དབྱིངས་མཛོད་ལས། རྣམ་དག་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ལྟ་བའི་ཡུལ་མེད་བལྟ་བྱའི་ཆོས་སུ་མེད། །བལྟ་བར་བྱ་དང་བྱེད་པ་རྡུལ་ཙམ་མེད། །སྒོམ་པའི་བློ་མེད་བསྒོམ་བྱའི་ཆོས་ཀྱང་མེད། །སྤྱད་དང་སྤྱོད་པ་གཉིས་མེད་ལྷུན་གྲུབ་པས། །བསྒྲུབ་པར་བྱ་བའི་འབྲས་བུ་རྡུལ་ཙམ་མེད། །མེད་པའི་ཆོས་ལ་བགྲོད་པའི་ས་མེད་པས། །ཕྱིན་པར་བྱ་བའི་ལམ་ཡང་ཡེ་ནས་མེད། །འོད་གསལ་ཐིག་ལེ་ཆེན་པོ་གྲུབ་ཟིན་པས། །རྣམ་རྟོག་འཕྲོ་འདུས་བསྐྱེད་པའི་དཀྱིལ་འཁོར་དང་། །སྔགས་དང་ཁ་ཏོན་དབང་དང་དམ་ཚིག་མེད། །རིམ་སྡུད་ལ་སོགས་མི་དམིགས་རྫོགས་རིམ་མེད། །ཡེ་ནས་གྲུབ་ཟིན་སྐུ་དང་ཡེ་ཤེས་ལ། །འདུས་བྱས་གློ་བུར་རྐྱེན་བྱུང་འབྲས་བུ་མེད། །འདི་དག་ཡོད་ན་རང་བྱུང་ཡེ་ཤེས་མིན། །འདུས་བྱས་ཉིད་ཕྱིར་འཇིགས་པ་ཉིད་དང་ནི། །ལྷུན་གྲུབ་འདུས་མ་བྱས་ཞེས་གང་སླད་མཚོན། །དེ་ཕྱིར་དོན་དམ་དབྱིངས་ཀྱི་ངོ་བོ་ལ། །རྒྱུ་འབྲས་ལས་འདས་རང་བཞིན་རྣམ་བཅུ་མེད། །རྩོལ་དང་སྒྲུབ་མེད་སེམས་ཉིད་རྣལ་མའི་དོན། །ཡོད་མེད་སྤྲོས་ཀུན་ཞི་བར་མཁྱེན་འཚལ་ལོ། །ཞེས་དང་། ཆུ་དྭངས་རྙོགས་བཞིན་རང་དྭངས་བཞག་ན་གསལ། །བཙལ་བས་མི་རྙེད་གདོད་ནས་དག་པའི་ཆོས། །སངས་རྒྱས་བྱང་ཆུབ་རང་བྱུང་ཀློང་ན་གསལ། །སྔར་གྲུབ་ཟིན་པས་ད་གཟོད་བསྒྲུབ་མི་དགོས། །ཆེ་བ་རང་གནས་དགོངས་པ་ཆོས་ཉིད་ཀློང་། །མི་འགྱུར་ལྷུན་གྱིས་གྲུབ་ལ་རྩོལ་མི་བྱེད། །ཡེ་གཞི་བབ་གཞི་བྱང་ཆུབ་སྙིང་པོའི་གཞི། །རང་བཞིན་ངང་ལས་གཡོས་པ་འགའ་མེད་པས། །ཀློང་གསལ་རིག་པའི་དོན་ལས་མ་གཡོ་ཞིག །ཅེས་དང་། འཕོ་འགྱུར་མེད་པའི་རིག་པ་བྱང་ཆུབ་ལ། །སྤང་ཐོབ་མེད་པས་སྣང་སྲིད་འཁོར་འདས་ཤར། །གཟུང་འཛིན་མེད་པས་རྣལ་འབྱོར་ངོ་ཁ་ལ། །མེད་ལ་སྣང་འདི་ཡ་མཚན་རྒོད་པོར་འཆོར། །ཞེས་དང་། དངོས་དང་དངོས་མེད་དབྱིངས་སུ་མཉམ་པ་དང་། །སངས་རྒྱས་སེམས་ཅན་དབྱིངས་སུ་མཉམ་པ་དང་། །ཀུན་རྫོབ་དོན་དམ་དབྱིངས་སུ་མཉམ་པ་དང་། །སྐྱོན་དང་ཡོན་ཏན་དབྱིངས་སུ་མཉམ་པ་དང་། །མཐོ་དམན་ཕྱོགས་མཚམས་དབྱིངས་སུ་མཉམ་པའི་ཕྱིར། །རང་བྱུང་ངང་ལས་རོལ་པ་ཅི་ཤར་ཡང་། །ཤར་བའི་དུས་ན་མཉམ་ཤར་བཟང་ངན་མེད། །དེ་ལ་བླང་དོར་གཉེན་པོས་བཅོས་ཅི་དགོས། །ཞེས་དང་། སྣ་ཚོགས་ཡུལ་དུ་སྣང་བའི་སེམས་ཉིད་ལ། །གང་དུ་ཇི་ལྟར་འཇོག་ཅེས་མི་རྟོག་པར། །རང་བབ་སྤྲོ་བསྡུ་བྲལ་བར་ལྷུན་གྱིས་ཞོག །ཆོས་ཉིད་མཉམ་པའི་ཀློང་དུ་ངང་གིས་གནས། །དཀར་དམར་ཡུལ་དུ་སྣང་བའི་རྣམ་པ་ལ། །དབང་པོ་མི་བསྡུ་མིག་ཀྱང་མི་འགུལ་བར། །བདག་ལ་མི་བསམ་གཞན་ལ་མི་རྟོག་པར། །ཕྱམ་ཕྱམ་ཡངས་པ་ཆེན་པོར་ངང་གིས་ཞོག །རྒྱ་བསྐྱེད་དཔངས་བསྟོད་སྤྲོ་བསྡུ་བྲལ་བའི་སེམས། །ཀུན་མཉམ་རང་བྱུང་ཡེ་ཤེས་དགོངས་པ་ལ། །ཕྱི་ནང་བར་མེད་ནམ་མཁའ་འདྲེས་པའི་ཉམས། །བདེ་གསལ་སྤྲོས་དང་བྲལ་བའི་ཏིང་འཛིན་འཆར། །གཞི་བཞག་མི་གཡོ་མཉམ་པའི་དགོངས་པ་ལ། །ཕྱི་དང་ནང་མེད་གཟུང་འཛིན་སྤྲོས་དང་བྲལ། །ཡུལ་ཞེས་གཞན་དུ་འཛིན་པའི་སེམས་མེད་པས། །བཟུང་བའི་ཆོས་མེད་སྣོད་བཅུད་སྣང་ཞེན་མེད། །འཁོར་བར་སྐྱེ་བའི་ཡུལ་མེད་ནམ་མཁའ་འདྲ། །རང་ཞེས་སེམས་ཀྱི་ནང་དུ་མི་རྟོག་པས། །འཛིན་པའི་ཆོས་མེད་སྲིད་པའི་ཀུན་རྟོག་ཞི། །འཁོར་བར་སྐྱེ་བའི་ཀུན་རྟོག་རྩད་ནས་ཆོད། །དེ་ཚེ་མཁའ་འདྲ་ཕྱི་ནང་འཁྲུལ་བའི་ཆོས། །གང་ཡང་མི་དམིགས་ཆོས་སྐུའི་དགོངས་པར་ཕྱིན། །ཟད་པའི་སར་ཐུག་འགྲོ་དང་འོང་མེད་པས། །ཐམས་ཅད་ཀློང་འབྱམས་ཀུན་ཏུ་བཟང་པོའི་ཞིང་། །ཆོས་སྐུའི་ཕོ་བྲང་མཆོག་ཏུ་ཕྱིན་པ་ཡིན། །ད་ལྟའི་རིག་པ་གཞི་ལས་མ་གཡོས་ན། །དེ་ཉིད་གོམས་ཆས་ཕྱི་མའི་སྲིད་པ་སྟོང་། །ཡང་སྲིད་ལེན་པའི་ལས་དང་བག་ཆགས་བྲལ། །རྒྱུ་འབྲས་ལ་བཟློས་འཁོར་འདས་མཉམ་པར་རྫོགས། །སྲིད་ཞིར་མི་གནས་བྱང་ཆུབ་སྙིང་པོར་ཕྱིན། །དུག་གསུམ་རྩལ་ལས་རོལ་པ་ཤར་རོ་ཅོག །དབྱིངས་ལས་བྱུང་ཞིང་དབྱིངས་ཀྱི་ངང་དུ་གཅིག །དབྱིངས་སུ་མ་གཏོགས་གཡོས་པ་འགའ་མེད་པས། །བཟོ་བཅོས་བསྒྱུར་བསླད་གང་ཡང་མ་བྱེད་པར། །དབྱིངས་ཉིད་ངོས་བཟུང་ངང་དེར་གཞག་མ་ཐག །རང་ཞི་རང་ཡལ་རང་གསལ་གྲོལ་བར་གནས། །འདི་ལྟར་ཆོས་རྣམས་ཡོད་མཉམ་མེད་མཉམ་ལ། །སྣང་མཉམ་སྟོང་མཉམ་བདེན་མཉམ་རྫུན་མཉམ་པས། །སྤོང་གཉེན་འབད་རྩོལ་འཆིང་ཞེན་ཀུན་ཐོངས་ལ། །ཡོད་མེད་མཉམ་པ་ཆེན་པོར་ཕྱམ་རྡོལ་ཅིག །སེམས་མེད་རིག་པ་ཆེན་པོར་ཕྱམ་རྡོལ་ཅིག །སྐྱེ་མེད་དག་མཉམ་ཆེན་པོར་ཕྱམ་རྡོལ་ཅིག །འཁྲུལ་དང་མ་འཁྲུལ་བྱང་ཆུབ་སེམས་ཀྱི་ཀློང་། །བྱང་ཆུབ་སེམས་ལ་འཁྲུལ་གྲོལ་ཡེ་ནས་མེད། །དེ་ལས་གྲོལ་བར་ཤར་ལ་འཛིན་པས་བཅིངས། །དོན་ལ་འཆིང་གྲོལ་གཉིས་མེད་ཡུལ་སེམས་མེད། །མེད་ལ་ཡོད་པར་འཛིན་པས་མ་བསླུས་ཤིག །གཤིས་ལ་འཁོར་འདས་མི་སྲིད་རང་བཞིན་བབས། །བཟང་ངན་བླང་དོར་མི་སྲིད་རང་བཞིན་བབས། །སྤང་ཐོབ་གཟུང་འཛིན་མི་སྲིད་རང་བཞིན་བབས། །དུག་ལྔའི་ཉོན་མོངས་མི་སྲིད་རང་བཞིན་བབས། །རྒྱ་ཆད་ཕྱོགས་ལྷུང་མི་སྲིད་རང་བཞིན་བབས། །རྩལ་དང་འཆར་བ་མི་སྲིད་རང་བཞིན་བབས། །ཕྱོགས་ཙམ་བཏགས་པ་མི་འགོག་རང་བཞིན་བབས། །རང་བྱུང་ཡེ་ཤེས་ཆོས་ཟད་མིང་མེད་དོ། །དོན་ནི་རང་རིག་མཁའ་མཉམ་བྱང་ཆུབ་སེམས། །བསམ་པའི་ཡུལ་མེད་མཚོན་བརྗོད་འདས་པ་སྟེ། །རང་གསལ་མི་གཡོ་འོད་གསལ་ཡངས་པའི་ཀློང་། །མ་བྱས་ལྷུན་གྲུབ་ཡངས་དོག་མཐོ་དམན་མེད། །ཆོས་སྐུ་བྱང་ཆུབ་སྙིང་པོའི་དཀྱིལ་ཡངས་པོ། །དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ལ། །ཡོངས་སུ་རྣལ་འབྱོར་རྣམས་ཀྱིས་མཐོང་བ་ནི། །དབྱིངས་ཀྱི་སྙིང་པོ་རྣལ་མའི་རྒྱུར་མཐོང་ལ། །ཡེ་ཤེས་ཆེན་པོར་རྣལ་མའི་འབྲས་བུ་མཐོང་། །སྙིང་པོ་གཅིག་ལ་རྒྱུ་འབྲས་གཉིས་མཐོང་བས། །རྒྱུ་འབྲས་འདས་པའི་རྣལ་འབྱོར་མཐོང་བ་ཡིན། །མ་བཅོས་ཇི་བཞིན་ཡོངས་སུ་རྣལ་འབྱོར་ཞོག །རང་བྱུང་ཡེ་ཤེས་ཕྱོགས་དང་རིས་མེད་པས། །འདི་ཞེས་མི་མཚོན་རང་བཞིན་སྤྲོས་ཀུན་ཞི། །དེ་བས་ཡིད་ལ་བྱེད་པ་རྣམ་སྤངས་ཏེ། །གཞི་བྲལ་ཡངས་པ་ཆེན་པོའི་དོན་ལ་བསླབ། །ཆོས་ཉིད་ཉག་གཅིག་རང་བྱུང་ཡེ་ཤེས་ནི། །ལྟ་བ་ཉག་གཅིག་སྤྲོས་པའི་མཐའ་དང་བྲལ། །སྒོམ་པ་ཉག་གཅིག་གཏང་གཞག་འགྲོ་འོང་མེད། །སྤྱོད་པ་ཉག་གཅིག་བླང་དོར་གཉིས་སུ་མེད། །འབྲས་བུ་ཉག་གཅིག་སྤང་ཐོབ་གཉིས་དང་བྲལ། །འདི་ནི་རང་བྱུང་ལྷུན་གྲུབ་དགོངས་པའོ། །ཞེས་སོགས་གསུངས་པ་ལྟར་རྫོགས་ཆེན་གྱི་ལྟ་བའམ། གནས་ལུགས་སམ། རིག་པ་བཅོས་མ་མ་ཡིན་པ་ནི་གནས་ལུགས་མཛོད་དུ་གསུངས་པ་ལྟར། རིག་བྱ་རིག་བྱེད་སོགས་ཐ་དད་མེད་པས་ཡུལ་ཡུལ་ཅན་གཅིག་གི་ཡེ་ཤེས་ཏེ། བར་གྱི་འཁྲུལ་སྣང་གི་ཆ་ཡོངས་སུ་ཟད་པས་གང་ཡང་མེད་པའོ། །འཁོར་འདས་ཀུན་རིག་པ་ཉག་གཅིག་གི་བདག་ཉིད་ལས་ལོགས་སུ་ལུས་དོན་ཡུལ་གསུམ་གྱི་རྣམ་པ་ཅུང་ཟད་ཙམ་སོ་སོར་ཕྱེ་རྒྱུ་མེད་པས་ན་གཅིག་པུའོ། །ཡུལ་མེད་ཟང་ཐལ་བརྟན་གཡོ་ཀུན་གྱི་རང་བཞིན་དང་རོ་གཅིག་ཏུ་སོང་བས་ན་ཕྱལ་པ་ཆེན་པོའོ། །དེའང་རིས་སུ་མ་ཆད་པར་སྐུ་གསུམ་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཕྲ་རགས་རྟོག་ཚོགས་ཀྱི་ཡུལ་ལས་འདས་པས། ཡུལ་མེད་སྨྲ་བསམ་བརྗོད་བྲལ་ཆེན་པོའི་རང་བཞིན་ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་པའི་རང་བཞིན་བབ་ཀྱི་གནས་ལུགས་གུ་ཡངས་ཆེན་པོའི་ངང་སྐྱོང་བ་ལས་མེད་དེ། གྲུབ་མཐའི་སྣང་བ་ལྟར་སྣང་སྟོང་། བདེན་གཉིས། ཕུང་པོ། ཁམས་དང་། སྐྱེ་མཆེད་དུ་འབྱེད་པའི་ཕྱོགས་རིས་ཅན་ཐམས་ཅད་སྤང་ལ་རིག་ངོར་སྣང་ཡང་སྣང་ཐོག་ཏུ་འཛིན་པ་མ་ཞུགས་ན་རང་གསལ་ཟང་ཀ་རྗེན་པ་ཐལ་ལེ་ཤེས་པ་ནི་གནས་ལུགས་ཀྱི་དོན་ཏེ། སེམས་ཉིད་རང་བྱུང་གི་ཡེ་ཤེས་གཡོ་མེད་སྤྲོས་པའི་མཐའ་དང་བྲལ་ཞིང་། ངོ་བོ་ལ་དབྱེ་བསལ་ཐམས་ཅད་བྲལ་བའི་རང་བཞིན་དང་། སྟོང་ལ་གོ་འབྱེད་པ་ནམ་མཁའ་ལྟ་བུ། གསལ་ལ་འགྲིབ་པ་མེད་པ་ཉི་ཟླ་ལྟ་བུ། ཡོན་ཏན་ལྷུན་གྱིས་གྲུབ་པ་ནོར་བུ་ལྟ་བུ། འཁོར་འདས་གང་དུའང་མ་གྲུབ་པས་གང་དུའང་འཆར་བའི་གཞིའི་དབྱིངས་སུ་གནས་པ་དེ་ལ་རིག་པ་རང་ངོ་ཤེས་པས་འཕོ་འགྱུར་མེད་པ་གནས་ལུགས་གཤིས་ཀྱི་ལྟ་བ་སྟེ། ནམ་མཁའ་ཆེ་ལས། ཇི་ལྟར་སྣང་བ་ངེས་མེད་ལྟར། །བློ་ཡང་གཏད་མེད་ཕྱོགས་ལྷུང་བྲལ། །བཟོ་མེད་ནམ་མཁའ་ཆེན་པོ་ནི། །རང་བཞིན་རྫོགས་པ་ཆེན་པོའོ། །ཞེས་དང་། ཀུན་བྱེད་ལས། ཆོས་ཀུན་ནམ་མཁའི་རང་བཞིན་ཏེ། །ནམ་མཁའ་ལ་ནི་རང་བཞིན་མེད། །ནམ་མཁའ་ལ་ནི་དཔེ་ཡང་མེད། །ནམ་མཁའ་ལ་ནི་ཚད་ཀྱང་མེད། །ཆོས་རྣམས་ཐམས་ཅད་མ་ལུས་པའི། །དོན་ནི་དེ་ལྟར་ཤེས་པར་བྱོས། །ཡང་། ཀྱེ། ང་ནི་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས། །ང་ལ་སྒྲོ་དང་སྐུར་བའི་ཡུལ་མེད་པས། །གང་ལའང་སེམས་པར་མ་བྱེད་བསྒོམ་མ་བྱེད། །སྒོ་གསུམ་མ་བཙལ་ཇི་བཞིན་ལྷུག་པར་ཞོག །ཇི་ལྟར་ཤེས་པ་རང་བཞིན་ངང་གིས་གྲོལ། །སྐྱེ་མེད་ནམ་མཁའ་ལྟ་བུར་ཕྱོགས་ལས་འདས། །རང་བཞིན་རྫོགས་པ་ཆེན་པོ་ཤེས་པར་གྱིས། །ཞེས་དང་། ཡིད་བཞིན་བདེ་བ་འཁོར་ལོའི་རྒྱུད་ལས། རང་བཞིན་རྫོགས་པ་ཆེན་པོའི་མཐའ། །ཆོས་རྣམས་ཟད་སར་བཞག་པ་སྟེ། །ཡེ་གྲོལ་ཅོག་བཞག་ཉིད་ལ་ཐུག །དགོངས་པ་བློ་ལས་འདས་པ་དང་། །སྟོང་དང་དངོས་པོའི་མཐའ་ཟད་དུས། །འགྱུ་ཟད་རྟོག་པ་མེད་པ་དང་། །མཚན་བཅས་རང་སར་གྲོལ་བར་འགྱུར། །མ་སྦྱངས་ལྷུན་གྱིས་གྲུབ་པ་ཡིས། །ཡོན་ཏན་རྣམས་ནི་ངང་གིས་རྫོགས། །ཞེས་དང་། སེམས་འགྲེལ་ལས། ཆོས་རྣམས་ཀུན་རྫོགས་ཐམས་ཅད་མཉམ་པ་ཉིད། །མ་སྐྱེས་རྒྱལ་པོ་མཐའ་དབུས་ཕྱོགས་བྲལ་ལ། །གཟུང་འཛིན་ཞེན་པ་མེད་ན་གཉུག་མའི་དོན། །སྤང་བླང་དགག་སྒྲུབ་མི་དགོས་ཕྱམ་གཅིག་པ། །ལྟ་བའི་ཡང་རྩེ་རྫོགས་པ་ཆེན་པོ་ཡིན། །གཏད་མེད་རྒྱལ་པོ་འཛིན་མེད་ཤེས་པར་གྱིས། །ཁྱད་དུ་དམིགས་པ་ཐམས་ཅད་འཆིང་བ་སྟེ། །དམིགས་མེད་གང་དགར་ཤར་ན་ཡེ་ཤེས་དངོས། །ཡེ་ནས་རང་སྟོང་ཡངས་པ་གཉུག་མའི་དོན། །འཛིན་བྲལ་ཕྱོགས་བྲལ་ལྟ་བ་ཐག་ཆོད་ཅིག །འཆར་གཞི་རྟེན་མེད་ཡེ་གྲོལ་ནམ་མཁའ་འདྲ། །ཤར་བ་གཉིས་མེད་མེ་ལོང་གཟུགས་བརྙན་འདྲ། །དངོས་དང་དངོས་མེད་ཆུ་དང་རྦ་རླབས་འདྲ། །བླང་དོར་མི་དགོས་རྫོགས་པ་ཆེན་པོའི་དོན། །རང་བཞིན་ཡེ་ནས་དག་པའི་སངས་རྒྱས་ཡིན། །གལ་ཏེ་དགག་སྒྲུབ་སྤང་བླང་འགའ་ཡོད་ན། །དེ་ཚེ་རེ་དོགས་གཉིས་འཛིན་གཟེབ་ཏུ་འཆིང་། །འདོད་པ་མི་ཕྱིན་གོལ་སར་ལྷུང་བས་ན། །གང་ཤར་དེ་ལ་སྤང་བླང་མེད་པར་གཅེས། །དེ་འདྲའི་སྒོམ་པ་མ་བྱས་ལྷུན་གྲུབ་ལ། །སྤང་བླང་གཉིས་མེད་སྣང་སེམས་གྲོགས་སུ་འཆར། །གཟུང་འཛིན་རང་གྲོལ་ཡོན་ཏན་ཕུན་སུམ་ཚོགས། །སེམས་སངས་བླ་མེད་མཉམ་བཞག་ཆེན་པོ་ཡིན། །ཞེས་དང་། །མཉམ་ཉིད་རང་གྲོལ་ལས། ངེས་པའི་དོན་ལ་ཀུན་ངེས་ནམ་མཁའ་འདྲ། །ཐོགས་པ་མེད་ཅིང་ངེས་པར་འབྱུང་བ་མེད། །འོང་མེད་འགྲོ་མེད་སྤང་གཉེན་བྲལ་ཐོབ་མེད། །ཐམས་ཅད་ཆོས་ཉིད་འཕོ་འགྱུར་མེད་པའི་ངང་། །ཇི་ལྟར་སྣང་བ་དེ་བཞིན་རང་བཞིན་མེད། །ཉོན་མོངས་མ་སྤངས་རང་བྱུང་ཡེ་ཤེས་ལྔ། །གང་ཤར་ཉིད་ནས་ཤར་གྲོལ་སྤང་བླང་མེད། །སྤང་བསྒྱུར་མི་དགོས་སེམས་སངས་རྫོགས་པ་ཆེ། །ཡེ་བབ་རང་བྱུང་ད་ལྟ་ལྷུན་གྱིས་གྲུབ། །རང་བྱུང་ཡེ་ཤེས་བཅོས་བསླད་ཀུན་དང་བྲལ། །ཟླ་བས་རྒྱ་མཚོ་རྙོགས་པ་ཡེ་ནས་མེད། །དག་དང་མ་དག་དབྱིངས་གཅིག་རོལ་པ་ཆེ། །འདི་ནི་ཡང་ཟབ་སྙིང་པོའི་དགོངས་ཀློང་ཡིན། །གཅིག་གི་རང་བཞིན་ནམ་མཁའ་ལྟ་བུ་ལ། །ཐ་དད་བློ་ཡིས་གྲུབ་པ་མང་པོར་སྣང་། །ཀུན་འདུས་རྫོགས་ཆེན་བྱང་ཆུབ་སེམས་དེ་ནི། །ནམ་མཁའ་བཞིན་དུ་ཟབ་ཅིང་གོ་འབྱེད་པའི། །ཆོས་རྣམས་ཀུན་གྱི་འབྱུང་གནས་ཆེན་པོ་ཡིན། །བྱང་ཆུབ་ཉིད་ཀྱང་ནམ་མཁའི་རང་བཞིན་ལ། །བྱང་ཆུབ་སེམས་ཀྱང་ནམ་མཁའི་ངོ་བོ་ཉིད། །བྱང་ཆུབ་ལམ་ལ་སུ་ཞིག་བགྲོད་དུ་ཡོད། །ནམ་མཁའི་དབྱིངས་སུ་བགྲོད་པའི་སེམས་ཞོག་མཛོད། །འདི་ནི་མན་ངག་ཀུན་གྱི་སྙིང་པོའི་དོན། །ཆོས་ཉིད་དོན་གྱི་ནམ་མཁའ་མཐའ་དབུས་མེད། །རྒྱུ་འབྲས་བསྐྱེད་རྫོགས་ལམ་ལ་མི་ལྟོས་པར། །སེམས་ཉིད་རྒྱལ་པོ་ལྷུན་གྲུབ་ཡོན་ཏན་རྫོགས། །གཉུག་མའི་སངས་རྒྱས་འབྲས་བུ་འདས་པའི་ངང་། །མ་སྐྱེས་ལྷུན་རྫོགས་ད་ལྟའི་སེམས་ཉིད་འདི། །གང་ཤར་བཟོ་བཅོས་མེད་པ་ལྟ་བའི་དོན། །རང་བཞིན་རྫོགས་པ་ཆེན་པོའི་ངང་ཉིད་དོ། །ཀུན་ཁྱབ་ཕྱོགས་བྲལ་སེམས་སངས་རྫོགས་པ་ཆེ། །གཞི་རྩ་དངོས་པོ་མེད་པའི་རང་བཞིན་ལ། །བྱ་བྱེད་རྩོལ་སྒྲུབ་སེམས་ཀྱིས་སྒྲུབ་མི་དགོས། །ཇི་བཞིན་ངང་ལ་དེ་བཞིན་ཤེས་པར་གྱིས། །ལྷུན་རྫོགས་རིག་པ་གང་ཤར་རོལ་པ་ལ། །བླང་དོར་མི་དམིགས་ཡེ་གྲོལ་ཡངས་པ་ཆེ། །རང་གྲོལ་ཤེས་པ་རང་གྲོལ་གདོད་མའི་ངང་། །རྟོགས་པའི་རི་རྒྱལ་རབ་ཏུ་མི་གཡོ་བས། །ལྷུན་འབྱམས་ཐིག་ལེ་ཆེན་པོའི་དབྱིངས་སུ་གྲོལ། །ཞེས་དང་། བྱ་རྩོལ་རང་སར་གྲོལ་བའི་ལེའུ་ལས། ཇི་བཞིན་སྤྲོས་བྲལ་བདེ་བ་ཆེན་པོ་ལས། །སྒོ་གསུམ་མ་བཙལ་བཅོས་ཤིང་དམིགས་མ་བྱེད། །ཡིད་ལ་མ་བྱེད་མཚན་མའི་རྗེས་མི་འབྲང་། །རང་བྱུང་ཡེ་ཤེས་བདེ་བའི་དོན་ལ་ཞོག །འདི་ནི་རང་བྱུང་ཡེ་ཤེས་དགོངས་པ་སྟེ། །ཀུན་བྱེད་རྒྱལ་པོའི་དགོངས་པའི་ཕྲིན་ལས་སོ། །ཞེས་དང་། ཀུན་བྱེད་ལས། དངོས་པོ་མཚན་མར་འཛིན་པའི་ཆོས་བཞིན་དུ། །ཚད་དང་རྟགས་མེད་ནམ་མཁའ་ལྟ་བུ་སྟེ། །བྱང་ཆུབ་སེམས་ཀྱི་རང་བཞིན་འདི་ཉིད་ནི། །ཆོས་ཀུན་མ་ལུས་པ་ཡི་སྙིང་པོ་སྟེ། །མ་སྐྱེས་རྣམ་པར་དག་པས་སྒྲིབ་པ་མེད། །བགྲོད་པའི་ལམ་དང་བྲལ་བས་གོལ་ས་མེད། །ཡང་། ཀུན་བྱེད་སྙིང་པོ་བྱང་ཆུབ་སེམས་གཅིག་ལ། །གཅིག་ལས་རྣམ་པར་བགྲངས་བས་གོལ་སྒྲིབ་འབྱུང་། །བགྲོད་དུ་མེད་ལ་བགྲོད་པའི་གོལ་ས་འབྱུང་། །དམིགས་མེད་ལྟ་བས་མ་མཐོང་སྒྲིབ་པ་འབྱུང་། །སེམས་ཉིད་ཡེ་ནས་མངོན་པར་བྱང་ཆུབ་པས། །ཐོབ་དང་མ་ཐོབ་རེ་དོགས་གཉིས་སུ་མེད། །ཡང་། ཀྱེ། སྟོན་པ་ཀུན་བྱེད་ང་ཡི་ལུང་བསྟན་ན། །མ་ལུས་སྐྱེ་མེད་རྣམ་དག་རང་བཞིན་ཏེ། །སྒོམ་དང་མ་བསྒོམས་ཅན་ལ་རག་མི་ལས། །བསྒོམ་བྱ་ཇི་ལྟར་སྣང་བས་ཆོས་རྣམས་ཀུན། །གང་དུ་ཇི་ལྟར་བཞག་པའི་ཚུལ་མེད་པ། །མ་བཙལ་རང་སར་གྲོལ་བས་སྒོམ་པ་ཡིན། །ཀྱེ། བསྒོམ་དུ་མེད་པའི་མན་ངག་འདི་དག་ལ། །ཚིག་དང་སྒྲ་ལས་འདས་པའི་དོན་ཡིན་ཕྱིར། །སྔ་རབས་ཀུན་བྱེད་རྒྱལ་པོས་ལུང་མ་བསྟན། །ཕྱི་རབས་ཀུན་བྱེད་རྒྱལ་པོས་ལུང་མི་སྟོན། །ད་ལྟར་ཀུན་བྱེད་རྒྱལ་པོས་ལུང་བསྟན་མེད། །ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡི། །མ་ནོར་དགོངས་པའི་དོན་ལ་ལུང་བསྟན་པ། །སྒྲོ་སྐུར་འདས་པ་དོན་གྱི་སྙིང་པོ་ལ། །སྒོམ་དང་མ་བསྒོམས་མཁའ་ལ་རྩོད་དང་འདྲའོ། །ཞེས་སོགས་གསུངས་པ་ལྟར་འཁོར་བ་དང་མྱ་ངན་ལས་འདས་པའི་ཡུལ་མེད་ཅིང་། མདོར་ན་ཐེག་པ་རིམ་དགུའི་ལྟ་སྒོམ་སྤྱོད་གསུམ་ཀུན་རྫོབ་མཚན་ཅན་གྱི་དགེ་བ་ཆེ་ཕྲ་ཐམས་ཅད་ཀྱིས་རིག་པ་ཀ་དག་རང་བྱུང་གི་ཡེ་ཤེས་འདི་ལ་ཕན་པ་རྡུལ་གྱི་ཆ་ཙམ་ཡང་མེད་དེ། མི་དགེ་བཅུ་མཚམས་མེད་ལྔ་ལ་སོགས་ཀུན་རྫོབ་ཀྱི་ལྟར་སྣང་སྡིག་པ་ཚབས་པོ་ཆེ་ཇི་ལྟར་བསགས་ཀྱང་གནོད་པ་རྡུལ་གྱི་ཆ་ཙམ་ཡང་མེད་དེ། རྩལ་གྱི་དཀར་ནག་རྒྱུ་འབྲས་ཐམས་ཅད་སྒྱུ་མ་མཁན་གྱི་སྒྱུ་མའི་སྤྲུལ་པ་ལྟ་བུ་བདེན་མེད་སྟོང་པའི་ཆོ་འཕྲུལ་ཁོ་ན་ཡིན་ཏེ་མདོར་ན་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའོ། །རྗེན་པ་ནི། བྱིང་རྒོད་རྨུགས་འཐིབ་བཞི། བདེ་གསལ་མི་རྟོག་པའི་ཉམས་མྱོང་ལྟ་སྒོམ་སྤྱོད་གསུམ་སོགས་ཡིད་བྱེད་ཀྱི་མཚན་མ་སྐྲ་རྩེ་ཙམ་གྱིས་མ་གོས་པའི་གཤིས་སམ་སྟོང་གསལ་ནམ་མཁའ་ཡངས་པ་ལྟ་བུ་འཕོ་འགྱུར་མེད་པ་འདི་ཡིན་ནོ། ཟང་ཐལ་ནི། བློས་བྱས་རྣམ་རྟོག་གི་མཚན་མས་མ་བཅོས་མ་བསླད་པའི་རིག་པ་རང་བབས་ཀྱི་གཤིས་ཟང་ཐལ་ལེ། ཕུང་ཁམས་སྐྱེ་མཆེད་བརྟན་གཡོ་སྣོད་བཅུད་གང་གིས་མ་གོས་མ་བསྒྲིབས་པས་ཐལ་ལེ། ཕྱི་ནང་བར་གསུམ་རིས་མེད་པས་སང་ངེ་བ། ཉིན་མཚན་ཁོར་ཡུག་ཏུ་རིག་པ་ཟང་ཐལ་ལེ་འཕོ་འགྱུར་མེད་པའི་རང་བཞིན་ཡིན་པས་ན། ཐེག་པ་རིམ་དགུའི་ཡིད་དཔྱོད་འཛིན་པའི་ལྟ་བ་དང་མ་འདྲེས་པ་གལ་གནད་ཤིན་ཏུ་ཆེ་སྟེ། ཐེག་པ་གཞན་ཉན་ཐོས་ནས་གསང་སྔགས་ཀྱི་བར་ཆོས་དང་གང་ཟག་སྟོང་ཉིད་དམ་ལྟ་བ་འདི་དཔྱད་སྒོམ་ཁོ་ནས་གཏན་ལ་བབ་པར་འདུག་པ་དང་། རྒྱུད་སྡེ་འོག་མ་གསང་སྔགས་པ་རྣམས་ཀྱི་ཡིད་ཀྱིས་བསྐྱེད་རིམ་དང་རྫོགས་རིམ་སོགས་ཡིད་དཔྱོད་བློ་ཡི་སྔགས་པའི་ལམ་རིམ་ཐམས་ཅད་ལ་ལྟ་སྒོམ་སྤྱོད་འབྲས་སོ་སོའི་འདོད་སྲོལ་རེ་ཡོད་ཀྱང་རྫོགས་པ་ཆེན་པོའི་རིག་པ་ཀ་དག་གི་གཤིས་སོ་མ་འདི་ནི་དཔྱད་མ་དགོས་བསྒོམ་མ་དགོས་ཏེ། ཡེ་ཐོག་མ་ནས་འཁོར་འདས་ཀུན་གྱི་རིག་པ་རང་བྱུང་གི་ཡེ་ཤེས་འདི་ཉིད་རང་བཞིན་ལྷུན་གྲུབ་ཏུ་བཞུགས་ཤིང་རྩལ་གྱི་འགྱུ་བ་ཤར་ཚེ་གྲོལ་ཚེ་གནས་ཚེ་སོགས་འཁོར་འདས་ཀྱི་སྣང་ཆ་དཔག་ཏུ་མེད་པ་ཤར་རུང་། ངོ་བོ་འཕོ་འགྱུར་མེད་པ་རིག་པའི་སྙིང་པོ་ཅན་འདི་ལས་ལྷག་པའི་གྲོལ་མ་མྱོང་བས། ཐོབ་བྱའི་སངས་རྒྱས་དང་འབྲས་བུ་ཞེས་པ་བློས་བཏགས་ཙམ་ལས་གཞན་དུ་ཐོབ་བྱ་མེད་པ་དང་། ངོ་བོ་འདི་ལ་ཐོག་མཐའ་བར་གསུམ་འཁྲུལ་བས་གོས་མ་མྱོང་བས་ཁམས་གསུམ་རིགས་དྲུག་སྐྱེ་གནས་བཞིས་བསྡུས་ཀྱི་གནས་རིས་སུ་སྐྱེ་བའི་ས་བོན་མེད་པས་འཁོར་འདས་གཉིས་ཐ་སྙད་བརྗོད་པའི་བློས་བཏགས་ཙམ་ལས་རང་བཞིན་རྡུལ་གྱི་ཆ་ཕྲ་མོ་ཙམ་ཡང་མ་གྲུབ་པའི་ཆོས་ཉིད་ནམ་མཁའ་ལྟ་བུ་སྟེ། ཁྱུང་ཆེན་ལས། གཞི་ནས་འདོད་པ་མི་སྲིད་སེམས་འདི་ལ། །རྣམ་སྨིན་བག་ཆགས་མི་སྲིད་སུ་ལ་བརྟེན། །ནམ་མཁའི་མེ་ཏོག་སྐྱེ་བའི་གནས་མེད་རྟེན་བྲལ་ལྟར། །ལུས་ལ་སེམས་ཀྱི་གནས་མེད་བག་ཆགས་རྟེན་མི་སྲིད། །ཅེས་དང་། ཀུན་བྱེད་ལས། ཀུན་བྱེད་རྒྱལ་པོ་ང་ལ་ནི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དགོངས་པའི་དོན་ནི་ང་ལ་འདུས། །ང་ཡི་རང་བཞིན་འདི་ལ་ནི། །སྐུ་འདུས་གསུང་འདུས་དགོངས་པ་འདུས། །ཞེས་དང་། རང་ཤར་ལས། ཕྱོགས་སུ་མ་ལྷུང་རྒྱ་མ་ཆད། །ཕྱི་དང་ནང་མེད་ཡངས་པ་ཆེ། །དྭངས་པ་དྲི་མེད་ཤེལ་གོང་བཞིན། །སྣང་ལ་རང་བཞིན་མེད་པར་གསུངས། །ཞེས་དང་། ཡང་། དེ་ཡང་མཚན་ཉིད་འགྱུར་མེད་ཡིན། །ཐ་དད་མ་ཡིན་གཅིག་པུ་ཉིད། །སངས་རྒྱས་ལས་ཀྱང་ང་སྔར་བྱུང་། །གཟུང་འཛིན་བསླད་པའི་ཆོས་མེད་དེ། །ཞེས་དང་། ཁྱུང་ཆེན་ལས། ཆོས་ཀུན་སྤྲོས་དང་བྲལ་ཞིང་རྙོགས་མེད་པ། །བྱས་མེད་རང་སར་གྲོལ་བས་གནད་འདིར་རབ་ཏུ་ཟབ། །ཅེས་དང་། ཀུན་བྱེད་ལས། ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །འདི་ལ་སུས་ཀྱང་འཆོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོགས་ཆོས་སྐུའི་དགོངས་པ་ངང་གིས་གནས། །ཞེས་དང་། རྩལ་རྫོགས་ལས། རང་རིག་ཡེ་ནས་འགྱུར་མེད་པས། །དགེ་སྡིག་གཉིས་ཀྱིས་ང་མི་བསྒྲིབ། །རང་བྱུང་རྒྱུ་རྐྱེན་མེད་པ་ལ༑ །འདུ་བྱས་ཆོས་སྤྱོད་བྱ་མི་དགོས། །ཞེས་དང་། ཀུན་བྱེད་ལས། ཀུན་གྱི་སྙིང་པོ་བྱང་ཆུབ་སེམས་འདི་ནི། །ཡེ་ནས་རང་བཞིན་ལྷུན་གྱིས་གྲུབ་པ་དང་། །རང་བཞིན་བཅུ་ཡིས་བཙལ་ཞིང་བསྒྲུབ་མི་དགོས། །ང་ཡི་རང་བཞིན་ཀུན་དཔེ་ནམ་མཁའ་འདྲ། །ནམ་མཁའ་དག་ལ་སུས་ཀྱང་རྩོལ་སྒྲུབ་བྲལ། །ཞེས་དང་། རྩལ་རྫོགས་ལས། རྫོགས་ཆེན་རིག་པའི་ངོ་བོ་ལ། །སངས་རྒྱས་ཆོས་རྣམས་མ་བཙལ་རྫོགས། །ཞེས་དང་། ནོར་བུ་ཕྲ་བཀོད་ལས། སྟོང་པ་ཆེན་པོ་ཆོས་ཀྱི་སྐུ། །བརྡ་དང་དམིགས་ནས་མཚོན་དུ་མེད། །རྒྱུ་དང་རྐྱེན་མེད་རང་རིག་པ། །སྟོང་དང་མི་སྟོང་མཐའ་ལས་འདས། །ཞེས་དང་། ཐལ་འགྱུར་ལས། དམ་པའི་དོན་ནི་བློ་བྲལ་ནས། །དབང་པོ་ཅིག་ཅར་གྲོལ་བས་ན། །མངོན་སུམ་མཐོང་བ་གནད་ཀྱིས་ནི། །རང་གིས་གྲུབ་པའི་མཐའ་ཞིག་ནས། །གང་ལ་ཡིན་དང་འཛིན་མེད་པར། །ཡང་དག་ཆོས་ཉིད་རོ་མྱོང་ནས། །ཁམས་གསུམ་ལྡོག་པའི་རྟེན་མེད་པར། །མཁའ་ལ་མཁའ་ཉིད་ཐིམ་པ་ལྟར། །རྣལ་འབྱོར་མཆོག་ཀྱང་དེ་བཞིན་ནོ། །ཐལ་འགྱུར་ལས། གྲོལ་ཞེས་ཐ་སྙད་ཙམ་ཉིད་དེ། །རྟོགས་དང་མ་རྟོགས་སུ་ཡི་ཆོས། །དེ་ལ་གྲོལ་ཞེས་སུ་ལ་དམིགས། །ཁམས་གསུམ་འཇུག་པ་སུ་ལ་སྲིད། །སྲིད་མཐའ་བྲལ་བའི་ཆོས་ཉིད་དོ། །ཡང་། བྱས་ཟིན་རྩོལ་སྒྲུབ་འདས་པ་མ་རིག་ནས། །རྩོལ་སྒྲུབ་བྱ་བྱེད་བསྒོམས་ནས་གྲུབ་ལྟ་ན། །བྱང་ཆུབ་གེགས་སུ་དེ་ལས་ཆེ་བ་མེད། །ཅེས་དང་། རྩལ་རྫོགས་ལས། སྤྱོད་པ་འཛིན་ཆགས་གཉིས་ལས་འདས། །སྒོམ་པ་གཏང་གཞག་གཉིས་ལས་འདས། །ལྟ་བ་ཕྱོགས་དང་རིས་ལས་འདས། །འབྲས་བུ་སྤང་ཐོབ་མཐའ་གཉིས་བྲལ། །སྣང་སྲིད་འཁོར་འདས་ཆོས་སོ་ཅོག །གདོད་ནས་རང་བྱུང་ཡེ་ཤེས་ངང་། །མ་གཡོས་རྩལ་ཆེན་ལྷུན་གྱིས་རྫོགས། །དངོས་བྲལ་སྟོང་པའི་རང་སྣང་ངོ་། །ཞེས་དང་། །ནོར་བུ་ཕྲ་བཀོད་ལས། རིག་པའི་ངོ་བོ་དེ་ཉིད་ལས། །འགག་མེད་ཟང་ཐལ་གནས་པ་ནི། །དཔེར་ན་རྒྱ་མཚོ་དྭངས་པ་ལ། །གཟའ་དང་སྐར་མ་ཤར་བ་བཞིན། །བག་ལ་ཉལ་བའི་དུས་མེད་པས། །སྣ་ཚོགས་ཟང་ཐལ་ཆེན་པོར་གནས། །ཞེས་དང་། རྩལ་རྫོགས་ལས། རྫོགས་ཆེན་དགོངས་དོན་ལྟ་བ་ནི། །དགེ་སྡིག་ཕྱོགས་སུ་མ་ལྷུང་བས། །ཡིན་མིན་གཉིས་ཀྱི་མཐའ་ལས་འདས། །རྫོགས་དང་མ་རྫོགས་གཉིས་སུ་མེད། །རྫོགས་ཆེན་རིག་པའི་ངོ་བོ་ལ། །འཁྲུལ་དང་མ་འཁྲུལ་མེད་པའོ། །ཞེས་དང་། སེམས་ཉིད་རང་གྲོལ་ལས། ལྟ་བ་རྣམ་དག་མཐའ་དབུས་མེད་པ་ལ། །འདི་ཞེས་མི་མཚོན་ཡངས་དོག་མཐོ་དམན་མེད། །རྟག་ཆད་ལས་འདས་མུ་བཞིའི་དྲི་མ་མེད། །བཙལ་ན་མི་རྙེད་བལྟས་པས་མཐོང་བ་མེད། །ཕྱོགས་དང་རིས་བྲལ་བསམ་ཡུལ་ཀུན་ལས་འདས། །གྲུབ་པའི་མཐའ་མེད་སྟོང་དང་མི་སྟོང་མེད། །རྟོགས་དང་མི་རྟོགས་རྩིས་གདབ་གཟའ་གཏད་མེད། །ཆོས་སྐུ་ཡེ་ནས་རྣམ་དག་བྱང་ཆུབ་པས། །མ་སྐྱེས་མ་འགགས་སྨྲ་བསམ་བརྗོད་དུ་མེད། །དག་དང་མ་དག་རང་བཞིན་དག་པའི་དབྱིངས། །ཐམས་ཅད་མི་དམིགས་མཉམ་རྫོགས་ཆེན་པོ་ཉིད། །བཅིང་གྲོལ་མེད་ལ་འགྲོ་འོང་གནས་པ་མེད། །སྣང་སྟོང་ཀུན་བརྟག་བདེན་འཛིན་སྒྱུ་མའི་ངང་། །འཁོར་འདས་བདེ་སྡུག་རྨི་ལམ་བཟང་ངན་འདྲ། །སྣང་དུས་ཉིད་ནས་རང་བཞིན་སྤྲོས་དང་བྲལ། །ཡང་། སྣང་བའི་ངོས་ལས་ལོག་པའི་སྟོང་པ་མེད། །མེ་དང་མེ་ཡི་རང་བཞིན་ཚ་བ་སྟེ། །ཐ་དད་མེད་པ་བློ་ཡིས་དབྱེ་བ་སྟེ། །ཆུ་དང་ཆུ་ཟླ་དབྱེར་མེད་རྫོགས་གྱུར་ཅིག །དེ་བཞིན་སྣང་སྟོང་ཆོས་ཉིད་ཆེན་པོར་གཅིག །སྣང་འདི་གདོད་ནས་མ་སྐྱེས་ཆོས་ཀྱི་སྐུ། །དྲི་མེད་རང་བཞིན་དག་པའི་སངས་རྒྱས་འདྲ། །དེ་ལ་ཡོད་མེད་བློས་བཏགས་འཁྲུལ་བས་ན། །གང་སྣང་དོན་ལ་དམིགས་གཏད་མ་བྱེད་ཅིག །སྣང་ཡུལ་དེ་ཡང་སེམས་ཀྱི་གཟུགས་བརྙན་ཏེ། །ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་བཞིན། །གཉིས་སུ་མེད་བཞིན་གཉིས་སུ་སྣང་བ་འདི། །ཐོག་མེད་བག་ཆགས་གོམས་པའི་རང་བཞིན་ཏེ། །སེམས་དང་རྨི་ལམ་གཉིས་སུ་མེད་མོད་ཀྱང་། །གཉིད་མྱོས་པ་ལ་རྨི་ལམ་སྣང་བ་བཞིན། །ངོ་བོ་ཐ་དད་མེད་པར་ཤེས་པར་བྱོས། །ཡང་། འདི་ལྟར་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །གདོད་ནས་མ་སྐྱེས་ཡེ་ནས་མཉམ་པ་ཉིད། །གྲུབ་བསལ་མེད་ཅིང་རྟག་ཆད་འགྲོ་འོང་མེད། །མཐའ་བྲལ་གཉིས་མེད་ཆོས་ཉིད་ནམ་མཁའི་ངང་། །སྣ་ཚོགས་ཆོས་ཅན་མ་འདྲེས་ཅི་སྣང་ཡང་། །སྣང་དུས་ཉིད་ནས་རང་བཞིན་སྤྲོས་དང་བྲལ། །ཕྱི་རོལ་དངོས་མིན་སེམས་ཀྱི་གནས་ལུགས་ཏེ། །སེམས་མིན་སེམས་ལས་བྱུང་བའི་ཆོས་ཀྱང་མེད། །ཅེས་དང་། བྱིང་རྒོད་གཉིས་མེད་ཉོན་མོངས་རྩ་བྲལ་ངང་། །ཇི་ལྟར་ཤར་ཡང་རང་གྲོལ་ཆོས་སྐུ་ལ། །གང་ལྟར་གནས་ཀྱང་གཉིས་མེད་མཉམ་པའི་ངང་། །བླང་དོར་མི་དགོས་སེམས་ཉིད་རྣལ་མའི་དོན། །གཉུག་མའི་ངོ་བོ་ཆོས་ཉིད་ཡེ་ཤེས་ལ། །སྒོམ་པའི་རྩལ་སྦྱང་རྒྱུན་ཆད་མེད་པར་མཛོད། །ཡང་། ཡེ་གྲོལ་ཕྱམ་གཅིག་ཀུན་ཏུ་བཟང་པོའི་ངང་། །གཞི་རྩ་དངོས་པོ་མེད་པའི་ཆོས་རྣམས་ལ། །འདི་ཞེས་ཆེད་དུ་མི་འཛིན་ངོས་བཟུང་མེད། །མཁའ་བཞིན་བྱེད་པོ་མི་དམིགས་བྱ་བས་སྟོང་། །གང་ཡིན་ཀུན་ཡིན་འདི་ཡིན་གཟའ་གཏད་མེད། །དེ་བཞིན་བསྐྱེད་རྫོགས་རང་བཞིན་བསྒོམ་མི་དགོས། །བླང་དོར་ཆོས་རྣམས་ཇི་ལྟར་འཛིན་ཡང་བློའི། །དེ་ཉིད་དོན་དུ་ཡོད་ན་འབད་མི་དགོས། །མེད་ན་དངོས་པོ་སོལ་བ་གསེར་འགྱུར་མིན། །དེ་ཕྱིར་བློས་བཏགས་ཆོས་རྣམས་མ་གྲུབ་པར། །དེ་ལ་བཅོས་བསྒྱུར་གཉེན་པོས་མ་བསླད་ཅིག །འདི་ནི་བླ་མེད་རྡོ་རྗེ་སྙིང་པོའི་དོན། །སྔགས་དང་རྒྱུད་མེད་གྲུབ་མཐའི་ཁས་ལེན་མེད། །འདི་ཞེས་ངོས་བཟུང་ལྟ་སྒོམ་སྤྱོད་འབྲས་མེད། །ཐམས་ཅད་མཉམ་རྫོགས་ཐིག་ལེ་གཅིག་གི་ངང་། །གྲུབ་པའི་མཐའ་རྫོགས་ལྟ་སྒོམ་སྤྱོད་འབྲས་རྫོགས། །འཁོར་འདས་མཉམ་ཉིད་ཆོས་ཉིད་གདལ་བ་ཆེ། །མ་བཅོས་མ་གྲོལ་ཡེ་ནས་བྱང་ཆུབ་པས། །བྱར་མེད་རྒྱལ་པོ་ལྷུན་རྫོགས་ཆོས་སྐུའི་ངང་། །སྣ་ཚོགས་གཟུགས་སྐུ་སྒྱུ་མའི་རོལ་མོ་ནི། །སྣང་སྲིད་སྐུ་གསུམ་ཡེ་ནས་འདུ་འབྲལ་མེད། །སྤང་བླང་མི་དམིགས་ཐམས་ཅད་རྣམ་དག་ངང་། །ཡངས་སོ་ཆེ་འོ་ཐམས་ཅད་ལྷུན་མཐོའོ། །ཞེས་དང་། བསམ་འགྲེལ་ལས། མིང་མང་བཏགས་ཀྱང་དོན་ནི་ངོ་བོ་གཅིག །སེམས་ཉིད་སྨྲ་བསམ་བརྗོད་འདས་བྱང་ཆུབ་སེམས། །འཁོར་འདས་གཉིས་མེད་ནམ་མཁའ་ལྟ་བུ་ཡིན། །ཕྱོགས་རིས་མ་མཆིས་གྲུབ་མཐའི་གཟེབ་ལས་འདས། །ཕྱོགས་བྲལ་གཉིས་མེད་མཉམ་རྫོགས་ཆེན་པོ་སྟེ། །རྒྱལ་བའི་དགོངས་པ་མཐའ་གྲོལ་ཀློང་ཡངས་སུ། །རྣལ་འབྱོར་རྣམས་ཀྱིས་ཡོངས་སུ་ཤེས་པར་བྱོས། །ཞེས་དང་། སེམས་ཉིད་ངལ་གསོ་ལས། སེམས་ཉིད་ནམ་མཁའ་ལྟ་བུའི་རང་བཞིན་ནི། །ཡེ་ནས་སངས་རྒྱས་སྙིང་པོ་བྱང་ཆུབ་ལ༑ །རྩོལ་ཞིང་བསྒྲུབས་པས་སངས་རྒྱས་འགྲུབ་པ་མིན། །མ་བྱས་རང་བཞིན་དག་པའི་ངང་དུ་ཞོག །ཡུལ་སེམས་གཉིས་མེད་ཡེ་ནས་དག་པ་ལ། །སྤང་བླང་གཉིས་མེད་ཕྱོགས་རིས་དགག་སྒྲུབ་མེད། །གང་སྣང་བདེན་མེད་གང་ཤར་སྟོང་པ་ཉིད། །ཐམས་ཅད་མཉམ་ཉིད་གཟའ་གཏད་ཀུན་དང་བྲལ། །ལྷུན་རྫོགས་ཡིན་གྱི་རྩོལ་སྒྲུབ་མ་བྱེད་ཅིག །གནས་ལུགས་ཡིན་གྱི་བཅོས་བསྒྱུར་མ་བྱེད་ཅིག །ཡེ་ནས་ཡིན་གྱི་ད་གཟོད་མ་སྒྲུབས་ཤིག །གྲུབ་བསལ་མེད་ཀྱི་བཟང་བསྒྱུར་མ་བྱེད་ཅིག །ཕྱོགས་རིས་མེད་ཀྱི་འདུ་ཤེས་མ་འཛིན་ཅིག །འཁོར་འདས་མེད་ཀྱི་རེ་དོགས་མ་བྱེད་ཅིག །བཟང་ངན་མེད་ཀྱི་བླང་དོར་མ་བྱེད་ཅིག །སྣང་ཞིང་མི་རྟོག་རོལ་པ་ཤར་པའི་ཚེ། །མ་བཅོས་ལྷུན་གྱིས་གྲུབ་པའི་རྫོགས་པ་ཆེ། །བྱས་ཆོས་བསམ་ལས་འདས་ན་མཐོང་བ་ཡིན། །བལྟས་པས་མི་མཐོང་བསྒོམས་པས་སྒྲུབ་པ་མེད། །བསྐྱེད་པས་མི་རྙེད་བྱ་རྩོལ་ཀུན་ལས་འདས། །རང་སེམས་སྙིང་པོ་འགྱུར་མེད་སངས་རྒྱས་ཏེ། །ཡོད་ནི་འཁོར་འདས་ཀུན་ལ་ཡེ་ནས་ཡོད། །ཁྱབ་ནི་དུས་གསུམ་སྔ་ཕྱི་མེད་པར་ཁྱབ། །ཡིན་ནི་ཆོས་དབྱིངས་རྒྱུ་འབྲས་འདས་པ་ཡིན། །ཡང་། ཇི་བཞིན་མ་བཅོས་སེམས་ཉིད་འོད་གསལ་ནི། །རྒྱུ་འབྲས་གཉིས་མེད་ཡེ་ནས་བྱ་རྩོལ་མེད། །མཁའ་བཞིན་མ་སྐྱེས་སྐྱེ་འགག་མི་གནས་པས། །དུས་གསུམ་འཕོ་འགྱུར་བརྗོད་མེད་བསམ་ལས་འདས། །མ་བཙལ་ལྷུན་གྱིས་གྲུབ་པས་སྐྱོན་ཡོན་མེད། །རོལ་པ་འགག་པ་མེད་པ་ཆོས་ཀྱི་དབྱིངས། །རང་བཞིན་གཅིག་ལ་བཅོས་བསླད་མ་བྱེད་ཅིག །ཡང་། བསྒྲུབས་པས་མི་ཕྱིན་སྦྱངས་པས་དག་པ་མེད། །རྩོལ་བས་མི་རྙེད་ཇི་བཞིན་ལྷུག་པར་ཞོག །སྐུ་དང་ཡེ་ཤེས་ཡོན་ཏན་ལྷུན་གྱིས་གྲུབ། །མ་བཅོས་དེ་བཞིན་ཉིད་དུ་བཞག་པས་འགྲུབ། །འབད་རྩོལ་མ་བྱེད་སེམས་ཉིད་ནམ་མཁའ་ཆེ། །ཡེ་ནས་དག་པའི་རྒྱུ་འབྲས་རྩོལ་མི་དགོས། །རང་སེམས་ཆོས་སྐུ་ལྷུན་གྲུབ་དོན་འདོད་ན། །གང་སྣང་ཡུལ་སེམས་དམིགས་གཏད་ཞེན་པ་བཤོལ། །འདི་ཞེས་ཁྱད་འཛིན་མེད་ན་མངོན་དུ་གྱུར། །ཀུན་ཡིན་གཅིག་ཡིན་གཟའ་གཏད་མེད་པས་ན། །ཕྱོགས་བྲལ་རིག་པ་མཉམ་ཉིད་ཡན་པར་ཞོག །བཞག་ས་ཡོད་ན་རྫོགས་པ་ཆེན་པོ་མིན། །ཅི་ཡིན་འདི་ཡིན་ངོས་བཟུང་མ་བྱེད་ཅིག །མ་བྱས་རང་བཞིན་དག་པའི་སེམས་ཉིད་ལ། །མི་བྱེད་རྩོལ་སྒྲུབ་མེད་པའི་དོན་མཐོང་ནས། །རང་བབས་ཡེ་གྲོལ་སོར་བཞག་གློད་གྱུར་པས། །ཡེ་ནས་ལྷུན་གྲུབ་མངོན་དུ་གྱུར་པ་ཡིན། །ཞེས་སོགས་མཐའ་ཡས་པར་གསུངས་པ་ལྟར་རིག་པ་ཀ་དག་གི་ངོ་བོ་ལ་ནི་འཁོར་འདས་སྐྱོན་ཡོན་རྡུལ་ཆ་ཙམ་གང་གིས་ཐོག་མཐའ་བར་གསུམ་དུ་མ་གོས་མ་བསླད་པ་ཆོས་ཀྱི་དབྱིངས་རང་བཞིན་གྱི་རྣམ་པར་དག་པ་ཆེན་པོ་གཅིག་གི་ངོ་བོ་ཡིན་ནོ། །དེ་ལྟར་ལྟ་བ་དྲི་མ་མེད་པ་གཏན་ལ་འབེབས་པའི་སྐོར་ཏེ་སྐབས་བཞི་པའི་རིམ་པ་རེ་ཞིག་རྫོགས་སོ།། ༈ །།དེ་ནས་ལྔ་པ་ལ། གོང་དུ་བཤད་མ་ཐག་པ་དེ་ལྟར་དང་པོ་ལྟ་བས་ཐག་གཅིག་ཐོག་ཏུ་ཆོད་ནས། བསྒོམས་པས་དེའི་ངང་ལ་མཉམ་པར་བཞག་དགོས་ཏེ། དེ་མ་ཡིན་ན་ཉོན་མོངས་པའི་ཚོགས་ལས་ནམ་ཡང་མི་གྲོལ་ཞིང་། ས་ལམ་གྱི་ཡོན་ཏན་མི་རྫོགས་པའི་ཕྱིར་ངེས་པར་བསྒོམ་པར་བྱ་དགོས་པ་ཡིན། སྒོམ་པའི་ཐབས་ལ་དབུ་མ་དང་ཕྱག་ཆེན་རྫོགས་ཆེན་ཞེས་འཇིག་རྟེན་ན་ཡོངས་གྲགས་ལྟ་བ་ཆེན་པོ་རྣམ་གསུམ་སྟེ། དེའང་གང་ཟག་གི་བློ་རིམ་དང་བསྟུན་པའི་ལྟ་སྒོམ་སྤྱོད་འབྲས་ཀྱི་རིམ་པ་ཤིན་ཏུ་མང་རུང་དོན་གྱི་ཆ་བསྡུ་ན། སྤྱིར་སོ་ཐར་གྱི་སྤང་བྱ་དང་བླང་བྱ་ཐམས་ཅད་རྡོ་རྗེ་ཐེག་པས་གཉིས་མེད་རོ་གཅིག་སེམས་ཐོག་ཏུ་རྟོགས་ནས་ལམ་དུ་ཁྱེར་བས་ཁྱད་པར་འཕགས། བྱང་སེམས་ཀྱི་གཞན་དོན་ཐབས་ཀྱི་རིམ་པའི་བྱ་སྤྱོད་ཐམས་ཅད་རྡོ་རྗེ་ཐེག་པས་རྒྱལ་པོ་གདན་ལས་མ་གཡོས་བཞིན་དུ་བྱ་བ་ཐམས་ཅད་ལྷུན་གྱིས་གྲུབ་ཡོང་བ་ལྟར། ཇི་སྲིད་བར་གཞན་དོན་འབད་མེད་ལྷུན་གྱིས་གྲུབ་པས་ན་ཁྱད་པར་འཕགས། གསང་སྔགས་ཕྱི་ནང་སྤྱི་ལྟར་བསྐྱེད་རྫོགས་དང་རྩ་རླུང་སོགས་འབད་རྩོལ་ལ་ཅུང་ཟད་ཙམ་མི་ལྟོས་པར་ཀ་དག་གདོད་མའི་གནས་ལུགས་གཅིག་ཆར་དུ་ངོ་རང་ཐོག་ཏུ་སྤྲད་པས་ན་ཁྱད་པར་འཕགས། གཞན་དག་གིས་ས་ལམ་རིམ་པར་བགྲོད་དེ་འབྲས་བུ་ཐོབ་དགོས་པ་ལྟར་མ་ཡིན་པར་གཞི་འབྲས་དབྱེར་མེད་ལམ་དུ་ཁྱེར་བས་ད་ལྟ་ནས་འབྲས་བུ་མངོན་དུ་གྱུར་ནས་ཕྱིས་འབྲས་བུ་བྲལ་ཐོབ་ཀྱི་རིས་མེད་པས་ན་ཁྱད་པར་དུ་མས་འཕགས་ཤིང་། བྱེ་བྲག་ཏུ་དབུ་མ་པས་ནི་དང་པོ་འཁྲུལ་རྐྱེན་སྣང་བ་ལ་ཁ་ཕྱིར་བལྟས་ཀྱིས་གཏན་ཚིགས་མང་པོ་དང་བཅས་བློ་ཡིས་དཔྱད་སྒོམ་བྱེད་པ་དང་། ཕྱག་ཆེན་པས་ཁ་ནང་བལྟས་ཏེ་ཀུ་སཱ་ལུའི་དཔྱད་སྒོམ་ཡིན་རུང་དྲན་པ་དང་གནས་པ་གཉིས་གཞི་ནས་བཅོས་མ་གསར་དུ་འཛུག་པའི་བར་དུ་གཡེང་བ་དང་འཁྲུལ་བ་སོགས་ངོས་བཟུང་ནས་རྣལ་འབྱོར་བཞི་རིམ་སོགས། ཉམས་དང་རྟོགས་པ་རིམ་པར་སྐྱེས་ནས་རིམ་གྱིས་དག་བྱ་མཐའ་དག་དག་དགོས་པ་དང་། རྫོགས་པ་ཆེན་པོས་ནི་འཁྲུལ་བའི་ཡུལ་རྐྱེན་ལ་མི་ལྟོས། འཛིན་པའི་སེམས་ལ་རག་མི་ལས་པར་ཐམས་ཅད་ཀྱི་འཆར་གཞི་དྲི་མ་མེད་པ་རིག་པ་རྗེན་པ་ཁོ་ན་ཉིད་རྐྱང་དེད་བྱེད་པ་ཡིན་པས་དབུ་ཕྱག་རྫོགས་གསུམ་གྱི་ལྟ་བ་མཐར་ཐུག་འདོད་ལུགས་ཁྱད་མེད་ཀྱང་ལམ་སྒོམ་པའི་སྐབས་སུ་ལམ་རིང་བ་དང་ཉེ་བ་དང་ཤིན་ཏུ་ཉེ་བའི་ཁྱད་རྒྱུག་པ་ཡིན་པར་འདུག་གོ། །དེ་ཡང་ཅུང་ཟད་བཀྲལ་བར་བྱ་ན་བཤད་མ་ཐག་པའི་ཚུལ་བཞིན་དབུ་མ་པས་ནི་རིག་རྩལ་གྱི་རོལ་པ་སྣང་བའམ་ཡུལ་ལ་སེམས་ཀྱི་རྟོག་དཔྱོད་དུ་མས་བདེན་མེད་སྟོང་ཉིད་དུ་གཏན་ལ་ཕབ་ནས་སྔ་བས་ནང་བདེན་འཛིན་གྱི་བློ་འགོག་པའི་ཚུལ་དུ་བྱེད་ཅིང་། དེར་ནི་ཁ་ཕྱིར་བལྟས་སུ་སོང་བའི་དབང་གིས་རིང་བའི་ལམ་ཞེས་བྱ་སྟེ། དཔེ་ཁྱིས་རྡོ་དེད་པ་དང་མཚུངས་པར་བཤད་དེ། ཕྱི་སྣང་བའི་གཟུགས་སྒྲ་དྲི་རོ་རེག་ལ་ཕར་རྟོག་དཔྱོད་ཀྱི་རང་བཞིན་མེད་པ་དང་མི་གཙང་བ་ལ་སོགས་པས་ཞེན་པ་སྤང་བར་བྱ་ཡང་སེམས་ཀྱི་ཞེན་མཁན་དེ་ཉིད་མ་གྲོལ་བས་འཛིན་པའི་རྩ་བ་མ་ཆོད་དེ་ཁྱིས་རྡོ་རྨུགས་པ་ལྟར་དོན་ཆུང་བ་ཡིན་ཏེ། དཀོན་བརྩེགས་ལས། འོད་སྲུང་ནང་དུ་ཡོངས་སུ་ཚོལ་ལ་ཕྱི་རོལ་དུ་མ་རྒྱུག་ཅིག །འདི་ལྟར་དགེ་སྦྱོང་བྲམ་ཟེ་ཁ་ཅིག་གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་ཀྱི་ནང་དུ་སོ་སོར་རྟོགས་པ་ལ་མངོན་པར་བརྩོན་ཏེ། མི་རྟག་པ་དང་བསླུ་བ་དང་། འཇིག་པའི་ཆོས་སུ་རྟོགས་ཀྱང་དེ་དག་གང་ནས་བྱུང་མ་ཤེས་པས་གྲོང་དང་གྲོང་ཁྱེར་གྲོང་བརྡལ་ཡུལ་ལྗོངས་ཡུལ་མཁར་རྒྱལ་པོའི་ཕོ་བྲང་འཁོར་དུ་སོང་ན་ཡང་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ཀྱིས་གནོད་སྣང་འཆར་བ་ལས་མ་འདས། འཇིག་རྟེན་སྡོམ་པར་གནས་ཀྱང་སླར་སྡོམ་པ་སྐྱེས། སྐྱེས་ནས་འདོད་ཡོན་གྱིས་གནོད་དེ། ཤི་འཕོས་ཀྱང་ངན་སོང་ལས་ཡོངས་སུ་མི་གྲོལ་འོད་སྲུང་དེ་ནི་འདི་སྐད་ཅེས་བྱ་སྟེ། དཔེར་ན་ཁྱི་ནི་རྡོ་བས་སྐྲག་གྱུར་ན། །སུས་འཕང་མི་སྙེགས་རྡོ་ལ་སྙེག་པར་བྱེད། །དེ་བཞིན་དགེ་སྦྱོང་བྲམ་ཟེ་ལ་ལ་དག །གཟུགས་ལ་སོགས་པས་སྐྲག་ནས་སྒོམ་པར་ཕྱོགས། །དེ་ནི་དབེན་པའི་དགོན་ལ་གནས་གྱུར་ཀྱང་། །གཟུགས་ལ་སོགས་པའི་ཡུལ་རྣམས་མཐོང་གྱུར་ན། །བཏང་སྙོམས་བཞག་ནས་ནང་གི་ཚུལ་མི་ཤེས། །དེ་ཡི་ཉེས་པ་འབྱུང་བ་གང་ཡིན་པ། །མི་ཤེས་པ་ནི་སླར་ཡང་གྲོང་དུ་འཁྱམས། །གཟུགས་ལ་སོགས་པས་ནམ་ཡང་གནོད་པར་འགྱུར། །ཞེས་དང་། དེ་ལྟར་མ་ཡིན་པ་ཕྱི་སྣང་བ་དང་ཉོན་མོངས་ཆགས་སྡང་སྤང་བླང་རེ་དོགས་ཐམས་ཅད་ཀྱི་རྩ་བ་རང་སེམས་ལ་ཐུག་ཡོད་པ་ཡིན་པས། དེ་ནང་དུ་བརྟགས་ལ་རང་བཞིན་མེད་པའི་ཤེས་རབ་ཀྱིས་ཞི་བར་བྱ་དགོས་ཏེ། འོད་སྲུང་སེང་གེས་རྡོ་ལ་མི་དེད་པར། །རྡོ་དེ་གང་ནས་བྱུང་ཤེས་པས། །རྡོ་འཕེན་མཁན་ལ་བསྙེགས་པ་ལས། །ཕྱིས་ནི་རྡོ་མི་འབྱུང་བ་ལྟར། །ཞེས་གསུངས་པ་བཞིན་དགེ་སློང་རྣལ་འབྱོར་སྤྱོད་པས་ཕྱི་རོལ་འདོད་ཡོན་རྣམས་མཐོང་ཚེ་བཟང་ངན་གྱི་རྣམ་པ་ཐམས་ཅད་སེམས་ལས་བྱུང་བར་ཤེས་ནས་སེམས་ལ་བརྟག་པས་དངོས་པོ་མེད་པར་ཤེས་པས་ཡོངས་སུ་གྲོལ་བར་འགྱུར་རོ། །དཔེར་ན་རྟ་ཡི་འདུལ་སྦྱོང་མཁས་པ་ཞིག །བྱང་ཤིང་གཡོ་མེད་ཚུལ་དུ་རབ་ཏུ་འདུལ། །རྣལ་འབྱོར་པ་ཡང་སེམས་ནི་འགྱུར་མཐོང་ནས། །དེ་ལྟར་ཕྱིས་འཁྲུགས་མི་འགྱུར་དེ་ལྟར་འཆོས། །ཞེས་དང་། དཔེར་ན་འོད་སྲུང་འདི་ལྟ་སྟེ། དཔེར་ན་ལྐོག་ནད་ལྷ་གོར་གྱིས་ནི་སྲོག་གི་དབང་པོ་འགག་པར་བྱེད་དོ། །དེ་བཞིན་དུ་ལྟ་བར་གྱུར་པ་ཐམས་ཅད་ཀྱི་ནང་ནས་བདག་ཏུ་འཛིན་པས་ནི་ཆོས་ཀྱི་སྲོག་གི་དབང་པོ་འགག་པར་བྱེད་དོ། །ཞེས་དང་། སྤྱོད་འཇུག་ལས། སེམས་ཀྱི་གསང་འདི་མ་ཤེས་པས། །དེ་དག་དོན་མེད་གྱི་ནར་འཁྱམས། །ཞེས་དང་། འཕགས་པ་ལྷས། ཇི་ལྟར་སྣང་བ་དགག་མིན་ཏེ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར། །འདི་ནི་སྡུག་བསྔལ་རྒྱུར་གྱུར་པ༑ །བདེན་པར་རྟོག་པ་ལྡོག་བྱ་ཡིན། །ཞེས་དང་། ཞི་ལྷས། འདི་ནི་མཐོང་ཐོས་ཤེས་པ་དག །དགག་པར་བྱ་བ་མ་ཡིན་ཏེ། །གང་ལའང་སྡུག་བསྔལ་རྒྱུར་གྱུར་པ། །བདེན་པར་རྟོག་པ་ལྡོག་བྱའོ། །ཞེས་དང་། ཁྱད་པར་དུ་ཀླུ་སྒྲུབ་ཞབས་ཀྱིས། སྣང་ཙམ་ཉིད་ནི་དགག་བྱ་མིན། །བདེན་པར་རྟོག་པ་ལྡོག་བྱའོ། །ཞེས་དང་། ཇི་ལྟར་སྣང་བཞིན་ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ། །ཞེས་དང་། ཡང་དག་དབྱིངས་ཀྱི་ལེའུ་ལས། བྱིས་པས་བསླུས་པའི་རྟོག་པའི་ལམ་ལ་བཙུད། །ཕྱིན་པའི་དུས་མེད་ལྡོག་པའི་དུས་མེད་པས། །ཆོས་ཀྱིས་ཆོས་ཚུལ་རྙེད་པར་ག་ལ་འགྱུར། །ཚད་མར་མ་གྱུར་སློབ་དཔོན་སྤྲེལ་འདྲའི་ལུང་། །བསྟན་པའི་ལམ་ནོར་རྟོག་པས་ཟིན་ཏ་རེ། །ཞེས་དང་། སེམས་ཉིད་རང་གྲོལ་ལས། ཇི་ལྟ་བུ་ཆུང་མེ་ལོང་མཐོང་བ་བཞིན། །བྱིས་པས་ཕྱི་རོལ་ཡུལ་ལ་དགག་སྒྲུབ་བྱེད། །ཨ་མས་མཐོང་བས་མེ་ལོང་ཕྱིས་པ་ལྟར། །རྒྱུ་འབྲས་ཐེག་པས་ཕྱི་རོལ་བཅོས་བསྒྱུར་བྱེད། །བཟང་མོས་མཐོང་སྟེ་བཞིན་ལ་ཕྱིས་པ་ལྟར། །དེ་ལྟར་ཤེས་པས་རང་གི་སེམས་ཉིད་བལྟ། །འདི་ནི་ངེས་མེད་སྙིང་པོའི་ཐེག་པ་ཡིན། །སེམས་ཉིད་གཅིག་ལ་འཁོར་འདས་གཉིས་འཕྲོ་བ། །དཀར་ནག་རས་ལས་ཤེལ་ལ་འགྱུར་བ་བཞིན། །ངོ་བོ་མི་འགྱུར་འཆར་གཞིའི་རྐྱེན་སྣང་གིས། །སྣང་བ་སྣ་ཚོགས་འཆར་དུས་འགྱུར་འདྲ་ཡང་། །དོན་ལ་མི་འགྱུར་ཤེལ་གོང་དག་པ་བཞིན། །ཡེ་སྟོང་རྩ་བ་བྲལ་བའི་སེམས་ཉིད་ལ། །འཁོར་འདས་ཆོས་རྣམས་སྣང་བས་མ་གོས་སོ། །ཞེས་དང་། ཆོས་ཀྱི་རྒྱ་མཚོའི་མདོ་ལས། དཔེར་ན་མི་གཅིག་ལ་དུག་མདའ་ཕོག་ནས་དེ་མྱུར་དུ་ཕྱུངས་ན་ནད་ལས་ཐར་རོ། །དེ་ལྟར་མ་ཡིན་པར་སྒྲོ་ལས་བྱུང་ངམ། སྨྱུག་མ་ལས་བྱུང་ངམ་མདེའུ་ལས་བྱུང་ངམ་ཞེས་རྟོག་དཔྱོད་འགའ་བྱས་ན་ནད་དེ་རྒྱས་ནས་འཆི་བར་འགྱུར་རོ། །དེ་བཞིན་གཏན་ཚིགས་མང་པོ་ལ་རྟོག་དཔྱོད་བྱས་པས་སེམས་རྟོག་པའི་དབང་དུ་སོང་ནས་ཅུང་ཟད་ཙམ་ཡང་བག་མི་ཕེབ་པར་དེ་ནི་ཉོན་མོངས་མཆེད་ཅིང་ལྡང་བར་འགྱུར་རོ། །དེ་བས་ན་རྣམ་པར་མི་རྟོག་པའི་སེམས་གནས་པར་བྱའོ། །ཞེས་གསུངས་པར་ལྟར་སྤྱིར་ཁ་ནང་བལྟས་དང་ཕྱིར་བལྟས་ཀྱི་ཁྱད་པར་དེ་ལྟར་ཤེས་དགོས་པ་དང་། འོད་གསལ་ཕྱག་རྒྱ་ཆེན་པོས་ཀྱང་སྒོམ་བྱུང་གི་ཤེས་རབ་ལ་ཁ་ནང་བལྟས་ཀྱི་ཚུལ་དུ་རྩལ་སྦྱང་བ་ཡིན་རུང་། རིག་པའི་རང་རྩལ་འཛིན་པ་སེམས་ཀྱི་རྣམ་པ་ལ་གནས་འགྱུ་རིག་སོགས་ཀྱི་རིས་ཕྱེས་ལ་མཉམ་པར་བཞག་ནས་རྣམ་རྟོག་གྲོལ་བའི་ཚེ་ཆོས་སྐུར་འདོད་པ་དང་། གཞི་ནས་ཞི་གནས་དང་ཉམས་མྱོང་རྟོགས་པ་ལ་སོགས་རིམ་གྱིས་སྐྱེས་ཤིང་རིམ་པར་དག་ནས་བརྟན་པ་ཐོབ་དགོས་པའི་ཕྱིར་བརྩོན་འགྲུས་རབ་མ་གཏོགས་ལམ་གྱི་ཆ་ཡོངས་སུ་རྫོགས་དཀའ་བར་གསུངས་ཏེ། ཏིལླི་པས། བློ་དམན་སྐྱེ་བོ་དོན་ལ་མི་གནས་ན། །དང་པོ་དམིགས་རྟེན་ཚོགས་ལ་གོམས་པར་གཅེས། །ལྟ་སྟངས་སེམས་འཛིན་ཡན་ལག་དུ་མ་ཡིས། །རིག་པ་ངང་གིས་མི་གནས་བར་དུ་ཟུང་། ཞེས་པ་དང་། གསང་བ་སྒྲོན་མའི་རྒྱུད་ལས། དམིགས་པ་དག་ལ་བརྟེན་ནས་སུ། །མི་དམིགས་པ་དག་རབ་ཏུ་བཤད། །མི་དམིགས་པ་ལ་གོམས་བྱས་ནས། །དམིགས་མེད་ངོ་བོ་ཉིད་དུ་གྲུབ། །ཅེས་དང་། རྗེ་མི་ལས། སེམས་རྫིང་ཆུ་བཞིན་དུ་བསྐྱིལ་བ་དེ། །རྟོག་པའི་འཕྲོ་འདུ་བཀག་པ་ཙམ། །དེས་གནས་ལུགས་རྟོག་པའི་གོ་མི་ཆོད། །ཅེས་དང་། ཉམས་ལ་ཡིད་ཆེས་བྱར་མི་རུང་། །ཉམས་ལ་ཡིད་ཆེས་སྐྱེས་པ་ན། །རྣམ་རྟོག་བགེགས་ཀྱི་དབང་དུ་འགྲོ། །དེ་དེ་ཡིན་ཏེ་དེ་དེ་མིན། །སྡོང་པོ་ཡིན་ཏེ་འབྲས་བུ་མིན། །ཞེས་དང་། འོད་སྲུང་ཞུས་མདོ་ལས། ཤིང་གཉིས་དྲུད་པ་ལས་ནི་མེ་འབྱུང་ཞིང་། །བྱུང་བ་དེ་ཡིས་དེ་ཉིད་སྲེག་པར་བྱེད། །དེ་བཞིན་ཤེས་རབ་དབང་པོ་སྐྱེས་ནས་ནི། །སྐྱེས་པ་དེ་ཡིས་དེ་ཉིད་སྲེག་པར་བྱེད། །ཅེས་དང་། མཻ་ཏྲི་པས། གཞི་ཡི་རང་བཞིན་ཡོངས་སུ་ཤེས། །གཉུག་མ་མཚོན་དུ་མེད་པ་དེ། །རྒྱལ་བ་རྣམས་ཀྱི་གཤེགས་ཤུལ་ཡིན། །བདག་ཀྱང་ཉམས་ལེན་དེ་ཀ་རང་། །ཞེས་དང་། དོ་ཧ་ལས། ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུ་ཡིས། །ནམ་ཞིག་སྡུག་བསྔལ་འབའ་ཞིག་བསྐྱེད་པར་བྱེད། །གང་ལ་ཞེན་པ་ཡོད་ན་དེ་དག་ཐོངས། །ཞེས་དང་། རྫོགས་ཆེན་རང་སྐད་ལས། དབྱིངས་རིག་དབྱེར་མེད་མ་རྟོགས་པར། །མི་རྟོག་ལྟེངས་པོར་སུས་བསྒོམ་པ། །རི་བོ་སྐེད་པ་བྲེགས་དང་འདྲ། །ཞེས་དང་། འདི་ཞེས་འཛིན་ན་གང་ཡང་གནས་ལུགས་མིན། །ཡིད་དཔྱོད་རྟོག་པའི་དྲ་བས་ཅི་ཞིག་མཚོན། །དེ་ཡིས་དོན་དམ་སྟོང་ཉིད་མཚོན་བྱས་ཀྱང་། །མཐར་འཛིན་ཉིད་ལས་གནས་ལུགས་ག་ལ་ཡིན། །ཞེས་དང་། སྟོང་པ་ཉིད་ལ་ལྟ་ཐོས་ཀྱང་། །དེ་ཉིད་ལྟ་བ་མ་ཞིག་ན། །གསོ་མི་རུང་བའི་ལྟ་ཅན་དེ། །སྨན་པས་གཏོང་བའི་ནད་པ་བཞིན། །ཞེས་སོགས་གསུངས་པ་ལྟར་དེ་སྔོན་ཡེངས་འཁྲུལ་རྒྱ་འབྱམས་པ་ལ་རྩོལ་བཅས་ཀྱི་དྲན་པས་སོ་འཛུག་སྟེ་འཁྲུལ་རྟོག་རྣམས་ཞི་གནས་སུ་བཅོམ་ཏེ་རིམ་གྱིས་ཡེངས་འཁྲུལ་རྣམས་དག་ཅིང་། དྲན་ཤེས་དང་གནས་པའི་དྭངས་སྙིགས་རིམ་པར་ཆ་འབྱེད་དེ་རྣལ་འབྱོར་བཞི་གསུམ་བཅུ་གཉིས་ཀྱི་ས་ལམ་རིམ་གྱིས་བགྲོད་དགོས་པའི་ཕྱིར་རོ། །རྫོགས་པ་ཆེན་པོ་ནི། འཁྲུལ་རྐྱེན་སྣང་བའི་ཡུལ་དང་། འཁྲུལ་མཁན་འཛིན་པའི་སེམས་སོགས་ཡེངས་འཁྲུལ་དང་གཉེན་པོ་དག་མ་དག་གང་ལའང་རག་མི་ལས་པར་ཐད་ཀར་རིག་མ་རིག་གཉིས་ཀྱི་སོ་མཚམས་ཁོ་ནར་བསྡུས་ཏེ་གཟུང་འཛིན་ཐམས་ཅད་ཀྱི་འཆར་གཞི་ཀ་དག་གི་ངོ་བོ་ལ་གཅེར་བུ་ངོ་རང་ཐོག་ཏུ་འགྱུར་བ་མེད་པར་སྤྲོད་ཅིང་། དེ་དང་དབྱེར་མི་ཕྱེད་པའི་རང་བྱུང་གི་རིག་པ་རྐྱང་དེད་ཁོ་ནར་བྱས་པའི་སྒོམ་སྟོབས་ཀྱིས་ཡིད་དཔྱོད་མཚན་འཛིན་དང་གོལ་ཤོར་སྒྲིབ་པ་སོགས་ཀྱི་དྲི་མས་མ་གོས་ཤིང་ལམ་བདེ་མྱུར་ཁྱད་པར་དུ་མས་འཕགས་པ་ཉིད་དེ། དཔེར་ན་ས་དང་སྐས་ཀྱི་རིམ་པ་ལ་མི་ལྟོས་པར་བྱ་ནམ་མཁའ་ལས་འབབས་པ་ལྟར་རམ། ཁྱུང་ཆེན་ནམ་མཁར་ལྡིང་བ་ལྟར་རམ། རྫིང་ཆེན་ཐད་ཀར་ཆུ་ལ་འཇུག་པ་ལྟར་རམ། རྒྱལ་པོ་གདན་ལས་མ་གཡོས་པས་བྱ་བ་ཐམས་ཅད་ལྷུན་གྱིས་གྲུབ་པ་བཞིན་དུ་མདོར་ན་རྒྱུ་འབྲས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་རག་མི་ལས་པ་དང་། དཀའ་སྤྱད་ངལ་བ་དང་འབད་རྩོལ་སོགས་ཆེར་མ་དགོས་པར་གཞི་ལམ་འབྲས་གསུམ་དབྱེར་མེད་སྐུ་དང་ཡེ་ཤེས་ཡོན་ཏན་ཐམས་ཅད་མ་བྱས་ལྷུན་གྱིས་རྫོགས་པའི་དཀྱིལ་འཁོར་ཆེན་པོ་གདོད་ནས་རྣམ་པར་དག་པའི་ངོ་བོ་དེ་ཁོ་ན་ཉིད་གཞིར་བཞག་ནས་སྒོམ་པ་ནི་ཀ་དག་ཁྲེགས་ཆོད་ལྟ་བའི་རྒྱལ་པོ་ཞེས་བྱ་སྟེ། དེའི་མཚན་དོན་འགྲེལ་ཆགས་ཙམ་ཞིག་འགོད་ན་སྣང་བའི་ཡུལ་ལ་བཟང་ངན་དང་དགག་སྒྲུབ་གཉིས་སུ་མེད་པར་ཁྲེགས་སེ་གཅོད་པས་ན་ཁྲེགས་ཆོད། འཛིན་པའི་སེམས་ལ་ཤར་གྲོལ་གཉིས་སུ་མེད་པར་ཁྲེགས་སེ་ཆོད་པས་ན་ཁྲེགས་ཆོད། བདག་ཏུ་འཛིན་པའི་གཞི་མ་རིག་པའི་ཆ་གནས་ཡུལ་མེད་པ་ཁྲེགས་སེ་ཆོད་པས་ན་ཁྲེགས་ཆོད་ཅེས་པའི་ཚིག་དོན་དེ་ལྟར་ཡིན་ནོ། །ད་ནི་དེ་ལྟར་བསྒོམ་པ་ལའང་ཁྲིད་ཡིག་དང་བླ་མ་རྣམས་ཀྱི་ཁྲིད་འཆད་ཚུལ་གྱི་རིམ་པ་ཕྱི་ནང་གསང་གསུམ་དང་རྒྱས་འབྲིང་བསྡུས་པ་སོགས་རྣམ་གྲངས་ཤིན་ཏུ་མང་ཞིང་དེ་བཞིན་རྫོགས་ཆེན་སྒོམ་པ་ལའང་རླུང་དང་རྟེན་བཅས་སྣ་ཚོགས་དང་། སེམས་ཀྱི་དམིགས་པ་དང་། བསྐྱེད་རྫོགས་སོགས་སྤྲོས་བཅས་དུ་མའི་སྒོ་ནས་ཞི་གནས་རྐྱང་པ་སྒྲུབ་ཚུལ་དང་གནས་པ་དང་གསལ་བའམ་གནས་པ་དང་སྣང་བའམ་གནས་པ་དང་འགྱུ་བ་ལ་སོགས་པ་དཔེ་དོན་དུ་མའི་སྒོ་ནས་ཞི་ལྷག་ཟུང་འཇུག་ཏུ་རིམ་པར་སྒོམ་ཚུལ་སོགས་ཕ་མཐའ་ཡས་པ་རེ་གང་ཟག་གི་བློ་རིམ་དང་བསྟུན་པར་བཞུགས་འདུག་ཀྱང་དེ་བཞིན་ད་ལན་རྨང་ནས་རིམ་པར་བསྒོམ་མི་དགོས་པར་བླ་མ་རྟོགས་པ་མཆོག་ལྡན་གྱིས་གང་ཟག་སྣོད་རབ་ལ་གདམས་ངག་ཟབ་མོ་བཅར་ཕོག་ཏུ་ངོ་སྤྲོད་པས་གང་ཟག་རབ་རྣམས་ལྟ་སྒོམ་དབྱེར་མེད་ཀློང་གཅིག་ཏུ་གྱུར་ནས་ཇི་བཞིན་པའི་གནས་ལུགས་རྟོགས་པ་དང་། ཡོངས་སུ་གྲོལ་བ་དུས་མཉམ་དུ་འབྱུང་བ་ནི་ཆོས་གཞན་ལས་འབུམ་འགྱུར་གྱིས་ཁྱད་པར་འཕགས་པ་འདིའི་ལུགས་མན་ངག་གམ་གདམས་ངག་ཟབ་མོ་ཞེས་པའི་དོན་མངོན་དུ་གྱུར་པ་ཡིན་ཏེ། སྔོན་བོད་དུ་གསང་སྔགས་ཀྱི་བསྟན་པ་དང་པོ་ཚུགས་པའི་དུས་དེར་ཨོ་རྒྱན་རིན་པོ་ཆེ་ལ་མངའ་བདག་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་། ཇོ་མོ་ཡེ་ཤེས་མཚོ་རྒྱལ་གཉིས་ཀྱིས་ཞུས་པ། བདག་ཅག་གིས་སྡིག་སྒྲིབ་སྦྱང་བ་དང་ཚོགས་བསགས་མ་དགོས་པར། སྒོམ་སྒྲུབ་ཀྱི་རྩོལ་བ་ཆེར་བྱ་མ་དགོས་པར་གསུང་པ་ཙམ་གྱིས་གོ་སླ་ཞིང་རྟོགས་མྱུར་བ་མཐོང་ཐོས་རེག་པ་ཙམ་གྱིས་ཀྱང་སངས་རྒྱས་པའི་ཆོས་ཤིག་གནང་བར་ཞུ་འཚལ་ཞེས་ཞུས་པས་གུ་རུ་རིན་པོ་ཆེས་དེ་འདྲའི་ཆོས་ནི་འཇིག་རྟེན་ན་འབྱུང་དཀའ་ཞིང་། སྔོན་སངས་རྒྱས་འོད་སྲུང་གི་དུས་དང་། ད་ལྟ་སངས་རྒྱས་ཤཱཀྱ་ཐུབ་པ་དང་། མ་འོངས་ན་བྱམས་པ་ཆེན་པོ་བྱོན་པའི་དུས་སོགས་ལའང་འབྱུང་བར་དཀའ། འོན་ཀྱང་སངས་རྒྱས་ཀྱིས་མི་མཁྱེན་པ་མིན་ཀྱང་འགྲོ་བ་རྣམས་སྐལ་པ་དམན་པས་འཇིག་རྟེན་ན་འབྱུང་དཀའ་བ་ཡིན། དེས་ན་ཆོས་ཟབ་མོ་རང་གི་སྙིང་ལས་གཅེས་པའི་གདམས་པ་སྟེར་བ་ལ། རྩོལ་བ་དྲག་པོས་རྩེ་གཅིག་ཏུ་ཉམས་སུ་ལེན་ནུས་སམ། ཕོངས་པའི་རྒྱུ་ནོར་གང་ཡོད་ཐམས་ཅད་འབུལ་ནུས་སམ། བཀའ་རྒྱ་དང་ལྡན་པ་འདི་རབ་ཏུ་གསང་བར་ནུས་སམ། གསུང་བའི་སྐབས་སུ་རྒྱལ་པོས་རྒྱུ་ནོར་སུམ་ཆ་འབུལ་ནས་ལུས་སྲོག་ཡལ་བར་དོར་ཏེ་སྒྲུབ་པ་བྱ་ནུས་ཚུལ་སོགས་ཞུས་པ་ལྟར་གདམས་པ་འདི་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོ། ལྟ་བ་ཐམས་ཅད་ཀྱི་ཞེ་ཕུག །སྒོམ་པ་ཐམས་ཅད་ཀྱི་མདོ་འགག །སྤྱོད་པ་ཐམས་ཅད་ཀྱི་ལག་ལེན། འབྲས་བུ་ཐམས་ཅད་ཀྱི་བཅུད་ཕུར་ཆོས་ཐམས་ཅད་ཀྱི་སྤྱི་མེས། བླ་ན་མེད་པ་ཡང་དག་པའི་མན་ངག་འདི་ལྟ་བུ་ནི་ཐོབ་པ་ཙམ་ཀྱིས་སྐྱེ་བ་བདུན་ནས་གྲོལ། བསམ་པས་ནི་སྐྱེ་བ་གསུམ་ནས་གྲོལ། ཐུགས་སུ་ཆུད་པས་སྐྱེ་བ་གཅིག་གིས་གྲོལ། དེ་བཞིན་གོ་ཞིང་མངོན་དུ་རྟོགས་ན་ནངས་བསྒོམས་ན་ནངས་སངས་རྒྱས། ནུབ་བསྒོམས་ན་ནུབ་སངས་རྒྱས་ཤིང་། སྐལ་ལྡན་ལས་འཕྲོ་ཅན་མ་བསྒོམས་ཀྱང་སངས་རྒྱས་པར་འགྱུར་ཞེས་པ་ལྟར་དཔེར་ན་བེམ་པོ་མེ་ཤེལ་དྲི་མ་མེད་པ་གཅིག་སྤྲ་བ་སྐམ་ཐག་ཆོད་པ་ལ་འཕྲད་པ་ཙམ་གྱིས་མེ་འུར་རེ་འབར་བ་ལ་གདོན་མི་ཟ་བ་ལྟར་རམ། གསལ་བྱེད་ཀྱི་ཉི་མ་གཅིག་འཆར་བས་མུན་པ་ཐམས་ཅད་ལྷག་མེད་དུ་གསལ་བ་ལྟར་རམ། མཐོང་བ་སྒོ་ཡི་དབང་པོ་མིག་འབྱེད་ནས་བལྟས་པས་སྣང་བ་རྣམས་མ་འདྲེས་པ་དུས་གཅིག་ཏུ་མངོན་པར་གསལ་བ་བཞིན་དུ་གང་ཟག་རབ་དང་འབྲིང་དུ་གྱུར་པ་རྣམས་ཀྱིས་དཔེ་ལ་བརྟེན་ནས་ཡིད་ལྷག་པར་ཆེས་པ་སྔོན་དུ་བྱ་དགོས་ཏེ། སྡོམ་གསུམ་རྣམ་ངེས་སུ། རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས། །ཡོངས་སུ་དག་སྐུ་རྡོ་རྗེ་འཆང་ཆེན་པོ། །ཞེས་དང་། །ཨ་ཏི་བཀོད་པ་ཆེན་པོ་ལས། དེ་ལྟར་གཏན་ལ་མ་ཕེབས་ན། །ཡིད་དཔྱོད་འཛིན་པ་རྣམས་དང་ནི། །ཁྱད་པར་ཅི་ཡང་མེད་པར་གྱུར། །དེ་ཕྱིར་ངེས་གསང་སྙིང་པོ་འདི། །མུན་པ་ལས་ནི་མར་མེ་འམ། །གཅན་གཟན་རྣམས་ལས་སེངྒེ་འམ། །བ་ལང་རྣམས་ལས་གླང་ཆེན་ནམ། །རྐང་ཐང་རྣམས་ལས་རྟ་པ་བཞིན། །ཀུན་གྱི་ནང་ནས་ཁྱད་པར་འཕགས། །ཞེས་དང་། རྡོ་རྗེ་རྩེ་མོ་ལས། ཕ་རོལ་ཕྱིན་པའི་ཐེག་པ་ནི། །བསྐལ་པ་གྲངས་མེད་མི་ཐོབ་པས། །གལ་ཏེ་རྣལ་འབྱོར་པ་དེས་བརྩོན། །ཡང་ན་མཐོང་བ་ཙམ་གྱིས་ནི། །སྐྱེ་བ་བཅུ་དྲུག་མྱ་ངན་འདའ། །ཞེས་དང་། །རྒྱུད་སམྦུ་ཊ་ལས། བསྐལ་པ་བྱེ་བ་དུ་མ་རུ། །འགྲུབ་དཀའ་བ་ཡི་སངས་རྒྱས་ཀྱང་། །ཚེ་འདི་ཉིད་ལ་སྟེར་བས་ན། །འབྲས་བུའི་ཐེག་པ་ཞེས་བྱའོ། །ཞེས་དང་། སངས་རྒྱས་མཉམ་སྦྱོར་ལས། བསྐལ་པ་བྱེ་བ་དུ་མ་རུ། །སངས་རྒྱས་སྐུ་དངོས་མ་མཐོང་ཞིང་། །གསང་སྔགས་ཚེ་འདིའི་ཆོ་ག་ཡིས། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་དང་། ཡེ་ཤེས་ཐེག་པ་ལས། ཡང་ན་ལུས་འདི་སྤངས་མ་ཐག །བླ་ན་མེད་པའི་ཡེ་ཤེས་སྐུ། །བརྩོན་པ་མི་ལྡན་པས་ཀྱང་འགྲུབ། །བརྩོན་འགྲུས་ལྡན་པས་སྨོས་ཅི་དགོས། །ཞེས་དང་། འཇམ་དཔལ་ཞལ་ལུང་ལས། གཟུགས་ཅན་ཕུང་པོ་རང་ལུས་འདི། །ཚེ་འདི་ཉིད་ལ་མ་གྲུབ་ཀྱང་། །ཡིད་ནི་རྡོ་རྗེའི་སྐུར་འགྲུབ་ནས། །བར་དོ་ཡང་དག་འགྲུབ་པར་འགྱུར། །ཞེས་དང་། པདྨ་རྩེ་མོ་ལས། ཤིན་ཏུ་དཀའ་བས་མི་འགྲུབ་པར། །སྐད་ཅིག་ཡང་དག་སྦྱོར་བའི་ཕྱིར། །རྒྱུ་སྔོན་སོང་ལ་མ་ལྟོས་པར། །གནད་ལས་འབྲས་བུ་འབྱིན་པའི་ཕྱིར། །འབྲས་བུའི་ཐེག་པ་ཞེས་བྱའོ། །ཞེས་དང་། རྒྱུད་ལས། སེང་གེ་མཆོང་བས་ས་ཆོད་ལྟར། །དགོངས་པ་གཅིག་གིས་ཕ་རོལ་ཕྱིན། །སྔ་མ་ལས་ཀྱི་འཕྲོ་ལྡན་པས། །བར་དོ་རྟགས་མཐོང་རང་ས་ཟིན། །ཞེས་དང་། ལུང་ལས། བག་ཆགས་སྦུབས་ཀྱི་རིག་པ་དང་། །མཁའ་ལ་གནས་པའི་རིག་པ་གཉིས། །ཡེ་ཤེས་སྒོ་ཡིས་མཚམས་སྦྱར་ནས། །བག་ཆགས་སྦུབས་ཀྱིས་མ་བསྒྲིབས་པར། །གཉིས་མེད་ཟང་ཐལ་ཆེན་པོ་གནས། །རྟོགས་པའི་དོན་ཆེན་དེ་ལྡན་ན། །སེང་གེ་མཆོང་བས་ས་ཆོད་ལྟར། །རང་རིག་ཡེ་ཤེས་ཆེན་པོ་ཡིས། །བར་དོ་མེད་ཅིང་སྐད་ཅིག་ལ། །རིན་ཆེན་སྦུབས་ཀྱི་ནང་དུ་ཆུད། །ཅེས་དང་། ཡིད་བཞིན་བདེ་བའི་རྒྱུད་ལས། རང་བཞིན་རྫོགས་པ་ཆེན་པོའི་འཐད། །ཆོས་རྣམས་རང་སར་བཞག་པ་སྟེ། །ཡེ་གྲོལ་ཅོག་བཞག་ཉིད་ལ་ཐུག །དགོངས་པ་བློ་ལས་འདས་པ་དང་། །སྟོང་དང་དངོས་པོའི་མཐའ་ཟད་དུ། །དགུ་ཟད་རྟོག་པ་ཟད་པ་དང་། །མཚན་བཅས་རང་སར་གྲོལ་གྱུར་ནས། །མ་སྦྱངས་ལྷུན་གྱིས་གྲུབ་པ་ཡིན། །ཡོན་ཏན་རྣམས་ནི་ངང་གིས་རྫོགས། །ཡང་། དེ་ལ་རྣལ་འབྱོར་སྐལ་ཆེན་པོ། །བསམ་མེད་ཡིད་ལ་མ་བྱས་པས། །རང་བཞིན་ལྷུན་གྱིས་རྫོགས་པ་ཡི། །ས་མཆོག་དཀྱིལ་འཁོར་ཆེན་པོ་འགྲུབ། །ཅེས་དང་། སྒྱུ་འགྲེལ་ལས་ཀྱང་། མི་འགྱུར་མཉམ་པ་ཆེན་པོའི་ངང་ཉིད་ལས། །མི་གཡོ་སྤྲོས་དང་བྲལ་བའི་བྱང་ཆུབ་སེམས། །མི་རྟོག་རང་བྱུང་ཡེ་ཤེས་དོན་མཐོང་ནས། །མི་གནས་གདོད་མའི་དབྱིངས་སུ་ཕྱིན་པར་འགྱུར། །ཞེས་སོགས་ཚིག་དོན་ལུང་འདྲེན་ལོ་རྒྱུས་མཐའ་ཡས་པ་ཞིག་གསུངས་པ་ལྟར། རྫོགས་པ་ཆེན་པོ་ནི་གཞན་དག་ལས་ཁྱད་པར་དུ་མས་འཕགས་ཚུལ་རྣམས་ལེགས་པར་གོ་ནས་ངེས་ཤེས་ལྷག་པར་བསྐྱེད་མཛོད་ཅིག །དེའང་མན་ངག་འདིའི་ལུགས་ལྟར་ན་དང་པོ་ལམ་ཉམས་སུ་བླང་བའི་དུས་འདིར་སྒོམ་པའི་སྔོན་ལ་སེམས་དང་རིག་པའི་རྣམ་དབྱེ་མ་འདྲེས་པ་སོ་སོར་ཕྱེ་བ་ལྷག་པར་གལ་གནད་ཤིན་ཏུ་ཆེ་བའི་རང་བཞིན་འདི་ལྟ་སྟེ། སེམས་དང་རིག་པ་མ་ཕྱེད་ན་ཉན་མཁན་མེད་པའི་རྒྱལ་པོ་དང་འདྲ་བའམ། གསལ་བྱེད་ཀྱི་ཉི་མ་དང་སྒྲིབ་བྱེད་ཀྱི་སྤྲིན་གཉིས་གཅིག་ཏུ་བཤད་པ་དང་འདྲ་བར། སྣང་བ་ཡུལ་གྱི་རྩ་བ་མི་ཆོད་དེ་ཉོན་མོངས་པ་རྣམས་མགོ་མི་ནོན་ཅིང་སླར་ཡང་ཉོན་མོངས་པས་མགོ་འཕུར་སྔར་བྱེད་ཡོང་བ་ལས་ནམ་ཡང་མ་འདས་ཏེ། དགའ་རབ་རྡོ་རྗེའི་གདམས་པ་དྲུག་ཚན་དྲུག་ལས། སེམས་དང་རིག་པ་མ་ཕྱེད་པས། །གདམས་ངག་སྟོན་པའི་བླ་མ་དེ། །ཝ་མོ་གག་ལ་ཟིན་པ་འདྲ། །སེམས་ཉིད་ཡིན་ཏེ་རིག་པ་མིན། །སེམས་ལ་སྐྱེ་འགག་འགྱུར་བ་ཡོད། །རིག་པ་ལ་ནི་འགྱུར་བ་མེད། །དེ་ཕྱིར་སེམས་དང་རིག་པ་ཕྱེད། །ཅེས་དང་། མུ་ཏིག་ཕྲེང་བ་ལས། སེམས་ཀྱིས་བག་ཆགས་ཐམས་ཅད་སྒྲུབ། །ལུས་ཅན་རྣམས་ཀྱི་དྲི་མ་ཡིན། །གཟུང་བ་ཡུལ་ལ་འཛིན་པ་སེམས། །དེ་ཕྱིར་འཁོར་བའི་ཆོས་ཉིད་དེ། །འགྲོ་བ་རྣམས་ནི་སེམས་དེས་འགྲོ། །དེ་མིན་འགྲོ་བར་ནུས་མིན་ཏེ། །དེ་ཕྱིར་འགྲོ་རྣམས་འཁྲུལ་འཁོར་བཞིན། །སེམས་དེ་བྲལ་ན་སངས་རྒྱས་པ། །ལུས་ཅན་ཀུན་གྱི་དྲི་མ་དག །ཐུགས་ནི་བསྐྱོད་པ་ཀུན་དང་བྲལ། །བེམ་པོ་ལྟ་བུ་མ་ཡིན་ཏེ། །ཤེས་ཤིང་རིག་ལ་གསལ་བྱེད་སྣང་། །རྣམ་པར་རྟོག་པ་ཀུན་བསྲེགས་ཏེ། །རིག་པ་ཉིད་ནི་མེ་བཞིན་ཟ། །ནམ་མཁའ་ཉིད་དང་ཉེ་བར་མཚུངས། །སྟོང་གསལ་རིག་བཅས་ཉིད་ཡིན་ནོ། །ཞེས་དང་། དུར་ཁྲོད་ཕུང་པོ་རོལ་པའི་མདོ་ལས། སེམས་ཀྱི་ངོ་བོ་ཡེ་ཤེས་ཏེ། །དེ་ལ་གཟུང་འཛིན་རྩལ་དུ་ཤར། །དབུགས་ལ་རྟ་བྱས་རྐྱེན་དང་འཕྲད། །ཅེས་དང་། ཐལ་འགྱུར་ལས། སེམས་ཞེས་བྱ་བ་འཁྲུལ་རྟོག་ཡིན། །ངོ་བོ་གང་ལའང་འཇུག་པར་བྱེད། །དྲན་བསམ་རྣམས་ཀྱི་གཞི་མའོ། །ཞེས་དང་། གནད་གསུམ་ཤན་འབྱེད་ལས། སེམས་དང་རིག་པ་རླུང་དང་ནམ་མཁའ་འདྲ། །སེམས་ནི་དམིགས་གཏད་གྱ་གྱུའི་རྣམ་པ་ཅན། །བྱུང་ཚུལ་སྣ་ཚོགས་རྐྱེན་གྱི་རྟེན་གཞི་བྱེད། །རིག་པ་གཏན་དང་བྲལ་ཞིང་ཀུན་ལ་ཁྱབ། །སྟོང་ལ་གོ་འབྱེད་གསལ་ལ་རྟོག་པ་མེད། །ཡུལ་གྱི་སྣང་བས་གོས་དང་མ་གོས་མཚམས། །ཆུ་དང་དངུལ་ཆུ་ས་ལ་ལྷུང་དང་མཚུངས། །ཞེས་གསུངས་པ་ལྟར་དུ་སེམས་ནི་གློ་བའི་ནང་ན་གནས་ཤིིང་ལམ་ནི་རྩ་གྲོ་སོག་གི་སྦུ་གུ་ལྟ་བུ་ནས་རྒྱུ། སྒོ་ནི་ཁ་སྣ་ནས་ཐོན་ཅིང་། རིག་པ་ནི་སྙིང་ལ་གནས། ལམ་ནི་རྩ་ཀ་ཏི་ཤེལ་བུག་ཅན་ནས་རྒྱུ། སྒོ་ནི་མིག་ལ་མཆེད་དོ། །དེའང་སེམས་དང་རིག་པ་མི་ཕྱེད་པའི་དོན་ནི་སྙིང་དང་གློ་བའི་བར་ན་རྩ་གྲོ་སོག་གི་སྦུ་གུ་ཙམ་ཞིག་གིས་སྦྲེལ་ནས་ཡོད། དེའི་ལམ་བརྒྱུད་དེ་གློ་བ་ནས་མ་དག་པའི་རླུང་རྒྱུ་བ་དང་སྙིང་ཁའི་རིག་གདངས་གཉིས་འཕྲད་དུས་རྣམ་རྟོག་མི་དྲན་དགུ་དྲན་མི་བཀྲ་དགུ་བཀྲ་རྣམས་རྩོལ་མེད་དུ་འབྱུང་བ་ཡིན་ཏེ། དཔེར་ན་མི་ཞ་བོ་དང་རྟ་ལོང་བ་གཉིས་འཕྲད་ནས་བགྲོད་པ་དང་འདྲ་བར་གསུངས་པས་དེས་ན་སེམས་རིག་དབྱེ་བའི་དུས་རླུང་གི་རྒྱུ་བ་ཤིན་ཏུ་དལ་བ་ལ་བསླབས་པས་སེམས་ཀྱི་འགྱུ་དྲན་རང་ཤུགས་ཀྱིས་འགག་པར་འགྱུར་ཞིང་། རིག་གདངས་རྐྱེན་གྱིས་མ་བསྐྱོད་པར་སྙིང་ཁར་འཁྱིལ་བའི་དུས་རིག་པ་གསལ་སྟོང་གི་ངོ་བོ་ས་ལེར་རང་ཤུགས་ཀྱིས་གནས་ཡོང་བ་ཡིན་པས་དེ་ལྟར་ལམ་ཉམས་སུ་ལེན་པའི་དུས་སེམས་རིག་གི་དབྱེ་བ་མ་ཕྱེད་ན་བརྩོན་འགྲུབ་བྱས་ནས་ཇི་ལྟར་བསྒོམས་ཀྱང་དག་བྱ་དག་ངེས་དང་དག་བྱེད་ཀྱི་བརྟན་པ་མི་ཐོབ་པར་ལས་ས་རྙེད་ཀྱང་བཞག་ས་མི་རྙེད་པའི་དཔེ་ལྟར་ལས་མི་ཡོང་བ་དེ་དག་ནི་སེམས་རིག་གི་སྐྱོན་ཡོན་ཞིབ་པར་མ་ཕྱེད་པས་ལེན་པ་དང་། མ་ཟད་ཐེག་པ་རིམ་དགུས་སྐྱེ་ཤི་སོགས་མེད་པར་མ་རྟོགས་པ་དེའང་སེམས་རིག་མ་ཕྱེད་པའི་སྐྱོན་ཡིན་པར་གསུངས་པས་དེས་ན་གོ་དོན་ཞིབ་ཏུ་འདི་ལྟར་འཕྲོད་པར་བྱ་སྟེ། གཞི་སེམས་ནི་མ་རིག་པའི་རང་བཞིན་ཏེ། ཀུན་གཞི་དང་ངོ་བོ་གཅིག་པ་ཡིན་སྒོམ་པའི་སེམས་གནས་པའང་དཔེར་ན་ཆུ་རྙོགས་མ་རྫིང་དུ་བསྐྱིལ་བ་ལྟར་རམ། མིག་ཟུམ་པའི་སྣང་བ་ལྟར་རམ། མུན་པ་འཐིབ་པོར་གནས་པ་དང་འདྲ་སྟེ། གཉེན་པོས་དེར་འཛིན་ཡོད། ངོ་བོ་གཞི་མེད་དུ་གྲུང་མ་འབྱིན་པའི་སྐྱོན་དང་། དེའི་ངང་ནས་ལྡང་བའི་སེམས་འཛིན་གྱི་རྟོག་ཚོགས་ཡུལ་ལ་འཕྲོ་བས་རྩ་བ་ཆོད་པའི་སྐྱོན་དང་། ཐག་བྲན་པ་ལྟ་བུར་འཕྲོ་ནས་དགེ་སྡིག་གི་ལས་དང་བག་ཆགས་ཐམས་ཅད་གསོག་པའི་མཁན་པོར་བྱེད་པའི་སྐྱོན་དང་། མདོར་ན་སེམས་ཡོད་པའི་རིང་ལ་གཉིས་འཛིན་དང་བཟང་ངན། ཉེ་རིང་དང་མཐོ་དམན། སྔ་ཕྱི་དང་བླང་དོར། རེ་དོགས་དང་ཆགས་སྡང་། བདེ་སྡུག་དང་བར་མ་སྐྱེ་ཤི་ལ་སོགས་ཆེ་ཞིང་ཆེ་བ་ནས་ཕྲ་ཞིང་ཕྲ་བ་མཐའ་ཡས་པ་ཞིག་ཡོད་དེ། གཞི་ནས་འཛིན་ཞེན་ཐམས་ཅད་སྒྲུབ་མཁན་རང་སེམས་འཁྲུལ་བ་གློ་བུར་བ་དེ་ཁོ་ན་ཉིད་ཡིན་པར་མ་ཟད་ཐོག་མེད་ནས་གོམས་པའི་བག་ཆགས་རྣམས་མུ་མཐའ་མི་མངོན་པའི་ཕྱིར་ཀུན་བྱེད་སེམས་ཀྱི་སྣང་ཆ་ལ་བདེན་ཞེན་བཟུང་ཕྱིན་ཆོད། སྣང་བའི་རྣམ་པ་ཆེ་ཕྲ་ཐམས་ཅད་ཀྱང་ནམ་ཡང་རོ་མི་མཉམ་སྟེ། ཆོས་དང་ཆོས། གྲུབ་མཐའ་དང་གྲུབ་མཐའ། མི་དང་མི། ང་དང་ང་། ཁྱོད་དང་ཁྱོད། དུད་འགྲོ་དང་དུད་འགྲོ། ཡུལ་དང་ཡུལ། གཟུགས་དབྱིབས་དང་གཟུགས་དབྱིབས། ཁ་དོག་དང་ཁ་དོག །ཡངས་དོག་དང་ཆེ་ཆུང་། རྒྱུ་གསེར་དང་གསེར། དངུལ་དང་དངུལ་ལ་སོགས་ཆེ་ཞིང་ཆེ་བ་ཕྲ་ཞིང་ཕྲ་བ་ནས་མི་མཉམ་པར་གཉིས་འཛིན་བཟང་ངན། རེ་དོགས་སྤང་བླང་། ཆགས་སྡང་བདེ་སྡུག་ལ་སོགས་ཀྱི་འཁྲུལ་བ་དང་འཁྲུལ་རྐྱེན་གཉིས་ལག་སྦྲེལ་ནས་ཐོག་མཐའ་མེད་པར་ལོངས་སྤྱོད་པས་ན་འཁོར་བ་ཞེས་བྱ། མ་རིག་པ་ཞེས་བྱ། གཟུང་འཛིན་ཞེས་བྱ། ལུང་མ་བསྟན་ཞེས་བྱ། ཀུན་གཞི་ཞེས་བྱ་བ་དེ་གྲུབ་པ་ཡིན་ནོ། །དེ་ནས་རིག་པ་ནི་སྙིང་ན་གནས། དེའང་ངོ་བོའི་གནས་ཡང་དག་པ་ནི་ཡེ་ཤེས་ཀྱི་རྩ་དབུ་མར་གནས་པ་ཡིན། ལམ་ནི་འོད་ཀྱི་རྩ་ཤེལ་བུག་ཅན་ནས་རྒྱུ་སྒོ་ནི་མིག་གཉིས་ལ་མཆེད་དེ། རིག་པའི་རང་བཞིན་ནི་གསལ་བའི་ཆ་སྟེ་དགེ་སྡིག་ལས་དང་བག་ཆགས་ཐམས་ཅད་ཀྱི་སྤྲོས་པ་ཀུན་དང་བྲལ་ཞིང་རིག་པ་རང་གསལ་ཆེན་པོ་རང་ཆས་སུ་ཡོད་པས་རྒྱུན་ཆད་མེད་པར་འཆར་ཞིང་གནས་པའི་ངོ་བོ་ནི་ངོས་བཟུང་ཅི་ཡང་མེད་པར་རང་རིག་རང་གསལ་རང་གནས་རང་གྲོལ་ཆེན་པོ་ངོ་བོ་གཞི་མེད་ཟང་ཀ་རྟོགས་པ་ནི་རིག་པ་ཡིན་ཏེ། དཔེར་ན་རྒྱ་མཚོ་དྭངས་པའམ། མུན་པ་སངས་པའི་ནམ་མཁའམ། མཐོང་བའི་མིག་སྒྲིབ་གཡོགས་མེད་པར་གསལ་དྭངས་ཕྱེད་པ་ལྟར་དང་། དེའི་ངང་ནས་རྣམ་རྟོག་འཕྲོ་བ་ལྟར་སྣང་རུང་། འཆར་བྱ་འཆར་བྱེད་གཉིས་སུ་མེད་པ་རིག་པ་ཟང་ཐལ་དུ་ཡོད་པས་སེམས་རྟོག་པའི་རྩ་བ་རིག་པའི་དབྱིངས་སུ་ཆད་ནས་ཐུགས་རྗེའི་རྩལ་གདངས་མ་འགགས་པ་ཚུར་སྣང་བ་ནི་དཔེར་ན་མེ་ལོང་དྭངས་པའི་ངོར་གཟུགས་བརྙན་འཆར་བ་ལྟར་སྣང་སྟོང་ཟུང་འཇུག་གི་རང་བཞིན་གཞི་ནས་ཕན་གནོད་མེད་པའི་རིག་པ་སྟོང་གསལ་ཆེན་པོ་ལ་བར་དུ་བསྒྲུབ་པའི་གཉིས་འཛིན། བཟང་ངན། ཉེ་རིང་དང་། མཐོ་དམན། སྔ་ཕྱི་རེ་དོགས། ཆགས་སྡང་། བདེ་སྡུག་སྐྱེ་འཆི་སོགས་མངོན་ཞེན་རང་མཚན་པའི་རིགས་གཏན་ནས་མེད་དེ་ཐོག་མཐའ་བར་གསུམ་ལ་འཁྲུལ་བས་ཅུང་ཟད་ཙམ་གོས་མ་མྱོང་བས་དབྱིངས་རིག་དབྱེར་མེད་སྤྲོས་པ་ཀུན་བྲལ་ཡིན་པའི་ཕྱིར་རོ། །དེ་ནས་གློ་བུར་སེམས་ཀྱིས་བྱས་པའི་ཆགས་པའི་ཡུལ་ལྷ་ཡི་བུ་མོ་དང་ཕ་བསད་པའི་དགྲ་བོ་གཉིས་རང་སེམས་ཀྱི་སྣང་ཆ་ཙམ་ལས་འཆར་གཞིའི་ངོ་བོ་དེ་ལ་ཁ་ནང་བལྟས་བྱས་ན་གཞི་སྤྲོས་བྲལ་ཡིན་པའི་གནད་ཀྱིས་དེ་གཉིས་ཀས་ཕན་གནོད་བྱ་བ་རྡུལ་ཆ་ཙམ་ཡང་མི་དམིགས་ཏེ་ནམ་མཁའ་ལ་ཚོན་རྩི་མི་ཆགས་པ་ལྟར་རམ། མེ་ལོང་དྭངས་པའི་ངོགས་སུ་ཞི་དང་ཁྲོ་བོའི་གཟུགས་བརྙན་གྱི་ཉམས་འགྱུར་ཇི་ལྟར་ཤར་རུང་སྣང་ཙམ་ལས་ཕན་གནོད་ཀྱི་འཛིན་ཞེན་གཞི་ལ་མ་གྲུབ་བཞིན་དོན་དུ་གང་སྣང་ལ་བདེན་པར་མ་བཟུང་ན་གཉེན་པོ་གཞན་གང་ཡང་མི་དགོས་པར་རིག་པའི་ངང་དུ་ཡེ་གྲོལ་མཐའ་གྲོལ་ཡིན་པས་མྱང་འདས་ཞེས་བྱ། རིག་པ་ཞེས་བྱ། ཡེ་ཤེས་ཞེས་བྱ། སངས་རྒྱས་ཞེས་བྱ་སྟེ་གྲོལ་ལུགས་ཀུན་གྱི་མཐར་ཐུག་བླ་ན་མེད་པ་དེ་རང་ཡིན་ནོ། །འོན་ཀྱང་ལམ་ཉམས་སུ་ལེན་པའི་དུས་དག་བྱ་སེམས་དང་དག་བྱེད་རིག་པའི་ངོ་བོ་གཉིས་དེ་ལྟ་བུའི་ངོ་ངེས་པར་འཕྲོད་ཅིང་བརྟན་པ་ལེགས་པར་མ་ཐོབ་ན་གཟུང་འཛིན་གྱི་དྲྭ་བ་དམ་པོ་ལས་ནམ་ཡང་མི་བརྒལ་བར་ཇི་ལྟར་བཤད་ཅིང་ཇི་ལྟར་ཐོས་ཀྱང་དོན་ཆུང་བས་ན་ཉམས་མྱོང་གི་རྡོ་རུས་ཐུག་པར་བྱ་བ་ཤིན་ཏུ་ནས་ཀྱང་གལ་ཆེའོ།། །།དེ་ནས་སྒོམ་པ་དངོས་ལ་ཅུང་ཟད་སྤྲོས་ན་སྔོན་འགྲོའི་རིམ་པ་གང་ཟག་སྤྲོས་པ་ཆེ་བ་རྣམས་ལ་སྐུ་གསུམ་གྱི་སྣ་ཁྲིད་དེ་འབྱུང་བཞིའི་སྒྲ་ལ་བསླབ་པ་དང་། རིག་པས་སྣ་ཁྲིད་པ་འཁོར་འདས་རུ་ཤན་འབྱེད་པ་དང་། སེམས་ཀྱི་སྣ་ཁྲིད་པ་སྒོ་གསུམ་རྩལ་སྦྱོང་བྱེད་པ་སོགས་དང་། སྤྲོས་པ་འབྲིང་པོ་རྣམས་ལ་ལུས་ངག་ཡིད་གསུམ་གཙོ་དད་དང་སྒོ་གསུམ་གྱི་རྩལ་སྦྱོང་བྱེད་པ་སོགས་དང་། ཤིན་ཏུ་སྤྲོས་མེད་རྣམས་ལ་སེམས་བྱུང་གནས་འགྲོ་གསུམ་གྱི་བདར་ཤ་བཅད་པ་ཙམ་གྱིས་མཐུས་པར་གསུང་པས། འདིར་ནི་རྒྱས་པ་བསྡུས། བསྡུས་པ་རྒྱས་ནས་སྤྲོས་པ་འབྲིང་པོའི་ཚུལ་དུ་བཤད་པར་བྱའོ། །དེ་ལ་ཐོག་མ་མེད་པ་ནས་འཁོར་བར་འཁྱམས་མཁན་ད་ལྟ་དགེ་སྡིག་གི་ལས་རྣམས་བསགས་མཁན། མཐར་སངས་རྒྱས་ཀྱི་བདེ་བ་མྱོང་མཁན་ངན་སོང་གསུམ་སོགས་ཀྱི་སྡུག་བསྔལ་མྱོང་མཁན་དེ་ལུས་ངག་ཡིད་གསུམ་པོ་འདི་གང་གིས་གཙོ་ཆེ་བར་འདུག་གཅིག་དང་ཐ་དད་རེད་སོགས་བརྟག་དཔྱད་ཡང་ཡང་བྱས་ནས་གཅིག་རེད་སྙམ་ན་ལུས་ངག་ལྟར་སེམས་མཐོང་ཆོས་སུ་གྲུབ་བམ། སེམས་ལྟར་ན་ལུས་ངག་ཀྱང་མཐོང་ཆོས་སུ་མེད་དམ། ཐ་དད་སྙམ་ན། ལུས་རྡུལ་ཕྲན་ཆ་མེད་ངག་རྗེས་མེད་གཏད་ཡལ་སེམས་བྱ་ལམ་རྗེས་མེད་དུ་སོང་ཚེ་གཅིག་དང་ཐ་དད་དུ་གྲུབ་པ་ཅུང་ཟད་མེད་པས་དེ་བཞིན་དུ་ཕྱི་ཚོགས་དྲུག་གི་གཟུང་ཡུལ་དང་ནང་འཛིན་པའི་སེམས་སོགས་ལ་དཔྱོད་དང་ཡུལ་མེད་རྟེན་བྲལ་གཅིག་ཏུ་རྟོགས་ཏེ་གཟུང་འཛིན་གྱི་རྩ་བ་ཆད། བདག་གཞན་གྱི་སྣང་བ་མཉམ། དགྲ་གཉེན་གྱི་འཁྲུལ་འཛིན་ཞིག །དགག་སྒྲུབ་ཀྱི་སྤྲིན་ཚོགས་དེངས་པས་ཆོས་ཉིད་ནམ་མཁའ་ལྟ་བུའི་དགོངས་པ་ལ་གནས་པའི་དགོས་པ་ཡོད་པས་གོ་བ་དང་ཕྱོགས་ལམ་ཙམ་དུ་མི་བཞག་པར་དཔེ་དོན་དུ་མའི་སྒོ་ནས་བརྟག་དཔྱད་ལེགས་པར་བྱས་ནས་སེམས་ཀུན་གྱི་བྱེད་པ་པོ་རྒྱལ་པོ་ལྟ་བུ་དང་། ལུས་མི་རྟག་པ་བརྗེ་འགྲོ་བས་བློན་པོ་ལྟ་བུ་དང་། ངག་རླུང་གིས་བསྐྱོད་པས་སྙིང་པོ་མེད་པ་འབངས་ལྟ་བུའི་དོན་རྣམས་ངེས་པར་གོ་ཞིང་ཐག་ཆོད་པར་བྱའོ། །དེ་ནས་སྔོན་འགྲོ་འཁྲུལ་གཞི་རྩད་ནས་གཅོད་པར་བྱེད་པ་ལ་ལུས་སྦྱང་ངག་སྦྱང་སེམས་སྦྱང་ཐམས་ཅད་ལ་རྗེས་འདེབས་དང་བཞི་ལས་དང་པོ་ལུས་སྦྱང་ནི། ཐལ་འགྱུར་ལས། ལུས་ཀྱི་སྔོན་དུ་འགྲོ་བ་ནི། །རྡོ་རྗེ་སྐྱིལ་ཀྲུང་རབ་བཅས་ཏེ། །ལུས་སྦྱང་སེམས་ལ་ཕན་པ་ཡིན། །ཞེས་སོགས་གསུངས་པ་ལྟར་གནས་དབེན་པར་གདན་འབོལ་ཞིང་རྒྱ་ཆེ་བ་རེ་བཏིང་བའི་སྟེང་དུ་གཅེར་བུ་ཨང་རག་ཙམ་དཀྲིས་ལ། ལུས་ཀྱི་ཆ་སྤྱི་བསྲངས་ཏེ། རྐང་མཐིལ་གཉིས་སྤྲད་པས་སོར་རྩེ་གཉིས་སར་བཙུག །པུས་མོ་ཕྱིར་བགྱེད་ལག་གཉིས་གྲུ་མོ་བརྒྱངས་ཤིང་མགོ་ལ་མ་རེག་ཙམ་ཐལ་མོ་སྤྱི་བོར་སྦྱར་ལ་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་བྱས། མིག་བར་སྣང་ལ་ཧ་རེ་བལྟ། ལུས་རྡོ་རྗེ་སྔོན་པོ་མེ་འབར་བ་ཞིག་ཏུ་བསྒོམ། རྣམ་རྟོག་གི་འཕྲོ་འདུ་ཕྲ་མོ་ཙམ་ཡང་སྤངས་ནས་ལུས་རང་ཤུགས་ཀྱིས་མ་འགྱེལ་བར་དུ་མི་འགྱུར་བ་གཅིག་ཏུ་བཞག །ཧལ་གྱིས་འགྱེལ་བ་ན་དེ་ཐོག་རང་དུ་འགུལ་བསྐྱོད་བཟོ་བཅོས་ཅི་ཡང་མི་བྱ་བར་རྟོག་མེད་དུ་ཤིག་གེར་རྒྱང་རིང་ཙམ་གཞག །སླར་ཡང་ཉི་མ་གསུམ་མམ་བདུན་དུ་དེ་ལྟར་བསྐྱར་ཏེ་འབད་པས་དང་པོ་ལུས་ན་བ་དང་འདར་བ་དང་ཁང་རུལ་ཞིག་པ་ལྟར་ཚུགས་མི་ཐུབ་པ་ཡོང་། ཕྱིས་ནས་ལུས་འཇམ་ཤིག་གེ་བདེ་དྲོད་སྐྱེ་བ་འབྱུང་། དེས་ནི་ལུས་ཀྱི་བར་ཆད་ཞི་ཞིང་མངོན་ཞེན་བཟློག་པ་དང་སྡིག་སྒྲིབ་ཞི་ཞིང་སྤྲུལ་སྐུར་གྲོལ་བར་བྱེད་པས་ལུས་སྦྱང་དང་ལུས་ཀྱི་རུ་ཤན་དབྱེ་བ་དུས་གཅིག་ཏུ་འགྲུབ་པ་ཡིན་ནོ། །དེའང་རྡོ་རྗེ་ལྟ་བུའི་ལུས་སྤྱི་བསྲངས་པས་འགྱུ་བྱེད་ཀྱི་རླུང་ནོན་ཞིང་རྐང་མཐིལ་སྦྱར་བས་ཕོ་མོ་མ་ནིང་གསུམ་གྱི་རླུང་གཏོར་ཏེ་འོད་གསལ་གྱི་ངང་དུ་གནས། རྟིང་པ་གཉིས་གསང་བར་གཏད་པས་འདོད་ཆགས་ཀྱི་གཞི་སྟོང་། ཐལ་མོ་སྤྱི་བོར་སྦྱར་བས་ལུས་ནད་སྤྱི་སྦྱང་བར་བྱེད་ཅིང་། དག་པ་དྲན་པ་ནི་ཡར་རྩེ་གསུམ་ནི་ངོ་བོ་རང་བཞིན་ཐུགས་རྗེ་དང་། མར་རྩེ་གསུམ་སྐུ་གསུམ་དང་། རྐེད་པ་གཅིག་ཏུ་དྲིལ་བ་ཀ་དག་ལྷུན་གྲུབ་ངོ་བོ་དབྱེར་མེད་གཅིག་ལ་ལམ་དུ་བྱེད་པར་མཚོན་པའོ། །དེ་ནས་ངག་སྦྱང་ནི། ཐལ་འགྱུར་ལས། ངག་ནི་ཧཱུྃ་ཞེས་གནས་པ་ལས། །རྒྱས་འདེབས་པ་དང་རྩལ་སྦྱང་དང་། །གཉེན་བཙལ་ལམ་དུ་གཞུག་པ་ཡིས། །ངག་སྦྱང་སེམས་ལ་ཕན་པ་ཡིན། །ཞེས་པ་ལྟར་དུ། ལུས་རྣམ་སྣང་ཆོས་བདུན་བཅས་ལ་མིག་སྣ་རྩེར་གཏད། སོ་དང་མཆུ་མ་རེག་ཙམ་གྱི་ངང་ནས་རླུང་དང་ཤེས་པ་སྣང་བ་གསུམ་གཅིག་ཏུ་བསྲེས་ནས་སེམས་གཞན་དུ་མ་ཡེངས་པར་ངག་གིས་ཧཱུྃ་སྒྲ་རིམ་པར་དལ་བུའི་དབྱངས་དང་བཅས་བསྒྲགས་ཏེ་སྣ་བུག་གཡས་ནས་ཧཱུྃ་མང་པོ་རིམ་པར་འཕྲོས་པས་ས་ཕྱོགས་དང་སྣང་བ་ཐམས་ཅད་ཧཱུྃ་གིས་མེ་རེ་རེ་ཁེངས་པར་བསམ་ལ་སེམས་མ་ཡེངས་པར་བསྒོམ། དེ་ལྟར་ཞག་གཅིག་བྱས་པས་སྣང་བ་ཐམས་ཅད་བན་བུན་དུ་སྣང་བ་དང་། ཧཱུྃ་གིས་གང་བར་འཆར་བ་དང་དངོས་གཞི་བསྒོམ་པའི་དུས་ཕྱི་ཡི་སྣང་བ་ལ་ནང་རིག་པ་མི་འཕྲོ་བའི་དགོས་པ་ཡོད་དོ། །དེ་ནས་སླར་ཧཱུྃ་བརྗོད་དུས་ཧཱུྃ་རྣམས་རིམ་གྱིས་སྣ་སྦུག་གཡོན་ནས་ཁོང་པར་ཞུགས་པས་མེར་གྱིས་ཁེངས་པར་བསམ། ལྟོ་བ་མི་བདེ་བའི་རྣམ་པ་དང་ཧཱུྃ་གིས་གང་བར་སྙམ་དུ་འབྱུང་ཞིང་དེས་ནི་ཕུང་པོའི་རིག་པ་བཅིང་བ་ལས་གྲོལ་ནས་གདོས་བཅས་ཟག་མེད་དུ་གྲོལ་བའི་དགོས་པ་ཡོད་དོ། །དེ་ནས་རྩལ་སྦྱང་ནི། ཧཱུྃ་ངར་དང་ལྡན་པ་དྲག་ལ་གཏུམ་པར་བརྗོད་དུས་ཧཱུྃ་མཐིང་ག་རྣོ་མྱུར་ཤུགས་དང་ལྡན་པ་གློག་བཞིན་འཁྱུགས་པས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་ཕར་ཐལ་ཚུར་ཐལ་ཕུག་པར་བསམས་པས་གང་སྣང་ཐམས་ཅད་ཁྲལ་ཁྲོལ་ལ་སོང་སྙམ་པའི་ཉམས་སྐྱེ་ཡོང་། དེས་ནི་སྣང་ལ་རང་བཞིན་མེད་པར་མྱོང་བའི་དགོས་པ་ཡོད་དོ། །སླར་ཧཱུྃ་ངར་བསྐྱེད་ནས་བརྗོད་པས་ཧཱུྃ་མཐོ་གང་རེའི་ཚད་ཀྱིས་རང་ལུས་ཐམས་ཅད་དེ་ལྟར་ཕུག་པར་བསམས་པས་ཤ་ཁོལ་བུར་འཕར་བ་དང་ཁྲལ་ཁྲོལ་དུ་སོང་སྙམ་པ་དང་། མེ་ལོང་གི་བྱད་ལྟར་རང་བཞིན་མེད་པའི་ཉམས་སྐྱེ་ཡོང་ཞིང་དེས་ནི་ཕུང་པོ་རང་བཞིན་མེད་པར་འགྱུར་བའི་དགོས་པ་ཡོད་དོ། །དེ་ནས་མཉེན་བཙལ་ཞིང་ལམ་དུ་ཞུགས་པ་ནི། མདུན་དུ་ཤིང་ཐུར་རིང་པོ་ཞིག་འཛུགས་ལ་ཧཱུྃ་གི་ཕྲེང་བ་བརྒྱུས་པ་ལྟར་རིམ་པར་རྩེ་མོའི་བར་དུ་དཀྲིས་ནས་སླར་རིམ་གྱིས་གྲོལ་བ་ལ་དམིགས་པ་གཏད་ཅིང་ངག་གིས་ཧཱུྃ་རིང་པོ་དལ་བུས་བརྗོད་པས་སེམས་གར་གཏད་དུ་ཟིན་པའི་ཉམས་འབྱུང་ཡོང་། དེས་ནི་དམིགས་པ་གང་ཡང་བསྒྱུར་དུ་བཏུབ་པའི་དགོས་པ་ཡོད་དོ། །དེ་ནས་རང་ལུས་ཧཱུྃ་ཆེ་བ་ཞིག་གསལ་ནས་མཐོང་བའི་ལམ་དང་ཐོས་པའི་ཡུལ་གྲུ་རྣམས་ཀྱི་ལ་ལུང་བརྒལ་ནས་སོང་བར་བསམ་ལ་ངག་ནས་ཀྱང་ཧཱུྃ་རིང་པོ་བརྗོད་པས་ཤེས་པ་འབོལ་ཤིག་གེ་འབྱུང་ཡོང་། དེས་ནི་ཡུལ་གྱི་བག་ཆགས་སྦྱངས་ཤིང་རིག་པ་ཚད་ལ་ཕེབས་པའི་དགོས་པ་ཡོད་དོ། །ཡང་ན་ལྕེ་བཙུན་སྙིང་ཐིག་ལྟར་ངག་སྦྱང་བསྡུས་པར་འདོད་ན། རང་གི་སྙིང་ཁར་གཞིར་གནས་ཀྱི་ཡི་གེ་ཧཱུྃ་སྔོན་པོ་ཞིག་གསལ། ཧཱུྃ་གི་གླུ་ཆེ་ཆུང་རན་པར་བརྗོད་པས་སྙིང་ཁའི་ཧཱུྃ་ནས་ཧཱུྃ་མང་པོར་སྣ་བུག་གཡས་ནས་བྱུང་སྟེ་ཉེ་སྐོར་ཐམས་ཅད་གང་། དེ་ནས་རིམ་པར་ཕྱི་རོལ་སྣོད་བཅུད་རྣམས་གང་བས་ཐམས་ཅད་ཀྱང་ཧཱུྃ་གི་རང་བཞིན་སྔོ་མེར་མེར་ཤིག་ཤིག་ཏུ་གྱུར་ཏེ། སླར་དེ་རྣམས་ཚུར་རིམ་པར་བྱུང་བ་སྣ་བུག་གཡོན་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་མེར་རེ་གང་བར་བསམ་ལ་སེམས་གཏད། ཡང་ལྟ་སྟངས་མཐོ་སར་བྱས་ལ་ཧཱུྃ་དྲག་ཏུ་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་ཡིག་ཚ་ཞིང་མྱུར་བ་རྣོ་ཞིང་ཤུགས་དྲག་པ་མང་པོ་འཕྲོས་པས་རང་ལུས་དང་ཕྱི་རོལ་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་ཁྲལ་ཁྲོལ་སང་སེང་དུ་ཕུག་པས་སྟོང་པར་སྦྱང་ཞིང་མཐར་ཕྱི་ནང་བརྟན་གཡོ་ཐམས་ཅད་ཧཱུྃ་འབའ་ཞིག་གི་རྣམ་པར་གྱུར་པར་བསམས་ནས་རྗེས་སུ་མི་དམིགས་པ་ཐམས་ཅད་ལུས་དུར་ཁྲོད་ཀྱི་རོ་བཞིན་ལྷོད། ངག་བརྗོད་བྲལ་དབུགས་འགྲོ་འོང་ཙམ་ཡང་དལ། ཡིད་སྤྲིན་དེངས་པའི་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་བཞག་ཅིང་དེ་ལྟར་སྦྱངས་ཏེ་ཉི་མ་གསུམ་ཙམ་འབད་པས་ངག་གི་མངོན་ཞེན་ལྡོག་ཅིང་སྡིག་སྒྲིབ་བྱང་ནས་ལོངས་སྐུར་གྲོལ་བར་བྱེད་པས་ན་ངག་སྦྱང་དང་རུ་ཤན་ཕྱེ་བ་དུས་གཅིག་གིས་འབྱུང་བ་ཡིན་ནོ། །ད་ནི་སེམས་སྦྱང་གི་རིམ་པ་ནི། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང་། །བར་དུ་གནས་ས་ཐ་མ་འགྲོ། །དེ་ལྟར་གསུམ་ལ་རྟག་དཔྱད་པས། །སེམས་སྦྱང་སེམས་ཀྱི་གནས་ལུགས་ཤེས། །ཞེས་གསུངས་པ་ལྟར། དང་པོ་འབྱུང་ཁུངས་བརྟག་པ་ནི། ལུས་སེམས་ལྷོད་པའི་ངང་ལ་བཞག་ནས་དེའི་ངང་ལ་རྣམ་རྟོག་ཐོལ་གྱིས་སྐྱེས་པ་དེ། ཕྱི་ཡུལ་རགས་པ་རྟེན་སྣོད་ཀྱི་འཇིག་རྟེན་དང་། ནང་གཡོ་བ་བཅུད་ཀྱི་སེམས་ཅན་དང་། གསང་བ་རང་གི་ཕུང་ཁམས་སྐྱེ་མཆེད་གང་ནས་འབྱུང་། ཉམས་ཕབ་ནས་བརྟག་དཔྱད་བསམ་གཞིག་ལེགས་པར་བྱས་ཤིང་། དེ་ནས་དངོས་པོའི་ཆ་ནས་བྱུང་ས་མ་རྙེད་ཚེ་དངོས་མེད་ནམ་མཁའ་སྟོང་པ་འདིའི་སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་སོགས་གང་ནས་བྱུང་བརྟག་དཔྱད་བསམ་གཞིག་ཡང་ནས་ཡང་དུ་བྱེད་པ་ལས། དངོས་པོའི་ཕྱོགས་ལས་བྱུང་སྙམ་པ་ཙམ་ཡོད་ན་གྲུབ་མཐའ་སྨྲ་བ་ཉན་ཐོས་པའི་ཕྱོགས་སུ་ལྷུང་ཉེན་ཡོད་པས། སེམས་སྙེམས་འཛིན་གྱི་ཐག་པ་དེ་དག་ཡོངས་སུ་ཆོད་ངེས་པར་བྱའོ། །བར་དུ་གནས་ས་རང་གི་ཕུང་པོ་ལྔ། ཁམས་བཅོ་བརྒྱད། སྐྱེ་མཆེད་བཅུ་གཉིས། ཕྱི་ཤ་གཟུགས་དྲུག །ནང་ཤ་བུ་དགུ་དང་། མགོ་རྭ་རྩེ་ནས་རྐང་སེན་རྩེ་ཡན་ཆད་ཆེ་ཕྲ་བར་གསུམ་ཕྱི་ནང་གསང་གསུམ་གང་དུ་གནས་འདུག་གམ། ཡང་ན་སེམས་ལ་སེམས་གནས་སམ། གནས་ན་གནས་ཚུལ་ཇི་ལྟར་འདུག་ལེགས་པར་དཔྱད་ནས་ཕུ་ཐག་ཡོངས་སུ་ཆོད་པར་བྱ། དེ་ནས་ཐ་མར་འགྲོ་བའི་ཡུལ་ཕྱི་ཚོགས་དྲུག་གི་ཡུལ་ལྔ་དང་དབང་པོའི་སྒོ་རྣམས་དང་བ་སྤུའི་བུ་ག་ལ་སོགས་པ་གང་ནས་འགྲོ། འགྲོ་བའི་ཚུལ་ཇི་ལྟ་བུ་ཞིག་འདུག་ཤེས་པ་ཁ་ནང་དུ་བསྐོར་ནས་བརྟག་དཔྱད་ལེགས་པར་བྱས་པས་འགྲོ་བའི་ལམ་མེད་པས་སྙེམས་ཐག་ཡོངས་སུ་ཆོད་པར་བྱ། སླར་ཡང་རང་སེམས་སངས་རྒྱས་མཁན་ངན་སོང་ལྟུང་མཁན་བདེ་སྡུག་གི་རྣམ་པ་ཚོར་མཁན་འདི་ལ་དངོས་པོ་ཞིག་འདུག་གམ་དཔྱད་པར་བྱ། དངོས་པོ་འདུག་སྙམ་ན་གཟུགས་ཀྱི་རིགས། དབྱིབས་ཀྱི་རིགས། ཁ་དོག་གི་རིགས། ཚད་དང་མཚན་ཉིད་ཇི་ལྟ་བུར་འདུག་བརྟག་དཔྱད་བསམ་གཞིག་ལེགས་པར་ཞིབ་ཀྱིས་བྱས་ནས་སེམས་ཀྱི་འཁྲུན་ཐག་ཡོངས་སུ་ཆོད་པར་བྱ། ཡང་ན་དངོས་མེད་རེད་སྙམ་ན་ནམ་མཁའ་སྟོང་པ་ལ་འདུ་ཤེས་མེད་པ་གཞིར་བཅས་པས་དེས་ན་བདེ་སྡུག་བཟང་ངན། འཁྱག་ལྟོགས་སྐོམ་གསུམ་སོགས་ཆེ་ཞིང་ཆེ་བ་ཕྲ་ཞིང་ཕྲ་བ་མྱོང་མཁན་དེ་ལ་ཇི་ལྟ་བུ་ཞིག་གིས་མྱང་གིན་འདུག་ལེགས་པར་དཔྱད་ནས་དེའང་མཐར་དཔྱད་མཁན་གྱི་འདུ་ཤེས་གྲུང་པོ་འདི་དང་། དཔྱད་པའི་ཡུལ་བྱུང་གནས་འགྲོ་གསུམ་སོགས་གཅིག་གམ་ཐ་དད་འདུག །གཅིག་ན་གཅིག་ལུགས། ཐ་དད་ན་དད་ལུགས་སོགས་སྒྲོ་འདོགས་ལེགས་པར་ཆོད་པར་བྱེད་པ་ལས། བྱུང་མཁན་གྱི་རྩ་བ་ཡོངས་སུ་མ་ཆོད་ན་དབུ་མ་སེམས་ཙམ་པའི་ཕྱོགས་སུ་ལྷུང་བ་དང་། སེམས་འགྱུ་དྲན་སྣ་ཚོགས་ཤར་བ་ལ་མཐར་ཐུག་འདོད་ན་སེམས་ཀློང་ཁ་འབྱམས་གཞི་བྲལ་ལ་གདིང་འཆའ་བ་འདྲ་བ་དང་། ཀུན་གཞི་རྣམ་ཤེས་རང་གསལ་ཙམ་འདོད་ན་དབུ་མ་སེམས་ཙམ་པ་རྣམ་རྫུན་ལ་ཉེ་བ་ཡིན་པས་ན་སེམས་ལ་རྒྱུ་མཚན་མེད་པ་ཆུ་ལ་རི་མོ་བྲིས་པའམ། གྲུ་རྡེབ་པས་ཆུ་ལ་འཇུས་པ་ལྟར་ཡོངས་སུ་རྟོགས་པར་བྱ་དགོས་ཏེ། དོན་དུ་སེམས་གཞི་མེད་རྩ་བྲལ་སྨྲ་བསམ་བརྗོད་མེད་གཅིག་ཏུ་ཐག་མ་ཆོད་ཀྱི་བར་དུ་ཤེས་པ་ནན་བསྐྱར་དུ་ཁ་བསྐོར་ནས་བསྒོམ་པར་བྱ་བ་གནད་དམ་པའོ། །སེམས་ཀྱི་ངོ་བོ་ཅི་ཡང་མ་རྙེད་པ་དེ་ལ་བལྟ་བྱ་ལྟ་བྱེད་ཨེ་འདུག །སྒོམ་པ་བསྒོམ་རྒྱུ་དང་། དམ་ཚིག་བསྲུང་བྱ་དང་། ཕྲིན་ལས་བསྒྲུབ་བྱ་དང་། དཀྱིལ་འཁོར་བསྐྱེད་རྒྱུ་དང་། དབང་ལ་བསྐུར་ཐོབ་དང་། ས་ལ་ཐོབ་རྒྱུ་དང་། ལམ་ལ་བགྲོད་རྒྱུ་དང་། སྒྲིབ་པ་སྦྱང་བ་དང་། ཡེ་ཤེས་ཐོབ་བྱ་དང་། སངས་རྒྱས་བྱ་བ་ཞིག་བསྒྲུབ་བྱ་སྒྲུབ་བྱེད་དུ་འདུག་གམ། སོ་སོར་བརྟག་དཔྱད་ཤེས་པ་རང་གསལ་གྱིས་ཞིབ་པར་བྱེད་པའང་རྫོགས་པ་ཆེན་པོ་སྒོམ་པ་ལ་གལ་གནད་ཤིན་ཏུ་ཆེ་བ་ཡིན་པས་ཤེས་པར་བྱའོ། དེ་ལྟར་བསྒོམས་པས་ཐུན་མོང་དུ་སེམས་ཀྱི་སྡིག་སྒྲིབ་རྣམས་དག །སེམས་ཀྱི་མངོན་ཞེན་ཡོངས་སུ་ལྡོག །སེམས་ཀྱི་མཚན་ཉིད་བྱུང་གནས་འགྲོ་གསུམ་སོགས་སྣང་བའི་སྙེམས་འཛིན་སྨིག་རྒྱུའི་ཆུ་ལ་བསྙེགས་པ་ལྟ་བུ་དེ་དག་རིག་སྟོང་སྐྱེ་མེད་ཀྱི་དབྱིངས་སུ་སྤྲོས་པ་རང་གྲོལ་དུ་ཆོད་པའི་དགོས་པ་སོགས་ཡོད་ཅིང་ཁྱད་པར་དུ་ཡང་ངོ་བོ་ངོས་བཟུང་ཐམས་ཅད་དང་བྲལ་བ་ནི་སྐྱེ་བ་མེད་པ་སྟོང་པའི་རང་བཞིན་འདི་ག་རང་ལ་ཆོས་ཀྱི་སྐུ་ཟེར་བ་ལས་གཞན་ཞལ་ཕྱག་དང་མཚན་འཛིན་གྱི་རྣམ་པ་རྡུལ་ཆ་ཙམ་ཞིག་ལ་སྨྲ་བ་མ་ཡིན་པས་ལྷག་པར་ཡིད་ཆེས་པར་གྱིས་ཤིག །སྟོང་པ་དེའང་ཕྱང་ཆད་ནམ་མཁའ་ལྟ་བུ་མ་ཡིན་པར་སྣང་བརྟགས་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདྲེས་པ་ནམ་མཁའ་ལ་ཉི་མའི་འོད་ཀྱིས་ཁྱབ་པ་ལྟར་རང་བཞིན་གསལ་བའི་ཆ་འདི་ཀ་རང་ལ་ལོངས་སྐུ་ཟེར་བ་ཡིན་ནོ། །དེའི་རྩལ་ལས་དགེ་མི་དགེའི་རྟོག་ཚོགས་ཅི་དང་ཅི་ཤར་རུང་ཤར་མཁན་གྱི་རིག་ངོར་བལྟས་པས་རང་བཞིན་རང་གྲོལ་དུ་གྱུར་པའི་རིག་ཆ་སིང་ངེ་བ་དེ་ལ་ཐུགས་རྗེ་རིག་པའི་རྩལ་ཞེས་སྤྲུལ་པའི་སྐུ་དེ་ག་རང་ལ་ཟེར་བ་ཡིན་པས་ཆོས་ཐམས་ཅད་སྐུ་གསུམ་གྱི་ངོ་བོར་ཐག་གཅིག་ཏུ་ཆོད་པར་བྱ། དེ་གསུམ་ཡང་སོ་སོར་མ་ཡིན་པར་ངོ་བོ་གཅིག་ལ་ལྡོག་པའི་ཆ་ནས་སྐུ་གསུམ་ཞེས་བཏགས་པ་ཡིན་ཏེ། ཀློང་དྲུག་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཡེ་རྫོགས་རང་གི་ལུས་ལ་གནས། །ཞེས་དང་། མུ་ཏིག་ཕྲེང་བ་ལས། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང་། །མདོ་སྡེ་འདུལ་བ་མངོན་པ་དང་། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །འདས་པ་དཀར་པོའི་ཆོས་རྣམས་ནི། །ལུས་དང་སེམས་ལ་ཡེ་ནས་རྫོགས། །ཞེས་དང་། ཀུན་བྱེད་ལས། ཀྱེ། སེམས་དཔའ་ཉོན་གཅིག་འདི་ལྟ་སྟེ། །ཀུན་བྱེད་བྱང་ཆུབ་ང་ཡི་རང་བཞིན་ལས། །མ་བཅོས་རང་བཞིན་ལྷུན་གྱིས་གྲུབ་པ་ནི། །རྒྱལ་བ་ཀུན་གྱི་སྙིང་པོ་སྐུ་གསུམ་སྟེ། །ང་ཡི་རང་བཞིན་མ་བཅོས་ཆོས་སྐུར་གྲུབ། །ང་ཡི་ངོ་བོ་མ་བཅོས་ལོངས་སྤྱོད་རྫོགས། །ང་ཡི་ཐུགས་རྗེ་མངོན་ཕྱུང་སྤྲུལ་སྐུ་གསུམ། །བཙལ་ནས་སྒྲུབ་པའི་འབྲས་བུས་བསྟན་པ་མིན། །མ་བཅོས་ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྱིར། །ཞེས་དང་། གསང་བ་གནད་ཀྱི་མེ་ལོང་ལས། འཁོར་བ་མ་སྤངས་ཀ་ནས་དག །སངས་རྒྱས་མ་གྲུབ་ཤུགས་ལས་གྲུབ། །སྙིང་པོ་སྐུ་གསུམ་རང་ལ་རྙེད། །བདེ་ཆེན་སྙིང་པོ་ངེས་པར་བསྟན་པ་ནི། །ཡེ་ནས་རང་གནས་ཆེན་པོ་ཆོས་ཀྱི་སྐུ། །འགག་མེད་རང་བཞིན་བདེ་ཆེན་ལོངས་སྤྱོད་རྫོགས། །ཐུགས་རྗེ་ཀུན་ཁྱབ་རང་གྲོལ་སྤྲུལ་པའི་སྐུ། །སྐུ་གསུམ་དབྱེར་མེད་རང་རིག་ཀུན་ཏུ་བཟང་། །རང་ལ་གནས་པས་གཞན་ནས་བཙལ་མི་དགོས། །ལྷུན་གྱིས་གྲུབ་པས་རྩོལ་བ་བྱ་མི་དགོས། །ཞེས་དང་། སློབ་དཔོན་རིན་པོ་ཆེས། ད་ལྟའི་ཤེས་པ་སོ་མ་ལ། །ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །རང་བཞིན་གསལ་བ་ལོངས་སྤྱོད་རྫོགས། །འཆར་ཚུལ་སྣ་ཚོགས་སྤྲུལ་པའི་སྐུ། །སངས་རྒྱས་གཞན་ན་བཙལ་དུ་མེད། །སྒོམ་ཡང་མ་བསྒོམས་སོ་མར་ཞོག །ལྟ་ཡང་མ་བལྟ་སོ་མར་ཞོག །འཛིན་ཡང་མ་འཛིན་སོ་མར་ཞོག །སྤྲོ་ཡང་མ་སྤྲོ་སོ་མར་ཞོག །བསྡུ་ཡང་མ་བསྡུ་སོ་མར་ཞོག །ཡེངས་ཀྱང་མ་ཡེངས་སོ་མར་ཞོག །རང་ཤར་རང་བཞག་སོ་མ་ལ། །ངང་དྭངས་རྒྱ་མཚོ་དྭངས་པ་འདྲ། །མི་གསལ་མི་རྟོག་ལྷུན་གྱིས་གྲུབ། །ཅེས་སོགས་མཐའ་ཡས་པར་གསུངས་པ་ལྟར། གཞི་ལ་ལྷུན་གྱིས་གྲུབ་པའི་སྐུ་གསུམ་དེ་ད་ལྟ་མན་ངག་ཟབ་མོའི་ཐབས་ཀྱིས་འཁྲུལ་མེད་མངོན་སུམ་ངོ་སྤྲོད་པ་འདི་ལ་བརྟན་པ་རིམ་གྱིས་ཐོབ་པས་གློ་བུར་གྱི་དྲི་མ་རྣམས་ཡོངས་སུ་དག་པ་ཙམ་ལས་མཐར་ཐུག་གི་འབྲས་བུ་ཡང་ངོ་བོ་འདི་ཉིད་རང་ལས་གཞན་དུ་ཅུང་ཟད་ཙམ་གཡོ་བ་དང་། བྲལ་ཐོབ་མེད་པས་ན་ལྷག་པར་ཡིད་ཆེས་པར་བྱས་ནས་སྒོམ་པའི་ངང་དེ་ཁོ་ན་ཉིད་དུ་བསྐྱང་བར་བྱའོ། །དེ་ལྟར་དུ་གཞན་ཡང་ཐབས་དང་ཚིག་དང་ལུས་གནད་སོགས་ཀྱི་སྒོ་ནས་ངོ་སྤྲོད་པའི་རིམ་པ་བསྡུ་ན་འདི་ལྟ་སྟེ། རང་གི་ཤེས་པ་ཕྱིར་མི་ཡེངས། ནང་དུ་མི་སྡུད། བར་དུ་མི་འཛིན། ལུས་མི་བསྒྲིམ། དབུགས་མི་བསྡམ། ཡིད་ཀྱིས་མི་དཔྱོད་དེ་ཀུན་གཞི་ལུང་མ་བསྟན་ལ་མཉམ་པར་མི་གཞག ཀུན་གཞིའི་རྣམ་ཤེས་གསལ་སྟོང་ཙམ་ལ་ཡིད་ལྟོས་མི་བྱ། ཡིད་ཤེས་ཀྱི་རྣམ་རྟོག་མི་དྲན་དགུ་དྲན་ངོ་བོ་ལ་མི་བལྟ། མི་དགག་རང་བབས་སུ་མི་བཞག་པར་མདོར་ན་དུས་གསུམ་རྟོག་པས་མ་བསླད་པའི་རིག་པ་སྟོང་གསལ་སོ་མ་བཞི་ཆ་སུམ་བྲལ་གྱི་སྐབས་དེར་གནས་ལུགས་རྗེན་པར་འཆར་ཡོང་བ་ཡིན་པས་དེའི་ངང་བསྐྱང་དགོས་ཏེ། གཉིས་འཛིན་མ་རིག་པ་འདིས་ཉེ་རིང་བཟང་ངན་མཐོ་དམན་དགག་སྒྲུབ་བདེ་སྡུག་རྣམ་པ་སྣ་ཚོགས་མཐོང་ནས་དེའི་རྗེས་སུ་འཁྲུལ་རྟོག་རྒྱ་འབྱམས་ཀྱི་དྲྭ་བར་བསྡམ་འགྲོ་བའི་ཕྱིར། ཐམས་ཅད་ཀྱི་འཆར་གཞི་རིག་པ་སྐད་གཅིག་མའི་ཐོག་ཏུ་ངོ་ཡོངས་སུ་སྤྲད་ནས་ཐག་གཅིག་ཏུ་བཅད་པ་ནི་ཟབ་པའི་མན་ངག་ཀུན་གྱི་མཐར་ཐུག་ཏུ་འདུག་པས་ལྷག་པར་ཤེས་པར་བྱའོ། །གཞན་ཡང་དབུགས་ཕྱིར་ཡོངས་སུ་དབྱུང་ནས་སེམས་ནང་དུ་དགང་ནས་ངོ་སྤྲད་པའམ། ཡང་ན་ཉོན་རླུང་རྒྱུ་བའི་རྩ་རོ་རྐྱང་གཉིས་མགྲིན་པ་གཡས་གཡོན་ནས་འཕར་བ་དེ་མནན་ནས་ངོ་སྤྲད་པའམ། ཡང་ན་རི་མཐོན་པོའི་རྩེ་ལ་ཕྱིན་ནས་ཤེས་པ་ཐང་ཆད་དུས་ངོ་སྤྲད་པའམ། ཡང་ན་གློ་བུར་དུ་ཕཊ་དྲག་པོ་རེ་བརྗོད་ནས་དེ་ཡི་བར་གྱི་ཤེས་པ་སྨྲ་བསམ་བརྗོད་མེད་དུ་འཆར་བ་དེ་རང་ངོ་རང་ཐོག་ཏུ་འཛོལ་བ་མེད་པ་སྤྲད་པར་བྱས་ལ། དེ་ཉིད་ཐག་གཅིག་ཐོག་ཏུ་བཅད་དེ་ཉམས་སུ་བླངས་ནས་བསྒོམས་པས་ངང་བསྐྱང་བའི་སྐབས་སུ་ལུས་སེམས་དང་རླུང་དམིགས་གི་གནད་ཁྱད་པར་ཅན་གཅུན་ཏེ་དལ་བུས་བསྒོམ་པའི་ཐབས་ནི་དང་པོ་ལུས་མི་འགྱུར་བ་རི་བོ་ལྷུན་ཆགས་པ་བཞིན་དུ་ཅོག་གེར་བཞག་པར་བྱ་བ་ནི་འགྲོ་འདུག་བྱ་སྤྱོད་དང་གཡོ་འགུལ་སོགས་ཅུང་ཟད་ཙམ་མེད་པར་ལུས་རྣམ་སྣང་ཆོས་བདུན་ནམ་སེམས་ཉིད་ངལ་བསོའི་ཕྱག་རྒྱ་སོགས་གང་རུང་བྱ་ཞིང་ལུས་ཀྱི་ཆ་ཐམས་ཅད་རང་བབས་ཀྱིས་ལྷོད་ནས་ནམ་ཡང་གཡོ་འགུལ་མེད་པ་རི་བོ་ལྷུན་ཆགས་པ་ལྟར་ཅོག་གེར་བཞག་ནས། ངག་མི་སྨྲ་བར་རྒྱ་མཚོ་ཅོག་བཞག་གི་ཨར་ལ་གཏད་པ་ནི། ངག་གི་སྨྲ་བརྗོད་འདོན་བཟླས་དང་རླུང་གི་འཛིན་རྩོལ་སོགས་གང་ཡང་མི་བྱ་བར་དལ་བུས་བྱུང་གནས་འགྲོ་གསུམ་ལ་རང་བབས་ཀྱིས་བསླབ་ལ་རླུང་ཁ་ནས་ཕྱིར་འཛིན་ཅུང་ཟད་བཅས་ཏེ་བསྒོམ། སྐབས་རེ་ཁམས་ཉོབ་པ་དང་རྣམ་རྟོག་ཧྲག་པ་སོགས་སྐྱེ་བྱུང་ཚེ་རླུང་ཁ་ནས་སིར་སྒྲ་ཐོན་ངེས་དང་བཅས་ལན་གསུམ་རེར་ཕྱིར་དབྱུང་ནས། སེམས་དང་སེམས་བྱུང་གི་རྟོག་ཚོགས་ཐམས་ཅད་རིག་པ་ཅོག་བཞག་གི་ངང་དུ་ལ་བཟླ་བ་ནི། སེམས་ཀྱི་འཕྲོ་འདུའི་རྣམ་པ་ལ་མི་བལྟ་རང་སར་མི་བཞག་གྲོལ་ལུགས་ཀྱི་རིམ་པ་ལ་འདུ་ཤེས་རིས་མི་ཕྱེད་པར་འཆར་གཞིའི་རིག་པ་གཞི་མེད་རྩ་བྲལ་རྗེན་པ་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པས། རིག་པ་གཞི་ལས་མ་གཡོས་པའི་ངང་དུ་སེམས་བྱུང་གི་རྟོག་ཚོགས་ཐམས་ཅད་གཞི་མེད་རྩ་བྲལ་རང་ཡལ་རིས་མེད་ལས་མི་འདའ་བའི་ངང་དུ་ལ་བཟླ་བར་བྱའོ། །དེ་ནས་བརྟན་པ་ལེགས་པར་ཐོབ་དུས་རྩོལ་མེད་རྫོགས་ཆེན་རང་ལུགས་ཀྱི་བཞག་ཐབས་ཆེན་མོ་ནི། ལུས་ཉལ་བའམ་རྒྱབ་བརྟེན་པ་སོགས་རང་བབ་ཅི་བདེ་གང་བདེའི་ངང་དུ་དཔེར་ན་སོག་ཕུན་ཐག་པ་ཆད་པ་ལྟར་ཤིག་གེར་བཞག །ངག་གི་འབད་རྩོལ་ཅུང་ཟད་ཙམ་མེད་པར་དཔེར་ན་པི་ཝཾ་གི་རྒྱུན་ཐག་ཆད་པ་བཞིན་དུ་རླུང་འབྱིན་འཇུག་གི་ཚོར་བའང་ཧྲག་པ་ཆེར་མེད་པའི་ངང་དུ་བཞག །སེམས་རང་འཐག་གི་ལྟག་ཆུ་ཆད་པ་བཞིན་སྔོན་བསུ་རྗེས་དཔྱོད་དགག་སྒྲུབ་སྤང་བླང་སོགས་གང་ཡང་མི་བྱ་བར་རང་བབ་ཡེ་ཤེས་ཆེན་པོའི་ངང་དུ་ལྷོད་ཀྱིས་གློད་བཞིན་པའི་ངང་དུ་བཞག །ཁྱད་པར་ཡེ་ཤེས་འཆར་བའི་སྒོ་མིག་ཡིན་པས་གཡོ་འགུལ་དང་ཚ་བཙུམ་མེད་པར་ཟླུམ་འཁྱིལ་ལེ་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པ་ལྟ་བུར་དབྱིངས་རིག་དབྱེར་མེད་ཀྱི་ངང་དུ་བཞག་གོ། །སྐབས་རེ་ནམ་མཁའ་སུམ་ཕྲུག་གི་དགོངས་པས་འགག་བསྡམ་པར་བྱ་བ་ནི་འདི་ལྟ་སྟེ། ཉི་མ་ཡོད་ཕྱོགས་ལ་རྒྱབ་བསྟན་ནས་ཁ་ནས་རླུང་སིར་སྒྲ་ཐོན་ངེས་ལྷག་མེད་ལན་གསུམ་ཕྱིར་དབྱུང་ཞིང་། ལུས་སེམས་རང་བབ་ཀྱི་ཤེས་པ་ཤིན་ཏུ་ཁོང་ལྷོད་པའི་ངང་ལ་བཞག་ནས་སྒོམ་ན་ནམ་མཁའ་སུམ་ཕྲུག་གི་དགོངས་པ་འཆར་ཏེ། ཕྱི་དབྱིངས་སྟོང་པ་ནམ་མཁའ་སྤྲིན་དང་བྲལ་བ་དེ་ཉིད་ལ་ཟེར་བ་ཡིན་ཞིང་། དེའི་ངང་ནས་སེམས་མ་རིག་པ་དང་འཛིན་པའི་རྙོག་པ་ཐམས་ཅད་གནས་མེད་རང་དྭངས་ཀྱི་ངང་ནས་རིག་པ་གསལ་སྟོང་གི་ཉམས་ཤིན་ཏུ་རྣམ་དག་རྗེན་པར་ཁོང་ནས་འཆར་བ་དེ་ལ་ནང་དབྱིངས་རིག་པ་འོད་གསལ་རྟོག་མེད་ཅེས་པ་དེ་རང་ཡིན་ཞིང་། དེའི་ངང་ལ་རིག་པ་ཧུར་ཕྱུང་། རྒྱ་བསྐྱེད་དཔངས་བསྟོད་གྲུང་འབྱིན་ནས་རང་བབ་ཏུ་ལྷོད་དེ་བསྒོམས་པས་ལུས་དང་སྣང་བ་སེམས་སོགས་ཕྱི་ནང་གསང་གསུམ་བར་མེད་ཧར་སངས་རྒྱ་ཡན་ནི། ཟང་ཐལ་ཁྱབ་བརྡལ་ཆེན་པོ་རྟོགས་པའི་ཉམས་ཚད་མེད་པ་འཆར་ཡོང་བ་དེ་ནི་གསང་དབྱིངས་འོད་གསལ་རིག་པ་ཟང་ཐལ་ཞེས་པ་དེ་འཆར་བ་ཡིན་པས་ནམ་མཁའ་སུམ་སྤྲུག་གི་དགོངས་པས་སྐབས་སྐབས་སུ་འགག་བསྡམ་ཞིང་བོགས་དབྱུང་བར་བྱས་ན་ཤིན་ཏུ་ཟབ་བོ། །དེ་ལྟར་སྒོམ་བཞིན་བརྟན་པ་ལེགས་པར་ཐོབ་པའི་དབང་གིས་རྫོགས་པ་ཆེན་པོ་རྟོགས་གྲོལ་དུས་མཉམ་དུ་འབྱུང་བས་ཁྱད་པར་འཕགས་ཏེ། རྩོལ་མེད་གཞིར་གནས་ཀྱི་ཡེ་ཤེས་རང་ངོ་འཕྲོད་པའི་སྟོབས་ཀྱིས་གཟུང་འཛིན་གྱི་སྣང་བ་ཐམས་ཅད་ཆུ་རླབས་ཆུར་ཐིམ་པ་ལྟར་རམ། ནམ་མཁའ་ལ་སྤྲིན་རང་དེངས་སུ་འགྲོ་བ་ལྟར་རམ། རྡོ་ཚན་ལ་ཁ་བ་བབ་ནས་ཐིམ་པ་ལྟར་གཟུང་འཛིན་གྱི་སྣང་བ་ཐམས་ཅད་སྤང་གཉེན་ལ་སོགས་གང་ཡང་བྱ་མི་དགོས་པར་རང་ཤར་རང་གྲོལ་ངམ་ངམ་ཤུགས་ཀྱིས་དུས་མཉམ་དུ་འབྱུང་ཞིང་། དེ་བས་ན་རིག་པའི་གནད་གསང་དུ་གཅུར་ནས་བསྒོམས་པས་རིམ་གྱིས་ཀུན་གཞི་ལུང་མ་བསྟན་ཉིད་ཀྱང་ཆོས་སྐུ་གསལ་སྟོང་གི་ངོ་བོར་གྲུང་རབ་ཏུ་འབྱིན་ཅིང་། རྣམ་ཤེས་ཡིད་ཤེས་ཉོན་ཤེས་ཀྱི་རྟོག་ཚོགས་ཐམས་ཅད་རིག་པའི་ཆ་རྗེན་ནེ་བའི་ངང་དུ་རང་ཤར་རང་གྲོལ་བྱ་ལམ་རྗེས་མེད་དུ་སངས་འགྲོ་བ་ལྟ་བུར་ལས། འདའ་ས་མེད་དེ་དཔེར་ན་ཉི་མ་དང་སྒྲོན་མེས་གསལ་བའི་སྐབས་སུ་མུན་པ་ལ་སྙིང་པོ་ཅང་མེད་ཅིང་གནས་མེད་རང་དེངས་སུ་འགྲོ་བ་ཇི་བཞིན་དུ་སངས་འགྲོ་སྟེ། ཀུན་བྱེད་ལས། ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །འདི་ལ་སུས་ཀྱང་འཆོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོག་ཆོས་སྐུའི་དགོངས་པ་ངང་གིས་གནས། །ཡང་། ཤེས་ནས་མ་ཡེངས་དོན་ལ་གནས་པ་ལས། །རྩོལ་བས་མི་འཇུག་གཉེན་པོའི་སེམས་མི་སྐྱོང་། །ཡུལ་ལ་མི་འཇུག་དྲན་པའི་སེམས་མི་སྡུད། །གང་ལྟར་བྱུང་བ་དེ་ཉིད་དོན་ཡིན་པས། །ཀུན་བྱེད་ང་ཡི་དོན་ལ་འཇུག་པར་གྱིས། །ཡང་། སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཇི་བཞིན་རྩོལ་བྲལ་བདེ་བ་ཆེན་པོ་ལ། །རྣམ་པ་ཀུན་ལྡན་རྣམ་པ་ཡོངས་ཀྱི་མེད། །མ་བཅོས་ཇི་བཞིན་པ་ཡི་སེམས་པ་ཞོག །ཡང་། ངང་ལ་གནས་པས་གཡོ་མེད་ལྷུན་གྱིས་གྲུབ། །རང་བཞིན་གནས་པས་སུས་ཀྱང་བཅོས་སུ་མེད། །མ་བཅོས་ཇི་བཞིན་པ་རུ་གནས་པ་སྟེ། །བྱ་བ་མེད་པ་ལས་ཀྱི་མཆོག་ཏུ་བརྟེན། །ཡང་། མ་ཡེངས་ཏིང་ངེ་འཛིན་གྱི་བརྟོད་ཕུར་ཡིན། །ཡེ་ནས་ཡིན་ལ་ཡེངས་མེད་ཤོར་བ་མེད། །མ་ཡེངས་ཏིང་འཛིན་རེ་བའི་བསླུ་མཁན་ཏེ། །རྒྱུ་འབྲས་ཐེག་ཆེན་དྲངས་པའི་ལུང་འདྲེན་ཡིན། །ཡེ་ནས་ཡིན་པས་ཡེངས་མེད་ཤོར་མེད་དེ། །རྩོལ་སྒྲུབ་གཉེན་པོ་རང་བཞིན་ལྷུན་གྱིས་ཞོག །ཡང་། ཀྱེ། སེམས་དཔའ་ཆེན་པོ་དོན་ལ་ད་སྒོམས་ཤིག །བསྒོམ་དུ་མེད་པའི་ཆོས་ཉིད་བྱང་ཆུབ་ལ། །སྒོམ་དང་བསྒོམ་པར་བྱ་བ་གཉིས་མེད་པས། །མ་བསྒོམས་རང་བཞིན་བཞག་ན་སྒོམ་པ་ཡིན། །དོན་ནི་ཀུན་རྟོག་སྐྱེ་བ་མེད་པ་སྟེ། །རྣམ་རྟོག་མཚན་མ་དེ་བཞིན་རིག་བྱས་ནས། །དྲན་བསམ་ཡིད་ལ་འགྱུ་བ་མ་ལུས་ཀུན། །སྐྱེ་བ་མེད་པའི་ངང་ལས་མ་ཡེངས་པར། །གང་ལྟར་བསམས་ཀྱང་སྒོམ་པ་ཡིན་ཤེས་ན། །མ་བསྒོམས་གང་ལྟར་བཞག་ཀྱང་ཡེངས་པ་མེད། །ཅེས་དང་། སྐྱེ་མེད་རིན་པོ་ཆེའི་མཛོད་ལས། གར་ཡང་མ་གཏོགས་ཅིར་ཡང་མ་བསམ་ཞིག །བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། །ཀུན་བྱེད་ལས། ཀྱེ། སེམས་དཔའ་ཆེན་པོ་རང་སེམས་གྲུབ་འདོད་ན། །འདོད་པ་མེད་པས་གྲུབ་པ་ཡིན་པས་ན། །རྟོག་མེད་མཉམ་པ་ཉིད་ལ་གནས་པར་བྱ། །ཞེས་དང་། དོ་ཧ་ལས། གླང་ཆེན་ལོངས་ནས་སེམས་ཚག་ཚུད་པས་ན། །དེ་ནས་འགྲོ་འོང་དཔྱད་ན་ངལ་བ་སྟེ། །འདི་ལྟར་རྟོགས་ན་གང་དུ་འདྲི་ས་མེད། །མཁས་པ་ངོ་ཚ་མེད་པས་དེ་མ་རྟོགས། །ཡང་། གཞི་རྩ་བྲལ་བའི་སེམས་ཉིད་སུས་ཤེས་པ། །བླ་མས་མན་ངག་ཐོབ་པ་དེ་ཡིས་ཆོག །ཅེས་དང་། ཇི་སྐད་དུ། རང་རྒྱུད་གྲོལ་ན་ངེས་པ་འགའ་མེད་དེ། །མཆོག་གི་མྱང་ངན་འདས་པ་དེ་ལ་ཟེར། །ཞེས་དང་། ནམ་མཁའ་ཆེ་རྒྱུད་ལས། འོད་གསལ་ནམ་མཁའ་ཆེ་རྒྱུད་ནི། །ཆོས་སྐུའི་རང་བཞིན་རྟོགས་གྱུར་ན། །དངོས་གྲུབ་ཡོད་ཀྱང་མེད་ཀྱང་རུང་། །དེ་ནི་དངོས་གྲུབ་ཆེན་པོ་སྟེ། །རྣམ་པར་གྲོལ་བའི་ཡེ་ཤེས་སོ། །ཞེས་དང་། སེམས་ཉིད་རང་གྲོལ་ལས། དེ་རིང་དཔལ་ལྡན་བླ་མའི་བྱིན་རླབས་ཀྱིས། །སྲིད་པའི་ཀུན་རྟོག་ཆོས་སྐུར་ངོ་འཕྲོད་པས། །རང་བབ་བདེ་ཆེན་ནང་ནས་ཤར་བ་ཡིན། །སྤང་བླང་མི་དགོས་སྣང་སྲིད་བླ་མར་ཤར། །གདམས་ངག་མི་ཟད་ཐམས་ཅད་བྱང་ཆུབ་གྲོགས། །ཞི་བདེའི་སྟེང་ན་བློ་བདེ་རྒྱུན་མི་ཆད། །ཐམས་ཅད་ཡིད་བདེ་ཆོས་ཉིད་གདལ་བ་ལ། །སྣ་ཚོགས་མ་འགགས་ཆོས་ཅན་རོལ་པ་ནི། །ཆོས་སྐུ་གཟུགས་སྐུ་སྣང་སྟོང་ཚོགས་གཉིས་ཏེ། །ཐབས་དང་ཤེས་རབ་མཉམ་རྗེས་ལྷུན་གྱིས་གྲུབ། །མ་བྱས་ལྷུན་གྲུབ་སྐུ་ལྔ་ཡེ་ཤེས་ལྔ། །སྣང་སེམས་འཛིན་མེད་རིག་པའི་ངང་དུ་རྫོགས། །ས་དང་ལམ་དང་གཟུངས་དང་ཏིང་འཛིན་ཏེ། །ཡོན་ཏན་ཀུན་རྫོགས་ཆོས་ཉིད་གཉུག་མའི་ངང་། །ཕྱོགས་བྲལ་རིག་པ་རང་ཤར་ཆེན་པོ་ལ། །གཟུང་བས་མ་བསླད་འཛིན་པས་བཅིང་བ་མེད། །སྒྱུ་མའི་རང་བཞིན་གཉིས་མེད་དག་པ་ལ། །བསམ་བརྗོད་ཏིང་འཛིན་སྒོམ་པས་ཅི་ཞིག་བྱེད། །བསྐྱེད་དང་རྫོགས་མེད་གཉིས་མེད་ཟུང་འཇུག་མེད། །གྲུབ་པའི་མཐའ་མེད་ཐེག་པའི་རྣམ་དབྱེ་མེད། །དེ་དག་ཀུན་བརྟགས་བློ་ཡི་རི་མོ་སྟེ། །རང་ཤར་ངང་ལ་ཤར་གྲོལ་བརྟགས་པ་ཙམ། །འདི་ཡིན་གཟའ་གཏད་མེད་པའི་རིག་པ་ལ། །འདི་ཞེས་ཆེད་དུ་མ་འཛིན་བློ་ལས་འདས། །བྱར་མེད་ལྷུན་གྱིས་རྫོགས་པའི་སེམས་ཉིད་ལ། །བཅོས་བསྒྱུར་གཉེན་པོས་མ་བསླད་གར་བདེར་སྐྱོངས། །རྟོགས་དང་མ་རྟོགས་མཉམ་པའི་ཆོས་ཉིད་ལ། །བསམ་གཏན་འཆིང་བའི་གཟེབ་ཀྱིས་མ་བསླད་ན། །གནས་ལུགས་དོན་ལ་ཡོད་མེད་སྣང་སྟོང་མེད། །ཡང་། དུས་གསུམ་དུས་མེད་ཀུན་ཏུ་བཟང་པོའི་ངང་། །གཞི་རྫོགས་འཕོ་འགྱུར་མེད་པའི་ངོ་བོ་ལ། །ཡུལ་དྲུག་སྣང་བས་མ་གོས་ཆུ་ཟླ་འདྲ། །མེད་སྣང་སྤྲུལ་པ་ལྟ་བུའི་འཁོར་འདས་ལ། །བླང་དོར་དགག་སྒྲུབ་རེ་དོགས་མ་བྱེད་ཅིག །སྤྲུལ་པའི་རང་བཞིན་ཤེས་པས་གྲོལ་བ་ནི། །སྒྱུ་མའི་དཔུང་ཚོགས་མཐོང་བས་གཟུང་ན་ཡང་། །རང་བཞིན་ཤེས་པས་འཇིགས་སྐྲག་མེད་པ་བཞིན། །སྣང་བའི་ཡུལ་རྣམས་ལོགས་སུ་སྤང་མི་དགོས། །འཁོར་བའི་རང་བཞིན་སེམས་ཀྱི་ངོ་བོ་ཉིད། །ཡེ་ནས་མ་སྐྱེས་མྱ་ངན་འདས་པས་ན། །སེམས་པའི་རང་བཞིན་སེམས་ཉིད་མཐོང་བས་གྲོལ། །དེ་ཚོ་ལ་ནི་གཞན་ཞིག་བསྒྲུབ་རྒྱུ་མེད། །རང་གི་དཔུང་ལ་གཞན་དུ་སྐྲག་པ་ལས། །ཕྱིས་ནས་ཤེས་པས་སླར་ཡང་བདེ་བ་ཐོབ། །ཅེས་དང་། སེམས་འགྲེལ་ལས། སེམས་ནི་སྣང་ལ་རང་བཞིན་འགག་མེད་དེ། །རྩོལ་བས་མི་རྙེད་བལྟས་པས་མཐོང་བ་མེད། །ཁ་དོག་དབྱིབས་མེད་ངོ་བོ་ངོས་བཟུང་མེད། །ཕྱི་དང་ནང་མེད་དུས་གསུམ་སྐྱེ་འགག་མེད། །ཕྱོགས་དང་རིས་མེད་གཞི་རྩ་དངོས་པོ་མེད། །འདི་ཞེས་མི་མཚོན་བསམ་ཡུལ་འདས་པའི་སེམས། །རྟོགས་དང་མ་རྟོགས་ངེས་པའི་ཁྱད་པར་ཡང་། །ཇི་སྲིད་ངར་འཛིན་ཞེན་པའི་བློ་ཡོད་པ། །དེ་སྲིད་འཁོར་བ་ཉིད་ལས་ཐར་དུས་མེད། །འཛིན་མེད་རང་བབ་སེམས་གཉུག་རྣལ་མའི་སེམས། །ཟང་ཀ་ཡེ་བབ་ཕྱོགས་ཡན་རང་བབ་ནི། །རང་བཞིན་ཉིད་ལ་དེ་ལ་བཅོས་ཅི་དགོས། །ཞེས་དང་། སྒྱུ་འགྲེལ་ལས། མ་ལུས་འགྲོ་འོང་མེད་པའི་བྱང་ཆུབ་སེམས། །ཕྱི་དང་ནང་མེད་བསམ་འདས་རིག་པ་འཛིན། །རྒྱ་ཆད་ཕྱོགས་ལྷུང་མེད་པའི་ཆོས་ཉིད་ལ། །ཡངས་དོག་མཐོ་དམན་མེད་པའི་ཚོལ་ཁྲོ་ཞོག །ཅེས་དང་། དེ་ལྟར་ལྟ་བ་རྩོད་བྲལ་ཆེན་པོའི་ངང་། །རང་བཞིན་ཤེས་པ་ཇི་བཞིན་ལྷོད་པའི་ཚེ། །གང་ཤར་ཤར་གྲོལ་ངང་དྭངས་རྒྱ་མཚོ་འདྲ། །མ་བསྒོམས་ཡེངས་མེད་བསམ་བརྗོད་གཟུང་འཛིན་བྲལ། །ཞེས་དང་། ངལ་གསོ་ལས། སྒོམ་པ་རང་བབ་རང་གྲོལ་ཆེན་པོ་ལ། །བཅོས་བསྒྱུར་མི་དགོས་གང་ཤར་རྫོགས་པ་ཆེ། །བླང་དོར་མི་དགོས་གདོད་མའི་ངང་ཉིད་དུ། །ཕྱི་ནང་འཁོར་འདས་ཆོས་རྣམས་ཕྱམ་གདལ་ལོ། །ཞེས་དང་། སྒྱུ་མ་ངལ་གསོ་ལས། སེམས་དེ་ཕྱི་ནང་བར་གསུམ་རབ་བཙལ་བས། །ངོ་བོ་ངོས་བཟུང་གཟའ་གཏད་བྲལ་བའི་བློས། །ཕྱོགས་འབྱམས་ནམ་མཁའ་འདྲ་བའི་ངང་ཉིད་དུ། །དྲན་བསམ་ཚོལ་ཁྲོ་བྲལ་བའི་རིག་པ་དེ། །སྟོང་གསལ་སྤྲོས་དང་བྲལ་བ་ངང་གིས་འཆར། །ཡང་། ཐམས་ཅད་ཕྱམ་གཅིག་ཡིན་མིན་དཔྱད་པ་མེད། །མཁའ་མཉམ་མཐའ་གྲོལ་ངང་སྟོང་ཟང་ཀ་མ། །ཡངས་པ་སྣང་སྟོང་སྤྲོས་པའི་རང་བཞིན་དུ། །ཆོས་རྣམས་ཐམས་ཅད་ངང་གིས་རྟོགས་པར་འགྱུར། །ཞེས་དང་། རང་བྱུང་རིག་པ་བཅོས་བསླད་བྲལ་བ་ནི། །རང་བཞིན་གདོད་ནས་དག་པའི་སྒོམ་པ་ཡིན། །རྟོགས་དང་མ་རྟོགས་མཉམ་པའི་ཆོས་ཉིད་ལ། །བསམ་གཏན་སེམས་འཛིན་འཆིང་བས་མ་བསླད་པར། །འཕྲོ་གནས་གཉིས་མེད་གདོད་མའི་ངང་ལ་ཞོག །མི་སྤྲོ་མི་བསྡུ་མི་བསྒོམ་ཐ་མལ་ངང་། །རང་བབ་རིག་པ་བསམ་རྫོགས་འདུས་མ་བྱས། །སྒོམ་དང་མི་བསྒོམ་མེད་པར་ཐག་ཆོད་པས། །ཇི་བཞིན་ངང་ལ་དེ་བཞིན་ལྷུག་པར་ཞོག །ཆོས་ཀུན་འདི་ཞེས་བརྗོད་ཅིང་མཚོན་བྱས་ཀྱང་། །ནམ་མཁའི་མེ་ཏོག་རི་བོང་རྭ་འདྲ་བས། །དངོས་མེད་གཤིས་ལ་མ་གྲུབ་བརྟགས་པ་ཙམ། །ཡེ་སྟོང་རྩ་བ་བྲལ་བར་ཤེས་པར་བྱོས། །སྣང་མོད་སྟོང་མོད་བདེན་མོད་རྫུན་ཡིན་མོད། །གང་ལྟར་བརྟགས་ཀྱང་བདེན་པ་འགའ་མེད་པས། །འདི་ཞེས་མ་འཛིན་ཕྱོགས་ཡན་ཆེན་པོ་ལྟོས། །འཛིན་ཞེན་མེད་ན་གང་ཡིན་ཡན་དུ་ཆུག །ཚིག་ཙམ་མཚོན་ལ་དགག་སྒྲུབ་ཅི་བྱར་ཡོད། །སེམས་ཀྱིས་བརྟག་པ་རང་གིས་རྟོག་པ་སྟེ། །འདི་ཡིས་དོན་དམ་སྟོང་ཉིད་མཚོན་བྱས་ཀྱང་། །མཐར་འཛིན་ཉིད་ལས་གནས་ལུགས་ག་ལ་ཡིན། །འཁོར་བ་གང་ཡིན་འཁྲུལ་རྟོག་སེམས་འདི་ཉིད། །རྟོགས་པར་གྱུར་ན་ཡེ་ཡིན་མྱ་ངན་འདས། །འཛིན་མེད་རིག་པའི་ཡེ་ཤེས་ཡུལ་ལ་འཕྱོ། །གང་སྣང་དངོས་ལ་དེར་འཛིན་མི་འཇུག་པར། །སྣང་སེམས་འཁྲུལ་བའི་ངང་དེར་བློ་བདེ་རྙེད། །ཅེས་དང་། བསམ་འགྲེལ་ལས། དེ་ནས་ཐབས་ཀྱིས་རིག་པར་བཟུང་བ་ནི། །ཉི་མར་རྒྱབ་བསྟན་དྭངས་པའི་ནམ་མཁའ་ལ། །མིག་ནི་མི་འགུལ་ལྷན་ནེར་གྲུང་པོར་བལྟ། །རླུང་རྒྱུ་མི་ཚོར་ཅི་ནས་དལ་བྱས་པས། །མི་རྟོག་སྤྲོས་དང་བྲལ་བ་ཁོང་ནས་འཆར། །རང་བཞིན་ནམ་མཁའ་ལྟ་བུའི་སྟོང་ཉམས་སྐྱེས། །སྐབས་འདིར་ནམ་མཁའ་སུམ་ཕྲུག་དགོངས་པ་འཆར། །སྟོང་གསལ་ཕྱི་ཡི་ནམ་མཁའ་ལ་བརྟེན་ནས། །རྟེན་མེད་ཕྱི་ཡི་ནམ་མཁའ་དྭངས་པར་ཤར། །སྣོད་བཅུད་ཟང་ཐལ་གསང་བའི་ནམ་མཁའ་སྟེ། །རིག་སྟོང་རྗེན་པ་ཀུན་ཏུ་ཁྱབ་པར་གདལ། །ཕྱི་ནང་རྟེན་འབྲེལ་གནད་གཅིག་ཡིན་པའི་ཕྱིར། བརྩོན་པའི་ཐབས་ཀྱིས་བོགས་ནི་ངེས་པར་དབྱུང་། །མཁའ་ལ་མིག་གྲུང་ཤེས་པ་མ་ཡེངས་པར། །སེམས་གསལ་སྤྲོ་བསྡུ་མེད་པའི་ངང་ཉིད་ལས། །ས་རྡོ་རི་བྲག་སྣོད་བཅུད་ཐམས་ཅད་ཀྱང་། །ཟང་ཐལ་ནམ་མཁའ་གཅིག་ཏུ་སོང་བར་སྙམ། །རང་གི་ལུས་ཀྱང་རགས་པའི་མངོན་ཞེན་མེད། །སེམས་དང་ནམ་མཁའ་དབྱེར་མེད་ངང་དུ་ཞོག །ཕྱི་ནང་བར་གསུམ་རྣམ་གཡེང་མེད་པའི་ཆོས། །ནམ་མཁའི་ངང་དེར་ལུས་སེམས་ཁོང་གློད་ལ། །དྲན་བསམ་ཡིད་ལ་བྱེད་པ་རང་བཞིན་ངང་། །སྤྲོ་བསྡུ་མེད་པའི་སེམས་ཉིད་རང་སར་ཞོག །དེ་ཚེ་ཆོས་ཉིད་བསམ་བརྗོད་འདས་པའི་སེམས། །གཉིས་མེད་ནམ་མཁའ་ལྟ་བུའི་དགོངས་པ་འཆར། །འདི་ནི་དུས་གསུམ་རྒྱལ་བའི་དགོངས་པ་ཡིན། །སེམས་དང་ལུས་དང་སྣང་བའི་དངོས་པོ་ཀུན། །ནམ་མཁར་སྤྲིན་པ་ཡོངས་སུ་དེངས་པ་ལྟར། །ཕྱི་ནང་བར་མེད་ཧར་སངས་ཕྱལ་བའི་ངང་། །སྤྲོ་བསྡུ་དམིགས་གཏད་འཛིན་རྩོལ་བྲལ་བར་ཞོག །མཐར་གྲོལ་མཁའ་ལྟར་དགོངས་པ་རང་ཤར་བ། །ཀ་དག་ཆོས་ཟད་དགོངས་པ་ཞེས་བྱའོ། །ཞེས་དང་། བདེ་གསལ་མི་རྟོག་གསུམ་པོ་གང་བསྒོམས་ཀྱང་། །ཆུ་བྲན་ཐ་དད་རྒྱ་མཚོར་གཅིག་པ་ལྟར། །རོ་མཉམ་གཅིག་སྟེ་ཐ་དད་དུ་མར་མེད། །སེམས་ཉིད་མ་སྐྱེས་ནམ་མཁའི་རང་བཞིན་དུ། །བློ་ཡི་འཇུག་པ་རབ་ཞི་ཐིམ་པ་ན། །ཡོད་མེད་སྤྲོས་དང་བྲལ་བའི་བྱང་ཆུབ་སེམས། །འོད་གསལ་གཤིས་ཀྱི་ཉི་མ་ཁོང་ནས་འཆར། །གྲུབ་བསལ་འཕོ་འགྱུར་མེད་པའི་རྟོགས་པ་དེ། །མཁའ་མཉམ་བདེ་གཤེགས་སྙིང་པོའི་རང་བཞིན་ནོ། །ཞེས་སོགས་གསུངས་པ་ལྟར་གཞི་ལྟ་སྒོམ་དབྱེར་མེད་ཀྱི་སྙིང་པོ་དེ་ལྟར་དུ་གོམས་ཆ་ཐོན་པར་བྱ་ཞིང་། སྐབས་རེ་ཕྱིའི་ནམ་ཟླ་དུས་བཞི་དང་ཟས་གོས་དང་སྤྱོད་ལམ་སོགས་ཀྱི་རྐྱེན་ཏེ་བྱིང་རྒོད་རྨུགས་འཐིབ་ཀྱི་རྣམ་པ་ཅུང་ཟད་བྱུང་ན་བཅོས་ཐབས་དང་ཉིན་མཚན་ཁོར་ཡུག་ཏུ་འགྲོ་བའི་གདམས་པ་འོད་གསལ་སྒོམ་པའི་རིམ་པ་ནི་འདི་ལྟ་སྟེ། མཉམ་འགྲེལ་ལས། རི་རྩེ་ནགས་ཁྲོད་མཚོ་གླིང་ལ་སོགས་པ། །དུས་བཞིའི་ཁམས་དང་མཐུན་པའི་གནས་དག་ཏུ། །རྩེ་གཅིག་མི་གཡོ་ཞི་བའི་ཏིང་འཛིན་ནི། །འོད་གསལ་སྤྲོས་དང་བྲལ་བ་བསྒོམ་པར་བྱ། །ཞེས་གསུངས་པ་ལྟར། དབྱར་མེ་ཡི་དུས་ཏེ་ཕྱི་ནང་གི་འབྱུང་བ་དྲོ་བས་ན་གནས་རི་རྩེ་དང་ཟས་གོས་སྤྱོད་ལམ་བསིལ་བའི་ཆ་ལ་བརྟེན། སྟོན་རླུང་གི་དུས་ཏེ་ཕྱི་ནང་འབྱུང་ཀུན་སྨིན་པས་ན་དྭངས་གསལ་ཕྱེད་པའི་གནས་ནགས་ཚལ་དང་བྲག་རིའི་དྲུང་དུ་འདུག་ནས་ཟས་གོས་བསིལ་དྲོད་སྙོམས་པའི་སྤྱོད་ལམ་བརྟེན་ནོ། །དགུན་ཆུ་ཡི་དུས་ཏེ་ཕྱི་ནང་འབྱུང་ཀུན་བསིལ་བས་ན་གནས་ས་རོང་དང་། ཟས་གོས་བཅུད་དང་དྲོད་ཆེན་ལ་བརྟེན། དཔྱིད་ས་ཡི་དུས་ཏེ་ཕྱི་ནང་འབྱུང་ཀུན་བསྐྱེད་པར་ཕྱོགས་པས་ན་གནས་གངས་རི་དང་རྫ་སྤང་གི་འདབས་སུ་འདུག་སྟེ་བསིལ་དྲོད་སྙོམས་པའི་ཟས་གོས་ལ་བརྟེན་དགོས་ཏེ་ཕྱི་ནང་རྟེན་འབྲེལ་གྱི་འཁོར་ལོ་གཉིས་གནད་གཅིག་པའི་ཕྱིར་ན། གནས་དང་སྤྱོད་ལམ་ལ་བརྟེན་པས་སྣང་སེམས་འགྱུར་ཞིང་དགེ་སྦྱོར་དང་ཉམས་རྟོགས་ལ་འཕེལ་འགྲིབ་གཉིས་སོགས་འབྱུང་བའི་ཕྱིར་སྤང་བླང་གི་རིམ་པ་ལ་རག་ལས་པར་གྱིས་ཤིག །གཞན་ཡང་བྱིང་བ་ནི་ངོ་བོའི་རྒྱུན་བསྐྱང་རྒྱུ་མེད་པ་བྱིང་བྱིང་ཡས་ཡས་པོར་གྱུར་ཏེ། དཔེར་ན་མི་ཧར་ལངས་པའི་སེམས་ལྟ་བུ་འབྱུང་བའི་ཚེ་མདུན་མཁར་ཐིག་ལེ་དཀར་པོ་དཔེར་ན་སྐར་རྒྱན་ཤར་བ་ལྟ་བུ་གསལ་ཧྲིག་གེ་བ་ཞིག་གསལ་ལ་ཤེས་པ་དབྱེར་མེད་དེར་གཏད་དེ་གློ་བུར་དུ་ཕཊ་དྲག་པོ་འགའ་ཞིག་བརྗོད་པས། སྒོམ་གྱི་ངོ་བོ་དྭངས་སྙིགས་ཤུགས་ཀྱིས་འབྱེད་ཡོང་བ་དང་། རྒོད་པ་ནི། སྔོན་བསུ་རྗེས་དཔྱོད་ཀྱི་རྣམ་རྟོག་རྐྱེན་ཁར་འཆོར་ནས་གཅིག་རྗེས་གཉིས་མཐུད་ཤིན་ཏུ་ཧྲག་པ་ཞིག་ཡོང་བའི་དུས། གདན་དང་གྱོན་རྒྱུ་དྲོ་བར་བྱས་པུས་མོ་གཉིས་བྲང་ལ་སྦྱར། ལག་གཉིས་བསྣོལ་ཏེ་ཕྲག་པར་བཀབ། རྐང་མཐིལ་གཉིས་གཤིབ་པའི་མཐིལ་དུ་ཐིག་ལེ་ནག་པོ་རེ་བསྒོམས་ནས་ཤེས་པ་གཏད་པའམ། སྙིང་ཁར་ཨའམ་འོད་ཀྱི་གོང་བུ་ཚོན་གང་བ་ཞིག་ཧ་ཞེས་ཉེར་གཅིག་ངར་བཅས་ཕྱིར་དབྱུང་ལ། རྒྱངས་ཀྱིས་སྤྱི་བོ་ནས་ཐོན་ཇེ་མཐོ་ཇེ་མཐོར་སོང་ནས་མཐར་བལྟར་མེད་ཀྱི་ངང་དུ་ལུས་སེམས་ཁོང་གློད་ནས་བཞག་པའམ། ཡང་ན་ལྟེ་བར་འོད་ཟེར་ཁུ་ཚུར་ཙམ་བསྒོམས་ནས་ཤེས་པ་གཏད་པའམ། ཡང་ན་སྙིང་ནང་པདྨའམ་རྡོ་རྗེ་རྒྱ་གྲམ་ཡུ་རིང་ཞིག་དབང་ཆེན་གསེར་གྱི་ས་ལ་ཐུག་པར་བསྒོམ་པའམ། ཡང་ན་རླུང་སིར་སྒྲ་ཐོན་ངེས་ལན་གྲངས་ཕྱིར་ལྷག་མེད་དུ་དབྱུང་བའམ། ཡང་ན་གློ་བུར་དུ་ཕཊ་དྲག་པོ་ཞིག་གིས་རྣམ་རྟོག་གི་འཕྲོ་བཅད་པའམ། ཡང་ན་རྣམ་རྟོག་གང་དྲན་ལ་ཐེ་ཚོམ་མི་བྱ་བར་ཇི་ཙམ་དྲན་རུང་དྲན་བཅུག་སྙམ་ནས་ཤེས་པ་རྒྱ་ཡན་དུ་གཏོང་བའམ། ཡང་ན་རྣམ་རྟོག་འཆར་གཞིའི་ངོ་བོ་ཤིན་ཏུ་ལྷོད་ཆས་གྲུང་འབྱིན་པར་བྱས་པས་གནས་མེད་རང་དེངས་སུ་འགྲོ་བ་ཡིན་ནོ། །རྨུགས་པ་ནི་རིག་པའི་ངོ་བོ་མི་དྭངས་ཤིང་ཐིབས་སེ་བ་རི་མགོ་སྨུག་པས་གཡོགས་པ་ལྟ་བུ་བྱུང་བའི་དུས་རླུང་ཧར་སྒྲ་དང་བཅས་ལྷག་མེད་ལན་གསུམ་ཕྱིར་དབྱུང་ནས་ལུས་དྲང་པོ་བསྲང་། ཐལ་གོང་གཉིས་ཅུང་ཟད་ཕྱིར་གྱེས་མིག་ཟླུམ་འཁྱིལ་གཡོ་འགུལ་མེད་པ་ཧུར་རེ་ནམ་མཁའ་གཡའ་དག་པ་ལ་གཏད་དེ། གློ་བུར་དུ་འཆི་བ་མི་རྟག་པ་དང་། འཁོར་བ་ལ་སྐྱོ་ཤས། བླ་མ་ལ་མོས་གུས་དྲག་པོ་བསྐྱེད་པས་རྨུགས་པ་སེལ་འགྲོ། འཐིབ་པ་ནི་ལུས་སེམས་གཉིས་ཀ་ཚུགས་མི་ཐུབ་པ་གཉིད་འོག་ཏུ་ཡོལ་རན་པ་ལྟ་བུ་བྱུང་བའི་དུས་ཟས་བཅུད་ཆེན་རིགས་འཛེམས་ཏེ། རི་མཐོན་པོའི་གནམ་རྒྱ་ཡངས་སར་འདུག་ནས་ལུས་སྟོད་ཀྱི་གོས་བསལ་ནས་མིག་ཧུར་རེ་ནམ་མཁར་གཏད་དེ་བསྒོམ་པའམ། སྙིང་ནང་བསིལ་ཟེར་ལྡན་པའི་འོད་ཀྱི་གོང་བུ་མཐེ་བོང་ཙམ་གསལ་ནས་ཤེས་པ་གཏད་པའམ། སྙིང་ནང་འོད་ཀྱི་གོང་བུའམ་ཨ་དཀར་པོ་དབུ་མའི་ལམ་བརྒྱུད་ནས་རྒྱངས་ཀྱིས་སྤྱི་བོར་ཐོན་ཏེ་ནམ་མཁར་གདེངས་སྟབས་སུ་གནས་པར་བསམས་ནས། རླུང་རང་བཞིན་གྱིས་དལ་བར་བྱས་ལ་མིག་ཐུར་དུ་ཕབ་ནས་བསྒོམས་པས་རྨུགས་འཐིབ་གཉིས་ཀར་སེལ་ལོ། །སྐབས་རེ་བདེ་བ་སྒོམ་ན་ཆོས་བདུན་བཅས་ཏེ་ལག་ངར་གཉིས་བསྣོལ་ཕྲག་པར་བཀལ་ནས་སྒོམ་པ་གནད་དོ། །གསལ་བ་སྒོམ་ན་ལག་གཉིས་པུས་སྟེང་བཞག་ནས་རླུང་རང་དལ་དང་མིག་ནམ་མཁར་ཧར་རེ་གཏད་པ་གནད། མི་རྟོག་སྒོམ་པ་ཆོས་བདུན་རང་ལུགས་བྱས་པས་འགྲུབ་པའི་གནད་ཡོད་དོ། །ཡང་རེས་འགའ་རླུང་ཕྱིར་བཟུང་ནས་ས་རྡོ་རི་བྲག་སོགས་ལ་ཅེར་གྱིས་བལྟས་པས་མི་རྟོག་སྐྱེ། རེས་འགའ་རླུང་ནང་དུ་བཟུང་ནས་རྩ་འཁོར་བཞི་ལ་ཡིག་འབྲུ་འོད་ཟེར་ལྷ་སྐུ་སོགས་གང་རུང་གསལ་བར་གནད། རེས་འགའ་རྟེན་མེད་ཀྱི་ཤེས་པ་འཛིན་མེད་དུ་བཞག་པས་གནས་ལུགས་ཀྱི་དགོངས་པ་འཆར། སྤྱིར་བཅོས་ནི། གེགས་དང་གོལ་ས་གང་ལའང་རིག་པ་རང་དྭངས་སུ་ངོས་བཟུང་ནས་བདེ་གསལ་མི་རྟོག་པའི་ངང་ལ་དྭངས་ཕྱིན་པར་བསྒོམ་པ་དང་། གོལ་བའི་སྐྱོན་དེ་ཉིད་སྒོམ་གྱི་ངོ་བོར་ལྷག་པར་འཆར་བ་ཡིན་ནོ། །བྱེ་བྲག་བདེ་གསལ་མི་རྟོག་སྤྱིའི་བོགས་འབྱིན་ནི། ཚོགས་བསགས་སྒྲིབ་སྦྱོང་བསྐྱེད་རྫོགས་སོགས་སྒོམ་པ་དང་། ཁྱད་པར་ལམ་ཟབ་བླ་མའི་མོས་གུས་སོགས་མཆོག་ཏུ་འཕགས་པས་ཤེས་པར་བྱ་བ་དང་། གཞན་ཡང་གོལ་སྒྲིབ་འདྲ་མིན་འཆོས་པ་ནི་ཞི་གནས་ལྟེངས་ན་ལྷག་མཐོང་གིས་བཤིགས་ཏེ་བསྒོམས། ལྷག་མཐོང་གི་དབང་དུ་ལྟེངས་ན་ཞི་གནས་མི་རྟོག་ངང་དུ་མཉམ་པར་བཞག །སྒོམ་པའི་ཡོན་ཏན་ཕྲན་ཚེགས་སྐྱེས་པར་རློམ་སེམས་ང་རྒྱལ་གྱིས་ཁེངས་པར་གྱུར་ན་གོང་མའི་ཡོན་ཏན་རྣམས་བསམ། ཚེ་འདིའི་རྟག་འཛིན་ཆེ་ན་མི་རྟག་པ་སྣ་ཚོགས་བསྒོམ། ཉམས་མཐོ་དམན་ལ་ཆགས་ན་བཤིགས་ཏེ་བསྒོམ། སྙིང་རྗེ་ཆུང་ན་འགྲོ་དྲུག་ཕ་མར་བསྒོམ། རིག་པས་རྐྱེན་མ་ཐུབ་ན་རྐྱེན་བཟང་ངན་སྣ་ཚོགས་ཆེད་དུ་བསྲེས་ནས་བསྒོམ། རྟོག་པ་འབྱམས་ན་ཞི་གནས་རྩེ་གཅིག་བསྒོམ། མི་རྟོག་བདེ་ལ་ཆགས་ན་རྣམ་རྟོག་ཅི་དྲན་སྤྲོས་ལ་ཤར་གྲོལ་འཛིན་མེད་དུ་རྩལ་སྦྱངས། སྟོང་ཉམས་ཆེ་ན་སྙིང་རྗེ་བཙན་ཐབས་སུ་བསྒོམ། སྙིང་རྗེར་མངོན་ཞེན་འཛིན་ན་སྐྱེ་མེད་ཤེས་པར་བསྒོམ། མདོར་ན་གང་སྒོམ་པ་དེས་ཉམས་དེ་ལྟར་སྐྱེས་པས་གཞན་ཁྱད་དུ་གསོད་པ་བྱུང་ན། དེ་ལས་ལྡོག་པའི་ཐབས་ལ་བརྟེན་པ་མཆོག་ཏུ་ཟབ་ཅིང་། དེ་ཡང་བསྡུ་ན་སྐབས་དེར་བདེ་གསལ་མི་རྟོག་གསུམ་གང་བསྒོམས་ཀྱང་ཆུ་བྲན་ཐ་དད་རྒྱ་མཚོར་གཅིག་པ་ལྟར་རྟོག་པའི་ངོ་བོ་རིག་སྟོང་ཟང་ཀ་རྗེན་པ་གཅིག་ཏུ་བསྐྱེལ་སོ་གཅིག་སྟེ། དེའི་ངོ་བོ་གང་དུའང་མ་གྲུབ་པའི་རིག་པ་ཕྱལ་བ་བར་མེད་འོད་གསལ་དག་པ་སྟེ། རང་རིག་སྒྲིབ་གཡོགས་མེད་པ་རང་གསལ་བའོ། །ད་ནི་མཚན་མོ་གཉིད་འོད་གསལ་དུ་སྦྱངས་ནས་ཉིན་མཚན་ཁོར་ཡུག་ཆེན་པོར་རྟོགས་པའི་རིམ་པ་ནི་འདི་ལྟ་སྟེ། མཚན་མོའི་དུས་ཆ་གསུམ་ཕྱེས་ལ་ནམ་སྟོད་ལ་དྲང་སྲོང་འདུག་སྟངས་གནད་བསྡུ་ནི། ལྟེ་བར་པདྨ་འདབ་བཞིའི་སྟེང་དུ་ཨ་ཐུང་དམར་པོ་རེག་བྱ་ཚ་བ་ལས་མེ་རིམ་གྱིས་འབར་ཏེ་དབུ་མ་ནས་བརྒྱུད་སྤྱི་བོའི་ཧཱུྃ་ལ་ཕོག་པས་ཐིག་ལེ་བབས་པ་མེ་ལ་ཕོག་པས་ཤིན་ཏུ་འབར། ལས་དང་བག་ཆགས་ཐམས་ཅད་བསྲེགས་ཤིང་བདེ་སྟོང་གི་ངང་ལ་མཉམ་པར་བཞག་གོ། །མཚན་གུང་སེང་གེའི་འདུག་སྟངས་བྱ་ཞིང་ཤེས་བྱ་བསྡུ་བ་ནི། སྙིང་ནང་ཨ་ཡིག་དཀར་པོ་ཤིན་ཏུ་གསལ་འཚེར་ལྡན་པ་དང་། ཚངས་བུག་ལའང་ཨ་ཡིག་དེ་ལྟར་གསལ་ནས་ཨ་ཝ་དྷཱུ་ཏིའི་བར་ཨ་དཀར་པོ་ཤེལ་ཕྲེང་བརྒྱུས་པ་ལྟར་གསལ་ནས་རིམ་གྱིས་གཅིག་ལ་གཅིག་ཐིམ་པས་དབུ་མའི་ནང་ཐམས་ཅད་རྒྱུ་སྐར་ཉི་གཞུར་གྱིས་གསལ་བ་ལྟར་བསྒོམ། དེ་ནམ་ཐོ་རངས་ལང་མ་ཐག་ཧ་ཞེས་དབུགས་རིང་བ་གསུམ་འབུད་ནས་སེང་གེའི་འདུག་སྟངས་བཅས་ཏེ་སྤྱི་བོ་གཞུ་གང་གི་ནམ་མཁའ་ལ་སྙིང་གའི་ཨ་ལས་ཨ་ཡིག་གཉིས་པ་འཕྲོས་ཏེ་གནས་པར་བསམ་ལ་རིག་པ་མ་ཡེངས་པའི་ངང་བསྐྱང་ཞིང་དེའང་གདམས་པ་སྟོན་པའི་བླ་མ་ལ་མོས་གུས་དྲག་པོ་བསྐྱེད་ཅིང་། གསོལ་འདེབས་ཡང་ཡང་འདོན་ནས་རྨི་ལམ་དང་འོད་གསལ་ཟིན་པར་བྱ་སྙམ་ནས་དང་པོ་འདུན་པ་དྲག་པོ་གཞུར་ནས་རང་གི་སྙིང་གར་པདྨ་འདབ་བཞིའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་ན་སྐྱེ་མེད་ཡི་གེ་ཨཱཿདཀར་པོའི་འོད་ཀྱིས་རང་གི་ལུས་ཕྱི་ནང་སྣོད་བཅུད་ཐམས་ཅད་བཀྲ་ལམ་མེར་གསལ་བ་ཞིག་བསྒོམས་ནས་རྩོལ་བྲལ་གྱི་དྲན་པས་སྣང་མཆེད་ཐོབ་གསུམ་ངོ་ཤེས་བཞིན་པའི་ངང་དུ་གཉིད་པས། ཐོབ་པའི་སྐབས་རང་རྩལ་ལས་ཤར་བའི་ཨ་ཡིག་དེ་རིག་པའི་ངོ་བོ་བློ་འདས་བརྗོད་པའི་མཐའ་ལས་འདས་པའི་དབྱིངས་སུ་གྲོལ་ནས་སེམས་དང་སེམས་བྱུང་ལས་འདས་པའི་རིག་པ་རང་གསལ་གྱི་གཤིས་ལས་མ་གཡོས་བཞིན་པའི་ངང་དེར་གཉིད་པས་འཁྲུལ་སྣང་གི་རྨི་ལམ་མེད། བདེ་གསལ་མི་རྟོག་སོགས་འོད་གསལ་གྱི་ཉམས་མྱོང་མེད། གཉིད་མ་གཉིད་སྔ་ཕྱི་ས་མཚམས་དང་བྲལ་ཞིང་བསམ་བརྗོད་འདས་པའི་གཤིས་ཀློང་ཧྲིལ་གྱིས་སོང་བ་འདི་དོན་དམ་པའི་འོད་གསལ་ཟིན་པ་ཡིན་ནོ། །དེའང་ཉིན་གྱི་ཉམས་ལེན་ལ་གོམས་སྟོབས་དང་མཚན་མོ་འོད་གསལ་གྱི་སྣེ་ཟིན་དུས་དང་པོ་འཇིགས་སྐྲག་དྲག་པོ་བྱུང་བ་རྣམས་ངོ་ཤེས་ནས་དེ་ཚུག་གཉིད་སད་པའམ་འཇིགས་སྐྲག་རང་ཡུལ་དུ་འགྲོ་བའི་རྨི་ལམ་དུ་ཤེས་ནས་མི་འཇིགས་པའི་གདེང་བཟུང་བ་དང་། དེ་ནས་འཇིགས་སྐྲག་ཅུང་ཟད་སྐྱེས་ཀྱང་དེའི་ཕན་གནོད་ཀྱི་རིས་ཆེར་མེད་པའི་ངང་ནས་གྲོལ་འགྲོ་བ་དང་། དེའང་བཟང་པོ་ཤ་སྟག་རྨིས་པ་དང་མཐར་ནི་བཟང་ངན་གཉིས་ཀའི་རྨི་ལམ་ཡོད་ལ་མེད་རབ་རིབ་ཙམ་ལས་ཆེར་རྨིས་རྒྱུ་མེད་པ་གཉིད་ཆོད་པའི་སྔར་གྱི་ཐིབ་བེ་བ་དེ་མེད་པ། མ་ཆོད་པའི་ཤེས་རིག་གྲུང་པོ་ཡང་མ་ཡིན་པར་བརྩོན་འགྲུས་དང་ཉམས་དང་རྟོགས་པ་གསུམ་ཕྱོགས་གཅིག་ཏུ་གོ་འབྲེལ་བའི་དུས་ན་དཔེ་ནམ་ལང་ཁའི་སྣང་བ་ཙམ་དུ་གྱུར། དེ་ནས་རིམ་གྱིས་དབང་པོའི་ཤེས་པ་རྣམས་གཉིད་དུ་ཡོལ་ཡང་རིག་པ་སྟོང་གསལ་གྱི་ཉམས་སྒྲིབ་གཡོགས་ཀུན་དང་བྲལ་བར་འཆར། དེའང་ཉམས་ཀྱི་འོད་གསལ་བརྟན་ཆ་རིམ་གྱིས་ཐོབ་ནས་དེ་ཉིད་ཤིན་ཏུ་གྲུང་འབྱིན་པས་རྟོགས་པའི་འོད་གསལ་ཉིད་དང་པོ་གཉིད་དུ་ཕར་ཡོལ་འགྲོ་བའི་སྐབས་ནས་བརྟན་ཆ་ཇེ་ཐོབ་ཏུ་གྱུར་པ་དང་། དེ་ནས་གཉིད་ཅུང་ཟད་སྲབ་པ་ནས་འོད་གསལ་གྱི་ཐོག་ཏུ་རང་ཤུགས་ཀྱིས་གནས་པ་དང་། མཐར་ནི་བར་གྱི་གཉིད་ཐེབ་བེ་དེའང་སྔ་ཕྱི་གཉིས་དང་རིས་མེད་ཁྱབ་བརྡལ་ཆེན་པོ་གཅིག་ཏུ་འགྱུར་པ་ཡིན་ནོ། །དེ་ལྟར་མཚན་ཉིད་ལོག་པའི་སྐབས་དང་ཕྱི་ཡི་རྐྱེན་ལ་བརྟེན་པའི་བྱིང་རྒོད་རྨུགས་འཐིབ་སོགས་སེལ་བྱེད་དུ་ཅུང་ཟད་བཤད་པ་ལས་ཐབས་སྣ་ཚོགས་མང་དུ་བཤད་ན་གནས་ལུགས་རྫོགས་པ་ཆེན་པོ་དྲི་མ་མེད་པ་ལ་རྡུལ་འགོས་པའི་ཉེས་སྐྱོན་ཡོད་པ་དང་། དེ་བཞིན་ངོ་རང་ཐོག་ཐག་གཅིག་ཐོག་གདེང་གྲོལ་ཐོག་ཏུ་བཅའ་བ་ནི་མན་ངག་རྫོགས་པ་ཆེན་པོའི་གཏན་ཚིགས་ཁྱད་པར་དུ་འཕགས་པ་ཡིན་ན་རྩོལ་སྒྲུབ་ཀྱི་སྒྲོ་བཏགས་ཕལ་ཆེར་འགལ་བའི་གནས་སུ་རྟོགས་པ་དང་། ཕྱག་རྫོགས་དབུ་སོགས་ཀྱི་ཚིག་གང་ཟབ་རྣམས་ཕྱོགས་གཅིག་ཏུ་བསྡེབས་ནས་ཚིག་མཐའ་ཚིག་གིས་དེད་དེ་མན་ངག་རྩོམ་པ་ཆོས་སུ་རློམ་ན་རང་ལ་རྟོགས་པའི་གདེང་ཚད་མེད་པའི་མཚང་མངོན་པར་སྟོན་པ་ལས་ཀྱང་མི་ཡོང་བས་ངེས་པར་བྱའོ། །དེ་ལྟར་བསྒོམས་པ་གཞི་ཀ་དག་ཁྲེགས་ཆོད་ཆེན་པོ་ཉམས་སུ་བླང་བའི་ཐབས་ཏེ་སྐབས་ལྔ་པའི་རིམ་པ་རྫོགས་སོ།། ༈ །།དེ་ནས་དྲུག་པ་ལ། ཀ་དག་ཁྲེགས་ཆོད་ཀྱི་ལྟ་བས་སྲིད་ཁུངས་བདག་འཛིན་འཁྲུལ་བ་སེམས་ཀྱི་གཞི་མ་རིག་པའི་གནས་དང་འཛིན་པ་སེམས་ཀྱི་འཕྲོ་འདུའི་སྤྲོས་པ་ཐམས་ཅད་ཡོངས་སུ་རྩད་ནས་གཅོད་པ་དང་། དེའི་སྟེང་དུ་ལྷུན་གྲུབ་ཐོད་རྒལ་གྱི་རང་སྣང་ལ་རྩལ་སྦྱང་བར་བྱས་པས་ཐོག་མ་དང་། བར་དང་། མ་འོངས་པའི་འཁྲུལ་རྐྱེན་གྱི་སྣང་བ་ཐམས་ཅད་འཁྲུལ་མེད་ཡང་དག་པ་སྐུ་དང་ཞིང་ཁམས་ལ་གདོས་བཅས་ལུས་འདི་མ་སྤངས་པར་ད་ལྟ་ཉིད་ནས་མངོན་སུམ་མངའ་དབང་རྫོགས་པར་བྱེད་པས་ཡེ་ཐོག་དང་པོའི་གྲོལ་འཁྲུལ་བྱེད་པའི་གཞི་ལ་ཕྱིན་ཅིང་བར་གྱི་འཁྲུལ་སྣང་གི་ཉིང་མཚམས་སྦྱོར་བྱེད་ཐམས་ཅད་ཟླུམ་ནས་ཕྱིན་ཆོད་བར་དོའི་སྣང་བ་ཙམ་མེད་པར་སྐུ་དང་ཡེ་ཤེས་ལ་འཕོ་འགྱུར་མེད་པའི་གདེང་ཡོངས་སུ་བརྙེས་པའི་གདམས་ངག་ཟབ་མོ་འདི་ནི་ཁྲེགས་ཆོད་ལས་ཀྱང་ཁྱད་པར་བདུན་གྱིས་འཕགས་ཚུལ་གསུངས་པ་ནི་འདི་ལྟ་སྟེ། ཉམས་ལེན་ལག་ལེན་གྱི་ཁྱད་པར། ལུས་གནད་རྩ་ཡི་ཁྱད་པར། དབང་པོས་མཐོང་བའི་ཁྱད་པར། རང་གནས་མངོན་སུམ་འཆར་བའི་ཁྱད་པར། སྣང་བ་འོད་ཀྱི་ཁྱད་པར། ཉམས་སྣང་གོང་དུ་འཕེལ་བའི་ཁྱད་པར་སོགས་ཡོད་དེ། ཚིག་དང་ཡིད་དཔྱོད་ཤེས་རབ་སོགས་ལ་མ་ལྟོས་པར་ཕྱི་དབྱིངས་ནམ་མཁའ་སྟོང་པ་ལ་ནང་དབྱིངས་རིག་པ་ལུ་གུ་རྒྱུད་མངོན་སུམ་ཅེར་མཐོང་དུ་འཆར་བས་འཕགས་པ་དང་། ཡུལ་དང་མིག་དང་ལུས་དང་སེམས་ཀྱི་གནད་ཁྱད་པར་འཕགས་པ་དང་། རིག་པ་རྟོག་མེད་འོད་གསལ་གྱི་གདངས་མིག་ནས་མཆེད་པ་ངོས་ཟིན་པས་ཀྱང་འཕགས་པ་དང་། དེ་དུས་ཀུན་རྟོག་གཅིག་ཆར་དུ་འགགས་ནས་ཡེ་ཤེས་ཀྱི་སྣང་བ་དཔག་ཏུ་མེད་པ་འཆར་བས་འཕགས་པ་དང་། ཡེ་ཤེས་མངོན་སུམ་པའི་སྣང་བ་བརྟན་པ་ཐོབ་པས་ཕྱིས་མངལ་སྒོ་གཅོད་པས་འཕགས་པ་དང་། ཡེ་ཤེས་དག་པའི་སྣང་བ་ཉི་མ་ལས་ཟེར་བཞིན་རང་འོད་དུ་གསལ་བས་འཕགས་པ་དང་། ཤེས་ཉམས་སྤྱན་དང་མངོན་ཤེས་དང་སྣང་ཉམས་སྐུ་དང་ཞིང་ཁམས་སོགས་གོང་ནས་གོང་འཕེལ་དུ་འཆར་བས་ན་ཁྱད་པར་དུ་མའི་འཕགས་ཤིང་། དེ་དག་གི་མདོ་དོན་ཡོངས་སུ་བསྡུ་ན་གཞན་ཐེག་པ་རིམ་པ་མང་པོའི་ཆོས་བསྟན་ཀྱང་ཐམས་ཅད་ལས་རྒྱུ་འབྲས་ཀྱི་གཞི་བཏིང་། དཀའ་བ་མང་པོ་སྤྱད་དེ་ལམ་རིམ་གྱིས་བགྲོད་སྟོང་ཉིད་བློར་སྦྱངས་ནས་འབྲས་བུ་ནམ་ཞིག་ཐོབ་འདོད་བྱེད་པ་སོགས་ཀྱི་རང་བཞིན་ལས་མ་འདས་ཏེ། དཔེར་ན་ལྷ་ཁང་གི་ཕྱི་ནས་ལྷ་ཡོད་ཆགས་ཙམ་རློམ་པ་ལྟར་རམ། ནམ་མཁའ་སྦར་བཟུང་བྱེད་པ་ལྟར་རམ། མུན་པར་མཛུབ་ཚུགས་བྱེད་པ་ལྟར་ཏེ་འོལ་ཚོད་ཀྱིས་ཚོད་བཟུང་བ་ལྟ་བུ་ལས་མི་ཡོང་ཞིང་སྐད་ཅིག་གིས་སངས་རྒྱས་པའི་གདམས་ངག་མྱོང་ཆོས་ཚད་མར་གྲུབ་པ་འཁྲུལ་མེད་མངོན་སུམ་འདི་ལྟ་བུ་ནི་རྟོགས་པར་མི་ནུས་ཏེ། འདི་ནི་དཔེར་ན་ཁྱུང་ཕྲུག་དེ་སྒོང་རྒྱ་རལ་མ་ཐག་ནས་ནམ་མཁར་ལྡིང་ནུས་པ་ལྟར་རམ། སེང་ཕྲུག་ནི་ཁོང་ནས་རྩལ་རྫོགས་པས་སྐྱེས་མ་ཐག་ནས་མ་དང་ལུས་རྩལ་ཡོངས་སུ་མཉམ་པ་ལྟར་ལུས་ལ་སྐུ་གསུམ་རྣམ་པར་དག་པ་གནས་པ་ཉིད། རང་ངོ་འཕྲོད་པའི་སྟོབས་ཀྱིས་གཞན་ལམ་དང་གོལ་ས་ཐམས་ཅད་གཅིག་ཆར་དུ་འདུམ་ཞིང་། འཁོར་བ་རྣམས་ད་ལྟ་ནས་མྱང་འདས་ཀྱི་ས་ལ་ཡོངས་སུ་གྲོལ་བར་འགྱུར་ཏེ། སྒྱུ་ལུས་ཀྱི་ཁང་པ་མ་འགྱེལ་བའི་གོང་ནས་ལོངས་སྐུའི་ཞིང་ཁམས་ལ་མངའ་དབང་འབྱོར་བས་ན་སླད་ནས་བར་དོའི་སྣང་ཆ་ཙམ་ཡང་མེད་པར་མི་འགྲོ་ཚར་བའི་རྗེས་ལ་ཁང་པ་རྡིབ་པ་དང་འདྲ་བར། སྒྱུ་ལུས་མ་དོར་བར་ད་ལྟ་ནས་སེམས་ཉིད་སྤྲོས་པའི་རྣམ་པ་ཐམས་ཅད་གཡོ་མེད་ཆོས་ཀྱི་དབྱིངས་ལ་ཡོངས་སུ་ཟད་པར་བསྐྱལ་ཚར་བས་ན། སླད་ནས་སྒྱུ་ལུས་འདོར་མ་འདོར་གྱི་ཁྱད་པར་སྐྲ་རྩེ་ཙམ་ཡང་མེད་པའི་དོན་ནི་འདི་ལྟ་སྟེ། སེམས་ཡོངས་སུ་རིག་པར་སྨིན་པ་དང་། རིག་པ་དག་པའི་སྐུར་ཡོངས་སུ་ཧྲིལ་གྱིས་སྨིན་ནས་སྐུ་དེ་ལོངས་སྐུའི་ཞིང་ཁམས་ཚད་དང་མུ་མེད་པའི་དཀྱིལ་འཁོར་འདུས་མ་བྱས་པའི་རང་བཞིན་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པ་འོབས་སུ་ཆུབ་ནས་མཐར་ཐུག་གི་འབྲས་བུ་གདོད་མའི་ཆོས་སྐུ་འགྱུར་བ་མེད་པ་ཉིད་ཐོབ་པར་བྱེད་པས་ན་ཁྱད་པར་དུ་མས་འཕགས་ཏེ། ཡི་གེ་མེད་པ་ལས། དག་པའི་རང་བཞིན་ཀུན་ལ་ཁྱབ། །ཆོས་སྐུ་གདམས་ངག་ཉིད་ལ་ཐུག །ཅེས་དང་། ཡེ་ཤེས་གནས་ནི་མིག་ནས་འབྱུང་། །མིག་གི་གཟིགས་སྟངས་ཤེས་པ་ཡིས། །ཆོས་ཀྱི་དབྱིངས་དང་ལྷན་ཅིག་སྤྱོད། །ཅེས་དང་། ལུ་གུ་རྒྱུད་དུ་ཅིར་མཐོང་བས། །རྣམ་རྟོག་འགྱུ་བ་དྲན་པ་འགག །བྱ་ལམ་ནམ་མཁར་འགྲོ་བ་བཞིན། །ཆོས་ཀྱི་དབྱིངས་ལས་འགྲོ་ས་མེད། །གཞན་མིན་རིག་སྣང་རྣམ་དག་པས། །འཁྲུལ་བར་སྣང་བའི་རྒྱུ་རྐྱེན་ཟད། །ཅེས་དང་། ཐལ་འགྱུར་ལས། མངོན་སུམ་རྙེད་པའི་སྐལ་ལྡན་ལ། །ཁམས་གསུམ་འཁོར་བ་མིང་མེད་པས། །སྲིད་གསུམ་བརྡར་ཤ་ཆོད་པའོ། །ཞེས་དང་། འབྱུང་བ་དག་པའི་ཆ་ལས་ནི། །འབྱུང་ལུས་མེད་ལ་ཆིག་རྫོགས་པས། །ཉི་མ་ལ་ནི་འོད་བཞིན་དུ། །རང་ཆས་སྒྲིབ་པ་མེད་པའོ། །ཞེས་དང་། དེ་ཡང་གཞི་ལ་རྫོགས་པའི་གནད། །རང་བཞིན་མ་བཅོས་མངོན་དུ་སྣང་། །ལམ་ནི་སྒྲོན་མའི་མཚམས་སྦྱར་ནས། །མངོན་སུམ་ཉིད་དུ་སྣང་བའོ། །འབྲས་བུ་གང་དུ་ལྡོག་པ་མེད། །འདོད་དང་རེ་དོགས་ཡུལ་ལས་འདས། །རང་སྣང་ཀ་ནས་དག་པར་རྫོགས། །ཤེས་འཛིན་རྟོག་པ་ཀུན་ཟད་པའོ། །ཞེས་སོགས་གསུངས་པ་ལྟར། ཡང་དག་པ་ཡེ་ཤེས་ཀྱི་སྣང་བ་འདི་ནི་མིག་གིས་མཐོང་བ་ཙམ་གྱིས་ཀྱང་འགྲོ་དྲུག་གི་སྐྱེ་སྒོ་ཆོད་དེ་འོད་ལྔ་རྩིབ་ཤར་གྱེན་འགྲེང་སོགས་འཆར་དུས་སྐྱེ་བ་འཕོས་ཀྱང་བར་དོར་སངས་རྒྱས་པ་ཐེ་ཚོམ་མེད་པ་དང་། རྩོལ་མེད་ཀྱི་ཐིག་ལེ་སྟོང་སྒྲོན་མཐོང་བ་ཙམ་གྱིས་སྐྱེ་བ་གཉིས་ནས་ཆོས་འདི་ལ་ཕྲད་དེ་སངས་རྒྱས་པ་ཐེ་ཚོམ་མེད་པ་དང་། ཁྱད་པར་དབྱིངས་རིག་སྨིན་མཚམས་ནས་བྲལ་དུས་འཁོར་འདས་རྒྱབ་གྱེས་པ་སྟེ་འདི་ནས་མངལ་གྱི་གྲོང་ཁྱེར་མི་འཇུག་ཅིང་རང་བཞིན་སྤྲུལ་སྐུའི་ཞིང་དུ་བརྫུས་ཏེ་ལོ་བརྒྱ་ནས་སངས་རྒྱས་པ་ཐེ་ཚོམ་མེད་པར་གསུངས་པ་སོགས་ཤེས་པར་བྱེད་པའོ། །དེ་ནས་ཡེ་ཤེས་ཀྱི་གནས་དང་འཆར་བའི་སྒོའམ་འཆར་བའི་ལམ་རྩ་ཆེན་བཞི་དང་འབྲེལ་ལུགས་ནི། དེའང་ལོག་རྟོག་རྣམས་ལ་ཅུང་ཟད་མ་བཤད་ན་མི་གོ་བའི་ཕྱིར་སྣང་བ་དེ་དག་ཀྱང་ཕྱི་རོལ་གྱི་ཟེར་སོགས་རྐྱེན་གྱིས་བསྐྱེད་པ་དང་འཁྲུལ་སྣང་གི་རིམ་པ་དང་སྙིང་པོ་མེད་པ་གྱང་ལོགས་ཀྱི་རི་མོ་ལྟ་བུ་སོགས་ག་ལ་ཡིན་ཏེ་གཞི་ལ་གནས་པའི་ཡེ་ཤེས་ཀྱི་སྣང་བ་རྣམ་པར་དག་པ་དེ་ཁོ་ན་ཉིད་མངོན་སུམ་འཆར་བ་ཡིན་ཏེ། དཔེར་ན་ཤེལ་གོང་དྲི་མ་མེད་པ་ལས་འོད་ལྔ་རྣམ་པར་དག་པ་འཆར་བ་དང་ཚུལ་ཉེ་བར་མཐུན་ཏེ། རྡོར་སེམས་སྙིང་གི་མེ་ལོང་ལས། འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ནི། ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་བཞིན་དུ་གནས་སོ། །ཞེས་པ་དང་། གཞན་ཡང་ནོར་བུ་ཕྲ་བཀོད་ལས། ཏིལ་འབྲུ་འམ་ནི་ཡུངས་འབྲུ་ལ། །མར་ཉིད་ཡེ་ནས་ཁྱབ་པ་བཞིན། །སེམས་ཅན་ལུས་ལྟར་སྣང་བ་ལ༑ །དེ་བཞིན་གཤེགས་པའི་ས་བོན་ནི། །མཐུན་པའི་འོད་དང་བཅས་པར་སྣང་། །ཞེས་དང་། ཐལ་འགྱུར་ལས། རང་རིག་ཡེ་ཤེས་ལུས་ལ་གནས། །ཏིལ་འབྲུ་ལ་ནི་མར་བཞིན་ནོ། །ལུས་ཀྱི་བཀྲག་དང་གཟི་མདངས་ནི། །ཡེ་ཤེས་རླན་གྱིས་ཁྱབ་པར་བྱེད། །ཅེས་དང་། རང་ཤར་ལས། ཡང་དག་སངས་རྒྱས་དགོངས་པ་ནི། །སེམས་ཅན་ཀུན་གྱི་རང་རྒྱུད་ན། །སྐུ་དང་ཡེ་ཤེས་ཚུལ་དུ་གནས། །ཞེས་དང་། སེང་གེ་རྩལ་རྫོགས་ལས། སེམས་ཅན་ཀུན་གྱི་རང་ལུས་ལ། །ཡེ་ཤེས་དག་པའི་སྣང་བ་གནས། །རྒྱ་ཆེ་སྣང་བར་མི་ནུས་ཏེ། །དཔེར་ན་མངལ་དང་སྒོ་ངའི་རྒྱ། །མངོན་དུ་མི་འགྱུར་སྒྲིབ་གྱུར་ཀྱང་། །རང་རྩལ་རྫོགས་ནས་འབྱུང་བ་བཞིན། །ལུས་འདི་རྣམ་དག་བོར་མ་ཐག །རང་སྣང་ཡུལ་དང་འཕྲད་པར་འགྱུར། །ཡེ་ནས་གནས་པའི་རང་རིག་ཉིད། །ངོ་བོ་རྟོག་མེད་མཐོང་བར་འགྱུར། །ཡེ་ཤེས་དག་པའི་སྣང་བ་ལ། །སངས་རྒྱས་བདེན་པ་མཐོང་བར་འགྱུར། །ཞེས་སོགས་གསུངས་པ་ལྟར་སྤྱིར་སེམས་ཅན་གྱི་ཁམས་ལ་བདེ་གཤེགས་སྙིང་པོས་ཁྱབ་པ་དང་། བྱེ་བྲག་ཏུ་རིག་པ་ཡེ་ཤེས་ཀྱི་གནས་དངོས་ནི། སྙིང་ག་རིན་པོ་ཆེ་དཔལ་བེའུ་ན་གནས་ལ་དེའི་གདངས་ནི་དུང་ཁང་བྷནྡྷ་འབར་བ་དང་། ལྟ་བྱེད་མིག་དང་། འཇུ་བྱེད་རྩ་ཡི་གཞལ་ཡས་ཁང་བཞི་ན་འཁྱིལ་ཏེ། རང་ཤར་ལས། སེམས་ཅན་ཀུན་ལ་རང་རིག་ནི། །སྙིང་གི་དཀྱིལ་ན་གནས་པའོ། །ཞེས་དང་། ནོར་བུ་ཕྲ་བཀོད་ལས། རིན་ཆེན་ཟུར་བརྒྱད་གཞལ་ཡས་དང་། །འཇུ་བྱེད་རྩ་ཡི་གཞལ་ཡས་དང་། །དུང་ཁང་བྷནྡྷའི་གཞལ་ཡས་དང་། །ལྟ་བྱེད་མིག་གི་གཞལ་ཡས་དང་། །གཞལ་ཡས་ཆེན་པོ་དེ་བཞི་ན། །གསང་སྔགས་ཀུན་གྱི་གསང་ཆེན་གནས། །ཞེས་དང་། རྩལ་རྫོགས་ལས། དེ་ཡང་བཤད་པ་འདི་ལྟ་སྟེ། །ལ་ལ་དང་ནི་སྐུ་རུ་གནས། །ལ་ལ་དང་ནི་ཐིག་ལེ་གནས། །གཅིག་ན་འོད་ཟེར་ཚུལ་དུ་གནས། །ཀུན་ན་ལུ་གུ་རྒྱུད་དུ་གནས། །དེ་ནི་གནས་པའི་མདོ་ཉིད་བསྟན། །ཞེས་དང་། མུ་ཏིག་ཕྲེང་བ་ལས། དོན་ནི་རང་གི་ལུས་དཀྱིལ་ན། །སྙིང་ནང་ཡེ་ཤེས་ཆེན་པོ་གནས། །ཞེས་སོགས་གསུངས་པ་ལྟར་ལུས་ཀྱི་དཀྱིལ་ཏེ་སྙིང་གི་དབུས་ན་སྐུ་ཞི་དྲག་དང་འོད་ཟེར་དང་ཐིག་ལེ་ཐིག་ཕྲན་ལ་སོགས་པ་ཐམས་ཅད་འཆར་བར་བྱེད་པའི་གཞི་མ་ཞི་བ་ཆོས་ཀྱི་སྐུ་ཏིལ་འབྲུ་ཙམ་ཞིག་བཞུགས་ཡོད་པ་ཡིན། དེའང་ངོ་བོ་སྐུར་གནས་པ་བུམ་ནང་གི་མར་མེ་ལྟ་བུ་ལ་རང་བཞིན་འོད་དུ་གསལ་བ་བུམ་ནང་གི་མར་མེ་ལྟར་ཐུགས་རྗེ་འོད་ཟེར་དུ་འཕྲོ་བ་ཉི་མའི་ཟེར་ལྟ་བུ་སྟེ། ཐལ་འགྱུར་ལས། ཙིཏྟ་རིན་ཆེན་གཞལ་ཡས་ན། །ངོ་བོ་ཀ་ནས་དག་པའི་ཆ། །སྟོང་གསལ་འདུས་པ་སྐུ་ཡི་གདངས། །ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ། །ལྷུན་གྲུབ་འོད་ཀྱི་གོང་བུར་གནས། །ཐུགས་རྗེ་ཁ་དོག་སོ་སོར་གསལ། །ཞེས་དང་། བི་མ་ལས། སྐུ་ནི་ནང་གསལ་བུམ་སྐུ་ལྟར། །འོད་ནི་བུམ་པའི་མར་མེ་བཞིན། །ཡེ་ཤེས་རྨ་བྱའི་སྒོ་ང་ལྟར། །ཞེས་པ་ལྟར་དུ་གནས་ཁྲ་ཚང་ལ་ཉལ་བ་ལྟར་སྙིང་ན་གནས། ལམ་ནི་རྩ་བཞི་ནས་བརྒྱུད་དེ་མུ་ཏིག་ཕྲེང་བ་ལྟར་རོ། །འཁྱིལ་ནི་དུང་ཁང་ན་འཁྱིལ་ཏེ་བུམ་ནང་མར་མེ་གཏོང་བ་ལྟར་འཁྱིལ། སྒོ་ནི་མིག་ནས་ཐོན་ཏེ་རྒྱ་སྐར་གྱི་ཉི་ཞུར་དང་འདྲ་ཞིང་ཐིག་ལེ་སྟོང་སྒྲོན་ནི་རྨ་བྱའི་མདོངས་སྒྲོ་ལྟར། དབྱིངས་རིག་པའི་སྒྲོན་མ་ནི་དཔེར་ན་ཡི་གེ་ན་རོ་ལྟ་བུ་སྟེ། ཡུལ་ནི་ནམ་མཁའ་ལ། དུས་ནི་བར་དོའི་སྐབས་སྣང་བ་ནི་མེ་ལོང་གི་དཀྱིལ་འཁོར་ལྟར། འགྲོས་ནི་རིན་ཆེན་ལུས་ཏེ་ཁ་བྲག་ལམ་ལྟར། གྲོལ་ས་ཀ་དག་གི་སྣང་བ་སྟེ་བུམ་སྐུ་ལྟ་བུའོ། །ཞེས་གསུངས་པ་ལྟར་སྤྱིར་རྩ་ལ་ཡང་གྲངས་མེད་ཡོད་ཀྱང་སྙིང་གའི་འོད་གསལ་དེ་དང་འབྲེལ་བའི་འོད་རྩ་ཡི་སྒོ་ཆེན་བཞི་ཡོད་པ་ནི་ཀ་ཏི་གསེར་གྱི་རྩ་ཆེན་དང་། ཤེལ་བུག་ཅན་དང་། དར་དཀར་སྣལ་མ་དང་། སྟོང་པ་རང་གྲོལ་ཞེས་པ་སོགས་ཀྱི་སོ་སོའི་དོན་བྱེད་ཅིང་སྣེ་མོ་ནི་རྩེ་ཆུང་གཡས་གཡོན་ནས་སྤྱི་བོ་དུང་ཁང་ནས་ཕྱིར་བརྒྱུད་དེ་མིག་གཉིས་ལ་ཟུག་པས་སྒྲོན་མ་བཞི་ཡི་གདངས་ནམ་མཁའ་ལ་འཆར་བ་ཡིན་ཏེ། རང་ཤར་ལས། ཡང་དག་སངས་རྒྱས་དགོངས་པ་ནི། །སེམས་ཅན་ཀུན་གྱི་རང་རྒྱུད་ལ། །སྐུ་དང་ཡེ་ཤེས་ཚུལ་དུ་གནས། །དེ་ཡང་ཙིཏྟའི་དཀྱིལ་དུ་གནས། །ཡུངས་འབྲུ་འམ་ནི་ཏིལ་འབྲུ་ཙམ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གནས། །ཙིཏྟའི་སྒོ་བཞི་མ་འགགས་གསལ། །རྣམ་པར་འཆར་བ་བྱེད་པ་སྟེ། །རྣམ་པར་ནུབ་པ་བྱེད་པ་དང་། །སྐད་ཅིག་འཆར་བར་བྱེད་པ་དང་། །སྐད་ཅིག་ནུབ་པར་བྱེད་པའོ། །ཞེས་གསུངས་པ་ལྟར་རྩ་བཞིའི་གདངས་རྩ་ཨ་ཝ་དྷཱུ་ཏིར་ཐིམ། དེ་ནས་འོད་འཕྲོས་རྒལ་ཚིགས་གཡས་ནས་རྩེའུ་ཆུང་གཡས་ནས་དུང་ཁང་ལ་ཐིམ་པས། འོད་ཕྱིར་འཕྲོས་པས་སྒྲོན་མ་བཞིའི་སྣང་བ་འཆར་བ་སྟེ། དེའང་འབྱུང་བའི་དྭངས་མ་ལྟེ་བའི་རྩ་མདུད་ལ་སྤྱན་གཉིས་ཆགས་པ་ལ་རྩ་གསུམ་གྱིས་སྦྲེལ་ཏེ་ལྟེ་བ་ནས་སྙིང་ཁ༑ དེ་ནས་མགྲིན་པ། དེ་ནས་དུང་ཁང་ལ་འབྲེལ་ནས་དབང་ལྔའི་རྩ་གྱེས་པ་ལས་ཁྱད་པར་མིག་གི་རྩ་ནི་རྩེ་མོ་སྦོམ་ལ་རྩ་བ་ཕྲ་བ་བ་མིན་གྱི་རྭ་ལྟ་བུ་གཉིས་མིག་འབྲས་ལ་ཟུག་པས་དག་མ་དག་གི་ཆ་མཐོང་བར་བྱེད་པ་ནི་དཔེར་ན་མན་ཤེལ་དྲི་མ་མེད་པའི་ནང་དུ་ཕྱི་ནང་གཉིས་ཀའི་གཟུགས་བརྙན་གསལ་བར་འཆར་བ་ལྟ་བུ་སྟེ། ཐལ་འགྱུར་ལས། ཡེ་ཤེས་འཆལ་བའི་སྒོ་ཉིད་ནི། །ལུས་བཅུད་དྭངས་མ་ཀུན་འདུས་པའི། །ཙཀྵུ་ཞེས་པའི་སྒོ་ནས་ཐོན། །གཉིས་ཀྱི་ཆ་འཛིན་སྣང་བ་མཐོང་། །བསྐྱོད་ཅིང་རྩ་འབྲེལ་འབྱུང་བའོ། །ཞེས་གསུངས་པ་ལྟར་བསྡུ་ན་ལུས་དཀྱིལ་ཏེ་སྙིང་གི་དབུས་སུ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་དེ་ཉིད་རང་གི་དེ་སྔོན་མ་མཐོང་བ་འབྱུང་ལུས་ཀྱིས་ཡོངས་སུ་སྒྲིབ་པ་ནི་དཔེར་ན་ས་ཞབས་ན་གཏེར་དང་བུམ་ནང་ན་མར་མེའམ། པད་ནང་ན་སྐུ་ཡོད་ཀྱང་མ་མཐོང་བ་བཞིན་ནོ། །ད་ལན་བླ་མའི་མན་ངག་ཟབ་མོ་ལ་བརྟེན་པའི་རླུང་རིག་དང་སྒོ་ཡུལ་དང་རྐྱེན་སོགས་ལ་བརྟེན་ནས་མངོན་སུམ་མཐོང་བྱར་གྱུར་པ་ནི། དཔེར་ན་སྦྲུལ་གྱི་ལུས་གཅེར་བས་ཡན་ལག་མཐོང་བ་ལྟར་རམ། མིའི་ལུས་ལ་ཁྲག་གིས་སྤྱི་ལ་ཁྱབ་ཀྱང་ཁྱད་པར་རྩ་ལ་གཏར་བའམ། བ་ཡི་ལུས་ལ་འོ་མས་ཁྱབ་པ་དེ་མཁས་པས་ནུ་མ་ནས་བཞོ་བ་ལྟར་རང་ལ་གནས་པའི་ཡེ་ཤེས་ཀྱི་སྣང་བ་ཟབ་མོ་དེ་གནད་རྣམས་ལེགས་པར་གཅུན་པས་མངོན་སུམ་ཆུ་བུར་མིག་གི་སྤྱོད་ཡུལ་དུ་འཆར་བར་གྱུར། དེ་ལྟར་སྒྲོན་མ་བཞིའི་ཚིག་དོན་བྱེད་ལས་དང་བཅས་པ་མདོར་ཙམ་བསྟན་པ་ནི། མུ་ཏིག་ཕྲེང་བ་ལས། འགྲོ་བའི་ལམ་ནི་མཐོང་བྱེད་སྒོ། །དེ་ཉིད་གཡས་གཉིས་གཡོན་གཉིས་དབུས། །སྒྲོན་མ་འབར་བའི་ཚུལ་དུ་གནས། །ཐིག་ལེ་སྟོང་པའི་སྒྲོན་མ་དང་། །དག་པ་དབྱིངས་ཀྱི་སྒྲོན་མ་དང་། །ཤེས་རབ་རང་བྱུང་ཉིད་དང་ནི། །རྒྱང་ཞག་ཆུ་ཡི་སྒྲོན་མ་ནི། །མཐོང་བྱེད་ཡུལ་ལ་སྣང་བའོ། །ཞེས་དང་། རང་ཤར་ལས། སྒྲོན་མ་རྣམ་བཞི་འདི་ལྟ་སྟེ། །ཐིག་ལེ་སྟོང་པའི་སྒྲོན་མ་དང་། །རིག་པ་དབྱིངས་ཀྱི་སྒྲོན་མ་དང་། །ཤེས་རབ་རང་བྱུང་སྒྲོན་མ་དང་། །རྒྱང་ཞག་ཆུ་ཡི་སྒྲོན་མ་རྣམས། །སེམས་ཅན་ཀུན་ལ་སྣང་བའོ། །ཞེས་པ་ལྟར་སྒྲོན་མ་བཞིའི་ཚིག་དོན་ཅུང་ཟད་འགྲེལ་ན། མུ་ཏིག་ཕྲེང་བ་ལས། འཁོར་བ་རྟོག་པའི་ཆ་ནས་ནི། །རྒྱང་དུ་འཕེན་པས་རྒྱང་ཞེས་བྱ། །དེ་བཞིན་མ་རྟོགས་ཕྱོགས་ནས་ཀྱང་། །མྱང་འདས་འཕན་པའི་རྒྱང་ཡིན་ནོ། །སྣང་བ་རང་སར་བཞག་པ་ན། །བདག་འཛིན་བྲལ་བའི་ཆུ་ཞེས་བྱ། །རང་སྣང་གོང་ནས་གོང་འཕེལ་སྒོ། །རིག་པའི་ཡེ་ཤེས་གསལ་བའི་སྒྲོན། །འཆར་བྱེད་སྒོ་ནི་མིག་ཡིན་པས། །ཀུན་གྱི་གཞི་འཛིན་མ་ཞེས་བྱ། །ཞེས་གསུངས་པ་ལྟར་བྱེད་ལས་ནི་ཡེ་ཤེས་ཀྱི་སྣང་བ་མཐོང་ནས་མ་དག་འཁྲུལ་སྣང་འགགས་པའི་རྟེན་བྱེད། ཐལ་འགྱུར་ལས། འདི་ཡི་གནད་ནི་མིག་ཡིན་ཏེ། །མཐོང་བྱེད་འགགས་པ་མེད་པ་ཡི། །ཡུལ་རྣམས་འཛིན་པར་བྱེད་པ་ཡིན། །ཞེས་དང་། སྒྲོན་མ་འབར་བ་ལས། དཔེར་ན་འཛིན་བྱེད་ལྕགས་ཀྱུ་ཡིས། །གང་སྣང་སྣ་ནས་འཛིན་པ་བཞིན། །འཁོར་བ་མྱ་ངན་འདས་པ་ཡི། །སྣ་གཉིས་འདི་ཡིས་འཛིན་པར་བྱེད། །ཞེས་དང་། ཐལ་འགྱུར་ལས། སྒྲོན་མའི་གནས་ནི་ངས་བཤད་ཀྱིས། །ལྷ་བུ་སྐལ་ལྡན་ཁྱོད་ཉོན་ཅིག །ཡུལ་དང་རིག་པ་ཀློང་དག་པ། །འདི་ཡང་སྒྲོན་མའི་གནད་ཡིན་པས། །རྒྱང་ཞག་འགུལ་བ་མེད་པ་གནད། །འདི་དུས་ལྟ་སྟངས་གསུམ་དང་སྦྱར། །ཞེས་གསུངས་པ་ལྟར་རིམ་གྱིས་ལྟ་སྟངས་གསུམ་ལ་གོམས་པར་བྱ་བ་གནད་ཀྱི་མན་ངག་ཟབ་མོའོ། །དེ་བཞིན་ཐིག་ལེ་སྟོང་པའི་སྒྲོན་མ་ནི། མུ་ཏིག་ཕྲེང་བ་ལས། ཐིག་ནི་འགྱུར་བ་མེད་པ་ཡིས། །ལེ་ནི་ཁྱབ་ཅིང་ཡུལ་ལ་སྣང་། །སྟོང་པས་དངོས་པོ་མཚན་མ་མེད། །སྒྲོན་མས་མུན་སེལ་སྣང་བར་འགྱུར། །ཞེས་དང་། ཐལ་འགྱུར་ལས། ཐིག་ལེ་སྟོང་པའི་མཚན་ཉིད་ནི། །ཟླུམ་ཞིང་རང་བཞིན་ཀུན་གསལ་བ། །དམར་དང་ཁ་དོག་གསལ་བའི་འོད། །སྤྲོས་དང་བཅས་ཏེ་མཆེད་པར་བྱེད། །ཅེས་གསུངས་པ་ལྟར་དུ། ཕྱེད་སྐུ་སྐུ་རྐྱང་ཡབ་ཡུམ་ཚོམ་བུ་དཀྱིལ་འཁོར་ཆེན་པོ་སོགས་འཆར་བ་བྱེད་པས་ན་ཀ་དག་གི་རང་སྣང་རྒྱུ་རྐྱེན་འདུས་མ་བྱས་པ་རང་སྣང་དུ་རྩལ་རྫོགས་པར་བྱེད་དོ། །དེ་བཞིན་དབྱིངས་ནི། མུ་ཏིག་ཕྲེང་བ་ལས། དབྱིངས་ནི་ཡངས་ཤིང་རྒྱ་མ་ཆད། །ཆོས་ཉིད་ཡུལ་ནི་རྣམ་དག་པས། །གཉིས་ཀའི་ཟུར་ནས་འཆར་བར་བྱེད། །ཁྱབ་ཆེན་མཐིང་ཀ་འགྱུར་བ་མེད །སྣང་བ་དག་པའི་རྐྱེན་འཕྲད་ན། །ཁ་དོག་ལྔ་དང་ལྡན་པར་འགྱུར། །ཞེས་པ་ལྟར་དག་པའི་སྣང་བ་ཐམས་ཅད་འཆར་བའི་ཡུལ་བྱེད་པ་དང་དབྱིངས་སྣང་ལ་རིག་པ་གཏད་པས་ཆོས་ཉིད་ཟད་པའི་སྣང་བ་ངང་གིས་འཆར་སླ་བར་བྱེད་དོ། །དེ་བཞིན་ཤེས་རབ་རང་བྱུང་གི་སྒྲོན་མ་ནི། མུ་ཏིག་ཕྲེང་བ་ལས། ཤེས་པའི་ཆོས་རྣམས་གཅིག་ཅར་རྟོགས། །རབ་ནི་ཀུན་གྱི་རྩེ་མོ་འགྱུར། །རང་ནི་གཞན་ལྟོས་ཆོས་དང་བྲལ། །བྱུང་བས་མ་བཀག་ལྷུག་པར་སྣང་། །གཡོས་ནས་འཆར་བྱེད་སྒོ་མ་འགགས། །ཞེས་གསུངས་པ་ལྟར། ནང་དུ་ཤེས་པ་ཤིན་ཏུ་དྭངས་ལ་ཡུལ་མེད་ཀྱི་ཉམས་འཆར་བ་དེ་ཤེས་སྒྲོན་ནམ། ཤེས་པའི་ཡུལ་རིག་ཀྱང་རྟོག་པ་མ་སྐྱེས་པའི་གསལ་རིག་འཛིན་མེད་དེ་ལ་ཤེས་རབ་ཞེས་པ་སྟེ་དག་པའི་སྣང་བ་ཐམས་ཅད་འཆར་བའི་གཞི་བྱེད་པའམ་ཡང་དག་པར་མཐོང་བའི་མིག་བྱེད་པ་ཡིན་ནོ། །དེ་དག་ནི་དབྱིངས་མཐིང་ཀ་ལས་ཆད་པའི་ཕལ་ཆེར་འོད་གདངས་ཡིན་ལ་ད་ནི་འཆར་བ་ཀུན་གྱི་སྙིང་པོ་བསྟན་པ་ནི། རིག་པའི་ངོ་བོ་དངོས་ནང་ན་ཡོད་ཀྱང་གདངས་ཕྱིར་གསལ་བས་རིག་པ་ཞེས་བཏགས་ཏེ། ལུ་གུ་རྒྱུད་དུ་སྣང་བ་ནི། རྩལ་རྫོགས་ལས། དབྱིངས་དང་རིག་པའི་དོན་ཉིད་ནི། །ལྟ་སྒོམ་སྤྱོད་པ་ཀུན་གྱི་དངོས། །ཡེ་ཤེས་རང་སྣང་གཟུང་འཛིན་བྲལ། །དབྱིངས་དང་རིག་པ་ཉིད་ཀྱི་དོན། །འདི་ཡི་ངང་དུ་ཐམས་ཅད་འདུས། །ཞེས་དང་། མུ་ཏིག་ཕྲེང་བ་ལས། དཔེར་ན་གསེར་གྱི་ལུ་གུ་རྒྱུད། །བཟོ་བོ་མཁས་པའི་བརྒྱུས་པ་ལྟར། །རིག་པས་ཐམས་ཅད་ཤིས་ཤིང་རིག །རྟོག་མེད་འཁོར་བས་གོས་པ་མེད། །ལུ་གུ་རྒྱུད་དུ་འབྲེལ་ཆགས་སོ། །ཞེས་གསུངས་པ་ལྟར་དབྱིངས་དེའི་རིག་པའི་སྣང་ཡུལ་བའི་འོད་གདངས་དོན་དམ་གྱི་འབྱུང་ངོར་གནས་ཤིང་། རིག་པ་དེ་རླུང་གི་འགྲོ་འོང་དུ་ཡོད་པས་དབྱིངས་ཀྱི་ར་བར་གཏད་པས་དེ་ལྟར་ན་དབྱིངས་ཀྱི་ར་བ་རུ་རིག་པ་སྐུ་དང་ཡེ་ཤེས་རྣམས་འདུ་འབྲལ་མེད་པ་གནས་པ་ནི། །དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་ཞེས་ཀུན་ཏུ་བཟང་པོ་མངོན་དུ་གྱུར་པ་ཡིན་ཏེ། གསང་སྤྱོད་ས་བོན་གྱི་རྒྱུད་ལས། དབྱིངས་དང་རིག་པའི་ལྟ་སྟངས་ནི། །སྒྲིབ་བྱེད་བྲལ་བའི་ནམ་མཁའ་ལ། །དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །རྣམ་པར་བཞག་ཅིང་འབྲལ་མི་བྱ། །འདི་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་པ་ཉིད་ནི་མཉམ་པའོ། །ཞེས་གསུངས་པ་ལྟར་གདོས་བཅས་ཀྱི་ལུས་དང་སེམས་ཀྱི་འཁྲུལ་རྟོག་དག་སྟེ། དབྱིངས་རིག་ཟུང་དུ་ཆུད། རིག་པ་ཆོས་སྐུར་སྨིན་ནས་ནང་དབྱིངས་ཀ་དག་ལ་རིག་པའི་རང་ས་ཟིན་པའི་དགོས་པ་ཁྱད་པར་ཅན་ཡོད་དོ། །ད་ནི་དེ་ལྟར་སྒྲོན་མ་བཞི་ཡི་ལོ་རྒྱུས་ཅུང་ཟད་སྔོན་དུ་བཤད་ཟིན་ནས་ལམ་ཉམས་སུ་ལེན་པའི་དུས་ལུས་དང་སྒོ་དང་ཡུལ་དང་རླུང་རིག་གི་གནད་རྣམས་བཅོས་ཐབས་ཀྱི་རིམ་པ་དང་། བཅོས་ནས་སྣང་བ་བཞིའི་ཉམས་རྣམས་རིམ་པར་འཆར་ཚུལ་བསྟན་པ་དང་། ཕན་ཡོན་གྱི་རིམ་པ་སོགས་ནི་གོང་དུ་བཤད་མ་ཐག་པའི་ཚུལ་བཞིན། དུང་ཡིག་ཅན་ལས། གཤན་པ་སྨད་འཚོང་སྡིག་ཅན་ལ། །འདི་ཉིད་བསྟན་པས་གྲོལ་ཐོབ་འགྱུར། །ཉན་ཐོས་རང་སངས་རྒྱས་རྣམས་དང་། །བྱང་སེམས་སྒྲིབ་པ་བྲལ་བས་ཀྱང་། །དེ་ཉིད་གནད་གསུམ་གདེང་མེད་ན། །རྡུལ་ཕྲན་ཙམ་ཡང་མཐོང་མི་འགྱུར། །ཞེས་དང་། སྒྲོན་མ་སྣང་བྱེད་ལས། ལུས་ཀྱི་གནད་ཉིད་མ་ཤེས་ན། །དཀོར་མཛོད་སྒོ་མོ་དམ་འགྲིགས་ལྟར། །ཕྱི་ནས་ནོར་རྙེད་མ་ཡིན་ནོ། །དབྱིངས་ཀྱི་གནད་ཉིད་མ་ཤེས་ན། །བྱ་ལོང་ནམ་མཁའི་མཐའ་ཚོལ་འདྲ། །རིག་པའི་གནད་དེ་མ་ཤེས་ན། །ནམ་མཁའ་སྤར་གྱིས་འདེབས་དང་འདྲ། །གནད་གསུམ་མན་ངག་མ་ཤེས་པར། །སྒོམ་པར་འདོད་པའི་སྒོམ་ཆེན་དེ། །སྤྱད་དབང་མེད་པའི་ནོར་སྲུང་འདྲ། །དེ་ཕྱིར་གནད་གསུམ་འབྲེལ་བ་གཅེས། །ཞེས་དང་། ཇི་སྐད་དུ། དབྱིངས་རིག་ཟུང་འཇུག་མ་ཤེས་པར། །མི་རྟོག་ལྟེངས་པོར་སུས་བསྒོམ་པ། །རི་བོ་རྐེད་པ་བྲེག་དང་འདྲ། །ཞེས་དང་། ཡི་གེ་མེད་པ་ལས། དག་པའི་རང་བཞིན་ཀུན་ལ་ཁྱབ། །ཆོས་སྐུ་གདམས་ངག་ཉིད་ལ་ཐུག །ཅེས་གསུངས་པ་ལྟར། ལུས་ངག་ཡིད་གསུམ་གྱིས་ཕྱི་ནང་གསང་བའི་སྤྲོས་པ་རྣམས་ཡོངས་སུ་བཅད་དེ། ལུས་གནད་དང་། སྒོ་ཡི་གནད་དང་། རླུང་གནད་དང་། ཡུལ་གནད་དང་། རིག་པའི་གནད་རྣམས་ཞིབ་ཀྱིས་ལེགས་པར་གཅུན་པ་གལ་གནད་ཤིན་ཏུ་ཆེ་བའི་རང་བཞིན་ཏེ། ལུས་གནད་མ་ཆུན་ན་རྩ་གནད་མི་ཆུན། རྩ་གནད་མ་ཆུན་ན་རླུང་གནད་མི་ཆུན། རླུང་གནད་མ་ཆུན་ན་ཐིག་ལེ་མི་ཆུན། དེ་མ་ཆུན་ན་འོད་གསལ་མངོན་དུ་མི་འཆར་བས། དེའི་ཕྱིར་ལུས་ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ནི་འགྱིང་ཚུགས་སུ་འདུག་ལ་ལག་སོར་གཉིས་ནང་དུ་བསྒོངས་ཏེ་རྐང་མཐིལ་གཉིས་མདུན་དུ་སྤྲད། མཇིང་པ་དགྱེད་དེ་མིག་སྟེང་གི་ནམ་མཁའ་ལ་ཧད་པོར་བལྟའོ། །ལོངས་སྐུའི་བཞུགས་སྟངས་གླང་ཆེན་ཉལ་བ་ལྟ་བུ་ནི། པུས་བྲང་གཉིས་སྦྱར་ནས་ཁ་སྦུབས་པའི་རྐང་མཐིལ་གཉིས་ཕྱིར་བསྟན། གྲུ་མོ་གཉིས་ས་ལ་བཙུགས་པའི་ཐལ་མོ་གཉིས་ཀྱིས་འགྲམ་པ་བསྟེན་ལ། མིག་ཐད་ཀར་བལྟའོ། །དེ་ནས་སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ལྟ་བུ་ནི། ཙོག་པུར་འདུག་པའི་པུས་མོའི་སྟེང་དུ་ལག་པ་གཉིས་བསྣོལ་ཏེ་ཐལ་མོས་གྲུ་མོ་གཉིས་བཀབ་ལ་མིག་ཅུང་ཟད་ཕབ་ལ་ལྟ་བར་བྱ་ཞིང་དེ་དག་ཀྱང་ལུས་ཀྱི་ཆ་སོ་སོ་ནས་ལྷོད་ཆགས་པར་བཞག་པ་གནད་དམ་པའོ། །དེ་ནས་སྒོ་ཡི་གནད་གཟིགས་སྟངས་གསུམ་ནི་ཆོས་སྐུའི་གཟིགས་སྟངས་གྱེན་དུ་གཙུག་ཏོར་རྣམ་པར་ལྟ་བ་ལྟ་བུ་དང་། ལོངས་སྐུའི་གཟིགས་སྟངས་བྲམ་ཟེས་སྨྱུགས་མ་བསྲང་བ་ལྟ་བུ་དང་། སྤྲུལ་སྐུའི་གཟིགས་སྟངས་ཅུང་ཟད་ཐུར་དུ་ཕབ་པ་དྲང་སྲོང་བསམ་གཏན་བསྒོམ་པ་ལྟ་བུ་སྟེ་མིག་མི་འགུལ་བར་དྭངས་ལ་བསླབ་པ་གནད་ཀྱི་ཡང་ཟབ་བོ། །དེ་ནས་རླུང་གནད་ནི། སྣ་ནས་མི་བཏང་བར་ཁ་ནས་དྲང་ལ་འབྱུང་འཇུག་གནས་གསུམ་ཆ་རབ་ཏུ་སྙོམས་པར་དལ་བུར་བཏང་ཞིང་། དེ་ཡང་དད་པ་ངེས་འབྱུང་ཏིང་འཛིན་སོགས་ཀྱིས་ཉམས་འཕེལ་དུས་ནང་དུ་ཅུང་ཟད་དལ་བར་བཟུང་ལ་ཉོན་མོངས་སྐྱེས་པ་དང་། སྙིང་མི་དགའ་བ་དང་རྨུགས་འཐིབ་སོགས་འབྱུང་བའི་དུས་ན་ཧ་དྲག་པོ་དང་བཅས་ཕྱིར་དབྱུང་ལ་ཅུང་ཟད་མཚམས་བཅད་པ་གནད་དོ། །ཡུལ་གྱི་གནད་ནི་ནམ་མཁའ་སྤྲིན་མེད་པའི་ངོས་སུ་ལྟ་བ་དང་། ཆོས་སྐུའི་རྟེན་ཉི་ཟེར་དང་། ལོངས་སྐུའི་རྟེན་ཟླ་བ་དང་། སྤྲུལ་སྐུའི་རྟེན་མར་མེ་སོགས་ལ་བརྟེན་ཏེ། དེའང་ལས་དང་པོ་པའི་སྐབས་འདིར་རྐྱེན་ལ་བརྟེན་པའི་ཟེར་གྱིས་ཟེར་ཕྲད་པར་འབྱུང་བ་ནི། དཔེར་ན་ཉི་ཟེར་དང་མན་ཤེལ་འཕྲད་པ་ལྟར་འོད་གསལ་གྱི་སྣང་བ་ཕྱི་ལ་འཆར་སླ་བའི་དགོས་ཆེད་སོགས་ཡོད་པས་དེ་ལྟར་རྐྱེན་ལ་བརྟེན་པ་དང་ཅུང་ཟད་གོམས་པ་ན་རིམ་གྱིས་གཡས་གཡོན་དང་སྟེང་འོག་ཕྱོགས་མཚམས་རྣམས་སུ་ཟེར་ཁྲིད་དེ་བསྒོམ་པར་བྱ་བ་གནད་དོ། །དེ་ནས་རིག་པའི་གནད་ནི་ཤེས་པ་གྲུང་བཏོན་ལ་ནམ་མཁའི་གདངས་སྔོན་པོ་ལ་མིག་མི་འགུལ་བར་ཧ་རེ་བལྟ་ཞིང་སེམས་བྱིང་རྒོད་དང་ཡེངས་པ་མེད་པར་རང་གྲུང་འབྱིན་པར་བཞག་པ་ནི་གནད་ཀྱི་མན་ངག་ཡང་ཟབ་མོའོ། །དེ་ལྟར་གནད་རྣམས་ལེགས་པར་གཅུན་པའི་སྟོབས་ཀྱིས་ཆོས་ཉིད་ཀྱི་བདེན་པ་སྣང་བ་བཞི་པོ་རིམ་གྱིས་འཆར་བ་ནི་འདི་ལྟ་སྟེ། དང་པོ་ཆོས་ཉིད་མངོན་སུམ་ནི་ཤེས་རབ་རང་བྱུང་གི་སྒྲོན་མ་ཁོང་ནས་འཆར་ཏེ་བཟུང་། དབྱིངས་སྣང་འཇའ་འོད་ཀྱི་ནང་དུ་ཐིག་ལེ་ཆེ་བ་དང་། ཐིག་ཕྲན་ཆུང་ངུ་སུམ་འབྲེལ་དང་། རྡོ་རྗེ་ལུ་གུ་རྒྱུད་ཇེ་གསལ་གྱུར་པ་དང་། ཐིག་ལེ་སྟོང་པའི་སྒྲོན་མ་རེས་སྣང་རེས་མི་སྣང་བ་སོགས་ཀྱི་ཚུན་ཆད་དོ། །གཉིས་པ་ཉམས་གོང་འཕེལ་ནི། དབྱིངས་འོད་ལྔའི་ནང་ཐིག་ལེ་སྟོང་སྒྲོན་རྟག་ཏུ་སྣང་སྟེ། གྱེན་འགྲེང་དང་རྩིབ་ཤར་ཟླུམ་འཁྲིགས་དང་མཆོད་རྟེན་པདྨ་དང་མདའ་མདུང་རྩེ་དང་མཁར་ཐབ་སོགས་དང་འོད་ཀྱང་རི་སྡེ་ཙམ་དང་ཡུལ་གྲུ་དང་མཐོང་ཚད་ཁྱབ་སྟེ། མིག་མང་རིས་དང་། ཟ་འོག་གི་བེར་ཁྱིམ་སོགས་འཆར་བ་སྟེ། དེའང་ཆོས་ཉིད་མངོན་སུམ་དང་། ཉམས་གོང་འཕེལ་གཉིས་ཀྱི་དུས་རིག་གདངས་རྣམ་པ་གཉིས་ལམ་དུ་བྱེད་པས། སྤྲུལ་སྐུ་མངོན་དུ་གྱུར་ནས་ཕྱིན་ཆོད་མ་དག་པ་མངལ་སྒོ་གཅོད་ཅིང་བར་དོ་དང་པོ་ལ་གྲོལ་བའི་ནུས་པ་ཐོབ་བོ། །གསུམ་པ་རིག་པ་ཚད་ཕེབས་ནི། བི་མ་ལས་ཐིག་ལེ་ཚོམ་བུ་མན་ཆད་ཉམས་གོང་འཕེལ། ལྷ་སྐུ་ཤར་བ་ཡན་ཆད་ཚད་ཕེབས་བཞེད་པ་དང་། སློབ་དཔོན་པདྨས་སྐུ་རྐྱང་ནས་ཟད་པའི་བར་ཚད་ཕེབས་བཞེད་འདུག་པ་ལྟར། དབྱིངས་སྣང་རྒྱ་ཆེ་བའི་དབུས་ན་ཐིག་ལེ་རྣམས་མུ་ཁྱུད་ར་བས་བསྐོར་ཞིང་། ཚོམ་བུ་པད་འདབ་ཀྱི་དབུས་ན་ལྷ་ཡི་གཙུག་ཏོར་ནས་དབུ་ཕྱེད་དང་རིལ་པོ་ནས་སྐུ་སྟོད་སྐུ་རྐྱང་དང་ཡབ་ཡུམ་ཚོམ་བུ་དང་། དཀྱིལ་འཁོར་དང་དཀྱིལ་འཁོར་ཆེན་པོ་ཡོངས་རྫོགས་སོགས་སྣང་ཞིང་དེའི་དུས་ལོངས་སྐུའི་སྣང་བ་ལ་སྤྱོད་པའི་རགས་པས་དངོས་སྣང་འགག་ནས་ལོངས་སྐུའི་ཞིང་ཁམས་དངོས་ལ་སྣང་བས་དབང་འབྱོར་ནས་རི་བྲག་ཏུ་ཟང་ཐལ་དུ་འགྲོ་བའམ། སྨྱོན་པ་ལྟར་ཡ་ང་བག་ཚ་མེད་པ་དང་། ལུས་ཀྱི་རྡུལ་ཕྲན་མཐོང་ཞིང་འོད་གསལ་གྱི་རང་བཞིན་དུ་གྱུར། རླུང་གི་རྒྱུ་བ་ཟད་ནས་རིག་པ་ས་རྡོ་ལ་གཏད་པ་ཙམ་གྱིས་ཞུ་ནུས་པ་དང་། བེམ་པོ་འགུལ་བ་དང་། སྐད་འབྱིན་པ་སོགས་འོང་བ་དང་ལུས་ནང་ཨའི་གདངས་དུང་ཁང་གི་ཁྲོ་བོ་རྣམས་གསལ་བ་དང་། བ་སྤུའི་ཚད་དང་མཉམ་པ་སངས་རྒྱས་ཀྱི་ཞིང་ཁམས་དང་། ལག་སོར་དང་སྙིང་ག་སངས་རྒྱས་རྣམས་ཀྱི་ཐུགས་ཀ་སོགས་འོད་ལྔའི་ཐག་པ་དྲྭ་བས་སྦྲེལ་བ་དང་། སྨིན་མཚམས་ནས་འོད་ཟེར་འདོམ་གང་འཕྲོ་བ་དང་། སྤྱི་གཙུག་ན་ཐིག་ལེ་ལྔའམ་དགུ་བརྩེགས་སོགས་ཀྱི་སྣང་བ་ཚད་མེད་པ་འབྱུང་ཞིང་ཕྱིས་ཉམས་སྣང་ཅུང་ཟད་ཙམ་འཕེལ་རྒྱུ་མེད་པར་སྔར་གྱི་སྣང་བ་དེ་དག་གཡོ་འགུལ་དང་འཕེལ་འགྲིབ་མེད་པ་གཅིག་ཏུ་བརྟན་པ་ནི་ཚད་ཕེབས་ཀྱི་སྣང་བའོ། །བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། ཕྱི་ཡི་སྣང་བ་རྣམས་ནི་འཕེལ་ཆ་རིམ་གྱིས་ཟད་པ་དང་། ལུས་གདོས་བཅས་ཀྱི་སྣང་བ་ཟད་པ་དང་། གཡོ་མེད་རླུང་རང་དེངས་སུ་སོང་བས་རྣམ་རྟོག་ཉོན་མོངས་རྣམས་ཀྱི་གནས་ཡོངས་སུ་ཟད་པས་ན་ཟད་པ་ཞེས་བྱ་བ་དེའི་དུས་སྟོང་ཉིད་བསམ་ཡུལ་ལས་འདས་པ་ལ་ལོངས་སྤྱོད་པས་ཆོས་སྐུ་མངོན་དུ་གྱུར་ཅིང་འོད་ཀྱི་ནང་ན་ལག་སོར་བཀྲམ་པ་ཙམ་སྣང་བ་ལས་ལུས་གདོས་བཅས་སུ་སྣང་བ་གང་ཡང་མེད་ལ་ལུས་དེ་ཉིད་ཀྱིས་སེམས་ཅན་གྱི་དོན་འགྲུབ་པར་འདོད་ན་སོར་མོ་ལ་རིག་པ་གཏད་པས་བི་མ་ལ་དང་པདྨ་འབྱུང་གནས་སོགས་ལྟར་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུར་འགྲུབ་ནས། བར་དོའི་སེམས་ཅན་སུམ་སྟོང་ལ་བློ་ཡེ་ཤེས་ཀྱི་འཇུག་པ་གཅིག་གིས་གྲོལ་བར་མཛད་པ་དང་། མ་ཟད་འཁོར་བ་མ་སྟོངས་ཀྱི་བར་དུ་དབང་རྣམ་པ་གཉིས་ཀྱིས་འགྲོ་བ་རྣམས་དབྱིངས་སུ་སྒྲོལ་བའི་ཕྲིན་ལས་རླབས་པོ་ཆེ་མཛད་དོ། །གལ་ཏེ་རྟེན་དེའི་སེམས་ཅན་གྱི་དོན་མི་བྱེད་ན་ལག་སོར་ལ་རིག་པ་མ་གཏད་པས་སྐད་ཅིག་ལ་ན་བུན་ཡལ་བ་ལྟར་ཕྱི་སྣང་གི་འོད་ལུས་དེའང་ནང་དབྱིངས་སུ་ཡལ་ནས་ཀ་དག་གི་ས་ལ་རྟག་ཏུ་ལྷུན་གྱིས་གྲུབ་པར་བཞུགས་སོ། །དེ་ལྟར་སྣང་བ་བཞི་པོའི་རྩལ་རྫོགས་པའི་རྟགས་ལུས་ངག་ཡིད་ལ་ད་ལྟ་ནས་འཆར་བས་བར་དོ་མེད་པར་རབ་ཚེ་འདིར་གྲོལ་བ་དང་། འབྲིང་ཆོས་ཉིད་བར་དོ་དང་ཐ་མ་སྲིད་པ་བར་དོར་གྲོལ་བའི་ཚད་བསྟན་པ་ནི་འདི་ལྟ་སྟེ། སྔོན་དུ་ཅུང་ཟད་བཤད་པ་བཞིན་ལུས་མི་འགུལ་བ་བཞུགས་སྟངས་གསུམ་ལས་མི་འདའ་བ་དང་། མིག་མི་འགུལ་བ་གཟིགས་སྟངས་གསུམ་ལས་མི་འགུལ་བ་དང་། རླུང་རིག་མི་འགུལ་བ་དལ་བས་བཅོས་ལྷད་མེད་པའི་ངང་ནས་མ་ཡེངས་པ་ལ་གཞི་བཅས་ནས་བསྒོམས་པས་དང་པོ་ཆོས་ཉིད་མངོན་སུམ་གྱི་དུས་ལུས་འདུག་སྟངས་ལས་མི་གཡོ་བར་རུས་སྦལ་མཁར་གཞོང་དུ་བཅུག་པ་ལྟ་བུ་དང་། ངག་བརྗོད་པ་ཉུང་བས་ལྐུགས་པ་ལྟ་བུ་དང་། སེམས་རྩེ་གཅིག་ལས་མི་གཡོ་བར་བྱ་རྙི་ལ་ཟིན་པ་ལྟ་བུ་འབྱུང་། ཉམས་གོང་འཕེལ་གྱི་དུས་ལུས་བྱི་དོར་དང་གོས་དང་རྒྱན་ནོར་འདོགས་འདོད་མེད་པ་ནད་ཀྱིས་ཐིབས་པ་ལྟ་བུ་དང་། ངག་འཛིན་རྩོལ་ཞིག་པས་སྨྱོན་པའི་ཚིག་རང་རྡོལ་ལྟར་ཅི་ཡིན་འདི་ཡིན་མེད་པར་སྨྲ་བ་དང་། སེམས་གང་ལའང་མི་རྟོག་པས་རྩི་དུག་གིས་མྱོས་པ་ལྟར་འབྱུང་། ཚད་ཕེབས་ཀྱི་དུས་ལུས་གང་ལའང་ཟང་ཐལ་དུ་འགྲོ་བས་གླང་ཆེན་འདམ་ལས་ཐོན་བ་ལྟ་བུ་དང་། ངག་ཤིན་ཏུ་སྙན་པ་གྲུལ་བུམ་གྱི་ཕྲུག་གུ་ལྟ་བུ་དང་། སེམས་ཉོན་མོངས་པ་བྱིང་རྒོད་ཐམས་ཅད་ལས་གྲོལ་བས་ཉིན་མཚན་འོད་གསལ་དུ་གནས་པས་རིམས་ནད་བྱང་བའི་སྐྱེས་བུ་ལྟ་བུར་འབྱུང་། ཆོས་ཉིད་ཟད་པའི་དུས་ལུས་གདོས་བཅས་ལས་གྲོལ་བས་བར་སྣང་གི་འཇའ་ཚོན་ལྟ་བུ་དང་། ངག་གཞན་གྱི་རྗེས་བཟློས་ཙམ་ལས་ངོས་བཟུང་མེད་པས་བྲག་ཆའི་རྣམ་པ་ལྟ་བུ་དང་། སེམས་གདོད་མར་ནུབ་ཏུ་ཉེ་བས་བར་སྣང་གི་སྤྲིན་དེངས་པ་ལྟ་བུ་འབྱུང་། དེ་བཞིན་མཚན་གྱི་རྨི་ལམ་གྱི་ཆ་ལའང་རིམ་གྱིས་ངན་པ་ལོག་ནས་བག་ཆགས་བཟང་པོ་ཤ་སྟག་རྨི། བར་དུ་རྨི་ལམ་སྒྱུ་མར་མཐོང་། རྗེས་ལ་འོད་གསལ་གྱི་དབྱིངས་སུ་ནུབ་པས་རྒྱུན་ཡོངས་སུ་ཆད་དོ། །མདོར་ན་སྡོད་པ་གསུམ་ནི་ཕྱི་སྣང་བ་རྣམས་སྡོད་པས་རྐྱེན་ངན་གྲོགས་སུ་འཆར། ནང་འབྱུང་ལུས་སྡོད་པས་འཁྲུལ་བའི་བྱ་བ་ཀུན་དང་བྲལ། གསང་བ་རླུང་སེམས་སྡོད་པས་རྣམ་རྟོག་སྐྱེ་མི་སྲིད་པ་ལྟ་བུ་འབྱུང་ཞིང་། ཐོབ་པ་གསུམ་ནི་ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་རྐྱེན་ཞིང་ཁམས་སུ་གྲོལ། ནང་འབྱུང་ལུས་ལ་དབང་ཐོབ་པས་གདོས་བཅས་འཇའ་ལུས་སུ་གྲོལ། གསང་བ་རིག་པ་ལ་དབང་ཐོབ་པས་ཉོན་མོངས་ཡེ་ཤེས་སུ་གྲོལ་ནས་གདེང་བཞིའི་གྲོལ་ཚད་ཁྱད་པར་ཅན་འབྱུང་བ་ནི་དེའི་ཚེ་ཡར་སངས་རྒྱས་ཐོབ་པའི་རེ་བ་དང་མ་ཐོབ་ཀྱི་དོགས་པ་མེད་པ་དང་། མར་འཁོར་བར་ལྟུང་གི་དོགས་པ་དང་། མི་ལྟུང་བར་ཐར་དུ་རེ་བ་མེད་པའི་གདེང་ཚད་ཡོངས་སུ་བརྙེས་པ་ལྟ་བུར་གྱུར་ཅིང་དེའང་བརྩོན་འགྲུས་རབ་རྣམས་ལོ་གསུམ་དང་ཟླ་བ་གཅིག །འབྲིང་རྣམས་ལོ་བཞི་དང་ཟླ་བ་ལྔ་ཞག་དྲུག །ཐ་མ་རྣམས་ལོ་བདུན་དང་ཟླ་བ་བཅུ་གཅིག་ན་གདོས་བཅས་འོད་ལུས་སུ་ཡལ་ནས་གདོད་མའི་ས་ལ་ལྷག་མེད་དུ་སངས་རྒྱས་ཐོབ་པ་ལ་ཐེ་ཚོམ་མེད་པར་མྱོང་ཆོས་མངོན་སུམ་ཚད་མར་གྲུབ་པའི་རང་བཞིན་དེ་དག་ནི་རབ་ཚེ་འདིར་གྲོལ་ཚུལ་གྱི་གདམས་པ་བཤད་ཟིན་ཏོ། །དེ་ལྟར་རབ་ཚེ་འདིར་མ་གྲོལ་བ་རྣམས་སྔོན་གོམས་འདྲིས་ཐོན་པའི་དབང་གིས་འབྲིང་བར་དོར་གྲོལ་བར་གྱུར་པ་ནི་འདི་ལྟ་སྟེ། འབྱུང་བའི་ཐིམ་རིམ་རྣམས་རིམ་གྱིས་བསྡུ་ཞིང་ལུས་རྒྱ་ཞིག་པའི་དུས་ནང་གི་དབྱིངས་ཅི་ཡིན་པ་འཆར་བ་ནི་ཆོས་ཉིད་ཡིན་པས་རང་ལ་སྔར་གོམས་འདྲིས་ཡོད་ན་མ་པང་དུ་བུ་འཇུག་པ་ལྟ་བུ་དེས་ཆོག་མོད། མེད་ན་བླ་མའམ་རྡོ་རྗེ་མཆེད་ལྕམ་དམ་གཙང་གིས་བར་དོ་འཆར་བའི་རིམ་པ་རྣམས་སྒེག་མོས་མེ་ལོང་ལ་ལྟ་བ་ཇི་བཞིན་དུ་རྣ་བར་ཐོས་པར་གདབས་པས་མི་བརྟན་པོ་ལ་ཕྲིན་བསྐུར་བ་གཞན་ལ་འཕྲོད་པ་ལྟར་རང་ངོ་ཤེས་པ་ཐེ་ཚོམ་མེད་ཅིང་དེའང་འཆི་རྟགས་ཐུན་མོང་དུ་གཟུགས་དང་བརྟགས་པ་ལྔ་དང་ཁྱད་པར་མཁའ་ལ་སྒྲོན་མེས་འོད་ནུབ་བམ། བདུད་ཀྱི་གྲོང་ཁྱེར་ན་སོ་པ་ལོང་ངམ། འཆི་བདག་གི་སྲོག་རྩ་གཅོད་དམ། མཁའ་འགྲོའི་རང་སྒྲ་ཆག་གམ་བལྟས་ཏེ་དེ་ཐམས་ཅད་ཚང་ན་འཆི་ངེས་ཡིན་པས་དང་པོ་འདི་ལྟར་གདབ་པར་བྱ་སྟེ། ནད་མ་ཡིན་རྣལ་འབྱོར་པ་ལ་འབྱུང་བ་དང་སྙིགས་འབྱེད་པ་ཡིན། འདྲེ་གདོན་མ་ཡིན་རྣམ་རྟོག་ཡིན་པས་མོ་དང་པྲ་ཟང་ཟིང་གི་འདུ་ཤེས་ཐམས་ཅད་བོར། འཆི་བ་མ་ཡིན་སངས་རྒྱས་པ་ཡིན་པས་སྨན་པའི་འདུ་ཤེས་བོར་ལ་ཆོས་ཉིད་ཟང་ཐལ་བྱ་དགོངས་པ་ལ་ཅོག་གེར་འཇོག་པ་གལ་ཆེ་བའི་དུས་ཁྱད་པར་ཅན་ཡིན་པས་ན་དོན་མེད་འཁྲུལ་བའི་རྐྱེན་ངན་ཚེ་འདིའི་རྒྱུ་ནོར་ཉེ་འབྲེལ་སོགས་ལ་ཆགས་སྡང་གི་ཞེན་འཁྲིས་རྩ་བ་ནས་ཆོད་པར་གྱིས་ལ། ཚོགས་ཆེན་རྫོགས་པའི་དུས་ཡིན་པས་རྒྱུ་ནོར་གང་ཡོད་བླ་མ་དང་ཆོས་ཕྱོགས་སུ་སེར་སྣ་དང་ཁེངས་སེམས་མེད་པར་ཀུན་སློང་བཟང་པོ་དང་བཅས་ཏེ་ད་ལྟ་ནས་ཐོང་དེ་བཞིན་བླ་མ་ལ་མོས་གུས་ཐུན་མིན་ཡང་ཡང་བསྐྱེད་དང་བྱིན་རླབས་ཁྱད་པར་ཅན་འཇུག་པའི་དུས་ཡིན་པ་དང་སྔར་གྱི་སྡིག་པ་གང་བྱས་རྣམས་བློ་ལ་བསྐྱར་ནས་འགྱོད་སེམས་དྲག་པོས་བཤགས་ཤིང་སྡོམ་སེམས་བརྟན་པོར་བཟུང་ན་སོར་ཆུད་པའི་དུས་ཁྱད་པར་ཅན་ཡིན་པས་ལྷག་པར་ཤེས་པར་གྱིས་ཤིག །ཅེས་སྔོན་དུ་བྱ་དགོས་པ་རྣམས་ལེགས་པར་གདམས་ནས་བླ་མས་རིག་རྩལ་གྱི་དབང་བསྐུར། དམ་ཚིག་གསོ་བའི་ཆོ་ག་བྱ། ངོ་སྤྲོད་ཀྱི་རིམ་པ་འདི་ལྟར་གསལ་པོ་ཡང་ཡང་གདབ་པར་བྱ་སྟེ། ཉི་ཟླ་ཁ་སྦྱོར་ལས། སྐུ་དང་ཡེ་ཤེས་འཇུག་ལུགས་ནི། །རིག་པ་འདི་ལྟར་གཏད་པར་བྱ། །ཕུང་པོ་སེང་གེའི་ཉལ་ལུགས་ཀྱིས། །རིག་པ་ཉིད་ནི་མིག་ལ་གཏད། །ཡིད་ཙམ་བར་སྣང་ལམ་དུ་བྱ། །དབྱིངས་དང་རིག་པ་མི་འགྱུར་ན། །མི་དེ་བར་དོ་མེད་པ་ནི། །འཚང་རྒྱ་བ་ལ་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར་དུ། བཞུགས་སྟངས་གསུམ་གང་རུང་ངམ། སེང་གེ་ཉལ་ལུགས་བྱས་ནས་ཤེས་པ་མིག་ལ་གཏད། མིག་དབྱིངས་རིག་ལ་གཏད་ནས་ཀ་དག་གི་ངང་ནས་སྤྲོ་བསྡུ་མེད་པར་འཚོ་བའི་འདུ་ཤེས་བཏང་ནས་བཞག་པས་སྐད་ཅིག་ལ་གྲོལ་བར་འགྱུར་ཏེ། འདི་ནི་གསང་ལམ་ངོ་སྤྲོད་ཅེས་པ་སྟེ་མཆོག་ཏུ་ཟབ་པས་ད་ལྟ་ནས་རྩལ་སྦྱང་ལ་གོམས་པར་བྱའོ། །ཡང་ན་རྒྱུད་ལས། ཡུལ་གནས་དག་ལ་འཇུག་ལུགས་ནི། །གྲོང་འཕོ་གྲོང་འཇུག་གདམས་པ་སྟེ། །རྣམ་ཤེས་རླུང་ལ་ཞོན་ནས་སྦྱར། །དེ་ཡང་གོང་དུ་འབྱོང་པ་གཅེས། །རིག་པ་སྐུ་རུ་འཕང་པ་གཅེས། །དེ་ཡང་ཧིཀ་གིས་འཕངས་པའོ། །དེ་ཉིད་བླ་མའི་ཞལ་ལ་ཐུག །ཅེས་གསུངས་པ་ལྟར་རླུང་ཕྱིར་འཕྲོ་དུས་རིག་པ་ཨ་དཀར་པོ་ཞིག་ཏུ་བསམ་སྟེ། ཚངས་བུག་ནས་རྒྱངས་གྱིས་སོང་བར་དམིགས་ནས་ཧིཀ་ཉི་ཤུ་རྩ་གཅིག་བརྩེགས་མར་བརྗོད་པས་གྲོལ་ཏེ། དེ་དག་ནི་བྱང་ཆུབ་སེམས་དཔའི་འཕོ་ལུགས་ཞེས་གནད་དེ་ལྟ་བུས་ཐིམ་རིམ་ལ་མི་ལྟོས་པར་མྱ་ངན་ལས་མྱུར་དུ་འདའ་བར་འགྱུར་རོ། །ཡང་ནང་ལྟའི་སྒོམ་པ་འོད་གསལ་འདི་རང་བྱུང་གི་ཡེ་ཤེས་དངོས་ཡིན་གྱི་འདི་ཡི་ངང་ལ་སེམས་མ་བཅོས་པར་ཞོག་དང་ཡར་གྱི་ཟང་ཐལ་དུ་སངས་རྒྱས་སོ། །ཞེས་གདམས་པར་བྱ། དེས་བློ་ཡི་སྤྲོས་པ་མ་ཞིག་ན་ཁྱོད་རང་གི་རིག་པ་ཨ་དཀར་པོའི་རྣམ་པ་ཚངས་བུག་ན་གནས་ཡོད་པས་རྩལ་ཆེན་གྱིས་མདའ་འཕང་བ་བཞིན་སོང་ཞིག །སྟེང་ཕྱོགས་ནམ་མཁའ་དྭངས་པའི་འཇིག་རྟེན་ན། བཅོམ་ལྡན་ནམ་མཁའི་རྒྱལ་པོ་བཞུགས་ཡོད་པ་དེ་ལས་ལྟ་བའི་གནས་ལུགས་རྫོགས་པ་ཆེན་པོའི་གཞི་དབང་ཞུས་ལ་ཆོས་ཉིད་གཞི་སྣང་ལ་བཞུད་ཅིག་དེའི་ཚེ་ཁྱེད་ཀ་དག་གི་ས་ལ་སངས་རྒྱས་པར་འགྱུར་རོ། །གལ་ཏེ་དེས་མ་གྲོལ་ན་ཆོས་ཉིད་བར་དོའི་སྣང་བ་ཐམས་ཅད་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག །རང་ངོ་ཤེས་མ་ཐག་ཀ་དག་གི་དབྱིངས་སུ་བདེ་བར་གཤེགས་ཤིག་ཅེས་ལན་གསུམ་བརྗོད་ནས་དབྱེར་མེད་དུ་རང་ཉིད་ཀྱང་མཉམ་པར་བཞག་གོ། །འདི་ནི་རྫོགས་པ་རང་བྱུང་ནས་བཏུས་པས་ཁྱད་པར་འཕགས་སོ། །ཡང་གཅིག་ལ་རླུང་མིད་པ་དཀར་ནག་ནས་ཁ་སྣར་ཕར་ཐོན་ཏེ་ཚུར་འོང་མི་ཤེས་པ་དྲན་པ་ཉམས་པའི་ཚེ་ཉི་ཟླ་ཁ་སྦྱོར་རྒྱུད་ནས་གསུངས་པའི་གདམས་པ་ལྟར་རང་དང་ཁ་སྦྱར་ནས་རླུང་དུམ་བུ་གསུམ་འཕང་ལ་དང་པོ་ཨོཾ་དཀར། གཉིས་པ་ཨཱཿདམར། གསུམ་པ་སྟོང་ཉིད་ངང་ལ་འཕང་། ཚུར་སྡུད་པའི་ཚེ་ཧཱུྃ་མཐིང་ག་དམིགས་ནས་ཧཱུྃ་ཞེས་རྒྱུ་མ་རྒལ་པར་དྲང་པས་མིག་ཧུར་རེ་བལྟའོ། །དེའི་ཚེ་ཐིག་ལེ་སྟོང་སྒྲོན་མཐིབ་མཛུབ་ཀྱིས་བཙིར་ཏེ་བསྟན་ལ། ཀྱེ། སྐལ་ལྡན་རང་ལ་ཡོད་པའི་འོད་འདི་ཡིན། སྒོ་གསུམ་སྒྲིབ་བྱེད་བྲལ་དུས་ཉིད་བར་དོའི་སྒྲ་འོད་སོགས་རྒྱ་ཆེར་འཆར་བའི་གཞི་འདི་ཡིན་པས་ངོ་ཤེས་པར་གྱིས་ལ་རིག་པ་རྗེན་པ་འདི་ཀ་གྲོལ་བ་ཡིན། འདིའི་ངང་ལ་མ་འགྱུར་ཅིག །སྣང་བ་དེ་མཐོང་ངམ་གདམས་ངག་གི་གནད་གོའམ་དྲིས་དང་སྐད་ཐོན་ནམ་བརྡ་བྱུང་ན་ཐེབས་པ་ཡིན་ནོ། །ཡང་ན་ཤེས་པ་གསལ་བའི་རྟགས་སམ། དབང་པོ་གྲུང་ན་རྣ་བར་སྨྱུག་གམ་ཤོག་སྦུགས་བརྒྱུད་ནས་རིགས་ཀྱི་བུ་ཅི་ལའང་མ་ཆགས་ཤིག །ཆོས་ཉིད་བར་དོའི་སྒྲ་འོད་ཟེར་སོགས་ལ་མ་སྐྲགས་ཤིག །རང་སྣང་རང་བཞིན་མེད་པར་ཤེས་པར་གྱིས་ལ་བཙན་ས་ཟུང་། དལ་དུ་མི་ཕེབ་ན་བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་བྱོས། མོས་གུས་བསྐྱེད་དེ་དེར་སོང་དང་སངས་རྒྱས་སྣང་བ་མཐའ་ཡས་ཞལ་མཇལ་བ་ཐེ་ཚོམ་མེད་ཅེས་སྙན་པོར་སྨྲའོ། །དེའང་བཞུགས་སྟངས་གང་རུང་བཅས་ནས་མིག་འོད་སྣང་ལ་བལྟ་ཞིང་རིག་པ་སྟོང་གསལ་ལ་བཞག་པས་ད་ལྟའི་འོད་གསལ་དེ་སྐྱེལ་མ་ལྟ་བུ་དང་། བར་དོའི་རང་སྣང་བསུ་མ་ལྟ་བུ་གཉིས་ཚེས་བཅོ་ལྔའི་ཉི་མ་ཕར་ནུབ་པ་དང་ཟླ་བ་ཚུར་ཤར་བ་དུས་མཉམ་ནས་བར་ལམ་ན་མུན་པ་མེད་པ་ལྟར་འོད་གསལ་མ་བུ་འཕྲད་དེ་ཡོངས་སུ་གྲོལ་བ་ཡིན་ནོ། །དེའང་དང་པོ་འབྱུང་བཞིའི་ཐིམ་རིམ་སྡུད་ཅིང་རླུང་རྣམ་ཤེས་ལ་ཐིམ་པའི་སྐབས་སུ་ནང་དབུགས་ཆད་ཅིང་དལ་གཅིག་དྲན་མེད་དུ་བརྒྱལ་འགྲོ་བ་ནི་སྲོག་རྩ་ཆད་དེ་ཁྲག་ཐིགས་གཅིག་སྙིང་ནང་དུ་བྱུང་བ་རིག་པའི་ཡེ་ཤེས་ལ་ཕོག་པའི་རྐྱེན་གྱིས་དེ་ལྟར་འབྱུང་བ་དང་། དེ་ནས་ཆོས་ཉིད་བར་དོའི་སྣང་བ་ལྔ་འཆར་བ་ནི། རྣམ་ཤེས་ནམ་མཁའ་ལ་ཐིམ་པའི་ཚེ་སྙིང་དབུས་ནས་རིག་པའི་འོད་རྩ་ལ་རྒྱུ་ནས་མིག་ཏུ་གསལ་བའི་སྐབས་ཀ་དག་གི་སྣང་བ་སྟོན་ཀའི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ་འཆར་བས་དེ་ཉིད་ངོ་ཤེས་པའི་ངང་དུ་བཞག་ན་གྲོལ་ལོ། །དེ་ནས་ནམ་མཁའ་འོད་གསལ་ལ་ཐིམ་པའི་སྐབས་སུ་འོད་ལྔ་སྐས་ཀྱི་འགྲམ་པ་ལྟ་བུ་ཤར་དུས་ངོ་ཤེས་ན་ཡར་གྱི་ཟང་ཐལ་དུ་གྲོལ་ལོ། །དེ་ནས་ཐུགས་རྗེའི་ཟེར་ཐག་ལས་ནམ་མཁའི་དབྱིངས་ཐམས་ཅད་འོད་ལྔའི་སྣང་བ་བསམ་གྱིས་མི་ཁྱབ་པ་དང་སྒྲ་འོད་ཟེར་གསུམ་ཁྲོ་བོའི་དཀྱིལ་འཁོར་དུ་ཤར་བ་ལ་རང་སྣང་དུ་ངོ་ཤེས་ན་རང་རིག་ཁྲོ་བོའི་སྐུ་ལ་ཐིམ་ནས་སངས་རྒྱས་སོ། །དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པའི་ཚེ་སྣང་བ་ཐམས་ཅད་རིགས་ལྔ། ཚོམ་བུའི་ཞིང་ཁམས་སོ་སོར་བསམ་གཏན་གྱི་ཞག་ལྔར་འཆར་བ་རང་ངོ་ཤེས་པས་གྲོལ་ལོ། །འདིའི་དུས་གནད་གསུམ་ལས་འོད་རིག་པ་ལ་འཇུག་པ་སྣང་བ་དེ་དག་སྙིང་གར་ནུབ་པ་དང་། རིག་པ་འོད་ལ་འཇུག་པ་རང་ལུས་ཀྱི་སྣང་བ་ལྷའི་ཐུགས་ཀར་ཐིམ་པ་དེའི་ཚེ་རང་སྣང་དུ་ངོ་ཤེས་པས། རང་བཞིན་གྱི་བསམ་གཏན་ལ་གནས་སོ། །དེའང་དང་པོ་རང་སྣང་དུ་ངོ་ཤེས། ཤེས་ཐོག་ཏུ་གནས། གནས་ཐོག་ཏུ་གྲོལ་བ་ནི་གནད་ཡིན་པས་མཁས་པར་བྱའོ། དེ་ནས་ཟུང་འཇུག་ཡེ་ཤེས་ལ་ཐིམ་པའི་ཚེ་སྣང་བ་དེ་དག་རང་ལོག་ནས་སྙིང་ཀའི་ཕྱོགས་མཚམས་བཞིར་འོད་ཟེར་དཀར་པོའི་སྣམ་བུ་གར་བལྟས་སུ་ཁྱབ་པའི་རྩེར་ཐིག་ལེ་དཀར་པོའི་དཀྱིལ་ན་མཐིང་ག་སེར་ལྗང་དམར་པོ་བཞི་ཡི་ཐིག་ཆུང་གིས་བརྒྱན་པར་ཤར་བ་ནི་མེ་ལོང་ཡེ་ཤེས་ཀྱི་རང་མདངས་སོ། །དེ་བཞིན་དེའི་སྟེང་ན་སེར་པོ། དེའི་སྟེང་ན་དམར་པོ། དེའི་སྟེང་ན་མཐིང་གའི་སྣམ་བུ་ལ་ཐིག་ལེ་རིགས་གཅིག་པ་དང་མི་གཅིག་པ་སྣ་ཚོགས་ཤར་བ་ནི་ཡེ་ཤེས་རྣམས་ཀྱི་རང་གདངས་སོ། །འདིའི་དུས་གྲོལ་བ་གསུམ་གྱི་ཚུལ་ལ་ངོ་ཤེས་པར་བྱ་སྟེ། ལུས་གདོས་བཅས་སུ་མེད་པས་འབྱུང་བ་བཞི་ལས་གྲོལ། རིག་པ་དྲི་མ་མེད་པས་ཉོན་མོངས་ལས་གྲོལ། འོད་གསལ་ཕྱི་ནང་མེད་པས་གཟུང་འཛིན་ལས་གྲོལ་ལོ། །དེ་ནས་ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེ་ལ་ཐིམ་པའི་ཚེ་སྣང་བ་དེ་ཐམས་ཅད་བསྡུས་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་སྟོན་ཀའི་ནམ་མཁའ་སྤྲིན་མེད་པ་ལྟར་མཐིང་ཀ་ལ་འོད་ལྔའི་མུ་ཁྱུད་ཀྱིས་བསྐོར་བའི་དབུས་ན་ཡར་ཀུན་བཟང་ཡབ་ཡུམ་བར་རིགས་ལྔ་ཡབ་ཡུམ་མར་རིགས་དྲུག་གི་གནས་དང་། སྟོན་པ་དྲུག་རང་སྣང་བ་ལས་རང་ངོ་ཤེས་དུས་ཤར་ལུགས་བརྒྱད་དང་མངོན་ཤེས་དྲུག་རྗེ་དྲན་དྲུག་དང་ཐིམ་ལུགས་བརྒྱད་སོགས་ཡོང་བ་མདོར་བསྡུས་ཏེ། དེ་དག་གི་ཚེ་དང་པོ་རང་སྣང་ལ་ཡིད་ཆེས་པ་སྔར་འདྲིས་ཀྱི་མི་འཕྲད་པ་ལྟར་ཐེ་ཚོམ་མེད་པར་འཇོག །མི་འགྱུར་བ་གསེར་གྱི་ཐུར་མ་ལྟར་ངོ་ཤེས་ཐོག་དེ་ཉིད་ལས་གཞན་དུ་མ་ཡེངས་པར་འཇོག །ཕྱིར་མི་ལྡོག་པ་དཔག་ཆེན་གྱིས་མདའ་འཕང་བ་བཞིན་ཤེས་ཐོག་ཏུ་སངས་ཀྱིས་གྲོལ་ཏེ་རང་གསལ་རྟོག་མེད་ལ་གནས་པའོ། །དེ་ནས་བར་དོ་གོང་མ་དེ་དག་གི་གྲོལ་ཚད་མི་ལྡན་པ་རྣམས་རང་བཞིན་སྤྲུལ་སྐུའི་ཞིང་དུ་གྲོལ་བའི་ཚུལ་ནི་བར་དོའི་སྣང་བ་ཐ་མ་སྲིད་པ་བར་དོའི་སྣང་བ་འཆར་དུས་བླ་མ་དང་ཡི་དམ་ལྟ་བ་སོགས་རྗེས་སུ་དྲན་པས་བླ་མ་དང་ཡི་དམ་གྱི་བྱིན་རླབས་དང་འོད་གསལ་ལ་ཅུང་ཟད་གོམས་པའི་རྐྱེན་གྱིས་སྣང་བ་དེ་དག་རྨི་ལམ་དང་སྒྱུ་མ་ལྟ་བུར་མཐོང་ཞིང་རིམ་པར་སངས་ཏེ། རིགས་ལྔའི་ཞིང་ཁམས་ལྔ་ཀའམ་གང་རུང་དུ་མེ་ཏོག་པདྨའི་སྦུབས་སུ་བརྫུས་ཏེ་སྐྱེས་ནས་རིགས་ལྔའི་ཞལ་མཇལ་སོ་སོ་ནས་ཆོས་སྟོན། དབང་བསྐུར་ལུང་བསྟན། དབུགས་དབྱུང་བས་གྲོལ་བ་ཐོབ་སྟེ་དེ་དག་གི་དབུས་དུར་ཁྲོད་མེ་རི་འབར་བའི་དཀྱིལ་འཁོར་མཐོང་མ་ཐག་རང་སྣང་དུ་ཤེས་པས་རང་ཐོག་ཏུ་གནས་ནས་སྐད་ཅིག་ལ་གདོད་མར་གྲོལ་ནས་ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ལྷུན་གྲུབ་ཏུ་བཞུགས་ནས་ཕྱི་གསལ་གྱི་འཆར་གཞི་བྱས་ནས། སེམས་ཅན་གྱི་དོན་དུས་རྟག་པ་རྒྱུན་མི་འཆད་པར་གཡོ་བ་དང་འབད་རྩོལ་མ་དགོས་པར་ཆུ་ཟླའམ་ནོར་བུ་དང་དཔག་བསམ་གྱི་ཤིང་བཞིན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཕ་མཐའ་ཡས་པར་མཛད་དོ། །མདོར་ན་དེ་ལྟར་གང་རིགས་གདམས་པར་བྱས་པས་མི་གྲོལ་བ་མི་སྲིད་དེ། དཔེར་ན་ཐག་རིང་གི་མགྲོན་པོ་ལ་སེམས་མཐུན་པ་ཞིག་གིས་ལམ་བསྟན་ནས། བདེ་སྡུག་དང་དགོས་ཚུལ་རྣམས་བསླབ་ནས་ཐག་རིང་ཞིང་ངལ་བས་ལན་ཅིག་བརྗེད་ནའང་ལམ་གྱི་བདེ་སྡུག་གི་སྣང་བ་རྐྱེན་དང་འཕྲད་དུས་སྔར་གྱི་གཏམ་དེ་ས་ལེར་དྲན་ཡོང་བ་ལྟར་དུ་སྒྲིབ་བྱེད་ཤ་ཁྲག་གི་ལུས་དང་བྲལ་བས་དག་པ་འོད་གསལ་གྱི་ལུས་འཆར་སེམས་སྐྱོད་བྱེད་རླུང་གི་རྟ་ཆད་པས་ཡེ་ཤེས་རྟོག་མེད་རྗེན་པར་འཆར། འཁྲུལ་སྣང་རྣམས་འགག་མ་ཐག་པ་ནས་དག་སྣང་མཐའ་ཡས་པར་འཆར་ཏེ། འཁོར་འདས་གཉིས་རྒྱབ་གྱེས་ནས་གྲོལ་འཁྲུལ་གཉིས་ཀྱི་གཞི་ཐོག་མར་དུ་དེ་སྐབས་ཕྱིན་པའི་ཕྱིར་དཔེར་ན་ལམ་གྱི་འདུས་མདོ་སླེབ་དུས་ཡར་འགྲོ་མར་འགྲོའི་ས་ལམ་གང་ལའང་བསྒྱུར་སླ་བ་ལྟར་དུ་རྣམ་ཤེས་མིག་ནས་ཐོན་པའི་དུས་མི་ལས་འདས་པའི་ཤེས་རབ་ཞེས་ད་ལྟ་བས་ཤེས་པ་བདུན་འགྱུར་གྱིས་གསལ་ཆེ་ལ། དེས་ན་ད་ལྟའི་ཤེས་པ་བས་རྨི་ལམ་དུ་བསྒྱུར་སླ་རྨི་ལམ་ལས་བར་དོར་བསྒྱུར་སླ་བས་ན། སྐུ་སོགས་གཞི་འདུས་མ་བྱས་པའི་རང་སྣང་། རང་མདངས། རང་འོད། རང་གསལ། རང་གདངས། རང་ཟེར། སྟོང་པ་རང་སྟོང་དུ་ཤེས་པ་གལ་ཆེ་སྟེ། དོན་ལ་གོམས་པའི་གང་ཟག་ལུས་རྒྱ་བྲལ་བའི་ཚེ་སངས་རྒྱས་ཀྱི་ས་བོན་སྒྲིབ་བྱེད་དང་བྲལ་བ་མིག་ནས་ཐོན་ཏེ། འཁོར་བ་རུ་ལོག་ནས་སྣང་སྲིད་འོད་སྐུར་ཡེ་ཤེས་སུ་འཆར་ནས་རིག་པ་འོད་ཕུང་དུ་བཞུགས་པ་ཆོས་ཉིད་ཡིན་པས་འདི་ངོ་ཤེས་པས་སྒོམ་སྒྲུབ་མི་དགོས་པར་སྐད་ཅིག་གིས་སངས་རྒྱས་པར་འགྱུར་ཏེ། སངས་རྒྱས་འདུས་མ་བྱས་སུ་བཞུགས་པའི་དྲིན་ཡིན་ནོ། །རིག་པའི་རང་ངོ་ཤེས་ན་ལས་དགེ་སྡིག་གང་གིས་ཀྱང་མི་བསྒྲིབ་སྟེ། རང་བྱུང་ཡེ་ཤེས་རྒྱུ་རྐྱེན་གྱིས་མ་བསྐྱེད་པའི་ཡོན་ཏན་ཡིན་ཏེ། རྡོ་རྗེ་སེམས་དཔའི་གསང་ལམ་འདི་དང་འཕྲད་ན་ཚེ་ལུས་གཅིག་གི་ཐོག་ནས་སམ། གདམས་པའི་གནད་ཀྱིས་བར་དོ་རང་སྣང་དུ་ཤེས་ན་རིག་པ་འོད་ལ་ཐིམ་པས། བག་ཆགས་ཐམས་ཅད་གནས་མེད་དུ་སྦྱངས་ནས་འཁྲུལ་རྐྱེན་གྱི་སྣང་བ་ཐམས་ཅད་དག་པའི་ཞིང་ཁམས་སུ་གནས་འགྱུར་ནས་དུས་སྐད་ཅིག་རེས་སངས་རྒྱས་སོ། །དེ་ལྟར་གོང་གི་ཉམས་ལེན་དང་གདམས་པའི་རིམ་པ་དང་། ཉམས་ལེན་མེད་པ། གོམས་ཆ་མེད་པ་རྣམས་ལ་ནི་ངོ་སྤྲོད་ཀྱི་རིམ་པ་དང་ཆོས་ཉིད་བར་དོ་དང་ལྷུན་གྲུབ་བར་དོའི་སྣང་ཆ་རྣམས་རབ་རིབ་ཙམ་ལས་མི་འཆར་བས་ན་ངོས་བཟུང་ལོང་དང་གྲོལ་བའི་ལོང་སྐབས་ཆེར་མེད་པ་སྲིད་པ་བར་དོར་འཁྱམས་ཏེ་དེའི་ཚེ་བག་ཆགས་ཀྱི་ལུས་དབང་པོ་ཀུན་ཚང་ཞིང་གང་ལའང་ཐོགས་པ་མེད་ཅིང་ད་ལྟའི་ཤེས་པ་ལས་བདུན་འགྱུར་གྱིས་གསལ་ཞིང་རིག་པ་གཏད་མེད་རླུང་གི་རྟ་ཞོན་ནས་བྱ་སྒྲོ་རླུང་གིས་ཁྱེར་བ་བཞིན་ངེས་མེད་རྣམས་སུ་ལུས་ཞིག་ཐོབ་ན་ཅི་མ་རུང་སྙམ་ནས་ཕྱོགས་ཀུན་ཏུ་ཚོལ་དུ་འགྲོ། ཉེ་དུ་རྣམས་ལ་སྨྲེ་སྔགས་སྣ་ཚོགས་འདོན་ཅིང་ང་འདི་གར་ཡོད་ཀྱང་མ་ཐོས་མ་མཐོང་འདུག་པས་ད་ང་ནི་ཤི་ཚར་བ་འདྲ་ཇི་ལྟར་བྱ་སྙམ་པའི་སྡུག་བསྔལ་དྲག་པོ་ཉ་བྱེ་ཚན་ལ་བསྒྲེས་པ་ལྟ་བུ་འོང་། ཡང་སྔར་གྱི་ལུས་ཡོད་སྙམ་ནས་རི་བྲག་དང་ས་རྡོ་ཐམས་ཅད་ཀྱི་བར་དུ་འཚང་བ་དང་། རྗེས་ཡོད་མེད་ལྟ་བ་སོགས་སྲིད་པའི་བར་དོ་ལ་ཤིན་ཏུ་སྡུག་བསྔལ་བ་ཞག་གསུམ་མམ་བཞི་ལ་ཡོང་། དེ་འོག་འཁྲུལ་བའི་བར་དོ་ལ་ལུས་འབྱུང་བ་ལྔ་ལ་གཡར་བས་ནམ་མཁར་སྣང་ནས་གཡང་ལ་སྐྱུར་བ་ལྟར་ཞག་ལྔ་ལ་འབྱུང་བ་དང་། ས་ཡི་སྣང་བ་ལུས་སའི་འོག་ཏུ་ཚུད་པ་ལྟ་བུ་དང་། ཆུ་ཡི་སྣང་བ་ཆུས་ཁྱེར་བ་ལྟར་དང་། མེ་ཡི་སྣང་བ་མེས་ཚིག་པ་ལྟར་དང་། རླུང་གི་སྣང་བ་རྡེག་འཁྲུགས་དང་བཅས་ཞག་ལྔ་རེར་འབྱུང་ངོ་། །དེ་ནས་རྫོགས་ལྡན་མུན་པ་ནག་པོ་ཞེས་བྱ་བ་ཉིན་མཚན་གྱི་སྣང་བ་དབྱེར་མེད་པ་ཤིན་ཏུ་མུན་སྟུག་ལ་ཞག་བདུན་བསྡད་ནས་དེ་ནས་སྐུ་དང་སྒྲ་འོད་ཟེར་སོགས་འཆར་ཡོང་བ་སྟེ། དང་པོ་ཁྲོ་བོ་རིགས་ལྔ་སོགས་འཆར་ཞིང་། དེའང་དུང་ཁང་ལ་གནས་དུས་ཡུངས་འབྲུ་ཙམ་ལས་མེད་ཀྱང་སྒྲིབ་བྱེད་བྲལ་ནས་བར་དོའི་སྐབས་རི་རབ་ཙམ་གྱུར་ནས་ཞལ་གསུམ་པོ་གཡས་དཀར་གཡོན་དམར་དབུས་སྨུག་པ་དང་ཕྱག་དྲུག་ཞལ་བཞི་པ་ཅན་སྐུ་འོད་ཀྱི་ཕུང་པོ། སྤྱན་སྡང་མིག་གཟིགས་པ། སྨིན་མ་གློག་ལྟར་འཁྱུགས་པ། མཆེ་བ་ཟངས་ཡག་ཏུ་འཕྱར་བ། ཨ་ལ་དང་ཧ་ལའི་འཇིགས་སྒྲ་ཆེན་པོ་སྒྲོགས་པ། དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་བ། འོད་རབ་ཏུ་འཕྲོ་བ། ཉི་ཟླ་དང་ཐོད་སྐམ་གྱིས་དབུར་བརྒྱན་པ། རྐན་སྒྲ་དང་ཐུག་ཆོམ་དང་། འུར་ཁྱིམ་སོགས་འབྲུག་ལྟར་ལྡིར་བ་ཡེ་ཤེས་ཀྱི་མེ་རི་འབར་ཞིང་ཁྱུང་གི་གཤོག་པ་གདེངས་པ། ཉི་ཟླ་བམ་རོའི་གདན་ལ་བཞུགས་པ་སོགས་འཆར་བ་རྣམས་རང་གི་རང་གདངས་སུ་ཤེས་ན་ཁྲག་འཐུང་གི་སྐུ་དང་གཉིས་སུ་མེད་པར་ཐིམ་ནས་སངས་རྒྱས་འགྲོ། དེ་ལྟར་མ་ཤེས་ན་ཁྲག་འཐུང་གི་ལྷ་གཤིན་རྗེར་མཐོང་ནས་འཇིགས་སོ། །དངངས་སོ། །སྐྲག་གོ། །བརྒྱལ་ལོ། །རང་སྣང་བདུད་དུ་མཐོང་ནས་འཁོར་བར་འཁྱམ་མོ། །དེ་འོག་ཞི་བའི་སྐུ་རྣམས་འཆར་རོ། །གཤིན་རྗེ་ཆོས་རྒྱལ་སྐུ་ཆེ་བ་རྣམས་ནམ་མཁའ་དང་མཉམ་པ། འབྲིང་ནི་རི་རབ་ཙམ་ཁ་སོ་བསྡམས་པ། མིག་གཉིས་ཤེལ་མིག་ཏུ་ཡོད་པ། ལག་ན་དགྲ་སྟ་ཐོགས་པ། ཁ་ནས་རྒྱོབ་སོད་ཀྱི་སྒྲ་སྒྲོགས་པ། ཀླད་པ་ལྡག་པ། མགོ་ལུས་ཕྲལ་བ། སྙིང་བཏོན་པ། འཇིག་རྟེན་ཁམས་ཐམས་ཅད་ཁེངས་ནས་འོང་། དགེ་སྡིག་གང་བྱས་ལྷན་སྐྱེས་ལྷ་འདྲེ་གཉིས་ཀྱིས་རྡེའུ་དཀར་ནག་བརྩི་ནས་འདྲེན་ཡོང་བའི་དུས་རང་ཉིད་བྲེད་སྔངས་སྐྲག་འདར་ཞིང་ལས་ཀྱི་མེ་ལོང་སོགས་ལ་བལྟས་པས་རྫུན་སོགས་མཐོང་ནས་ཞགས་པས་བཏབ། རྐེ་བྲེག་སྙིང་བཏོན། རྒྱུ་མ་འདྲེན། ཀླད་པ་ལྡག །ཤ་ཟ། ཁྲང་འཐུང་། རུས་མུར། ལུས་དུམ་བུར་གཏུབ་ཀྱང་འཆི་མ་འདོད་ནས་སྡུག་བསྔལ་ཞག་ལྔར་མྱོང་བ་དང་། སྒྲ་ལའང་འབྲུག་སྟོང་དུས་གཅིག་ལྡིར་བ་ལྟ་བུའམ། རི་རབ་འབུམ་ཉིལ་བ་ལྟ་བུའི་སྒྲ་ཆེན་པོ་གྲགས་པ་དང་། འོད་ནི་ཉི་ཟླ་འབུམ་དུས་གཅིག་ཤར་བ་ལྟ་བུ་དང་ཟེར་ནི་མཚོན་ཆ་རྣོན་པོ་སྤུངས་པ་ལྟར་ཤར་བས་སྐུ་ལ་སྐྲག །སྒྲ་ལ་སྔངས། འོད་ཟེར་ལ་འཇིགས་ཏེ་དྲན་པའི་སོ་མ་ཟིན་པའི་སྐབས་དེར་ཡང་ན་བླ་མ་ལ་མོས་གུས་ཆེ་བ་དང་། ཡི་དམ་ལྷ་ཡི་བསྙེན་སྒྲུབ་རྟགས་ཐོན་པ་དང་། ཡེ་ཤེས་ཀྱི་མཁའ་འགྲོ་མའི་དམ་ཚིག་ལྡན་པ་རྣམས་ལ་དེ་དག་གང་རུང་གིས་ལུང་བསྟན་ཏེ། རིགས་ཀྱི་བུ་ཁྱོད་བདེ་བར་གཤེགས་པའི་རང་འོད་འདི་ལ་མ་འཇིགས་ཤིག །མ་སྔངས་ཤིག །མ་སྐྲག་ཅིག །རང་སྣང་ཡིན་ཞེས་ལུང་བསྟན་པའི་མོད་བླ་མ་མཇལ་བ་དང་ཆོས་ཐོས་པ་དང་། ཉམས་སུ་བླང་བ་རྣམས་དྲན་ནས་གྲོལ་བར་འགྱུར་རོ། །དེ་དུས་ལུང་བསྟན་སོགས་མ་བྱུང་ན་དེ་དག་ལ་འཇིགས་ནས་ཤེས་པ་ཕར་མི་འཇུག་ཅིང་རིགས་དྲུག་གི་འོད་སྣང་ལ་ཞེན་པས་མི་འཇིགས་ཏེ་དེ་ལ་འཇུག་འགྲོ་སྟེ་དེའང་ལྷ་དང་ལྷ་མིན་ནི་ལྗང་ཁུ། མི་སེར་པོ། བྱོལ་སོང་ནག་པོ། ཡི་དྭགས་དམར་པོ། དམྱལ་བར་དཀར་པོ་སྟེ་དེ་དག་གང་རུང་ལ་ཤེས་པ་འཇུག་ནས་སྔོན་ལས་བཙན་པོའི་མཐུས། འགྲོ་དྲུག་གི་མངལ་སྒོ་གང་རུང་དུ་རི་དྭགས་རྒྱ་ལ་ཟིན་པ་བཞིན་རང་དབང་མེད་པར་ཐེབས་ཀྱིས་ཚུད་པར་གྱུར་ནས་སོ་སོའི་ལས་དང་རྣམ་སྨིན་མཐའ་དགམྱོང་དགོས་པ་ཡིན་ནོ། །དེ་ལྟར་བསྒོམས་པས་གཞི་སྣང་ལྷུན་གྲུབ་ཐོད་རྒལ་གྱི་སྣང་ཆ་ཉམས་སུ་བླང་བའི་རིམ་པ་སྟེ་སྐབས་དྲུག་པའི་འགྲེལ་པ་རྫོགས་སོ།། ༈ །།དེ་ནས་བདུན་པ་ལ། དེ་ལྟར་སེམས་ཀྱི་གནས་ལུགས་ངོ་སྤྲོད་ཅིང་རྟོགས་ནས་རྗེས་ཐོབ་ཀྱི་སྐབས་སུ་སྤྱོད་པའི་རིམ་པ་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་སོགས་ལ་བསླབས་ནས་བོགས་དབྱུང་བར་བྱ་དགོས་ཤིང་། དེའང་སྤྱོད་པ་ཅེས་པའི་དོན་ནི་འདི་ལྟ་སྟེ། ཆོས་སྤྱོད་བཅུ་ལ་བརྩོན་པར་བྱེད་པས་ན་སྤྱོད་པའམ། སྤྱོད་ལམ་ཀུན་ཏུ་མ་འཁྲུལ་བའི་སྤྱོད་པའམ། བརྟུལ་ཞུགས་ཀྱི་སྤྱོད་པ་ཁྱད་པར་ཅན་དུ་མར་སྤྱོད་ནུས་པས་ན་སྤྱོད་པའམ། ནང་གི་འཛིན་རྟོག་གྲོལ་ལུགས་གསུམ་མམ་བདུན་གྱིས་རང་གྲོལ་དུ་གཏོང་བས་ན་བླ་ན་མེད་པའི་སྤྱོད་པ་ཞེས་བྱ་སྟེ་དེའང་ཕྱི་ནང་གསང་གསུམ་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་སོགས་ཀྱི་སྤྱོད་པ་གཏན་ལ་འབེབ་པའི་རྣམ་གྲངས་མང་རུང་མདོར་ན་དམན་པ་ཉན་རང་གིས་རང་དོན་ཙམ་དུ་དགེ་སྡིག་གི་རིགས་རྣམས་སྤང་བླང་ཞིབ་པ་ཁོ་ན་ལ་གཙོ་བོར་འདོན་ནས་ལུས་ངག་གཉིས་ཀྱི་ཆ་ཞི་དུལ་ལ་སྤྱོད་པ་ཡིན། མཆོག་བྱང་ཆུབ་སེམས་དཔའ་ནི་ཐབས་ལ་མཁས་པས་སྤྱོད་པ་གང་རུང་དང་ཁྱད་པར་གཞན་དོན་ལ་གཙོར་འདོན་ནས་ཕར་ཕྱིན་དྲུག་གམ་བཅུ་ལ་མངོན་པར་སྤྱོད་པ་ཡིན། འདིར་ནི་ཟབ་ཅིང་རྒྱ་ཆེ་བ་གསང་སྔགས་ཀྱི་སྤྱོད་པ་ལྡན་པ་ལ་ནི། དང་པོ་གནས་ལུགས་ཀྱི་རྟོགས་པ་ཅུང་ཟད་སྐྱེས་དུས་ཐུན་མཚམས་རྣམས་སུ་སྤྱོད་པ་གཙོ་བོར་འདོན་པ་སྟེ། གཏོར་མ། སཱཙྪ། ཆུ་སྦྱིན། གསུར་དཀར་དམར། ཕྱག་སྐོར། མཎྜལ། ཡན་ལག་བདུན་པ། མདོ་འདོན། ཡི་གེ་བྲི་མཆོད་སོགས་ལ་ཆག་མེད་དུ་སྤྱོད་ཅིང་། དེ་ནས་ཉམས་མྱོང་ཅུང་སྐྱེས་པ་ན། མཉམ་བཞག་གི་ཉམས་མྱོང་རྗེས་ཐོབ་ཀུན་ཏུ་བསྲེ་ཞིང་བསྐྱེད་རྫོགས་ཀྱི་རིམ་པ་རྣམས་ཀྱང་རྗེས་ཐོབ་ཏུ་ལམ་ལ་ཁྱེར་ནས་ཚོགས་དྲུག་གི་སྣང་བ་ཐམས་ཅད་ལྷ་དང་བླ་མའི་རང་བཞིན་དུ་སྒོམ་པར་བྱེད་ཅིང་། དེའང་རང་སེམས་སྟོང་པའི་ཆོ་འཕྲུལ་དུ་ཤེས་པར་བྱའོ། །གསུམ་པ་ཉམས་མྱོང་གི་བརྟན་པ་ཆེར་ཐོབ་དུས་གང་ཟག་སྤྲོས་པ་ལ་དགའ་བ་ན་སོ་གཞོན་ཤིང་ཤེས་རབ་ཆུང་བ་ལོངས་སྤྱོད་ཆེ་བ་རྣམས་དབེན་ཁང་དུ་ཚོགས་ཀྱི་འཁོར་ལོ་བསྐོར་ལ། ལྷ་གྲངས་མཉམ་པའི་རྣལ་འབྱོར་ཕོ་མོ་རྣམས་བརྒྱན་གྱིས་མཛེས་པར་སྤྲས་ཤིང་བསྐྱེད་རྫོགས་བསྒོམ་བཞིན་གླུ་གར་འཁྲབ་ཅིང་ཆགས་སྲེད་མེད་པར་ལོངས་སྤྱོད་པས་ཟླ་དྲུག་སོགས་ཀྱིས་དངོས་གྲུབ་ཐོབ་པར་འགྱུར། སྤྲོས་མེད་ལ་དགའ་ཞིང་ཤེས་རབ་དང་ལོངས་སྤྱོད་ན་ཚོད་སོགས་འབྲིང་གི་མཚན་ཉིད་ལྡན་པས་རིག་མ་གཅིག་གམ་གཉིས་སམ་གསུམ་ལ་ཐབས་ཀྱི་སྤྱོད་པ་བཞི་དང་འབྲེལ་བས་བསྟེན་པར་བྱ། ཤིན་ཏུ་སྤྲོས་མེད་རྒན་པོ་ལོངས་སྤྱོད་ཆུང་ཞིང་ཤེས་རབ་ཆེ་བ་རྣམས་དུར་ཁྲོད་དམ་ལུང་སྟོང་དག་འགྲིམ་ལ་དངོས་རིག་སྤངས་ནས་ལྷན་སྐྱེས་ཡིད་ཤེས་ཀྱི་རིག་མ་བརྟེན་ཅིང་། གཉིད་འཇུག་བཤང་གཅི་དོར་བ་ཙམ་ལས་བྱ་བྲལ་སྟོང་ཉིད་ཀྱི་ངང་དུ་ལོངས་སྤྱོད་པར་བྱ་ཞིང་། དེ་ནི་གཉེན་པོ་དང་གྲོགས་རྐྱེན་གང་ཡང་བརྟེན་མ་དགོས་པར་རང་བྱུང་རིག་པའི་ཉོན་མོངས་བརྟུལ་བས་ཀུ་སཱ་ལའི་སྤྱོད་པ་ཞེས་བྱའོ། །དེའང་ཆོས་ཐམས་ཅད་སྐྱེ་བ་མེད་པའི་རང་བཞིན་གྱི་རྣམ་རྟོག་རང་མདངས་ཏིང་ངེ་འཛིན་དང་མི་འབྲལ་བར་རྒྱུད་ལ་མ་སྐྱེས་ཀྱི་བར་དུ་སེམས་ཀྱི་འཁྲུལ་རྟོག་དང་འཛིན་ཞེན་ཉོན་མོངས་པ་བྱ་སྤྱོད་རྣམས་བརྩད་བདར་ལེགས་པར་གཅོད་ཅིང་རང་གར་མ་ཤོར་བ་སྔགས་ལའང་གལ་ཆེ་སྟེ་གཤིས་ཡང་དག་པ་ལ་བླང་དོར་གཉིས་སུ་མེད་རུང་། སེམས་ཀྱིས་བདག་ཏུ་འཛིན་རིང་ལ་དགེ་སྡིག་བླང་དོར་གྱི་ལས་འབྲས་ཆེ་ཕྲ་གང་གིས་ཀྱང་མི་བསླུ་བས་ན་ལས་དགེ་སྡིག་ལ་ཞིབ་ཅིང་ཚོགས་བསགས་སྒྲིབ་བྱང་གི་ཆོས་སོགས་ལ་འབད་པ་བཅས་གལ་གནད་ཆེ་བའི་རང་བཞིན་ཏེ། གསང་འདུས་ལས། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཇི་ལྟར་འདོད་པ་བསྟེན་པ་ནི། །དེ་ལྟ་བུ་ཡི་སྦྱོར་བ་ཡིས། །སངས་རྒྱས་མྱུར་དུ་འགྲུབ་པར་འགྱུར། །ཞེས་དང་། དཀའ་ཐུབ་སྡོམ་པ་མི་ཟད་པས། །བརྟེན་ཀྱང་འགྲུབ་པ་མི་འགྱུར་གྱི། །འདོད་པའི་ཡོན་ཏན་ཐམས་ཅད་ལ། །བརྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་དང་། འདུས་པ་ལས། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་སྦྱིན་པ་ཡང་ཁྱོད་ཀྱིས་ལོངས། །བུད་མེད་དག་ཀྱང་བསྟེན་པར་བྱ། །རྡོ་རྗེ་ལམ་གྱི་སྤྱོད་པ་འདིས། །སེམས་ཅན་ཐམས་ཅད་གྲོལ་བར་འགྱུར། །ཞེས་དང་། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། ཉོན་མོངས་ལམ་ནི་དག་པ་ཆེ། །ཐབས་ཀྱི་འདོད་ཡོན་རྒྱན་གྱི་མཆོག །ཐམས་ཅད་ཐམས་ཅད་རོལ་པ་ཡིས། །མྱུར་དུ་ཧེ་རུ་ཀ་དཔལ་འགྱུར། །ཞེས་དང་། ཕམ་བརྒྱད་ལས། དྲི་ཆེན་དྲི་ཆུ་མཾ་ས་དང་། །རཀྟ་བྱང་ཆུབ་སེམས་འདི་ནི། །སེམས་ཅན་རྟོག་པ་ལྡོག་པའི་ཕྱིར། །གཙོ་བོ་དང་དུ་བླང་བར་བྱ། །ཞེས་དང་། གདན་བཞི་ལས། ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་ནི་བྱེད་པ་དང་། །ཆོམ་རྐུན་ལས་ཀྱི་ལོངས་སྤྱོད་པ། །འདི་ཡི་ལམ་གྱི་གྲོགས་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་རོ། །ཞེས་དང་། བརྟག་གཉིས་ལས། དབང་དང་མངོན་སྤྱོད་དགྲ་སྡེ་འཇིགས་དང་བསྐྲད། །བསད་དང་འགུག་དང་ཞི་དང་རྒྱས་འགྲུབ་བོ། །ཞེས་དང་། ཐབས་བཞག་ལས། གཏི་མུག་ཞེ་སྡང་ང་རྒྱལ་དང་། །འདོད་ཆགས་ཕྲ་དོག་ཆེན་པོ་སོགས། །སྲུང་བ་མེད་པའི་སྡོམ་པ་ཅན། །དེ་ནི་དམ་ཚིག་རྡོ་རྗེ་ཡིན། །ཞེས་དང་། རྡོ་རྗེ་ལས། ཉོན་མོངས་རྣམས་ནི་སྒྱུ་འདྲ་ངོ་བོས་སྟོང་། །གང་གི་མི་རྟོག་རང་བཞིན་ཤེས་པས་གྲོལ། །ཞེས་དང་། མདོ་ལས། མ་རིག་ནམ་མཁའ་ཇི་བཞིན་ཏེ། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །འདོད་ཆགས་མེད་ཅིང་ཞེ་སྡང་མེད། །ང་རྒྱལ་དང་ནི་ཕྲག་དོག་ཀུན། །སྒྱུ་འདྲ་ངོ་བོ་ཉིད་མེད་དེ། །ཡོད་མེད་མི་དམིགས་རྣམས་དང་བྲལ། །ཞེས་དང་། དམ་ཚིག་ཉེར་བརྒྱད་ལས། ཕྲག་དོག་ལ་སོགས་ཉོན་མོངས་ལྔ་རྣམས་ནི། །ཡེ་ནས་རིགས་ལྔའི་རང་བཞིན་ཡིན་པའི་ཕྱིར། །བཅོས་བསྒྱུར་སྤང་བླང་སུ་ཡིས་བྱ་མི་དགོས། །ཞེས་དང་། ཡོན་ཏན་མཛོད་ལས། སེམས་ཀྱི་ཕྱོགས་ལ་མེད་དང་གཅིག་པུ་དང་། །ཕྱལ་པ་དང་ནི་ལྷུན་གྲུབ་ཞེས་གྲགས་པ། །སྲུང་མཚམས་བྲལ་ལ་འདའ་བྱ་མི་དམིགས་པས། །ངོ་བོར་བཞུགས་ཚུལ་དམ་ཚིག་ཆིངས་སུ་བཅིང་། །ཡེ་ནས་མཉམ་མེད་རྡོ་རྗེ་རྒྱལ་པོའི་ལུགས། །ཞེས་དང་། ཐིག་ལེ་ཀུན་གསལ་ལས། རང་རིག་ཡེ་ཤེས་ཆེན་པོ་ལ། །བསྲུང་དང་སྲུང་བྱེད་གཉིས་མེད་པས། །ཉམས་དང་མ་ཉམས་གཉིས་སུ་མེད། །ཐེག་བརྒྱད་བཅོས་མའི་ཚིག་གི་གྲངས། །ང་མི་སྲུང་བས་མེད་ཅེས་བྱ། །ཞེས་གསུངས་པ་ལྟར་སྤྱོད་པ་དེ་དག་གིས་ཐུན་མོང་གི་དངོས་གྲུབ་ལས་དང་གྲུབ་པ་བརྒྱད་ལ་སོགས་པ་འགྲུབ་པར་བཤད་དོ། །ཡུམ་ལས། ཆོས་ཉིད་ནམ་མཁའ་ལྟ་བུ་རྟོགས་ལ་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་འཇིགས་པར་ལྟ་བ་ནི་ཡང་དག་པའི་ཆོས་སོ། །ཞེས་དང་། འཕགས་ལྷས། ཆོས་ཀུན་ནམ་མཁའ་ལྟར་མཐོང་ལ། །རྣམ་པར་སྨིན་ལ་ཡིད་ཆེས་པ། །ངོ་མཚར་ལས་ཀྱང་འདི་ངོ་མཚར། །རྨད་བྱུང་ལས་ཀྱང་འདི་རྨད་བྱུང་། །ཞེས་པ་ལྟར་གཉིས་འཛིན་ཡོད་པའི་རིང་ལ་རྒྱུ་འབྲས་ཕྲ་ཞིབ་ཀྱི་བླང་དོར་ལ་བརྩོན་པར་བྱའོ། །དེ་ནས་སེམས་ཉིད་སྐྱེ་བ་མེད་པ་ཡོངས་སུ་རྟོགས་པའི་དུས་ན་དགེ་སྡིག་མཚན་བཅས་ཀྱི་རྣམ་པ་གང་ལའང་རག་མི་ལས་པར་བྱ་སྤྱོད་ཀྱི་སྤྲོས་པ་བླང་དོར་ཐམས་ཅད་སྐྱེ་མེད་ཀྱི་དབྱིངས་སུ་གཏིང་ནས་ཆོད་པ་གལ་ཆེ་བ་ནི་རང་བཞིན་འདི་ལྟ་སྟེ། རབ་ཏུ་མི་གནས་པའི་རྒྱུད་ལས། རྣལ་མའི་སྦྱོར་བ་རྟོགས་བྱའི་ཕྱིར། །བཅོས་མ་ཡིས་ནི་བསྒོམ་པ་དང་། །བཅོས་མ་ཡིས་ནི་བཟླས་པར་བྱ། །རྣལ་མའི་སྦྱོར་བ་རྟོགས་གྱུར་ནས། །བཅོས་མ་དག་ཀྱང་མི་བྱ་སྟེ། །དཔེར་ན་གཟིངས་ལ་ཞུགས་ནས་ནི། །ཕ་རོལ་ཕྱིན་ནས་དོར་བ་ལྟར། །བཅོས་མ་དག་ཀྱང་མི་བྱའོ། །ཞེས་དང་། འབུམ་ཕྲག་ལྔ་པའི་རྒྱུད་ལས། རྡོ་ཡི་རིགས་ཀྱི་བྱེ་བྲག་ཞིག །བཞུ་བས་ལྕགས་དང་ཟངས་དངུལ་འབྱུང་། །གསེར་འགྱུར་རྩི་ཡི་དངོས་པོ་ཡིས། །ཀུན་ཀྱང་གསེར་དུ་བསྒྱུར་བར་བྱེད། །དེ་བཞིན་སེམས་ཀྱི་བྱེ་བྲག་གིས། །རིགས་ཅན་གསུམ་གྱི་སྡོམ་པ་ཡང་། །དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ན། །རྡོ་རྗེ་འཛིན་པ་ཞེས་བྱ་འབྱུང་། །གསང་བ་སྤྱོད་པའི་རྒྱུད་ལས། དཔེར་ན་རྡོ་ལས་ཟངས་སུ་འགྱུར། །ཟངས་ལས་གསེར་གྱི་རྣམ་པ་སྟེ། །ཟངས་ཀྱི་དུས་ན་རྡོ་མེད་ཅིང་། །གསེར་དུ་བསྒྱུར་པས་ཟངས་མི་སྣང་། །རིག་འཛིན་ནང་གི་དགེ་སློང་ལ། །སོ་སོར་ཐར་དང་བྱང་ཆུབ་སེམས། །གཉིས་པོ་གནས་པ་ཉིད་དང་ནི། །སངས་རྒྱས་ཉིད་ཀྱིས་མ་གསུངས་སོ། །ཞེས་དང་། བདུད་རྩི་འབྱུང་བའི་རྒྱུད་ལས། མཆོད་དང་གཏོར་མ་ལ་སོགས་པ། །ལས་ཀྱི་བྱ་སྤྱོད་སྣ་ཚོགས་ཀུན། །སེམས་ཀྱི་དེ་ཉིད་རྙེད་གྱུར་ན། །ཐམས་ཅད་དེ་ཡིས་སྡུད་པར་ངེས། །ཞེས་དང་། ཇི་སྐད་དུ། ཆོས་ཉིད་རང་ངོ་མ་འཕྲོད་པས། །ཆོས་སྤྱོད་བཅུ་ལ་མངོན་པར་ཞེན། །ཞེས་སོགས་གསུངས་པ་ལྟར། མཚན་བཅས་ཀྱི་བྱ་སྤྱོད་ལྟ་བའི་གྲོགས་སུ་བརྟེན་པ་དང་། སྟོང་ཉིད་གཉིས་ཟུང་དུ་ཆུད་དགོས་པའི་དུས་ན་སྤྱོད་པའི་བོགས་དབྱུང་བའི་ཕྱིར་གོང་དུ་བཤད་པ་བཞིན་ཉམས་ལེན་གཙོ་བོར་འདོན་ཅིང་ཡང་དག་གི་གནས་ལུགས་རྟོགས་པའི་དུས་ན། སྤྲོས་པ་ཐམས་ཅད་ནམ་མཁར་སྤྲིན་རང་དེངས་སུ་འགྲོ་བ་ལྟར་ཆོས་ཉིད་ལྟ་བའི་ངང་ལ་གདེང་ཡོངས་སུ་འཆོས་པར་བྱེད་པ་ལས། དེང་སང་ལྟ་སྒོམ་གདེང་དུ་མ་གྱུར་པ་རྣམས་མཚན་བཅས་ཆོས་ལ་མངོན་པར་ཕྱོགས་པའི་དུས་འདིར། ལྟ་སྒོམ་ལ་སྤྱོད་པའི་གོལ་སྒྲིབ་ཏུ་འགྲོ་བ་ཕལ་ཆེར་མང་བས། བྱ་སྤྱོད་གང་ལའང་གཙོར་མི་འདོན་པ་དོན་གྱི་གནས་ལུགས་དེ་ཁོ་ན་ཉིད་ལ་རྩེ་གཅིག་ཏུ་འཇོག་ནས་བརྟན་ཆ་ཡོངས་སུ་ཐོབ་པར་བྱེད་པ་ནི་གནད་ཀྱི་མན་ངག་ཟབ་མོ་ཡིན་ཞིང་། དེ་ལྟར་དུ་ཉོན་མོངས་ཀྱི་རྟོག་ཚོགས་དང་ཚོགས་དྲུག་གི་སྣང་བ་ཐམས་ཅད་བཟང་ངན་གཉིས་མེད་མ་སྤངས་རང་སར་གྲོལ་བའི་རང་བཞིན་ནི་འདི་ལྟ་སྟེ། ཇི་ལྟར་སྣང་བ་ཉིད་ནས་གཞི་དང་རྩ་བ་མེད་པའི་རང་བཞིན་དུ་རྟོགས་པས་རྟེན་མེད་ཡངས་པ་ཆེན་པོའི་རོལ་པར་ཤར་ཏེ། ཡངས་དོག་མཐོ་དམན་མེད་པ་ཆོས་ཉིད་ཀྱི་ར་བར་དལ་ཁོད་ཤིན་ཏུ་སྙོམས་པའི་ཕྱིར་ན། མུ་མེད་བདེ་བ་ཆེན་པོ་གཅིག་གི་རང་བཞིན་དུ་འབྱུང་བ་ཡིན་ཏེ། དེའང་ཉོན་མོངས་གཞི་མེད་རང་གྲོལ་ཡེ་ཤེས་སུ་གནས་འགྱུར་ཚུལ་སོགས་ཅུང་ཟད་སྤྲོས་ན་འདི་ལྟ་སྟེ། གཉེན་ཉེ་འབྲེལ་དང་ཟས་གོས་རྒྱུ་ནོར་སོགས་ལ་ཞེན་ཅིང་ཆགས་ནས་རྒྱུན་ཆད་མེད་པར་ལོངས་སྤྱོད་པར་ནི་འདོད་ཆགས་ཞེས་པ་དང་། དགྲ་དང་མི་མཐུན་པའི་ཕྱོགས་ལ་སེམས་མི་བཟོད་པས་སྡང་སེམས་སྐྱེས་ནས་སྤང་ཞིང་འཐབ་རྩོད་ཀྱིས་རྒོལ་བ་ནི་ཞེ་སྡང་ཞེས་པ་དང་། གང་སྣང་ཡང་ནག་ཐོམ་ལུང་མ་བསྟན་བླང་དོར་ལ་རྨོངས་ཤིང་ལྷག་པར་མཚན་མོའི་དུས་སུ་འཇིག་རྟེན་ཁམས་ཐམས་ཅད་ནག་ཐིབས་སེར་བཏང་བ་ནི་གཏི་མུག་ཞེས་པ་དང་། གཞན་ཕྱོགས་ལ་ཡོན་ཏན་ལྡན་རུང་སྐྱོན་དུ་མཐོང་བའམ་བལྟས་ཏེ་རང་ཕྱོགས་ཀྱི་སྐྱོན་གང་ཡོད་མི་མཐོང་ཞིང་བཟང་པོའི་ཡོན་ཏན་ཤ་སྟག་རློམ་པ་ནི་ང་རྒྱལ་ཞེས་པ་དང་། གོང་མས་གཉའ་མནན་དོགས་དང་འདྲ་བ་རྣམས་གོང་དུ་ཤོར་དོགས་དང་དམན་པ་རྣམས་རང་དང་གང་ཅིར་མཉམ་ཡོང་དོགས་ཀྱི་སྣང་བ་དོགས་མེར་ཡོང་བ་ནི་ཕྲག་དོག་ཞེས་པ་སྟེ། གྲོལ་བྱ་རྩ་བའི་དུག་ལྔ་པོ་མ་ནོར་བ་དེ་ཡིན་པས་ཡོངས་སུ་ཤེས་པར་བྱས་ནས། དེ་འདྲའི་རྣམ་རྟོག་ཆེ་ཕྲ་གང་ཤར་རུང་ཡུལ་ལ་མི་ཡེངས། འཛིན་པས་མི་བཅིང་བར་དེ་དག་གི་འཆར་གཞི་གནས་མེད་དེ་ཁོ་ནའི་རང་ངོ་ལ་ཅེར་གྱིས་བལྟས་ནས་ལྷོད་ཀྱིས་གློད་དེ་བཞག་པར་བྱས་ན་རང་ཡལ་རྗེས་མེད་དུ་སོང་ནས་འདོད་ཆགས་སོར་རྟོག་ཡེ་ཤེས་སུ་གནས་འགྱུར། ཞེ་སྡང་མེ་ལོང་ཡེ་ཤེས་སུ་གནས་འགྱུར། གཏི་མུག་ཆོས་དབྱིངས་ཡེ་ཤེས་སུ་གནས་འགྱུར། ང་རྒྱལ་མཉམ་ཉིད་ཡེ་ཤེས་སུ་གནས་འགྱུར། ཕྲག་དོག་བྱ་གྲུབ་ཡེ་ཤེས་སུ་གནས་འགྱུར་བ་ལས་མ་འདས་པ་དང་། དེ་ཡང་ཡོངས་སུ་བསྡུ་ན་དུག་ལྔ་ཡེ་ཤེས་ལྔ་གནས་འགྱུར་གསུངས་པ་ནི། དུག་ལྔ་གང་སྐྱེས་ཀྱི་འཆར་གཞི་རང་ལ་ལྷོད་ནས་རང་བབས་སུ་མ་ཡེངས་པར་བཞག་པས་རང་ཡལ་རྗེས་མེད་དུ་ཤུགས་ཀྱིས་གྲོལ་འགྲོ་བ་དང་། དེ་བཞིན་དུ་མིག་གི་ཡུལ་དུ་གཟུགས་མཛེས་པ་དང་མི་མཛེས་པ། རྣ་བའི་ཡུལ་དུ་སྒྲ་སྙན་པ་དང་མི་སྙན་པ། སྣ་ཡི་ཡུལ་དུ་དྲི་ཞིམ་པ་དང་མི་ཞིམ་པ། ལྕེ་ཡི་ཡུལ་དུ་རོ་མངར་བ་དང་ཁ་བ། ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པ་དང་རྩུབ་པ། ཡིད་ཀྱི་ཡུལ་དུ་རྟོག་པ་འཐད་པ་དང་མི་འཐད་པ་ལ་སོགས་པ་ཚོགས་དྲུག་གི་སྣང་བ་ཅི་ལྟར་ཤར་རུང་གཉིས་འཛིན། བཟང་ངན། དགག་སྒྲུབ། རེ་དོགས་མི་བྱ་བར་མཐོང་མཁན་གྱི་རིག་པ་སོ་མའི་ངང་དུ་ཤུགས་ཀྱིས་གློད་པས་འཛིན་ཞེན་ཐམས་ཅད་གཞི་མེད་རང་སར་གྲོལ་བ་ལ་ཚོགས་དྲུག་རང་གྲོལ་གྱི་ཐ་སྙད་གཡེར་པོ་ཆེ་བཏགས་པ་ཡིན་འདུག་པས། དེའི་རིགས་འགྲེ་བའི་དགེ་མི་དགེ་ལུང་མ་བསྟན་སོགས་ཀྱི་རྟོག་པ་ཅི་ཤར་ནའང་སྤང་གཉེན་ལྟ་བུས་དགག་ཀྱང་མི་དགག །ངན་པ་བཟང་པོར་བསྒྱུར་བ་ལྟར་མི་བྱ། ཐ་མལ་ལྟར་རྗེས་སུ་མི་འབྲང་བར་འཆར་གཞིའི་ཐོག་ཏུའམ་རྣམ་རྟོག་ཁོ་རང་གི་སྟེང་དུ་རང་སར་གློད་པས་གཉེན་པོ་གཞན་ཅུང་ཟད་ཙམ་བརྟེན་མི་དགོས་པར་སྦྲུལ་མདུད་རང་གི་རང་གྲོལ་བ་བཞིན་དུ་གང་ཤར་ལ་གཉེན་པོ་མེད་པ་རྒྱ་གྲོལ་དུ་སོང་བས་གཤིས་ལ་ཕན་གནོད་དང་བྲལ་བར་གདེང་འཆོས་པ་འདི་རྫོགས་པ་ཆེན་པོའི་གྲོལ་ལུགས་རྟོགས་པའི་གདེང་ཞེས་ཐེག་རྩེ་བླ་ན་མེད་པའི་མན་ངག་གི་གནད་ཟབ་མོའོ། །དེའང་དང་པོ་སྣང་གྲགས་རྟོག་ཚོགས་ཀྱི་ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་ཀྱི་རང་བཞིན་ལས་མ་འདས་པར་ཉམས་འཆར་ཡོང་བ་ནི་འདི་ལྟ་སྟེ། སྒྲ་ཚིག་ཐམས་ཅད་བཟང་ངན་གཉིས་སུ་གྲུབ་པ་མེད་པས་གྲགས་སྟོང་བྲག་ཆ་ལྟ་བུར་རྗེས་མེད། གཟུགས་ལ་བཟང་ངན་མེད་དེ་མེ་ལོང་བེམ་སྟོང་ནང་དུ་ཞི་དྲག་གི་གཟུགས་བརྙན་འཆར་བ་ལྟ་བུ་གཤིས་ལ་བཟང་ངན་མ་གྲུབ། མེད་བཞིན་ཅི་ཡང་སྣང་བ་རིག་པའི་ཆོ་འཕྲུལ་ཏེ་སྒྱུ་མའི་སྤྲུལ་པ་ཇི་བཞིན་གོ་མ་འགགས། སྣང་བཞིན་པ་ཉིད་ནས་ངོས་བཟུང་རྡུལ་ཆ་ཙམ་ཡང་གཤིས་ལ་གྲུབ་པ་མེད་པས་ཆུ་ནང་དུ་ཟླ་གཟུགས་འཆར་བ་ཙམ་མོ། །དེ་བཞིན་སྔར་གྱི་འཁྲུལ་སྣང་ཐམས་ཅད་སྨིག་རྒྱུ་ལ་ཆུ་བསྙེགས་པ་ལྟར་རྟོགས་པས་དོན་དུ་ཕན་གནོད་ཀྱི་ཡུལ་གང་ཡང་མེད་པ་སེམས་མ་རིག་པའི་འཁྲུལ་སྣང་དེ་དག་ཐམས་ཅད་དཔེར་ན་གཉིད་ཀྱི་སྐབས་སུ་བཟང་ངན་གྱི་རྣམ་པ་སྣ་ཚོགས་རྨིས་ཀྱང་གཉིད་སད་པའི་དུས་ན་བྲལ་ཐོབ་ཀྱི་རིས་མེད་པར་ཡོངས་སུ་སངས་པ་དང་ཉེ་བར་མཚུངས་ཤིང་། རིག་པའི་ངོ་བོ་ལ་ཕན་གནོད་ཀྱི་རྡུལ་དང་བྲལ་བས་འཁོར་འདས་སྣང་སྲིད་ཀྱི་ཆོས་ཐམས་ཅད་དབྱིངས་རྣམ་པར་དག་པ་གཅིག་གིས་སྤྲུལ་པ་ལས་ནམ་ཡང་མ་འདས་པའི་རང་བཞིན་ཏེ། ཀུན་མཁྱེན་ཀློང་ཆེན་པས་སྒྱུ་འགྲེལ་ལས། རིམ་གྱིས་དག་པ་མ་དག་གཞན་དབང་དང་། །དེར་འཛིན་ལོག་པའི་དག་པ་གཞན་དབང་དུ། །ཇི་བཞིན་ཚེ་ན་མངོན་དུ་གྱུར་པ་ནི། །རྨི་ལམ་འཁྲུལ་སྣང་གཉིད་སད་མེད་པ་བཞིན། །གདོད་མའི་གཞི་ལ་མངོན་པར་བྱང་ཆུབ་འགྱུར། །ཞེས་དང་། སྣང་བའི་ཡུལ་ལ་དེར་འཛིན་མེད་པ་ན། །བད་ཀན་ཅན་གྱིས་མིག་སེར་ལོག་པའི་སྟོབས། །དུང་སེར་འཛིན་པའི་སྣང་བ་རང་ལོག་ལྟར། །འཁྲུལ་སྣང་ཆ་དང་བཅས་པ་ལོག་པའོ། ཡང་། ཇི་ལྟར་རྨི་ལམ་ནང་གི་སྣང་བ་དེ། །གཉིད་ཡོལ་སོང་དང་སངས་དུས་མེད་ནའང་། །གཉིད་དུས་སྣང་ལ་སྣང་དུས་རང་བཞིན་མེད། །མི་སྣང་གཞི་རྩ་བྲལ་བར་ཤེས་པར་གྱིས། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་སྐྱེ་བུ་འདོད་ལ་ཆགས་པ་དག །རྨི་ལམ་ནའང་དེ་ཡི་ཡུལ་མཐོང་སྟེ། །ཉེ་བར་བརྟེན་ནས་སད་དུས་མེད་པ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་དང་། བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། ཆོས་རྣམས་སྒྱུ་མ་ལྟ་བུ་སྟེ། །རང་བཞིན་གྱིས་ནི་མ་སྐྱེས་པ། །སྟོང་དང་དངོས་པོ་མཚན་མ་མེད། །བསམ་མེད་བརྗོད་པ་ཀུན་ལས་འདས། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་ནམ་མཁའ་དྭངས་ལ་ཟླ་ཤར་བཞིན། །དེ་ཡི་གཟུགས་བརྙན་དྭངས་པའི་མཚོར་སྣང་ཡང་། །ཟླ་བ་ཆུ་ཡི་ནང་ལ་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱོས། །ཞེས་དང་། རྒྱུད་འགྲེལ་ལས། གང་བྱུང་ཆད་འཛིན་མེད་པའི་སྣང་བ་ལ། །དགག་སྒྲུབ་བྲག་ཆ་འདྲ་བའི་སྣང་བ་ཤར། །ཅི་ཡིན་གཟའ་གཏད་མེད་པར་གྲོལ་བས་ན། །འདི་ཡི་ཕྱོགས་ཆ་བྲལ་བ་ཕྱམ་གཅིག་གོ། །ཞེས་དང་། བསམ་འགྲེལ་ལས། དེ་ཡི་བོགས་འབྱིན་ལམ་གྱི་ཆ་རྐྱེན་དུ། །སྒྱུ་མའི་སྤྱོད་པ་བླང་དོར་གཉིས་མེད་པས། །རྐྱེན་ངན་ལམ་སློང་མཉམ་རྗེས་བསྲེ་བའི་ཕྱིར། །རི་ཁྲོད་དུར་ཁྲོད་མཚོ་གླིང་ཚོང་དུས་སོགས། །ཡུལ་གྱིས་སེམས་ལ་གཡེང་བའི་གནས་སོང་ནས། །ལུས་ནི་བྲོ་གར་ངག་གིས་གླུ་ལེན་ཅིང་། །སེམས་ཀྱིས་ཀུན་རྟོགས་སྣ་ཚོགས་སྤྲོས་བྱས་ལ། །སྐད་ཅིག་རང་གྲོལ་ལྟ་སྒོམ་ངང་དུ་བསྲེ། །ཕྱི་ནས་ཐམས་ཅད་ལམ་དུ་སླང་བ་ཡིན། །བར་འགའ་སྣང་སྲིད་བླ་མའི་མོས་གུས་དང་། །ཚོགས་བསགས་སྒྲིབ་བྱང་རྟག་ཏུ་འཆི་བ་བསྒོམ། །སྒྱུ་མའི་དཔེ་བརྒྱད་རང་བཞིན་སྟོང་པའི་ངང་། །སྣ་ཚོགས་སྣང་ལ་བདེན་མེད་འལ་འོལ་དུ། །སྐད་ཅིག་སྐད་ཅིག་ངོས་བཟུང་མེད་པར་སྦྱངས། །ཞེས་གསུངས་པ་ལྟར་ཆུ་ཟླ་སོགས་ཀྱི་དཔེ་ཉེ་བར་བསྟན་པ་བཞིན་དངོས་སྣང་འདི་དག་རྡུལ་ཕྲན་མ་ཡིན་པས་སྟོང་གཟུགས་སུ་མཐོང་སྟེ། དངོས་དངོས་མེད་ཡོད་མེད་བདེན་རྫུན་སོགས་རང་བཞིན་གྱིས་གང་ཡང་མ་གྲུབ་པར་རྟོགས་ཏེ་འདི་ཅི་ཡིན་ནམ་སྔོན་དང་མི་འདྲ་བས་སྣང་བ་ངོ་མཚར་སྙམ་དུ་རྒོད་བྲོ་བས། སྣང་ལ་རང་བཞིན་མེད་པ་ཞེས་པ་དེ་ད་གཟོད་རྟོགས་པ་ཡིན་ཏེ། གཟུང་འཛིན་ཞེས་པའང་གཟུང་ཡུལ་ལ་འཛིན་པས་རྟོག་དཔྱོད་ཤར་བ་ཡིན་པས་དེ་གཉིས་དང་བྲལ་བ་ནི་གཟུང་ཡུལ་གྱི་ཞེན་པ་གྲོལ་ནས་ཡུལ་སྣང་དེར་འཛིན་མེད་པའི་ཉམས་ཤར་བའི་ཚེ་རིག་པར་བལྟས་པས་ཡེ་སྟོང་རྩ་བ་དང་བྲལ་བ་ཟང་ཀ་ཤར་བ་ནི་རང་བཞིན་གདོད་མའི་གནས་ལུགས་ཆོས་ཉིད་ཟད་པའི་སྣང་བ་ཞེས་བྱ་བ་དེ་འབྱུང་བ་ཡིན་ནོ་གསུངས་པས་ཤེས་པར་བྱ་ཞིང་། མ་ཟད་གོང་དུ་བཤད་མ་ཐག་པའི་ཚུལ་བཞིན་ཉམས་ཀྱི་སྒྱུ་མ་ཅི་རིགས་འཆར་ཡོང་བའི་ཚེ། དེ་དག་རྩལ་ཡོངས་སུ་རྫོགས་དགོས་པའི་ཕྱིར། སླར་ཡང་སྤྱོད་པ་གསུམ་དབྱེར་མེད་ཟུང་དུ་ཆུད་ནས་འབྲས་བུ་འཕོ་འགྱུར་དང་གོལ་སྒྲིབ་མེད་པ་གཏན་སྲིད་ཆེན་པོ་ཡོངས་སུ་ཟིན་དགོས་བའི་ཕྱིར། བཟང་ངན་ཆེ་ཕྲ་ཐམས་ཅད་ལམ་དུ་སློང་ཞིང་ཁྱེར་བར་བྱ་སྟེ་ཚོགས་དྲུག་ལམ་ཁྱེར། ན་ཚ་ལམ་ཁྱེར། ལྷ་འདྲེ་ལམ་ཁྱེར། དུག་ལྔ་ལམ་ཁྱེར། འཆི་བ་ལམ་ཁྱེར་དང་། རྣམ་རྟོག་སོགས་ལམ་དུ་ཁྱེར་ནས་ཐམས་ཅད་རིག་སྟོང་འཕོ་འགྱུར་མེད་པའི་ངང་དུ་རང་ཤར་རང་གྲོལ་རིས་མེད་ཁྱབ་བརྡལ་ཆེན་པོ་ལ་ལོངས་སྤྱོད་པར་བྱའོ། །སྐབས་རེ་ཆོས་ཐམས་ཅད་ཀྱི་རོ་མྱོང་བ་བུང་བ་ལྟ་བུའི་སྤྱོད་པ་དང་། སྐབས་རེ་ཐི་བྱ་ལྟ་བུའི་དོན་གྱི་ཐེ་ཚོམ་ཆོད་པར་བྱ་བ་དང་། སྐབས་རེ་རི་དྭགས་ལྟ་བུ་འཁྲུལ་རྐྱེན་ཐམས་ཅད་རྒྱང་རིང་དུ་སྤང་བ་དང་། སྐབས་རེ་ལྐུགས་པ་ལྟ་བུ་ངག་གི་སྨྲ་བརྗོད་ཡོངས་སུ་བཅད་པ་དང་། སྐབས་རེ་ལུས་ངག་ཡིད་གསུམ་གཏད་མེད་ཀྱི་སྤྱོད་པ་གང་བྱུང་བྱ་ཞིང་སྨྱོན་པ་ལྟ་བུའི་ཡུལ་ངེས་མེད་རྣམས་སུ་ཉུལ་བ་དང་། སྐབས་རེ་སེང་གེ་ལྟ་བུ་གང་ལའང་འཇིགས་པ་མེད་པ་དུར་ཁྲོད་དང་ལུང་སྟོང་འགྲིམ་པ་དང་། སྐབས་རེ་ཁྱི་ཕག་ལྟ་བུའི་གཙང་རྨེའི་རྟོག་པ་སྤངས་ནས་གང་བྱུང་ལ་ལོངས་སྤྱོད་པ་དང་། སྐབས་རེ་རྐྱེན་བཟང་ངན་བར་མ་དོ་ཐམས་ཅད་མྱོང་ནས་རིག་པ་ཧུར་ཕྱུང་། དབང་པོ་གཟེངས་བསྟོད། མི་ཕོད་པར་ཐོག་རྫིས་བྱ། རྐྱེན་ངོས་བཟུང་ནས་མཚང་ཡུལ་ཕུད། མངོན་ཞེན་དང་འཁྲི་བ་ཐམས་ཅད་ཡོངས་སུ་བཅད་ལ། གཞན་གྱིས་རྒོལ་བ་དང་། རྡུང་རྡེག་ཅི་ལྟར་བྱས་བྱུང་རུང་། ནགས་ལ་མེའི་གྲོགས་བཞིན་ལྷག་ཏུ་ཤེས་པར་བྱའོ། །དེ་ལྟར་ཕྱི་ཡི་སྣང་བ་འཛིན་ཞེན་ཐམས་ཅད་བླང་དོར་གཉིས་སུ་མེད་པར་སྤྱོད་ནུས་པའི་མཚམས་སུ་ནང་འཛིན་པའི་རྟོག་ཚོགས་ཀྱང་། དེ་དེ་བཞིན་དུ་ཕན་གནོད་གཉིས་སུ་མེད་པར་གྲོལ་ལུགས་དྲུག་སོགས་ཀྱི་རིམ་པ་འདི་ལྟར་འབྱུང་བ་སྟེ། གཞན་གྱིས་བཅོས་མི་དགོས་པར་རང་གྲོལ་གཉེན་པོ་མེད་པའི་གནད་ཀྱིས་སྦྲུལ་མདུད་ལྟར་རང་གྲོལ་འགྲོ་བ་དང་། ཡེ་གྲོལ་བསྐྱར་གཞི་མེད་པའི་གནད་ཀྱིས་ནམ་མཁའི་མདུད་པ་ལྟར་གྲོལ་བས་གདོད་མའི་ངང་ལ་གནས། ཅེར་གྲོལ་ངོ་བོ་མེད་པའི་གནད་ཀྱིས་ངོ་ཤེས་པའི་མི་དང་འཕྲད་པ་ལྟར་གྲོལ་བས་ཐེ་ཚོམ་གྱི་སྒྲོ་འདོགས་སྟོང་། རང་གྲོལ་གཉེན་པོ་མེད་པའི་གནད་ཀྱིས་ཁང་སྟོང་དུ་རྐུན་མ་ཞུགས་པ་ལྟར་གྲོལ་བས་རང་ཞིག་ལ་ཐོབ་ཤོར་མེད། འགྱུར་གྲོལ་རང་སར་དག་པའི་གནད་ཀྱིས་ཆུ་ལ་རི་མོ་བྲིས་པ་ལྟར་གྲོལ་བས་ཤེས་པ་སྐད་ཅིག་གི་རྒྱུན་མི་མཐུད། ཤར་གྲོལ་དུས་མཉམ་ཡིན་པའི་གནད་ཀྱིས་ཆུ་ལ་རལ་གྲི་བསྣུན་པ་ལྟར་གྲོལ་བས་རྟོག་པ་སྔ་ཕྱི་ཁྱད་མེད་པར་གྱུར་པ་ནི་གཞི་ལས་མ་གཡོས་པས་ན་སྤྱོད་པ་ཐམས་ཅད་ཀྱི་རྒྱལ་པོ་ཡང་དག་པའི་མཐར་ཐུག་གོ། །དེའང་ཉེ་བར་བསྡུ་ན་རྣམ་རྟོག་ངོ་བོ་ལ་ངོས་བཟུང་མ་དགོས་པར་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུ་རང་གིས་རང་ཤེས་ཀྱི་གྲོལ་ལུགས་དང་། དྲན་ཤེས་ཆེ་ཕྲའི་གཉེན་པོ་བརྟེན་མ་དགོས་པར་སྦྲུལ་གྱི་མདུད་པ་ལྟར་རང་ཤར་རང་གྲོལ་དུ་སངས་འགྲོ་བ་དང་། རྣམ་རྟོག་བཟང་ངན་ཆེ་ཕྲ་ཅི་ཤར་ཡང་གཤིས་ལ་ཕན་གནོད་རྡུལ་ཆ་ཙམ་མེད་པར་ཁང་སྟོང་དུ་རྐུན་མ་ཡང་ཡང་ཞུགས་ཀྱང་ཐོབ་ཤོར་གཉིས་སུ་མེད་པ་ལྟ་བུའི་གྲོལ་ལུགས་ཀྱི་ཚད་བཟུང་དགོས་པ་དང་། དེའང་སྣང་བ་བཞི་དང་སྦྱར་ན་ཆོས་ཉིད་མངོན་སུམ་གྱི་སྐབས་སེམས་སེམས་བྱུང་གི་རྣམ་པར་རྟོག་ཚོགས་ཐམས་ཅད་རིག་པའི་གཤིས་ལ་ཆུ་རླབས་ཆུར་ཐིམ་པ་ལྟར་རང་ཤར་རང་གྲོལ་དུ་འགྲོ་བ་དང་། གོང་འཕེལ་གྱི་སྐབས་སུ་ཆུ་ལ་རི་མོ་བྲིས་པ་ལྟར་རང་ཡལ་རྗེས་མེད་དུ་འགྲོ་བ་དང་། ཚད་ཕེབས་ཀྱི་དུས་སུ་ཤར་གྲོལ་དུས་མཉམ་ལ་བར་སྣང་གི་རླུང་སིལ་བུ་རྒྱུ་བ་ལྟ་བུ་ཤར་མ་ཤར་གྱི་རིས་ཆེར་མེད་པ་དང་ཆོས་ཉིད་ཟད་པའི་སྐབས་སུ་འཁྲུལ་གཞི་མ་རིག་པ་དང་འཁྲུལ་བ་རྣམ་པར་རྟོག་ཚོགས་འཁྲུལ་རྐྱེན་སྣང་བའི་ཡུལ་དང་བཅས་པ་ཡོངས་སུ་ཟད་ནས། རྣམ་ཤེས་ཀྱི་ཆ་ཕྲ་མོའི་ཕྲ་མོ་དེའང་རིག་པ་སྟོང་གསལ་གྱི་གཤིས་སུ་དཔེར་ན་སྣོད་ཀྱི་དྲི་མའི་ཆ་ཡོངས་སུ་ཡས་པ་ལྟར་གྱུར་ནས་ཀུན་ཏུ་བཟང་པོའི་དགོངས་པའི་དབྱིངས་ལ་བཙན་ས་ཡོངས་སུ་ཟིན་པར་འགྱུར་རོ། །དོ་ཧ་ལས། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོངས། །ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུ་ཡིས། །ནམ་ཞིག་སྡུག་བསྔལ་འབའ་ཞིག་བསྐྱེད་པར་བྱེད། །ཅེས་དང་། སྒྱུ་འགྲེལ་ལས། ཀུན་རྫོབ་སྣང་ལ་དོན་དམ་མི་དམིགས་ཞེས། །ཆ་གཉིས་འཛིན་པ་བློ་ཡི་རྣམ་དབྱེ་སྟེ། །ཇི་ལྟར་སྣང་དུས་ཉིད་ནས་བློ་ལས་འདས། །བློས་བཀོད་སྤྲོས་པའི་རྩ་བ་རང་སེམས་ཏེ། །ཡུལ་དེར་འཕེལ་འགྲིབ་གང་ལའང་མ་བྱེད་པར། །རྟོག་པའི་དྲྭ་བས་མ་འཛིན་ངེས་བཟུང་མེད། །དེ་ལྟར་ཤེས་ན་སྤྲོས་པའི་ཕ་རོལ་འགྲོ། །ཞེས་དང་། རྩ་ཤེར་ལས། སྟོང་ངོ་ཞེས་ཀྱང་བརྗོད་གྱུར་ཀྱང་། །མི་སྟོང་ཞེས་ཀྱང་བརྗོད་གྱུར་ཀྱང་། །སྟོང་དང་མི་སྟོང་ལ་སོགས་ནི། །ཞི་བ་འདི་ལ་ག་ལ་ཡོད། །ཅེས་དང་། སེམས་འགྲེལ་ལས། སྣང་བའི་དངོས་ཀྱིས་ཕན་གནོད་གཉིས་སུ་མེད། །དེར་འཛིན་ཞེན་པས་སྲིད་པར་འཆིང་བས་ན། །སྣ་ཚོགས་སྣང་ལ་བརྟག་དཔྱད་མི་དགོས་ཀྱི། །འཛིན་པའི་སེམས་ཀྱི་རྩ་བ་བཅད་པར་མཛོད། །ཅེས་དང་། སྒྱུ་འགྲེལ་ལས། འཁོར་བའི་རང་བཞིན་གདོད་ནས་མྱ་ངན་འདས། །འཁྲུལ་རྟོག་རང་ཞི་མཁའ་ལ་སྤྲིན་དེངས་བཞིན། །དང་པོ་བྱུང་ས་ཞི་བའི་ཚུལ་མཁྱེན་པས། །ཡེ་ཤེས་རབ་ཞི་སྟོང་གསལ་ངང་དེར་སྐྱོངས། །ཡང་། དུག་གསུམ་དུག་ལྔ་ཀུན་རྟོག་ལས་བྱུང་བ། །ཀུན་ཏུ་དཔྱད་ན་གང་དུའང་མི་གནས་པས། །ཉོན་མོངས་སྤྲུལ་འདྲ་ངོ་བོ་མེད་པས་ན། །མ་སྐྱེས་སྟོང་པའི་ངང་ལ་ཇི་བཞིན་ཞོག །ཅེས་དང་། མཉམ་ཉིད་རང་གྲོལ་ལས། རང་བྱུང་གཅིག་ལ་ཡུལ་དྲུག་ཤར་བའི་ཚེ། །བརྟག་དཔྱད་མི་དགོས་ཇི་བཞིན་ལྷུག་པར་ཞོག །མེ་ལོང་གཟུགས་བརྙན་གཉིས་མེད་དྭངས་པ་བཞིན། །དབྱིངས་དང་ཡེ་ཤེས་གཉིས་མེད་ལྷུན་གྱིས་གྲུབ། །ཡང་། ཡུལ་ལ་ཤར་དུས་ཕྱི་རུ་མ་འཕྲོས་པས། །སེམས་ཉིད་དྭངས་པའི་གཟུགས་བརྙན་རོལ་པ་ཙམ། །ཐམས་ཅད་དབྱིངས་གཅིག་ཡེ་ནས་ཤར་བའི་ཕྱིར། །རང་བྱུང་ཡེ་ཤེས་བཅོས་བསླད་མེད་པའི་དོན། །རྒྱུ་འབྲས་འདས་པའི་ངོ་བོ་བསྟན་པ་ཡིན། །ཞེས་དང་། སེམས་འགྲེལ་ལས། ཇི་བཞིན་མེ་ལོང་གཟུགས་བརྙན་སྣང་བ་ནི། །ཡུལ་གྱི་རིམ་པ་དབང་པོའི་ཤེས་པར་ཤར། །དེ་ཉིད་བཟུང་བས་ཆགས་སྡང་སྲིད་པར་འཁྲུལ། །ནན་ཏར་གཏུགས་ན་སེམས་ནི་མ་འགོས་ཤིང་། །ཡུལ་གྱི་རྣམ་པ་སེམས་ལ་ཤར་བ་མེད། །ངོ་བོ་མེད་ཕྱིར་གཉིས་སུ་མ་གྲུབ་བོ། །ཞེས་གསུངས་པ་དང་། ཡང་། གང་བྱུང་གྲོགས་སུ་འཆར་བའི་རང་བཞིན་ལ། །ཕྱོགས་མེད་བདེ་བ་ཆེན་པོ་ལྷུན་གྱིས་གྲུབ། །དེ་ལྟར་ཤེས་པས་བགྲོད་པའི་ས་མེད་དེ། །གདོད་མའི་གཞི་ལ་མངོན་པར་བྱང་ཆུབ་འགྱུར། །ཞེས་དང་། ཡང་། ཕྱམ་གཅིག་ནམ་མཁའི་ངང་ལ་ལ་བཟླ་ནི། །གཞི་ནས་འཕོ་འགྱུར་མེད་པའི་རིག་པ་ལ། །སྣ་ཚོགས་རྐྱེན་གྱི་རྣམ་པ་ཅི་ཤར་ཡང་། །བར་སྣང་དེ་ཉིད་རང་གི་ཐོག་ཏུ་གྲོལ། །ཆུ་དང་རླབས་བཞིན་ཆོས་སྐུར་ཕྱམ་གཅིག་གོ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། ནམ་ཞིག་འཇིག་རྟེན་ཁམས་འདིར་བྱུང་བ་ཡང་། །བྱུང་ནས་ཞིག་སྟེ་ནམ་མཁར་གྱུར་པའི་ཚེ། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལ། །སྐད་ཅིག་ཏུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང་། །བྱུང་ནས་ཞིག་སྟེ་སྤྲིན་གྱི་དཀྱིལ་འཁོར་མེད། །ཐོག་མ་གང་ནས་བྱུང་ལ་བརྟག་པར་བྱོས། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་དང་། དོ་ཧ་ལས། ཆུ་བོ་སྣ་ཚོགས་པ་ཡང་རྒྱ་མཚོར་གཅིག་པ་ལྟར། །བརྫུན་པ་དུ་མ་དག་ཀྱང་བདེན་པ་གཅིག་གིས་འཇོམས། །ཉི་མ་གཅིག་པུར་སྣང་བར་གྱུར་པ་ཡིས། །མུན་པ་དུ་མ་དག་ཀྱང་འཇོམས་པར་བྱེད། །ཇི་ལྟར་ཆུ་འཛིན་གྱི་ནི་རྒྱ་མཚོ་ཆེན་པོ་ལ། །ཆུ་ཀླུང་ལས་ནི་ས་གཞི་གང་བྱེད་ཀྱང་། །དེ་ནི་མ་ཉམས་ནམ་མཁའ་དག་དང་མཉམ། །འཕེལ་བ་མེད་ཅིང་འགྲིབ་པ་དག་ཀྱང་མེད། །རྒྱལ་བ་ཕུན་སུམ་ཚོགས་པས་ཡོངས་གང་བ། །ལྷན་ཅིག་སྐྱེས་པ་གཅིག་གི་རང་བཞིན་ཉིད། །དེ་ལས་འགྲོ་བ་སྐྱེ་ཞིང་འགགས་པ་སྟེ། །དེ་ལ་དངོས་དང་དངོས་མེད་པ་ཡང་མེད། །ཡང་། ཆུ་བྲན་རྣམས་ཀྱང་རྒྱ་མཚོར་གཅིག་པ་ལྟར། །སྐྱེ་སོགས་སྣང་བ་སྐྱེ་མེད་ངང་དུ་གཅིག །ཉི་འམ་མར་མེ་གཅིག་གིས་མུན་ཀུན་འཇོམས། །སྐྱེ་མེད་གཅིག་ཤེས་ཆོས་ཀུན་སྐྱེ་མེད་རྟོགས། །སྤྲིན་ལས་ཆར་བབས་སྤྲིན་ལ་ཆེ་ཆུང་མེད། །ཆོས་ཉིད་སྐྱེ་མེད་ངང་ལ་ཆོས་ཅན་སྐྱེ་འགག་མེད། །མེད་ཀྱང་རང་བཞིན་དག་དང་འགྲོ་བའི་འཛིན་ཞེན་འཁྲུལ། །སེམས་ཀྱི་གཡོ་མེད་རང་བཞིན་དག་པའི་ཆོས་སུ་ཤེས་པར་བྱོས། །ཞེས་སོགས་གསུངས་པ་ལྟར་སྔོན་ལྟ་སྒོམ་སྤྱོད་པའི་ཁྲིགས་ཤིན་ཏུ་ལེགས་པའི་ས་ལམ་གོང་འོག་གི་རིམ་པ་སྐས་ཀྱི་གདངས་བུ་ལྟ་བུ་རྣལ་འབྱོར་གོང་འོག་གི་བློ་གོམས་འདྲིས་སུ་བྱེད་པ་རྣམས། དུས་འདིར་སེམས་ཀྱི་གཞི་རྩ་གཏོར་བ་དང་དུས་མཉམ་པས། ད་ནི་གང་ལའང་གཏད་སོ་འདིར་རྒྱག་མེད་དེ་ཇི་ལྟར་ཤར་ཡང་འཛིན་པ་མེད་པས་སྨྱོན་པ་ཆང་གིས་བཟི་བ་ལྟར་དང་། སྣང་ལ་ངོས་བཟུང་མེད་པས་བུ་ཆུང་ལྟར་བྱ་བའི་རིམ་པ་རྣམས་ཁྲིགས་སུ་མེད་པས་ཕྱལ་པ། ལྷུག་པ། ཡངས་པ། གང་ཡང་གཏད་སོ་མེད་པས་ཕྱམ་ཕྱམ་གཅིག་ཏུ་གྱུར་ནས་གང་ཤར་ཆོས་ཉིད་དུ་ཤར་བས། འཁྲུལ་བ་གཞི་ལ་སངས། ཡུལ་མེད་མཁའ་ལྟར་དག་པའི་དགོངས་པ་ཚད་དུ་ཕྱིན་པས་འདུ་ཤེས་དང་འདུ་བྱེད་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་གྲོལ་བ་ཡིན། དེའང་རྟེན་མེད་དུ་གྲོལ་བས་འཛིན་མེད་ཤུགས་འབྱུང་དུ་བྱུང་བས་འཆིང་གྲོལ་གྱི་རིས་ཆེར་མེད་ཅིང་། བཟང་ངན་རྣམ་པ་སྣ་ཚོགས་ཤར་ཡང་རིག་པ་ལས་གཞན་མེད་པར་རིག་པ་ཆོས་སྐུར་རོ་གཅིག་ཏུ་ཁྱབ་སྟེ། དཔེར་ན་ཕྱི་རྫ་སྣོད་གསེར་སྣོད་ཀྱི་རྣམ་པ་སོ་སོར་སྣང་ཡང་དེ་ཡི་ནང་གི་ནམ་མཁའ་ལ་བཟང་ངན་གཉིས་སུ་མེད་པ་ལྟར་འཁོར་འདས་བཟང་ངན་གྱི་རྣམ་པ་སྣ་ཚོགས་སྣང་རུང་། དོན་དུ་སྣང་མཁན་གྱི་རིག་པ་ལ་བཟང་ངན་གཞི་ལ་གཏན་ནས་མ་གྲུབ་པའི་རང་བཞིན་ཏེ། དཔེར་ན་ཤེལ་གོང་དྲི་མ་མེད་པ་ལག་ཏུ་ཕྱིན་ན་འོད་ལྔ་ཡུལ་ལ་འཕྲོ་ཡང་གཞི་ལ་ཕན་གནོད་མེད་པ་ལྟར་རམ། དངུལ་ཆུ་ཐང་ལ་འགྲིལ་བ་ལྟར་རམ། གྲས་མའི་ཐག་པ་མེས་ཚིག་པས་འཆིང་གྲོལ་གཉིས་སུ་མི་ནུས་པ་ལྟར་རམ། ནམ་མཁའ་ལ་འཇའ་ཚོན་ཤར་བ་ལྟར་རམ། མེ་ལོང་དུ་ཞི་ཁྲོའི་གཟུགས་ཤར་བ་ལྟར་རམ། རྨི་ལམ་དུ་བདེ་སྡུག་དང་ཉོ་ཚོང་བྱེད་པ་ལྟར་རམ། སྨིག་རྒྱུ་ལ་ཆུ་རགས་རྒྱབ་པ་ལྟར་རམ། ཆགས་ཡུལ་ལྷ་ཡི་བུ་མོ་དང་། སྡང་ཡུལ་ཕ་བསད་པའི་དགྲ་བོ་གཉིས་ལ་སོགས་པ་དོན་དུ་གཞི་ལ་ཕན་གནོད་ཀྱི་རྡུལ་དང་བྲལ་ཡང་རང་མ་རིག་པས་བདག་མེད་པ་ལ་བདག་ཚུར་བཟུང་ནས་ཡུལ་བཟང་ངན་མེད་པ་ལ་བཟང་ངན་ཡོད་པར་བརླམས་ནས་རིས་ཕར་བཅད་ནས་ཆགས་སྡང་སྐྱེས་པའི་ལན་གྱིས། ལས་དང་བག་ཆགས་སྣ་ཚོགས་གསོག་པའི་བར་གྱི་གཞི་ལ་མེད་པས་སྒྲིབ་ཚོགས་དེ་དག་མཐར་གནས་ལུགས་ཟབ་མོ་ཇི་བཞིན་རྟོགས་ཡོང་བའི་དུས་དེར་གཞི་མེད་རྩ་བྲལ་རང་དེངས་སུ་སོང་ནས་བྱ་སྤྱོད་ཐམས་ཅད་མ་བྱས་ཡེ་ཟིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཆེན་པོ་གཅིག་ཏུ་རྟོགས་པ་ནི་དཔེར་ན་བྱིས་པའི་རྩེ་མོ་སངས་པའམ། ནད་ཁམས་སངས་པའམ། ཆང་བཟི་དྭངས་པའམ། སྡུག་བསྔལ་སངས་པའམ། གཉིད་སངས་པའམ། ཉི་མ་འཆར་དུས་མུན་པ་འཐིབ་པོ་གཞི་རྩ་གནས་མེད་དུ་སངས་པ་ཇི་བཞིན་དུ་ཉོན་མོངས་འཛིན་ཞེན་གྱི་སྒྲིབ་པ་མུན་དོང་དུ་ཚུད་པའི་སྣང་བ་ལྟར་རམ། ལྕགས་སྒྲོག་དམ་པོས་བསྡམས་བསྡད་པ་ལྟ་བུ་དེ་དག་རྣམས་ལྷག་མེད་གནས་མེད་དུ་རང་དེངས་རང་སངས་རང་སྟོང་གི་རང་བཞིན་དུ་གྱུར་ཡོང་བ་ནི་ཆོས་ཉིད་དོན་དམ་གྱི་བདེན་སྟོབས་གོམས་པ་ཁོ་ན་ལ་རག་ལས་པ་ཡིན་ཞིང་འཁྲུལ་གཞི་འཁྲུལ་རྟོག་འཁྲུལ་སྣང་གི་ཆ་ཐམས་ཅད་མིང་ཙམ་དེའང་བརྟག་པ་ཙམ་ལས། དོན་དུ་རྡུལ་ཆ་ཙམ་ཡང་གྲུབ་པ་མེད་པས་རི་བོང་གི་རྭ། མོ་གཤམ་གྱི་བུའམ་ནམ་མཁའི་མེ་ཏོག་ལྟར་གཞི་ནས་མ་གྲུབ་པ་ཡོངས་སུ་རྟོགས་ན་རྣམ་རྟོག་མཚན་མའི་ཆོས་ཐམས་ཅད་ཤིན་ཏུ་གྲོལ་སླ་སྟེ། སྣང་སྲིད་ཐམས་ཅད་ཀྱི་དངོས་གཞི་རིག་པ་བྱང་ཆུབ་ཀྱི་སེམས་ལྷུན་གྱིས་གྲུབ་པར་མཐོང་ན་གཉིས་འཛིན་བཟང་ངན་རེ་དོགས་དགག་སྒྲུབ་བྱ་རྒྱུ་ཅི་ཡང་མེད་པས་ཆོས་ཉིད་རང་བཞིན་གྱིས་འབྱོངས་པའི་ཕྱིར་མཁས་པ་ཆེན་པོ་ཞེས་བྱ་བར་མཆོག་ཏུ་འཕགས་པར་གསུངས་སོ། །མ་གཡོས་འདོད་པ་མེད་པའི་ལེའུ་ལས། ཀྱེ། སེམས་དཔའ་ཆེན་པོ་གཅིག་ལ་གཉིས་སུ་མ་ཕྱེད་ཅིག །བདེ་དང་སྡུག་བསྔལ་བྱང་ཆུབ་གཅིག །སངས་རྒྱས་སེམས་ཅན་སེམས་སུ་གཅིག །སྣང་སྲིད་སྣོད་བཅུད་ཆོས་ཉིད་གཅིག །བདེན་རྫུན་གཉིས་ཀྱང་ཆོས་ཉིད་མཉམ། །བདེ་བ་མ་ལེན་སྡུག་མ་སྤངས། །རང་བཞིན་གནས་པ་ཀུན་ཀྱང་སྒྲུབས། །བདེ་ལ་ཆགས་པ་སྡུག་བསྔལ་གྱིས། །ཀུན་བསལ་དེ་ལ་རྟོག་མེད་པས། །དེ་ནི་རང་བྱུང་ཡེ་ཤེས་མིན། །ཞེས་དང་། མཉམ་ཉིད་བླང་དོར་མེད་པའི་ལེའུ་ལས། ཀྱེ། ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས་དང་ནི། །ང་ཡི་འཁོར་དུ་འདུས་པའི་ཚོགས་རྣམས་ལ། །བླང་དང་དོར་བའི་ཆོས་ཉིད་ངས་མི་ལྟོས། །གཅིག་ལ་གཉིས་སུ་མེད་པའི་ཆོས་མི་ལྟོས། །རྟོག་དཔྱོད་འདས་ལ་རྟོག་དཔྱོད་བསམ་མི་བྱ། །མ་བཅོས་ཇི་བཞིན་པ་ལ་འཆོས་མ་བྱེད། །བྱ་བ་གང་དང་ཅིར་སྣང་ཆོས་ཉིད་ལ། །མ་བསམས་རང་བཞིན་བཞག་པས་གྲོལ་བར་ལྟོས། །ཞེས་དང་། ཀུན་བྱེད་ལས། ཇི་བཞིན་མ་བཅོས་རྒྱལ་བའི་དགོངས་པ་ལ། །སེམས་དང་སེམས་བྱུང་རྟོག་པ་ཅི་སྐྱེས་ཀྱང་། །དེ་ཉིད་སྐྱེ་མེད་ཆེད་དུ་གནས་ཤེས་པས། །བྱ་རྩོལ་མཚན་མའི་འདུ་ཤེས་ཀུན་དང་བྲལ། །ཡང་། དུས་གསུམ་གཅིག་སྟེ་ཁྱད་པར་མེད། །སྔོན་མེད་ཕྱིས་མེད་གདོད་ནས་བྱུང་། །ཆོས་སྐུ་ཁྱབ་པ་གཅིག་པའི་ཕྱིར། །ཆེ་བའི་ཆེན་པོ་རང་བཞིན་གནས། །ཡང་། ཀྱེ། སེམས་དཔའ་ཆེན་པོ་ཇི་བཞིན་ཉིད་བསྒོམ་ཤིག །རྟོག་པའི་རང་གསལ་གྲོལ་བའི་ལྟ་བ་ལ། །མ་ཡེངས་རང་བཞིན་བཞག་པས་བྱ་རྩོལ་མེད། །ཀུན་ཀྱང་རང་བྱུང་རང་ཤར་གྲོལ་བ་ཡིན། །ཡང་། རང་སེམས་མ་བཅོས་དབང་པོ་མི་བསྡམ་ཞིང་། །ངག་ཀྱང་མི་བསྡམ་བྱ་རྩོལ་གང་ཡང་མེད། །སེམས་ཀྱང་གར་གཏད་མི་གཡོ་ངང་ལ་བཞག །བྱ་བ་མེད་པའི་ཕྲིན་ལས་འདི་བསྒོམས་པས། །བྱས་པ་མེད་པ་རྣམ་ཀུན་རྫོགས་པར་འགྱུར། །ཞེས་དང་། ཁྱུང་ཆེན་ལས། མ་བཅོས་རང་དག་གཉིས་སུ་མེད་པ་ནི། །རྫོགས་ཆེན་ཉིད་དེ་དེ་ལ་བཅོས་ཅི་དགོས། །ཞེས་དང་། ཀློང་དྲུག་ལས། རང་བཞིན་སྣང་བའི་ཆོས་རྣམས་ལ། །སྒྲ་ཚིག་དངོས་པོ་རང་དག་པས། །ཡུལ་མེད་རྟེན་འབྲེལ་དགོངས་པ་ན། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཞེས་དང་། སེམས་འགྲེལ་ལས། ཡུལ་རྣམས་ཐམས་ཅད་རང་བཞིན་མེད་པ་གཅིག །བློ་རྣམས་ཐམས་ཅད་ངོས་བཟུང་མེད་པ་གཅིག །སྣང་སེམས་གཉིས་མེད་གདོད་ནས་དག་པ་ཆེ། །བརྟག་དཔྱད་མི་དགོས་གཞི་ནས་གྲོལ་བར་གཅིག །འཁོར་འདས་གཉིས་མེད་སེམས་ཀྱི་ངང་དུ་གཅིག །ཐམས་ཅད་རོ་མཉམ་ལྷན་ཅིག་སྐྱེས་པར་གཅིག །ཡང་། སེམས་ཀྱི་དགག་སྒྲུབ་སྟོང་པའི་ངང་དུ་གཅིག །གང་ཤར་ཤར་གྲོལ་གཉིས་མེད་དག་པར་གཅིག །རྦ་རླབས་རོལ་པ་ཆུ་བོའི་ངང་དུ་གཅིག །དེ་ལྟར་རྟོགས་ན་སྐྱེས་བུ་མཁས་པ་ཡིན། །ཡང་། བཟང་ངན་བླང་དོར་མེད་པའི་རོལ་པ་ལས། །བློ་ཡིས་གཉིས་སུ་མ་འཛིན་གང་བདེར་ཞོག །གཏད་མེད་ལུས་ལ་ངེས་མེད་སྣང་བ་ཤར། །འཛིན་མེད་རིག་པ་རྣམ་ཡན་ཆེན་པོ་ནི། །རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་ཡིན། །ཡང་། གཞི་གནས་རིག་པ་འཕོ་འགྱུར་མེད་པ་ལ། །སྣ་ཚོགས་རྐྱེན་གྱི་རྣམ་པ་ཅི་ཤར་ཡང་། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། །ཆུ་དང་རླབས་བཞིན་ཆོས་སྐུར་ཕྱམ་གཅིག་གོ། །ཞེས་དང་། སྒྱུ་འགྲེལ་ལས། གཟུང་འཛིན་ལོག་པས་ལུས་སེམས་ཞེན་པ་གྲོལ། །སྣང་ལ་དེར་འཛིན་མེད་པའི་ཉམས་ཤར་ན། །གཟུང་འཛིན་གཉིས་མེད་ཡུལ་སེམས་འབྲེལ་མེད་པས། །ཇི་བཞིན་རྩོལ་བྲལ་རྫོགས་པ་ཆེན་པོའི་ངང་། །སྣང་སེམས་ཐམས་ཅད་འཛིན་མེད་དུ་ཤར་ན། །རང་བཞིན་རྫོགས་པ་ཆེན་པོ་ལྷུན་གྱིས་གྲུབ། །ཡང་། ཡུལ་ལ་ངེས་མེད་སྣ་ཚོགས་སྣང་བ་ལྟར། །བློ་ལ་གཏད་མེད་ཕྱོགས་བྲལ་ཆེན་པོ་ཉིད། །རང་བཞིན་རྫོགས་པ་ཆེན་པོ་ཤེས་པར་བྱོས། །ཞེས་དང་། དགའ་རབ་རྡོ་རྗེས། ཤར་བའི་དུས་ན་མཉམ་ཤར་བཟང་ངན་མེད། །གནས་པའི་དུས་ན་མཉམ་གནས་བཟང་ངན་མེད། །གྲོལ་བའི་དུས་ན་མཉམ་གྲོལ་བཟང་ངན་མེད། །ཅེས་དང་། ཇི་སྐད་དུ། གཉིད་ཀྱི་དུས་སུ་བདེ་སྡུག་སྣང་བ་ཡང་། །སད་པའི་དུས་ན་རང་བཞིན་ཡོངས་ཀྱི་མཉམ། །དེ་བཞིན་རྣམ་པར་རྟོག་དང་མི་རྟོག་ཀུན། །རིག་པའི་དུས་ན་རང་བཞིན་ཡོངས་ཀྱི་མཉམ། །ཞེས་དང་། སྒྲོན་མ་སྣང་བྱེད་ལས། ཆོས་སྐུའི་ཡེ་ཤེས་གཞིར་གནས་ཏེ། །ཤེས་པའི་ཆ་ནི་གསལ་བྱེད་དེ། །འཛིན་པ་ཧྲག་པའི་རྟོག་པ་མེད། །ངམ་ངམ་ཤུགས་ཀྱིས་གྲོལ་བའོ། །ཞེས་སོགས་མཐའ་ཡས་པར་གསུངས་པ་ལྟར་ནང་སེམས་ཀྱི་རྩ་བ་ཆོད་པས་ན། ཕྱི་ཡུལ་གྱི་འཛིན་པ་རང་བཞིན་གྱིས་སྟོང་པར་འགྱུར་ཞིང་། དུས་མ་འགྱུར་བ་སྣང་བ་འདི་རྣལ་འབྱོར་པའི་གཟིགས་མོ་སྟེ་ཡུལ་སྣང་ཐམས་ཅད་ངོས་བཟུང་མེད་པས། ཁྲལ་མ་ཁྲོལ། སྙིང་པོ་མེད་པ་ཟ་མ་ཟོབ། མེད་བཞིན་སྣང་བས་འལ་མ་འོལ། གཏང་འཛིན་ཡལ་བས་བན་མ་བུན། གཟའ་གཏད་མེད་པས་ཕྱེད་མ་ཕྱོད་དུ་སྣང་སྟེ་འཁོར་བ་ལ་བདེན་ཞེན་ལྟར་སྣང་བའི་ཡུལ་རྣམས་རྣལ་འབྱོར་པ་ལ་བདེན་མེད་ཕྱམ་ཕྱམ་གཅིག་གི་རང་བཞིན་ཤར་ལ། རྟག་པར་ཞེན་པ་རྣམས་ལ་དུས་རྟག་ཏུ་ཡོད་ཡོད་ལྟར་སྣང་བ་རྣམས་རྣལ་འབྱོར་པ་ལ་མེད་སྣང་སྟོང་པའི་རང་བཞིན་གདངས་གཅིག་ཤར་ཏེ་རྒྱ་ཆད་དང་ཕྱོགས་ལྷུང་མེད་པར་ཆོས་ཉིད་ཕྱལ་པ་བར་མེད་བློ་བདེ་བ་གཅིག་ཏུ་འཆར་ཞིང་འཛིན་མེད་རང་བབ་ཀྱི་རིག་པ་རང་ཡན་ཆེན་པོར་འཆར་བ་ནི་སེམས་ཉིད་རྣལ་མའི་རང་འགྲོས་ཏེ་ས་དང་ལམ་ཐམས་ཅད་རིག་པར་གོ་གཅིག་ལ། རིག་པ་རང་ཡན་ཕྱོགས་བྲལ་དུ་རྟོགས་པས་ན་བྱ་སྤྱོད་ཐམས་ཅད་ཚོགས་ཆེན་རྫོགས་པའི་སྤྱོད་པ་ལྷུན་གྱིས་གྲུབ་པའི་ཕྱིར་སྣང་སྲིད་ཀྱི་ཆོས་ཐམས་ཅད་དཀྱིལ་འཁོར་གཅིག་གི་རོལ་པར་ཤར་བས་ཆོས་སྐུ་རོ་མཉམ་ཆེན་པོའི་དགོངས་པ་འོད་གསལ་རྫོགས་པ་ཆེན་པོ་དེ་ཁོ་ནའི་རང་བཞིན་ཉིད་དོ། །དེ་ལྟར་སྤྱོད་པའི་འཕྲང་ཡོངས་སུ་བསལ་བ་སྟེ་སྐབས་བདུན་པའི་རིམ་པ་རྫོགས་སོ།། ༈ །།ད་ནི་བརྒྱད་པ་དེ་དག་ཐམས་ཅད་ཀྱི་མཐར་ཐུག་འབྲས་བུའི་རིམ་པ་གཏན་ལ་བབ་པ་ནི། སྤྱིར་མངོན་མཐོ་ལྷ་མིའི་བདེ་འབྲས་དང་། ཕྱིར་མི་ལྡོག་པ་ངེས་ལེགས་ཉན་རང་བྱང་སེམས་སོགས་ནས་ཡང་དག་པ་སངས་རྒྱས་ཀྱི་འབྲས་བུ་ཐོབ་ལུགས་ཀྱི་རྣམ་བཞག་སྤྱིར་མང་རུང་། འདི་ནི་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ཁོ་ན་བཤད་དེ། དེའི་མཚན་དོན་ཅུང་ཟད་འགྲེལ་ན། ལམ་ཉམས་སུ་ལེན་པའི་དུས་འདིར་སྤང་བྱ་ཉོན་མོངས་རྟོག་ཚོགས་རྣམས་དག་ཅིང་རྟོགས་པའི་ཉམས་མྱོང་ངེས་ཤེས་སོགས་ཡོངས་སུ་དག་པས་ན་འབྲས་བུའམ། དཔེར་ན་ཤིང་སྡོང་གི་རྩ་ལག་སྡོང་པོ་ཡལ་ག་ཡན་ལག་ལོ་མ་མེ་ཏོག་དང་བཅས་པའི་སྙིང་པོ་མཐར་ཐུག་ནི་འབྲས་བུ་ཤིང་ཐོག་གང་རུང་ཡིན་པ་ལྟར་རམ། གཞི་འབྲས་དབྱེར་མེད་མན་ངག་ཟབ་མོའི་ལམ་དུ་ཁྱེར་བས་ད་ལྟ་ནས་འབྲས་བུ་ཡང་དག་པ་ཕྱིར་མི་ལྡོག་པའི་ཚད་མངོན་དུ་བརྙེས་པར་གྱུར་ཏེ་སླད་ནས་འབྲས་བུ་བྲལ་ཐོབ་ཀྱི་རིས་མེད་པར་ལྷུན་གྱིས་གྲུབ་ཅིང་རྫོགས་པས་ན་ཡང་དག་པའི་འབྲས་བུ་ཞེས་བྱ་བ་ཡིན་ཏེ། རྫོགས་ཆེན་པའི་ལྟ་སྒོམ་ཟབ་མོ་འདིས་ནི་ཀུན་གཞི་རྙོགས་མ་དང་བཅས་པ་ཉིད་ཡེ་ཤེས་རིག་པའི་གྲུང་རྩ་བ་ནས་རང་དྭངས་སུ་འབྱིན་ཡོང་བ་ཡིན་པས། དེའི་དབང་གིས་རྣམ་ཤེས་ཚོགས་བརྒྱད་ཐམས་ཅད་ཀྱི་འཁྲུལ་བའི་རྩ་བ་ཡོངས་སུ་བཅད་དེ་སླར་བག་ཆགས་གསོག་པའི་གནས་མེད་པར་རིག་པ་སྟོང་གསལ་གྱི་རང་བཞིན་ལས་འདའ་བ་མེད་པའི་རང་མལ་ལས་མ་གཡོས་པའི་གདེང་ཆེན་ཡོངས་སུ་རྙེད་པ་སྟེ་དཔེར་ན་ཐབ་ཁུང་གི་མེ་བསད་པས་སྐར་ཁུང་གི་དུ་བ་རང་ཆད་དུ་འགྲོ་བ་ལྟར་རམ། །སྒྱུ་མ་མཁན་བསད་ན་སྒྱུ་མའི་འཕྲུལ་འཁོར་ཐམས་ཅད་རང་ཞིག་ཏུ་འགྲོ་བ་ལྟར་རམ། །ཤིང་སྡོང་པོའི་རྩ་བ་ནས་བཅད་པས་ཡལ་ག་ཡན་ལག་ལོ་མ་འབྲས་བུ་བྱེད་ལས་དང་བཅས་པ་ཡོངས་སུ་ཉམས་འགྲོ་བ་ལྟར་རམ། སྦྲ་ཡི་ཆོན་ཐག་རྣམས་བསྡུས་པའམ། ཀ་བ་རྡིབ་པས་སྦྲ་གུར་གང་ཡིན་ཀྱང་རུང་རང་མལ་ལས་མ་གཡོས་པར་རྡིབ་པ་བཞིན་དུ། རིག་པའི་རང་ས་ཟིན་པའི་དབང་གིས་ངར་འཛིན་སྤྲོས་པའི་རེ་དོགས་འབད་རྩོལ་སྙེམས་ཐག་ཐམས་ཅད་ཡོངས་སུ་ཆོད་པར་གྱུར་ནས་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ཚོགས་བརྒྱད་དང་བཅས་པ་ཡེ་དག་ཆེན་པོའི་ཀློང་དུ་ཕྱམ་གྱིས་གྲོལ་བར་འགྱུར་བའི་རང་བཞིན་ནི་དཔེར་ན་རྒྱལ་པོ་ཆེན་པོ་ཕོ་བྲང་ནང་གི་ཁྲི་ལས་མ་གཡོས་ཙམ་གྱིས་སྐྱེ་བོ་ཕྱི་ནང་བར་གསུམ་ཐམས་ཅད་འཁྲུགས་འཚེ་མེད་པར་བབ་ཀྱིས་བདེ་ལྷིང་དུ་འགྲོ་བ་དང་། དེ་བཞིན་ཡིད་ཀྱི་རྣམ་ཤེས་ཀྱི་འགྱུ་བ་ཆད་དུས་རིག་པ་ཉིད་རང་ཤུགས་ཀྱིས་གནས་པ་ནི། དཔེར་ན་བཀའ་བློན་དེ་གཞན་གྱིས་བཙོན་དུ་བཟུང་ན་དེའི་ཚེ་རྒྱལ་པོས་ཀྱང་གོ་སྤྱད་ནས་གཅིག་ཏུ་ཉན་དགོས་པ་ལྟར་དང་། དེ་བཞིན་སྒོ་ལྔའི་རྣམ་ཤེས་ཀྱི་འཆར་གཞི་སྟོང་པར་གྱུར་པས་སླར་འཁོར་བའི་འཁྲུལ་སྣང་འབྱུང་མི་སྲིད་དེ། དཔེར་ན་རྒྱལ་པོ་ཆེན་པོས་འབངས་རྣམས་ཆོམས་ལ་ཕབ་པས་ཇི་བསྒོ་བ་བཞིན་དུ་ཉན་དགོས་པ་ལྟར་ཏེ། སྤྲིངས་ཡིག་བདུད་རྩིའི་ཐིགས་པ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །མར་ལ་མར་ནི་རྗེས་ཞུགས་ལྟར། །ཤེས་བྱའི་སྤྲོས་བྲལ་དེ་ཉིད་དང་། །དབྱེར་མེད་ཡེ་ཤེས་རྣམ་འདྲེས་པས། །དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི། །རང་བཞིན་ཆོས་སྐུ་ཞེས་བྱའོ། །ཞེས་དང་། འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགག་པ་དེ་སྐུ་ཡིས་མངོན་སུམ་བྱས། །ཞེས་དང་། སེམས་ཉིད་རང་གྲོལ་ལས། དེ་རིང་དཔལ་ལྡན་བླ་མས་བསྟན་པས་རྟོགས། །ད་ནི་ཆོས་སྐུར་ཐམས་ཅད་ཐག་ཆོད་པས། །ཡིན་མིན་ཐེ་ཚོམ་སྒྲོ་འདོགས་ཀུན་དང་བྲལ། །སུ་ལའང་མི་འདྲི་སེམས་ཉིད་རྣལ་མའི་དོན། །བྱར་མེད་གཉུག་མའི་ངོ་བོ་མཐོང་བ་ཡིན། །དེ་ཚེ་འཕྲོ་གནས་ཆོས་སྐུའི་རོལ་པ་ལས། །སྤང་བླང་མི་དགོས་གང་ཤར་རྒྱན་དུ་ཆེ། །གནས་ནའང་མི་གཡོ་ཆོས་སྐུ་གཅིག་གི་ངང་། །ཐམས་ཅད་ལྷུན་རྫོགས་འཕོ་འགྱུར་མེད་པ་ཡིན། །ཡང་། ད་ནི་དུས་གསུམ་རྒྱལ་བའི་དགོངས་པར་སླེབས། །བདེ་ཆེན་ལྷུན་གྲུབ་གཞི་རྫོགས་ཀུན་ཏུ་བཟང་། །དུས་རྣམས་ཀུན་ཏུ་འཕོ་འགྱུར་མེད་པས་ན། །ཐམས་ཅད་ཕྱམ་གཅིག་གདོད་མའི་སར་སྐྱེལ་ལོ། །ཞེས་དང་། སེམས་ཉིད་ངལ་གསོ་ལས། རྩ་བྲལ་གདོད་ནས་དག་པའི་སེམས་ཉིད་ལ། །བྱ་རྒྱུ་བྱེད་མཁན་མེད་པ་བློ་རེ་བདེ། །ཐམས་ཅད་གཟའ་གཏད་མེད་པ་རིག་པ་ལ། །འདི་ཡིན་ཆད་འཛིན་ཞིག་པས་དང་རེ་སྤྲོ། །རྒྱ་ཆད་ཕྱོགས་ལྷུང་མེད་པའི་ལྟ་སྒོམ་ལ། །ཡངས་དོག་མཐོ་དམན་མེད་པ་ཉམས་རེ་དགའ། །བླང་དོར་རེ་དོགས་མེད་པའི་སྤྱོད་པ་ལ། །ཐོབ་དང་མ་ཐོབ་མེད་པས་བག་རེ་དྲོ། །ཐམས་ཅད་མཉམ་རྫོགས་སྒྱུ་མའི་རང་བཞིན་ལ། །བཟང་ངན་བླང་དོར་མེད་པས་རྒོད་རེ་བྲོ། །སྣང་སེམས་འལ་འོལ་སངས་སེང་ཁྲལ་མ་ཁྲོལ། །བན་བུན་ཆད་ཆོད་ཟང་ཐལ་གཉུག་མ་ལ། །གང་སྣང་དེར་ཡིན་དེར་སྣང་འཛིན་པ་མེད། །ཡིན་མིན་བློ་བྲལ་ཆོས་སྐུའི་སྙིང་པོ་ཡིན། །གཏད་མེད་ཡུལ་ལ་ངེས་མེད་སྣང་བ་ཤར། །འཛིན་མེད་ཤེས་པ་གཉིས་མེད་གྲོལ་བའི་ཚེ། །སྣང་སེམས་ཆོས་རྣམས་སེམས་ཀྱི་རོལ་པ་ཆེ། །ཞེས་དང་། སྒྱུ་འགྲེལ་ལས། གང་ལ་ཤར་གྲོལ་གཉིས་མེད་ཡངས་པའི་ངང་། །གཏད་མེད་ཆོས་ལ་ཡེངས་མེད་ཤར་བའི་ཚེ། །རྣལ་འབྱོར་སྲིད་པའི་རྒྱ་མཚོ་བརྒལ་བའི་རྟགས། །གཟུང་བས་མ་བཅིངས་འཛིན་པའི་ཞེན་པ་མེད། །ཐམས་ཅད་མཉམ་རྫོགས་ཆོས་སྐུ་བདེ་ཀློང་འཁྱིལ། །ལ་བརྒལ་ལུང་བརྒལ་འཕྲང་བརྒལ་འཇིགས་པ་མེད། །རང་ཡུལ་ཕྱིན་པས་རེ་དོགས་ཀུན་ལས་འདས། །ཡང་། གཅིག་ཏུ་མ་བསྡུ་གཉིས་སུ་མ་འཛིན་པར། །ལྷུན་གྲུབ་རེ་དོགས་བྲལ་བའི་ནམ་མཁའ་ལ། །ཡེངས་མེད་སྤྲོས་དང་བྲལ་བའི་ཤེས་པ་ཉིད། །རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ཚུལ་གྱིས་ཞོག །རྒྱ་བསྐྱེད་དཔངས་བསྟོད་མཐའ་དབུས་མེད་པར་གདལ། །མ་བཟུང་མ་བཏང་རང་གསལ་གཅིག་ཏུ་ལྟོས། །ཕྱམ་མེ་ཕྱམ་གདལ་དབྱིངས་གཅིག་གདོད་མའི་ངང་། །བསམ་རྫོགས་ཡེ་ཤེས་འོད་གསལ་ཁོང་ནས་འཆར། །ཇི་ལྟར་བྱས་ཀྱང་བསྒོམ་པར་ཤར་བ་ན། །མ་བསྒོམས་གང་ལྟར་བཞག་ཀྱང་ཡེངས་པ་མེད། །མཐར་ཕྱིན་ལྷུན་གྲུབ་ཆེན་པོའི་སྒོམ་པ་ཡིན། །ཞེས་སོགས་གསུངས་པ་ལྟར་བརྟན་པ་ལེགས་པར་ཐོབ་པའི་དུས་དེར་བྱེ་བྲག་རྣམ་ཤེས་དང་ཡེ་ཤེས་ཀྱི་དབྱེ་བ་ཞིབ་པར་བྱེད་དགོས་པར་དེའི་ཕྱིར་ཅུང་ཟད་འགྲེལ་ནས་བཤད་ན། དེ་ཡང་སེམས་རིག་གཉིས་དང་ཆ་འདྲེ་ཞིང་སེམས་རིག་གི་ཆ་ཞིབ་པར་འབྱེད་ཅིང་བརྟན་པ་ཐོབ་པའི་མཐར་རྣམ་ཤེས་དང་ཡེ་ཤེས་ཀྱི་དབྱེ་བ་མ་ཕྱེད་ན་མགྲོན་པོ་ལམ་ནོར་བ་དང་འདྲ་བ་ཕྱིན་པའི་དུས་མི་ཡོང་བའམ་འཆིང་བྱེད་དང་གྲོལ་བྱེད་ཀྱི་སྒོ་ཡི་ཆ་གཉིས་སོ་སོར་མི་འབྱེད་པའི་ཕྱིར་ན། དྲུག་ཚན་དྲུག་གི་གདམས་པ་ལས། རྣམ་ཤེས་ཡེ་ཤེས་མ་ཕྱེད་པས། །གདམས་ངག་སྟོན་པའི་བླ་མ་དེ། །གླང་ཆེན་འདམ་དུ་བྱིང་བ་འདྲ། །རྣམ་ཤེས་ཡིན་ཏེ་ཡེ་ཤེས་མིན། །རྣམ་ཤེས་ཚོགས་དྲུག་འཁྲུལ་བ་སྟེ། །ཡེ་ཤེས་སྐུ་གསུམ་དཀྱིལ་འཁོར་ཡིན། །དེ་ཕྱིར་རྣམ་ཤེས་ཡེ་ཤེས་ཕྱེད། །ཅེས་གསུངས་པ་ལྟར་སྙིང་ཐིག་གི་གནད་གསུམ་ཤན་འབྱེད་ལས་ཀྱང་། ཀུན་གཞི་རྣམ་ཤེས་ཆུ་དང་འཁྱག་རོམ་འདྲ། །ངོ་བོ་གཤིས་ལ་འཛིན་པའི་རྩལ་ཤར་ཏེ། །གཟུང་བའི་ཡུལ་ལ་འཛིན་པས་ཕལ་ཆེར་བསླུས། །ཡུལ་དབང་ཟུང་འཇུག་ཤེས་པ་ཡེ་ཤེས་གནད། །ཅེས་གསུངས་པ་ལྟར་རྣམ་དབྱེ་ཞིབ་པར་ཕྱེད་དགོས་པས། ད་ནི་དང་པོ་རྣམ་ཤེས་ཀྱི་ལོ་རྒྱུས་ཅུང་ཟད་བཤད་པར་བྱ་བ་ནི་འདི་ལྟ་སྟེ། ཚོགས་དྲུག་གི་ཡུལ་དང་། དབང་པོའི་ཤེས་པ་དང་མ་རིག་པ་ཉོན་མོངས་གསུམ་དབྱེར་མེད་རོ་གཅིག་ཏུ་གོ་འབྲེལ་ནས་སོ་སོའི་རྣམ་དབྱེ་མི་ཕྱེད་པར་ཇི་ཙམ་བཤད་ཅིང་ཇི་ཙམ་ཐོས་ཏེ། ཇི་ཙམ་དཔྱད་ཀྱང་གཟུང་འཛིན་གཉིས་ལག་དམ་དུ་སྦྲེལ་བའི་རྐྱེན་གྱིས་སྣང་བའི་ཡུལ་ལ་བཟང་ངན་བདེ་སྡུག་རྣམ་པ་སྣ་ཚོགས་རེ་མཐོང་ནས་བདེན་ཞེན་ཨ་འཐས་ཀྱི་འཛིན་པ་ཁོ་ན་ལས་བྱ་ཐབས་གང་ཡང་མེད་ཅིང་བཟང་ངན་བར་གསུམ་གྱི་ལས་ཁོར་ཡུག་ཏུ་སྤྱོད་དགོས་པ་དེ་ཡིས་ལན་པ་རང་ཡིན་འདུག །བར་དུ་མཉམ་བཞག་ལ་ཅུང་ཟད་གོམས་འདྲིས་ཐོན་པའི་སྟོབས་ཀྱིས་གཟུང་བའི་ཡུལ་དང་འཛིན་པའི་རྟོག་ཚོགས་གཉིས་ཀྱི་བར་ལག་ཤག་གིས་འབྱེད་ཡོང་བ་དང་། འབྱེད་ཀྱང་ཡུལ་གྱི་རྗེས་སུ་ཤེས་པ་དབང་མེད་ཐོགས་མེད་དུ་མངོན་སུམ་རྒྱུག་པའམ། ཡང་ན་ག་ལེར་འཇབ་པ་ལྟ་བུ་འགྲོ་ནས་བཟང་ངན་བར་གསུམ་གྱི་ལས་མ་སྤྱད་ན་ཐབས་མེད་པ་ལྟ་བུ་འབྱུང་བ་དང་། བར་དུ་མཉམ་བཞག་ལ་གོམས་ཆ་དེ་ལས་ལྷག་པར་ཐོན་པའི་དབང་གིས་སྣང་བའི་ཡུལ་རྣམས་ཕར་འབྱེད་ལ་དབང་པོའི་ཤེས་པ་རྣམས་བར་དུ་ཆ་འབྱེད་དེ་བཟང་ངན་བར་མ་དོ་ཐམས་ཅད་ཀུན་རྟོག་རང་གིས་བྱས་པ་ངེས་ཤེས་ཁོ་ཐག་ནང་ནས་ཚུར་ཡོངས་སུ་རྙེད་ཡོང་བ་དང་། རྙེད་པའི་ཀུན་རྟོག་ལའང་བཟང་ངན་བར་མ་དོའི་རྟོག་ཚོགས་ལ་རེ་དོགས་ཀྱི་རྟོག་ཚོགས་ཀྱིས་རིས་མང་དུ་ཕྱེས་ནས་ནང་དུ་སེམས་ཀྱི་ལས་དུ་མ་གསོགས་པ་དང་། མཐར་དེ་དག་ཀྱང་ཡོངས་སུ་ཆ་སྙོམས་པར་འགྱུར་ནས་གོང་དུ་བཤད་མ་ཐག་པའི་ཚུལ་བཞིན་ཀུན་རྟོག་གྲོལ་ལུགས་ཀྱི་རིམ་པ་རྣམས་འབྱུང་བ་དང་། དེའང་གཟུགས་མཐོང་བ་ལ་མེད་དུ་མི་རུང་བ་ལྟ་བུར་མིག་ཤེས་དང་། སྒྲ་ཐོས་པ་ལ་མེད་དུ་མི་རུང་བ་རྣ་བའི་ཤེས་པ་དང་། དྲི་ཚོར་བ་ལ་མེད་དུ་མི་རུང་བ་སྣ་ཤེས་དང་། རོ་མྱང་བ་ལ་མེད་དུ་མི་རུང་བ་ལྕེ་ཤེས་དང་། རེག་བྱ་མྱང་བ་ལ་མེད་དུ་མི་རུང་བ་ལུས་ཀྱི་ཆ་སྤྱི་ལ་ཁྱབ་པའི་ལུས་ཤེས་དང་། དེ་དག་གི་གཙོས་བཟང་ངན་བར་མ་དོ་ཐམས་ཅད་ཀྱི་ཆ་ཡོངས་སུ་འབྱེད་པའི་ཕྱིར་ཡིད་ཤེས་ཀྱི་རྣམ་པར་རྟོག་ཚོགས་ཏེ་དེའི་ཤེས་པའི་ཆ་སོ་སོར་ནས་འབྱེད་པ་ཙམ་ལས་མི་ཡོང་བ་དང་། ཤེས་པ་སྔ་མ་སྐྱེ་དུས་ཕྱི་མ་འགག་པ་ལས་ཁྱབ་གཅིག་ཏུ་མཐོང་མི་ནུས་པ་དང་། ཡིད་ཤེས་ཀྱི་རྣམ་པར་རྟོག་པ་མ་སྐྱེས་ན་ཡུལ་གྱི་སྐྱོན་ཡོན་ཐམས་ཅད་ཆ་མི་འབྱེད་པ་དང་། དེ་མ་འབྱེད་ན་ལས་བྱ་སྤྱོད་གང་ཡང་སྒྲུབ་མི་ནུས་པ་ལུང་མ་བསྟན་ལ་རྒྱ་འབྱམས་འགྲོ་བ་སོགས་ཀྱི་རང་བཞིན་ལས་མ་འདས་སོ། །དེ་ནས་རྣམ་ཤེས་དང་ཡེ་ཤེས་ཀྱི་ཆ་འབྱེད་ཡོང་བའི་དུས་ན་ཡེ་ཤེས་ནི་མིག་གིས་མཐོང་དུ་མེད། ཚིག་གིས་བརྗོད་དུ་མེད། སེམས་ཀྱིས་མྱོང་རྒྱུ་མེད། དངོས་སུ་གྲུབ་པ་གང་ཡང་མེད་ཀྱང་། བརྗོད་མེད་བརྗོད་བྱར་གྱུར་ཅིང་མཐོང་མེད་མཐོང་ཆོས་སུ་གྱུར་ནས་རང་རིག་རང་གསལ་གྱི་ངང་ནས་རིག་པའི་རང་ཚོ་ཐོབ་ཅིང་གོ་མ་འགགས་པ་ནི་རིག་པའམ་ཡེ་ཤེས་ཀྱི་མཚན་ཉིད་དེ། དེའང་དང་པོ་ངོ་འཕྲོད་པའི་སྐབས་སུ་སེམས་གཞི་མེད་རྩ་བྲལ་དུ་གྱུར་ནས་རིག་པ་སྟོང་གསལ་གྱི་ཉམས་ཤིན་ཏུ་གསལ་དྭངས་ཕྱེད་པ་རང་གི་ཁོང་ནས་འཆར་བ་ལྟ་བུར་བྱུང་བ་དང་། དེ་ལ་རིམ་གྱིས་གྲུང་འབྱིན་པའི་གོམས་སྟོབས་ཀྱིས་མཐར་ལུས་ཀྱི་ཕྱི་ནང་དང་ཁང་པ་ཕྱི་ནང་དང་མཐོང་ཡུལ་དང་མི་མཐོང་བའི་ས་སོགས་སྟེང་འོག་ཕྱོགས་མཚམས་གང་གིས་ཀྱང་མ་གོས་མ་བསླད་པའི་རིག་པ་ཟང་ཐལ་ཁྱབ་བརྡལ་ཆེན་པོ་གཅིག་ཏུ་འཆར་ཞིང་། དེ་བཞིན་མིག་ཏུ་གཟུགས། རྣ་བར་སྒྲ། སྣར་དྲི། ལྕེར་རོ། ལུས་ཀྱི་རེག་བྱ་སྤྱི་སོགས་གང་མྱོང་རུང་། རྣམ་ཤེས་དང་ཡིད་ཤེས་དང་ཉོན་ཤེས་ཀྱི་དྲི་མ་དང་བྲལ་ཏེ་རིག་པའི་ཡེ་ཤེས་ཀྱི་ངོ་བོ་རྗེན་ནེར་འཆར་ཞིང་འཕོ་འགྱུར་འཕེལ་འགྲིབ་གང་ཡང་མ་སོང་བའི་ངང་ནས་ཚོགས་དྲུག་གི་སྣང་བ་ཆེ་ཕྲ་ཐམས་ཅད་དོན་དུ་རང་བཞིན་གྱི་གོ་མ་འགགས་ཤིང་དུས་གཅིག་ཏུ་མེ་ལོང་ངམ། རྒྱ་མཚོའམ། ནམ་མཁའ་ལ་གཟའ་སྐར་བཀྲ་བ་བཞིན་དུ་གསལ་ལ་འགྲིབ་མེད་དུ་མཁྱེན་ནས་ལག་གིས་ལས་བྱས་རུང་། ཁ་ནས་གཏམ་བཤད་རུང་། ཟ་གྱོན་འགྲོ་འདུག་སོགས་གང་དང་གང་བྱས་ཀྱང་རུང་། ཡིད་ཤེས་རྣམ་རྟོག་གི་སྤྲོས་པ་གཞི་ནས་ཅུང་ཟད་ཙམ་མ་གཡོས་ཀྱང་། བྱ་བ་གང་ལའང་ཐོགས་རྡུགས་མེད་པར་སྤྱད་ཆོག་པ་དེ་ནི་རྣམ་ཤེས་ཀྱི་རྟོག་ཚོགས་གནས་མེད་དུ་དག་ནས་བཅས་བཅོས་འབད་རྩོལ་སོགས་གང་ཡང་མ་དགོས་པ་ཡེ་ནས་ཤེས་པ་རང་བྱུང་ལྷུན་གྲུབ་ཏུ་ཡོད་པ་དེ་ཁོ་ན་ཉིད་རང་གྲུང་འབྱིན་ཡོང་བ་ཡིན་པའི་ཕྱིར་མཐར་ཐུག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཆ་མངོན་སུམ་དུས་དེ་ཉིད་ནས་རྟོགས་པ་ཡིན་ནོ། །དེའང་ཡོངས་སུ་བསྡུ་ན། རྣམ་ཤེས་ཀྱི་སྒོ་ནི་དབང་པོ་སོ་སོ་ལ་རག་ལས་སོ། །ཡེ་ཤེས་ཀྱི་སྒོ་ནི་ངེས་མེད་ཟང་ཐལ་ཡིན་ཏེ། དཔེར་ན་མར་མེ་ཁང་པར་བལྟམས་པས་སྒོ་དང་སྒེའུ་སྐར་དང་། དུད་ཁུང་སོགས་ཀྱི་ལམ་རང་བསྟུན་ཏེ་ཆ་སོ་སོ་ནས་ཡུལ་ལ་གསལ་བ་ལྟ་བུ་མ་ཡིན་པར་བར་སྣང་སྟོང་པ་ལ་ཉི་མའི་འོད་ཀྱིས་ཕྱི་ནང་བར་གསུམ་རིས་མེད་དུ་ཁྱབ་པས་སྣང་བ་ཀུན་དུས་གཅིག་ཏུ་རང་བཞིན་གྱིས་གསལ་བ་ལྟ་བུ་འབྱུང་བ་དང་མཐར་ཐུག་ནི་སྣང་བ་ལ་བཟང་ངན་མེད་པར་སྣང་ཙམ་ལས་མེད་པ་དང་། དབང་ཤེས་རྣམས་ལའང་བཟང་ངན་གྱི་རིས་ཆེར་མེད་པ་དང་། རྣམ་ཤེས་ཀྱི་ཆ་ཕྲ་མོའི་ཕྲ་མོ་ཡོད་ལ་མེད་དེའང་། མཁའ་ལ་རླུང་སིལ་བུར་རྒྱུ་བ་ལྟར་རང་ཡལ་རིས་མེད་དུ་སངས་འགྲོ་བ་དང་། སངས་ཀྱང་གདོད་ནས་རང་བྱུང་གི་ཡེ་ཤེས་གྲ་མ་ཉམས་པར་རང་ཆས་ལྷུན་གྲུབ་ཏུ་ཡོད་པའི་དབང་གིས་བྱ་སྤྱོད་གང་ལའང་ཐོགས་རྡུགས་མེད་ཅིང་གོ་མ་འགགས་པའི་མཁྱེན་ཆ་དུས་གསུམ་ན་འཕོ་འགྱུར་མེད་པ་ངོ་བོ་སྟོང་ཞིང་རང་བཞིན་གསལ་བ་ཐུགས་རྗེ་ཀུན་ཁྱབ་སྟེ། ཐོག་མ་མེད་པར་གཞི་གདོད་ནས་དག་པ་སྐུ་གསུམ་གྱི་རང་བཞིན་བཞུགས་པ་དེ་ཡོངས་སུ་རྟོགས་པས་ཡེ་ཤེས་ཆེན་པོ་ལ་མངའ་དབང་བརྙེས་པ་ཡིན་ནོ། །དེའང་ཀུན་གཞིའི་རྣམ་ཤེས་དབྱིངས་སུ་ནུབ་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས། དེ་བཞིན་ཡིད་ཤེས་དབྱིངས་སུ་ནུབ་པས་མཉམ་པ་ཉིད་ཀྱི་ཡེ་ཤེས། ཉོན་ཡིད་དབྱིངས་སུ་ནུབ་པས་སོར་རྟོག་ཡེ་ཤེས། སྒོ་ལྔའི་རྣམ་ཤེས་དབྱིངས་སུ་ནུབ་པས་བྱ་གྲུབ་ཡེ་ཤེས་ཏེ་ཕྱི་སྣང་བ་རྣམས་ཞིང་ཁམས་ཀྱི་རང་བཞིན་ནང་ཕུང་པོ་ལྷར། གསང་བ་ཚོགས་བརྒྱད་ཡེ་ཤེས་སུ་གནས་གྱུར་ནས་ལམ་གྱི་ཡེ་ཤེས་དག་པ་མཐར་ཐུག་ཅིང་དེའི་ཚེ་སྤང་བྱ་ཁམས་གསུམ་པས་བསྡུས་པའི་གཟུང་བ་དང་འཛིན་པའི་རྣམ་པ་ཅན་རྟོག་པ་དང་དཔྱོད་པའི་རང་བཞིན་གྱི་སེམས་སེམས་བྱུང་ཀུན་གཞི་དང་བཅས་པ་ཀུན་ཟག་མེད་ཆོས་ཀྱི་དབྱིངས་སུ་འཇུག་པ་རབ་ཏུ་ཞི་བའི་ཚེ་དབྱིངས་དང་ཡེ་ཤེས་དབྱེར་མེད་རོ་གཅིག་ཏུ་གྱུར་ཏེ། དག་པ་གཉིས་ལྡན་སྤྲོས་པ་ཀུན་ཞི་ནས་རྣམ་ཤེས་ཚོགས་བརྒྱད་ཀུན་གཞི་དང་བཅས་པ་སེམས་ཉིད་འོད་གསལ་བ་ཆོས་ཀྱི་དབྱིངས་རང་བཞིན་དག་པའི་ངང་དུ་ཞི་ཞིང་ཐིམ་པ་དེ་ཡི་དབྱིངས་གདོད་མའི་གཞི་དང་། རྩལ་གྱི་ཡེ་ཤེས་ཐིམ་གཞི་རིག་པ་དང་གཉིས་སུ་མེད་པར་འདྲེས་ཏེ་རོ་གཅིག་ཏུ་གྱུར་པ་ནི་ཡེ་ནས་དྲི་མ་མེད་པའི་རང་བཞིན་རྣམ་དག་དང་གློ་བུར་གྱི་དྲི་མ་ཆ་དང་བཅས་པ་དག་པ་གཉིས་ལྡན་གྱི་ཆོས་སྐུ་ཆེན་པོ་ལྷུན་གྱིས་གྲུབ་པར་གྱུར་ཏེ། སྦྱང་དུ་མེད་པའི་ལེའུ་ལས། ཀློང་ཆེན་སེམས་ཀྱི་ཡུལ་དེ་ན། །མི་གནས་པ་ནི་གཅིག་ཀྱང་མེད། །ཀུན་གྱི་གནས་དང་ས་ཡིན་ཏེ། འདུ་འབྲལ་མེད་པ་དེ་ན་བཞུགས། །དེ་ལ་སྦྱང་ཞིང་བགྲོད་མི་དགོས། །ཞེས་དང་། ལྷུན་གྲུབ་རྩོལ་དུ་མེད་པའི་ལེའུ་ལས། ཀྱེ། ང་ནི་མ་བཅོས་ལྷུན་གྱིས་གྲུབ་པའི་ཕྱིར། །ཇི་ལྟར་རྟོགས་པ་ཁྱེད་ལ་ལུང་བསྟན་པས། །ཁྱོད་ཀྱི་ཆོས་ཀུན་དེ་ལྟར་རྟོགས་པར་གྱུར། །ཡེ་ནས་རྩོལ་སྒྲུབ་མེད་པའི་དབུགས་འབྱིན་ཏེ། །ཀུན་བྱེད་རྒྱལ་པོ་ང་ཡི་ལུང་བསྟན་ཏེ། །ཞེས་དང་། ལྷུན་གྲུབ་རེ་དོགས་མེད་པའི་ལེའུ་ལས། ཀྱེ། སེམས་ཀྱི་རང་བཞིན་ལྷུན་གྱིས་གྲུབ་པའི་ཕྱིར། །གྲུབ་དང་མ་གྲུབ་གཉིས་སུ་ལུང་མ་སྟོན། །བདེ་དང་སྡུག་བསྔལ་གཉིས་སུ་རྟོགས་མི་བྱ། །འཁོར་དང་མྱ་ངན་འདས་པ་རེ་དོགས་བྲལ། །ཞེས་དང་། དོ་ཧ་ལས། འགྲོ་རྣམས་ལས་ཀྱིས་བཅིང་གྱུར་ཏེ། །ལས་ལས་གྲོལ་ན་ཡིད་ནི་ཐར་བ་ཡིན། །རང་རྒྱུད་གྲོལ་ན་ངེས་པ་འགའ་མེད་དེ། །མཆོག་གི་མྱ་ངན་འདས་པ་ཐོབ་པ་ཡིན། །ཡང་། བྱ་བ་བྱེད་དང་བྱ་བ་མི་བྱེད་པ། །ངེས་པར་རྟོགས་ན་འཆིང་དང་གྲོལ་བ་མེད། །རང་བཞིན་དྲི་མེད་གདོད་མའི་སངས་རྒྱས་ཏེ། །མ་བྱས་ལྷུན་གྱིས་གྲུབ་པའི་ཆོས་ཉིད་དོ། །ཞེས་དང་། སྒྱུ་འགྲེལ་ལས། རྩལ་ཆེན་རྫོགས་པ་སྣང་སྲིད་ཆོས་སྐུར་འཆར། །ཡུལ་དྲུག་མ་འགགས་སྣང་མཁན་ངོ་བོས་སྟོང་། །མཐའ་བྲལ་སེམས་ཉིད་སྟོང་པར་གྲོལ་བས་ན། །འཁོར་འདས་གཉིས་མེད་རིག་པ་གཞི་ཐོག་ཕྱིན། །མཆོག་གི་དངོས་གྲུབ་བརྙེས་ཞེས་དེ་ལ་ཟེར། །ཡང་། ཆོས་སྐུ་མཉམ་པ་ཉིད་ཀྱི་དོན་མཐོང་ནས། །སེམས་ཉིད་མ་སྐྱེས་མཁའ་ལྟར་རྟོགས་པ་ནི། །སྣང་སྲིད་སྣོད་བཅུད་རང་བཞིན་དག་པའི་ཕྱིར། །མ་སྐྱེས་ལྷུན་རྫོགས་མཉམ་ཉིད་ངང་དུ་ཕྱིན། །ཡང་། རང་གནས་སྒོམ་པ་རྒྱུན་མི་ཆད་པ་ལ། །འཁྲུལ་བའི་རྨི་ལམ་བདེན་མེད་འོད་གསལ་དུ། །ཉིན་མཚན་འདྲེས་པས་འཁོར་འདས་རང་སར་གྲོལ། །ལྟ་བས་ཡུན་ཐུབ་སྒོམ་པས་ཡེངས་ཐུབ་ཅིང་། །སྤྱོད་པས་རྐྱེན་ཐུབ་འབྲས་བུ་གོལ་ས་མེད། །རྟོག་པའི་རང་བཞིན་མི་རྟོག་ཡེ་ཤེས་སུ། །དུས་རྣམས་ཀུན་ཏུ་འཕོ་འགྱུར་མེད་པར་གནས། །དེ་ཚེ་རང་གཞན་གཅིག་སྟེ་གདོད་མའི་སར། །བསྒོམ་མེད་དོན་ལ་གཏན་སྲིད་ཟིན་པ་ཡིན། །ཕྱི་ནས་བདེ་ཆེན་འབྲས་བུ་བཙལ་དུ་མེད། །གང་ཤར་རིག་པ་སྐུ་གསུམ་ལྷུན་གྲུབ་ལ། །རང་གཞན་དོན་རྣམས་འབད་རྩོལ་མེད་པར་གྲུབ། །རིག་པའི་ཡོན་ཏན་སྐྱོན་བྲལ་ཉག་གཅིག་རྫོགས། །དེ་ལྟར་ཚེ་འདིར་གྲོལ་བའི་རྣལ་འབྱོར་པ། །ས་ཆུ་མེ་རླུང་རྣམ་ཤེས་འོད་གསལ་ཐིམ། །ཡེ་ཤེས་ངང་ལ་དབྱིངས་དང་རབ་འདྲེས་ནས། །གདོད་མའི་ས་ལ་གཏན་སྲིད་ཟིན་པ་ཡིན། །ཡང་། མཁའ་བཞིན་དྲི་མེད་གདོད་མའི་ངང་དུ་ཕྱིན། །ལྡོག་པའི་གནས་མེད་ད་ནི་གང་དུ་འགྲོ། །ཟད་སར་ཐུག་གོ་འོང་བ་འགའ་ཡང་མེད། །སུས་ཀྱང་མི་མཐོང་ཁོ་བོ་གང་དུ་འདུག །ཅེས་དང་། ཡང་། སྣང་སེམས་གཉིས་མེད་གདོད་ནས་དག་པ་ཆེ། །སྤང་བླང་གཉིས་མེད་ཕྱོགས་རིས་དགག་སྒྲུབ་མེད། །གང་སྣང་བདེན་མེད་གང་ཤར་སྟོང་པ་ཉིད། །ཐམས་ཅད་མཉམ་ཉིད་གཟའ་གཏད་ཀུན་དང་བྲལ། །ཞེས་སོགས་གསུངས་པ་ལྟར་བརྟན་པ་ལེགས་པར་ཐོབ་པའི་དུས་ན་སེམས་ནི་སྤྲོ་བསྡུ་དང་བྲལ་བ་ནམ་མཁའ་ལྟ་བུའི་ངང་ནས་ཚོགས་དྲུག་གི་སྣང་ཡུལ་སྣ་ཚོགས་སྣང་ཡང་འཛིན་པ་གཏན་ནས་མི་དམིགས་པས་རང་བཞིན་ཉིད་ཀྱི་འདུ་ཤེས་འཇུག་པ་མེད་པས་གཉིས་མེད་ཀྱི་ཡེ་ཤེས་བསྒོམ་པ་དང་སྒོམ་མཁན་གཉིས་སུ་མེད་པའི་བྱ་རྒྱུ་བྱེད་མཁན་རང་སར་གྲོལ་བ་ནི་སེམས་སེམས་བྱུང་གི་འཇུག་པ་དབྱིངས་སུ་ཐིམ་པས་རང་བཞིན་གདོད་མའི་དབྱིངས་སུ་དུས་དེར་ཕྱིན་ཏེ་སེམས་ཉིད་དོན་གྱི་སངས་རྒྱས་ཆོས་སྐུ་ཡེ་གནས་ཀྱི་དགོངས་པ་ལ་གནས་པའི་དུས་སོ། །ཕྱི་གཟུང་བའི་ཡུལ་ལྔ། མིག་ཡོར་རམ་ཆུ་ཟླ་ལྟར་རྟོགས་པས་གཟུང་བར་རྟོག་པའམ་བདེན་པར་ཞེན་པའི་དམིགས་པ་ཅུང་ཟད་ཙམ་ཡང་མེད་དེ། ནང་འཛིན་པའི་ཤེས་པ་ཆ་མེད་ནམ་མཁའ་ལྟར་རྟོགས་པས་དེར་འཛིན་ངོ་བོ་ཉིད་ཀྱིས་སྟོང་སྟེ་གཟུང་འཛིན་གཉིས་སུ་མེད་པའི་ཤེས་པ་སྤྲོ་བསྡུ་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའང་དེ་ཡིན་ནོ། །དེའང་ལམ་ནི་འཁོར་བའི་རྟེན་འབྲེལ་ལུགས་སུ་འབྱུང་བ་བཅུ་གཉིས་པོའི་རྩ་བ་མ་རིག་པ་ཡིན་པས་དེར་ནི་རིག་པའི་ཡེ་ཤེས་ཀྱིས་ལྡོག་སྟེ་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཀྱི་རྒྱུད་གོམས་པར་བྱས་པས་དང་པོའི་རྩ་བ་མ་རིག་པ་ལྡོག་གོ། །དེ་ལྡོག་པས་དེ་ལ་བརྟེན་པའི་གཞན་རྣམས་གནས་མེད་རང་ཤུགས་ཀྱིས་ལྡོག་པར་འགྱུར་ཏེ། དེས་ན་སྲིད་པ་འབྱུང་བའི་རྒྱུ་ཟད་པས་འཁོར་བ་མཐའ་དག་ལས་ཡོངས་སུ་བརྒལ་བར་འགྱུར་ཏེ། ཐམས་ཅད་ཡེ་སངས་རྒྱས་པའི་རང་བཞིན་ཏེ་ཕུང་པོ་ལྔ་ནི་ཡབ་ལྔ། འབྱུང་བ་ལྔ་ནི་ཡུམ་ལྔ། ཉོན་མོངས་ལྔ་ནི་ཡེ་ཤེས་ལྔ་སྟེ། རྟོག་ཚོགས་ཐམས་ཅད་ནི་ཡེ་སངས་རྒྱས་པ་ལས་གཞན་པའི་ཆོས་རྡུལ་ཙམ་ཡང་མེད་དེ། མདོར་ན་སྣང་བ་སྐུ་ཡི་དཀྱིལ་འཁོར། གྲགས་པ་གསུང་གི་དཀྱིལ་འཁོར། དྲན་རིག་ཐུགས་ཀྱི་དཀྱིལ་འཁོར་ཏེ་སྣ་ཚོགས་སྣང་བ་ཐམས་ཅད་ནི་མ་བསྐྱེད་ལྷ་ཡི་རང་བཞིན་ཡེ་ནས་རྫོགས་པའི་རང་བཞིན་ཏེ། བསྐྱེད་རྫོགས་གདོད་ནས་ལྷུན་གྲུབ་ཆེན་པོ་གཞི་དོན་གྱི་དཀྱིལ་འཁོར་བསྐྱེད་བྱ་སྐྱེད་བྱེད་ཐམས་ཅད་དང་བྲལ་བ་ཀུན་བརྟགས་ཀྱི་བློ་ལས་འདས་ཤིང་རང་བཞིན་ཡོངས་གྲུབ་ཆེན་པོར་ཡོངས་སུ་ཤེས་པར་བྱོས་ཤིག །མ་ཟད་དེ་ལྟར་གྱི་སེམས་ཉིད་ཡེ་གྲོལ་གཞི་རྩ་མེད་པ་ངོ་བོ་འདི་ལས་གཞན་པའི་སངས་རྒྱས་ཞིག་ལོགས་ནས་རྡུལ་ཆ་ཙམ་ཡང་བཙལ་དུ་མེད་ཅིང་དེས་ན་སེམས་ཉིད་བཅོས་བསླད་མེད་པའི་ངང་དུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་བཞུགས་པ་ནི་ད་ལྟ་ཉིད་ནས་རང་ཆས་ལྷུན་གྲུབ་ཏུ་ཡོད་པའི་ཕྱིར་ན་ཆོས་ཉིད་རང་བཞིན་རྫོགས་པ་ཆེན་པོའི་ངང་དུ་ཇི་བཞིན་པ་གནས་པ་ནི། སྐྱོན་ཀུན་ཡེ་ནས་དག་ཅིང་ཡོན་ཏན་ཕུན་སུམ་ཚོགས་པ་ཉིད་ལྷུན་གྱིས་གྲུབ་པས་ན་ལུས་འདི་གང་ཟག་མི་ཡིན་རུང་། དགོངས་པ་སངས་རྒྱས་ཀྱི་ཆོས་ཉིད་མངོན་སུམ་རྟོགས་པར་ལུང་བསྟན་ཅིང་། ཀུན་བྱེད་སེམས་ཀྱི་མཚན་ཉིད་ཡོངས་སུ་ཤེས་ཤིང་རྟོགས་པས་ནི་ཉོན་མོངས་རྣམས་ཡོངས་སུ་ཞི་བར་འགྱུར། ལས་དང་རྣམ་སྨིན་ལས་གྲོལ་བར་འགྱུར། དཀར་ནག་འདྲེས་པའི་ལས་ཀྱི་མཐའ་ཐམས་ཅད་དང་བྲལ་ཞིང་གཞི་ནས་མ་གྲུབ་པས་ཡང་དག་པའི་ལས་ཀྱི་མཐའ་མངོན་དུ་གྱུར་པ་ཡིན་པས། ཐམས་ཅད་བྱང་ཆུབ་ཆོས་ཀྱི་སྐུར་རོ་གཅིག་པས་སྣང་མི་སྣང་ཐམས་ཅད་ལས་འདས་པའི་དབྱིངས་སུ་དག་ནས་གཟུགས་སྐུ་སྣང་བ་གཉིས་ལྷུན་གྲུབ་ཏུ་ཤར་ནས་འགྲོ་བའི་དོན་མཛད་པར་སྟོན་ཏེ། རང་དོན་ཆོས་སྐུ་ནམ་མཁའ་ལྟ་བུའི་དབྱིངས་ལ་བཙན་ས་ཟིན་ནས་གཞན་དོན་ལྷུན་གྱིས་གྲུབ་པའི་ཐུགས་རྗེ་གཟུགས་སྐུ་ཉི་ཟླ་ལྟར་ཤར་ནས་འཁོར་བ་ཇི་སྲིད་བར་འགྲོ་དོན་རླབས་པོ་ཆེ་མཛད་པ་སྟེ། སེམས་ཉིད་ངལ་གསོ་ལས། ད་ནི་མི་འདྲི་སེམས་ཀྱི་གཞི་རྩ་སྟོར། །གཏད་མེད་འཛིན་མེད་ངེས་མེད་འདི་ཡིན་མེད། །ཕྱལ་པ་ལྷུག་པ་ཡེངས་པ་ཕྱམ་གཅིག་པ། །དེ་ལྟར་རྟོགས་པས་བློ་བདེའི་གླུ་ཞིག་ལེན། །ཀྱེ་ཧོ། གྲོགས་དག་སྣང་བའི་ཡུལ་ལ་ལྟོས། །ཐམས་ཅད་མ་སྐྱེས་སྟོང་པར་མཉམ་པ་ཉིད། །མེ་ལོང་གཟུགས་བརྙན་སྣ་ཚོགས་ཅི་ཤར་ཡང་། །མེ་ལོང་དངོས་ཡིན་དྭངས་པར་གཅིག་པ་བཞིན། །སེམས་ཉིད་འབྱེད་པའི་ཡིད་ལ་ཚུར་ལྟོས་དང་། །སེམས་ནི་མཁའ་འདྲ་དགག་སྒྲུབ་ཀུན་དང་བྲལ། །མཁའ་ལ་སྤྲིན་རྣམས་བྱུང་ནས་ཞིག་ནའང་། །ནམ་མཁའི་ཆོ་འཕྲུལ་གཉིས་མེད་དག་པ་བཞིན། །རང་བཞིན་དྲི་མེད་གདོད་མའི་སངས་རྒྱས་ཏེ། །མ་བྱས་ལྷུན་གྱིས་གྲུབ་པའི་ཆོས་ཉིད་དོ། །ཞེས་དང་། མཉམ་ཉིད་རང་གྲོལ་ལས། སྙིང་པོའི་སེམས་ཉིད་རེས་འཇོག་མེད་པའི་ལམ། །མ་བསྒོམས་ཆུ་བོའི་རྒྱུན་བཞིན་གནས་པ་ལ། །གོལ་སྒྲིབ་གཉིས་མེད་བདེ་ཀློང་གཅིག་ཏུ་འཁྱིལ། །གྲུབ་དང་མ་གྲུབ་མེད་པའི་བློ་བདེ་རྙེད། །ཡིན་དང་མ་ཡིན་མེད་པར་ཕྱམ་གཅིག་པར། །ཐམས་ཅད་གཞི་རྫོགས་ཀུན་ཏུ་བཟང་པོ་ཡིན། །ཡང་། ཀློང་དུ་གྱུར་པས་ཤིན་ཏུ་གོམས་པ་ན། །རྨི་ལམ་རྒྱུན་ཆད་ཉིན་མཚན་འོད་གསལ་གནས། །འཁོར་བའི་ཀུན་རྟོག་དབྱིངས་སུ་ནུབ་པའི་རྟགས། །རང་བཞིན་མྱ་ངན་འདས་ནས་ཕྱམ་གཅིག་ཏུ། །གདོད་མའི་ཟད་སར་གཏན་སྲིད་ཟིན་དུ་ཉེ། །ཁམས་གསུམ་སྒོ་གསུམ་སྐུ་གསུམ་སར་གྲོལ་ནས། །ཞི་བའི་དབྱིངས་སུ་མི་གནས་མྱ་ངན་འདས། །བླང་དོར་མེད་པས་དགེ་སྡིག་ལས་ལས་གྲོལ། །དགེ་བ་བསྒྲུབས་ཀྱང་ཞེན་པས་འཆིང་མི་བྱ། །སྒྱུ་ལུས་འདོར་ཀྱང་སེམས་ཉིད་སྐྱེ་འཆི་མེད། །འགྱུར་མེད་ཆོས་སྐུའི་གཏན་སྲིད་ཟིན་པ་ཡིན། །ཞེས་དང་། སེམས་ཉིད་ངལ་གསོ་ལས། དབང་པོ་ཡང་རབ་གནས་ལུགས་རྟོགས་པས་གྲོལ། །བསྒོམ་བྱ་སྒོམ་བྱེད་གཉིས་མེད་དོན་མཐོང་ནས། །སྣང་སྲིད་གཞི་གྲོལ་སེམས་ཉིད་བྱ་རྩོལ་མེད། །ཕྱོགས་བྲལ་རིག་པ་ཆུ་བོའི་རྒྱུན་བཞིན་འཆར། །ཐུན་མཚམས་རིས་མེད་འདི་ཡིན་ངོས་བཟུང་མེད། །ཐམས་ཅད་རང་གྲོལ་ཀུན་ཏུ་བཟང་པོའི་ཞིང་། །རྟག་དང་ཆད་མེད་རང་བྱུང་གཞི་ཀློང་ཡངས། །ཇི་བཞིན་ངང་ལ་ཡིན་བཞིན་གནས་པ་ན། །གེགས་དང་གོལ་ས་རྩལ་སྦྱངས་བོགས་འབྱིན་མེད། །ཐོབ་དང་མ་ཐོབ་མེད་པ་ཐག་ཆོད་པས། །འབྲས་བུ་སྨོན་མེད་ད་ལྟར་རྫོགས་སངས་རྒྱས། །དེ་འདྲའི་རྣལ་འབྱོར་ནམ་མཁའ་རབ་འབྱམས་ཡིན། །ཡང་། ཡུལ་སེམས་གཉིས་མེད་གདོད་ནས་དག་པ་ཆེ། །སྤང་བླང་གཉིས་མེད་ཕྱོགས་རིས་དགག་སྒྲུབ་མེད། །གང་སྣང་བདེན་མེད་གང་ཤར་སྟོང་པ་ཉིད། །ཐམས་ཅད་མཉམ་ཉིད་གཟའ་གཏད་ཀུན་དང་བྲལ། །ཡང་། འདི་ལྟར་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །འདས་པའི་ཆོས་རྣམས་མི་དམིགས་མཉམ་པ་ཉིད། །མ་འོངས་ཆོས་རྣམས་མ་སྐྱེས་མཉམ་པ་ཉིད། །ད་ལྟའི་ཆོས་རྣམས་མི་གནས་མཉམ་པ་ཉིད། །དུས་གསུམ་དུས་མེད་གཞི་བྲལ་མཉམ་པ་ཉིད། །ཐམས་ཅད་ཡེ་ནས་རྫོགས་པའི་ངང་ཉིད་དོ། །ཡང་། སྣང་སྲིད་འཁོར་འདས་ཆོས་ཀྱི་གཟུགས་བརྙན་ཏེ། །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ནམ་མཁའི་རང་བཞིན་དུས་གསུམ་འཕོ་འགྱུར་མེད། །འགྱུར་མེད་རང་བཞིན་གཟོད་ནས་མྱ་ངན་འདས། །གཞི་ནས་བྱང་ཆུབ་ཀུན་ཏུ་བཟང་པོ་ཡིན། །སྣང་དང་སྟོང་པ་དབྱེར་མེད་གདོད་མའི་ངང་། །གཅིག་དང་དུ་མར་མི་དམིགས་སྤྲོས་དང་བྲལ། །ཕྱོགས་དང་རིས་མེད་ཐམས་ཅད་མཉམ་པ་ཉིད། །སྣང་མཉམ་སྟོང་མཉམ་བདེན་མཉམ་རྫུན་པར་མཉམ། །ཡོད་མཉམ་མེད་མཉམ་མཐའ་ལས་འདས་པར་མཉམ། །དབྱིངས་གཅིག་གདོད་ནས་དག་པའི་ངང་ཉིད་དོ། །ཞེས་དང་། མཉམ་ཉིད་རང་གྲོལ་ལས། གང་ལྟར་བསམས་ཀྱང་སྤང་བླང་མེད་པའི་སེམས། །རང་བབས་སྤྲོས་བྲལ་ཡེ་བབ་ཆེན་པོ་ནི། །འཛིན་མེད་ཆོས་སྐུའི་རྒྱལ་པོའི་གཏན་སྲིད་ཟིན། །དབྱིངས་གཅིག་གདོད་མའི་ས་ལ་ད་ལྟར་ཕྱིན། །ཕྱི་ནས་འབྲས་བུ་སྐུ་གསུམ་བསྒྲུབ་ཏུ་མེད། །ཡང་། སངས་རྒྱས་བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །མངོན་སུམ་གྱུར་པས་རེ་དོགས་ཀུན་དང་བྲལ། །རང་བྱུང་ལྷུན་གྲུབ་ཀུན་ཏུ་བཟང་པོའི་ས། །མ་བཅོས་རྣལ་བཞག་ཆེན་པོ་ལྷུན་གྱིས་གྲུབ། །ཅེས་དང་། རྣམ་གྲངས་བསྡུས་པའི་ལེའུ་ལས། འདི་ལ་མ་རྫོགས་གང་ཡང་མེད། །གཅིག་རྫོགས་གཉིས་རྫོགས་ཀུན་རྫོགས་པ། །བྱ་བ་ཕུན་སུམ་ཚོགས་པས་བདེ། །གཅིག་རྫོགས་བྱང་ཆུབ་སེམས་སུ་རྫོགས། །གཉིས་རྫོགས་སེམས་ཀྱིས་བྱས་པ་རྫོགས། །གསུམ་རྫོགས་ཕུན་སུམ་ཚོགས་པ་རྫོགས། །གཅིག་ལ་རྫོགས་པའི་ལུང་འདི་ཡིས། །སངས་རྒྱས་དགོངས་པ་འདི་ལ་གནས། །ཀུན་ལ་རྫོགས་པའི་དོན་འདི་ཡིས། །ཐམས་ཅད་ཕུན་ཚོགས་རྫོགས་པར་བྱས། །བྱ་བྱེད་འདི་ལ་གང་གནས་པ། །ལུས་འདི་གང་ཟག་ལྷ་མིར་ཡང་། །དགོངས་པ་ཆོས་ཉིད་སངས་རྒྱས་ཡིན། །འདི་ཡིས་སེམས་ཅན་དོན་བྱེད་ནས། །རྩོལ་སྒྲུབ་མི་དགོས་བདེ་བར་གནས། །ཞེས་དང་། མཉམ་ཉིད་རང་གྲོལ་ལས། དེ་ལྟར་གཞི་ལམ་དབྱིངས་གཅིག་མཐར་ཕྱིན་ཚེ། །གཞི་རྫོགས་འབྲས་བུ་གདོད་མར་ལྷུན་གྱིས་གྲུབ། །རང་དོན་ཆོས་སྐུ་གཞན་དོན་གཟུགས་སྐུ་གཉིས། །དབྱིངས་དང་ཡེ་ཤེས་དབྱེར་མེད་འདུ་འབྲལ་མེད། །འཁོར་འདས་གཉིས་མེད་རིག་པ་དབྱིངས་གཅིག་ཏུ། །ཞི་བར་བཞུགས་པ་སྤྲོས་དང་བྲལ་བའི་ཚེ། །ཀུན་བཟང་དབྱེ་བ་མེད་པའི་ས་ཞེས་བྱ། །འདི་ནི་མི་གནས་བསམ་རྫོགས་ཆོས་སྐུའི་ངང་། །རང་བཞིན་གདོད་ནས་དག་པའི་ཆོས་ཉིད་དོ། །ཞེས་སོགས་གསུངས་པ་ལྟར། གནས་ལུགས་རྟོགས་པའི་རྣལ་འབྱོར་པ་རབ་རྣམས་ནི་ཕུང་པོ་ལྷག་མ་མེད་པར་རྡུལ་ཕྲན་དུ་དེངས་ཏེ་རིག་པ་ཀ་དག་ནང་དབྱིངས་སུ་གྲོལ་བར་འགྱུར་ཞིང་འཆི་ལུགས་ལའང་རབ་མཁའ་འགྲོ་ལྟར་ཤི་བའི་རོ་མི་མཐོང་བ་དང་། མེ་དཔུང་ལྟར་འབྱུང་ལུས་ཞིག་པ་དང་ཉོན་མོངས་ཟད་པ་དུས་མཉམ་དུ་འབྱུང་བ་དང་། བུམ་པར་བུག་པ་སྟོང་པ་བཞིན་ཕྱི་དབྱིངས་དང་ནང་དབྱིངས་དེ་ཚུག་ནས་འདྲེས་པ་དང་། འབྲིང་དུ་གྱུར་པ་རྣམས་དབུགས་ཆད་པ་དང་གཞི་དབྱིངས་སུ་གྲོལ་བ་དུས་མཉམ་དུ་འབྱུང་སྟེ། དེ་ལྟར་གང་ཟག་རབ་འབྲིང་གཉིས་པོ་ལ་ནི་བར་དོའི་སྣང་བ་ཙམ་མེད་པར་མི་འགྲོ་ཚར་བའི་རྗེས་ལ་ཁང་པ་རྡིབ་པ་དང་འདྲ་བར་སྒྱུ་ལུས་མ་འདོར་བའི་གོང་ད་ལྟ་ནས་སེམས་ཉིད་སྤྲོས་པའི་རྣམ་པ་ཐམས་ཅད་ཟག་མེད་ཆོས་ཀྱི་དབྱིངས་སུ་ཟད་སར་བསྐྱལ་ཚར་བས་ན་སླད་ནས་སྒྱུ་ལུས་དོར་མ་དོར་གྱི་ཁྱད་པར་སྐྲ་རྩེ་ཙམ་ཡང་མེད་པའི་ཕྱིར་ཏེ། འཆི་ལུགས་ལའང་བྱིས་པ་བསམ་མེད་ལྟར་འཆི་བ་ངོ་མི་ཤེས་པ་དང་། རྒྱལ་པོ་ལྟ་བུ་རྒྱུ་ནོར་གྱི་འབྱོར་ཚོགས་གང་བྱུང་རུང་ཞེན་པའི་བླང་དོར་མེད་པ་དང་། སྤྲང་པོ་ལྟར་རེ་དོགས་དང་གཙང་བཙོག་མེད་པ་གྲོང་ཁྱེར་གྱི་སྲང་མདོ་རྣམས་སུ་འཆི་བ་དང་། ཐ་མ་རྣམས་ཆོས་ཉིད་བར་དོའི་ཡེ་ཤེས་སྣང་བ་མ་ལྟ་བུ་དང་། ད་ལྟ་གོམས་པའི་འོད་གསལ་བུ་ལྟ་བུ་གཉིས་དབྱེར་མེད་གཅིག་ཏུ་འདྲེས་ནས་གྲོལ་བ་དང་། དེ་ལ་མ་གྲོལ་ན་ལྷུན་གྲུབ་བར་དོའི་སྣང་ཆ་སྒྲ་འོད་ཟེར་དང་ཞི་དྲག་གི་སྐུ་སོགས་འཆར་དུས་རང་སྣང་དུ་ངོ་ཤེས་ཏེ་སྣང་བ་ལ་རིག་པ་ཐིམ་པས་རྩལ་ཆེན་གྱི་མདའ་འཕངས་པ་བཞིན་ཕྱིར་མི་ལྡོག་པའི་ཞིང་དུ་སྐྱེ་བ་དང་། ཐ་མའི་ཐ་མ་རྣམས་གོང་གི་གྲོལ་ཚད་མི་ལྡན་པས་སྲིད་པ་བར་དོའི་འཁྲུལ་སྣང་རྣམས་ཤར་དུས། བླ་མའམ་ཡི་དམ་མམ་མཁའ་འགྲོའམ་གདམས་ངག་མཐོང་ཐོས་སོགས་ཡོད་པ་རྣམས་དྲན་ནས་བྱིན་གྱིས་རླབས་པ་དང་། ལུང་བསྟན་པ་དང་དབུགས་དབྱུང་ནས་འཁྲུལ་སྣང་ཐམས་ཅད་རིམ་གྱིས་རྨི་ལམ་དང་སྒྱུ་མ་ལྟར་རང་སར་དག་སྟེ། རིགས་ལྔའི་ཞིང་ཁམས་རྣམས་སུ་མེ་ཏོག་པདྨའི་སྦུབས་སུ་བརྫུས་ཏེ་སྐྱེས་ནས་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་དང་སྐལ་པ་མཉམ་པར་གྱུར་ཅིང་རིགས་ལྔའི་རྒྱལ་བ་དེ་དག་གིས་ཆོས་གསུང་། དབང་བསྐུར་ལུང་བསྟན་དབུགས་དབྱུང་ནས་ལོ་ལྔ་བརྒྱ་ནས་ཤེས་བྱའི་སྒྲིབ་པ་ལྷག་མེད་དུ་དག་ནས་ཞིང་ཁམས་དེ་དག་གི་སྟེང་ཕྱོགས་དུར་ཁྲོད་མེ་རི་འབར་བའི་གནས་སུ་གཞོན་ནུ་དཔའ་བོ་སྟོབས་ལྡན་གྱི་ཞལ་མཇལ་ནས་ཡོངས་སུ་སངས་རྒྱ་བར་འགྱུར་ཞིང་། འཆི་ལུགས་ཐ་མ་ལའང་གང་ལ་འཇིགས་པ་མེད་པས་སེང་གེས་གངས་ཟིན་པ་ལྟ་བུ་དང་། འགྲོ་བ་མི་ཡིས་མི་ཚོར་བར་རི་དྭགས་ལྟ་བུའི་འཆི་ལུགས་སོགས་འབྱུང་བར་གྱུར་ཏོ། །དེ་ལྟར་སངས་རྒྱས་དང་རྣལ་འབྱོར་གྱི་དབང་ཕྱུག་ཐམས་ཅད་གྲོལ་ས་གཤིས་སྟོང་པའི་དབྱིངས་འོད་གསལ་ལྷུན་གྲུབ་ཆེན་པོ་དེ་ལས་གཟུགས་སྐུ་རྣམ་པ་གཉིས་འཁོར་བ་ཇི་སྲིད་བར་འགྲོ་དོན་ཕྲིན་ལས་རྒྱ་ཆེ་བ་རྒྱུན་མི་ཆད་པ་ས་གཞི་དང་། ཉི་མ་དང་། ནོར་བུ་དང་། དཔག་བསམ་དང་། ནམ་མཁའ་ལྟ་བུར་འབད་རྩོལ་དང་དམིགས་པ་མེད་པ་ལྷུན་གྱིས་གྲུབ་པར་འབྱུང་བར་འགྱུར་ཏེ། དང་པོ་མི་འགྱུར་རྡོ་རྗེའི་སྐུ་ནི། བསམ་བརྗོད་སྤྲོས་པའི་ཡུལ་ལས་འདས་པ། ཆོས་ཉིད་མི་དམིགས་དུས་གསུམ་ན་འཕོ་འགྱུར་མེད་པ་གདོད་ནས་རང་བཞིན་དག་པའི་ཆ་ལ་མི་འགྱུར་རྡོ་རྗེའི་སྐུ་ཞེས་བྱའོ། །གློ་བུར་གྱི་སྒྲིབ་གཉིས་དག་ཅིང་སངས་རྒྱས་ཀྱི་ཆོས་སུམ་ཅུ་རྩ་བདུན་སོགས་མངོན་པར་གཞི་དབྱིངས་སུ་བྱང་ཆུབ་པས་ན་མངོན་པར་བྱང་ཆུབ་ཀྱི་སྐུ་ཞེས་བྱའོ། །དབྱིངས་ཀྱི་ངང་དུ་ཡེ་ཤེས་རོ་གཅིག་འདྲེས་པ་གནམ་གང་གི་ཟླ་བ་ལྟ་བུའི་ཚེ་ན་སྤྲོས་པའི་ཚོགས་རྣམས་ཞི་ལ་ཐམས་ཅད་མཁྱེན་པའི་ཆ་མ་འགགས་པས་ཐིམ་ལ་མ་རྨུགས་པ་ཞེས་བྱ་སྟེ། ཡུལ་དང་ཡུལ་ཅན་གཉིས་སུ་འཛིན་པ་མེད་ཀྱང་ནང་གསལ་ཕྲ་བའི་ཡེ་ཤེས་ལས་ཕྱི་གསལ་གྱི་ཡེ་ཤེས་མཆེད་པའི་སྙིང་པོ་བྱེད་པས་ཞི་བ་ཆོས་ཀྱི་སྐུ་ཞེས་བྱའོ། །སྐུ་གསུམ་པོ་འདི་དག་ནི་ཕྱི་རོལ་ཡུལ་ལ་མི་འཇུག་ཅིང་ཆད་པ་མ་ཡིན་ཕྲ་བའི་ཡེ་ཤེས་ཏེ་སོ་སོ་རང་རིག་གི་ཡེ་ཤེས་ཡིན། རྟག་པ་མ་ཡིན་དམིགས་བསམ་སྤྲོས་པའི་མཐའ་ལས་འདས་པའོ། །བཞི་པ་ལྷུན་གྲུབ་ལོངས་སྤྱོད་རྫོགས་སྐུ་ནི། དེ་ལྟར་དབྱིངས་ནང་གསལ་ཆོས་ཉིད་ཀྱི་ངང་ནས་ཕྱི་གསལ་ལོངས་སྐུ་ངེས་པ་ལྔ་ལྡན་སྟོང་གཟུགས་སངས་རྒྱས་ཉིད་ཀྱི་ངང་གཞིའི་འོད་གསལ་ལས་གྲུབ་པས་གཞན་གྱིས་སྣང་བ་མ་ཡིན་ནོ། །ལྔ་པ་ཕྱེད་སྤྲུལ་ལོངས་སྤྱོད་རྫོགས་སྐུ་ནི། དེ་ལས་ནམ་མཁའི་ཟླ་བའི་གཟུགས་བརྙན་མཚོ་ལ་ཤར་བ་ལྟར་རིགས་ལྔའི་ཞིང་རྣམས་ཏེ་རང་སྣང་ལོངས་སྤྱོད་རྫོགས་སྐུ་ཉིད་ཡིན་པས་ཕྱེད་སྤྲུལ་ལམ་གཞན་འཁོར་ཉིད་ལས་གཞན་ས་བཅུའི་བྱང་ཆུབ་སེམས་དཔའ་ཡིན་པས་ན་ཕྱེད་སྤྲུལ་ལོངས་སྤྱོད་རྫོགས་སྐུ་ཞེས་བྱའོ། །དྲུག་པ་མཆོག་གི་སྤྲུལ་སྐུ་ནི། རིགས་ལྔ་དེ་ལས་ཐུགས་རྗེའི་རྩལ་རིགས་དྲུག་ཏུ་ཡིག་འབྲུ་དྲུག་འཕྲོས་པས་སྤྲུལ་པ་མི་ཡུལ་ན་ཤཱཀ་ཐུབ། ལྷར་བརྒྱ་བྱིན། ལྷ་མིན་དུ་ཐག་བཟང་རིས། དུད་འགྲོར་སེང་གེ་རབ་བརྟན། ཡི་དྭགས་ན་ཁ་འབར་དེ་བ། དམྱལ་བ་ན་ཨ་ཝ་གླང་མགོ་སོགས་ཀྱི་སྤྲུལ་པ་ཡང་སྤྲུལ་གྲངས་མེད་སྟོན་པར་མཛད་དོ། །བདུན་པ་སྐྱེ་བ་སྤྲུལ་སྐུ་ནི། བཟོ་སྤྲུལ་སྐུ་སོགས་ནི་སྐུའི་སྐྱེ་བ་གཅིག་ནས་གཅིག་བརྒྱུད་དེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱིས་དངོས་བརྒྱུད་བར་གསུམ་དུ་གང་ལ་གང་འདུལ་སྟོན་པ་ད་ལྟའི་སྤྲུལ་སྐུ་རྣམས་སོ། །བརྒྱད་པ་སྣ་ཚོགས་སྤྲུལ་སྐུ་ནི། སངས་རྒྱས་ཀྱི་བྱིན་གྱིས་རླབས་ལས། བེམ་པོ་སྟེ་རས་བྲིས། རང་བྱོན། འབུར་དོད། ཡིག་རིགས། སྨན་རིགས། ནོར་བུ། དཔག་བསམ་གྱི་ཤིང་། སྐྱེ་མོས་ཚལ། ཁང་བཟང་། ཀུན་དགའ་ར་བ། གྲོང་ཁྱེར། གྲུ་གཟིངས། ཟམ་པ། མར་མེ། ཟས་གོས། གཞོན་པ་སོགས་ཀྱིས་གནས་སྐབས་དགའ་སྐྱིད་བདེ་བའི་ལས་དུ་མ་མཛད་ནས་མཐར་ཐུག་ཞི་བ་མཆོག་གི་ལམ་ལ་འགོད་པས་ན་སྣ་ཚོགས་སྤྲུལ་སྐུ་ཞེས་བྱའོ། །དེའང་བསྡུ་ན་འདི་ལྟ་སྟེ། རྒྱལ་བ་རྡོ་རྗེ་འཆང་དང་གཉིས་སུ་མ་དམིགས་པ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསུང་སེམས་ཉིད་ངལ་གསོ་ལས། དེ་ལྟར་ཐབས་དང་ཤེས་རབ་མཐར་ཕྱིན་ནས། །སྐུ་དང་ཡེ་ཤེས་ཕྲིན་ལས་ལྷུན་གྱིས་གྲུབ། །སེམས་དང་སེམས་བྱུང་ཀུན་གཞི་བཅས་པ་ཀུན། །ཆོས་ཀྱི་དབྱིངས་སུ་འཇུག་པ་རབ་ཞི་ཚེ། །དབྱིངས་དང་ཡེ་ཤེས་དབྱེར་མེད་རོ་གཅིག་གྱུར། །དེ་ཚེ་དག་པ་གཉིས་ལྡན་སྤྲོས་ཀུན་ཞི། །ཤིན་ཏུ་སྐྱེ་མེད་འོད་གསལ་སྙིང་པོའི་ངང་། །གནམ་གང་ཟླ་བ་དབྱིངས་སུ་ནུབ་པ་དང་། །ཕྲ་བའི་ཡེ་ཤེས་མཁའ་དབྱིངས་པདྨོར་འཁྱིལ། །གང་དུ་མི་རྟོག་ཞི་བ་བརྙེས་པའི་ཚེ། །ཆོས་ཉིད་མི་དམིགས་དུས་གསུམ་འཕོ་འགྱུར་མེད། །རང་བཞིན་གདོད་ནས་དག་པའི་ཆ་དེ་ལ། །མི་འགྱུར་རྡོ་རྗེའི་སྐུ་ཞེས་བརྗོད་པ་སྟེ། །གཞི་དབྱིངས་ཟད་པའི་ཆོས་དབྱིངས་མཐར་ཐུག་པའོ། །ཤེས་བྱའི་ཡུལ་ལ་དེ་བློ་མི་འཇུག་ཅིང་། །ཤེས་བྱེད་ཡུལ་ལ་འཛིན་པ་མི་དམིགས་ཀྱང་། །ནང་གསལ་མཁའ་དབྱིངས་ཟླ་བ་ནུབ་པ་ལྟར། །ཐིམ་ལ་མ་རྨུགས་ཕྲ་བའི་ཡེ་ཤེས་མཆོག །ཐམས་ཅད་མཁྱེན་ཆའི་འཆར་གཞི་ངོ་བོའི་ཚུལ། །དེ་ལས་གཟུགས་སྐུ་རྣམ་མཁྱེན་མཆེད་གྱུར་ཏེ། །འདི་དག་ཕྱི་རོལ་ཡུལ་ལ་མི་འཇུག་ཅིང་། །ཆད་པ་མ་ཡིན་ཤིན་ཏུ་ཕྲ་བའི་ཕྱིར། །རྟག་དང་ཆད་སོགས་མུ་བཞིའི་མཐའ་ལས་འདས། །སྨྲ་བསམ་བརྗོད་མེད་ཕ་རོལ་ཕྱིན་པའི་ངང་། །སྟོང་པའི་རང་བཞིན་དམིགས་པ་རབ་ཞི་བས། །རྒྱལ་བ་རྣམས་ལས་གཞན་གྱིས་སྤྱོད་ཡུལ་མིན། །ཆོས་དབྱིངས་ཕོ་བྲང་ཤིན་ཏུ་སྐྱེ་མེད་ན། །དུས་གསུམ་རྒྱལ་བ་ཐམས་ཅད་རྟག་བཞུགས་ཀྱང་། །གཅིག་གིས་གཅིག་མི་གཟིགས་ཏེ་ཆོས་ཉིད་ཕྱིར། །རང་བཞིན་ཟབ་ཅིང་བཞུགས་ཞེས་གསུངས་པའོ། །དེའི་ངང་ནས་རང་སྣང་ལོངས་སྤྱོད་རྫོགས། །གནས་ནི་ལྔ་ལྡན་ལོངས་སྐུའི་ཞིང་ཁམས་ཏེ། །གྲངས་ནི་ཚད་མེད་ནམ་མཁའི་དབྱིངས་ཀུན་ཁྱབ། །རིགས་ལྔ་ཡབ་ཡུམ་མཉམ་སྦྱོར་རྒྱན་རྣམས་རྫོགས། །འཁོར་ནི་ཉིད་ལས་མི་གཞན་རང་སྣང་འཁོར། །སེམས་བརྒྱད་སེམས་མ་བརྒྱད་དང་སྒོ་མ་བཞི། །ཞི་བའི་རང་བཞིན་བཞི་བཅུ་རྩ་གཉིས་ཏེ། །དྲུག་ནི་གཞན་ལ་སྣང་ཕྱིར་སྤྲུལ་པ་སྟེ། །གཉིས་ནི་དབྱིངས་ལ་གནས་ཕྱིར་ཆོས་ཀྱི་སྐུ། །འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །གཅིག་གིས་གཅིག་གཟིགས་དེ་ཡིས་བསྔགས་པ་བརྗོད། །དེ་ཡི་ངང་ལས་གདུལ་བྱའི་འཇིག་རྟེན་དུ། །རང་བཞིན་འགྲོ་འདུལ་སྣ་ཚོགས་སྤྲུལ་པའི་སྐུ། །རྣམ་པ་གསུམ་གྱིས་འགྲོ་བའི་དོན་མཛད་དེ། །དེ་ཡང་རང་བཞིན་སྤྲུལ་སྐུའི་སྟོན་པ་ནི། །རིགས་ལྔ་ཞི་ཁྲོའི་རྣམ་པ་སྣ་ཚོགས་ཤིང་། །ཡེ་ཤེས་ལྔ་ཡིས་དུག་ལྔའི་འགྲོ་བ་འདུལ། །འཁོར་སོགས་སྟོན་པ་ཉིད་ལས་གཞན་ཡིན་པས། །ཐམས་ཅད་ལོངས་སྤྱོད་རྫོགས་མིན་དེ་ཡི་ཕྱིར། །ཕྱེད་སྤྲུལ་ཉིད་དེ་རང་བཞིན་སྤྲུལ་པའི་སྐུ། །དག་པའི་སྣང་བ་རྣམས་ལ་སྣང་བ་ཡིན། །ས་གནས་རྣམས་ལས་གདུལ་བྱ་གཞན་མིན་ལ། །དེ་ཕྱིར་ཕྱེད་སྣང་སྤྲུལ་པའི་སྐུ་ཞེས་བྱའོ། །དེ་ཉིད་ངང་ལས་འགྲོ་འདུལ་སྤྲུལ་པའི་སྐུ། །ཐུབ་པ་དྲུག་གིས་འགྲོ་དྲུག་གནས་སུ་སྦྱངས། །དེ་ཡང་གཙོ་བོའི་གྲངས་ལྟར་སྤྲུལ་པ་དང་། །ཡང་སྤྲུལ་རྣམས་ནི་བསམ་གྱིས་མི་ཁྱབ་སྟེ། །མི་ལའང་གང་འདུལ་དེ་ལ་དེར་སྣང་བས། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་དང་། །རྒྱལ་པོ་ལ་སོགས་སྤྲུལ་ནས་མི་རྣམས་འདུལ། །དེ་བཞིན་བྱ་དང་རི་དྭགས་གྲོང་ཁྱེར་སོགས། །གང་ལ་གང་འདུལ་དེ་ལ་དེར་སྟོན་ཅིང་། །དེ་ལྟར་འགྲོ་འདུལ་རྣམས་ལ་ཡེ་ཤེས་གཉིས། །ཇི་ལྟ་ཇི་སྙེད་མཁྱེན་པའི་རྣམ་པ་གཉིས། །ཆོས་ཉིད་དང་ནི་ཆོས་ཅན་མ་འདྲེས་པར། །སོ་སོར་ཕྱེ་ནས་གདུལ་བྱའི་དོན་རྣམས་མཛད། །ཇི་ལྟར་སྟོང་པའི་ཡེ་ཤེས་དངོས་མཁྱེན་ནས། །འགྲོ་ལ་ཉེ་བར་བདེ་བའི་ཆོས་སྟོན་ཅིང་། །ཇི་སྙེད་ཡེ་ཤེས་སེམས་དང་དབང་པོ་སོགས། །མ་འདྲེས་མཁྱེན་ནས་ཆོས་ཚུལ་བསམ་ཡས་སྟོན། །འདི་ནི་མ་དག་འགྲོ་ལ་སྣང་བ་སྟེ། །ཞིང་གི་འགྲོ་དྲུག་འཇིག་རྟེན་དྲུག་རྣམས་སུ། །སྟོན་པ་འགྲོ་འདུལ་རང་སྣང་མཐུན་པ་ཡི། །ཆོས་ནི་མ་ངེས་ཐེག་པ་སྣ་ཚོགས་ཀྱི། །དུས་ནི་གདུལ་བྱའི་སྐལ་བར་འཚམས་པར་སྟོན། །འདི་ནི་ཚད་མེད་ཐུགས་རྗེའི་སྤྲུལ་པ་ཡིན། །དེ་ཉིད་ངང་ནས་སྣ་ཚོགས་སྤྲུལ་པའི་སྐུ། །སེམས་མེད་བེམ་པོའི་ཚུལ་དུ་སྣང་བ་སྟེ། །རས་བྲིས་འབུར་དང་རང་བྱུང་ཡིག་རིགས་སོགས། །མཆོད་རྟེན་པདྨ་དཔག་བསམ་སྐྱེད་མོས་ཚལ། །ཁང་བཟང་ཀུན་དགའ་ར་དང་གྲུ་གཟེངས་ཟམ། །མར་མེ་ནོར་བུ་ཟས་གོས་བཞོན་པ་སོགས། །གནས་སྐབས་དགའ་སྐྱིད་བདེ་བའི་དོན་མཛད་ནས། །མཐར་ཐུག་ཞི་བའི་ལམ་ལ་འགོད་པས་ན། །སྣ་ཚོགས་སྤྲུལ་པས་འགྲོ་དོན་ལྷུན་གྱིས་གྲུབ། །ཅེས་གསུངས་པ་ལྟར་འགྲོ་བ་རྣམས་གང་ལ་གང་འདུལ་གྱི་སྤྲུལ་པ་ཨ་སྤྲུལ་ཡང་སྤྲུལ་གྲངས་མེད་ཀྱི་མཛད་པ་ཕྲིན་ལས་འགྲོ་དོན་ཕ་མཐའ་ཡས་པ་རྒྱུན་མི་ཆད་པར་སྟོན་ཏོ། །དེ་ལྟར་གྲོལ་ལུགས་ཀྱི་རིམ་པས་མཐར་ཐུག་གི་འབྲས་བུ་ཕྱིར་མི་ལྡོག་པའི་གཏན་སྲིད་ཟིན་ནས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་དོན་རྒྱ་ཆེ་ལ་རྒྱུན་མི་ཆད་པར་ལྷུན་གྲུབ་ཏུ་འབྱུང་བ་སྟེ་སྐབས་བརྒྱད་པའི་རིམ་པ་རྒྱ་ཆེར་རྫོགས་སོ།། །།སླར་སྨྲས་པ༑ འཕགས་པ་ཀུན་ཏུ་བཟང་པོའི་དགོངས་པའི་དཔྱིད། །བརྒྱུད་གསུམ་བླ་མའི་ཐུགས་ཀྱི་ཏི་ལ་ཀ །གྲུབ་དབང་བླ་མའི་ཞལ་གྱི་བདུད་རྩི་མཆོག །ལུང་རིགས་མན་ངག་ཟབ་མོའི་བཅུད་དང་བཅས། །རྨོངས་པ་བདག་བློའི་ཡོལ་གོར་ཡོངས་འཁྱིལ་བ། །སྐལ་ལྡན་རྣམས་ལ་འཆི་མེད་གཏན་བདེའི་དཔལ། །སྟེར་ཕྱིར་གབ་སྦས་མེད་པར་བཀོད་པའི་དགེས། །གདམས་ཟབ་འདིར་ཞུགས་ཉམས་སུ་ལེན་པ་ཀུན། །ལེགས་སྨོན་འཇིགས་སྐྱོབ་འཇིག་རྟེན་ཆོས་བརྒྱད་དང་། །དགྲ་འདུལ་གཉེན་སྐྱོང་ཆགས་སྡང་རྨོངས་པའི་ལས། །ཞིང་ཁང་ཟས་ནོར་གསོག་སྲུང་ཚོང་ཁེ་སྤོག །འགྲོ་འདུག་སྨྲ་བརྗོད་འདུ་འཛི་རྣམ་གཡེང་གིས། །བར་མ་དོ་རུ་མི་ཚེ་ཟད་པ་དང་། །སྡིག་པ་མི་དགེའི་ལས་སུ་གྱུར་པ་ཀུན། །སྐྱུགས་ནད་ཅན་གྱི་ཟས་ལྟར་རིང་དུ་སྤོངས། །ཚེ་འདི་བློས་བཏང་དགེ་བཅུ་སྤྱོད་པར་ཤོག །ལུས་སྲོག་ལོངས་སྤྱོད་ཀུན་ལ་མི་ཆགས་ཤིང་། །ཡར་མཆོད་མར་སྦྱིན་ཚོགས་གསོག་སྒྲིབ་སྦྱོང་འབད། །ནམ་ཞིག་ཚེ་ཡི་འདུ་བྱེད་མཐར་ཕྱིན་ནས། །ཕུང་པོ་ཁྱོགས་ལ་བཏེགས་པར་མ་གྱུར་བར། །དེ་སྲིད་དབེན་པའི་རི་ལ་གནས་བཅས་ཏེ། །ཤ་ལྤགས་བསྐམས་ཤིང་རུས་པ་ཞིག་གྱུར་ཀྱང་། །སྐྱིལ་མོ་ཀྲུང་བཅས་བསམ་གཏན་ལེགས་བསྒོམ་པར། །སྲོག་དང་བཅས་ཏེ་ལུས་འདི་འདོར་ནུས་ཤོག །བརྒྱུད་ལྡན་གདམས་ཟབ་བདུད་རྩིས་ཐུགས་རྒྱུད་གཏམས། །ཐོས་བསམ་སྒོམ་པའི་ཡོན་ཏན་ཡོངས་སུ་རྫོགས། །ལུང་རྟོགས་སྨིན་གྲོལ་ཟབ་མོའི་བཅུད་དང་ལྡན། །རང་གནས་ཆོས་སྐུའི་ངོ་བོ་གཅེར་མཐོང་སྤྲོད། །ཉམས་མྱོང་དམར་ཁྲིད་ཁོ་ནས་ཞུན་མཐར་ཕུད། །གེགས་སེལ་བོགས་འབྱིན་ས་ལམ་གོང་དུ་སྤེལ། །རང་འདོད་ཆོས་བརྒྱད་དྲི་མ་རིང་དུ་སྤངས། །དེ་འདྲའི་མཚན་ལྡན་བླ་མས་རྗེས་འཛིན་ཤོག །བསྐལ་མང་ཚོགས་བསགས་དལ་བརྒྱད་འབྱོར་བཅུ་ཚང་། །ལས་འཕྲོ་བཟང་པོས་བློ་རྩེ་ཆོས་ལ་ཕྱོགས། །སྒོ་གསུམ་ཞི་དུལ་དག་སྣང་བློ་རྒྱ་ཡངས། །དད་བརྩོན་ཤེས་རབ་སྙིང་རྗེ་བྱང་སེམས་འབྱོངས། །འཕགས་ནོར་བདུན་ལྡན་དམ་ཚིག་སྡོམ་པ་གཙང་། །དབེན་གནས་ལ་མོས་སྙིང་པོའི་ཉམས་ལེན་བརྩོན། །བློ་གཏད་བླ་མ་ལ་བྱེད་བརྒྱུད་པ་འཛིན། །སེམས་ཅན་དོན་བྱེད་སློབ་ཚོགས་འདུ་བར་ཤོག །སྔོན་བྱོན་རྒྱལ་བས་ཞབས་བཅག་བྱིན་གྱིས་བརླབས། །གྲུབ་གཉིས་བརྙེས་ཤིང་སྐུ་གཉིས་ཐོབ་པའི་ཞིང་། །གནས་ཡུལ་དུར་ཁྲོད་བས་མཐའ་རྒྱ་མཚོའི་གླིང་། །གངས་རི་གཡའ་སྤང་ནགས་ཚལ་བྲག་སྐྱིབས་ཕུག །བྱ་གཅན་རི་དྭགས་བག་ཡངས་རྩེ་བ་ན། །ཆུ་གཙང་ལོ་འབྲས་རྡེའུ་བཅུད་ལེན་སོགས། །སྲོག་འཚོ་ལྷགས་སྐྱོབ་ཙམ་གྱི་དཀའ་ཐུབ་བཅས། །ཉིན་མཚན་བར་མེད་སྒྲུབ་པས་དུས་འདའ་ཤོག །ཞི་བར་གནས་ནས་ཉམས་ཀྱི་རྩལ་ཆེན་རྫོགས། །རྟོགས་པའི་དྭངས་སྙིགས་གྲུང་ནས་འབྱིན་གྱུར་ཚེ། །མ་རིག་གནས་མེད་འཛིན་པ་རང་སར་གྲོལ། །ཆོས་དབྱིངས་ཁྱབ་བརྡལ་སྣང་བ་རྒྱ་ཡན་འཆར། །འཁོར་འདས་དབྱེར་མེད་གདོད་མའི་གནས་ལུགས་དང་། །རང་རིག་འགྱུར་མེད་ཆོས་སྐུའི་གཏན་སྲིད་ཟིན། །བྱར་མེད་བློ་འདས་རྫོགས་ཆེན་འོབས་སུ་ཆུབ། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །གདམས་ཟབ་གནད་ཀྱི་མཐར་ཐུག་རྫོགས་པ་ཆེ། །འབྲས་བུ་ལམ་བྱེད་གསང་མཆོག་ཟབ་མོའི་དོན། །ལུས་དཀྱིལ་སྐུ་གསུམ་རྣམ་དག་གནས་པ་ཉིད། །མན་ངག་ཐབས་ཀྱིས་མངོན་སུམ་གཏན་ལ་འབེབས། །སྒྲོན་མ་བཞི་ཡི་ཉམས་སྣང་གོང་དུ་འཕེལ། །རིག་རྩལ་ལོངས་སྐུའི་ཞིང་ཁམས་ཚད་ལ་ཕེབས། །ཆོས་ཟད་ཆོས་སྐུའི་དགོངས་པ་མངོན་གྱུར་ནས། །འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་ཤོག །རབ་ནི་ཚེ་འདིར་ཆོས་སྐུར་མངོན་འཚང་རྒྱ། །འབྲིང་ནི་བར་དོའི་སྣང་བ་ལོངས་སྐུར་གྲོལ། །ཐ་མ་སྐྱེ་བ་སྤྲུལ་པའི་སྐུར་འཁྲུངས་ཏེ། །རིམ་བཞིན་ཆོས་སྐུའི་གཏན་སྲིད་ཟིན་འགྱུར་ཞིང་། །དེ་ལས་གཟུགས་སྐུའི་རྣམ་པ་དཔག་མེད་མཆེད། །འདོད་འབྱུང་ནོར་དང་བུམ་བཟང་དཔག་བསམ་བཞིན། །གང་འདུལ་དེར་སྟོན་འགྲོ་ཁམས་འདུལ་ཕྱིར་དུ། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་ཤོག །རྡོ་རྗེ་རྩེ་མོའི་བསྟན་པ་ཉིན་བཞིན་གསལ། །དེར་འཛིན་སྐྱེས་བུའི་པད་ཚལ་ཕྱོགས་བརྒྱར་བཞད། །ལུང་རྟོགས་ཐོས་བསམ་སྒོམ་པའི་རྩི་བཅུད་རྒྱས། །འགྲོ་ཁམས་རྐང་དྲུག་གཏན་བདེའི་དཔལ་ཐོབ་ཤོག །དཔལ་ལྡན་བླ་མའི་ཐུགས་དགོངས་ཀུན་གསལ་དབྱིངས། །རབ་དྭངས་ཐུགས་རྗེའི་ཉི་འོད་རབ་གསལ་བས། །བདག་གཞན་ནང་གི་མུན་པ་དྲུངས་ཕྱུང་ནས། །ཕན་བདེའི་པདྨོ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་རྫོགས་པ་ཆེན་པོའི་ཁྲིད་ཀྱི་རིམ་པ་བརྒྱུད་ལྡན་གྲུབ་དབང་བླ་མའི་ཞལ་ལུང་མན་ངག་ཟབ་མོའི་བརྒྱན་པ་འདི་ནི། གནས་མཆོག་ལྷ་བྲག་དཀར་པོའི་ཉེ་འདབས་གསོལ་སྡེར་བཀྲ་ཤིས་འཁྱིལ་བའི་ཡང་སྟེང་༧དཔལ་གྲུབ་པའི་དབང་ཕྱུག་ཤཱཀྱ་ཤྲཱི་ཛྙཱ་ནའི་གདན་ས་གཟིམ་རྩེ་ཉི་འོད་འཁྱིལ་བར་རང་ཉིད་ཐོས་བསམ་གྱི་སྤྱི་རྒྱ་ཆོད་པའི་བརྩོན་པ་དབེན་རུང་། ཚེ་འདིའི་འཁྲི་བ་བཙན་ཐབས་སུ་བཅད་ནས་བགྲང་བྱ་དུ་མར་སྙིང་པོའི་སྒྲུབ་པ་རྩེ་གཅིག་བར་མེད་དུ་བསྒྲུབས་པས་རྟོགས་པའི་རྩལ་ཆེན་ཅིག་ཅར་དུ་རྫོགས་ཤིང་བསྒོམས་སྟོབས་ཀྱི་ཤེས་རབ་ཟབ་མོའི་ཀློང་རྡོལ་ཏེ། རྒྱལ་བ་རྫོགས་པའི་སངས་རྒྱས་མི་གཟུགས་སུ་བྱོན་པ་ཀློང་ཆེན་རབ་འབྱམས་བཟང་པོ་དང་། རྩ་བའི་བླ་མ་གྲུབ་པའི་དབང་ཕྱུག་ཤཱཀྱ་ཤྲཱི་ཛྙཱ་ན་སོགས་ཡུལ་དམ་པ་རྣམས་ལ་མོས་གུས་བཟོད་མེད་དུ་འབར་ཞིང་། སེམས་ཅན་རྣམས་ལ་ཕན་འདོད་ཀྱི་སྙིང་རྗེ་དྲག་པོ་ཡང་ཡང་སྐྱེས་པ་སོགས་ཀྱིས་བསྐུལ་མ་གདབ་ནས། བློ་དམན་གོ་མྱོང་ཕྱོགས་རེ་བ་བདག་ལྟ་བུ་ལ་ཅུང་ཟད་སྨན་དུ་རེ་བའི་ཀུན་སློང་ལྷག་བསམ་བཟང་པོའི་ཤུགས་དང་བཅས་ཏེ། ཚིག་ཚོགས་ཀྱི་ན་ཡམ་གོ་བ་སྐམ་པོ་ཙམ་མ་ཡིན་པར། ཉམས་མྱོང་གི་དམར་ཁྲིད་ལག་ལེན་དུ་འདེབས་བདེ་བའི་དབང་དུ་བྱས་པ་སྟེ། དང་པོ་ཀུན་གཞི་དང་ལྟ་བའི་རྣམ་བཞག་གཏན་ལ་འབེབས་ལུགས། བར་དུ་སྒོམ་པ་ཉམས་སུ་ལེན་ཞིང་སྤྱོད་པའི་བོགས་དབྱུང་ལུགས། མཐར་ཐུག་འབྲས་བུ་ཐོབ་ནས་གྲོལ་ལུགས་རྣམ་པ་གསུམ་གྱིས་སངས་རྒྱས་ཀྱི་གོ་འཕང་བརྙེས་ནས་འགྲོ་དོན་དུ་ཕྲིན་ལས་རྒྱུན་ཆད་མེད་པར་འབྱུང་ཚུལ་སོགས། འཆད་ཉན་དང་ཉམས་ལེན་བདེ་ཕྱིར་རྒྱས་བསྡུས་གང་མཚམས་སུ་བྱས་པ་འདི་ནི། སྙིང་ཐིག་མ་བུ་རྣམས་ལ་གོ་མྱོང་རྟོགས་གསུམ་བྱང་ཞིང་ཆུབ་པར་བྱས་ཤིང་། གཞི་ལམ་འབྲས་གསུམ་དབྱེ་བ་སོགས་སོ་སོར་རང་རིག་པས་ཐོས་བསམ་སྒོམ་པས་རྩད་བརྡར་བཅད་ཅིང་། སྔོན་བསུ་རྗེས་དཔྱོད་རེ་དོགས་འབད་རྩོལ་སོགས། བློ་གྲོས་ཀྱི་དྲི་མ་ངན་པས་མ་བསླད་པར། གང་དྲན་ཐམས་ཅད་བཟོ་བཅོས་མེད་པར་ཤུགས་འབྱུང་ཆེན་པོར་ལམ་དུ་བསླང་སྟེ། ༧སྲས་མིང་ས་མཱནྟ་བཛྲས་རབ་རྒྱལ་ལྕགས་ལུག་སྨིན་ཟླའི་དཀར་ཕྱོགས་ཀྱི་བཟང་པོ་གཉིས་པར་གྲུབ་པར་བགྱིས་པ་འདིས་ཀྱང་། ངེས་གསང་རྫོགས་པ་ཆེན་པོའི་བསྟན་པ་ཉིན་མོ་ལྟར་གསལ་ཞིང་། དེ་འཛིན་གྱི་སྐྱེས་བུ་ཐམས་ཅད་སྐུ་ཚེ་བསྐལ་བརྒྱའི་བར་དུ་བསྟན་པ་དང་། གདམས་ཟབ་ཀྱི་རིམ་པ་མདོ་དོན་གཅིག་ཏུ་དྲིལ་ནས་ཉན་བསམ་སྒོམ་པས་ཉམས་སུ་ལེན་པར་འདོད་པ་རྣམས་ལ་ཤེས་རབ་ཀྱི་མིག་ཟབ་མོར་གྱུར་ཏེ། གདོད་མའི་གནས་ལུགས་མངོན་དུ་གཟིགས་པའི་དཔལ་བླ་མེད་ལྷུན་གྱིས་གྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།