SPCD-KABUM-03-GA-002: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
No edit summary |
||
Line 20: | Line 20: | ||
<onlyinclude> | <onlyinclude> | ||
{{TibP| | {{TibP| | ||
༄༅། །ངེས་དོན་ཕྱག་རྒྱ་ཆེན་པོའི་ཁྲིད་རིམ་གྱི་ཟིན་ཐུན་རྒྱལ་ཀུན་དགྱེས་པའི་གསང་མཛོད་བཞུགས།། | |||
༄༅། །རིགས་ཀུན་ཁྱབ་བདག་རྒྱལ་བ་རྡོ་རྗེ་འཆང་། །བརྟུལ་ཞུགས་གྲུབ་བརྙེས་ཏཻ་ལོ་ནཱ་རོ་དང་། །མཁས་ཤིང་གྲུབ་པ་མར་མི་དྭགས་པོ་སོགས། །བརྒྱུད་ལྡན་བླ་མ་རྣམས་ལ་གུས་པས་འདུད། །རྒྱལ་བ་ཀུན་གྱི་བྱིན་རླབས་གཅིག་བསྡུས་པ། །ངེས་དོན་སྒྲུབ་བརྒྱུད་རྟོགས་པའི་བཀའ་བབ་མཆོག །ཕ་རྒོད་གྲུབ་བརྙེས་བཀའ་དྲིན་སུམ་ལྡན་ལ། །བཟོད་མེད་མོས་གུས་སྙིང་ནས་འབར་བས་བཏུད། །བདག་ཅག་ཁྱོད་ཀྱི་རྗེས་སུ་ཞུགས་པ་རྣམས། །ཚེ་འདི་བློས་ཐོངས་དབེན་པའི་རི་ལ་སྙོགས། །མོས་གུས་བྱང་སེམས་ཡང་དག་ལྟ་བ་འབྱོངས། །ཕ་རྗེས་བུ་ཡིས་ཟིན་པར་བྱིན་གྱི་རློབས། །འོད་གསལ་ཕྱག་རྒྱ་ཆེན་པོ་ཡི། །བྱིན་རླབས་བརྒྱུད་པའི་ལོ་རྒྱུས་དང་། །གདམས་པའི་རིམ་པ་འཆད་ཚུལ་ལ། །རྨོངས་པ་བདག་འདྲའང་རབ་མོས་ཤིང་། །ལྷག་བསམ་དག་པས་མཚམས་སྦྱར་ཏེ། །མདོ་ཙམ་ཡི་གེར་བཀོད་པ་ལ། །བླ་མ་དཔའ་བོ་ཌཱ་ཀི་མས། །བྱིན་རླབས་གནང་བ་སྩལ་དུ་གསོལ། །འཆད་རྩོད་རྩོམ་ལ་ཆགས་ཐོགས་མེད་པའི་ལྷ། །འཇམ་དབྱངས་ངག་དབང་ལྷ་མོ་དབྱངས་ཅན་མས། །བདག་བློ་རྨོངས་པའི་མུན་པ་ཀུན་སེལ་ལ། །མཁྱེན་རབ་རལ་གྲི་མཆོག་ཏུ་འོད་འབར་བས། །མཐོང་ཐོས་དྲན་པ་ཙམ་གྱིས་བློ་གྲོས་བསྐྱེད། །རིང་ནས་ཞུགས་པའི་གཏི་མུག་གདོན་དང་ཕྲོལ། །མཁྱེན་གཉིས་བློ་གྲོས་རྩལ་ཆེན་རབ་ཏུ་རྫོགས། །ཇི་ལྟ་ཇི་སྙེད་ཆོས་ཀྱི་གཏེར་མཛོད་བརྡོལ། །རབ་འབྱམས་གདམས་པའི་མངའ་དབང་མཛོད་དུ་བསྒྱུར། །རྟོགས་ལྡན་གྲུབ་པའི་ཁྱུ་ཚོགས་བགྲང་ཡས་ཀྱིས། །ཟབ་དོན་བསྟན་པ་སྤེལ་བའི་ཤིས་པ་སྩོལ། །ཅེས་བླ་མ་དང་མཁའ་འགྲོའི་ཚོགས་ལ་འདོད་དོན་ཞུ་བ་དང་། ཤིས་པའི་ཚིག་སྔོན་དུ་བཏང་ནས། རྒྱལ་བ་སྲས་དང་བཅས་པའི་བགྲོད་པ་གཅིག་པའི་གསེང་ལམ། མདོ་རྒྱུད་ཐམས་ཅད་ཀྱི་ཉིང་ཁུ། གྲུབ་ཐོབ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱི་དགོངས་པའི་ཞེ་ཕུག་མཐར་ཐུག་པ་འོད་གསལ་ཕྱག་རྒྱ་ཆེན་པོ་འདིའི་གདམས་པ་གསལ་བར་བཀོད་པ་ལ་ས་བཅད་བཅུ་གསུམ་སྟེ། དང་པོ་གང་དག་ཡིད་ཆེས་ཤིང་ཁུངས་བཙུན་པའི་ཕྱིར་གང་ལས་བྱུང་བའི་གྲུབ་ཐོབ་བརྒྱུད་པའི་ལོ་རྒྱུས་བསྟན་པ་དང་གཅིག །གདམས་པ་དེ་ཉིད་གང་གིས་སྟོན་པའི་བླ་མའི་མཚན་ཉིད་དང་གང་ལ་བསྟན་ཡུལ་སློབ་མའི་སྣོད་བརྟག་པ་དང་གཉིས། བླ་སློབ་རྟེན་འབྲེལ་འགྲིགས་ནས་ཁྲིད་རིམ་ཇི་ལྟར་སྟོན་པའི་རིམ་པ་དང་གསུམ། བསྟན་བྱའི་གདམས་པ་འདི་ཉིད་གཞན་ལས་ཁྱད་པར་འཕགས་ཚུལ་དང་བཞི། དེ་ཉིད་ཚུལ་ཇི་ལྟ་བུས་ཉམས་སུ་བླང་བྱའི་གནས་དང་ཉམས་ལེན་སྔོན་འགྲོ་བླ་མའི་རྣལ་འབྱོར་བསྒོམ་པ་གལ་ཆེ་བར་གདམས་པ་དང་ལྔ། དངོས་གཞི་ཐུན་མོང་སེམས་གཏན་ལ་འབེབས་བྱེད་ཞི་གནས་རྩེ་གཅིག་སྒོམ་པ་དང་དྲུག །ལྟ་བ་གཏན་ལ་འབེབས་བྱེད་སྤྲོས་བྲལ་གྱི་རྣལ་འབྱོར་སྒོམ་པ་དང་བདུན། དངོས་གཞི་ཐུན་མིན་སྣང་བ་གཏན་ལ་འབེབས་བྱེད་རོ་གཅིག་གི་རྣལ་འབྱོར་དང་བརྒྱད། འཁོར་འདས་དབྱེར་མེད་དུ་གཏན་ལ་འབེབས་བྱེད་བསྒོམ་མེད་ཀྱི་རྣལ་འབྱོར་དང་དགུ། ལྟ་སྒོམ་དབྱེར་མེད་དུ་གཏན་ལ་འབེབས་བྱེད་སྤྱོད་པས་བོགས་དབྱུང་བ་དང་བཅུ། ལམ་ལ་གོམས་པས་ས་ལམ་དྲོད་རྟགས་དྲང་དོན་ཐེག་ཆེན་ལས་བསྟན་པ་རྣམས་ངེས་དོན་ཕྱག་རྒྱ་ཆེན་པོའི་ཀློང་དུ་གཅིག་ཅར་དུ་བཟླུམ་ནས་མཐར་ཐུག་འབྲས་བུ་རང་དོན་ཆོས་སྐུའི་རྒྱལ་ས་ཟིན་པ་དང་གཞན་དོན་འཁོར་བ་མ་སྟོངས་བར་རྒྱ་ཆེ་ལ་རྒྱུན་མི་འཆད་པར་འབྱུང་བའི་རིམ་པ་དང་བཅུ་གཅིག །དེ་དག་གི་རྒྱབ་ཆོས་ལྟ་བུར་རྣལ་འབྱོར་བཞི་ལ་གང་ཟག་བློ་རིམ་གྱིས་ཕྱེ་བས་བཞི་གསུམ་བཅུ་གཉིས་སུ་ངོས་འཛིན་པ་དང་བཅུ་གཉིས། གེགས་དང་གོལ་ཤོར་གཅོད་པའི་མན་ངག་སྤྱི་དང་བྲེ་བྲག་གོ་མྱོང་རྟོགས་པའི་སྤུ་རིས་ཕྲ་ཞིབ་ཏུ་ཕྱེ་བ་དང་བཅུ་གསུམ་གྱིས་གཞུང་དོན་ལེགས་པར་བསྟན་པའམ། ཡང་ན་ཐོག་མར་དགེ་བ་ཡིད་ཆེས་བསྐྱེད་པའི་ལོ་རྒྱུས་སྨོས་ནས་དཔོན་སློབ་ཀྱི་རྟེན་འབྲེལ་བརྟགས་ཤིང་གདམས་ངག་དམར་ཁྲིད་དུ་བཏབ་ནས་སྒོམ་དགོས་པའི་རྒྱུ་མཚན་དང་བཅས་ཏེ་བཤད་པ་དང་། བར་དུ་དགེ་བ་མདོ་སྔགས་ཀྱི་ཁྱད་པར་དང་། དེ་ལས་རྡོ་རྗེ་ཐེག་པ་བླ་མེད་ཀྱི་ལམ་ཁྱད་པར་འཕགས་ཚུལ་བསྟན་ནས་དངོས་གཞིའི་ཁྲིད་རིམ་རྒྱས་པར་འཆད་པ་དང་། ཐ་མར་དགེ་བ་ས་ལམ་བགྲོད་ནས་འབྲས་བུ་མཐར་ཐུག་མངོན་དུ་བྱས་ཏེ་མཛད་པ་ཕྲིན་ལས་འབྱུང་ཚུལ་དང་། ཞར་བྱུང་ཉམས་རྟོགས་སྐྱེ་ལུགས་གང་ཟག་གི་དབྱེ་བ་དང་། ཉམས་མྱོང་གི་ཤན་འབྱེད། ལས་དང་པོ་པས་གནས་ལུགས་ཇི་ལྟར་བསྐྱངས་ཚུལ་དང་བཅས་ཏེ་བཤད་པ་དང་གསུམ་ལས། དང་པོ་ཐོག་མར་དགེ་བའི་ཁྲིད་ལ། དེ་ཡང་སྐྱེ་བོ་རྨོངས་པ་ཐེ་ཚོམ་ཅན་རྣམས་ལྷག་པར་ཡིད་ཆེས་པའི་ཕྱིར་དུ་བླ་མ་གྲུབ་ཐོབ་བརྒྱུད་པའི་ལོ་རྒྱུས་དང་ཆོས་ཀྱི་འབྱུང་ཁུངས་དང་ཆེ་བ་སོགས་མདོ་ཙམ་བསྟན་པར་བྱ་དགོས་ཏེ། ཇི་སྐད་དུ། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་གསུངས་པ་ལྟར། དེའང་ཐོས་ཆུང་རང་ལྟ་བུ་ལ་གོ་སླ་གཙོ་བོར་གཟུང་ནས་སྙིང་པོ་རྣམས་ཅུང་ཟད་འཆད་པ་ལ་གནས་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ན། སྟོན་པ་རིགས་དྲུག་གི་ཁྱབ་བདག་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་ཉིད་ལོངས་སྤྱོད་རྫོགས་པའི་སྐུར་མངོན་པར་བཞེངས་ཏེ་སྤྲུལ་པ་དཔག་ཏུ་མེད་པས་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ཡང་། གདུལ་བྱ་གང་ལ་གང་གདུལ་གྱིས་མོས་པ་དང་འཚམས་པར་ཆོས་སྒོ་ཇི་ལྟ་ཇི་སྙེད་ཅིག་གསུངས་པའི་ནང་ཚན། དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གྱུར་མདོ་སྔགས་ཆོས་ཚུལ་ཀུན་གྱི་ཡང་སྙིང་ངེས་དོན་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ལྟ་བ་ཞེས་ཡོངས་སུ་གྲགས་པ་འདི་ཡི་བརྒྱུད་པའི་བཀའ་བབ་ལ་ཉེ་རིང་གཉིས་སུ་བཤད་དེ། དང་པོ་རིང་བརྒྱུད་ལ་རྡོ་རྗེ་འཆང་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་དང་། ས་ར་ཧ་སོགས་བཀའ་བབ་བཞི་ནས་བརྒྱུད་ཚུལ་གྱི་རྣམ་གྲངས་མང་བར་གསུངས་པ་དག་དང་། ལྷག་པར་ཉེ་བརྒྱུད་ཟབ་མོ་ནི་གྲུབ་ཆེན་ཏཻ་ལོ་པའམ་མཚན་གཞན་ཤེས་རབ་བཟང་པོ་དེ་ཉིད་ཀྱིས་རྡོ་རྗེ་འཆང་དངོས་ཀྱི་ཞབས་ལ་གཏུགས་ཏེ་ལུས་མེད་མཁའ་འགྲོའི་ཆོས་སྐོར་སོགས་ལམ་བསྐྱེད་རྫོགས་ཀྱི་རིམ་པ་མང་དུ་གསན། དེ་དག་གི་དོན་གནད་རྣམས་གཅིག་ཏུ་དྲིལ་བ་ཐུགས་ཉམས་སུ་བསྟར་ནས་འོད་གསལ་ཕྱག་རྒྱ་ཆེན་པོའི་མཆོག་གི་དངོས་གྲུབ་ཐོབ་པར་མཛད་ཅིང་། གཞན་དོན་ནི་ཨུ་རྒྱན་གྱི་ཡུལ་དུ་གདུལ་བྱ་སྐལ་ལྡན་རྣམས་ལ་གདམས་ངག་བཏབ་པས། ཡུལ་གྲུ་བཅུ་གཉིས་པོའི་སྐྱེ་བོ་ཕོ་མོ་རྣམས་མཁའ་སྤྱོད་དུ་གཤེགས་པས་གྲོང་སྟོང་པར་མཛད་པ་སོགས་བརྟུལ་ཞུགས་གྲུབ་བརྙེས་ཀྱི་རྣམ་ཐར་བསམ་བརྗོད་ལས་འདས་པ་དེ་ཉིད་ལ། སློབ་མ་ས་ཆེན་པོའི་རྡུལ་ཙམ་ཡོད་པའི་ནང་ནས་ཡི་དམ་ལྷའི་ལུང་བསྟན་པ་དཔལ་ནཱ་རོ་པའམ་མཚན་གཞན་སྙན་གྲགས་བཟང་པོ་དེ་ཉིད་ཀྱིས་གུས་པས་ཞབས་ལ་གཏུགས་ཏེ་དཀའ་བ་འདྲ་མིན་ཆེ་ཕྲ་ཉི་ཤུ་རྩ་བཞི་སོགས་སྤྱད་ཅིང་། ཉིན་གཅིག་མྱ་ངམ་གྱི་ཐང་དུ་ལུས་ཀྱི་མཎྜལ་ཕུལ་བའི་མཐར་མཆིལ་ལྷམ་དཔྲལ་བར་བརྒྱབས་ཏེ། ཀྱེ་ཧོ། འདི་ནི་རང་བྱུང་ཡེ་ཤེས་ཏེ། །ཞེས་སོགས་ཆོས་ཚིག་བཞི་ཞིག་གསུངས་པའི་མཐར་ཅུང་ཟད་བརྒྱལ་ཞིང་བརྒྱལ་བ་སངས་མ་ཐག་བླ་མ་དང་རྟོགས་པ་རོ་མཉམ་དབྱེར་མེད་དུ་གྱུར་ནས་རྡོ་རྗེ་གདན་དང་། ནཱ་ལེནྡྲ་སོགས་སུ་འཁོར་སློབ་དཔག་ཏུ་མེད་པ་ལ་བཤད་སྒྲུབ་ཀྱི་བསྟན་པ་བཙུགས་པས་སྙན་གྲགས་ས་སྟེང་ཐམས་ཅད་ལ་ཁྱབ་པར་མཛད་ཅིང་། བུ་སློབ་གནམ་སྐར་ཙམ་ཡོད་པའི་ནང་ནས་གཙོ་བོ་ལྷོ་བྲག་མར་པ་ལོ་ཙཱ་ཞེས་པ་དེ་སྔོན་སྦྱང་གི་བག་ཆགས་སད་དེ་དགུང་ལོ་བཅུ་གཉིས་ལོན་པ་ན་སློབ་དཔོན་བསྟེན་ཅིང་ཡིག་རིགས་དང་སྒྲ་སྐད་ལ་སོགས་པ་བསླབ་སྦྱོང་ཕུལ་དུ་ཕྱིན་པ་མཛད། ཁྱད་པར་དུ་སྔགས་ཀྱི་ཆོས་ལ་མོས་པ་ལྷག་པར་སྐྱེས་ནས་སྐུ་ཆས་གང་ཡོད་གསེར་དུ་བསྒྱུར་ཏེ་རྒྱ་གར་དུ་སྔ་ཕྱིར་ལན་གསུམ་དུ་བྱོན་པའི་ལམ་ཁར་དཀའ་སྤྱད་ངལ་དུབ་དཔག་ཏུ་མེད་པར་བགྲོད་ནས་པཎ་ཆེན་ནཱ་རོ་པ་དང་། མངའ་བདག་མཻ་ཏྲི་པ། སློབ་དཔོན་ཀུ་ཀུ་རི་པ་སོགས་ཀྱི་ཞལ་སྔར་སྔ་ཕྱིར་ལོ་བཅུ་གཉིས་སུ་བཞུགས་ནས་ཕྱི་མདོ་སྔགས་ལ་གསན་སྦྱངས་མཐར་ཕྱིན་པ་དང་། ནང་ཟབ་དོན་གནད་ཀྱི་མན་ངག་ལ་བརྟེན་པས་སངས་རྒྱས་ཀྱི་དགོངས་པ་མངོན་སུམ་རྟོགས་ཤིང་སྔགས་ཀྱི་རྒྱུད་སྡེ་དགོངས་འགྲེལ་མན་ངག་མང་པོ་བོད་ཀྱི་སྐད་དུ་བསྒྱུར། སླར་བོད་ལ་ཕེབས་ནས་མེས་རྔོག་མཚུར་གསུམ་དང་རྗེ་བཙུན་མི་ལ་སོགས་སློབ་མ་ལས་ཅན་དུ་མ་རྗེས་སུ་བཟུང་བའི་ནང་ནས་དཀའ་སྤྱད་ཕུལ་ཕྱིན་རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་ཉིད་ཀྱིས། བླ་མ་མཉེས་པའི་ཞབས་ཏོག་ཏུ་སྲས་མཁར་དགུ་ཐོག་བཞེངས་པ་སོགས་དཀའ་བ་དཔག་ཏུ་མེད་པ་སྤྱད་པའི་མཐར། ཆོས་དང་གདམས་ངག་ཐམས་ཅད་བུམ་པ་གང་བྱོ་དུ་གནང་བ་གསན་བཞེས་ལེགས་པར་མཛད་དེ་སྒྲུབ་གནས་ཁྱད་འཕགས་རྣམས་སུ། དགུང་ལོ་བཅོ་བརྒྱད་བར་ཚྭ་མེད་སྡོར་མེད་ཀྱི་ཟྭ་ཚོད་ཁོ་ན་གསོལ་བ་སོགས་དཀའ་སྤྱད་དཔག་མེད་མཛད་བཞིན་སྒྲུབ་པའི་རྒྱལ་མཚན་བཙུགས་པས། རང་དོན་རྟོགས་པའི་རྒྱལ་ས་ཟིན་ཏེ་མངོན་ཤེས་དང་རྫུ་འཕྲུལ་དཔག་ཏུ་མེད་པ་ལ་མངའ་དབང་འབྱོར་ནས་གཞན་དོན་ལྷ་འདྲེ་མི་གསུམ་སོགས་བྲན་དུ་བཀོལ་ཞིང་། འཁོར་སློབ་ཀྱང་ཉི་ཟླ་དང་རྒྱུ་སྐར་བཞིན་དུ་ཁྱབ་པར་བྱུང་བའི་ནང་ཚན། མདོ་སྡེ་ཏིང་ངེ་འཛིན་རྒྱལ་པོ་སོགས་ནས་ལུང་གིས་ཟིན་པ་ཆོས་ཀྱི་རྒྱལ་པོ་དྭགས་པོ་ལྷ་རྗེ་ཞེས་པ་དེ་ཉིད། དང་པོ་ཐོས་བསམ་སྒོམ་པའི་ཡོན་ཏན་ལ་མངའ་དབང་བརྙེས་པར་མཛད་ཅིང་། སངས་རྒྱས་བྱང་སེམས་བསམ་གྱིས་མི་ཁྱབ་པའི་ཞལ་གཟིགས་པ་སོགས་མཆོག་ཐུན་གྱི་གྲུབ་པ་བརྙེས་པའི་རྟགས་མཚན་དུ་མ་མངོན་དུ་གྱུར་ཅིང་། དྭགས་ལྷ་སྒམ་པོར་ལོ་བཅུ་གཉིས་སུ་སྒྲུབ་པའི་དམ་བཅའ་མཛད་པའི་སྐབས། ཡེ་ཤེས་ཀྱི་མཁའ་འགྲོ་མས་ད་སྒྲུབ་པ་བས་བསྟན་པ་སྤེལ་བ་ལེགས་ཞེས་ལུང་བསྟན་པ་ལྟར་བཀའ་ཕྱག་ཆུ་བོ་གཅིག་འདྲེས་ཀྱི་གདམས་ཟབ་སྤེལ་བས་སྣོད་ལྡན་གྱི་སློབ་མ་སྤྲིན་བཞིན་དུ་འདུས་ཏེ། བཀའ་བརྒྱུད་ཀུན་གྱི་འབྱུང་གནས་ཆེན་པོ་རུ་གྱུར་ཅིང་འབྲེལ་ཚད་དཔག་མེད་ཐར་པའི་ལམ་ལ་བཀོད་པའི་ནང་ཚན། དྭགས་པོ་ཉིད་དང་སྤངས་རྟོགས་ཀྱི་ཡོན་ཏན་མཉམ་པ་སངས་རྒྱས་འཁོར་བ་འཇིག་གི་རྣམ་པར་འཕྲུལ་པ་རྗེ་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་ཞེས་པ་དེས། སྤྱིར་ཁམས་དབུས་ཀྱི་མཁས་གྲུབ་དུ་མར་བསྟེན་ཏེ་སྡེ་སྣོད་ཐམས་ཅད་ཀྱི་མངའ་བདག་ཏུ་གྱུར་པ་དང་། ཁྱད་པར་དུ་ཕྱག་རྒྱ་ཆེན་པོའི་དགོངས་པ་བཅོས་མིན་དུ་གཟིགས་པས། གནས་གསུམ་མཁའ་འགྲོའི་ཚོགས་ཀྱི་རྗེ་བོར་མཛད་ཅིང་། ལྷ་འདྲེ་མི་གསུམ་མཐོང་ཐོས་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་བཀོད་པའི་ནང་ཚན། གྲུབ་ཐོབ་ཀྱི་རྒྱལ་པོ་གླིང་ཆེན་རས་པའམ་པདྨ་རྡོ་རྗེ་ཞེས་གྲགས་པ་དེ་ཉིད་ཀྱིས་དཔལ་ཕག་མོ་གྲུ་པ་ཞལ་མཇལ་མ་ཐག །སངས་རྒྱས་དངོས་ཀྱི་འདུ་ཤེས་བཅོས་མིན་དུ་སྐྱེས་ཏེ་རྟོགས་གྲོལ་དུས་མཉམ་དུ་བསྒོམ་མེད་ཆེན་པོར་ན་འཕར་བའི་སྐབས་སུ། བླ་མས་ཆུ་བོ་གངྒཱའི་ཕ་རོལ་ན་ས་ར་ཧ་དང་། ཚུལ་རོལ་ན་ཁྱོད་ལས་རྟོགས་པ་མཐོ་བ་སུའང་མེད་ཅེས་ཞལ་གྱིས་བཞེས་ཤིང་། དེ་བཞིན་རྡོ་རྗེ་རྣལ་འབྱོར་མས་ཆོས་ཀུན་འདུས་པའི་གླེགས་བམ་གནང་བས། གསུང་རབ་ཡོངས་ལ་ཆགས་ཐོགས་མེད་པ་དགོངས་པའི་ཀློང་རྡོལ་ནས་འབྲེལ་ཚད་ཐར་པའི་ལམ་ལ་བཀོད་པར་མཛད་པའི་ནང་ནས་ཐུགས་ཀྱི་སྲས། མདོ་རྒྱུད་གཏེར་ཁ་དུ་མ་ནས་ལུང་གིས་ཟིན་པ་འགྲོ་མགོན་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེ་ཞེས་པ་དེས། དང་པོ་སྤྱིར་རིག་པའི་གནས་ལྔ་ལ་མཁས་པར་སྦྱངས་ཤིང་། དེ་ནས་ནང་གི་ཉམས་མྱོང་དང་རྟོགས་པ་ཕུལ་དུ་ཕྱིན་པར་མཛད་ཅིང་གླིང་རས་དང་མཁའ་འགྲོའི་ལུང་བསྟན་ལྟར་གནས་ཆེན་ཙཱ་རི་ཏྲའི་གནས་སྒོ་ཕྱེས་ཤིང་། ཤིང་རྩེ་གསུམ་གྱི་སྡོང་པོའི་རྩ་བར་ཟླ་བ་ཕྱེད་གསུམ་བར་བཞུགས་ནས་བསྒོམས་པས་སངས་རྒྱས་དཔའ་བོ་བདུན་གྱི་ཞལ་གཟིགས། བླ་མས་ལུང་བསྟན་ལྟར་གནམ་འབྲུག་དང་། ཇོ་བོས་ལུང་བསྟན་ལྟར་ར་ལུང་གི་ཆོས་སྡེ་རྣམས་བཏབ་པས་དཔལ་ལྡན་འབྲུག་པ་ཞེས་པའི་མཚན་ཐོགས། རྡོ་རྗེ་ཕག་མོས་འབྲུག་བསྟན་གྱིས་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་ལ་ཁྱབ་པའི་ལུང་བསྟན་ལྟར་སློབ་མ་ཁྲི་འབུམ་མཐའ་ཡས་པར་བྱུང་ཞིང་། དེ་དག་གི་ནང་ནས་དང་པོར་ཆེ་བ་སྤ་རྐྱང་གཉིས། བར་དུ་ཆེ་བ་རྒྱ་འབྲས་གཉིས། ཐ་མར་ཆེ་བ་ལོ་རྒོད་གཉིས་ཞེས་གྲགས་པའི་ནང་ཚན། རྒྱལ་བ་རྒོད་ཚང་པ་སོགས་ནས་སྟོད་འབྲུག་གནམ་གྱི་སྐར་མ་ཙམ། ལོ་རས་གྲགས་པ་དབང་ཕྱུག་སོགས་ནས་སྨད་འབྲུག་ས་ཡི་དྲེག་པ་ཙམ། དབོན་རས་དར་མ་སེང་གེ་ནས་བར་འབྲུག་གདན་ས་བརྒྱུད་པ་ཞེས་དབུ་ཆེ་གདུགས་ཐོབ་པ་ཉིས་སྟོང་བརྒྱད་བརྒྱ་བྱུང་བར་གྲགས་ཤིང་། དེ་བཞིན་བརྒྱུད་འཛིན་གྱི་བུ་ཆེན་ལ་སེང་གེའི་མཚན་ཅན་དགུ་དང་། རིགས་གསུམ་གྱི་སྤྲུལ་པ་གསུམ་སོགས་བྱུང་བའི་ནང་གསེས། རྟོགས་པའི་བཀའ་བབ་དོན་གྱི་བརྒྱུད་ལུགས་གསེར་ཕྲེང་ནི་བློ་གྲོས་སེང་གེ་ནས་མཉམ་མེད་མཁྱེན་བརྩེའི་རྟོགས་ལྡན། འཇམ་དབྱངས་ཡེ་ཤེས་རིན་ཆེན། གྲུབ་ཆེན་བློ་གྲོས་མཆོག་ལྡན། ཤེས་རབ་བཟང་པོ། འཁྲུལ་ཞིག་ནམ་མཁའི་རྣལ་འབྱོར། རྒྱལ་དབང་ཆོས་རྗེ། ངག་དབང་ཆོས་རྒྱལ། འཇམ་དབྱངས་ཆོས་གྲགས། ཀུན་སྤང་སྒྱུ་མའི་གར་མཁན། ཀུན་མཁྱེན་པདྨ་དཀར་པོ། ཡོངས་འཛིན་ངག་དབང་བཟང་པོ་སོགས་ནས་བདག་ཅག་གི་རྩ་བའི་བླ་མའི་བར་དུ་བྱོན་པའི་དཔལ་ལྡན་འབྲུག་པའི་བླ་བརྒྱུད་གསེར་རིའི་ཕྲེང་བ་ཞེས་ནམ་མཁའི་དབྱིངས་ལྟར་འཇིག་རྟེན་ཡོངས་ལ་ཁྱབ་པ་དེ་དག་ཐམས་ཅད་ཀྱང་། བརྒྱུད་པ་ཟམ་མ་ཆད་པ་དགོངས་པ་ལ་མཐོ་དམན་དང་ཡོན་ཏན་ལ་རྩལ་རྫོགས་མ་རྫོགས་མེད་ཅིང་། ཐུགས་རྗེ་ལ་བྲི་གང་དང་བྱིན་རླབས་ལ་ཆེ་ཆུང་མེད་པ་ཤ་སྟག་སྟེ། སངས་རྒྱས་ཉག་གཅིག་གི་ངོ་བོར་བཞུགས་པའི་ཡོན་ཏན་སོགས་ནི་བསམ་བརྗོད་ཀྱི་མཐའ་ལས་འདས་ཤིང་། ཁྱད་པར་སྙིགས་དུས་ངེས་དོན་ཟབ་མོའི་སེང་གེའི་སྒྲ་བསྒྲགས་ལ་གངས་ཅན་འདིར་གྲུབ་མཐའ་སྨྲ་བའི་བསྟན་འཛིན་གྱི་སྐྱེས་བུ་གཟུར་གནས་རྣམས་ཀྱིས་ལན་གཅིག་ཙམ་མ་ཡིན་པར། འགྲན་ཟླ་བྲལ་བའི་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བ་རང་ཅག་རྣམས་ཀྱི་རྩ་བའི་བླ་མ་མཚན་སྙན་ཡོངས་སུ་གྲགས་པ་གྲུབ་ཐོབ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤཱཀྱ་ཤྲཱི་ཛྙཱ་ན་ཞེས་པ་དེ་ཉིད་ཀྱང་སྔ་རབས་གདུལ་བྱ་གང་འདུལ་གྱིས་གཟུགས་སྐུའི་ཕྲེང་བ་ཇི་སྙེད་ཅིག་བསྟན་པ་དང་། ལྔ་བརྒྱ་ཐ་མའི་དུས་འདིར་ཡང་སྡུག་བསྔལ་བརྒྱ་ཕྲག་གིས་མནར་བའི་འགྲོ་བ་མཐའ་དག་ལ་ཚད་མེད་པའི་སྙིང་རྗེ་ཆེན་པོས་བསྐུལ་བས་སྐུ་ཡི་མྱུ་གུ་ངོ་མཚར་དགེ་ལེགས་ཀྱི་མཚན་ལྟས་མང་པོ་དང་བཅས་པར་འཁྲུངས་ཏེ། བྱིས་པའི་དུས་ནས་འཇིག་རྟེན་འདི་སྣང་གི་སྲིད་པའི་ཕུན་ཚོགས་དང་སྡུག་བསྔལ་ལ་སྐྱོ་ཤས་དང་ངེས་འབྱུང་བཅོས་མ་མ་ཡིན་པར་གཟིགས་པ་དང་འབྲེལ། མཁས་གྲུབ་དུ་མའི་སྤྱན་སྔར་ཐོས་བསམ་སྒོམ་གསུམ་གྱི་སྒྲོ་འདོགས་ལེགས་པར་བཅད་པ་དང་། ལྷག་པར་སྔོན་གོམས་ཀྱི་ཐུགས་བསྐྱེད་བཙན་པོ་དང་བླ་མ་དང་ལྷག་པའི་ལྷ་ཡི་བྱིན་རླབས་ཀྱིས་ཉམས་རྟོགས་ཡོན་ཏན་རྣམས་གཅིག་ཆར་བའི་ལམ་དུ་ཡོངས་སུ་སད་བཞིན་སྐུ་ཚེ་ཧྲིལ་པོར་སྒྲུབ་པའི་རྒྱལ་མཚན་ཁོ་ནར་བཙུགས་ཤིང་། གཞན་དོན་སྨིན་གྲོལ་གྱི་གྲིབ་བསིལ་ཡངས་པོས་གངས་ལྗོངས་མཐའ་དབུས་མེད་པའི་ཚ་གདུང་སེལ་བའི་བདག་ཉིད་ཆེན་པོ་གཅིག་ཏུ་གྱུར་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་ནི་སུས་ཀྱང་བརྗོད་ཀྱིས་མི་ནུས་ལ་ཆེ་ལོང་ཙམ་ཞིག་ཡོད་པ་ནི་གཞན་དུ་གསལ་བ་ལྟར་ལགས། ད་ལམ་འདིར་བཤད་བྱའི་སྙིང་པོ་ཕྱག་ཆེན་ཆོས་དྲུག་བསྲེ་སྐོར་སོགས་ཀྱི་ཞལ་ཁྲིད་ཟབ་མོ་རྣམས་ཀྱང་འབྲུག་ཡོངས་འཛིན་སྐུ་ཕྲེང་དྲུག་པ་ཤེས་བྱ་ཀུན་མཁྱེན་དང་། ཚོགས་གཉིས་གྲུབ་ཆེན་རིན་པོ་ཆེ་དང་། ཁམས་སྤྲུལ་ངག་དབང་བསྟན་པའི་ཉི་མ་སོགས་ཀྱི་ཞལ་སྔ་ནས་གསན་བཞེས་ཉམས་མྱོང་མཐའ་རུ་ཕྱིན་པར་མཛད་ཅིང་། ལྷག་པར་དུ་སྙན་བརྒྱུད་ཆོས་དྲུག་རོ་སྙོམས་ཀྱི་སྐོར་སོགས་ནི་འོད་གསལ་དག་པའི་སྣང་བའི་ངང་ནས་པཎ་ཆེན་ནཱ་རོ་པ། རྗེ་བཙུན་མི་ལ་རས་པ། གྲུབ་ཐོབ་གླིང་ཆེན་རས་པ། འགྲོ་མགོན་གཙང་པ་རྒྱ་རས་སོགས་ཀྱི་ཞལ་སྔ་ཕྱི་ཡང་ཡང་དུ་གཟིགས་ནས། ཟབ་ཆོས་སྙན་བརྒྱུད་ཀྱི་སྐོར་རྣམས་བརྡ་དང་། བརྡ་ཡི་ཚུལ་གྱིས་ཚིག་དོན་གྱི་གནད་རྣམས་བཀྲོལ་ནས་ཡང་ཡང་དུ་གསན་ཅིང་བྱིན་རླབས་ཀྱི་དགོངས་བརྒྱུད་འཕོས་པས་རྟོགས་པ་རོ་མཉམ་དུ་གྱུར་པ་དང་། དེ་ལྟར་སྙན་བརྒྱུད་ཀྱི་གདམས་ཟབ་རྣམས་དང་པོ་ཐུགས་ཉམས་སུ་བསྟར་ཞིང་རེ་ཞིག་གསང་བའི་ཚུལ་དུ་མཛད། དེ་ནས་རིམ་གྱིས་རྟེན་འབྲེལ་དུས་ལ་བབ་ཅིང་། གདུལ་བྱ་སྐལ་ལྡན་དང་བསྟུན་ཏེ། དགོངས་པའི་དབྱིངས་ནས་དཔེ་ཚན་འགའ་རེ་གཏན་ལ་ཕབ་པར་མཛད་ནས་སྟོད་ག་ཞྭ་བ་དང་། ལྷོ་འབྲུག་པ་སོགས་སྣོད་རུང་གི་སློབ་བུ་སྐྱེས་མཆོག་རྣམས་ལ་ཞལ་ཁྲིད་ཟབ་མོ་ཞིབ་རྒྱས་སུ་སྩལ་བས། ཕྱི་ནང་གསང་བའི་ཉམས་རྟོགས་ཡོན་ཏན་ཐམས་ཅད་བཀའ་བརྒྱུད་གོང་མའི་ཕྱག་བཞེས་དང་རྣམ་ཐར་ཇི་ལྟ་བ་བྱུང་ཞིང་། རྒྱལ་བསྟན་སྙིང་པོའི་མེ་རོ་གསོ་བའི་བརྒྱུད་འཛིན་བུ་ཆེན་མང་ཞིག་གངས་ལྗོངས་མཐའ་དབུས་ཀུན་གྱི་རི་སུལ་དུ་བཞུགས་ཤིང་། བསྟན་པ་འཛིན་སྐྱོང་སྤེལ་བའི་མཛད་པ་བསམ་གྱིས་མི་ཁྱབ་པ་སྟེ་རྒྱས་པར་ནི་འབྲུག་ལུགས་གསེར་ཕྲེང་བརྒྱུད་པའི་རྣམ་ཐར་ལས་ཤེས་པར་བྱའོ།། ༈ །།དེ་ལྟ་བུའི་བརྒྱུད་འཛིན་སློབ་མའི་གྲལ་མཐར་སྐྱེས་པ་རང་རེ་རྣམས་ནས་ཀྱང་དང་པོ་བླ་སློབ་མཚན་ཉིད་དང་ལྡན་པའི་རྟེན་འབྲེལ་འགྲིགས་པ་ཉིད་གལ་ཆེ་ཤོས་ཡིན་ཏེ། དེང་སང་འཇིག་རྟེན་འཁོར་བའི་དཔོན་སྡེ་རྣམས་ནས་ཀྱང་ཚེ་འདིའི་བྱ་བཞག་འཁོར་བའི་ཆོས་ཀྱི་ཕུང་པོ་དང་འདུས་བྱས་ཀྱི་དགེ་བ་ཕྲན་བུ་རེ་སྒྲུབ་པའི་ཕྱིར་དུ། འགལ་རྐྱེན་སྤང་ཞིང་མཐུན་པའི་རྒྱུ་ཚོགས་སྒྲུབ་པས་གཞི་བཟུང་བར་བྱེད་ན། རང་རེ་འཇིག་རྟེན་ལས་འདས་པའི་དུས་གཏན་གྱི་བདེ་བ་བླ་མེད་ཐོབ་པའི་ཕྱིར་དུ། རང་ཅག་བུ་སློབ་རྣམས་ཀྱིས་ནི་དམ་ཚིག་དང་སྡོམ་པ་རྣམ་པར་དག་པའི་གཞི་གདིང་དགོས་ཤག་དང་། དེ་བཞིན་དུ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་ཡང་སྙིང་། ཚེ་ལུས་གཅིག་གི་ཐོག་ནས་དཀའ་བ་མེད་པར་སངས་རྒྱས་ཀྱི་ས་ལ་མིག་འཕྲུལ་ལམ་སྒྱུ་མ་ལྟར་བགྲོད་པའི་གདམས་ངག་གསང་ཆེན་རྡོ་རྗེ་ཐེག་པའི་སྨིན་གྲོལ་ཟབ་མོ་བཤད་མིས་བཤད་ཅིང་ཉན་མིས་ཉན་པར་བྱེད་པ་ལ། དམ་ཚིག་གི་གནད་རྣམས་ཀྱང་སྤང་བླང་གི་རིམ་པ་ཇི་བཞིན་སྤྱོད་པར་མ་ནུས་ན། གསང་སྔགས་ཀྱི་ཆོས་སྒོར་ཞུགས་ཚར་ནས་བཟུང་ཁེ་ཉེན་ཤིན་ཏུ་ཆེ་སྟེ། དཔེར་ན་སྦྲུལ་ཞིག་སྨྱུག་དོང་དུ་བཅུག་ན་ཡང་ན་ཡར་འགྲོ་བའམ་ཡང་ན་མར་ནུད་པ་ལས། གཞན་འགྲོ་ས་བར་མ་དོར་མེད་པ་ལྟར་རྣལ་འབྱོར་པས་དམ་ཚིག་གི་རིམ་པ་ཇི་བཞིན་པར་བསྲུང་ནུས་ན་དཀའ་བ་མེད་པར་ཚེ་ལུས་གཅིག་གི་ཐོག་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཅིང་། དེ་ལྟར་སྲུང་བར་མ་ནུས་ན་བར་དོ་མེད་པར་མར་གྱི་ཟང་ཐལ་རྡོ་རྗེའི་དམྱལ་བ་མནར་མེད་ལས་འགྲོ་ས་གསུམ་པ་ཞིག་མེད་ཚུལ་གྱི་ཚིག་དོན་ལོ་རྒྱུས་མཐའ་ཡས་པ་ཞིག་གསུང་འདུག་པ་དེ་ལྟར་ཐུགས་ལ་ངེས་པར་མཛད་དགོས་པ་ཡིན་མ་གཏོགས། དེང་སང་སློབ་མ་སྦྱིན་བདག་འགའ་རེས་དང་པོ་མ་བརྟག་བབ་ཅོལ་དུ་བསྟེན་ཏེ་བླ་མ་ཡར་བསྟོད་ཅི་ཐུབ་བྱེད། བར་དུ་རང་འདོད་དང་ཅུང་ཟད་མི་འཐད་པའི་རྐྱེན་གྱིས་བསྐུལ་ཏེ་སྐྱོན་བཏགས་ཅི་ཐུབ་བྱེད། མཐར་དགྲ་ཡི་དྭངས་མར་འཛིན་ནས་ངན་སེམས་དང་སྨད་ར་གཏོང་གང་ཐུབ་བྱེད་ནས། བླ་མས་སློབ་མ་ཆོས་ཀྱིས་མ་འགེང་བའི་གོང་ནས་སློབ་མས་བླ་མ་དམ་ཉམས་བསོགས་ནས་འགར་ཚར་བ་དེ་འདྲ་བྱས་པས་དོན་ཅི་ཡང་མི་ཡོང་བས་བཤེས་གཉེན་བསྟེན་ཚུལ་རྣམ་དག་ཞིག་གལ་ཆེ། དེས་ན་དང་པོ་ཤ་ལ་བྱ་ཁྱིའི་ཁ་རེག་པ་ལྟ་བུ་མི་བྱ་བར་ཆོས་སྒོ་ཀུན་གྱི་ཡང་ཟབ་འོད་གསལ་རྡོ་རྗེ་སྙིང་པོའི་སྨིན་གྲོལ་ཟབ་མོའི་སྣོད་དུ་རུང་བར་བྱ་བའི་ཕྱིར་དུ། བླ་མས་སློབ་བུ་རྣམས་སྐྱིད་སྡུག་བཟང་ངན་རྣམ་པ་སྣ་ཚོགས་མྱོང་བཅུག་ནས་དད་པ་དོན་གཉེར་ལ་འགྱུར་བ་ཨི་འདུག་མི་འདུག་ཡང་ནས་ཡང་དུ་བརྟག་དཔྱད་ཞིབ་ཏུ་བྱ། སློབ་མས་ཀྱང་བླ་མ་དེ་ཉིད་ཚེ་འདིའི་སྐྱིད་སྡུག་ལེགས་ཉེས་རྒྱལ་ཕམ་ཙམ་མ་ཡིན་པར། དུས་གཏན་གྱི་སྐྱབས་གནས་དམ་པར་བཅོལ་དགོས་པའི་ཕྱིར་ཚིག་དང་ཚུལ་འཆོས་ཙམ་དུ་མ་ཡིན་པར་ནན་གྱིས་བརྟགས་ཏེ་བླ་སློབ་ཀྱི་རྟེན་འབྲེལ་ངེས་པར་འགྲིགས་པ་གལ་ཆེ་ཞིང་། དེ་ཡང་དེང་སང་སྙིགས་དུས་འདིར་མཚན་ཉིད་ཡོངས་རྫོགས་ཀྱི་བླ་མ་ནི་མཇལ་དཀའ་བར་གསུངས་ཤིང་། མཇལ་ཡང་རང་རེ་རྣམས་ཉོན་མོངས་ཤུགས་དྲག་པ་དང་། རང་འདོད་ཆེ་བས་བྱིས་པའི་སེམས་ལྟ་བུ་དགའ་སྡུག་འགྱུར་སླ། ལོག་ལྟའི་མིག་རྣོ་ཞིང་བླ་སློབ་བར་བདུད་ཀྱིས་བསླུ་བྲིད་མཁས་པས་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་གསུངས་པ་ཇི་བཞིན་བླ་སློབ་ཀྱི་རྟེན་འབྲེལ་རབ་ནི་ཚོགས་དཀའ་ནའང་། དང་པོ་བསྟེན་བྱ་བླ་མ་མཚན་ཉིད་ལྡན་པ་ལའང་གཙོ་བོ་ལག་ལེན་སྒོམ་རྒྱུ་ལས་མེད་པ། གསུང་རྒྱུ་ཆོས་ལས་ཆེར་མེད་པ་ཞིག་དགོས་ཏེ། འདིར་སྣང་ཆོས་མིན་འཁོར་བའི་བྱ་བཞག་དང་ལྷག་པར་འཇིག་རྟེན་ཆོས་བརྒྱད་ལ་སོགས་རང་གི་བསམ་པ་དང་སྤྱོད་པ་ཅུང་ཟད་ཙམ་མེད་པའམ། གཞན་རྐྱེན་གང་གིས་གཞལ་ཡང་ཅུང་ཟད་གོས་པ་མེད་པ་དངུལ་ཆུ་ས་ལ་འགྲིལ་བ་ལྟ་བུ་དང་། གསར་རྙིང་རིས་མེད་ཀྱི་ཆོས་དང་གདམས་པ་ཐམས་ཅད་ཐོས་བསམ་སྒོམ་གསུམ་གྱིས་ཐུགས་རྒྱུད་ཡོངས་སུ་འགེང་བ་འབབ་ཆུ་མཐའ་དག་འཁྱིལ་བ་རྒྱ་མཚོ་ཆེན་པོ་ལྟ་བུ་དང་། ཉོན་མོངས་སྒྲིབ་པ་ཐམས་ཅད་ཡོངས་སུ་སྤངས་ཏེ་ལྟ་སྒོམ་སྤྱོད་འབྲས་བཞི་པོ་དབྱེར་མེད་རྟོགས་པ་དྭངས་པའི་ཤེལ་གྱི་མཆོད་རྟེན་ལྟ་བུ་དང་། གང་ཟག་རབ་འབྲིང་ཐ་མ་ཐམས་ཅད་ཡང་དག་པའི་ལམ་ལ་གྲོལ་བར་ནུས་པ་ལ་ཐོགས་རྡུགས་མེད་པ་མུན་སེལ་གྱི་ཉི་མ་ལྟ་བུ་དང་། སྐྱེ་འགྲོ་སེམས་ཅན་ཉེ་རིང་བར་མ་དོར་ཐམས་ཅད་ལ་སྙིང་རྗེ་དང་མཛད་ཕྲིན་བཟང་པོས་ཡོངས་སུ་ཁྱབ་པ་མ་ཡིས་བུ་གཅིག་པུ་ལ་བརྩེ་བ་ལྟ་བུ་དང་། མཛད་སྤྱོད་ཐམས་ཅད་ཆོས་ཀྱི་རང་བཞིན་ལས་མི་འདའ་བ་གསེར་གླིང་དུ་ས་རྡོ་ཕལ་པ་བཙལ་ཀྱང་མི་རྙེད་པ་ལྟ་བུ་དང་། དེའང་ཡོངས་སུ་བསྡུ་ན་སྤྱིར་ཐོས་བསམ་གྱི་ཡོན་ཏན་ལ་མ་རྨོངས་པའི་ཤེས་རབ་དང་ལྡན་པ། ཡང་སྒོས་ཕྱི་སོ་ཐར་གྱི་སྡོམ་པ་དང་ལྡན་ཞིང་དེའི་ངོ་བོ་ངེས་འབྱུང་གི་བློ་ཡིན་པས། ཞེན་ལོག་ཆེན་པོས་ཚེ་འདིའི་རང་འདོད་སྤུ་ཙམ་ཡང་མེད་པ་ཞིག་དང་། དེ་བཞིན་དུ་ནང་བྱང་སེམས་ཀྱི་བསླབ་པ་དང་ལྡན་ཞིང་དེའི་ངོ་བོ་གཞན་ཕན་ལྷག་པའི་བསམ་པ་ཡིན་པས། སྙིང་རྗེ་ཆེན་པོས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་མས་བུ་གཅིག་པུ་ལ་བརྩེ་བ་ལྟ་བུའི་ངང་ནས་གཞན་ཕན་ཁོ་ན་ལ་གཙོར་འདོན་པ་ཞིག་དང་། དེ་བཞིན་གསང་བ་གསང་སྔགས་ཀྱི་དམ་ཚིག་དང་ལྡན་ཞིང་དེའི་ངོ་བོ་དག་སྣང་ཡིན་པས། གནས་ལུགས་ཀྱི་ལྟ་བ་དྲི་མ་མེད་པ་མངོན་དུ་གྱུར་པ། སྒོམ་པ་བསྐྱེད་རྫོགས་ཀྱི་རིམ་པ་ཉམས་མྱོང་ཡོན་ཏན་ཐམས་ཅད་དྲོད་ཚད་ཕྱིན་པ། སྤྱོད་པ་འབད་མེད་ལྷུན་གྲུབ་ཆེན་པོས་འབྲེལ་ཚད་དོན་དང་ལྡན་པ། ཁྱད་པར་དུ་ཡང་དཔེ་ཆའི་གོ་བ་དང་འོལ་ཚོད་ཙམ་གྱིས་བཤད་ཡམ་མ་ཡིན་པར་ལྟ་སྒོམ་དང་ཉམས་མྱོང་ལྡན་ངེས་ཀྱི་ཞལ་ཁྲིད་ཟབ་མོས་ཞིབ་མཐར་ཕུད་ཅིང་། དགོངས་བརྒྱུད་ཀྱི་བྱིན་རླབས་སློབ་མའི་རྒྱུད་ལ་བཙན་ཐབས་སུ་འཕོས་ནས་ཡོངས་སུ་གྲོལ་བར་ནུས་པ་དང་། སློབ་མ་སོ་སྐྱེ་རང་རྒྱུད་པ་ཞིག་ལ། སློབ་དཔོན་ཚོགས་ལམ་པ། དེ་བཞིན་སློབ་མ་ལས་བླ་མ་རྒྱུད་ཚོགས་ཡོན་ཏན་གྱིས་མཐོ་བ་ཞིག་མེད་ན་ལམ་གོང་མར་བཀྲི་བར་མི་ནུས་ཤིང་། རྒྱལ་བའི་སྲས་ཀྱི་སྤྱོད་པ་ཕྱིན་དྲུག་དང་། བསྡུ་བ་རྣམ་པ་བཞི་ལ་སོགས་པས་གང་ལ་གང་འདུལ་གྱི་ཕྲིན་ལས་དཔག་ཏུ་མེད་པ་སྟོན་པས། འགྲོ་ཕན་མཛད་པ་ཞིག་ནི་ངེས་པར་ཡོད་དགོས་ཏེ། ཡོན་ཏན་མཛོད་ལས། དམ་པའི་ཆོས་ཚུལ་མཐའ་དག་རྫོགས་པ་ནི། །སྙིགས་མའི་མཐུས་བྱས་རྙེད་པར་དཀའ་ནའང་། །སྡོམ་གསུམ་གནང་བཀག་གཙང་མའི་ས་གཞི་ལ། །ཐོས་དང་སྙིང་རྗེ་ཆེན་པོས་རྒྱུད་བརླན་པ། །སྡེ་སྣོད་སྔགས་རྒྱུད་རྒྱ་མཚོའི་ཆོ་ག་མཁས། །སྤངས་རྟོགས་ཡེ་ཤེས་དྲི་མེད་འབྲས་བུས་ཕྱུག །བསྡུ་དངོས་གཞི་ཡི་མེ་ཏོག་རབ་བཀྲ་བས། །སྐལ་བཟང་སློབ་མའི་བུང་བ་སྡུད་ལ་མཁས། །ཞེས་དང་། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་བརྩོན་བྱས་ལྷག་པར་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་བསྟེན། །ཞེས་དང་། ངལ་གསོ་ལས། དེ་དག་གིས་ནི་ངན་འགྲོའི་ལམ་འགོགས་ཤིང་། །བདེ་འགྲོའི་སྐས་འཛུགས་འདི་ཕྱིར་ཕན་བདེར་མཛད། །ཡང་དག་དོན་སྟོན་སེམས་རྒྱུད་བྱིན་གྱིས་རློབས། །ཚེ་འདིར་སྨིན་གྲོལ་ལམ་ལ་འགོད་པས་ན། །རྟག་བརྟན་འཕོ་འགྱུར་མེད་པའི་དད་པ་ཡིས། །དུས་རྣམ་ཀུན་ཏུ་སྐྱོ་ངལ་མེད་པར་བསྟེན། །ཞེས་དང་། ཡེ་ཤེས་ཉི་མ་ལྟ་བུའི་འོད་ཟེར་རྒྱས་པ་ཡིས། །མ་རིག་རིག་པ་བྱེད་པའི་སྐྱེས་བུ་མཆོག་དེ་ནི། །གསེར་འགྱུར་རྩི་ལྟར་ཆོས་རྣམས་ཐམས་ཅད་བདེ་བར་བསྒྱུར་མཛད་པ། །ཐབས་ལ་མཁས་པའི་འཁོར་ལོས་སྒྱུར་རྒྱལ་རྟག་ཏུ་བསྟེན། །རྒྱུད་རྣམས་ཀུན་ཏུ་སྦས་ཤིང་ཐ་སྙད་ཀྱིས་དབེན་པ། །སངས་རྒྱས་ཀུན་གྱི་གསང་བ་སུས་ཀྱང་ཤེས་མི་འགྱུར། །མན་ངག་མིག་གིས་མཐོང་ཞིང་དབང་པོའི་རོས་ཁྱབ་པ། །ཞབས་ཀྱི་རྡུལ་ལ་རེག་ན་ཡེ་ཤེས་རིག་པར་འགྱུར། །ཞེས་དང་། དྭགས་པོའི་ཐར་རྒྱན་ལས་ཀྱང་། དཀོན་མཆོག་གསུམ་ལ་དད་པའི་གདེང་ཐོབ་པ། སེམས་ཅན་ཀུན་ལ་སྙིང་རྗེའི་གདེང་ཐོབ་པ། ཟབ་མོའི་དོན་ལ་སྒོམ་པའི་གདེང་ཐོབ་པ། ཟང་ཟིང་དོན་གཉེར་མེད་པས་ཆོས་སྟོན་པའི་གདེང་ཐོབ་པ་དང་བཞི་དགོས། ཞེས་གསུངས་པ་ལྟར། མཚན་ཉིད་ཀུན་ལྡན་ཀུན་ལས་ཁྱད་པར་འཕགས་པའི་བླ་མ་དེ་ལྟ་བུ་དང་འཕྲད་པ་ཅི་ནས་གལ་ཆེ་ཞིང་། དེའང་སྔོན་གྱི་ལས་འབྲས་ཁོ་ན་ལ་རག་ལས་པ་ཡིན་པས། མཚན་ཐོས་པ་དང་ཞལ་མཇལ་བ་ཙམ་གྱིས་ལུས་སེམས་ལ་དགའ་བ་དང་མོས་གུས་བཅོས་མ་མ་ཡིན་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་ཞིག་བྱུང་ཕྱིན་ཆད་བརྟག་དཔྱད་བྱ་མི་དགོས་པར་བསྟེན་བྱའི་མཆོག་ཏུ་ཤེས་པ་གལ་ཆེ་སྟེ། རྗེ་མི་ལས། ཕ་ལོ་ཙཱའི་སྙན་པ་རྒྱངས་ནས་གྲགས། །མཚན་ཐོས་པ་ཙམ་གྱིས་བ་སྤུ་གཡོ། །ལམ་དཀའ་བ་སྤྱད་དེ་སྤྱན་སྔར་ཕྱིན། །ཞལ་མཐོང་བ་ཙམ་གྱིས་སྣང་བ་འགྱུར། །ཁོང་ཚེ་རབས་ཀྱི་བླ་མ་ཡིན་པར་ངེས། །ཞེས་དང་། རྗེ་པད་དཀར་གྱིས། རང་རྒྱུད་ལ་སུས་ཕན་དགེ་བའི་བཤེས། །དེ་རྡོ་རྗེ་འཆང་དང་དབྱེར་མ་མཆིས། །ཞེས་དང་། གླིང་རས་པས། བླ་མ་སངས་རྒྱས་སུ་འདུག་པ་མི་རུ་བཟུང་། །བརྒྱུད་པ་ཉེ་རིང་དུ་བགྲང་བ་མཐོལ་ལོ་བཤགས། །ཞེས་གསུངས་པ་ལྟར་བསྟེན་བྱ་བླ་མའི་མཚན་ཉིད་དེ་ལྟ་བུའི་རང་བཞིན་ཤེས་པ་ལྷག་པར་གལ་ཆེ་བ་ཡིན་ནོ། །གཞན་ཡང་སྙིགས་དུས་དབང་གིས་བསྟེན་བྱ་མ་ཡིན་པའི་བླ་མའང་འབྱུང་བར་སྲིད་དེ། ཐུགས་སྣ་ཐུང་ཞིང་དབང་ཡོད་ཆེ་བ། གཡོ་སྒྱུ་དང་དྲན་འཕྲུལ་རྒོད་ཅིང་མཛད་རྒྱུ་མང་བ། རྒྱུ་རྫས་ལ་དག་འདོད་ཆེ་ཞིང་རྩོལ་སྒྲུབ་ཀྱིས་གཡེང་བས་ཆོག་ཤེས་ཆུང་བ། ཚེ་འདིའི་འཁོར་སློབ་དང་ཡོ་བྱད་འབྱོར་ཚོགས་སྙན་གྲགས་སོགས་ལ་མངོན་པར་ཞེན་ནས་ཚེ་ཕྱི་མའི་གཏན་དོན་རྒྱང་རིང་དུ་བོར་བ། ཐོས་བསམ་སྒོམ་གསུམ་ལ་བརྩོན་འགྲུས་ཆུང་ཞིང་བག་མེད་ཐོ་ཅོའི་སྤྱོད་པ་ལ་དགའ་བ། མཛད་སྤྱོད་རྣམས་ཚེ་འདིའི་དོན་གཉེར་ལ་གཙོ་བོར་རྟོན་ནས་ཆོས་དང་འཇིག་རྟེན་བསྲེ་ཞིང་མི་བྱེད་དགུ་བྱེད་པ། ངག་ཏུ་ཆོས་ལྟར་མཁས་པར་སྟོན་ཀྱང་དོན་དུ་མཛུབ་མོ་ནང་དུ་བསྐོར་ཚེ་ཆོས་དང་རང་རྒྱུད་འཛོལ་བ་ལས་ཅང་མེད་པ། འདི་སྣང་འཇིག་རྟེན་ཆོས་བརྒྱད་སོགས་ཀྱི་འདོད་པ་རང་གི་ཁོག་ཏུ་བཅུག་ནས་བསྟན་དང་འགྲོ་བའི་དོན་རླབས་པོ་ཆེ་ལ་བརྩོན་པར་རློམ་པ་དང་། རང་མཐོང་གི་ང་རྒྱལ་ཆེ་ཞིང་གཞན་དག་གི་ཆོས་དང་གང་ཟག་ལ་ཕྲག་དོག་སྡང་སེམས་ཀྱིས་ཤུགས་མི་བཟོད་དེ་ལོག་ལྟས་སྐུར་འདེབས་མཁས་པ། ལྟ་བ་མཐོར་སྣང་དང་མངོན་ཤེས་གྲུབ་རྟགས་ཐུགས་རྗེ་ཡོན་ཏན་ཕྲན་ཚེགས་རེ་ཡོད་པའམ། མིན་ཀྱང་བྱ་སྤྱོད་འདྲ་ཆགས་པོ་སོགས་ཀྱིས་ལྟར་སྣང་ལ་ཆོས་ལྟར་འཆོས་པའི་བླ་མའི་མཚན་སྙན་ཅན་འགའ་རེ། གང་ཟག་སྔོན་བསགས་སྐལ་དམན་བླུན་རྨོངས་རྣམས་ཀྱིས་བསྟེན་བྱར་འབྱུང་བའང་སྲིད་དེ། རྒྱུད་ལས། མི་ཤེས་ང་རྒྱལ་ཆེན་པོ་དང་། །བླུན་རྨོངས་ཚིག་ཕྱིར་འབྲང་བ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཅོད་ཁེངས་ཚིག་དང་། །ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། །དམ་ཚིག་ཕྱལ་པར་གྱུར་པ་དང་། །དྲིས་པ་དག་ལ་ལན་མི་ཐེབ། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །ཅེས་དང་། ངལ་གསོ་ལས། ཚེ་འདི་དོན་གཉེར་ཕྱི་མ་རྒྱང་རིང་འཕང་། །ཆོས་ལྟར་སྟོན་ཀྱང་ཆོས་མིན་ཟོག་པོའི་རིགས། །མི་གཙང་ཕུང་པོ་ལྟ་བུའི་བླ་མ་ནི། །གདུལ་བྱའི་བུང་བ་མང་ཡང་རིང་དུ་སྤོངས། །དད་ལྡན་ལོག་ལམ་ངན་འགྲོར་ཁྲིད་པས་ན། །ཐར་ལམ་འདོད་པས་ནམ་ཡང་བསྟེན་མི་བྱ། །ཞེས་དང་། ཡོན་ཏན་མཛོད་ལས། ཐོས་པ་ཉུང་ཞིང་སྡོམ་དང་དམ་ཚིག་ཉམས། །རྒྱུད་ཚོད་དམའ་ལ་ཀུན་སྤྱོད་ས་བླར་གཤེགས། །བྱམས་དང་སྙིང་རྗེའི་དཔྱངས་ཐག་ཆད་པ་ཡི། །སྨྱོན་པའི་ལམ་མཁན་རྣམས་ལས་སྡིག་པ་འཕེལ། །ལོང་བའི་དེད་དཔོན་ནོར་ས་ཆེན་པོ་སྟེ། །སྦྲུལ་དུག་ཅན་དང་ཤིང་གྲིབ་ནོར་བཞིན་བསླུ། །ཞེས་དང་། ཀློང་སྙིང་ལས། སྔོན་བྱོན་མཁས་གྲུབ་ཟླ་བ་དབྱིངས་སུ་གཟིམ། །ལུང་རྟོགས་བཤད་སྒྲུབ་བསྟན་པ་ཆུ་ལྷར་ཕྱོགས། །རྟ་ནོར་གཟི་བརྗིད་འདྲེན་པའི་རྒྱུ་སྐར་བཀྲག །རྒྱལ་བསྟན་མུན་པའི་ཕག་ལ་འོ་རེ་བརྒྱལ། །ཞེས་དང་། ས་པཎ་གྱིས། ལྷན་སྐྱེས་ཡོན་ཏན་མི་ལྡན་ན། །ཕྱི་ཚུལ་བཅོས་པས་ཅི་ལ་ཕན། །ཡལ་འདབ་མེད་པའི་ཤིང་སྐམ་ལ། །ཅོད་པན་བཏགས་ཀྱང་མཛེས་མི་འགྱུར། །ཤིང་ལས་བྱས་པའི་སེང་གེ་དེ། །འཇིགས་འཇིགས་འདྲ་ཡང་སྙིང་པོས་དབེན། །དྲི་ཞིམ་བསུང་དང་མི་ལྡན་ན། །ཙནྡན་ཡིན་ཞེས་སྨྲས་ཀྱང་བརྫུན། །དམ་པའི་ཚུལ་དང་མི་མཐུན་ན། །དམ་པ་ཁས་འཆེ་དོན་དང་བྲལ། །དམན་པ་རྒྱལ་སར་བཏོན་པ་ཡང་། །མ་རབས་སྤྱོད་པ་ཤུགས་ཀྱིས་བརྡོལ། །ཞེས་གསུངས་པ་ལྟར་རང་རྒྱུད་མ་དུལ་བའི་གདམས་ངག་ཡང་སྦང་མ་བསྲིང་བའི་ཆང་ལྟ་བུ་དང་། བླ་མ་བརྒྱུད་པའི་བྱིན་རླབས་དང་གཞན་ཕན་གྱི་སྙིང་རྗེའི་དབུལ་བ་ཅན་ནི་ཤིང་གི་རང་འཐག་ལྟ་བུ་དེ་དག་ནི་སྤྱིར་བཏང་གི་སྤང་བྱ་རུ་གོ་བར་བྱ་དགོས་ཤིང་། དེ་ནས་བསྟེན་བྱེད་སློབ་མ་མཚན་ཉིད་དང་ལྡན་པ་ལའང་། ལུས་ངག་ཡིད་གསུམ་དང་ཆོས་མིན་ཆོས་སུ་འཆོས་སླ་བ་གསེར་ཞུན་མ་ལྟ་བུ་བཟོ་ཉན་པ་དང་། གཞན་ཚེ་འདིར་སྣང་ཆོས་བརྒྱད་སོགས་བཟང་ངན་གང་གིས་རྐྱེན་དང་སྐྱོན་གྱིས་ནམ་ཡང་མི་འགྱུར་བ་རི་བོ་ལྟ་བུ་བརྟན་པ་དང་། དད་པ་དག་སྣང་ལ་ཁ་གཏིང་མེད་ཅིང་ཤེས་རབ་ཟབ་མོས་ཆོས་ཀྱི་ཚིག་དོན་ཐམས་ཅད་གཅིག་ཆར་དུ་བློ་ལ་འཛིན་ནུས་པ་རྒྱ་མཚོ་དྭངས་པ་ལྟ་བུ་དང་། དཀའ་སྤྱད་བརྩོན་འགྲུས་སྣ་རེ་ཕྱོགས་ལམ་ཙམ་ལ་ཆོག་པར་མི་འཛིན་པ་ཤུགས་དྲག་ལ་རྒྱུན་རིང་བ་ཆུ་བོ་ཆེན་པོའི་གཞུང་ལྟ་བུ་བརྩོན་པ་དང་། ཉོན་མོངས་སྡོམ་པ་དང་དམ་ཚིག་ལ་ཉེས་སྐྱོན་ཕྲ་མོས་ངོས་ལྐོག་བར་གསུམ་ལ་གོས་པ་མེད་པ་ཨུཏྤལ་ལྟ་བུ་དྲི་མདངས་ལྡན་པ་དང་། ཡར་བླ་མ་དང་ཆོས་ལ་དད་པ་དོན་གཉེར། མར་སེམས་ཅན་ལ་སྙིང་རྗེ་དང་འགྲོ་དོན་དཔག་མེད་འབྱུང་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཞིག་དགོས་པ་ཡིན་ཞིང་། དེའང་ཡོངས་སུ་བསྡུ་ན་བསྐལ་པ་མང་པོ་ནས་ཚོགས་ཆེན་བསགས་ཤིང་ལས་འཕྲོ་དང་ལྡན་པས་བསམ་རྒྱུ་བླ་མ་དང་སྒྲུབ་རྒྱུ་ཆོས་ལས་གཞན་མེད་པ། སྒོ་གསུམ་ཞི་དུལ་གྱི་རྣམ་པ་རབ་དང་ལྡན་ཞིང་འཕྲལ་རྐྱེན་བཟང་ངན་ཆེ་ཕྲ་སྣ་ཚོགས་གང་གིས་ཀྱང་བློ་སྣ་ཅུང་ཟད་ཙམ་མི་འགྱུར་བར་བརྟན་པ་རི་བོ་ལྟ་བུ་ཞིག་གལ་ཆེ་ཤོས་དང་། དེ་བཞིན་དུ་བླ་མའི་རྣམ་ཐར་དང་མཆེད་གྲོགས་ཀྱི་མཛད་སྤྱོད་ལ་ནམ་ཡང་སྐྱོན་དུ་མི་བལྟ་བར། རང་རྒྱུད་ཀྱི་སྐྱོན་ལ་བརྟགས་ཤེས་ནས་དད་པ་དང་དག་སྣང་གིས་འབྱམས་ཀླས་འགྲོ་བ། མ་ཟད་བླ་མའི་སྐུ་དང་ན་བཟའ་ཉེར་ཆས་ཉེ་འཁོར་བཅས་པ་ལ་གཙང་སྦྲ་དང་བཀུར་སྟི་ཆེ་ཞིང་། ཐུགས་ཅུང་ཟད་ཙམ་ནམ་ཡང་དཀྲུག་མི་ཤོར་བར། ཆོས་དང་འཇིག་རྟེན་གང་ཐད་ནས་ཅི་གསུང་གི་བཀའ་ཐམས་ཅད་ཚད་མར་འཛིན་ནས་སྒྲུབ་པ་ལ་མཁས་པ་དང་། ལྷག་པར་དུ་སྔོན་བྱོན་གྱི་རྒྱལ་བ་ཐམས་ཅད་ཀྱི་གཤེགས་ཤུལ། མ་འོངས་པའི་སངས་རྒྱས་ཐམས་ཅད་ཀྱི་བསྒྲུབ་བྱ། ད་ལྟ་བཞུགས་པའི་དམ་པའི་སྐྱེས་ཆེན་རྣམས་ཀྱི་དགོངས་པའི་མཐིལ་ངོ་མ། བླ་མས་བསྟན་བྱ་གཅིག་པུ། སློབ་མས་བསྒྲུབ་བྱ་གཅིག་པུ་དམ་པའི་ཆོས་ཟབ་མོ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བ་གང་ཡིན་པ་དེ་དག་རྣམས། གོ་ལོ་དང་། ཤེས་ལོ་དང་། སྒྲུབ་ལོ་ཙམ་མ་ཡིན་པར་དད་པ་དང་མོས་གུས། དཀའ་སྤྱད་དང་སྙིང་རུས་དྲག་པོས་རབ་སྒྲུབ་བརྒྱུད་ཀྱི་བསྟན་པ་འཛིན་པའི་སྐྱེས་བུ་ཤ་སྟག་རེ་འབྱུང་དགོས་པ་དང་། འབྲིང་ལུས་ངག་གི་ཚོགས་བསག་སྒྲིབ་སྦྱང་གི་རིམ་པ་སྤྱི་དང་ཁྱད་པར་དུ་ཡང་རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྤྱི་གཟུགས་ཕྲིན་ལས་ཀྱི་ཕོ་ཉ་གདུལ་བྱའི་དཔལ་དུ་ཤར་བ། རང་རང་གི་རྩ་བའི་བླ་མའི་ཞབས་ཏོག་ཏུ་རང་འདོད་དང་གཡོ་སྒྱུ་ངན་པས་མ་བསླད་པར་བྲན་གཡོག་བཞིན་དུ་བཀོལ་ནས། སྒོ་གསུམ་གྱི་སྒྲིབ་པ་བྱང་ངེས་རེ་དགོས་པ་དང་། ཐ་ན་ཟང་ཟིང་གི་རྒྱུ་ནོར་ལོངས་སྤྱོད་ཆེ་ཞིང་ཆེ་བ་ཕྲ་ཞིང་ཕྲ་བ་གང་ཡོད་ཐམས་ཅད། བླ་མ་དང་ཆོས་ཕྱོགས་སུ་སེར་སྣ་དང་ཁེངས་སེམས་ཀྱི་དྲི་མས་མ་བསླད་པར་ཤིན་ཏུ་གཏོང་ཕོད་ཆེ་བས། ཚོགས་གཉིས་ཀྱི་བྲེ་ཁ་གང་བར་བྱ་བ་ཞིག་ནི་ངེས་པར་ཅན་གྱི་ཡོད་དགོས་ཏེ། རྒྱུད་རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །བྲེང་ངེ་དུང་ངེ་བརྩེ་གདུང་ལྡན། །ལྷང་ངེ་ལྷན་ནེ་སྒོམ་ལ་སྤྱོད། །སློབ་དཔོན་གསུངས་པ་ཇི་བཞིན་བྱེད། །ཅེས་དང་། ཇི་སྐད་དུ། གོ་ཆ་ཆེ་ཞིང་བློ་གྲོས་ཤིན་ཏུ་བརྟན། །ལུས་དང་སྲོག་ལ་མི་ལྟོས་རིམ་གྲོ་བགྱིས། །ཅི་གསུངས་བཀའ་དཀྲི་བདག་ཉིད་མི་བསྲུང་བར། །སྐྱེས་བུ་དེ་ནི་མོས་གུས་ཁོ་ནས་གྲོལ། །ཞེས་དང་། དྭགས་པོའི་ཐར་རྒྱན་ལས། བླ་མའི་ལས་དང་བྱ་བ་སོགས་བཞེད་དོན་བཞིན་སྒྲུབ་པ། བླ་མ་ལ་མིག་འབྲས་བཞིན་གཅེས་པར་བལྟ་བ། བླ་མས་ཇི་ལྟར་གསུངས་ཀྱང་ཉན་པ་སྟེ་ཐ་ན་རྫུན་ཞིག་གསུངས་ཀྱང་བདེན་པར་འཛིན་པ་དང་གསུམ་དགོས། ཞེས་དང་། ཡོན་ཏན་མཛོད་ལས། འབྱོར་བ་ཡོད་ན་དཀོན་མཆོག་བཞི་པ་མཆོད། །ཞབས་ཏོག་སྲི་ཞུ་ལུས་ངག་བཀོལ་བའི་ལས། །མཐའ་དག་ནམ་ཡང་ཆུད་ཟོས་འགྱུར་བ་མེད། །མཉེས་པ་གསུམ་གྱི་ནང་ནས་སྒྲུབ་པ་མཆོག །ཅེས་དང་། རྡོ་རྗེ་སྙིང་པོའི་རྒྱན་ལས། དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མ་རྡོ་རྗེ་འཛིན་པ་མཆོད། །རྗེས་སུ་མཐུན་པའི་མཉེས་པར་བྱ། །དེ་མཉེས་སངས་རྒྱས་ཐམས་ཅད་མཉེས། །ཞེས་དང་། ཡོན་ཏན་མཛོད་ལས། དངོས་སུ་བཞུགས་ལ་རིམ་གྲོ་མི་བྱེད་པར། །གཤེགས་ཚེ་འདྲ་འབག་བཟོ་ཞིང་དེ་ལ་སྒོམ། །མངག་གཞུག་བང་ཕྱིན་ཕྱག་བདར་ཚུན་ཆད་ཀྱང་། །སྡིག་སྒྲིབ་བྱང་ཞིང་ཚོགས་ཀྱི་ལམ་མཆོག་ཡིན། །ཞེས་གསུངས་པ་ལྟར་སྔོན་བྱོན་དམ་པའི་སྐྱེས་ཆེན་རྣམས་ཀྱིས། མཉེས་པ་གསུམ་གྱི་སྒོ་ནས་དཀའ་སྤྱད་སྙིང་རུས་ཚད་མེད་པས་བླ་མ་བསྟེན་པའི་ལོ་རྒྱུས་རྣམ་ཐར་རྒྱས་པ་ཤིན་ཏུ་ངོ་མཚར་ཆེ་བ་རྣམས་ལ་ཚད་བཙུགས་ཏེ། སྐྱོ་སུན་དང་ངལ་དུབ་ཅུང་ཟད་ཙམ་ཡང་མི་སྐྱེ་བར་བཟོད་མེད་ཀྱི་དད་གུས་བརྟན་པོ་རྒྱུན་ཆགས་དང་། དམ་ཚིག་རྣམ་པར་དག་པའི་ཉེར་ལེན་རང་ལ་བརྟེན་པས། བླ་མའི་ཐུགས་རྒྱུད་དུ་བཞུགས་པ་ཇི་ལྟ་བའི་གནས་ལུགས་དང་། ཇི་སྙེད་པའི་མཁྱེན་རབ་ཀྱི་ཡོན་ཏན་ཐམས་ཅད་མ་འདྲེས་པ་ཡོངས་སུ་རྫོགས་པ། བརྐོས་ཕོར་ནས་སཙྪ་བཏོན་པ་དང་འདྲ་བར་སློབ་མའི་རྒྱུད་ལ་འདྲོངས་ངེས་ཤིག་བྱ་དགོས་པ་ཡིན་ནོ་ལགས། གཞན་ཡང་སྙིགས་དུས་འདིར་བསྟན་བྱ་མ་ཡིན་པའི་སློབ་མ་ལའང་། དམ་པའི་ཆོས་ཐོབ་པའི་དྲིན་མི་ཚོར་བར་ཕན་ལན་དུ་གནོད་བསྐྱལ་ཞིང་ངས་བྱས་ཀྱི་སྡུག་ཡུས་ཆེ་བ། འཁོར་བ་ངན་སོང་གི་གནས་ལ་ངེས་འབྱུང་སྐྱོ་ཤས་དང་ཆོས་དང་བླ་མ་ལ་དད་པ་དོན་གཉེར་ཆུང་ཞིང་། ཆོས་མིན་གྱི་བྱ་བ་ལ་ཡིད་རྣམ་པར་ཕྱོགས་པ། སྙིང་ནས་དོན་གཉེར་ཚེ་འདི་ལ་བྱས་ནས། རྒྱུ་ནོར་བསགས་བསྲུང་དང་རྩོལ་སྒྲུབ་ལ་གཡེང་བས་ཆོག་ཤེས་མེད་པ། རང་འདོད་དང་ངན་ལང་ཆེ་ན་གཞན་ལ་ཤུགས་ཀྱིས་གནོད་ཅིང་སུ་དང་འགྲོགས་མི་ཤེས་པ། དམ་ཚིག་དང་སྡོམ་པ་རྒྱུ་འབྲས་ཀྱི་གནས་ལ་མི་འཛེམ་པར། བག་མེད་ཐོ་ཅོའི་སྤྱོད་པ་ལ་དགའ་བ། ཀུ་ཤའི་རྩེ་མོ་རླུང་གིས་བསྐྱོད་པ་བཞིན་དུ་བློ་སྣ་ཤིན་ཏུ་མང་བས་ཆོས་ཡོད་ཚད་ཐོས་དགོས་པ། ཐོས་པ་ཉམས་སུ་ཆེར་མི་ལོན་པ། ཡིག་ཆ་མང་པོ་གསོག་དགོས་པ། དེ་འདྲ་ལ་ནི་བྱིན་རླབས་སྣ་གཅིག་མི་འཇུག །སྔར་ཉམས་མྱོང་ཕྲན་བུ་ཡོད་ཀྱང་ན་བུན་བཞིན་དུ་ཡང་ཡང་ཡལ་ནས་འགྲོ་བ། དེ་བཞིན་བཤེས་གཉེན་བསྟེན་ཚུལ་ཕྱོགས་ཙམ་མ་ཤེས་པའི་ལན་གྱིས། བདག་འཛིན་ཆེ་ཞིང་དཀོར་རྫས་དང་ཟས་གོས་ཀྱི་གནང་སྦྱིན་བྱུང་ཚེ་དད་གུས་གསར་པ་ཅུང་ཟད་འཕེལ་ཞིང་། བླ་མ་སངས་རྒྱས་བཀའ་དྲིན་ཅན་ཟེར་དོན་དུ་ཐ་མ་མི་རུ་འཛིན་པའམ་རང་དང་སྐལ་མཉམ་མམ། དམན་པར་ལྟ་ནས་རང་འདོད་དང་མི་འཐད་པའི་སྐབས་སུ་སྐུ་བརྙས་གསུང་གཅོག །ཐུགས་དཀྲུགས། དབུ་བསྐོར་བཏང་བ་དང་། གཡོ་སྒྱུ་དང་དྲན་འཕྲུལ་རྒོད་ཅིང་། ཕྲག་དོག་དང་ཁོང་ཁྲོའི་ཚིག་རྩུབ་འབྱིན་པ་དེ་ལྟ་བུའི་རིགས་དང་ལྷག་པར་བར་ཆད་བདུད་ཀྱི་ཆོ་འཕྲུལ་དངོས་བརྒྱུད་བར་གསུམ་ནས་མང་བས་ཤིན་ཏུ་ནས་ཀྱང་གཟབ་དགོས་ཏེ། དངོས་མེད་ལྷ་འདྲེ་དང་རྣམ་རྟོག་དངོས་ཡོད་དགྲ་གཉེན་དང་རྒྱུ་རྫས་སོགས་ལ་སྤྲུལ་ནས་འཇུག་སྟེ། འཇིག་རྟེན་ཆོས་བརྒྱད་ཀྱིས་བསླུ་བྲིད་མཁས་པས་ག་ལེར་ལྐོག་ནས་འཇམ་བུས་འཇབ་སྟེ། བླ་སློབ་དང་མཆེད་གྲོགས་རྒན་གཞོན་བར་དུ་ཕྲག་དོག་གིས་ནང་དབྱེན་བྱེད་པ་ལ་སོགས། ཤིན་ཏུ་འོས་མེད་ཀྱི་གནས་ནས་དམ་ཉམས་ཚབ་ཆེན་རེ་ཡོང་བའང་སྲིད་དེ། རྒྱུད་ཀློང་གསལ་ལས། སྣོད་དང་མི་ལྡན་སློབ་མ་ནི། །ཤེས་ཆུང་ཁ་གསགས་གདོང་ལྟས་ཆེ། །ཁ་མཁས་ལག་དམ་གཡོ་སྒྱུ་ཆེ། །བླ་མའི་གསུང་བཅག་དྲིན་ལ་རྩོད། །ཡོན་ཏན་མི་མཐོང་སྐྱོན་ལ་རྟོག །རིགས་རྒྱུད་ངང་རྒྱུད་ངན་པ་དང་། །བཀའ་དྲིན་ཁྱད་གསོད་རང་ལ་བསྟོད། །དོན་དམ་དམ་ཚིག་ཉམས་ལེན་འཆལ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཞེས་དང་། མན་ངག་མཛོད་ལས། བརྩོན་འགྲུས་དྲག་པོས་སྒྲུབ་ལ་འབད་པའི་ཚེ། །བར་ཆད་འོང་བའི་དུས་ཡིན་བདུད་ལ་བརྟག །གྲུབ་པ་མཐར་ཕྱིན་དངོས་གྲུབ་འོང་བའི་དུས། །བདུད་ཀྱི་བར་ཆད་འོང་བས་ཤིན་ཏུ་གཟབ། །ཅེས་དང་། སེམས་ཉིད་ངལ་གསོ་ལས། ལ་ལས་ཐོག་མར་མ་བརྟགས་བབ་ཅོལ་འཇུག །གསར་ངེས་ཡོན་ཏན་བརྗོད་ཅིང་ཕྱི་ནས་སྨོད། །ཁ་ཅིག་འདྲེས་མའི་ངོ་ལྐོག་ངན་གཡོའི་ཚུལ། །ཟུར་གྱིས་བླ་མ་ཉེ་འཁོར་སུན་འབྱིན་ཅིང་། །དེ་དག་འབྲས་བུ་མནར་མེད་གནས་ལས་མེད། །ཅེས་དང་། ཡོན་ཏན་མཛོད་ལས། སྣོད་དང་བྲལ་བར་བཅུད་ཀྱིས་ཕན་མི་ཐོགས། །ཟང་ཟིང་ཙམ་གྱིས་ཚིམ་པ་ཐོབ་གྱུར་ནས། །བཅོས་མིན་དད་པས་དུས་བཞིའི་འགྱུར་ལྡོག་ངོམ། །དང་པོ་ཆོས་ལ་མི་ཚུད་གཡག་རྒོད་འདྲ། །བར་དུ་ཐོས་བསམ་ལ་སྡང་ཚེ་འདི་གཉེར། །ཐ་མ་སྡིག་པའི་གྲོགས་ཀྱི་ཕྱོགས་བཟུང་ནས། །ལས་མཐའ་ལོག་པ་ནགས་མཐའི་མི་རྒོད་བཞིན། །ཞེས་གསུངས་པ་ལྟར། དེ་འདྲའི་རིགས་ལ་བླ་སློབ་གཉིས་ཀས་སྔ་ནས་དོགས་ཟོན་རེ་བྱེད་རྒྱུ་མ་བྱུང་ན། རང་གཞན་མཆེད་གྲོགས་དང་བཅས་པར་ཟླ་ཉམས་དང་ཞོར་ཉམས་ཀྱི་དམ་གྲིབ་ཚབ་པོ་ཆེ་འགོས་ཉེན་ཡོད་དེ། ཨིནྡྲ་བྷཱུ་ཏིས། རྣལ་འབྱོར་ཉམས་པ་གཅིག་གིས་ནི། །རྣལ་འབྱོར་ཅན་ཀུན་མ་རུངས་བྱེད། །སྦལ་པ་རྨ་ཅན་གཅིག་གིས་ནི། །སྦལ་པ་ཐམས་ཅད་རྨ་ཅན་བྱེད། །ཅེས་དང་། གྲུབ་ཐོབ་ཨོ་རྒྱན་པས། གྲོགས་བླ་མ་མིན་པས་སྐྱོབས་མ་མྱོང་། །དགྲ་དམ་ཉམས་མིན་པས་ཐུབ་མ་མྱོང་། །ཞེས་པའི་ལོ་རྒྱུས་སོགས་དང་། བདུད་རྩི་འབྱུང་བའི་རྒྱུད་ལས། རྡོ་རྗེ་སློབ་དཔོན་སྨོད་པ་ན། །ཞིང་བཅུ་མངོན་སྤྱོད་ལས་ཀྱིས་བཟློག །ནུས་པ་ཡོད་པར་མ་གྱུར་ན། །རྣ་ཆ་དྲན་པས་དགའ་བར་བྱ། །བསྟེན་པར་མི་བྱ་གཏམ་མི་བྱ། །གལ་ཏེ་དེ་དང་འདྲེས་གྱུར་ན། །ངན་སོང་དག་ཏུ་འཚོད་པར་འགྱུར། །ཞེས་དང་། རྡོ་རྗེ་གུར་ལས། དབང་བསྐུར་ཆོས་བཤད་མཆོག་ཐུབ་པའི། །སློབ་མས་བླ་མའི་བཀའ་འདས་ན། །འཇིག་རྟེན་འདིར་ཡང་སྡུག་བསྔལ་ཞིང་། །ཕྱི་མ་རྡོ་རྗེ་མནར་མེད་འགྲོ། །ཞེས་དང་། ཨ་ཏི་བཀོད་པ་ཆེན་པོ་ལས། བླ་མ་དང་ནི་ཉེ་བའི་འཁོར། །རྡོ་རྗེའི་སྤུན་དང་སྲིང་མོ་ལ། །ངན་སྨྲས་ཚིག་གིས་ཟུར་ཙམ་ཡང་། །བརྡ་འམ་དངོས་སུ་བརྗོད་མི་བྱ། །གལ་ཏེ་རྨི་ལམ་དག་ཏུ་ཡང་། །བྱུང་ན་ཡིད་ཀྱིས་བཤགས་པར་བྱ། དངོས་དང་ཞེ་ཡིས་བྱས་པ་དང་། གལ་ཏེ་དྲན་པས་མ་ཟིན་པར། ཐལ་བར་གྱུར་འཕྲལ་མ་བཤགས་ན། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་གསུངས་པ་ལྟར་ཉེས་ཚབས་ཀུན་ལས་ལྕི་བར་ཤེས་པས་ལོག་ལྟའི་རིགས་ཡོངས་སུ་སྤངས་བར་བྱ་ཞིང་ཕན་ཡོན་ཀུན་གྱི་མཆོག་རབ་རྩེ་མོ་ཡིན་པར་ཤེས་པས། ཕལ་དང་ཕལ་ལས་ཁྱད་པར་དུ་མས་འཕགས་པའི་དད་པ་དག་སྣང་གི་བློ་རྒྱ་རབ་ཏུ་ཡངས་པ་རྒྱུད་ལ་འབྱོར་དགོས་ཏེ། ཡེ་ཤེས་གྲུབ་པའི་རྩ་རྒྱུད་ལས། བླ་མའི་རྫས་དང་འཁོར་རྣམས་དང་། །ཉེ་འཁོར་སུན་འབྱིན་བརྣབ་སེམས་སྤངས། །མཛད་པ་སྣ་ཚོགས་སེམས་ཅན་ལ། །ཕན་པའི་ཐབས་མཆོག་འཕྲུལ་ཆེན་པོ། །དགོངས་སྤྱོད་རྒྱ་མཚོ་མཐའ་ཡས་ལ། །ཉེས་པའི་ལོག་པར་ལྟ་བ་དོར། །ཞེས་དང་། ཡོན་ཏན་མཛོད་ལས། མཛད་སྤྱོད་གང་ལ་ལོག་པར་མི་བལྟ་སྟེ། །འཕགས་པའི་ཡུལ་གྱི་དབང་ཕྱུག་ཕལ་མོ་ཆེ། །གདོལ་པ་གཡུང་པོ་སྡིག་སྤྱོད་ཕལ་པའི་ཚུལ། །ཉམས་པ་ལས་ཀྱང་ཤིན་ཏུ་ཉམས་པ་ཡོད། །ལེགས་སྐར་སྟོན་པའི་མཛད་པ་གཡོ་སྒྱུ་མཐོང་། །ཚུལ་སོགས་བསམ་ནས་རང་གིས་རང་ཉིད་འཆོས། །ཞེས་དང་། ཀློང་རྒྱུད་ལས། བླ་མ་འཁྲུལ་བ་སྲིད་མཐར་ཡང་། །འབྱུང་བ་མེད་ཅིང་གལ་ཏེ་ནི། །ལྟར་སྣང་འཁྲུལ་བ་ལྟར་སྣང་རུང་། །རང་སྣང་བསམ་པ་མ་དག་སྟེ། མཁྲིས་ནད་ཅན་གྱིས་དུང་ཉིད་ལ། །རྒྱུན་དུ་དཀར་པོ་ཉིད་ཡིན་རུང་། །སེར་པོ་མཐོང་བ་ཉིད་དང་མཚུངས། །ཞེས་དང་། དུས་གཅིག་མི་བརྒྱ་བསད་ན་ཡང་། །སངས་རྒྱས་འགྲོ་ལ་ཕན་མཛད་ཉིད། །བཙུན་མོ་བརྒྱ་ལ་རོལ་ན་ཡང་། །བདེ་ཆེན་ཡེ་ཤེས་ཕྱག་རྒྱ་ཆེ། །ཞེས་སོགས་ལུང་དང་ལོ་རྒྱུས་མཐའ་ཡས་པ་ཞིག་གསུངས་འདུག་པ་ལྟར། བྱིན་རླབས་འཇུག་པར་བྱེད་པ་ལ་རང་རྒྱུད་ནས་དད་པ་དག་སྣང་གི་སྣོད་རྣམ་པར་དག་པ་དང་ལྡན་དགོས་པའི་ཕྱིར། ཤེས་པར་བྱོས་ཤིག །དེའང་དམ་ཚིག་གི་སྒྲ་དོན་ཅུང་ཟད་ཙམ་བརྗོད་ན་གཉིས་ཏེ། སྒྲུབ་ཕྱོགས་ནས་དམ་དུ་བསྲུང་ན་མི་དགེ་བ་ཚིག་པས་དམ་ཚིག་གམ། དགག་ཕྱོགས་ནས་སྐུ་གསུང་ཐུགས་ཀྱིས་དམ་རྒྱར་གྱུར་པ་ལས་ཉམས་ན་དམྱལ་མེས་ཚིག་པས་དམ་ཚིག་ཅེས་པ། དམ་ཚིག་བཀོད་རྒྱུད་ལས། ས་ཞེས་བྱ་བ་བསྐྱེད་པ་ལ། །མ་ཞེས་བྱ་བ་མ་ཉམས་ན། །དངོས་གྲུབ་ཐམས་ཅད་སྟེར་བ་སྟེ། །ཡ་ཞེས་ཉམས་ན་ཡང་བར་འགྱུར། །དམ་ཚིག་བྱ་བ་བཅིང་པ་སྟེ། །དེ་ཉིད་གྲོལ་ན་ཉམས་པ་ཉིད། །ཚིག་ཞེས་བྱ་བ་དེ་འདོར་ན། །མེ་ཡི་སྡུག་བསྔལ་མྱོང་བར་འགྱུར། །ཞེས་གསུངས་པ་ལྟར། དཔེར་ན་དང་པོ་སྟོན་གྱི་ལོ་འབྲས་མེ་ཏོག་ཐམས་ཅད། ས་གཞི་གཤིན་པོ་ལ་རག་ལས་པ་དང་། བར་དུ་རྩ་བ་བརྟན་ནས། སྡོང་པོ་ལེགས་པར་རྩལ་རྫོགས་པ་ལ་རག་ལས་པ་དང་། མཐར་ལོ་འབྲས་ཡོངས་སུ་སྨིན་པ་དེའང་གློ་བུར་དུ་སད་སེར་སོགས་ཀྱིས་འཇིག་ཉེན་ཡོད་པ་ལ་རག་ལས་པ་ལྟར། ཆོས་གང་འགྲུབ་ཀྱི་ཐོག་མཐའ་བར་གསུམ་དམ་ཚིག་གི་རིམ་པ་ལ་རག་ཁོ་ནར་ལས་པ་ཡིན་པས། ད་ལྟ་བསྲུང་སླ་བའི་སྐབས་འདིར་རང་རེས་ཉེས་པ་ཆེན་པོ་བསགས་པའི་དོན་ཅང་མེད་པས་དུས་རྣམས་ཀུན་ཏུ་དྲན་དང་ཤེས་བཞིན་བག་ཡོད་ལྡན་པས་ལྷག་པར་གཟབ་དགོས་ཤིང་། དོན་དུ་བསྲུང་བྱའི་སྙིང་པོ་ནི་སྔགས་བླ་མེད་རྒྱུད་སྡེའི་དམ་ཚིག་ལས་གསར་རྙིང་ཐུན་མོང་གི་བླ་མེད་ཀྱི་རྩ་ལྟུང་བཅུ་བཞི་དང་། ཡན་ལག་གི་ལྟུང་བ་སྦོམ་པོ་བརྒྱད་དང་། ཁྱད་པར་དུ་སྔ་འགྱུར་ཡོ་ག་གསུམ་གྱི་ལུགས་སྲོལ་ཐུན་མོང་མ་ཡིན་པ་ལ། དམ་ཚིག་ཆེན་པོ་ལྔ་དང་གསང་བ་བཅུ་དང་། རྡོ་རྗེ་སློབ་དཔོན་རྩ་བའི་བླ་མའི་སྐུ་གསུང་ཐུགས་གསུམ་ལ་དགུ་དགུར་ཕྱེས་པའི་ཉི་ཤུ་རྩ་བདུན། ཡན་ལག་གི་རིམ་པ་ཉི་ཤུ་རྩ་ལྔ་སོགས་དང་། ཁྱད་པར་དུའང་ཡེ་བསྲུང་རྒྱལ་པོ་མཆོག་གསང་ཨ་ཏིའི་དམ་ཚིག །མེད་པ། ཕྱལ་པ། གཅིག་པུ། ལྷུན་གྲུབ་སོགས་དམ་ཚིག་ཉེས་ལྟུང་གི་རིམ་པ་སྤྱི་དང་བྱེ་བྲག་གི་གནད་འགག་ཟབ་མོ་རྣམས་ཚུལ་བཞིན་དུ་ཤེས་པར་བྱས་ནས་བཟུང་སྟེ། རང་གི་སྲོག་དང་མིག་འབྲས་ལྟ་བུའི་གཅེས་སྤྲས་དགོས་པ་ཡིན་མ་གཏོགས། དབང་ཞུས་པའི་སྐབས་དེར་དང་པོ་སྡོམ་པ་བཟུང་དམ་ཆུ་སྦྱིན་ནས་མནའ་བསྐྱེལ་ཏེ། མཐར་གཙོ་བོའི་ཇི་ལྟར་གསུངས་པ་རྣམས་ཚུལ་བཞིན་སྒྲུབ་པར་ཁས་བླངས་ནས་བཟུང་། བླ་མ་དང་ཆོས་དང་མཆེད་གྲོགས་ལ་བརྟེན་པའི་སྡིག་པ་བསགས་ཤོར་ན་ནི། གཞན་དག་ལས་འབུམ་འགྱུར་གྱིས་ཉེས་ཚབས་ལྕི་བར་གསུངས་པས། དེས་ན་རང་གི་དངོས་བརྒྱུད་བར་གསུམ་དུ། ཐ་ན་རྨི་ལམ་ཚུན་ཆད་དུའང་། དུས་རྟག་ཏུ་དྲན་ཤེས་བག་ཡོད་ཀྱིས་བྱ་ར་བྱེད། ངོ་ཚ་ཁྲེལ་ཡོད་ཀྱིས་མཆོག་གསུམ་དཔང་པོར་བརྟེན། འཇིགས་པ་དང་གུས་པར་བཅས་ཏེ། ལྷག་པར་ཚུལ་བཞིན་ལྡན་པར་གནས་དགོས་པ་ཡིན་ནོ། །གལ་སྲིད་གློ་བུར་དུ་ཁོང་ཁྲོ་ངན་པ་དང་། མ་ཤེས་མ་གོ་སྟེ་གཏི་མུག་གི་དབང་དུ་གྱུར་པ་དང་། འདོད་ཆགས་སོགས་ཀྱི་དབང་དུ་ཤོར་ནས་དམ་ཚིག་གི་གནས་ལ་འགལ་ཉམས་བྱུང་ཤོར་ཚེ། དེ་ལ་གཡོ་སྒྱུའི་ལྷད་ཡང་དུ་མི་འཇུག་པར། དེ་མ་ཐག་བླ་མའི་ཞལ་སྔར་སྦ་གསང་མེད་པར་ཞིབ་ཀྱིས་ཞུས་ཏེ། ཞག་གིས་བར་ཆོད་ནས་འགལ་ན་ཚོགས་འཁོར་བསྐོར་ཏེ་བླ་མའི་སྤྱན་སྔར་དེ་ཚུག་བཤགས། ཟླ་བར་ཉམས་ན་དེ་སྟེང་སྐུ་གསུང་ཐུགས་རྟེན་དང་ནོར་རྫས་གཅེས་པར་འབུལ་ནས་བཤགས། ལོ་གཅིག་ཚུན་འདས་ན་དེ་སྟེང་བུ་དང་ཆུང་མ་གཅེས་ཤིང་ཕངས་པ་འབུལ་ནས་བཤགས། ལོ་གསུམ་ཚུན་རལ་ན་བླ་མའི་ཆེད་དུ་བརྩོན་པ་དྲག་པོས་རང་གི་སྲོག་བློས་བཏང་གིས་བྱ་བ་དོ་གལ་ཆེ་བ་འགའ་ཞིག་བསྒྲུབ་དགོས་པ་སོགས། མདོར་ན་བཤགས་སྦྱང་གི་རིམ་པ་ཆེ་ཕྲ་གང་གསུང་ཐམས་ཅད་ལ་ཚད་མར་འཛིན་གནོང་འགྱོད་དྲག་པོ་དང་ལྡན་པའི་སྒོ་ནས། ལུས་དང་སྲོག་ལ་ཐུག་ཀྱང་ཅི་ནས་ཀྱང་འབད་པ་གལ་ཆེ་བའི་རང་བཞིན་ཏེ། སྔར་བྱས་ཀྱི་དགེ་བ་ཆེ་ཕྲ་རྣམས་ཆུད་མི་ཟ་ཞིང་ད་ལྟར་སྒྲུབ་པའི་དགེ་བ་ལམ་དུ་ལྷོང་བ་དང་། ཕྱི་ནས་དགེ་བ་གང་སྒྲུབ་ཀྱི་སྣོད་དུ་རུང་བའི་ཕྱིར། མདོར་ན་བླུན་ཚིག་གིས་བཤད་ན་ཀུན་རྫོབ་དང་དོན་དམ་གྱིས་བསྡུས་པའི་ཆེ་ཕྲ་གང་དང་གང་སྒྲུབ་ནའང་། དཔེར་ན་དེ་བླུག་བྱེད་ཀྱི་སྣོད་དམ། ཚེ་ཕྱི་མ་ལ་ཁྱེར་བྱེད་ཀྱི་ལུང་ལྟ་བུ་ནི་དམ་ཚིག་གི་རིམ་པ་ཁོ་ན་ལ་ཐུག་ཡོད་ཚོད་འདྲ་བས། དེ་ལྟར་ཐུགས་ལ་ལྷག་པར་འཇོག་ནས་སྤང་བླང་ནན་ཏན་དུ་མཛད་པར་ཞུ།། ༈ །།ད་ནི་ཁྲིད་འཆད་ལུགས་ཀྱི་རིམ་པ་ལའང་གཉིས་ཏེ་ཟོག་པོས་འུར་ཁྲིད། འདོད་པོ་ཆེས་དཔུང་ཁྲིད། ཤེས་ཆུང་གིས་དཔེ་ཁྲིད། སྐུ་ཆེན་གྱིས་སྤོམ་ཁྲིད་སོགས་ལྟ་བུ་མ་ཡིན་པར། པཎྜི་ཏས་ཚིག་ཁྲིད། རྟོགས་ལྡན་གྱིས་དགོངས་ཁྲིད། སྒོམ་ཆེན་གྱི་དམར་ཁྲིད། རྒན་མོས་མཛུབ་ཁྲིད་སོགས་ཀྱི་སྒོ་ནས་གདམས་ངག་འཆད་དགོས་ཚུལ་གྱི་རྣམ་དབྱེ་སྤྱིར་མང་བར་སྣང་ནའང་། ཐོས་ཆུང་རང་ལྟ་བུའི་འཆད་བདེ་ཉན་བདེའི་ཚུལ་དུ་བྱས་བཞག་ན་ནི། གཞུང་ལུགས་ཀྱི་ཐོས་བསམ་རྒྱ་ཆེ་བ་རྣམས་ཀྱིས་དང་པོ་ཆོས་ཀྱི་འབྱུང་ཁུངས་ཀྱི་ལོ་རྒྱུས་བཤད། བར་དུ་ས་བཅད་བཞག །མཐར་རྒྱས་ཤིང་རྒྱས་པར་བཀྲོལ་ལ་ལུང་རིགས་ཀྱིས་རྒྱབ་སྐྱོར་ཅིང་། ཚིག་གི་མཐའ་ཚིག་གིས་འདེད་དེ་ཤིན་ཏུ་རྒྱས་པར་འཆད་པ་ནི་མཁས་པའི་ཁྱད་ཆོས་ཏེ། སློབ་མའང་ཤེས་རབ་རྒྱ་ཆེའི་སྤྱོད་ཡུལ་དང་། དཔྱད་གསུམ་དག་པས་བཀའ་དང་བསྟན་བཅོས་ཀྱི་དགོངས་དོན་མངོན་དུ་ཕྱུང་བ་རྣམས་ནི་མཁས་གྲུབ་གཉིས་ལྡན་ཞེས་པ་དེ་ཉིད་ཀྱིས་འཆད་སྲོལ་ཡིན་ཚོད་འདྲ་ནའང་། དེང་སྙིགས་དུས་འདིར་ཚེའི་ཡུན་ཐུང་བར་ཆད་ཀྱི་རྣམ་གྲངས་མང་བའི་སྐབས་འདིར། མཁས་གྲུབ་ཕུལ་དུ་ཕྱིན་པ་ནི། སྔོན་སྦྱོང་ཅན་གྱི་སྐྱེས་ཆེན་རྣམས་ལས་ཕལ་ཆེར་དཀོན་པར་མཆིས་ཤིང་། ཡང་སྒོས་བདག་ལྟ་བུ་ནི་དང་པོ་ཐོས་བསམ་གྱི་ཆོས་ལ་གོམས་འདྲིས་མ་བྱས། བར་དུ་སྒོམ་པ་ལ་བརྩོན་འགྲུས་དང་དཀའ་སྤྱད་ཆུང་བ། ཐ་མ་ཉམས་མྱོང་རྟོགས་པའི་ངེས་ཤེས་ཀྱིས་ཤིན་ཏུ་དབུལ་བས་རང་མགོ་མི་ཐོན་བཞིན་དུ་གཞན་ལ་དབང་བསྐུར་དང་ཆོས་བཤད་བྱེད་པ་ནི། ཉམས་ཕབས་ནས་དཔྱད་ན་རྒྱུད་ལུང་མན་ངག་གང་ལའང་མི་མཐུན་ཞིང་། དོན་མེད་པར་འདྲའོ་སྙམ་ནས་ཆོས་ཚིག་བཞི་ཞིག་བཤད་ཀྱང་ཡ་ང་བ་དང་བག་ཚ་བའི་རང་བཞིན་ལས་ངེས་པར་མི་འདུག་ལགས། འོན་ཀྱང་། ཇི་སྐད་དུ། བསགས་པ་རྒྱ་ཆེན་ཕ་ཡི་ནོར་སྐལ་དེ། །རྗེས་འཇུག་བུ་ཡིས་འབད་པས་བཟུང་མིན་ན། །སྲིད་པའི་ཁོངས་ན་དེ་ལས་རྨོངས་པ་སུ། །གསེར་དང་ར་གན་མཉམ་པ་སུ་ཞིག་ཡོད། །ཅེས་གསུངས་པ་ལྟར་བདག་ཅག་གི་བླ་མ་རིན་པོ་ཆེ་མཚན་ཡོངས་སུ་གྲགས་པ་ཤཱཀྱ་ཤྲཱི་ཛྙཱ་ན་དེ་ཉིད་དེང་དུས་བོད་གངས་ཅན་གྱི་ལྗོངས་འདིར་ངེས་དོན་སྒྲུབ་བརྒྱུད་སྙིང་པོའི་ཕྱོགས་ནས་ཕྲིན་ལས་རྒྱས་ཆེ་བ་ལྟ་བུ་མཆིས་པའི་དབང་གིས། ཕ་ནོར་གདམས་ངག་གི་རྗེས་ཤུལ་བུས་ཟིན་པ་ཞིག་ཡོད་པ་ཡིན་ན་བསྟན་པ་སྤྱི་བྱེ་དང་། ཡང་སྒོས་ཁོ་བོ་ཅག་ལའང་འོས་བབ་ཆེ་བའི་གནས་སུ་གྱུར་ནའང་། གོང་དུ་བཤད་མ་ཐག་པའི་ཚུལ་ལྟར། བླུན་པོའི་བློ་གྲོས་ཀྱིས་ནམ་མཁའ་འདོམ་འཇལ་བྱས་པ་ལྟ་བུ་ལས་རང་གཞན་གྱི་གཏན་དོན་འགྲུབ་པ་ཅིར་ཡང་མི་ནུས་པ་ནི་དངོས་སུ་གསལ་ཞིང་། ངེས་དོན་གྱི་རྟོགས་པའི་ཉམས་ལེན་ལ་ཡིད་སྨོན་པ་རང་རེ་རྣམས་ཀྱིས་ནི་དཔེར་ན་མེ་ཏོག་ལས་སྦྲང་རྩི་ལེན་པ་ལྟ་བུའམ། འོ་མ་ལས་མར་ལེན་པ་ལྟ་བུའམ། ས་གཞི་ལས་གསེར་གྱི་སྙིང་པོ་ལེན་པ་ལྟ་བུར་བླ་མ་ཉམས་མྱོང་ལྡན་ངེས་ཀྱི་གདམས་ངག་ཟབ་མོའི་ཞལ་རྒྱུན་ལ་བརྟེན་ཏེ། ཆོས་སྒོ་མཐའ་དག་གི་གནད་འགག་ཡང་ཟབ་རྣམས་མདོ་དོན་གཅིག་ཏུ་དྲིལ་ནས་གདམས་པའི་དོན་སྨྲ་བསམ་བརྗོད་བྲལ་གྱི་གནས་ལུགས་ཟབ་མོའི་ངང་དུ་ཉམས་སུ་བླང་ཤེས་དགོས་པ་ནི་རྟོགས་ལྡན་གྱི་ཁྱད་ཆོས་ཏེ། དེ་ལྟར་ཉམས་སུ་ལེན་པ་ཁོ་ན་ལ་གཙོར་འདོན་དགོས་པ་ཡིན་མ་གཏོགས། ཀུན་བཟང་བླ་མའི་ཞལ་ལུང་དུ་གསུངས་འདུག་པ་ལྟར་བཀའ་རྒྱ་ཆེ། ལུང་གྲངས་མང་། ཤེས་བྱའི་མཐའ་རྒྱ་ནམ་ཡང་ཆོད་དུས་མེད་པས། གང་ཟག་གི་རྒྱུད་གྲོལ་བའི་དུས་ནམ་ཡང་ཡོང་མི་སྲིད་དེ། སྔོན་ཇོ་བོ་ལ་ཁུ་རྔོག་འབྲོམ་གསུམ་གྱིས་ཞུས་པ། གཏན་གྱི་གང་ཟག་གཅིག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱེད་པ་ལ་བཀའ་བསྟན་བཅོས་ཀྱི་གཞུང་དང་བླ་མའི་གདམས་ངག་གཉིས་གཙོ་གང་ཆེ་ཞུས་པས། དེ་བླ་མའི་གདམས་ངག་གཙོ་ཆེ་གསུངས། དེ་ཅི་ལགས་ཞུས་པས། སྡེ་སྣོད་གསུམ་ཁ་བཏོན་དུ་འཆད་ཤེས་ཤིང་ཆོས་ཐམས་ཅད་ཀྱི་མཚན་ཉིད་ལ་མཁས་ཀྱང་ཉམས་སུ་ལེན་པའི་དུས་སུ་བླ་མའི་གདམས་ངག་གི་ལག་ལེན་མེད་ན་ཆོས་དང་གང་ཟག་ཡ་བྲལ་དུ་འགྲོ་བར་གདའ་ཡི་གསུངས་པ་ལྟར། མ་ཟད། མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ངས་ནི་མདོ་སྡེ་གང་བཤད་པ། །ཚིག་འབྲུ་ཐ་དད་དོན་གཅིག་སྟེ། །ཐམས་ཅད་སྒོམ་པར་ནུས་མ་ཡིན། །ཚིག་གཅིག་རྣམ་པར་བསྒོམས་པ་ཡིས། །དེ་དག་ཐམས་ཅད་བསྒོམ་པར་འགྱུར། །ཞེས་དང་། དཔལ་མར་མེ་མཛད་ཀྱིས། ཤེས་བྱའི་ཆོས་ནི་རྣམ་པ་དཔག་ཏུ་མེད། །ཚེ་ཡི་ཚད་ནི་ཇི་ཡོད་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་བཞིན། །རང་གི་འདོད་པ་དེ་དག་བླང་བར་བྱ། །ཞེས་དང་། ཡོན་ཏན་མཛོད་ལས། ཤེས་བྱ་ནམ་མཁའི་གཟའ་སྐར་འདྲ། །བསླབ་དགོས་གནས་ལ་ཟད་པ་མེད། །ད་རེས་ཆོས་སྐུ་སྙིང་པོའི་དོན། །འགྱུར་མེད་བཙན་ས་ཟིན་ན་ལེགས། །ཞེས་དང་། ལོ་ཆེན་བཻ་རོ་ཙ་ནས། ཚིག་གི་རྩ་བ་མ་གཅོད་དོན་གྱི་རྩ་བ་ཆོད། །དོན་གྱི་རྩ་བ་ཆོད་ན་ཚིག་རྩ་དེ་རུ་འདུས། །ཞེས་སོགས་མཐའ་ཡས་པར་གསུངས་པའི་དོན་རྣམས་ཡོངས་སུ་དྲིལ་ན། ནང་ཀུན་བྱེད་སེམས་ཀྱི་གཞི་རྩ་འདི་ཉིད་གཅོད་མ་ཐུབ་ན་ཕྱི་འཁྲུལ་སྣང་གི་བདེན་གྲུབ་སྣ་ཚོགས་འདི་དག་ཚིག་དང་ཡིད་ཀྱིས་མེད་དོ་ཞེས་དཔྱད་པ་ཙམ་གྱིས་མི་ཡོང་སྟེ་བདེན་གྲུབ་ཨ་འཐས་སུ་འཛིན་ཅིང་སྒྲུབ་པ་པོ་ནི་འཁྲུལ་སེམས་བདག་ཏུ་འཛིན་པ་འདི་ཉིད་རང་ཡིན་པའི་ཕྱིར་རོ། །དེས་ན་ཐོས་བསམ་རྒྱ་ཆེ་བ་རྣམས་ཀྱིས་ཚིག་སྙན་སྙན། འདྲ་གང་ཆགས། རྒྱ་གང་ཆེ། གཏིང་ཅི་ཟབ་འགའ་རེ་འཆད་པའམ་ཉམས་སུ་ལེན་མདོག་མཛད་པ་རྣམས་ནི་དོན་མེད་ཚིག་ལ་ཞེན་པའི་རང་བཞིན་ཏེ། དཔེར་ན་མི་བཀྲེས་པ་ཞིག་གི་ཟས་ཁ་རུ་མི་ཟ་བར་ཇི་ཙམ་འབྱོར་བཞིན་བསགས་བསྲུང་དང་སྤེལ་རྒྱུ་ལ་གཙོ་བོར་བཏོན་ཏེ། བཀྲེས་ཤིང་ཕོངས་པ་ན་ཡང་ཐབས་ཟབ་མོ་གཞན་དག་ལ་ཚོལ་དུ་སོང་བ་དང་འདྲ་བས་དོན་གྱིས་དབེན་པ་ཡིན་ལ། བླ་མ་མྱོང་ལྡན་གྱི་གདམས་ངག་ཟབ་མོའི་ཆོས་ཚིག་གཅིག་ཡིན་རུང་གནད་ཐོག་ཁོ་ནར་བསྣུན་ནས་རང་གིས་ཉམས་སུ་ལེན་པའམ། གཞན་ལ་འཆད་ཀྱང་རུང་ནད་ཀྱི་གཉེན་པོར་སྨན་འཕྲོད་པ་དང་འདྲ་སྟེ། དཔེར་ན་མི་བཀྲེས་སྐོམ་གྱིས་གདུང་བ་ཞིག་ལ་ཟས་བཅུད་དང་ལྡན་པ་ཞིག་སྟེར་ལ་དེ་ཁ་ནས་ཟོས་པས་ལྟོ་ངེས་པར་འགྲངས་པ་འདྲ་བས་དོན་ལྡན་ཁྱད་འཕགས་ཀྱི་ཆོས་སུ་ཤེས་པ་གལ་ཆེ་སྟེ། སྔོན་མྱང་བན་ཏིང་འཛིན་བཟང་པོས་རྒྱའི་ཧ་ཤང་བསྟེན་པས་མ་བྱུང་སྟེ་སླར་པཎ་ཆེན་བི་མ་ལ་བསྟེན་ཏེ་རྫོགས་ཆེན་བསྒོམས་པས་འོད་ལུས་འགྲུབ་པ་དང་། རྗེ་དྭགས་པོས་བཀའ་གདམས་པའི་གདམས་ངག་བསྒོམས་ནས་མ་བྱུང་སྟེ་སླར་མི་ལའི་གདམས་པ་ཁྱད་པར་ཅན་ཐོབ་པའི་ལོ་རྒྱུས་དང་། དེ་བཞིན་རྗེ་ཕག་གྲུས་ཀྱང་སྤྱིར་དབུས་གཙང་མདོ་ཁམས་ཀྱི་དགེ་བཤེས་གཞུང་དང་གདམས་ངག་ལ་མཁས་གསུང་པ་བཞི་བཅུ་ཙམ་བསྟེན་ཀྱང་ལ་ལ་ནས་ཞི་གནས་རྐྱང་པ་རེ་རྒྱུད་ལ་སྐྱེས། ལ་ལས་གོ་ཡུལ་ཤར་བ་ཙམ་ལས་མ་བྱུང་། སློབ་དཔོན་འབྲོང་པོ་དང་བྱ་ཡུལ་བས་ལམ་རིམ་གསུངས་དུས། ཕྱི་གཟུང་ཡུལ་དང་། ནང་འཛིན་སེམས་དང་། ཕུང་ལྔ་སོགས་གཅིག་དང་དུ་བྲལ་གྱི་གཏན་ཚིགས་ཀྱིས་བཤིགས་ནས་མཐར་ཅི་ཡང་མ་གྲུབ་པ་ཞིག་བྱས་ནས་སྟོང་པ་ཉིད་སྒོམ་པ་དེ་ཅུང་དྲག་པར་བྱུང་། འོན་ཀྱང་དཔྱད་སྒོམ་དུ་སོང་བས་གནས་ཆ་ཡེ་མ་བྱུང་། རྗེ་སྒམ་པོ་པ་དང་མཇལ་བས་ཆོས་ཐམས་ཅད་རང་བཞིན་གྱི་སྟོང་པ་ཉིད་དེ་ཉམས་མྱོང་གི་ཐོག་ནས་སྐྱོང་ཤེས་པར་བྱུང་བས། སྔར་ཐོས་པའི་སྟོང་ཉིད་དེ་ཚོ་ཀློག་བཏོན་བྱས་པ་དང་འདྲ་བར་འདུག །དེས་ན་བླ་མ་ཉམས་མྱོང་ཚད་ལྡན་ཅན་དང་མཇལ་བ་གལ་ཆེ་བར་འདུག་གསུངས་པ་ལྟར་ཡིན་པས་ལྷག་པར་ཤེས་དགོས་ཤིང་། དེ་ཡང་སྤྱིར་ཐོས་བསམ་གྱི་ཡོན་ཏན་ལ་མ་རྨོངས་པའི་ཤེས་རབ་ཆེན་པོས་གདམས་ངག་འཆད་པ་ལ་མཁས་པ་དང་། ཡང་སྒོས་སུ་དད་པ་དང་མོས་གུས་དཀའ་སྤྱད་དང་བརྩོན་འགྲུས་དྲག་པོས་ཉམས་དང་མྱོང་བའི་ངེས་ཤེས་བརྟན་པོ་རིམ་གྱིས་ཐོབ་ནས། མཐར་ཉམས་མྱོང་ངེས་ཤེས་དང་བཅས་པ་ཡོངས་སུ་དག་སྟེ་སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པའི་ཕྱག་རྒྱ་ཆེན་པོ་ལྟར་ན་བསྒོམ་མེད་དམ། རྫོགས་ཆེན་ལྟར་ན་ཆོས་ཟད་ཀ་དག་ཆེན་པོའི་དགོངས་པ་ལ་མངའ་དབང་བརྙེས་ཤིང་། འཁྲུལ་བ་རྩ་བྲལ་གྱི་ངང་ནས་དམ་པའི་ཆོས་ཟབ་མོ་བཤད་པའི་སློབ་མ་རྣམས་ཐར་ལམ་མ་ནོར་བར་འཁྲིད་ནུས་པ་ཞིག་དགོས་པ་ཡིན་མ་གཏོགས། རང་གིས་མ་རྟོགས་པའི་ཆོས་ཚིག་སྙན་སྙན་མོས་སློབ་བུ་རྣམས་ཡང་དག་པའི་ལམ་ལ་ནམ་ཡང་འཁྲིད་པར་མི་ནུས་ཏེ། རང་རྒྱུད་མི་དུལ་བས་གཞན་ལ་ཆོས་ཀྱི་བཤད་ཡམ་འདོན་པར་མཛད་པ་ནི་དཔེར་ན་མིག་ལོང་བ་ཁ་བདེ་མོ་ཞིག་གིས་གཟུགས་དང་ཁ་དོག་གི་རྣམ་དབྱེ་ཕྱེས་པའམ། སྒྲོ་འདོགས་གཅོད་པ་ལྟ་བུ་ལས་དོན་ཅི་ཡང་མི་ཡོང་སྟེ། སངས་རྒྱས་སྙིང་པོའི་མདོ་ལས། དམུས་ལོང་ཞིག་གིས་གཞན་ལ་མར་གྱི་ཁ་དོག་དྲིས་པར་ཁ་བ་འདྲའོ་ཞེས་སྨྲས་པ་དང་དེས་ཁ་བ་ལ་རེག་པས་མར་གྱི་ཁ་དོག་གྲང་མོར་འཛིན་ནས། ཁ་བའི་ཁ་དོག་དྲིས་པར་ངང་པའི་གཤོག་པ་འདྲ་སྨྲས་པས་ངང་པའི་གཤོག་སྒྲ་ཐོས་པས་ཁ་བའི་ཁ་དོག་འུར་འུར་པོ་འཛིན་ནས། ཡང་གཤོག་པའི་ཁ་དོག་དྲིས་པས་དུང་འདྲ་ཞེས་དུང་ལ་རེག་པས་འཇམ་པོར་འཛིན་ནས་ངོ་ཅི་ལྟར་བྱས་ཀྱང་མ་འཕྲོད་པ་ལྟ་བུ་དང་། ཕལ་པོ་ཆེ་ལས། དཔེར་ན་འོན་པ་རོལ་མོ་མཁན། །གཞན་དག་དེ་ཡིས་དགའ་བྱེད་ཀྱང་། །བདག་ཉིད་ཀྱིས་ནི་མི་ཐོས་ལྟར། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །གྲུ་དང་གཟིངས་བཅའི་མཉན་པ་ཡིས། །གཞན་དག་དེ་ཡིས་སྒྲོལ་བྱེད་ཀྱང་། །བདག་ཉིད་ཆུ་ལ་ཤི་བ་ལྟར། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །དཔེར་ན་བུ་རམ་མངར་བའི་རོ། །བརྗོད་པས་རོ་ནི་མི་མྱོང་སྟེ། །མྱོང་བས་རོ་ནི་མྱོང་བ་ལྟར། །དེ་བཞིན་སྟོང་པ་ཉིད་ཀྱི་རོ། །བརྗོད་པས་རོ་ནི་མི་མྱོང་སྟེ། །བསྒོམས་པས་རོ་ནི་མྱོང་བར་འགྱུར། །ཞེས་དང་། ཇི་སྐད་དུ། ཐོས་ནས་ཉམས་སུ་མ་བླངས་ན། །བུ་རམ་ཐོས་ཏེ་མ་ཟོས་འདྲ། །རོ་མཆོག་མི་མྱོང་དགོས་པ་མེད། །མྱང་ཀྱང་མི་ཕན་མཐའ་སྐྱོང་དགོས། །ཞེས་དང་། དཀོན་བརྩེགས་ལས། མ་བསྒྲལ་བས་ནི་བསྒྲལ་མི་ནུས། །མ་གྲོལ་བས་ནི་བགྲོལ་མི་ནུས། །ལོང་བས་ལམ་ཡང་སྟོན་མི་ནུས། །གྲོལ་བས་དགྲོལ་བར་བསྐྱེད་པར་ནུས། །མིག་ལྡན་ལོག་ལ་ལམ་སྟོན་ནུས། །ཞེས་གསུངས་པ་ལྟར་ཤིན་ཏུ་བདེན་པར་འདུག་གི་ཨང་། འོན་ཀྱང་། དེང་སང་ཁ་ཅིག་ནས་ཉམས་རྟོགས་སྐྱེ་བའི་གདམས་ཟབ་ཀྱི་ཕྱོགས་སུ་གོམས་འདྲིས་ཅུང་ཟད་ཙམ་ཡང་མ་བྱས་པར། ཡིད་དཔྱོད་མཚན་འཛིན་དང་གྲུབ་མཐའ་ཁོ་ནའི་ཁ་འཛིན་བྱེད་ཅིང་རང་འདོད་ཀྱི་གཟེབ་ཏུ་འཕྱན་པ། ཚིག་དང་བཤད་ཡམ་ལ་བློ་ཁ་ཕྱོགས་པ་འགའ་རེ་ནས་ཐོས་བསམ་རྒྱ་ཆེ་བ་རེ་མེད་ན་གང་ཟག་གི་རྒྱུད་གྲོལ་བའི་དུས་མི་ཡོང་ཞེས། སྒོམ་པ་བ་རྣམས་ལ་དགག་བྱའི་ཚུལ་དུ་གསུངས་སྲོལ་རེ་འདུག་རུང་དེང་སང་མཁས་གྲུབ་ཕུལ་དུ་ཕྱིན་པ་ནི་དཀོན་པའི་སྐབས་འདིར་གང་ཟག་ཕལ་ཆེར་ཐོས་བསམ་ཕྱོགས་རེ་བས་ང་རྒྱལ་ཕྲག་དོག་གིས་རྒྱུད་སྦོས་ནས་ཆང་གིས་བཟི་བའི་གཏམ་ལྟ་བུར་འཆོལ་བ་འདྲ་སྟེ། གྲུབ་ཆེན་པདྨ་བདུད་འདུལ་གྱི་ཞལ་གདམས་ལས། ཐོས་པས་ཆོག་པའི་སྒོམ་པ་དེ་ཡིན་ན། །ཐར་པ་ནག་པོ་སངས་རྒྱས་མ་ཡིན་ནམ། །ཐོས་པ་མེད་པས་སྒོམ་པ་མེད་གྱུར་ན། །སངས་རྒྱས་རང་རྒྱལ་དགག་པ་མ་ཡིན་ནམ། །ཐོས་པས་ཆོག་པ་སྒོམ་པ་དེ་ཡིན་ན། །ལྷས་བྱིན་ལེགས་སྐར་སངས་རྒྱས་མ་ཡིན་ནམ། །ཐོས་པ་མེད་པས་སྒོམ་པ་མེད་གྱུར་ན། །གདོད་མའི་མགོན་པོ་དགག་པ་མ་ཡིན་ནམ། །ཞེས་གསུངས་པ་ལྟར་ལས་མི་ཡོང་སྟེ། ཆོས་ཐེག་པ་རིམ་དགུ་དང་གང་ཟག་རབ་འབྲིང་ཐ་མ་སོགས་དཔག་མེད་ཡོད་པའི་ཕྱིར། དཀོན་བརྩེགས་ལས། འོད་སྲུང་། ང་དང་ང་འདྲ་བས་ཆོས་དང་གང་ཟག་གི་ཚད་བཟུང་བར་བྱ་ཡི། གང་ཟག་གིས་གང་ཟག་དང་ཆོས་ཀྱི་ཚོད་ནི་གཟུང་བར་མི་བྱ་སྟེ་ལྟུང་བར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པ་ལྟར་དུ་ངེས་པར་བྱ་དགོས་པ་ཡིན། འོན་ཀྱང་བླ་མ་ལ་མོས་གུས་དང་། ཆོས་ལ་དག་སྣང་དང་། ཉམས་མྱོང་གི་ངེས་ཤེས་སོགས་ཅུང་ཟད་རེ་རྒྱུད་ལ་འབྱོར་བ་མེད་ན་ཐེ་ཚོམ་སྐྱེས་པ་དེ་དག་ཀྱང་ཁག་ཅི་ལ་ཡོད་དེ། མདོ་སྡེ་རྒྱན་ལས། མི་རིགས་པ་ཡིས་གཟུགས་ལའང་མི་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། །དེ་བས་བཏང་སྙོམས་བཞག་ན་ཉེས་པ་མེད། །ཅེས་གསུངས་པ་ལྟར་སྤྱིར་ངེས་པར་བྱ་དགོས་པ་དང་ཁྱད་པར་དོན་དམ་པའི་གནས་ལུགས་རྟོགས་བྱེད་ཀྱི་མཁན་པོ་གང་ཡིན་པའི་རིམ་པ་རྣམས་དོན་བསྡུ་ན་ནི། དགོངས་འདུས་ལས། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བསྟེན་ནས་བྱུང་། །ཞེས་གསུངས་པ་ལྟར་བརྒྱུད་ལྡན་གྱི་བླ་མའི་བྱིན་རླབས་ལ་རག་ལས་པ་དང་གཅིག །དེ་བཞིན་ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་པ་ལྟར་ཆོས་ཐམས་ཅད་ཀྱི་ཡང་ཟབ་གདམས་ངག་གི་རིམ་པ་ལ་རག་ལས་པ་དང་གཉིས། དེ་བཞིན་དུ་རྒྱུད་བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དྲི་མ་དེ་བསལ་སངས་རྒྱས་དངོས། །ཞེས་པ་ལྟར་ཡེ་ནས་རང་དང་འདུ་འབྲལ་གཉིས་སུ་མེད་པའི་ཆོས་ཉིད་ཟབ་མོའི་བདེན་སྟོབས་ལ་རག་ལས་པ་དང་གསུམ། དེ་བཞིན་དུ་རྒྱུད་བླ་མ་ལས། རང་བྱུང་ཉིད་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་མཐོང་མི་འགྱུར། །ཞེས་པ་ལྟར་སློབ་མས་ཀྱང་ཡིད་ཁྱེད་ཤེས་ཀྱི་མོས་གུས་ཚད་མེད་སྐྱེས་པ་དང་སྒོ་གསུམ་འདུན་པ་ཆིག་དྲིལ་གྱི་དོན་གཉེར་ཁོ་ན་ལ་རག་ལས་པ་ཡིན་ནོ། །དེ་བཞིན་དུ་སྤྱིར་ཐོས་བསམ་ལ་སྦྱངས་བཀའ་དང་བསྟན་བཅོས་ཐམས་ཅད་ལ་མཁས་པ་རྣམས་ཀྱང་རང་རྒྱུད་མ་གྲོལ་བ་ཡང་ཡོད་སྲིད་དེ། ཐོས་བསམ་གྱི་སྒོ་ནས་བླ་མ་ལ་ཡོན་ཏན་དུ་མར་མཐོང་ཡང་མོས་གུས་ཀྱི་རྩལ་ཁ་མ་རྒྱས་པས་བྱིན་རླབས་ཀྱི་དྲོད་པ་རང་རྒྱུད་དུ་མི་འབེབས་པའི་ཕྱིར་གང་ཤེས་ཐམས་ཅད་ཚིག་ཐོག་ནས་ན་ཡལ་འགྲོ་བ་དང་། ཉམས་ལེན་ལ་དོན་གཉེར་ཆེན་པོ་ཞིག་བྱས་རུང་དེ་ཐོག་རང་དུ་མཉམ་པར་མ་བཞག་པའམ། བཞག་ཀྱང་ངང་བསྲིང་རྒྱུ་རྗེས་སུ་ལྷག་བསྡད་པ་ལྟ་བུར་སོང་བ་དང་། ཡང་བྱིས་པས་མེ་ཏོག་བཏུ་བའམ་དྲེད་མོས་ཕྱི་བ་བརྐོ་བའམ་མི་སེམས་སྟོང་པར་རྒྱུ་ནོར་གྱིས་ཁེངས་དུས་མེད་པ་བཞིན། ཚིག་ཚོགས་ལ་མངོན་ཞེན་གྱིས་སྤང་ལེན་བྱེད་པ་དག་གིས་ལན་པར་འདུག་གོ་སྙམ། བླ་མ་རྟོགས་པ་མཆོག་ལྡན་དང་སློབ་མ་སྣོད་ལྡན་གྱི་རྟེན་འབྲེལ་འགྲིགས་པ་རྣམས་ལ་ནི་བརྡ་ཙམ་ཡང་བསྟན་མ་དགོས་པར་རྒྱལ་བ་དགོངས་པའི་བརྒྱུད་པ་དང་། ཚིག་ཙམ་ཡང་བསྟན་མ་དགོས་པར་རིག་འཛིན་བརྡ་བརྒྱུད་དང་། གདམས་ངག་ཟབ་མོ་སྙན་བརྒྱུད་ཀྱི་ཚུལ་དུ་བཏབ་པས་གདམས་ངག་ཚིག་བཞི་རེས་གང་ཟག་གི་རྒྱུད་ཡོངས་སུ་གྲོལ་བའི་གྲུབ་བརྙེས་ཤ་སྟག་གང་ཟག་སྙན་བརྒྱུད་འཕགས་བོད་ཀྱི་གྲུབ་བརྙེས་རྣམས་ཀྱི་ལོ་རྒྱུས་རྣམ་ཐར་ཟབ་མོ་མཐོང་ཆོས་སུ་གྲུབ་པ་དུ་མ་འདུག་པ་འདི་དག་གཞིར་བཞག་རང་མཛད་ན་ལེགས་ཤིང་། ད་ལྟ་གང་ཟག་སོ་སོའི་རྒྱུད་ཚོད་ལ་དཔག་ནའང་བརྩོན་འགྲུས་དང་ཉམས་མྱོང་གི་གནད་མི་ཐེག་པ་རྣམས་ཀྱིས་ནི་ཚིག་གི་རྣམ་གྲངས་ཇི་ལྟར་ཤེས་ཀྱང་ལོག་ལྟ་སྐྱེ་བའི་བསྣོན་མ་སྟེ་སྐྱོན་ལས་ཡོན་ཏན་མེད། བརྩོན་འགྲུས་ཀྱིས་གནད་གསང་དུ་ཚུད་ཅིང་ཉམས་རྟོགས་ཀྱི་རྩལ་ཁ་རྒྱས་པ་རྣམས་ལ་ནི་ཚིག་ཐམས་ཅད་ཐ་སྙད་ཕྱི་ཤུན་དུ་མཐོང་བས་ཡོན་ཏན་དང་རྟོགས་པ་མཆོག་ལྡན་དུ་ཡོད་པ་སྐྱོན་ཟད་ཡོན་ཏན་དང་ལྡན་པ་འདི་དག་ཐམས་ཅད་ཀྱང་ཆོས་ཉིད་བདེན་པའི་ཐུགས་རྗེ་རང་ལ་རག་ལས་པར་གོ་དགོས་ཏེ། གྲུབ་ཐོབ་བརྒྱད་ཅུའི་སྤྱི་མེས་ས་ར་ཧ་ཆེན་པོས། སྙིང་པོའི་དོན་ལ་ཚིག་གི་ལྟ་བ་མེད། །བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བརྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་དང་། ཐུབ་པ་ཆེན་པོས་ལུང་གིས་ཟིན་པ་མཉམ་མེད་དྭགས་པོ་ལྷ་རྗེས། ཕལ་དང་ཕལ་གྱིས་སྤྱོད་ཡུལ་མིན། །ཐོས་པ་ཆེ་བས་ཤེས་པ་མིན། །བྱིན་རླབས་ལམ་ལ་གནས་པ་ཡིན། །བླ་མའི་གསུང་ལ་བརྟེན་པ་ཡིན། །ཞེས་གསུངས་པ་ལྟར། དོན་དུ་ཀུན་གཞི་འདི་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། ལྷན་ཅིག་སྐྱེས་པའི་མ་རིག་པ་གཉིས་པོ་དཔེར་ན་ཆུ་རྙོགས་མ་ལྟ་བུའི་ཚུལ་དུ་གནས་ཡོད་ཅིང་། དེ་ཉིད་གྲུང་བར་བྱ་བའི་ཕྱིར་དུ་སྤྲོས་པ་ཞི་བས་ལྡོག་དགོས་པ་ཡིན་མ་གཏོགས། ཐབས་ཀྱི་བྱ་བ་ཇི་ལྟར་མཁས་ཤིང་འབད་པ་བྱས་ཀྱང་དངོས་སུ་དྭངས་པ་ལྟ་ཞོག །ལྷག་པར་རྙོགས་མའི་རྒྱུར་འགྱུར་བ་ལས་མ་འདས་པས་དེ་ལྟར་ཤེས་པར་བྱ་དགོས་ལ། མདོར་ན་རྣམ་པར་མི་རྟོག་པའི་བསམ་གཏན་ནམ། འདུས་མ་བྱས་པའི་ཡེ་ཤེས་གང་ཟག་གི་ཤེས་རྒྱུད་དུ་དབང་འབྱོར་དགོས་པའི་ཕྱིར། དེས་ན་རང་རེ་རྣམས་ནས་སྤྲོས་མེད་དོན་དུ་གཉེར་བ་ལས་སྤྲོས་བཅས་ཙབ་ཙུབ་ཀྱི་བྱ་བྱེད་ཀྱིས་ངོས་ལྐོག་བར་གསུམ་ནས་གཡེང་ཤོར་མི་ཉེན་མ་གཏོགས་དེང་སང་ཉམས་མྱོང་རྒྱུད་ལ་མ་སྐྱེས་པ་ཚོས་བླ་མ་བཟང་ངན་ལ་ཁག་བསྙད་པ་མ་ཟད། རང་གིས་སྒོམ་པའི་ངང་བསྲིངས་ནས་གོམས་སྟོབས་ཀྱིས་ཉམས་མྱོང་བརྟན་པ་རིམ་གྱིས་ཐོབ་དགོས་ཆགས་མི་བྱེད་པར། ཕྱག་ཆེན་ཐོབ་སྟེ་རྫོགས་ཆེན་མ་ཐོབ། དབང་ཁྲིད་ཐོབ་སྟེ་ཡོངས་རྫོགས་མ་ཐོབ་ཟེར་ཞིང་སེམས་ཁམས་མ་ཁེངས་པའི་ཡུས་ཆེ་བར་བྱེད་ཀྱིན་འདུག་སྟེ་དེ་མིན། ཚེ་འདིར་དོན་གཉེར་ལྟར་སྣང་ཚིག་གིས་ཉན་འཆད་མཁས་པ་རྣམས་ཀྱིས་ཐུན་མོང་བློ་ལྡོག་རྣམ་བཞི་ནས་རྫོགས་ཆེན་ཆོས་ཟད་བར་དུ་ཉིན་གཅིག་གིས་བཤད་པ་རྫོགས་ནའང་ལེགས་པར་གྲུབ་བོ་ཡོངས་སུ་ཐོབ་བོ་ཞེས་པ་ལས་ཅང་མེད་དོ། །རང་རེ་སྒྲུབ་པའི་ཁོངས་སུ་གཏོགས་པ་ཚེ་ཕྱི་མའི་གཏན་དོན་གཉེར་བ་རྣམས་ཀྱིས་ནི་ཚིག་དང་བཤད་ཡམ་ལ་གཙོར་མི་འདོན་པར་ཉམས་མྱོང་བསླད་མེད་ཁོ་ན་ལ་གཙོར་བཏོན་ནས་བརྟན་པ་ཐོབ་དགོས་པའི་ཕྱིར། དཔེར་ན་ནད་སྣ་ཚོགས་ཀྱིས་མནར་བའི་གང་ཟག་ལ་སྨན་རྒྱུད་ཐམས་ཅད་ཀྱི་བཤད་པ་བྱས་པའམ། སྨན་སྣ་ཚོགས་དུས་གཅིག་ཏུ་བཏང་བས་ཕན་པར་མི་སྲིད་དེ། ནད་སྣ་ཚོགས་དྲག་ཞན་ལ་རིམ་པར་བསྟུན་ཏེ་ལག་ལེན་དུ་བསྟར་ནས་ནད་བཅོས་དགོས་པ་ལྟར་ཡིན་ཞིང་། ལྷག་པར་དེང་དུས་ནི་ཕྱག་རྫོགས་དབུ་གསུམ་གྱི་ལྟ་བ་ལའང་ཁྱད་པར་འགའ་ཞིག་ཡོད་སྙམ་གྱིས་ཆོས་གང་ཟབ་བླ་མ་སྙན་གྲགས་སུ་ཆེ་ཟེར་ནས་ཕུ་མདའ་མེད་པར་ཚོལ་གྱིས་འགྲོ་བར་འདུག་ནའང་། རང་གིས་བརྩོན་འགྲུས་ཉག་གཅིག་ཏུ་དྲིལ་ནས་སྒོམ་པའི་གོམས་སྟོབས་དང་། རྩ་བའི་བླ་མ་ལ་དད་པ་མོས་གུས་ཚད་མེད་སྐྱེས་པའི་དྲིན་གྱིས་ཉམས་རྟོགས་ཀྱི་ཁྱད་པར་གནད་འགག་ཐམས་ཅད་ཕྱེད་དགོས་པ་ལས། ཐབས་གཞན་མང་པོ་མི་ཚོལ་བ་གང་ཟག་རབ་འབྲིང་ཐ་མ་གསུམ་ཀས་དང་པོ་དེ་ཙམ་གྱིས་ཐུགས་ལ་ངེས་པའང་གལ་ཆེ་བར་ཞུ་འཚལ་ཤིང་། དེར་མ་ཟད་རིགས་གནས་ལ་མཁས་པ་རྣམས་ཀྱིས་ལྟ་བ་དང་རྟོགས་པ་མེད་ཀྱང་ཡོད་མདོག་མཛད། གྲུབ་པའི་ཁོངས་སུ་གཏོགས་པ་རྣམས་ཀྱིས་ནི། ཉམས་མྱོང་གི་སྒོམ་ཡུན་མི་བསྲིང་བར་ཚིག་དང་བཤད་ཡམ་ལ་བློ་ཁ་ཕར་ཕྱོགས་པའི་བར་ནས་ངེས་དོན་གྱི་བསྟན་པ་འདི་ཉམས་གྲབས་སུ་འགྲོ་བའི་གསང་ལམ་ཞིག་མཐོང་བ་དེས་ན་ལྟར་སྣང་ཙམ་ལ་མི་ལྟོས་པར་རི་མོའི་མེ་ལྕེ་དང་། ནེ་ཙོས་ཆོས་འདོན་དང་། ཤིང་གི་རང་འཐག་དང་། སེང་གེའི་གསོབ་ལ་སོགས་པ་ལ་དཔེ་དོན་བླངས་ནས་ཅུང་ཟད་གཟབ་ཤེས་དགོས་པར་སྣང་ཞིང་། དེ་བཞིན་དུ་ཐོས་བསམ་གྱི་ཡོན་ཏན་ལྡན་པ་རྣམས་ཀྱང་ཞལ་ཕྱིར་གཟིགས་ཀྱིས་འཆད་རྩོད་རྩོམ་པའི་ལས་འབའ་ཞིག་ལ་དོན་གཉེར་གྱི་གཙོ་བོར་མཛད་པ་ལས། ངེས་གསང་སྙིང་པོའི་ལམ་ལ་ཐུགས་རྣལ་དུ་དབབ་པ་དང་རང་གཞན་གྱི་གཏན་དོན་ངེས་པར་འགྲུབ་པའི་ཐུགས་འདུན་ཅན་ནི་དམ་པའི་སྐྱེས་མཆོག་འགའ་རེ་ཙམ་ལས་དཀོན་པར་མཆིས་ཤིང་། མ་ཚད་ཤེས་དང་མི་ཤེས་མེད་པས་ཐ་སྙད་ཚིག་ལ་ཞེན་འཁྲིས་ཀྱིས་གདེང་བཅས་ཏེ། ཁེ་གྲགས་དང་ཟང་ཟིང་ཕྲ་མོ་ཙམ་རེ་ལའང་དམིགས་འདུན་གཏད་དེ་བློ་ཆུང་དྲན་མང་འབའ་ཞིག་གིས་ཆོས་ཞུས་ཞུས་ཐོབ་ཐོབ་མང་པོ་བྱེད་ཀྱང་། དོན་དུ་ཉམས་དང་མྱོང་བའི་ངེས་ཤེས་ཕེར་བ་ལྟ་ཅི། ཀུན་རྫོབ་དོན་དམ་ལྟ་སྒོམ་སྤྱོད་འབྲས་ཆོས་རྒྱུད་གྲུབ་མཐའ་གང་ལའང་ངེས་པ་མེད་པ། མོ་ངན་པས་ཐག་ཆ་འཛིང་འཛིང་ལྟ་བུར་བྱེད་པས་དོན་ཅི་ཡང་མི་ཡོང་གསུངས་དར་བས། དེ་ལྟར་བསམས་ཤིང་དཔྱད་ཚེ། འཕྲལ་ཡུན་ཀུན་ལ་ཕན་པ་རྒྱལ་བའི་བཀའ་ཚད་མ་རེད་ལོས་བདེན་སྙམ་པའི་ངེས་ཤེས་སྐྱེ་ཡོང་གི་འདུག་སྟེ། ཆེད་དུ་བརྗོད་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་རྣམས་ལ། དགེ་སྦྱོང་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། སྣལ་མ་སེར་པོ་ལ་བྱང་ཆུབ་ག་ལ་ཡོད། ཆུས་བཀྲུས་པ་ལ་བྱང་ཆུབ་ག་ལ་ཡོད། དགོང་ལྟོ་བཅག་པ་ལ་བྱང་ཆུབ་ག་ལ་ཡོད། ཅེས་གསུངས་པ་ལ་འཁོར་རྣམས་ཐེ་ཚོམ་ཡིད་གཉིས་སུ་གྱུར་ཏེ། འོ་ན་བྱང་ཆུབ་ཅིས་ཐོབ་དྲིས་པ་ལ་བཀའ་སྩལ་པ། ཤེས་རབ་ཀྱི་སྤུ་གྲིས་རྣམ་རྟོག་གི་སྐྲ་བྲེག་པར་བྱའོ། །སྟོང་ཉིད་ཀྱི་གོས་ཀྱིས་ཉོན་མོངས་པའི་གདུང་བ་སྐྱོབ་པར་བྱའོ། །ཡེ་ཤེས་ཀྱི་ཆུས་མ་རིག་པའི་དྲི་མ་བཀྲུ་བར་བྱའོ། །བསམ་གཏན་གྱི་ཟས་ཀྱིས་འདོད་པའི་བཀྲེས་པ་བསལ་བར་བྱའོ། །ཞེས་དང་། ཨོ་རྒྱན་ཆེན་པོས། ཐ་སྙད་ནེ་ཙོའི་འདོན་པ་འདྲ། །ཆོས་དང་རང་རྒྱུད་འཛོལ་བས་ན། །ད་རེས་གང་ཤེས་ཉམས་ལེན་གྱིས། །རང་རྒྱུད་ཉོན་མོངས་བཏུལ་ན་ལེགས། །ཞེས་དང་། མཁའ་སྤྱོད་གླུ་ཕྲེང་ལས། གཞུང་ཐ་སྙད་མཁས་ཀྱི་བདེན་གཉིས་དེ། །ལུང་རིགས་པ་མང་ཡང་གནད་མ་གོ། །གཉིས་ཆོས་སུ་འཛིན་ཅིང་གཉིས་མེད་སྙམ། །བློ་སྤང་བླང་གི་འཁྲུལ་འཁོར་རྒྱུན་མི་ཆད། །ཅེས་དང་། པཎ་ཆེན་ནཱ་རོ་པ་ལ་ཡེ་ཤེས་མཁའ་འགྲོས་ལུང་བསྟན་ལས། མཁས་པར་གྲགས་ཀྱང་དོན་ལ་ཤིན་ཏུ་རྨོངས། །རྒྱ་ཆེན་ཤེས་ཀྱང་ངེས་པའི་གསང་མ་རྙེད། །མང་དུ་ཐོས་ཀྱང་དོན་གཅིག་མ་རྟོགས་པར། །སྐྱེ་བོ་ཀུན་གྱིས་བཀུར་བ་ཅི་མ་རུང་། །ཞེས་དང་། ཇི་སྐད་དུ། སྣ་ཚོགས་ཆོས་སྒོ་བསམ་ཡས་གྲངས་མང་ཡང་། །སྙིང་པོ་བཅུད་དྲིལ་ཉམས་ལེན་མི་འབད་ན། །གླེགས་བམ་འབུམ་ཕྲག་ཐོས་བསམ་བགྱིད་བརླམས་ཀྱང་། །མ་རིག་ཉོན་མོངས་བག་ཆགས་ཆུན་པ་དཀའ། །ཞེས་དང་། འཇིགས་གླིང་གིས། ལྟ་བའི་གོ་བ་རྟོག་གེས་ལེགས་ཤེས་ནས། །ཚིག་ཏུ་སྙན་ཅིང་བཙན་པར་སྨྲ་མོད་ཀྱི། །ཉམས་སུ་རྨི་ལམ་དུ་ཡང་མ་མྱོང་བས། །ཐོས་བསམ་ལ་སོགས་བློ་ཡི་འདུས་བྱས་ཕྱིར། །རྣམ་པར་མི་རྟོག་ཞི་ལ་ཡང་མི་ཉེ། །ཞེས་དང་། ཇི་སྐད་དུ། བདག་གྲུབ་མཐའི་ཐ་སྙད་ལེགས་ཤེས་ཀྱང་། །ལུས་ལ་ན་ཚས་མནར་བའི་ཚེ། །གྲུབ་མཐའི་ཐ་སྙད་ཀྱིས་ཕན་མ་ཐོག །དེ་ཡང་བློ་སྦྱོང་དགོས་པ་བྱུང་། །དེ་ཡང་སྟོང་ཉིད་དགོས་པ་བྱུང་། །རིག་གནས་ཀྱི་བཤད་པ་མཁས་ལགས་ཀྱང་། །སེམས་ལ་ཉོན་མོངས་བྱུང་བའི་དུས། །བཤད་པའི་ཚིག་གིས་མགོ་མ་ནོན། །དེ་ཡང་བློ་སྦྱོང་དགོས་པ་བྱུང་། །དེ་ཡང་སྟོང་ཉིད་དགོས་པ་བྱུང་། །སྙན་ངག་གི་རྩོམ་པའི་ཉམས་ཤེས་རུང་། །སང་འཆི་དང་གནང་འཆིའི་སྐབས་ཐུག་ཚེ། །འཆི་བདག་ལ་རྩོམ་པས་ཤགས་མ་ཐེབས། །དེ་ཡང་བློ་སྦྱོང་དགོས་པ་བྱུང་། །དེ་ཡང་སྟོང་ཉིད་དགོས་པ་བྱུང་། །ཞེས་དང་། དོ་ཧ་ལས། གང་ཞིག་བླ་མའི་གདམས་ངག་བདུད་རྩི་ཆུ། །གདུང་སེལ་བསིལ་ལྡན་ངོམས་པར་མི་འཐུང་བར། །དེ་ནི་བསྟན་བཅོས་དོན་མང་མྱ་ངམ་གྱི། །ཐང་ལ་སྐོམ་གྱིས་གདུང་སྟེ་འཆི་བར་བྱེད། །ཅེས་དང་། མཁས་པ་རྣམས་ཀྱིས་བསྟན་བཅོས་འཆད་པ་ནི། །ལུས་ལ་ཡེ་ཤེས་ཡོད་པ་མ་རྟོགས་སོ། །ཞེས་དང་། ཇི་སྐད་དུ། ཉན་ཐོས་བྱིས་པའི་ཆོས་ཀྱིས་སངས་མི་རྒྱ། །ཕོ་རོག་རྡོ་རྗེ་འགྲོས་ཀྱིས་ས་མི་ཆོད། །ཅེས་དང་། རྗེ་མི་ལས། ཆོས་དྲང་དོན་ཐེག་པའི་མགོ་བསྐོར་དེས། །ལས་ཉོན་མོངས་བྱུང་ན་བྲོས་རེ་རན། །ཞེས་དང་། ཇི་སྐད་དུ། བརྐོས་ཕོར་རི་མོ་མེད་པ་ལ། །འབི་འབི་སཙྪ་མི་འབྱུང་བཞིན། །ཞེས་དང་། སྡོམ་གསུམ་རྣམ་ངེས་ལས། དེང་སང་མ་སྦྱང་མུ་ཅོར་སྨྲ་བ་བརྒྱས། །རང་གི་ཡེ་ཤེས་རྡུལ་ཙམ་མ་རྟོགས་པར། །རང་བཟོའི་ཆོ་གའི་རྨོངས་རྣམས་ཚིམ་པའི་དུས། །སྐྱབས་དེ་བསམ་སྟེ་སྙིང་ནས་མཆི་མ་དཀུ། །ཞེས་དང་། མགྲིན་སྔོན་ཟླ་བའི་རྟོགས་བརྗོད་ལས། །བརྡ་ཆོས་ཕྱིར་ན་དངོས་པོས་སྟོན། །ལེགས་བཤད་བྱིས་པའི་ངག་གིས་གླེང་། །ཤེས་རབ་བཟང་ལྡན་སྐྱེས་བུ་ལ། །ཀུན་ཀྱང་དགེ་བའི་བཤེས་སུ་གྱུར། །གཏི་མུག་སྒྲིབ་པའི་རྨོངས་པ་འགའ། །དགེ་བཤེས་བསྟེན་པས་མི་དགེ་འཕེལ། །ཚེ་འདིའི་སྣང་ཞེན་མ་བཟློག་པར། །སྲིད་ལས་ཐར་བར་འགྱུར་རམ་ཅི། །ཞེས་དང་། གང་ལ་བདག་འཛིན་སྲོག་གཅིག་པུ། །བཅད་ན་ཐར་ལ་དཀའ་བ་མེད། །བཅད་དཀའ་སྲིད་པའི་དྲྭ་བ་འདི། །གཞན་རྐྱེན་ཅུང་ཟད་མ་ལྟོས་པར། །མཚོན་ཆ་གཅིག་པུས་གཅོད་ནུས་སམ། །ཞེས་སོགས་ཚིག་དོན་མཐའ་ཡས་པ་གསུངས་པ་ལྟར་གནད་དོན་འདི་ལྟ་བུ་ལ་བསམ་གཞིག་ཐེང་ངེས་ཀྱིས་བློ་རྩེ་གཉིས་ཀྱི་བྱ་བྱེད་ཐམས་ཅད་སྤྲོས་པ་གཅིག་ཏུ་ཆོད་པ་གལ་ཆེ་བའི་རང་བཞིན་དུ་ཤེས་དགོས་པ་ཡིན་ཞིང་། འོན་ཀྱང་དེང་དུས་སྒྲུབ་ལ་བརྩོན་པ་རང་གཞན་ཕལ་ཆེར་རྣམས་ཀྱང་། ཚེ་འདིའི་དོན་གཉེར་བྱ་བྱེད་སྤྲོས་པའི་གཡེང་བ་ཁོ་ན་ལས། སྒོམ་སྒྲུབ་དཔྱིས་ཕྱིན་པ་ཉིན་སྐར་ལྟ་བུ་སྟེ། རྒྱལ་བ་ཡང་དགོན་པའི་གསུངས་པ་ལས། འོ་སྐོལ་རྣམས་ཆོས་ཀྱི་ཕྱོགས་སུ་ནུབ་གཅིག་གི་གཉིད་གཏིབ་བམ། དར་གཅིག་གི་བྱ་བྱེད་ཀྱི་ལས་ཀྱང་མི་གཅོག་པར་བསྒྲུབ་བྱ་ཚེ་འདི་ཁོ་ནའི་དབང་དུ་བཏང་། དམ་པའི་ཆོས་བྱེད་སྙིང་འདོད་ན་ནི་བྱེད། མ་འདོད་ན་ནི་འཇོག །སྟབས་སུ་བདེ་ན་ནི་བྱེད། མ་བདེ་ན་ནི་འཇོག་ཅིང་། ཉན་ལོང་མེད་པར་སྒོམ་འདོད། སྒོམ་ལོང་མེད་པར་ནི་ཉམས་རྟོགས་མཐོ་འདོད། ཉམས་རྟོགས་སྐྱེ་ལོང་མེད་པར་དེ་མ་ཐག་གྲུབ་ཐོབ་བམ། རྟོགས་ལྡན་ནམ། མངོན་ཤེས་སམ། རྫུ་འཕྲུལ་ལམ་ཅི་འདྲ་མ་འདྲ་ཞིག་འོང་འདོད། དེ་མ་བྱུང་ཙ་ན་ང་འདྲ་བའི་ཆོས་པ་མི་ཡོང་འདུག་སྙམ་ནས་སེམས་འཁུམ་སྟེ་སྒྲུབ་པ་བྱེད་འཕྲོ་བཤོལ། མ་བསྒོམས་མ་བསྒྲུབས་པའི་སངས་རྒྱས་ཤིག་འོ་སྐོལ་ལ་དགོས་པ་འདུག་སྟེ་དེ་མི་འོང་བ་མཆིས། ཞེས་དང་། གཞན་ཡང་བླ་མ་སངས་རྒྱས་དང་མཇལ། གདམས་ངག་བདུད་རྩི་ཐོབ། སྒོམ་ས་གངས་དཀར་གྱི་རྒྱལ་པོ་ཏི་སེར་སོང་ཡང་། རང་རྒྱུད་མ་ཐུལ་བས་སངས་རྒྱས་མི་འོང་། ཉམས་རྟོགས་དེ་སྒོམ་མཁན་རང་ལ་དགོས་པ་ཡིན། བསྒོམས་ནས་སྟེར་མི་སུ་ཡང་མི་ཡོང་། ཞེས་དང་། ཡང་དགོན་པས། སྒོམ་ལ་རྒྱུན་སྐྱོང་ནུས་ན་སྐྱེད་ཅིག་འཕྲལ་དུ་འོང་བ་ཡིན་ཀྱང་། ངེད་རང་སྒོམ་ཆེན་པ་འགའ་རེ་ནི་སྤོས་རིང་སོར་བཞི་པ་གཅིག་ཚིག་པའི་ཡུན་ཙམ་སྐྱོང་མི་ནུས་འདུག་པ་སྒོམ་གྱི་སྐྱེད་ནི་ཅི་ལ་འབྱུང་། ཞེས་དང་། གྲུབ་ཐོབ་སྐྱེར་སྒང་པས། འཐིབ་བདུད་མགོ་ལ་ཞུགས་ཞེས་ཉམས་མྱོང་མི་གསལ་ཉིན་མཚན་མེད་པར་གཉིད་དུ་ཡོལ། སྨྲ་བདུད་ལྕེ་ལ་ཞུགས་ཞེས་དོན་ཡོད་མེད་ཐམས་ཅད་སྨྲ་ཞིང་གསང་མི་ཐུབ། འཕྲོ་རྒོད་སྙིང་ལ་ཞུགས་ཞེས་རྣམ་རྟོག་གཅིག་རྗེས་གཉིས་བསྣོན་རྒྱུན་ཆད་མེད་པར་ལྡང་། གཡོ་བདུད་ཡན་ལག་ལ་ཞུགས་ཞེས་འགྲོ་ལས་དལ་ཁོམ་མེད་པར་བྱེད་ནས་དབེན་པར་ཅུང་ཟད་སྡོད་མི་ཚུགས་པ་ཡོང་། ཞེས་དང་། རྗེ་ལྷ་རྩེ་བས། ངེད་རང་གི་རྟོགས་ལྡན་རྙིང་པ་འདི་ཚོ་ནི་སྒོམ་ལ་ཡར་སྐྱེད་ཀྱི་སྐད་ཆ་ཆེར་ཡོང་རྒྱུ་ཆེན་པོ་རང་མི་འདུག་པས། བན་པོ་རྙིང་དུ་སོང་བ་འདྲ་ཞིག་ཡིན་པ་འདྲ། སྒོམ་ལ་ཡར་སྐྱེད་མེད་ན་རྟོགས་ལྡན་རྙིང་པ་སྙིང་མེད་ཡིན། ཞེས་སོགས་དུ་མར་གསུངས་འདུག་པ་ལྟར་ཆོས་པ་འགའ་རེ་ནི་ཟོབ་ཀྱིས་རང་གཞན་གཉིས་ཀ་མགོ་འཁོར། འགའ་ཞིག་ནི་ཚིག་དང་བཤད་ཡམ་ལ་བློ་ཁ་ཕྱོགས་ནས་དཔེ་ཆ་སྣ་ཚོགས་འབྲི་བཤུ་དང་ཀློག་པ་ལ་བརྩོན། སྒོམ་ཆེན་འགའ་རེ་ཉམས་ལ་ཆགས་ནས་ལོ་ཟླ་ཇི་ཙམ་སོང་བཞིན་འཛིན་ཞེན་གྱིས་ཕྱི་ཕྱིར་འཆིང་། རང་ལྟ་བུ་ཕལ་ཆེར་ནི་ཚེ་འདིའི་བྱ་བཞག་ཁོ་ན་ལ་གཡེང་སྟེ། དཀའ་དཔྱད་དང་སྙིང་རུས་བྱ་རྒྱུ་རས་སུ་བོར་ནས་སྦྱིན་བདག་བཟང་ངན། ཇ་བསྐ་སླ་དང་། ཤ་ཚོ་ཞན། འབུལ་བ་ཆེ་ཆུང་ཟེར་ནས་ཙབ་ཙུབ་ཀྱི་ལས་སྣ་ཚོགས་ཀྱིས་བྲིད་ནས། མི་ཚེ་གར་ཟད་དང་ནམ་སོང་ཆ་མེད་དུ་སོང་བར་འདུག་པས། མཆེད་གྲོགས་ཁྱེད་རྣམས་ཀྱིས་དེ་འདྲ་བྱས་པས་དོན་ཅིར་ཡང་མི་ཡོང་བས། ཉམས་ཕབ་ནས་ཐུགས་བསམ་ཞིབ་ཀྱིས་བསྐོར་ཏེ། ཆོས་དང་ཆོས་མིན་གྱི་བྱ་བ་ཐམས་ཅད་དགུ་ཕྲུགས་སུ་བཏང་སྟེ། ལུས་རྟེན་འཚོ་བྱེད་ཀྱི་ཟས་གོས་ཀྱང་ཅུང་ཟད་དམ། གྱི་ན་གང་བྱུང་དེས་ཆོག་གིས་ཚེ་འདིའི་འཁྲི་བ་ཡོངས་སུ་བཅད་དེ། ཁེ་དང་རྒྱལ་ཁ་མི་ལ་གཏད། །གྱོང་དང་བུབ་ཁ་རང་གིས་བླང་། །གསུངས་པ་ལྟར་ལྟོ་ཚད་ལ་ཕབ། གཉིད་སྲང་ལ་གཅུར། རིག་པ་གཞུར་ལ་དྲངས་ཏེ་ཉིན་མཚན་བར་མེད་དུ་འབད་པ་གཅིག་པུའི་ལམ་ཟབ་འདི་ལ་བརྩོན་ནས། ཉམས་མྱོང་དང་རྟོགས་པའི་སྤུ་རིས་ཕྱེད་ཅིང་། ས་ལམ་ཡོན་ཏན་ཐམས་ཅད་གོང་ནས་གོང་འཕེལ་དུ་བགྲོད་དེ་གདོད་མའི་མགོན་པོའི་གཏན་སྲིད་ཟིན་དགོས་པ་ཡིན་ཚོད་འདྲ་བས། ཐུགས་ལ་དེ་ལྟར་བཞག་མཛད་རོགས་དགོས་པ་ཡིན་ནོ།། ༈ །།གཉིས་པ་བར་དུ་དགེ་བ་བཤད་བྱ་ཆོས་ཀྱི་རིམ་པ་ལའང་། སྤྱིར་གསང་སྔགས་བླ་མེད་ཀྱི་གདམས་ངག་ཁྱད་པར་དུ་འཕགས་ཚུལ། དངོས་གཞི་འོད་གསལ་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་རིམ་པ་འཆད་པ་དང་གཉིས་ཏེ། དང་པོ་ནི་རྒྱལ་བ་ཐམས་ཅད་ཀྱིས་གཞི་ངོ་བོ་ཆོས་ཀྱི་དབྱིངས་གཅིག་ལས་མ་གཡོས་བཞིན་དུ། གདུལ་བྱ་སེམས་ཅན་གྱི་མོས་པ་ཐ་དད་འདུལ་བའི་ཕྱིར་ན། རྒྱ་གར་རྡོ་རྗེ་གདན་དུ། སྟོན་པ་བཅོམ་ལྡན་འདས་ཀྱིས་རྒྱུ་དྲང་དོན་གྱི་ཆོས་སྒོ་གཙོ་བོར་གྱུར་པའི་ངེས་དོན་གྱི་མདོ་སྡེ་ཇི་སྙེད་ཅིག་གསུངས་པ་དང་། དེར་མ་ཟད་འོག་མིན་གནས་དང་ལྷ་གནས་སོགས་སུ། འབྲས་བུ་སྔགས་ཀྱི་ཐེག་པའང་གྲངས་མེད་ཞིག་གསུངས་ཤིང་། དེ་བཞིན་བོད་གངས་ཅན་གྱི་ལྗོངས་འདིར་ཡང་། གསར་རྙིང་གི་ལོ་པཎ་རྣམས་ནས་མདོ་རྒྱུད་བསྟན་བཅོས་ཐམས་ཅད་བསྒྱུར་ཞུས་དཔྱད་པས་གཏན་ལ་ལེགས་པར་ཕབ་ཅིང་། ཁྱད་པར་དུ་མྱ་ངན་འདས་མདོ་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཞི་གཉིས་ལོན་པ་ན། །ངོ་མཚར་པད་མའི་མཚོ་གླིང་དུ། །ང་ལས་ལྷག་པའི་སྐྱེས་བུ་ནི། །པད་མ་འབྱུང་གནས་ཞེས་བྱ་འབྱུང་། །ཞེས་གསུངས་པ་ལྟར། མདོ་གདམས་ངག་འབོགས་པའི་རྒྱལ་པོ་ལས། འཇམ་དཔལ་གྱིས། སྟོན་པ་ལ། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུང་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་ཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་ཞུས་ལན་དུ་སྟོན་པས། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ན། །རྡོ་རྗེ་ཐེག་པའི་ཉེ་ལམ་ནི། །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར། སངས་རྒྱས་གཉིས་པ་པདྨ་འབྱུང་གནས་སོགས་ཀྱིས། འབྲས་བུ་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་སྒོ་མཐའ་ཡས་པ་གསུང་པ་སོགས། བསྡུ་ན་མདོ་སྔགས་ཀྱི་ཐེག་པ་གཉིས་སམ། གསུམ་མམ། དགུར་གྲགས་པ་དེ་དག་ལས་ལམ་གྱི་བགྲོད་ཚུལ་རེ་རེ་ཡོད་ནའང་། སོ་ཐར་དང་ཐེག་ཆེན་བྱང་སེམས་སོགས་ཀྱིས་ལྟ་སྒོམ་སྤྱོད་འབྲས་དང་བཅས་པ་དྲང་དོན་གཙོ་བོར་སྟོན་པས་ན། ས་ལམ་བགྲོད་པ་བུལ་བ་དང་། མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཡང་། དུས་རིང་མོ་ཞིག་ལས་མི་ཐོབ་པར་མདོ་སྔགས་གཉིས་ཀས་བཞེད་པ་གཅིག་སྟེ། མདོར་ན་ཇི་སྲིད་བདག་འཛིན་གྱི་ཕུང་པོ་ལ་བརྟེན་པའི་ངར་འཛིན་ཡོད་པ་དེ་སྲིད་ངན་སོང་འཁོར་བའི་གནས་ལས་ཐར་དུས་མི་ཡོང་ཞིང་། བདག་གཅེས་འཛིན་གྱིས་ལེགས་སུ་རེ་བས་སྦྱིན་པ་གཏོང་བ་དང་། ཚུལ་ཁྲིམས་སྲུང་བ་སོགས་དགེ་བའི་རྩ་བ་ཆེ་ཕྲ་གང་ལྟར་སྤྱད་ཀྱང་། དེ་དག་གིས་ཉོན་མོངས་ཟད་པར་མི་ནུས་ཤིང་ལྷ་མིའི་བདེ་འབྲས་ཙམ་ཐོབ་པ་དང་། ངེས་འབྱུང་གི་བློས་རང་ཉིད་ཞི་བདེ་དོན་གཉེར་གྱི་དགེ་བས་ཉོན་མོངས་ཀྱི་གཉེན་པོ་བྱེད་ཅིང་། ཉན་རང་གི་བྱང་ཆུབ་ཙམ་ཐོབ་པར་བྱེད་པ་ལས། གཏན་གྱི་བདེ་བ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་ཐོབ་པ་དང་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་གཏན་ནས་སྤང་བར་ནུས་པ་མ་ཡིན་ཏེ། བདག་མེད་ཡོངས་སུ་རྫོགས་པར་རྟོགས་པའི་ཤེས་རབ་ཟབ་མོ་དང་མི་ལྡན་པའི་ཕྱིར་རོ། །ཐེག་ཆེན་པས་གཞན་ཕན་གྱི་བསམ་པ་རྒྱ་ཆེ་ཞིང་ཐབས་ལ་མཁས་པའི་ཕྲིན་ལས་ཚད་མེད་པ་དང་། སྟོང་ཉིད་རྟོགས་པའི་རྒྱུ་ཚོགས་མཐའ་ཡས་པ་དང་ལྡན་པས་མཐར་འབྲས་བུ་བླ་མེད་བྱང་ཆུབ་ཀྱི་གོ་འཕང་མངོན་དུ་བྱེད་ཀྱང་སྔགས་ཀྱི་ཉེ་ལམ་ལ་ལྟོས་ན་བུལ་བ་ཡིན་ནོ། །ཡེ་ཤེས་དམ་པའི་མདོ་ལས། བསོད་ནམས་ཀྱི་ཚོགས་འཁོར་བའི་ཚོགས་ཞེས་ཏེ། དཔེར་ན་བ་གླང་གི་རྨིག་རྗེས་ཀྱི་ཆུ་དང་མཚུངས་སོ། །ཅི་ཕྱིར་ཞེ་ན་མྱུར་དུ་བརླག་པ་དང་། ཟད་པ། བྱིས་པ་བྲེད་པ་སྟེ་ལྷ་དང་མི་ཡི་བདེ་བ་མྱོང་ནས་སླར་ངན་སོང་དུ་འཁོར་བ་ཡིན་ནོ། །ཡེ་ཤེས་ཚོགས་ནི་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་ལྟ་བུའོ། །མི་བརླག་པ་དང་། མི་ཟད་པ་དང་། མི་བསླུ་བ་སྟེ་མྱ་ངན་ལས་འདས་པ་ཐོབ་པར་བྱེད་དོ། །ཞེས་གསུངས་པ་ལྟར་ཡེ་ཤེས་དམ་པའི་ཚོགས་ཀྱི་མཐར་ཐུག་སྔགས་བླ་མེད་ཀྱི་ཡེ་ཤེས་ཟབ་མོ་ཡིན་པས། འདི་ཉིད་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་རྩ་བ་ཆོས་ཐམས་ཅད་ཀྱི་འབྱུང་ཁུངས། གྲུབ་མཐའ་ཐམས་ཅད་ཀྱི་གཞི་མ། གཞུང་ཐམས་ཅད་ཀྱི་བརྗོད་བྱ། མན་ངག་ཐམས་ཅད་ཀྱི་ཉིང་ཁུ། ཉམས་ལེན་མ་ལུས་པའི་གནད་འགག །ཚོགས་ཐམས་ཅད་གཅིག་རྫོགས། ལམ་ཐམས་ཅད་ཀྱི་ཉེ་ལམ། སངས་རྒྱས་ཐམས་ཅད་ཀྱི་བགྲོད་ལམ། དང་པོ་ལྟ་བའི་ཐག་བཅད་ས། བར་དུ་སྒོམ་པའི་གཞི་བཞག་ས། ཐ་མ་འབྲས་བུའི་སྐྱེལ་ས། ཐོས་པས་ཆོག་པ། སྒོམ་པས་གྲོལ་བ་ས་ལམ་ཡོན་ཏན་ཐམས་ཅད་ཆིག་ཆོད་སོགས་ཡིན་པའི་དབང་གིས་མཉམ་བཞག་རང་རིག་གི་དྲན་པ་འདི་ནི་ཐུན་གཅིག་སྒོམ་པའམ་སྐད་ཅིག་སེ་གོལ་གཏོགས་པའི་ཡུན་ཙམ་བསྒོམས་ཀྱང་དེའི་བསོད་ནམས་མཐའ་ཡས་ཚད་བཟུང་མ་མཆིས་ཏེ། བསྐལ་པ་མང་པོའི་བར་དུ་དུས་གསུམ་སངས་རྒྱས་མཆོད་པ་ལས་ཕན་ཡོན་ཆེ་ལ། བསྐལ་པ་མང་པོའི་བར་དུ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ། སྦྱིན་པ་བྱིན་པ་བས་ཀྱང་བསོད་ནམས་ཆེ། ལོ་མང་པོར་ཚིག་གི་ཁ་བཏོན་བཟླས་བརྗོད་བྱས་པ་བས་འགྱུར་ཆེ། ཡུན་རིང་པོར་བསྐྱེད་རིམ་སྒོམ་པ་སོགས་ལས་སྟོབས་ཆེ་བས། དེ་ལྟར་ད་ལྟར་རང་རེའི་སྒོམ་དུ་ཡོད་པ་ནི་བསོད་ནམས་དང་སྐལ་པ་ཤིན་ཏུ་བཟང་བ་ཡིན་ཏེ། ཐ་ན་སྒོམ་མ་ཤེས་སེམས་ངོ་སྐྱོང་མ་ཤེས་ཀྱང་། མཉམ་བཞག་ལ་མོས་པའམ་རི་ཁྲོད་ལ་གོམ་པ་བདུན་འདོར་བའམ། ལུས་གནད་གཅུན་ནས་ལྟ་སྟངས་ཙམ་བྱེད་ཀྱང་དོན་ཆེ་སྟེ། གཞན་ཆོས་ཀྱི་ལག་ལེན་ཁ་ཕྱིར་བལྟས་པའི་འདུས་བྱས་ཀྱི་དགེ་བ་གང་དང་ཅིར་བསགས་པ་ལས་ཀྱང་། ཁ་ནང་ཕྱོགས་ཀྱིས་འཁོར་འདས་ཀྱི་བྱེད་པ་པོ་རང་སེམས་ལ་འདུན་པ་ཙམ་བྱེད་ཀྱང་དོན་བཟང་། གནད་ཟབ་དགོས་པ་ཆེ་བས། ཡིད་ཆེས་དང་ངེས་ཤེས་བསྐྱེད། དགའ་སྤྲོ་ཁྱད་པར་དང་ལྡན་པས་ཉམས་སུ་ལེན་པར་བྱ་དགོས་ཏེ། ཤྲཱི་སིང་ཧས། སྟོང་གསུམ་རིན་ཆེན་མཆོད་རྟེན་གྱིས། །ཁེངས་བྱས་བསོད་ནམས་གང་ཡིན་པ། །དེས་ཀྱང་སྒོམ་པའི་ཆར་མི་ཉེ། །སེམས་ཅན་ཀུན་ལ་རིན་ཆེན་ནོར། །ཕུང་པོ་དུ་མ་སྦྱིན་པ་བས། །དགེ་རྩ་ཏིང་འཛིན་ཆར་མི་ཉེ། །སྒོམ་པའི་བསོད་ནམས་ཚད་ལས་འདས། །ཞེས་དང་། གཙུག་ཏོར་ཆེན་པོའི་མདོ་ལས། བསྐལ་པ་མང་པོ་ཐོས་པ་དང་བསམ་པ་བས་ནི་ཉིན་གཅིག་ཆོས་ཉིད་ཀྱི་དོན་སྒོམ་པ་བསོད་ནམས་ཆེ། ཞེས་དང་། གཙུག་ཏོར་དཀར་པོའི་མདོ་ལས། གངྒཱའི་རྡུལ་སྙེད་ཀྱི་བསྐལ་པར་མདོ་སྡེ་རྣམས་བྲི་ཞིང་ཀློག་ལ་ཁ་བཏོན་དུ་བྱེད་པ་བས། ཐ་ན་ཉིན་གཅིག་ཙམ་དུ་ཟག་པ་མེད་པའི་ཤེས་རབ་སྒོམ་ན་སྔ་མ་ལས་བསོད་ནམས་དཔག་མེད་ཆེའོ། །ཞེས་དང་། ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས། ཀློག་པ་དང་། ཉན་པ་དང་། འཆད་པ་དང་། ཁ་བཏོན་བསྐལ་པར་བྱེད་པ་ལས། ཉི་མ་གཅིག་བསྒོམས་པས་བསོད་ནམས་ཆེའོ། །ཞེས་དང་། འཇིགས་མེད་གླིང་པས། གཅིག་པུར་བྱ་བ་བཏང་ནས་ནི། །སྒྲུབ་ཚུགས་ཟིན་པའི་རྣལ་འབྱོར་པ། །དེ་ལས་ཆེ་བའི་བསོད་ནམས་ནི། །སྟོང་གསུམ་འདི་ན་མི་རྙེད་དོ། །ཞེས་དང་། དེ་བཞིན་ཏིང་འཛིན་རྒྱལ་པོ་ལས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཆོས་དགེ་བ་བཅུ་ཡི་ལམ་ལ་བཀོད་པ་བས། ཆོས་བདག་མེད་པ་ལ་མོས་ནས་དགོན་པའི་ཕྱོགས་སུ་གོམ་པ་བདུན་བོར་བ་བསོད་ནམས་ཆེ། ཞེས་དང་། སྐད་ཅིག་བསམ་གཏན་ཐུན་ཞུགས་ན། །ཁམས་གསུམ་གང་བའི་སེམས་ཅན་ལ། །སྲོག་སྦྱིན་པས་ནི་འདི་དོན་ཆེ། །ཞེས་དང་། དེ་ཁོ་ན་ཉིད་ངེས་པར་བསྟན་པའི་མདོ་ལས། ཤཱ་རིའི་བུ་གང་གིས་བསྐལ་པ་གཅིག་གི་བར་དུ་ཉན་པ་བས། གང་གིས་སེ་གོལ་གཏོགས་པ་ཙམ་གྱི་བར་དུ་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པ་བསོད་ནམས་ཆེའོ། །ཞེས་གསུངས་པ་ལྟར་ཏེ་ཀུན་བྱེད་སེམས་ཀྱི་གནས་ལུགས་ཡོངས་སུ་རྟོགས་པས་ནི། ཉེས་བྱས་སྡིག་སྒྲིབ་ཐམས་ཅད་རྩ་བ་ནས་དྲུངས་འབྱིན་ཞིང་། དགེ་བ་ཐམས་ཅད་ཀྱི་སྙིང་པོ་མཐར་ཐུག་བླ་ན་མེད་པ་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་ཏེ། དགོངས་འདུས་ལས། མར་མེ་གཅིག་གིས་བྱེད་ལས་ཀྱིས། །བསྐལ་པར་གནས་ཀྱི་མུན་པ་སེལ། །སྙིང་པོའི་དོན་རིག་སྐད་ཅིག་པས། །སྔར་ཞེན་བག་ཆགས་མ་ལུས་སེལ། །ཞེས་དང་། ཕྱག་ཆེན་གངྒཱ་མ་ལས། དཔེར་ན་ལྗོན་ཤིང་ཡལ་ག་ལོ་འདབ་རྒྱས། །རྩ་བཅད་ཡལ་ག་ལོ་མ་ཁྲི་འབུམ་ཉམས། །དེ་བཞིན་རང་སེམས་འོད་གསལ་སྐད་ཅིག་གིས། །བསྐལ་པར་བསགས་པའི་སྡིག་སྒྲིབ་མ་ལུས་སེལ། །ཞེས་དང་། གསང་བ་བདུད་རྩི་རྒྱལ་པོའི་རྒྱུད་ལས། མཆོད་དང་གཏོར་མ་ལ་སོགས་པ། །ལས་ཀྱི་བྱ་བ་སྣ་ཚོགས་ཀུན། །སེམས་ཀྱི་དེ་ཉིད་རྙེད་གྱུར་ན། །ཐམས་ཅད་དེ་ཡིས་སྡུད་པར་ངེས། །ཞེས་དང་། སངས་རྒྱས་མཉམ་སྦྱོར་ལས། གཟུགས་བརྙན་ལུགས་མ་ལ་སོགས་ལ། །རྣལ་འབྱོར་འབྱུང་བར་མི་འགྱུར་གྱི། །བྱང་ཆུབ་སེམས་ལ་རབ་བརྟེན་ན། །དེ་ལས་རྣལ་འབྱོར་ལྷར་འགྱུར་རོ། །ཞེས་དང་། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་དང་། རབ་ཏུ་མི་གནས་པའི་རྒྱུད་ལས། རྣལ་མའི་སྦྱོར་བ་རྟོགས་བྱའི་ཕྱིར། །བཅོས་མ་ཡིས་ནི་བཟླས་པ་དང་། །བཅོས་མ་ཡིས་ནི་བསྒོམ་པར་བྱ། །རྣལ་མའི་སྦྱོར་བ་རྟོགས་གྱུར་ན། །བཅོས་མ་དག་ཀྱང་ཕྱི་རོལ་ཏེ། །དཔེར་ན་གཟིངས་ལ་ཞུགས་ནས་ནི། །ཕ་རོལ་ཕྱིན་ནས་དོར་བ་ལྟར། །བཅོས་མ་དག་ཀྱང་མི་བྱའོ། །ཞེས་སོགས་གསུངས་པའི་དོན་བསྡུ་ན། རྣལ་མའི་དོན་ལ་ལྟོས་ན་ཀུན་རྫོབ་ཀྱི་ཕྱག་བསྐོར། འདོན་སྒྲུབ་མཆོད་འབུལ་སོགས་གང་ལྟར་བྱས་ཀྱང་འཁྲུལ་པས་འཁྲུལ་པར་གཉེན་པོ་བརྟེན་པ་ལས་མ་འདས་པས་དོན་ཆུང་བ་དང་། འདུས་བྱས་ཀྱི་དགེ་བ་ཡིན་པའི་དབང་གིས་རྐྱེན་བཟང་ངན་གྱིས་འཇིག་འགྲོ་བ་དང་། དགེ་འབྲས་ལན་གཅིག་སྨིན་ནས་ཟད་པ་དང་། འབྲས་བུ་ཕྱི་ནས་རེ་སྨོན་དང་བཅས་ཏེ་ནམ་ཞིག་ཐོབ་པར་འདོད་པ་དང་། དགེ་འབྲས་ལྷ་མིའི་བདེ་བ་གནས་སྐབས་སུ་ཉི་ཚེ་བ་ལྟ་བུ་ཐོབ་རུང་སླར་ངན་སོང་གི་གནས་རིས་ལས་མི་འདའ་བས་དོན་ཆུང་བའོ། །དོན་དམ་པའི་དགེ་བ་ནི་གཞི་ནས་མ་འཁྲུལ་བའི་གནས་སུ་བཅོལ་བ་དང་། དགེ་རྩ་རྐྱེན་གྱིས་མི་འཇིག་པའི་ཐོག་ཏུ་འཕེལ་བ་ལས་ཟད་པར་མི་འགྱུར་བ་དང་། དུས་གཏན་གྱི་བདེ་བ་བླ་ན་མེད་པར་སྟེར་བས་དོན་ཆེ་བ་དང་། འབྲས་བུ་ཕྱི་དུས་སུ་མི་རེ་བ་ད་ལྟ་ཉིད་ནས་འཁྲུལ་མེད་རིག་པའི་བཙན་ས་ཡོངས་སུ་ཟིན་པའི་ཁྱད་པར་དུ་མ་ཡོད་པ་དང་། ཡོད་དོན་ཀྱང་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་ཡིན་ཏེ་ཚེ་སྔ་ཕྱི་ལས་བཟང་ངན་ཐམས་ཅད་བསགས་མཁན་རང་གི་སེམས། ལས་བདེ་སྡུག་རྣམ་སྨིན་ཐམས་ཅད་མྱོང་མཁན་རང་སེམས། ད་ལྟ་བྱ་བ་ལེགས་ཉེས་བཟང་ངན་ཐམས་ཅད་དྲན་མཁན་ཡང་རང་སེམས། ལས་དགེ་སྡིག་མ་ལུས་པ་ཐམས་ཅད་བྱེད་པོ་རང་སེམས་ལས་གཞན་མ་མཆིས་ཏེ། རྫོགས་ཆེན་ཀུན་བྱེད་རྒྱལ་པོ་ལས། སེམས་ནི་འཁོར་འདས་ཀུན་གྱི་བྱེད་པོ་སྟེ། །ཀུན་བྱེད་རྒྱལ་པོ་འདི་ཉིད་ཤེས་པར་བྱོས། །ཞེས་དང་། སློབ་དཔོན་རིན་པོ་ཆེས། སེམས་ནི་འཁོར་འདས་ཀུན་གྱི་བྱེད་པོ་སྟེ། །སེམས་ལས་མིན་པའི་འཁོར་འདས་གང་ཡང་མེད། །བཟང་ངན་ལེགས་ཉེས་ཐམས་ཅད་སེམས་ཀྱིས་བྱེད། །བདེ་སྡུག་མ་ལུས་ཀུན་གྱི་ས་བོན་འདེབས། །ཞེས་དང་། གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་དང་། སམྦུ་ཊ་ལས། ཕྱི་དང་ནང་གི་བདག་ཉིད་ཅན། །འདི་དག་ཐམས་ཅད་སེམས་ཀྱིས་བཏགས། །སེམས་ལས་མ་གཏོགས་པ་ཉིད་ནི། །གཞན་དུ་ཡོད་པ་མ་ཡིན་ནོ། །ཞེས་དང་། ས་ར་ཧས། ཆོས་རྣམས་ཐམས་ཅད་རང་གི་སེམས་ཡིན་ཏེ། །སེམས་ལས་མ་གཏོགས་ཆོས་གཞན་རྡུལ་ཙམ་མེད། །ཅེས་དང་། དཀོན་མཆོག་སྤྲིན་མདོ་ལས། འཇིག་རྟེན་སེམས་ཀྱིས་ཁྲིད་པ་སྟེ། །སེམས་ཀྱིས་སེམས་ནི་མི་མཐོང་ངོ་། །དགེ་བ་འམ་ནི་མི་དགེ་བའི། །ལས་ནི་སེམས་ཀྱིས་བསགས་པ་ཡིན། །སེམས་ནི་མགལ་མེ་བཞིན་དུ་འཁོར། །སེམས་ནི་རྦ་རླབས་བཞིན་དུ་གཡོ། །སེམས་ནི་ནགས་མེ་བཞིན་དུ་འབར། །སེམས་ནི་ཆུ་ཆེན་བཞིན་དུ་འབབ། །ཅེས་གསུངས་པ་ལྟར་ཆོས་ཐམས་ཅད་ཀྱི་རྩ་བ་རང་སེམས་ཁོ་ན་ལ་ཐུག་ཡོད་ཅིང་དེ་ཉིད་རྟོགས་པས་ནི། དབང་པོ་ལ་རྣོ་རྟུལ་མེད། ཤེས་རབ་ལ་ཆེ་ཆུང་མེད། དུས་ལ་སྔ་ཕྱི་མེད། ན་སོ་ལ་རྒས་གཞོན་མེད། སྡིག་པ་ལ་ཆེ་ཆུང་མེད་ཅིང་། དཔེར་ན་ཁང་པའི་བྲག་ཕུག་ལོ་བརྒྱ་སྟོང་དུ་སུས་ཀྱང་མེ་མ་བུས་པ་དེར་གང་ཞིག་གིས་མར་མེ་བཏེགས་ན་འོད་ཀྱིས་ཡུན་རིང་གི་མུན་པའང་མི་སྣང་བ་ལྟར་ལས་དང་ཉོན་མོངས་པ་བསྐལ་པ་བརྒྱ་སྟོང་གནས་ཀྱང་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་རྟོགས་པ་སྐད་ཅིག་གིས་སེལ་བར་བྱེད་དོ། །ཆོས་འབྱུང་བ་མེད་པའི་མདོ་ལས། འཇམ་དཔལ་ཆོས་བདག་མེད་པ་རྣམ་པར་ཤེས་ན། དེས་ལས་ཀྱི་སྒྲིབ་པ་ཐམས་ཅད་དག་པར་འགྱུར་རོ། །ཞེས་དང་། བརྟག་གཉིས་ལས། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་མེད་འཁོར་བ་དག་པས་ནི། །འཁོར་བ་མྱ་ངན་འདས་པར་འགྱུར། །ཞེས་དང་། ཀླུ་སྒྲུབ་ཀྱིས། གང་ཞིག་འཁོར་བའི་རྒྱུ་གྱུར་པ། །དེ་ཉིད་སྦྱང་པ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཞེས་དང་། ཀུན་བྱེད་ལས། ཀུན་བྱེད་རྒྱལ་པོ་རང་སེམས་འདི་ཉིད་ཡིན་བཞིན་དུ་འདི་ཀ་རང་གིས་རང་འདུལ་བྱེད་དགོས། འཁོར་བའི་རྩ་བ་རང་སེམས་ལ་ཐུག་བཞིན་རྩ་བ་ཆོད་པ་བྱེད་དགོས། སངས་རྒྱས་ཀྱི་སྙིང་པོ་སེམས་ལ་ཐུག་བཞིན་དེ་ལྟར་བསྒྲུབ་པར་བྱའོ། །ཞེས་གསུངས་པ་ལྟར། དཔེར་བགྱིས་ན་མར་འདོད་པའི་ཚེ་མར་གྱི་རྒྱུ་འོ་མ་དཀྲོགས་ན་མར་ཡོང་ལ། དེ་མིན་ཆུ་དཀྲོགས་པས་མར་མི་ཡོང་བ་བཞིན། སངས་རྒྱས་ཀྱི་འབྲས་བུ་སྒྲུབ་ན་སངས་རྒྱས་ཀྱི་རྒྱུར་གྱུར་པ་རང་སེམས་ཀྱི་དྲི་མ་སྦྱངས་ནས་འབྲས་བུ་ཐོབ་པ་ཡིན་མ་གཏོགས། ཁ་ཕྱི་ལ་བལྟས་པས་ནང་དོན་གྱི་འབྲས་བུ་འགྲུབ་པ་མིན་པར་ཤེས་དགོས་ཏེ། ཆུ་མགོ་ཕུག་ནས་མ་བཅད་ན་ཆུ་མི་ཆོད་པ་ལྟར་རམ། ཤིང་སྡོང་རྩ་བ་ནས་མ་བཅད་ན་ཡལ་ག་ལོ་འབྲས་མི་ཉམས་པ་ལྟར་རམ། རྒྱལ་པོ་མ་ཐོབ་པས་འཁོར་མངའ་འབངས་དབང་དུ་མི་འདུས་པ་ལྟར་རམ། སེམས་ཀྱི་རྩ་བ་མ་ཆོད་ན་ལུས་ངག་གི་དགེ་བ་ཕྱོགས་རེ་བས་སྒྲིབ་པ་ལས་ངན་གྱི་རྩ་བ་མི་ཆོད་དེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་དོར་ནས་རིན་ཆེན་ཕལ་པ་རྩིས་སུ་བྱེད་པ་ལྟར་རམ། ཉེ་ལམ་ནས་མི་འགྲོ་བ་རིང་ལམ་བསྐོར་བའམ། ཆོས་སེམས་ཀྱི་རྩ་བར་མི་བསྒོམ་པར་ལྟར་སྣང་ལ་ཕྱོགས་པའམ། འབེན་ལ་མི་གཟིར་བར་མདའ་ཕྱོགས་མེད་འཕེན་པའམ། ཟོག་བདག་ཕྱིར་བཏོན་ནས་མི་ངན་ནང་དུ་འཛུད་པའམ། དོན་ཆེན་གཡེང་ནས་དོན་ཆུང་ཉམས་ལེན་བྱེད་པའམ། འདྲེ་ཤར་སྒོར་བཞག་གླུད་ནུབ་སྒོར་བསྐྱལ་བའམ། དོན་ལྷོར་བཞག་ཁ་བྱང་དུ་ཉུལ་བ་ལྟ་བུ་སྟེ། དོན་མ་གོ་གནད་མ་ཤེས། མདོ་འགག་མ་ཟིན། སྙིང་པོ་མ་ལོན་པ་ཡིན་ཞིང་། སྡིག་སྒྲིབ་ཀྱི་རྩ་བ་རང་སེམས་སྐད་ཅིག་ཙམ་ཡང་མི་སྐྱོང་བར། ཁ་ཕྱིར་ལྟས་ལུས་ངག་གི་དགེ་སྦྱོར་ཁོ་ན་ལ་གཙོ་བོར་སྟོན་པ་ནི་དེ་དག་དང་ངེས་པར་འདྲ་སྟེ། ཨོ་རྒྱན་རིན་པོ་ཆེས། ཆོས་ཀུན་རྩ་བ་རང་གི་སེམས་ཉིད་དེ། །ནང་དུ་མཉམ་པར་བཞག་པས་དོན་རྟོགས་འགྱུར། །ལུས་ངག་དགེ་སྦྱོར་ཙམ་གྱི་སོ་ན་མིན། །དེས་ན་གཅིག་པུར་རང་སེམས་བལྟ་བ་གནད། །ཅེས་དང་། རྗེ་མི་ལས། ཕྱག་རྒྱ་ཆེན་པོ་སྒོམ་དུས་སུ། །ལུས་ངག་དགེ་ལ་མ་བརྩོན་ཅིག །མི་རྟོག་ཡེ་ཤེས་ཡལ་ཉེན་གདའ། །ཞེས་དང་། ཇོ་བོས། གཅིག་ཏུ་མཉམ་བཞག་སེམས་བརྟན་ན༑ །ལུས་ངག་དགེ་བ་ཅི་ཕྱིར་བརྩོན། །ཞེས་དང་། སློབ་དཔོན་དཔའ་བོས། ཁ་ཅིག་དགེ་བའི་ལས་བྱེད་ཀྱང་། །རྣམ་པར་བདེན་དོན་མི་ཤེས་བཞིན། །རྨི་ལམ་ཡུལ་གྱི་བདེ་བ་ཙམ། །ཐོབ་ནས་སླར་ཡང་ཉམས་པར་གྱུར། །ཞེས་དང་། དབུ་མ་བཞི་བརྒྱ་པ་ལས། ཚུལ་ཁྲིམས་ལས་ནི་ཉམས་བླ་ཞིང་། །ལྟ་ལས་ཅིས་ཀྱང་ཉམས་མ་ཡིན། །ཚུལ་ཁྲིམས་ཀྱིས་ནི་བདེ་འགྲོར་འགྲོ། །ལྟ་བས་གོ་འཕང་མཆོག་ལ་སྦྱོར། །ཞེས་དང་། སྡོམ་གསུམ་རྣམ་ངེས་ལས། འབྲས་བུའི་མཐར་ཐུག་སངས་རྒྱས་ཉག་གཅིག་སྟེ། །ཟབ་རྒྱས་ཆོས་ཀྱི་སྒོ་འཕར་བགྲང་ཡས་ཀྱང་། །གསང་ཆེན་སྨིན་གྲོལ་ལམ་མཆོག་མ་བརྟེན་པ། །ཐོབ་པ་མིན་ཞེས་རྫོགས་སངས་རྒྱས་དེས་གསུངས། །ཞེས་དང་། ངལ་གསོ་ལས། ཤེས་རབ་ལྡན་པ་ཐབས་ཀྱིས་གྲོལ་འགྱུར་ཏེ། །ཇི་ལྟར་དུག་ལ་སྔགས་ཀྱིས་བཏབ་པ་བཞིན། །ཤེས་རབ་མེད་ན་ཐབས་ཀྱིས་འཆིང་གྱུར་ཏེ། །སྨན་ཉིད་ནད་དུ་སོང་ནས་གདུང་བ་ལྟར། །དེ་ཕྱིར་གནས་ལུགས་རྟོགས་པའི་ཤེས་རབ་བསྐྱེད། །ཅེས་དང་། རྗེ་རིན་པོ་ཆེས་ཀྱང་། གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་། །སྲིད་པའི་རྩ་བ་གཅོད་པར་མི་ནུས་པས། །དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། །ཅེས་དང་། སྤྱོད་འཇུག་ལས། གང་གིས་ཆོས་ཀྱི་གཙོ་བོ་མཆོག །སེམས་ཀྱི་གསང་འདི་མ་ཤེས་ན། །བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་། །དེ་དག་དོན་མེད་གྱི་ནར་འཁྱམས། །ཞེས་དང་། ཏིལླི་པས། ཁྲུས་དང་གཙང་སྦྲས་བདེ་བ་མི་རྙེད་དོ། །ལྷ་རྣམས་མཆོད་ཀྱང་ཐར་པ་ཐོབ་མི་འགྱུར། །ཞེས་དང་། བིར་བ་པས། ཁ་ཅིག་དབང་བསྐུར་བ་ཡི་ཡོངས་སུ་གདུང་བར་བྱེད། །ཁ་ཅིག་ཧཱུྃ་ཕཊ་ཞེས་ཟེར་ཕྲེང་བ་ཡོངས་སུ་བགྲངས། །ཁ་ཅིག་གཤང་གཅི་ཁུ་བ་ཁྲག་དག་ཡོངས་སུ་བཟའ། །ཁ་ཅིག་རྩ་དང་རླུང་གི་རྣལ་འབྱོར་བསྒོམས་ཏེ་ཡོངས་སུ་འཁྲུལ། །ཞེས་དང་། ཤ་བ་རི་པས། ཁ་ཅིག་བློ་ཡིས་དབྱེ་བས་རྨོངས་རྣམས་འཆིང་། །བདག་པོ་ཁྱིམ་དུ་གནས་ནས་གཞན་དུ་ཚོལ། །ཁ་ཅིག་གཟུགས་བརྙན་དག་ལ་དོན་དུ་འཛིན། །ཁ་ཅིག་རྩ་བ་བོར་ནས་ལོ་མ་བྲེགས། །ཇི་ལྟར་བྱས་ཀྱང་བསླུས་པ་མ་ཚོར་རམ། །ཞེས་དང་། སྡོང་པོ་བཀོད་པ་ལས། ཇི་ལྟར་འགྲོ་བ་མང་པོ་ལ། །ཟས་དང་སྐོམ་དག་སྦྱིན་གྱུར་ཀྱང་། །བདག་ཉིད་བཀྲེས་ནས་ཤི་བ་ལྟར། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་དབྱིག་གི་མཛོད་དག་ཏུ། །རིན་ཆེན་གྲངས་མང་བགྲང་བྱས་ཀྱང་། །བདག་གིས་གཅིག་ཙམ་མི་ཐོབ་པས། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་བདེ་བ་ཀུན་ལྡན་པའི། །རྒྱལ་པོའི་ཕོ་བྲང་འཁོར་སྐྱེས་ཀྱང་། །ཟས་དང་སྐོམ་དག་མི་བདོག་པ། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་ལམ་གྱི་གཞི་མདོ་ཡང་། །ཕུན་སུམ་ཚོགས་པ་ཀུན་བརྗོད་ཅིང་། །བདག་གིས་ཐོབ་པར་མི་འགྱུར་བར། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཞེས་གསུངས་པ་ལྟར། དགེ་མི་དགེ་ལ་སོགས་བདེ་སྡུག་གི་རྣམ་པ་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་སུ་བཟླུམ་པས། རྒྱལ་པོའི་བཀའ་ཤོག་ཐོབ་པ་ལྟ་བུ་དེ་ནི། ལས་རྒྱུ་འབྲས་ཀྱི་རྣམ་སྨིན་ལ་མི་ལྟོས་ཀྱི། ཅི་ཕྱིར་ཞེ་ན་རྒྱུ་འབྲས་དག་གྲོལ་ལས་འདས་པས་སོ། །དེ་ལྟར་མ་རྟོགས་པའི་སྐྱེ་སྤྲུལ་འགྲོ་བ་ཕལ་དང་ཕལ་ཆེར་རྒྱུ་འབྲས་ཞིབ་པའི་ཁྲིམས་རར་ཡང་མི་ཚུད་པའི་ངེས་པ་འགའ་ཡང་མ་མཐོང་ངོ་། །བྱེ་བྲག་ཏུ་མདོ་སྔགས་གཉིས་ཀྱི་ཁྱད་པར་ནི། མཐར་ཐུག་གི་འབྲས་བུ་ཆོས་ཉིད་རྣམ་པར་དག་པའམ། རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་ཉིད་འདོད་ལུགས་ནི་གཅིག་རུང་། ལམ་སྒྲུབ་བྱེད་ཐབས་ཤེས་ཀྱི་ཉེ་རིང་དུ་གྱུར་པ་ཡིན་ཏེ། མདོ་ཕར་ཕྱིན་ཐེག་པས་གཏན་ཚིག་མང་པོས་བསམ་གཞིག་ལ་བརྟེན་ནས་སྟོང་ཉིད་གོ་ཡུལ་བློས་བྱས་སུ་གྱུར་ན་ཡེ་ཤེས་མངོན་སུམ་དུ་མྱུར་བར་རྟོགས་མི་ནུས་པ་དང་། དེ་བཞིན་སྣང་བ་དང་ཉོན་མོངས་རྟོག་ཚོགས་སྐྱེས་དུས་སྤང་གཉེན་གཉིས་གཉིས་བྱེད་ཅིང་དཀའ་སྤྱད་ངལ་དུབ་འབད་རྩོལ་སོགས་ཀྱིས་མཐའ་བསྐྱེལ་བ་ལས་མེད་པ་དང་། མཐར་ཐུག་གི་འབྲས་བུ་ཡང་བསྐལ་པ་གྲངས་མེད་གསུམ་མམ་བདུན་ནམ་སུམ་ཅུ་རྩ་དྲུག་སོགས་ནས་བྱང་ཆུབ་བླ་མེད་ཐོབ་པར་འདོད་པ་ལས་མེད་པས་ལམ་རིང་བ་དང་། གསང་སྔགས་བླ་མེད་ཐེག་པའི་རྩེ་རྒྱལ་བས་ནི་ཡིད་དཔྱོད་མཚན་འཛིན་རྣམས་དང་མ་འདྲེས་པར་རྣམ་པར་མི་རྟོག་པའི་ཆོས་སྐུ་ཉིད་ངོ་རང་ཐོག་ཏུ་སྤྲད་དེ། ཐག་གཅིག་ཐོག་ཏུ་བཅད་ཅིང་ཉམས་སུ་བླངས་ནས། གདེང་གྲོལ་ཐོག་ཏུ་འཆར་བས་ཕྱི་སྣང་སྲིད་ཐམས་ཅད་བསྐྱེད་རྫོགས་དབྱེར་མེད་གཅིག་ཏུ་རྟོགས་པས་ཁྱད་པར་འཕགས། ནང་ཉོན་མོངས་ཡེ་ཤེས་ལྔ་རུ་གནས་འགྱུར། རྟོག་ཚོགས་རིག་སྟོང་ཆོས་སྐུར་དག །འདོད་ཡོན་ཐམས་ཅད་མ་སྤངས་རྒྱན་དུ་འཆར་ནས་ལམ་དུ་ཁྱེར་བས་ཐབས་ཀྱིས་ཁྱད་པར་འཕགས། མཐར་ཐུག་གི་འབྲས་བུ་ཡང་ཚེ་འདིའམ། བར་དོ་གང་རུང་ངམ། དམ་ཚིག་མ་ཉམས་ན་ལས་ལ་འབད་པར་མ་བྱས་ཀྱང་། སྐྱེ་བ་བདུན་ནམ་བཅུ་དྲུག་གིས་སངས་རྒྱས་ཐོབ་པར་འདོད་པས་ལམ་ཤིན་ཏུ་མྱུར་བས་ཁྱད་པར་འཕགས་ཏེ། མདོར་ན་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་རལ་གྲིས་བདག་འཛིན་ཉོན་མོངས་པའི་རྩ་བ་དྲུངས་ནས་འབྱིན་པས། གཉིས་འཛིན་སྤྲོས་བཅས་ཀྱི་ཆོས་ཐམས་ཅད་གཉིས་མེད་སྤྲོས་པ་དང་བྲལ་བའི་དབྱིངས་སུ་ཉེ་བར་ཞི་བའི་གདམས་ཟབ་ཀྱིས་ཟིན་པས་སོ། །ལར་ནི་གཉིས་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་གཉིས་མེད་མཉམ་པ་ཆེན་པོའི་ངང་དུ་རོ་མ་གཅིག་གི་བར་དུ་སངས་རྒྱས་ཀྱི་གོ་འཕང་དམ་པ་ནམ་ཡང་ཐོབ་ཐབས་མེད་དེ། རྡོ་རྗེ་རྩེ་མོ་ལས། ཕ་རོལ་ཕྱིན་པའི་ཐེག་པ་ནི། །བསྐལ་པ་གྲངས་མེད་མི་ཐོབ་པས། །གལ་ཏེ་རྣལ་འབྱོར་པ་དེ་བརྩོན། །ཚེ་འདི་ཉིད་ལ་མྱ་ངན་འདའ། །ཡང་ན་མཐོང་བ་ཙམ་གྱིས་ནི། །སྐྱེ་བ་བཅུ་དྲུག་མྱ་ངན་འདའ། །ཞེས་དང་། བཀོད་པ་ཆེན་པོ་ལས། ཡིད་དཔྱོད་འཛིན་པ་རྣམས་དང་ནི། །ཁྱད་པར་ཅི་ཡང་མེད་པར་གྱུར། །དེ་ཕྱིར་ངེས་གསང་སྙིང་པོ་འདི། །མུན་པ་ལས་ནི་མར་མེ་དང་། །བ་ལང་རྣམས་ལས་གླང་ཆེན་དང་། །གཅན་གཟན་རྣམས་ལས་སེང་གེ་འམ། །རྐང་ཐང་རྣམས་ལས་རྟ་པ་བཞིན། །ཀུན་གྱི་ནང་ནས་ཁྱད་པར་འཕགས། །ཞེས་དང་། རྒྱུད་ལས། ཚེགས་མེད་དོན་ཆེ་ཐབས་དཔག་མེད། །བྱ་སླ་ཆོད་ཆེ་མན་ངག་ཅེས། །ཞེས་དང་། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་ནས་མ་ཚོལ་ཅིག །ཅེས་དང་། ཐུབ་པ་ཆེན་པོས་མདོ་ལས། འདི་ལྟར་འཇིག་རྟེན་གསུམ་པོ་ན། །སེམས་ལས་འཇིགས་པ་གཞན་འགའ་མེད། །སེམས་ནི་གཅིག་པུ་བརྟུལ་བ་ན། །དེ་དག་ཐམས་ཅད་བརྟུལ་བར་འགྱུར། །ཞེས་དང་། ཐོས་གྲོལ་རིག་པ་གཅེར་མཐོང་ལས། མ་མཐོང་རྒྱངས་ཀྱི་གཏམ་རྒྱུན་ཉན་པ་བཞིན། །སངས་རྒྱས་ས་ལ་ཕྱོགས་ཙམ་ཉེར་མ་སོང་། །དུས་གསུམ་རྒྱལ་བའི་ཆོས་སྒོ་བརྒྱད་ཁྲི་དང་། །བཞི་སྟོང་ལ་སོགས་བསམ་གྱིས་མི་ཁྱབ་པ། །གསུང་པ་ཐམས་ཅད་འདི་ཉིད་རྟོགས་ཕྱིར་ལས། །གཞན་དུ་རྒྱལ་བས་ཅིར་ཡང་གསུངས་པ་མེད། །ཅེས་དང་། མན་ངག་མཛོད་ལས། འབྱོར་ཡང་དོན་མེད་བསླུ་བས་སྒྲུབ་ལ་འབད། །ཐོས་ཀྱང་ཚིག་ཕྱིར་འཆོར་བས་སྒྲུབ་ལ་འབད། །ཤེས་ཀྱང་སྙིང་པོ་སྟོར་བས་སྒྲུབ་ལ་འབད། །བསམས་ཀྱང་རྣམ་རྟོག་མཆེད་ཕྱིར་སྒྲུབ་ལ་འབད། །བཤད་ཀྱང་གོ་ཡུལ་ལུས་པས་སྒྲུབ་ལ་འབད། །མ་བསྒྲུབས་མངོན་དུ་མི་སྣང་སྒྲུབ་ལ་འབད། །ཅེས་སོགས་ལུང་རིགས་མན་ངག་བགྲང་ལས་འདས་པ་ལྟར་ཡིན་ཞིང་། མདོར་ན་སྲིད་ཞིའི་ཆོས་ཐམས་ཅད་ཀྱི་གཞི་མ་ཀུན་བྱེད་བདག་ཏུ་འཛིན་པ་འདིའི་འཁྲི་བ་ཡོངས་སུ་ཆོད་ནས། སྲིད་ཞི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཆེན་པོ་ལ་མངའ་དབང་བརྙེས་པའི་བྱེད་ལས་ཀྱིས་མདོ་སྔགས་སུ་གསུངས་པའི་ས་ལམ་གྱི་ཡོན་ཏན་ཐམས་ཅད་དཀའ་བ་མེད་པར་འུབས་སུ་ཆུབ་པར་བྱེད་པ་ནི། དཔེར་ན་གསེར་གྱི་སྒྲོག་དང་། གསེར་གྱི་རྒྱན་དང་། གསེར་གྱི་སྐུ་འགྱུར་བ་སོགས་ཐབས་ཀྱི་ཁྱད་པར་རམ། ལྕགས་སྲང་སྟོང་གིས་གསེར་སྲང་གང་བསྒྱུར་དུ་མི་བཏུབ་སྟེ། དངུལ་ཆུའི་རིན་སྲང་གཅིག་གིས་ལྕགས་སྲང་སྟོང་གསེར་དུ་བསྒྱུར་བཏུབ་པ་ལྟ་བུའམ། རི་དབང་རྩེ་ནས་རི་ཕྲན་མཐོང་བའམ། སྲིན་འབུའི་ཟླ་ལམ་མིས་ཉིན་གཅིག་གིས་གཅོད་པའམ་མིའི་ཟླ་ལམ་བྱ་རྒོད་ཀྱིས་ཡུད་ཀྱིས་གཅོད་པ་ལྟར་མཐར་ཐུག་གི་འབྲས་བུ་ཚེ་འདི་ཉིད་དམ། སྐྱེ་བ་བཅུ་དྲུག་ཚུན་ཆད་སོགས་བདེ་བླག་ཏུ་ཐོབ་པར་བྱེད་པའི་གདམས་པ་ཡང་ཟབ་ཕྱག་རྫོགས་གཉིས་ཞེས་ཡོངས་སུ་གྲགས་པ་དེ་ཡིན་པ་དེའི་ནང་ནས། ད་སྐབས་འོད་གསལ་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་རིམ་པ་འཆད་པ་ལ་ལྟ་བ་ཕྱག་རྒྱ་ཆེན་པོ། སྒོམ་པ་ནཱ་རོ་ཆོས་དྲུག །སྤྱོད་པ་རོ་སྙོམས་སྐོར་དྲུག །འབྲས་བུ་རྟེན་འབྲེལ་རབས་བདུན་སོགས་ཀྱི་རིམ་པ་མཐའ་ཡས་པར་གསུངས་ཀྱང་། གནས་ལུགས་རྟོགས་པའི་ཐབས་མདོ་དོན་ཧྲིལ་གྱིས་དྲིལ་ན། ས་ར་ཧས་དོ་ཧ་སོགས་ནས་སེམས་ཀྱིས་རླུང་ཟིན་པར་དགོངས་ནས་སེམས་མ་བཅོས་པར་བཞག་པས་རླུང་རང་མལ་དུ་འབབ། རྣམ་རྟོག་ཀྱང་ཞི། ནཱ་རོ་པས་རླུང་གིས་སེམས་ཟིན་པར་དགོངས་ནས་དང་པོ་ལུས་བསྲང་རླུང་བཟུང་བའི་སེམས་ཀྱང་དེར་གནས་པས་ན། དེ་ལྟར་དགོངས་པ་བཞེད་ལུགས་འདྲ་མིན་གཉིས་དང་། མཉམ་མེད་དྭགས་པོ་ལྷ་རྗེ་ཡན་རྩ་རླུང་སོགས་གཙོར་འདོན་ནས་ལྟ་བའི་བོགས་དབྱུང་བར་བཞེད་ཅིང་དེའི་མན་ཆོད་རྣམས་ཀྱིས་སྒོམ་རྣལ་འབྱོར་སོགས་གཙོར་འདོན་ནས་རྩ་རླུང་སྒོམ་པ་སོགས་བོགས་འདོན་གྱི་ཡན་ལག་ཙམ་དུ་བཞེད་ཅིང་། དེས་ན་འོད་གསལ་ཕྱག་རྒྱ་ཆེན་པོ་འདི་ཉིད་གཞི་ལམ་འབྲས་གསུམ་དབྱེར་མེད་ཀྱི་ཚུལ་དུ་ཉམས་སུ་བླང་བ་ནི་ཟབ་པའི་མཆོག་སྟེ། དེའི་ཚིག་དོན་ཅུང་ཟད་འགྲེལ་ན། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས། ཕྱག་ནི་སྟོང་པ་ཆེན་པོ་སྟེ། །རྒྱ་ནི་འཁོར་བའི་ཆོས་ལས་གྲོལ། །ཆེན་པོ་ཟུང་དུ་འཇུག་པ་ལས། །ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །ཞེས་གསུངས་པ་ལྟར། མདོ་དོན་ཧྲིལ་གྱིས་དྲིལ་ནས་བཤད་ན། ཁྱབ་བདག་རྒྱལ་བ་རྡོ་རྗེ་འཆང་གིས་མཆོག་གི་བྱིན་རླབས་ཡོངས་སུ་འཕོས་པ་གྲུབ་ཐོབ་བརྒྱད་ཅུའི་སྤྱི་མེས་ས་ར་ཧ་པ་ཆེན་པོ་སོགས་ཀྱིས་གསུངས་པ་ལ། རྐྱེན་གསུམ་དང་བྲལ་བ། དགའ་བ་བཞི་ལས་འདས་པ༑ ཉམས་དང་མྱོང་བས་མ་སྦགས་པ། རྟོགས་པ་དང་ངེས་ཤེས་ཀྱི་དྲི་མས་མ་བསླད་པར། གཞི་ལམ་འབྲས་གསུམ་ལྟ་སྒོམ་སྤྱོད་གསུམ་འབྲས་བུ་བྲལ་ཐོབ་ཀྱི་རིམ་པས་རིས་སུ་མ་ཕྱེས་པར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་བསལ་བཞག་གམ། བཅིང་གྲོལ་ལམ། གཉེན་པོ་ཆེ་ཕྲས་བཟོ་ཅི་ཡང་བྱེད་མ་དགོས་པར་རང་ངོ་རང་གིས་ཤེས་ཤིང་རང་ཤར་རང་གྲོལ་རང་སྟོང་ལྷུན་གྲུབ་ཏུ་ཡེ་ནས་གནས་པ་འདི་ཉིད་རྟོགས་བྱའི་མཐར་ཐུག་དྲི་མ་མེད་པ་ཉིད་ཡིན་ནོ། །དེ་ཡང་རྟོགས་བྱེད་ཀྱི་གང་ཟག་ལའང་རབ་གཅིག་ཆར་བ་དང་། འབྲིང་ཐོད་རྒལ་བ། ཐ་མ་རིམ་གྱིས་པ་དང་གསུམ་དུ་དབྱེ་བས་འདིར་ནི་རིམ་གྱིས་པའི་དབང་དུ་ཕལ་ཆེར་བཤད་དེ། གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ནས་ཀྱང་། དང་པོ་སེང་གེ་རྣམ་པར་བསྒྱིང་བའི་ཏིང་ངེ་འཛིན། གཉིས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། གསུམ་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན། བཞི་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། ཞེས་དང་། མདོ་ནམ་མཁའ་མཛོད་ལས། ཡེ་ཤེས་ཅུང་ཟད་སྐྱེས་པའི་རྣལ་འབྱོར་པ། ཡེ་ཤེས་ཆེར་སྐྱེས་པའི་རྣལ་འབྱོར་པ། དུ་མ་རོ་གཅིག་སྐྱེས་པའི་རྣལ་འབྱོར་པ། བསྒོམ་དུ་མེད་པའི་རྣལ་འབྱོར་པ་དང་བཞིའི་རིམ་པར་གསུངས་པ་ལྟར་ཉེ་བར་བསྡུ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་རྡོ་རྗེའི་བཀའ་ལུང་ཚད་མས་ཟིན་པ་མཉམ་མེད་དྭགས་པོ་ལྷ་རྗེའི་རྟོགས་ཆོས་ཚད་མའི་སྒོ་ནས་བུ་ཆེན་རི་བོ་ལྟ་བུ་མཐའ་ཡས་པ་ལ་བཞེད་པ་བཀང་ལུགས་དུ་མ་ཞིག་གསུངས་པའི་ནང་ཚན། དབོན་པོ་དྭགས་པོ་སྒོམ་ཚུལ་ལ་ལམ་གྱི་ཚད་འཛིན་ནམ་བོགས་དབྱུང་གི་རིམ་པ་ཁྱད་པར་གྱི་ཆོས་སུ་གནང་བ་རྣལ་འབྱོར་བཞིའི་ཞལ་གདམས་ཞེས་པའི་དོན་ནི་དྭགས་པོ་སྒོམ་ཚུལ་རང་གི་ཞལ་ནས། ངང་ལ་གནས་པ་རྩེ་གཅིག་ཡིན། །སྒྲོ་འདོགས་ཆོད་པ་སྤྲོས་བྲལ་ཡིན། །སྤང་བླང་མེད་ན་རོ་གཅིག་ཡིན། །མྱོང་བ་དག་ན་བསྒོམ་མེད་ཡིན། །ཞེས་གསུངས་པ་ལྟར་མ་ཟད་རྗེ་ཕག་མོ་གྲུ་པས་རྣལ་འབྱོར་བཞིའི་རིམ་པ་ལ་ནང་གསེས་བཅུ་གཉིས་སུ་རྣམ་པར་ཕྱེས་ཤིང་། དེ་ལ་གཞི་བཞག་ནས་རྒྱལ་བ་ཡང་དགོན་པ་ཆེན་པོ་དང་འཇིག་རྟེན་མགོན་པོ་འབྲི་ཁུང་པ་དང་། ཞང་རིན་པོ་ཆེ། འགྲོ་མགོན་རྒྱ་རས་གསུམ་གྱི་དགོངས་པ་གུང་བཀྲལ་ནས་ཉིད་རང་གི་མྱོང་བ་འཐད་ལྡན་དང་ཕྱོགས་གཅིག་ཏུ་སྡེབ་པའི་ཞལ་གདམས་སྙིང་པོ་དོན་གྱི་གཏེར་མཛོད་སོགས་ཀྱི་ནང་དུ་གསུངས་པ་ལྟར། དང་པོ་གོ་མྱོང་རྟོགས་གསུམ་གྱི་རྣམ་དབྱེ་སྤྱིར་བྱེ་དགོས་པ་དང་། རིགས་ཁམས་སྒྲིབ་བྱེད་བྱིང་རྒོད་རྨུགས་འཐིབ་ངོས་བཟུང་བ་དང་། ཡང་སྒོས་ཞི་གནས་ཀྱི་ཉམས་གོལ་ས་གསུམ་ལྷག་མཐོང་དུ་ན་སྤར་བ་དང་། བྱེ་བྲག་ཏུ་སྣང་བ་དགྲར་ལང་གི་གེགས་བཞི་ལམ་དུ་ཁྱེར་བ་དང་། སྟོང་ཉིད་ཀྱི་འཕྲལ་ཤོར་བཞི་དང་རྣལ་འབྱོར་བཞིའི་གོལ་ས་བཅས་ངོས་བཟུང་ནས་འཕྲང་རྣམས་ཡོངས་སུ་བསལ་དགོས་པའི་ཕྱིར་བླ་མ་ཉམས་མྱོང་རྟོགས་པ་དང་ལྡན་པ་གདེང་ཚད་མཆོག་ཏུ་བརྙེས་པས་ཞལ་ཁྲིད་ཟབ་མོས་ཞིབ་མཐར་ཕུད་ནས་ཉམས་མྱོང་རྟོགས་པ་ལྷད་མེད་ཟང་མ་སློབ་མའི་རྒྱུད་ཐོག་ཏུ་མངོན་སུམ་སྐྱེས་ནས་བརྟན་པ་རིམ་གྱིས་ཐོབ་པ་གལ་ཆེ་བའི་རང་བཞིན་དུ་ཤེས་པར་བྱ་དགོས་སོ།། ༈ །།གཉིས་པ་བར་དུ་དགེ་བ་དངོས་གཞི་ངེས་དོན་ཕྱག་རྒྱ་ཆེན་པོའི་ཁྲིད་རིམ་དངོས་འཆད་པ་ལ། ཀུན་གཞི་ལས་འཁྲུལ་གྲོལ་བྱུང་ཚུལ་དང་། འཁྲུལ་བ་དག་བྱེད་ལམ་དངོས་འཆད་པའོ། །དང་པོ་ཀུན་གཞིའི་འཁྲུལ་གྲོལ་འབྱུང་ཚུལ་ཅུང་ཟད་བཤད་ན། ཇི་སྐད་དུ། འཁྲུལ་བའི་ཚུལ་ཡང་འགའ་ཞིག་ཏུ། །འཁྲུལ་བ་གཞི་ལ་ཡོད་སྲིད་ན། །གཞི་དེ་དྲི་མ་ཅན་དུ་འགྱུར། །གཞི་ལ་དྲི་མ་གཏན་མེད་ན། །གཞི་དེ་འབྲས་བུ་ཉིད་དུ་འགྱུར། །འཁྲུལ་བ་ལམ་ནས་འབྱུང་སྲིད་ན། །ལམ་དེ་འཁོར་བའི་ཐོག་མར་འབྱུང་། །འཁྲུལ་བ་སྔར་མེད་གསར་བྱུང་ན། །སངས་རྒྱས་ས་ལ་འཁྲུལ་བ་འབྱུང་། །ཞེས་པ་ལྟར་གཞི་ལ་རྣམ་གྲངས་མང་པོ་གསུངས་ཀྱང་། དོན་དུ་རྒྱལ་དབང་རྗེས། གཞི་ལ་འཁྲུལ་བ་མེད་ཀྱང་གཞི་དུས་ནས་འཁྲུལ་བ་འབྱུང་། ཞེས་གསུངས་པ་ལྟར་གཞི་ལ་འཁྲུལ་བ་མེད་ཀྱང་གཞི་རང་ངོ་མ་ཤེས་པ་དེ་ལྷན་ཅིག་སྐྱེས་པའི་མ་རིག་པ་ཟེར་བ་ཡིན། དེས་ཁ་ཕྱིར་བལྟས་ནས་རྣམ་རྟོག་གིས་ལས་གསོགས་པ་དེ་ལ་ཀུན་བཏགས་ཀྱི་མ་རིག་པ་ཟེར་བ་ཡིན་ཞིང་། དཔེར་ན་ཐག་ཁྲ་ལ་སྦྲུལ་མཐོང་སྟེ་ངོ་མ་ཤེས་ནས་འཇིགས་སྐྲག་སྡུག་བསྔལ་གྱི་རྣམ་པ་མྱོང་བ་དང་འདྲ་སྟེ། རང་གི་སྣང་བ་ལ་ཡུལ་དུ་བཟུང་། རིག་པ་ལ་བདག་ཏུ་བཟུང་། མི་བདེན་པ་ལ་བདེན་པར་བཟུང་། མེད་པ་ལ་ཡོད་པར་བཟུང་། མ་དག་པ་ལ་དག་པར་བཟུང་། དག་པ་ཆོས་སྐུ་ལ་མ་དག་པར་མཐོང་སྟེ། རང་སེམས་རང་ངོ་མ་ཤེས། ཡེངས་འཁྲུལ་དབང་དུ་སོང་། རང་རིག་རང་ཚོ་མ་ཟིན། འཁྲུལ་བ་ཁོ་ན་གོམས་འདྲི་ཐོན། ཐམས་ཅད་གོ་ལོག་ཏུ་སོང་སྟེ་འཁྲུལ་བ་དང་ཉོན་མོངས་པ་དེས་ལས་ངན་བསགས། ལས་ཀྱིས་རྣམ་སྨིན་མྱོང་འཁོར་བ་དང་ངན་སོང་དུ་སྐྱེ། རིགས་དྲུག་ཏུ་འཁྱམས། དེ་རྣམས་ཀྱི་སྡུག་བསྔལ་མྱོང་བར་བྱས། མྱང་འདས་ནི་གློ་བུར་གྱི་འཁྲུལ་བ་སྙིང་པོ་མེད་པར་རིག་སྟེ། རང་ཤར་རང་གྲོལ་དུ་གཏོང་། བག་ཆགས་སོགས་གནས་སྟོང་། མ་རིག་པ་རང་རིག་པས་ཡོངས་སུ་སྦྱངས། ཡེངས་འཁྲུལ་བྱ་བྱེད་སྡུག་བསྔལ་སོགས་གནས་ཐོག་ཏུའམ་དབྱིངས་སུ་རྗེས་མེད་ཐིམ་པས་འབྲས་བུ་ཕྱིར་མི་ལྡོག་པ་སངས་རྒྱས་པ་ཡིན་ཏེ། ལྟ་བ་མདོར་བསྡུས་ལས། ཨེ་མ་ཧོ། སྣང་སྲིད་དྲི་མ་དང་བཅས་དེའི། །རྣམ་འཕྲུལ་འགྲོ་བ་དྲུག་ལ་སོགས། །ནམ་མཁའི་ཁམས་བཞིན་མཐའ་ཀླས་པ། །སྡུག་བསྔལ་འཁྲུལ་འཁོར་བསམ་ལས་འདས། །ཨེ་མ་ཧོ། སེམས་ཉིད་དྲི་མ་མེད་པ་ཡི། །རྣམ་འཕྲུལ་ཞིང་ཁམས་དག་པར་སྣང་། །དཀྱིལ་འཁོར་རྣམ་པར་སྣ་ཚོགས་པ། །ནམ་མཁའི་མཐའ་ཀླས་ཁྱབ་པར་སྣང་། །ཞེས་དང་། དོ་ཧ་ལས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཡིས། །ཡེ་ཤེས་སེམས་ཅན་ཀུན་ལ་ཡོད། །དབུལ་པོའི་གཏེར་བཞིན་ཕན་མ་ཐོག །རྟོགས་པ་སླ་སྟེ་དྲུང་ན་འདུག །དཀའ་སྟེ་ངོས་བཟུང་ཐམས་ཅད་བྲལ། །བསམ་པའི་ཡུལ་ལས་འདས་པས་སོ། །ཞེས་གསུངས་པ་ལྟར། གཞི་ཀུན་ལ་ཁྱབ་པའི་བདེ་གཤེགས་སྙིང་པོ་ཆོས་ཉིད་ཀྱི་དོན་དེས། འཁོར་འདས་ཐམས་ཅད་ལ་སྔ་ཕྱི་དང་ཁྱད་པར་མེད་པ་ཁྱབ་སྟེ། དཔེར་ན་ནམ་མཁའ་སྟོང་པས་ཁྱབ་པའམ་ཆུ་ལ་བརླན་གྱིས་ཁྱབ་པ་ལྟར་གདོད་མ་ནས་ཀུན་དང་འབྲལ་མེད་དུ་གནས་པའོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་འཁྲུལ་པ་དག་བྱེད་ལམ་དངོས་འཆད་པ་ལ། སྔོན་འགྲོ་དབེན་པ་བསྟེན་པ། དངོས་གཞི་ལྷག་མཐོང་གི་རིག་པ་ངོས་བཟུང་བ་བསྟན་པ་དང་གསུམ་ལས། སྔོན་འགྲོ་དབེན་པ་བསྟེན་ནས་བླ་མའི་རྣལ་འབྱོར་སྒོམ་པ་དང་། སེམས་རྩེ་གཅིག་པའི་ཞི་གནས་ཇི་ལྟར་སྒོམ་ཚུལ་ལོ། །དང་པོ་ནི་འཁོར་བའི་གནས་རིས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས། དེའི་རྒྱུ་ངོ་མ་ཚེ་འདིར་སྣང་གི་དགྲ་འདུལ་གཉེན་སྐྱོང་། ཟས་གོས་དོན་གཉེར། འགྲོ་འདུག་བྱ་བཞག །འདུ་འཛི་གཡེང་བའི་ལས་མི་དགེ་བའི་རིགས་ཀུན་རྒྱང་རིང་དུ་བསྲིངས་དགོས་ཏེ། གང་པོས་ཞུས་པའི་མདོ་ལས། རི་དང་ནགས་ཚལ་གནས་མོས་པ། །ཡོན་ཏན་འབྱུང་ཞིང་འཕེལ་བར་བྱེད། །དེས་ན་འདུ་འཛི་མེད་པས་ན། །དགེ་ཆོས་ཅན་གྱི་ཉམས་མི་འགྱུར། །ཕན་ཚུན་འགྲུལ་ཤིང་གཏམ་འདྲི་དང་། །ཚིག་གི་སྨྲ་བར་མི་བྱེད་པས། །སྟོང་དབེན་ཉེར་ཞི་དབེན་པ་ལ། །སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྔགས། །དེ་ཕྱིར་བྱང་ཆུབ་སེམས་དཔའ་རྣམས། །རྟག་པར་དགོན་ལ་བརྟེན་བྱ་ཞིང་། །གྲོང་ཁྱེར་ལ་ནི་ཆགས་མི་བྱ། །ཞེས་དང་། དབེན་པའི་གཏམ་ལས། ཇི་སྲིད་སྐྱེས་བུ་བཞི་ཡིས་ལུས། །ཁྱོག་ལ་བཏེགས་པར་མ་གྱུར་པར། །དེ་སྲིད་དགོན་པར་རབ་ཕྱོགས་ཏེ། །ཞི་བའི་ཏིང་འཛིན་བསྒྲུབ་བར་བྱ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། ལུས་དང་སྲོག་ལ་ལྟ་བ་རབ་སྤངས་ལ། །སྟོང་པ་ཞི་བ་མཆོག་ཏུ་སྒོམ་པར་གྱིས། །བརྩོན་ཞིང་རབ་ཏུ་བརྩོན་པའི་ཡིད་ཀྱིས་ཀྱང་། །རི་དྭགས་བཞིན་དུ་དགོན་པར་གནས་པར་གྱིས། །ཞེས་དང་། རྒྱལ་པོར་གདམས་པའི་མདོ་ལས། བདག་གི་ནོར་ནི་བཏང་ལ་ལུས་བསྲུང་ངོ་། །ནོར་དང་ལུས་ཀྱང་བཏང་ལ་སྲོག་བསྲུང་སྟེ། །ནོར་དང་ལུས་དང་དེ་བཞིན་སྲོག་རྣམས་ཀྱང་། །ཐམས་ཅད་བཏང་ལ་ཡང་དག་ཆོས་བསྲུང་ངོ་། །ཞེས་དང་། སྟོན་པ་བཅོམ་ལྡན་འདས་ཀྱིས། ཇི་སྲིད་ཟག་མེད་མ་ཐོབ་པར། །དེ་སྲིད་སྐྱིལ་ཀྲུང་བཤིགས་མི་བྱ། །སྟན་འདིར་བདག་གི་ལུས་འདི་སྐམ་ཡང་རུང་། །པགས་པ་རུས་པའི་ཚོགས་རྣམས་ཞིག་ཀྱང་རུང་། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་བར། །སྟན་འདི་ལས་ནི་འགུལ་བསྐྱོད་མི་བྱའོ། །ཞེས་གསུངས་ནས་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་གི་བར་དཀའ་སྤྱད་མཛད་ནས་བཞུགས་པའི་ལོ་རྒྱུས་དང་། དེ་བཞིན་རྗེ་མི་ལས། ངས་རྟག་ཏུ་མི་ཡུལ་འགྲིམ་འགྲིམ་ནས། །རང་ཡུལ་ངང་གིས་བརྗེད་ནས་ཐལ། །གཅིག་པུར་ཉམས་ལེན་བསྐྱང་བསྐྱང་ནས། །ཆེ་གྲགས་ངོ་སྲུང་བརྗེད་དེ་ཐལ། །བླ་མ་སྤྱི་བོར་བསྒོམ་བསྒོམ་ནས། །གཉེན་འདུན་ངང་གིས་བརྗེད་ནས་ཐལ། །ལྷ་ཆོས་ཡིད་ལ་བྱས་བྱས་ནས། །མི་ཆོས་ངང་གིས་བརྗེད་ནས་ཐལ། །ཚེ་ཕྱི་མའི་གཏན་དོན་བསམ་བསམ་ནས། །ཚེ་འདི་ཡི་བདེ་སྐྱིད་བརྗེད་ནས་ཐལ། །རྟག་ཏུ་བག་ཡངས་བསྡད་བསྡད་ནས། །ངོ་ཚ་ངང་གིས་བརྗེད་ནས་ཐལ། །དཔོན་མེད་གཡོག་མེད་བསྡད་བསྡད་ནས། །ཞེ་སྡང་ངང་གིས་བརྗེད་ནས་ཐལ། །ཞེས་དང་། ང་ཡི་གནས་ལ་བལྟས་ན་ཡི་དྭགས་འདྲ། །མི་གཞན་གྱིས་མཐོང་ན་སྙིང་རླུང་ལྡང་། །ང་ཡི་ཟས་ལ་བལྟས་ན་དུད་འགྲོ་འདྲ། །མི་གཞན་གྱིས་མཐོང་ན་སྐྱུག་བྲོ་བལྟ། །ང་ཡི་ལུས་ལ་བལྟས་ན་ཀེང་རུས་འདྲ། །སྡང་དགྲ་བོས་མཐོང་ཡང་མཆི་མ་ཤོར། །ང་ཡི་སྤྱོད་པར་བལྟས་ན་སྨྱོན་པ་འདྲ། །ཁྱོད་སྲིང་མོའི་བསམ་གྱིན་ཡི་རེ་མུག །ང་ཡི་སེམས་ལ་བལྟས་ན་སངས་རྒྱས་དངོས། །བླ་མ་གོང་མས་གཟིགས་ན་སྤྲོ་བ་སྐྱེ། །ཞེས་དང་། སྡུག་ཐུག་པའི་དཀའ་བ་མ་སྤྱད་ན། །དགོད་ཤོར་བའི་གྲུབ་པ་མི་བརྙེས་འདུག །ཅེས་གསུངས་པའི་དོན་ལྟར་དུ། ཚེ་འདིའི་སྣང་བ་བློས་ཡོངས་སུ་བཏང་ནས་དཀའ་སྤྱད་དུ་མས་དབེན་རི་ཁོ་ན་བསྟེན་ཏེ་ཉམས་ལེན་གནད་དུ་དྲིལ་ལ་སྒྲུབ་ཚུགས་རྩེ་གཅིག་ཟིན་དགོས་པ་ཡིན་མ་གཏོགས། དྲེད་མོ་དང་ཕྱི་བ་ཉལ་བ་ལྟ་བུའི་དོན་སྒོ་ཆུང་བ་ནི་གཞིར་བཅས་རང་རེ་ལྟ་བུ་རི་ཁྲོད་དང་ཁྱིམ་དུ་འགྲོ་འདུག་རེས་མོས་བྱེད། དགེ་སྡིག་འདྲ་འདྲེས་སུ་སྒྲུབ། སྐབས་རེ་བྱ་བ་བཏང་། སྐབས་རེ་གསོག་འཇོག་མཁས། དགོས་ངེས་བྱུང་ན་དགྲ་འདུལ་གཉེན་སྐྱོང་བྱེད་པ་ལ་ཐེ་མི་ཚོམ་པ། ཕྱི་མ་དང་ཚེ་འདི་གཉིས་ཀའི་དོན་འགྲུབ་དགོས་པ། ཆོས་དང་འཇིག་རྟེན་ཅི་དྲག་ལྟ་བུར་བྱས་པས། སྡིག་པའི་གཉེན་པོ་མི་འགྲོ་ཞིང་ཆོས་ཡང་དག་པ་ལམ་དུ་མི་ཕྱིན་ཅིང་ཕྱི་མའི་གཏན་དོན་འགྲུབ་པ་ཅང་མི་ཡོང་བས་ཚེ་འདིའི་འདོད་པ། བྱ་སྤྱོད། གནས་ཡུལ་དང་བཅས་པ་ཡོངས་སུ་སྤང་བར་བྱ་དགོས་ཏེ། བྱང་སེང་གེ་སྒྲའི་ཞུས་མདོ་ལས། ཁྱིམ་ན་ཉོན་མོངས་གནས་པ་སྟེ། །དཀར་པོའི་ཆོས་རྣམས་འགྲིབ་པར་བྱེད། །ཁྱིམ་ན་གནས་པར་འདོད་པ་དེས། །མི་ངོམས་བཞིན་དུ་འཆི་བར་བྱེད། །ཅེས་དང་། རྒྱ་ཆེ་རོལ་མདོ་ལས། འདོད་པ་སྡུག་བསྔལ་རྩ་བ་སྟེ། །བསམ་གཏན་དཀའ་ཐུབ་ཉམས་པར་བྱེད། །འདོད་པ་ལན་ཚྭའི་ཆུ་འཐུང་བཞིན། །སླར་ཡང་སྲེད་པ་འཕེལ་བར་བྱེད། །ཅེས་དང་། སྤྱོད་འཇུག་ལས། འཇིག་རྟེན་འདི་དང་ཕ་རོལ་དུ། །འདོད་པ་རྣམས་ནི་ཕུང་ཁྲོལ་བསྐྱེད། །འདི་ནི་བསད་དང་བཅིང་དང་གཅོད། །ཕ་རོལ་དུ་ནི་དམྱལ་སོགས་སྒྲུབ། །ཞེས་དང་། རྒྱལ་སྲས་ཐོགས་མེད་ཀྱིས། ཡུལ་ངན་སྤངས་བས་ཉོན་མོངས་རིམ་གྱིས་འགྲིབ། །རྣམ་གཡེང་མེད་པས་དགེ་སྦྱོར་ངང་གིས་འཕེལ། །རིག་པ་དྭངས་པས་ཆོས་ལ་ངེས་ཤེས་རྙེད། །དབེན་པ་བསྟེན་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་དང་། མན་ངག་མཛོད་ལས། ཆགས་སྡང་སྐྱེ་བའི་ཡུལ་ནས་ཕར་བྲོས་དང་། །ཆོས་སྤྱོད་དགེ་སྦྱོར་ངང་གིས་འཕེལ་ནས་འོང་། །བླ་མ་དམ་པའི་གསུངས་བཞིན་གུས་སྒྲུབ་དང་། །ཐུགས་ལ་འདོགས་ཤིང་བྱིན་རླབས་དངོས་གྲུབ་འོང་། །རང་གི་སྣ་ཐག་གཞན་ལ་མ་གཏད་དང་། །ཤིན་ཏུ་སྐྱིད་ཅིང་སྒྲུབ་པ་མཐར་ཕྱིན་འོང་། །ཞེས་དང་། སེམས་ཉིད་ངལ་གསོ་ལས། ཇི་སྲིད་སེམས་ཀྱི་བརྟན་པ་མ་ཐོབ་པར། །ཕྱི་རོལ་ཡུལ་གྱིས་རབ་ཏུ་བསླུ་བས་ན། །འདུ་འཛི་གཡེང་བའི་དགྲ་ལས་རབ་བཟུར་ཏེ། །དབེན་པའི་ནགས་སུ་སྤྲོ་བས་གནས་པར་བྱ། །ཞེས་དང་། ཀློང་སྙིང་ལས། མདོར་ན་མཚན་ལྡན་གྱི་བླ་མ་མ་གཏོགས། བསླབ་བྱ་དྲང་པོར་བཤད་མཁན་ཕ་མ་ཡིན་ཀྱང་མི་ཡོང་བས་རང་ཚོད་རང་གིས་བཟུང་། སུ་ཡི་ཁ་ལ་མི་ཉན་པར་སྨྱོན་པ་འུར་ལངས་པ་ལྟ་བུ་ཞིག་དགོས། གཏམ་ངན་དང་རྐྱེན་ངན་ཅི་བྱུང་ཡང་སྣང་བ་དང་སེམས་ལ་འཁྲིག་མི་ཚུད་པར་མི་ཤི་བའི་རྗེས་ཀྱི་རོའི་གཏམ་ལྟ་བུ་ཅི་ལབ་ལབ་ཏུ་བཅུག །མཚམས་དང་སྒྲུབ་པ་ལ་གནས་པའི་ཚེ་དམ་བཅའ་རལ་དུ་མ་ཤོར་བ་སྤང་ལ་བེ་ཕུར་བཏབ་པ་བཞིན་ལྷན་ནེར་སྡོད་ཚུགས་པ་དགོས། ཞེས་དང་། རས་ཆུང་པས། བླ་མ་དགེ་སྦྱོར་མཛད་པ་ལ་བར་ཆད་བྱུང་ངམ་ཞུས་པས། ང་ལ་བར་ཆད་ཡོང་དོན་ཅི་ལ་ཡོད་གསུངས་པས། དེ་ཇི་ལྟར་ལགས་ཞུས་པས། ངའི་མིའི་ཁ་ལ་ཉན་མ་མྱོང་། ཞེས་སོགས་གསུངས་པ་ལྟར་དོན་བསྡུ་ན། གྲོགས་ཀྱང་གསུམ་ཡན་ཆད་འདུས་ན་ཆགས་སྡང་དང་རྩོད་པ་འཕེལ། གཉིས་འདུས་ན་གཏམ་འཕེལ། གཅིག་པུར་དགེ་སྦྱོར་འཕེལ་ཤས་ཆེ་བ་དང་། དེ་བཞིན་འདུག་པའི་གནས་ཡུལ་མ་དབེན་ན་ཚོགས་དྲུག་གི་སྣང་བ་མི་དབེན། སྣང་བ་མ་དབེན་ན་སྒོ་གསུམ་ངན་གོམས་ཀྱི་རྗེས་སུ་འབྲང་འགྲོ་བས། ལུས་ངག་ནམ་ཡང་བག་མི་ཕེབས། ལུས་ངག་བག་མ་ཕེབས་ན་སེམས་ངོ་འཕྲོད་པའམ་ཞི་བར་ནམ་ཡང་མི་གནས། སེམས་ཞི་བར་མ་གནས་ན་རྟོགས་པ་བསླད་མེད་ངོ་མི་འཕྲོད་ཅིང་དྭངས་ཆ་འབྱིན་ནས་གཏན་སྲིད་མི་ཟིན་པ་སོགས་ཀྱི་སྐྱོན་དང་གནད་འགག་གལ་པོ་ཆེ་དེ་རུ་རང་ནས་ཡོད་པ་མ་ཟད་སེམས་གཡེང་བའི་དགེ་སྦྱོར་ཐམས་ཅད་ནི་རྩ་བ་རུལ་བའི་སྡོང་པོ་དང་འདྲ་ནང་ན་མེད་པའི་ཕྱིའི་གཟུགས་བརྙན་ཙམ་ཡིན་པས། དྲན་ཤེས་སྐད་ཅིག་མའི་རྒྱུན་མཐུད་ནས་དུས་རྒྱུན་སྤྱོད་ལམ་བཞི་དང་བསྲེ་ཞིང་སྐྱོང་མ་ཤེས་ན། སྒོམ་སྤྱོད་ལམ་རྣམ་བཞི་སོགས་དང་ནམ་ཡང་མི་འདྲེས། དེས་ན་རང་འགྲོ་དུས་ཀྱང་ཧ་རེ་ལང་། ཚུབས་སེ་མི་འགྲོ། བལྟ་ས་གང་རྙེད། གཏམ་རྒྱུ་ཅི་མང་། ཡེངས་ཤེས་ཅི་ཆེ་ལྟ་བུ་མ་ཡིན་པར་ལུས་ངག་ཡིད་གསུམ་ཐ་མལ་དུ་མ་ཡེངས་པར་བྱེད་དགོས་བསམ་པའི་འདུན་པ་དྲིལ་ཏེ་དེའི་ངང་ནས་ལངས། འགྲོ་དུས་ལྟ་སྟངས་མདུན་དུ་ཕབ་ནས་སེམས་རྒྱུན་འཚོ་བརྟེན་ཅིང་། གོམ་གྲངས་དང་ས་ཚོད་ལ་དཔག་ནས་དྲན་པའི་རྒྱུན་སྐྱོངས། མདོར་ན་ཟས་ཁམ་གཅིག་ཟོས་ནའང་སེམས་མ་ཡེངས། སྐོམ་ཧུབ་གཅིག་འཐུང་ནའང་སེམས་མ་ཡེངས། གཏམ་ཚིག་གཅིག་སྨྲ་ནའང་སེམས་མ་ཡེངས། ལས་ཀ་ཆེ་ཆུང་ཅི་བྱེད་ནའང་སེམས་མ་ཡེངས། དལ་བྲེལ་ཅི་བྱུང་ཡང་སེམས་མ་ཡེངས། ཉལ་འདུག་ཅི་བྱེད་ཀྱང་སེམས་མ་ཡེངས། དང་པོ་ཡེངས་དོགས་ཀྱི་སེམས་ཁུར་བྱེད། བར་དུ་ཡང་ནས་ཡང་དུ་དྲན་པའི་གསལ་འདེབས། ཐ་མ་བརྗེད་པ་ངོས་བཟུང་ལ་མ་ཡེངས་དྲན་པའི་འཕྲོ་འཐུད་ནས་རིམ་གྱིས་བརྟན་པ་ཐོབ་པར་བྱ་དགོས་ཏེ། དབུ་མ་སྙིང་པོ་ལས། སེམས་ཀྱི་གླང་ཆེན་ལོགས་འགྲོ་བ། །དམིགས་པའི་ཀ་བ་བརྟན་པོ་ལ། །དྲན་པའི་ཐག་པས་དམ་བཅིངས་ཏེ། །ཤེས་བཞིན་ལྕགས་ཀྱུས་རིམ་དབང་བྱ། །ཞེས་དང་། གཡེང་བ་གཡེང་བའི་མཚན་མ་ལས། །ཉེས་མིག་དྲན་པས་སྡུད་པར་བྱེད། །ཅེས་དང་། མདོ་ལས། དྲན་དང་ཤེས་བཞིན་རྟག་ལྡན་ན། །ལོག་རྟོག་མཚན་མས་ཉེ་མི་ནུས། །ཞེས་དང་། རྗེ་ཕག་གྲུས། དྲན་པའི་མེལ་ཚེ་འདི་མ་བྱས་ན། །བདུད་བཞི་རྐུ་མས་བསྐོར་རེ་རན། །ཡེ་ཤེས་ཀྱི་ནོར་བུ་ཤོར་དོགས་གདའ། །ཞེས་དང་། རྗེ་འབྲི་གུང་པས། དྲན་པ་མཁས་ན་སྒོམ་མཁས། དྲན་པ་མེད་ན་སྒོམ་མེད། དྲན་པ་ཉམས་ན་སྒོམས་ཉམས། ཞེས་དང་། ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ། །མ་ཡེངས་དྲན་པ་མཆོག་ཏུ་གཅེས། །ཞེས་གསུངས་པ་ལྟར་དུ་དྲན་པའི་སོ་འཛུག་དྲན་པས་ངོས་བཟུང་ནས་ཆགས་ཤིང་ཞེན་ན་དེ་ཀའི་ངོ་བོ། སྣང་ཞིང་འཁྲུགས་ན་དེ་ཀའི་ངོ་བོ། སྡུག་ཅིང་སྐྱོ་ན་དེ་ཀའི་ངོ་བོ་བལྟས་ཏེ་མདོར་ན་གང་གནོད་པའི་སྟེང་དུ་སྒོམ་དགོས་པ་ཡིན་ཏེ། ན་ན་ན་ཐོག་ཏུ་སྒོམས། ལྟོགས་ན་ལྟོགས་ཐོག་ཏུ་སྒོམས། གྲང་ན་གྲང་ཐོག་ཏུ་སྒོམས། མི་དགའ་ན་མི་དགའ་བའི་ཐོག་ཏུ་སྒོམ་ཞིང་། མདོར་ན་མཚམས་སྒྲུབ་བྱེད་པའི་སྐབས་སུ་ནི་གནས་དང་རྐྱེན་སྣང་ཤེས་པ་གསུམ་ཀ་དབེན་པའི་སོ་མཚམས་ཡོངས་སུ་སྲུང་བར་བྱེད་དགོས་པས་ན་བཅད་རྒྱ་དམ་པོ་གནད་དུ་འགྲོ་བ་ཞིག་མ་བྱུང་ཕྱིན་ཡུན་རིང་བཞིན་བློ་ཇེ་དྲེད། བཅད་མཚམས་ཇེ་ལྷོད། བྱེད་རྒྱུ་ཇེ་མང་། ཉམས་ལེན་ཇེ་སྡུག་འགྲོ་བས་ཆོས་དྲེད་དེ་ལྟར་མ་སོང་བར་ཞེ་བཅད་དྲག་པོས་ཚུལ་བཞིན་གནས་དགོས་ཏེ། ཚེ་འདིའི་སྙན་འདོད་གྲགས་འདོད་མེད་པ། མིས་ཚོར་རུང་། མ་ཚོར་རུང་། མགུ་རུང་མ་མགུ་རུང་། བསྟོད་རུང་སྨད་རུང་། སྐྱིད་རུང་། སྡུག་རུང་། ངོ་ལྐོག་རྒྱུན་ཆད་མེད་པས་ཉམས་སུ་བླངས་ནས་ཡོན་ཏན་ཐམས་ཅད་སྦ་ཞིང་སྐྱོན་ཐམས་ཅད་འདོན་པར་བྱེད་དགོས་པ་དང་། ལར་ནང་དུ་རང་དོན་མངོན་དུ་གྱུར་ནས་གཞན་དོན་དུས་ལ་བབ་པ་ན། བླ་མ་ཡི་དམ་སོགས་ཀྱིས་ལུང་སྟོན་ཅིང་འགྲོ་དོན་ཤུགས་ཀྱིས་འབྱུང་ཡོང་བ་ལས་ད་འགྲོ་དོན་རན་ཟེར་ཕར་བསྙེགས་ནས་འགྲོ་དགོས་པ་མ་ཡིན་ཏེ། དཔེར་ན་རྒྱལ་པོ་ཁྲི་ལས་མ་གཡོས་ཀྱང་ཕྱོགས་མཐའི་མངའ་འབངས་རུབ་རུབ་རུ་ཚུར་འདུས་འོང་བ་ལྟར་རམ། མེ་ཏོག་བཅུད་ལྡན་ལ་སྦྲང་མ་འདུས་པ་ལྟར་གདུལ་བྱ་ཐམས་ཅད་རྩོལ་མེད་དུ་ཚུར་འདུས་ཡོང་བས་དེ་ལྟར་དང་། མོས་གུས་དྲག་པོ་ཅི་སྐྱེས་ཀྱང་རང་གི་དགེ་སྦྱོར་ཚོ་མ་ཐུབ་ན་བྱིན་རླབས་ཀྱི་རྟེན་འབྲེལ་དུམ་ཙམ་འཁྱུག་པས་རྟོགས་པའི་ངོ་བོ་ཚུར་འདུས་པར་བྱས་ན་བླ་མ་དཀོན་མཆོག་དབང་དུ་འདུས་བྱིན་རླབས་ཀྱི་ཚན་ཁ་རྡོལ་བའི་དགོས་ཆེད་ཡོད་པ་དང་། དེ་བཞིན་སྙིང་རྗེའི་དབང་དུ་སོང་ན་ཕར་འགྲོ་དོན་བསྙགས་མ་དགོས་པར་ཚུར་འདུས་ན་ལེགས། དག་སྣང་དབང་དུ་ཕར་ཤོར་ན་གཞན་གྱིས་དག་སྣང་སྐྱེས་ཀྱང་རྩོལ་མེད་དུ་མི་ཡོང་། ཚུར་འདུས་ན་རྩོལ་མེད་དུ་ཡོང་བས། སྐྱིད་འདོད། འགྲོ་འདོད། ལས་འདོད། མྱོང་འདོད་ཐམས་ཅད་ཕྲ་ཆོད་སྦོམ་ཆོད་དུ་བཏང་ནས་སྡོད་ཚུགས་པར་བྱས་ན་བར་ཆད་ཐམས་ཅད་རང་སར་ཞི་ནས་དངོས་གྲུབ་ཐམས་ཅད་ཆར་བཞིན་འབེབས། ལྷ་འདྲེ་མི་གསུམ་དབང་དུ་འདུས། རང་དོན་ཆོས་སྐུའི་རྒྱལ་ས་ཟིན། གཞན་དོན་རྩོལ་མེད་ལྷུན་གྲུབ་འབྱུང་ཡོང་གི་ཡིན་མ་གཏོགས། དང་པོ་སྒྲུབ་ལ་བརྩོན་དུས་ནས། སློབ་མ་དང་ཡོན་བདག་ཉེ་འབྲེལ་སོགས་ཡོང་མཁན་མང་ན་བར་ཆད་དུ་འགྲོ་བ་ཚེགས་མེད་པས་ཕྱི་ནང་ཐམས་ཅད་བཅའ་ཁྲིམས་ལེགས་པར་བསྡམས་ཏེ་སྡོད་ཚུགས་གཅིག་ཏུ་ཟིན་དགོས་པ་ཡིན་ཏེ། ཕ་དམ་པས། མངོན་མཚན་ཅན་ལ་བར་ཆད་འབྱུང་བ་མང་། །གསང་སྤྱོད་ཉམས་སུ་ལོངས་ཤིག་དིང་རི་བ། །ཞེས་དང་། ཨོ་རྒྱན་རིན་པོ་ཆེས། མངོན་ཤེས་མེད་པའི་འགྲོ་དོན་མི་ཡོང་སྟེ། །ཐོག་མར་སྒྲུབ་ལ་བརྩོན་འགྲུས་རིམ་པར་བསྐྱེད། །ཅེས་དང་། ཇོ་བོ་རྗེས། དང་པོ་རང་ཉིད་མ་ཐུལ་བར། །གཞན་དག་ཇི་ལྟར་ཐུལ་བར་འགྱུར། །ཞེས་དང་། དམ་པ་རྒྱ་གར་གྱིས། བདུད་ཀྱི་འཇུག་པ་དང་པོ་བྱ་བ་ཡིན། རང་ཆུ་ནང་དུ་ལུས་པས། གཞན་སྐམ་སར་ཐོན་པ་གར་ཡོང་། སྐབས་འདིར་དགེ་སྦྱོར་འཕེལ་ཆེད་གཞན་ལ་ཕན་མི་ཐོགས་པས་གཟབ་འཚལ། ཞེས་དང་། མར་པས། ཁྱེད་རང་རྒྱུད་སློབ་མར་མི་ལྡན་པས། །གཞན་གྱི་སློབ་དཔོན་བྱེད་པ་སྟེ། །ལམ་རྒྱུས་མེད་པའི་ས་ཕྱོགས་སུ། །ལོང་བས་ལོང་བ་ཁྲིད་པ་འདྲ། །རང་སེམས་རང་གིས་མ་རྟོགས་བར། །གཞན་སེམས་ངོ་སྤྲོད་བྱེད་པ་དེ། །དམུས་ལོང་ཆེ་ཆུང་གཅིག་ལ་གཅིག །ཟླ་བའི་ཁ་དོག་སྟོན་པ་འདྲ། །ལར་སྙིང་ནས་བྱང་ཆུབ་སྒྲུབ་འདོད་ན། །འདུ་འཛི་མལ་བཞག་དབེན་པ་བརྟེན། །སྒྲུབ་པའི་བར་ཆད་སློབ་མ་སྤོངས། །ཞེས་དང་། འཇིགས་མེད་གླིང་པས། མཐུན་འཇུག་ཐག་པས་འཆིང་བ་ཡི། །འགྲོ་དོན་བདུད་ཀྱིས་བསླུས་པ་ཡིན། །ཞེན་པ་ནང་ནས་གྲོལ་ཙ་ན། །ཅི་བྱས་ཐམས་ཅད་གཞན་དོན་འགྱུར། །ཞེས་དང་། མདོ་དྲན་པ་ཉེར་བཞག་ལས། གཟའ་སྐར་བརྩི་བ་དང་། རི་མོ་བྲི་བ་དང་། སྙན་ངག་སློབ་པ་དང་། ཟས་སུ་གཡེང་བ་དང་། བྲེད་མོའི་གཏམ་དང་། གཉིད་དུ་ཡོལ་བ་དང་། ཟང་ཟིང་ཡོལ་བ་དང་། འདོད་ཡོན་དྲུག་ལ་ཞེན་པ་དང་། རྟོག་དཔྱོད་ལ་དགའ་བ་སོགས་བཅུ་པོ་སྤང་སྟེ། དྲན་རྒྱུན་འཛུག་པ་དང་། རླན་ཏེ་འཇོག །ཉེ་བར་བྱེད། ཞི་བར་བྱེད། འདུལ་བར་བྱེད། རྣམ་པར་ཞི་བར་བྱེད། རྩེ་གཅིག་ཏུ་མཉམ་པར་འཇོག་པར་བྱེད་དོ། །ཞེས་གསུངས་པ་ལྟར། བཟང་དྲེད་དང་ངན་དྲེད་དུ་འགྲོ་བའི་རིགས་འདུ་འཛི་རྣམ་གཡེང་བར་མ་དོ་དེ་དག་ཐམས་ཅད་ཀྱང་སྤང་སྟེ། ལྟོ་གོས་ལུས་འཚོ་ཙམ་གང་བྱུང་ལ་བརྟེན་ནས་སྒྲུབ་པ་ཐང་ལྷོད་སྐད་ཅིག་ཙམ་མེད་པའི་བརྩོན་འགྲུས་ཤུག་དྲག་ལ་རྒྱུན་རིང་བ་ཆུ་བོ་ཆེན་པོའི་གཞུང་ལྟ་བུ་བརྩམ་པར་བྱ་དགོས་ཤིང་། འོན་ཀྱང་སྒྲུབ་པ་དེ་ལྟ་བུ་བྱེད་པའི་དུས་སུ་རྐྱེན་བཟང་ངན་སྣ་ཚོགས་འོང་བ་ཤེས་བྱའི་གཤིས་ཡིན་ཏེ། གདོན་བགེགས་ལྷ་འདྲེའི་ཆོ་འཕྲུལ་རྣམས་དང་། མི་རྒོད་གཅན་ཟན་དགྲ་རྐུན་སོགས་ཐོགས་བཅས་ཀྱི་བར་ཆད་ཅི་ལྟར་བྱུང་ཡང་ཐོགས་མེད་ཀྱི་བག་ཆགས་དག་པར་འདོད་པའི་སློང་ཚད་ཡིན་པས་ན། དེ་ལྟར་ཤེས་པའི་ངང་ནས་རང་མདངས་སུ་རྩལ་སྦྱངས། ལྷ་འདྲེ་ཕ་མར་ཤེས་པས་སྙིང་རྗེ་སྒོམ། ཡི་དམ་དུ་ཤེས་པས་དངོས་གྲུབ་ཞུ། བླ་མར་ཤེས་པས་གསོལ་བ་འདེབས། རང་སེམས་སུ་ཤེས་པས་རྟོགས་པའི་རྩལ་ཆེན་ཆེར་སྦྱངས་པས། གནས་ལུགས་ལ་བརྟན་པ་ཡོངས་སུ་ཐོབ་དགོས་པས། དེས་ན་གནས་དང་དབེན་པ་བསྟེན་པའི་ཡོན་ཏན་སོགས་ནི་ཤིང་ལྗོན་པའི་གྲིབ་བསིལ་དང་སྤང་ལྗོངས་གཡུ་ལྟར་སྔོ་བ། མེ་ཏོག་ངོ་མཚར་ཆེ་བ་སྣ་ཚོགས་པས་བརྒྱན་པ། ཕུ་ཆུ་ཤིན་ཏུ་དྭངས་བསིལ་གྱི་སྒྲ་དིར་དིར་སྒྲོགས་པ། རི་དྭགས་སྣ་ཚོགས་རྒྱུག་ཅིང་བརྩེ་བའི་གར་བྱེད་པ། བྱ་དང་བུང་བའི་སྐད་སྙན་སྣ་ཚོགས་སྒྲོགས་པ། བྲག་རི་དང་བྲག་ཕུག་རང་བྱུང་གི་རྣམ་པ་དུ་མ་ཡོད་པ། ཆུ་གཙང་ལོ་འབྲས་མེ་ཏོག་ལ་སོགས་ཀྱིས་ཁ་ཟས་ཆོག་པ། རྒྱ་ཤུག་དང་ཙནྡན་སྤོས་དང་མེ་ཏོག་སྨན་སྣ་སོགས་དྲི་ཞིམ་ཀྱི་ངད་ལྡན་པ། སུ་དང་ཡང་འབྲེལ་འདྲིས་དང་ཆགས་སྡང་རྣམ་གཡེང་གི་རིགས་མེད་པ། འགྲོ་འདུག་གང་གི་སྐབས་སུ་ཡང་གནས་དང་བྲག་ཕུག་ལ་ཆགས་ཞེན་དང་གཅེས་སྤྲས་མི་དགོས་པ་དང་། བྱ་དང་རི་དྭགས་འགྲོགས་ན་བདེ་བ་བསམ་གཏན་གྱི་གནས་ཁྱད་པར་ཅན་ཏེ། ཀློང་ཆེན་པས། ནགས་ནི་ཆུ་གཙང་མེ་ཏོག་འབྲས་མང་ཞིང་། །བྲག་རི་ཕུག་དང་རྡོ་ལེབ་ཁང་བཟང་དང་། །དུད་པའི་ལྗོན་ཤིང་གྲིབ་མས་བརྒྱན་པའི་ཁྲོད། །བྱ་དང་རི་དྭགས་མང་པོས་གར་བྱེད་ཅིང་། །ཆུ་འགྲམ་མེ་ཏོག་བུང་བ་གླུ་ལེན་མཛེས། །ཞེས་དང་། སློབ་དཔོན་དཔའ་བོས། བུང་བ་རྒྱགས་ལྡིང་གླུ་ལེན་ཅིང་། །ལྗོན་ཤིང་ལོ་མའི་གར་བྱེད་ལ། །བྱ་རྣམས་སྙན་པའི་སྐད་ཀྱང་འབྱིན། །བསིལ་གཡབ་ངོས་འཇམ་ཕྱོགས་རྣམས་གཡོ། །ཕུ་ཆུས་ལྷུང་ལྷུང་སྒྲ་ཡང་སྒྲོགས། །མཛེས་པའི་རི་དྭགས་རྒྱུག་ཅིང་བརྩེ། །མེ་ཏོག་ཚོགས་ནི་དགོད་པ་འདྲ། །ཙནྡན་སྤོས་སོགས་དྲི་ངད་ལྡང་། །སྒོམ་པའི་ཡོན་ཏན་དུ་མར་ལྡན། །ཞེས་གསུངས་པ་ལྟར་གནས་ཁྱད་པར་འཕགས་པ་དེ་ལྟ་བུ་བརྟེན་ནས་བསྒོམ་པར་བྱ་དགོས་ལ། བྱེ་བྲག་ཏུ་སེམས་ཉིད་ངལ་གསོ་ལས། རི་རྩེ་ནགས་ཁྲོད་མཚོ་གླིང་ལ་སོགས་པ། །དུས་བཞི་ཡིད་ནི་མཐུན་པའི་གནས་དག་ཏུ། །རྩེ་གཅིག་མི་གཡོ་ཞི་བའི་ཏིང་འཛིན་སྒྲུབས། །ཞེས་སོགས་གསུངས་པ་ལྟར། དབྱར་ནི་རི་རྩེ་གངས་རིའི་ཁྲོད་དུ་རྩྭའམ་སྨྱུག་མའི་ཁང་པ་དང་། ཟས་གོས་ཀྱང་བསིལ་བའི་ཆས་བརྟེན་ནས་བསྒོམས་པས་རྨུགས་འཐིབ་སེལ་ཞིང་རིག་པ་དྭངས་བས་ལྷག་མཐོང་འགྲུབ། སྟོན་ནི་ནགས་ཁྲོད་བྲག་རྫོང་དུ་བསིལ་དྲོད་སྙོམས་པའི་ཁང་བུར་ཟས་གོས་སྤྱོད་ལམ་དེ་དང་མཐུན་པར་བྱས་ནས་བསྒོམས་པས་བསྐྱེད་རིམ་དང་སེམས་ཞི་བར་གནས་ཤིང་བདེ་ཤས་ཆེ་བར་འགྲུབ། དགུན་ནི་དམའ་བའི་རོང་ལ་བྲག་ཕུག་གམ་ནི་ས་ཕུག་ནང་ཟས་གོས་མལ་ཆ་སོགས་རྗེས་མཐུན་བྱས་ནས་བསྒོམས་པས་ཞི་ལྷག་ཟུང་འཇུག་ཆེན་པོར་འགྲུབ། དཔྱིད་ནི་བྲག་རིའི་འདབས་དང་མཚོ་གླིང་ངམ་ཆུ་འགྲམ་དུ་ཁང་པ་ཟས་གོས་སྤྱོད་ལམ་སོགས་བསིལ་དྲོད་སྙོམས་པར་བྱས་ནས་བསྒོམས་པས་མི་རྟག་སྐྱོ་ཤས་སྐྱེ་ནས་བློ་སྣ་ཐུང་བར་འགྱུར། ལྷག་པར་དུར་ཁྲོད་བྱིན་ཆེན་གྱི་གནས་སུ་དངོས་གྲུབ་མྱུར་ཞིང་བསྐྱེད་རྫོགས་གང་ལའང་མཆོག་ཏུ་བསྔགས་པས་བརྟེན་པར་བྱ་ཞིང་། གྲོང་དང་ཚོང་འདུས་རྣམས་ནི་ལས་དང་པོ་པ་ལ་གཡེང་ཤས་ཆེ་བ་དང་། ལྷ་དང་མཆོད་རྟེན་རྙིང་རལ་དང་ཁང་སྟོང་སོགས་ནི་རྒྱལ་འགོང་གནས་པའི་ས་དང་ས་ཕུག་ལ་སོགས་བསེན་མོའི་གནས་དང་། ཤིང་གཅིག་དྲུང་ན་མ་མོ་མཁའ་འགྲོ་རྒྱུ་བ་དང་། བྲག་དམར་དང་རི་སྣར་དམུ་བཙན་གནས་པ་དང་། མཚོ་འགྲམ་ནེའུ་སེང་ནགས་རོང་ལ་ཀླུ་གཉན་ས་བདག་གནས་པའི་ས་སོགས་ལ་མདོར་ན་བར་ཆད་མང་ཞིང་རྟོག་ཚོགས་ཧྲག །ཞེ་སྡང་དང་འདོད་ཆགས་སྐྱེ་ཞིང་བྱིང་རྒོད་ལྷག་པར་ལྡང་། རྐྱེན་ངན་དང་འཚུབ་སྣང་ཆེ་བའི་གནས་དག་སྤོངས་ཤིང་། མདོར་ན་དང་པོ་ཉམས་དགའ་ལ་འདྲིས་ནས་མི་དགའ་བ་དེ་དངོས་གྲུབ་ཆུང་བའི་གནས་ཡིན་པ་དང་། དང་པོ་འཇིགས་ཟིལ་ཆེ་ཞིང་མི་དགའ། འདྲིས་ནས་དགའ་བའི་གནས་དེ་བྱིན་རླབས་དངོས་གྲུབ་ཆེ་ཞིང་བར་ཆད་མེད་པས་དེ་ཕྱིར་ཟླ་གཅིག་གི་ཕྱེད་ལ་ཉམས་དཔྱད་པའི་ཤེས་པར་འགྱུར་ལ་གཞན་དག་བར་མ་དོའི་གནས་ཀྱི་ཕན་གནོད་ཆུང་བས། དེས་ན་སྒྲུབ་གནས་ལ་བརྟེན་པའི་རང་སེམས་འགྱུར་ཞིང་དགེ་སྦྱོར་འཕེལ་འགྲིབ་གཉིས་ཡོང་བས་ས་གནད་བཟང་ངན་གྱི་རིམ་པ་ཞིབ་ཏུ་བཏགས་ཤིང་བསྟེན་པ་ཤིན་ཏུ་གལ་ཆེ་སྟེ་ཕྱི་ནང་རྟེན་འབྲེལ་གཅིག་པའི་ཕྱིར་ཏེ། རྗེ་མི་ལས། མི་མེད་ལུང་པའི་རི་སུལ་ན། །སྐྱོ་ཆད་དེ་བ་ལ་སངས་དུས་མེད། །བླ་མ་དུས་གསུམ་སངས་རྒྱས་ལ། །ཡིད་དུང་ངེ་བ་ལ་འབྲལ་བ་མེད། །ཅེས་དང་། རི་ཁྲོད་དབེན་པའི་གནས་མཆོག་ན། །སྤྱོད་ལམ་ཐམས་ཅད་དགེ་བ་ཡིན། །ཞེས་གསུངས་པ་ལྟར། གནས་ཤིན་ཏུ་དབེན་པ་དེར་ཕྱིན་པ་ཙམ་གྱིས་ལུས་སེམས་སྣང་བ་སོགས་ཤུགས་ཀྱི་བདེ་སྣང་འཆར། ཞེ་སྡང་སྦྲུལ་ལྟ་བུར་ལྡང་བའང་ཞི། འདོད་ཆགས་བྱ་ལྟ་བུ་ཅན་ཡིན་རུང་ཞེན་པ་ལྡོག །གཏི་མུག་ཕག་ལྟ་བུ་ཅན་ཡིན་རུང་དྭངས་པའི་གོ་སྐབས་འབྱེད། དད་པ་དང་མོས་གུས་ངེས་འབྱུང་དང་སྐྱོ་ཤས་ངམ་ངམ་ཤུགས་ཀྱིས་རྒྱུན་ཆགས་སྐྱེ། ཆོས་དང་འཇིག་རྟེན་གྱི་ས་མཚམས་ལས་མཚམས་ཐམས་ཅད་རྣམ་དབྱེ་འབྱེད། ཆོག་ཤེས་ལ་རིམ་གྱིས་གོམས་ནས་འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བ་བློས་གཏོང་ཐུབ། ཚེ་རབས་དང་མི་ཚེ་འདི་དག་ལ་སྒོ་གསུམ་བྱིང་རྒོད་རྨུགས་འཐིབ་ཏུ་གྱུར་པ་ཐམས་ཅད་བག་ཕེབ་ཅིང་ཁམས་དྭངས་སྙིགས་ཀྱི་ཆ་འབྱེད། འདུ་འཛི་རྣམ་གཡེང་མེད་པས་སྡིག་པ་ཤས་ཆུང་ཞིང་དགེ་བའི་ཚོགས་གོང་ནས་གོང་འཕེལ་འགྲུབ། དགེ་བ་ཆེ་ཕྲ་གང་འགྲུབ་ཀུན་སློང་བསྔོ་སྨོན་ཟབ་མོས་རྩིས་ཐེབ་པ་དང་། སྡིག་པའི་གཉེན་པོ་དགེ་བ་འགྲོ་ཞིང་སྡིག་པའི་འཕྲོ་ཡོངས་སུ་ཆོད་པ་དང་། བསྐྱེད་རྫོགས་ལ་བརྟན་པ་རིམ་གྱིས་ངེས་པར་ཐོབ་སྟེ་མཐར་ཕྱིན་པ་དང་། ཚོགས་དྲུག་གི་སྣང་བ་སྒོ་ལྔའི་ཤེས་པ་སོས་དལ་འབྱུང་ཞི་བར་གནས་པའི་བསམ་གཏན་ལ་བབ་ཀྱིས་འཚོ་བ་སོགས་འབྱུང་བས། དེས་ན་སྔོན་བྱོན་རྒྱལ་བ་རྣམས་ཀྱིས་བྱིན་གྱིས་རླབས་ཤིང་མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས་པ་དམ་ཚིག་གཙང་ཞིང་འདུ་འཛི་དང་གཡེང་བས་དབེན་པ། སྒྲུབ་གནས་ཞེས་པའི་མིང་དོན་མཚུངས་ངེས་པའི་གནས་དེར་ཕྱིན་ནས། སྒྲུབ་རྟེན་དང་ཟས་གོས་ཡོ་བྱད་རྣམས་ཐབས་མ་ཆགས་ཙམ་ཚགས་སུ་ཚུད་པར་བྱས་ཏེ་སྒོ་གསུམ་ཤིན་ཏུ་ཡང་ཡང་བག་ཕེབ་པའི་ངང་ནས་ཐུན་མིན་སྔོན་འགྲོའི་བསགས་སྦྱང་སྤེལ་བ་སོགས་ཚད་ལྡན་རྟགས་ཐོན་རེ་བྱ་རྒྱུ་དང་། ཁྱད་པར་དུའང་བྱིན་རླབས་ཐམས་ཅད་ཀྱི་རྩ་བ་རྟོགས་པའི་ཡེ་ཤེས་བཙན་ཐབས་སུ་འཕོ་བའི་གདམས་པ་ཀུན་གྱི་ཡང་སྙིང་བླ་མའི་རྣལ་འབྱོར་རང་ལ་གཙོར་འདོན་པ་ཉིད་གལ་ཅི་ནས་ཆེ་ཤོས་ཡིན་ཏེ། སེམས་མི་གནས་པ་གནས་པར་བྱེད། མ་ཟིན་པ་ཟིན་པར་བྱེད། ཉོན་མོངས་མ་གྲོལ་བ་གྲོལ་བར་བྱེད། སྒོམ་གྱི་གེགས་སེལ་ཞིང་བོགས་དབྱུང་བར་བྱེད། རྩལ་མ་རྫོགས་པ་རྫོགས་པར་བྱེད། འབྲས་བུ་རིན་པོ་ཆེ་མ་ཐོབ་པ་ཐོབ་པར་བྱེད། ཡོན་ཏན་མ་སྐྱེས་པ་སྐྱེས་པར་བྱེད་མཁན་ཐམས་ཅད་བླ་མའི་བྱིན་རླབས་ཁོ་ན་ལ་རག་ལས་པ་ཡིན་ཏེ། ས་ར་ཧས། བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བརྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་དང་། དམ་ཚིག་བཀོད་པ་ལས། རྫོགས་པའི་རིམ་པ་བསྐལ་བའི་བར་དུ་ནི། །འདུ་འཛི་གཡེང་བ་སྤངས་ཏེ་བསྒོམས་པ་བས། །བླ་མ་རང་སེམས་དཀྱིལ་དུ་དར་གཅིག་ཤར་བ་ཙམ། །འབུམ་ཕྲག་ཉི་ཤུའི་ཆར་ཡང་མི་ཕོད་དོ། །ཞེས་དང་། བྱམས་པས། རང་བྱུང་རྣམས་ཀྱི་དོན་དམ་ནི། །དད་པ་ཁོ་ནའི་རྟོགས་བྱ་ཡིན། །ཞེས་དང་། ཀུན་མཁྱེན་གྱིས། བོགས་འདོན་ཀུན་གྱི་མཆོག་གཅིག་པུ། །བླ་མ་ཡིན་ནོ་སྒོམ་ཆེན་རྣམས། །ཞེས་གསུངས་པ་ལྟར་གལ་གནད་ཆེ་བ་གཅིག་ཏུ་ཤེས་པར་བྱས་ནས། སྒོམ་པ་དངོས་ཀྱི་སྐབས་སུ་བདག་མདུན་གཉིས་ལས། དང་པོ་བདག་སྐྱེད་ལ་གཞལ་ཡས་ཁང་གི་མཚོན་བྱེད་ནམ་མཁའ་མཐིང་ནག་ཆོས་འབྱུང་གྲུ་གསུམ་པའི་དབུས་སུ་འཁོར་བར་འཁྲུངས་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡར། པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་མ་རིག་པའི་མུན་པ་སེལ་ཕྱིར་ཉི་མའི་དཀྱིལ་འཁོར། དེའི་སྟེང་ན་གཙང་བཙོག་གཉིས་མེད་རྟོགས་པའི་བརྡར། བམ་རོ་མགོ་གཡོན་ལ་གཏད་པ་གན་རྐྱལ་གྱི་གདན་ལ་བདག་ཉིད་རྡོ་རྗེ་ཕག་མོ་བཅུ་དྲུག་ལོན་པའི་ན་ཚོད་ཅན་སྐུ་མདོག་དམར་སྨུག །ཆོས་སྐུ་ཐིག་ལེ་ཉག་གཅིག་གི་བརྡར་ཞལ་གཅིག་པ། དུས་གསུམ་དབྱེར་མེད་དུ་གཟིགས་པའི་བརྡར་སྤྱན་གསུམ། བདུད་བཞི་ཟིལ་གྱིས་གནོན་པའི་བརྡར་མཆེ་བ་བཞི་གཙིགས་པ། ཁྲོ་འཛུམ་ཆགས་པའི་ཉམས་ཅན། གཙུག་ཏོར་སྦས་པའི་ཚུལ་དུ་དབུ་སྐྲ་ཐོར་ཚུགས་སུམ་བརྩེགས་དང་། གདུལ་བྱ་རྣམས་རྗེས་སུ་འཛིན་པའི་བརྡར་ལྷག་མ་སྐུ་རྒྱབ་ཏུ་གྲོལ་བ། ཡེ་ཤེས་ལྔ་དང་རིགས་ལྔའི་བརྡར་ཐོད་སྐམ་ལྔ་དང་རྩེ་ཕྲན་གྱིས་དབུ་རྒྱན། སེམས་བྱུང་ལྔ་བཅུ་རྩ་གཅིག་ཡོངས་སུ་དག་པའི་བརྡར་ཐོད་རློན་ལྔ་བཅུའི་དོ་ཤལ། རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ་སྟེ། དེའང་སྙན་རྒྱན་ནི་བཟོད་པ། མགུལ་རྒྱན་ནི་སྦྱིན་པ། སྐེ་རགས་དྲྭ་ཕྱེད་རྣམས་བསམ་གཏན། དཔུང་རྒྱན་རྣམས་ཚུལ་ཁྲིམས། ཞབས་གདུབ་རྣམས་བརྩོན་འགྲུས་དང་། སྐུ་གཅེར་བུ་ནི་ཤེས་རབ་སྟེ་ཕ་རོལ་ཕྱིན་དྲུག་རྫོགས་པའི་བརྡའོ། །དུག་གསུམ་རྩད་ནས་གཅོད་པའི་བརྡར་ཕྱག་གཡས་གྲི་གུག་ནམ་མཁར་འཕྱར་བ། འཁོར་བའི་སྐྱེ་རྒྱུན་གཅོད་པའི་བརྡར་གཡོན་ཐོད་ཁྲག་ཐུགས་ཀར་བསྣམས་པ། གྲུ་མོ་གཡོན་ན་ཡབ་ཧེ་རུ་ཀ་སྦས་པའི་ཚུལ་གྱིས་ཁ་ཊྭཱྃ་ག་འཁྱུད་པ། དེའང་ཡར་རྩེ་གསུམ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང་། ཐོད་པ་སྐམ་རློན་རྙིད་གསུམ་ནི་སྐུ་གསུམ་དང་། བུམ་པ་ནི་ཐིག་ལེ་ཟག་མེད་བརྟན་པ་དང་། དར་ཚོན་སྣ་ལྔ་དང་ཤི་སྐྲ་དང་གསོན་སྐྲས་བརྒྱན་པ་སྟེ་མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་འདུ་བའི་བརྡ། ཞབས་གཡོན་བསྐུམ་པ་ནི་འཁོར་བར་མི་གནས་པའི་བརྡ། གཡས་བརྐྱངས་པ་ནི་ཞི་བར་མ་གོལ་བའི་བརྡ་སྟེ་བཾ་རོའི་སྙིང་ཁར་གར་སྟབས་ལིང་ངེར་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་ཀློང་ན་བཞུགས་པ་གསལ་བཏབ་ནས། གཉིས་པ་མདུན་བསྐྱེད་ནི། དེའི་སྤྱི་བོར་གྱད་དང་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་དཔངས་མཐོ་ཞིང་རྒྱ་ཡངས་པའི་སྟེང་ན་སྣ་ཚོགས་པདྨ་འབུམ་བརྡལ་གྱི་དབུས། ཉི་ཟླ་བརྩེགས་པའི་སྟེང་ན་ངོ་བོ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་མཁྱེན་བརྩེ་ནུས་གསུམ་གྱི་རང་བཞིན་བཀའ་དྲིན་མཚུངས་མེད་དཔལ་ལྡན་རྩ་བའི་བླ་མ་ཉིད་ཡིན་པ་ལ་རྣམ་པ་རྡོ་རྗེ་འཆང་སྐུ་མདོག་མཐིང་ཞུན་ལྟར་སྔོ་བ། ཕྱག་གཡས་པས་རིག་སྟོང་གི་རྡོ་རྗེ་རྩེ་ལྔ་འཛིན་པ། གཡོན་པས་སྣང་སྟོང་དངུལ་དཀར་གྱི་དྲིལ་བུ་ཐབས་ཤེས་དབྱེར་མེད་ཀྱི་ཚུལ་དུ་ཐུགས་དཀར་བསྣོལ་ཐབས་སུ་འཛིན་པ། དར་དམར་གྱི་སྨད་ཤམས་དང་སྔོ་ལྗང་གི་དར་དཔྱངས་འཕྱང་བ། རུས་པ་དང་རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན་མགུལ་རྒྱན་ཕྱག་དཔུང་དང་ཞབས་ཀྱི་གདུ་བུ། སྐེ་རགས་ལ་དྲ་བ་དྲྭ་ཕྱེད་ཀྱི་འཕྱང་ཁྲོལ་སོགས་ཀྱིས་ལེགས་པར་བརྒྱན་པ་ཅན་སྐུ་ཞི་བའི་ཉམས་དགུ་དང་ལྡན་ཞིང་མཚན་དཔེས་གཟི་བརྗིད་རབ་ཏུ་འཕྲོ་བ། གསུང་མི་ཟད་པ་ཡན་ལག་དྲུག་ཅུའི་དབྱངས་དང་ལྡན་པ། ཐུགས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ལྔ་ཡི་རང་བཞིན་ཅན་ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས་པའི་པང་ན་རང་སྣང་གི་ཡུམ་རྡོ་རྗེ་རྣལ་འབྱོར་མ་དགའ་བའི་ཉམས་དང་ལྡན་པ་རུས་པའི་ཕྱག་རྒྱ་ལྔས་མཛེས་པར་སྤྲས་པ། ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་ཅིང་གཉིས་མེད་བདེ་སྟོང་གི་ངང་དུ་མཉམ་པར་སྦྱོར་བའི་སྤྱི་བོར་བླ་མ་བརྒྱུད་པའི་རིམ་པ་ནི་ཐོ་བརྩེགས་སུ་བཞུགས་པའི་ཐོག་མར་རྡོ་རྗེ་འཆང་ལོངས་སྤྱོད་རྫོགས་པའི་རྣམ་པ་ཅན། ཏཻ་ལོ་པ་རྒྱ་གར་རྣལ་འབྱོར་གྱི་ཆ་བྱད་ཅན། ཕྱག་གཡས་དཀུར་བསྟེན་པ་གཡོན་ཉ་རོ་འཛིན་པ། ཁྲི་སྙན་གདན་ལ་ཕྱེད་དཀྱིལ་གྱིས་བཞུགས་པ། ནཱ་རོ་པ་རྒྱ་གར་རྣལ་འབྱོར་གྱི་ཆ་བྱད་ཅན་ཏེ། ཕྱག་གཡས་བདུད་རྩིའི་ཐོད་ཞལ་བསྣམས་པ། གཡོན་དཀུར་བསྟེན་པ། སྟག་ལྤགས་ཀྱི་གདན་ལ་མགར་འདུག་གིས་བཞུགས་པ། རྗེ་མར་པ་བོད་ཀྱི་སྔགས་པའི་ཆ་ལུགས་ཕྱག་གཉིས་གླེགས་བམ་འཛིན་པ། བཞད་པ་རྡོ་རྗེ་བོད་ཀྱི་རྣལ་འབྱོར་གྱི་ཆ་ལུགས། དྭགས་པོ་རབ་བྱུང་གི་ཆ་ལུགས་དབུ་ལ་དྭགས་ཞུ་གསོལ་བ། ཕྱག་མཉམ་བཞག །བདེ་གཤེགས་ཁམས་པ་རྡོར་རྒྱལ་རབ་བྱུང་ཆ་ལུགས། ཕྱག་གཡས་ཆོས་འཆད་གཡོན་མཉམ་བཞག །སྣ་ཕུ་པ་བོད་ཀྱི་རྣལ་འབྱོར་གྱི་ཆ་ལུགས། ཕྱག་གཉིས་ངལ་གསོའི་ཕྱག་རྒྱ་ཅན། གཙང་པ་རྒྱ་རས་རབ་བྱུང་ཆ་ལུགས། ཕྱག་གཡས་ས་ནོན། གཡོན་ཆོས་འཆད། དབོན་རས་རབ་བྱུང་ཆས་ཅན། ཕྱག་གཉིས་བྱང་ཆུབ་མཆོག་རྒྱ་སོགས་དང་། བློ་གྲོས་སེང་གེ་རབ་བྱུང་ཆས། ཕྱག་གཉིས་ངལ་གསོའི་རྒྱ་ཅན། མཁྱེན་བརྩེ་རྟོགས་ལྡན་བོད་ཀྱི་རྣལ་འབྱོར་གྱི་ཆས་གཡས་ས་ནོན། གཡོན་ཀ་པཱ་ལ་འཛིན་ཅིང་སྟག་ལྤགས་ཀྱི་གདན་ལ་བཞུགས་པ། འཇམ་དབྱངས་ཡེ་ཤེས་རིན་ཆེན་རབ་བྱུང་ཆས་ཕྱག་མཉམ་བཞག །བློ་གྲོས་མཆོག་ལྡན་བོད་ཀྱི་གྲུབ་ཐོབ་ཆས་གཡས་ནོར་བུ་གཡོན་ཆོས་འཆད། ཤེས་རབ་བཟང་པོ་རབ་བྱུང་ཆས་ཅན། བྱང་ཆུབ་མཆོག་རྒྱ་ཅན། འཁྲུལ་ཞིག་ནམ་མཁའི་རྣལ་འབྱོར་བོད་ཀྱི་རྣལ་འབྱོར་གྱི་ཆས་གཡས་རྒྱ་ཆེན་ཤུགས་ལྡན་གྱི་རྒྱ་གཡོན་སྐྱབས་སྦྱིན། རྒྱལ་དབང་ཆོས་རྗེ་རབ་བྱུང་གི་ཆས་གཡས་གླེགས་བམ་ནམ་མཁར་འཛིན་པ། གཡོན་སྐྱབས་སྦྱིན། ངག་དབང་ཆོས་རྒྱལ་རབ་བྱུང་གི་ཆས་ཅན། ཕྱག་མཉམ་བཞག་ཚེ་བུམ་འཛིན་པ། འཇམ་དབྱངས་ཆོས་གྲགས་རབ་བྱུང་ཆས་གཡས་ས་ནོན། གཡོན་མཉམ་བཞག་ཐོད་ཞལ་འཛིན་པ། ཀུན་སྤང་ཤེས་རབ་རྒྱ་མཚོ་བོད་ཀྱི་རྣལ་འབྱོར་གྱི་ཆས། གཡས་ཐོད་པ་གཡོན་རྐང་གླིང་། པདྨ་དཀར་པོ་རབ་བྱུང་གི་ཆས་ཕྱག་གཉིས་བྱང་ཆུབ་མཆོག་རྒྱ་འཁོར་ལོ་དང་རལ་པོད་འཛིན་པ། ངག་དབང་བཟང་པོ་རབ་བྱུང་གི་ཆས་དབུ་ལ་སྡེ་སྣོད་སམ་ཞུ་གསོལ་ཞིང་ཕྱག་གཡས་ས་ནོན། གཡོན་དཀུར་བསྟེན་པ། བསྟན་པའི་ཉི་མ་སྔགས་པའི་ཆས་དབུ་ལ་བེར་ཞུ་གསོལ། ཕྱག་གཉིས་འཁོར་ལོ་འཛིན་པ། གྲུབ་དབང་ཤཱཀྱ་ཤྲཱི་རྒྱ་གར་གྲུབ་ཐོབ་ཆས་རུས་པའི་རྒྱན་དྲུག །ཕྱག་གཡས་པ་བདུད་རྩིའི་ཚེ་བུམ་འཛིན་པ་གཡོན་མདའ་ཞུ་འཛིན་ཅིང་ཁྲི་སྙན་ལྤགས་པའི་གདན་ལ་ཕྱེད་དཀྱིལ་གྱིས་བཞུགས་པ། ཕྱོགས་མཚམས་རྣམས་སུ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ་སོགས་སྐུ་ཞི་དྲག་གི་ཉམས་དང་རྒྱན་ཆ་ལུགས་ཕྱག་མཚན་རྣམས་གཅིག་ཏུ་མ་ངེས་པ་ས་གཞི་ལ་རྩི་ཤིང་བཀྲ་བ་ལྟ་བུའམ། ནམ་མཁའ་ལ་སྤྲིན་ཕུང་འཁྲིགས་པ་བཞིན་མངོན་སུམ་དུ་བཞུགས་པ། དེ་དག་ཀྱང་ངོ་བོ་ཆོས་སྐུའི་དབྱིངས་སུ་རོ་གཅིག་པ་རྣམ་པ་ཞི་དྲག་གི་སྐུ་གང་ལ་གང་གདུལ་དུ་སྟོན་པ། མཁྱེན་བརྩེ་ནུས་གསུམ་གྱི་རང་བཞིན་དུ་ངེས་པར་གསལ་བཏབ་ནས་མོས་གུས་དུང་ངེ་བའི་སྒོ་ནས། ཚོགས་བསགས་པའི་རིམ་པ་མཐའ་ཡས་པ་མངའ་ཡང་གཙོ་བོར་ཡན་ལག་བདུན་པ་འདིར་འདུས་ཤིང་། དེ་ལྟར་འབུལ་བ་ལ་དང་པོ་རང་གཞན་སེམས་ཅན་གྱི་ལུས་གྲངས་མེད་པ་སྤྲུལ་ཏེ་སྒོ་གསུམ་འཇུག་པ་གཅིག་པས་ཕྱག་འཚལ་བ་དང་། དངོས་འབྱོར་ཡིད་སྤྲུལ་གྱིས་མཆོད་སྤྲིན་ཕྱི་ནང་གསང་བ་མཐའ་ཀླས་པར་ཕུལ་བ་དང་། ཚེ་རབས་ནས་ད་ལྟའི་བར་སྡིག་བྱས་ཀྱི་ཉེས་ལྟུང་ཅི་མཆིས་ཀུན་གནོང་འགྱོད་དྲག་པོའི་སྒོ་ནས་བཤགས་པའི་འདུན་པ་དང་། རང་གཞན་གྱིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཆེ་ཕྲ་ཀུན་ལ་རྗེས་སུ་ཡི་རངས་ཀྱི་བློ་རྒྱ་བསྐྱེད་པ་དང་། སེམས་ཅན་གྱིས་ལོག་སྒྲུབ་སྐྱོ་ངལ་ལ་མི་ལྟོས་པར་ཆོས་ཀྱི་འཁོར་ལོ་ཕྱོགས་བཅུར་བསྐོར་བའི་བསྐུལ་མ་གདབ་པ་དང་། གཟུགས་སྐུ་མྱ་ངན་ལས་མི་འདའ་བར་རྡོ་རྗེའི་ཁྲི་ལ་འཁོར་བ་མ་སྟོངས་བར་དུ་བཞུགས་སུ་གསོལ་བ་འདེབས་པ་དང་། དེ་དག་གིས་མཚོན་པའི་དགེ་བའི་རྩ་བ་གང་མཆིས་པ་ཐམས་ཅད་བྱང་ཆུབ་ཆེན་པོའི་རྒྱུར་ཡོངས་སུ་འགྱུར་བའི་ཕྱིར་དུ་འཁོར་གསུམ་རྣམ་པར་དག་པས་བསྔོ་སྨོན་དང་བཅས་ཏེ་འབུལ་བར་བྱ་བའི་དམིགས་འདུན་དང་ངག་འདོན་དང་དེའི་རྗེས་སུ་དམིགས་པ་ཧྲིལ་གྱིས་འགྲོ་བ་བྱས་ནས་གསོལ་འདེབས་དང་། བླ་མའི་མཚན་སྔགས་རྣམས་མ་ཡེངས་པར་རྩེ་གཅིག་ཏུ་བཟླ་ཞིང་མོས་གུས་གདུང་ཤུགས་དྲག་པོས་ལུས་བ་སྤུ་གཡོ། མིག་མཆི་མ་འཁྲུགས། སེམས་མོས་གུས་ཀྱི་ངང་ལ་བརྒྱལ་འགྲོ་བའི་གསོལ་བ་ཡང་ཡང་བཏབ་པའི་མཐར། བླ་མ་སངས་རྒྱས་བྱང་སེམས། ཡི་དམ་ལྷ་ཚོགས་དང་། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ་སོགས་ཐུགས་དགྱེས་པའི་ཉམས་འགྱུར་བཅས་པ་དང་། ཁྱད་པར་བརྒྱུད་པའི་བླ་མ་ཐོ་བརྩེགས་སུ་བཞུགས་པ་རྣམས་ཀྱིས་ཡས་ནས་མར་གོང་མས་འོག་མ་ལ་དབང་བཞི་བསྐུར་ཏེ་རིམ་གྱིས་འོད་དུ་ཞུ་ནས་རྩ་བའི་བླ་མ་ཡབ་ཡུམ་ལ་ཐིམ་པའི་མོད་ལ། སྔར་བས་ཀྱང་སྐུ་གཟི་བརྗིད་ཆེས་ཆེར་རྒྱས་པའི་སྨིན་མཚམས་ནས་འོད་ཟེར་དཀར་པོ་འཕྲོས་རང་གི་དཔྲལ་བར་ཐིམ་པས་ལུས་མ་སྨིན་པ་སྨིན་པར་བྱེད་པ་སྐུ་བུམ་པའི་དབང་ཐོབ། ལུས་ཀྱི་སྡིག་སྒྲིབ་རྣམས་སྦྱངས། ལམ་ཟབ་མོ་བསྐྱེད་རིམ་བསྒོམ་པ་ལ་དབང་། མཐར་ཐུག་འབྲས་བུ་སྤྲུལ་སྐུ་ཐོབ་པའི་རྟེན་འབྲེལ་མངོན་དུ་གྱུར་སྙམ་པའི་ངེས་ཤེས་བསྐྱེད། དེ་ནས་མགྲིན་པ་ནས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ་པས་ངག་མ་སྨིན་པ་སྨིན་པར་བྱེད་པའི་གསང་བའི་དབང་ཐོབ། ངག་རླུང་གི་སྡིག་སྒྲིབ་རྣམས་སྦྱངས། ལམ་ཟབ་མོ་རྩ་རླུང་ཐིག་ལེ་བསྒོམ་པ་ལ་དབང་། མཐར་ཐུག་གི་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་རྟེན་འབྲེལ་མངོན་དུ་གྱུར་སྙམ་པའི་ངེས་ཤེས་བསྐྱེད། ཐུགས་ཀ་ནས་འོད་ཟེར་སྔོན་པོ་འཕྲོས་རང་གི་སྙིང་ཁར་ཐིམ་པས་ཡིད་མ་སྨིན་པ་སྨིན་པར་བྱེད་པའི་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ཡིད་ཀྱི་སྡིག་སྒྲིབ་རྣམས་སྦྱངས། ལམ་ཟབ་མོ་ཕོ་ཉ་བསྒོམ་པ་ལ་དབང་། མཐར་ཐུག་གི་འབྲས་བུ་ཆོས་སྐུ་ཐོབ་པའི་རྟེན་འབྲེལ་མངོན་དུ་གྱུར་སྙམ་པའི་ངེས་ཤེས་བསྐྱེད། མཐར་བླ་མ་ཡབ་ཡུམ་འོད་ཟེར་བདུད་རྩི་བདེ་བ་ཆེན་པོ་ཐུགས་ཐིག་ལེ་སྔོན་པོའི་རྣམ་པར་འོད་དུ་ཞུ་ནས་རང་ལ་ཐིམ་པས་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་དབྱེར་མེད་རོ་གཅིག་ཏུ་གྱུར་པས། ཀུན་གཞིའི་སྒྲིབ་པ་ལས་ཡོངས་སུ་མ་གྲོལ་བ་གྲོལ་བར་བྱེད་པའི་ཚིག་དབང་རིན་པོ་ཆེ་ཐོབ། སྒོ་གསུམ་ཆ་མཉམ་གྱི་སྡིག་སྒྲིབ་རྣམས་སྦྱང་། ལམ་གྱི་གསང་བ་ཆོས་ཐམས་ཅད་རིག་སྟོང་ཕྱག་རྒྱ་ཆེན་པོར་བསྒོམ་པ་ལ་དབང་། མཐར་ཐུག་གི་འབྲས་བུ་སྐུ་གསུམ་གཅིག་ཏུ་གྱུར་པ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་ལྡན་དུ་གྱུར་སྙམ་པའི་ངེས་ཤེས་བརྟན་པོ་ལྷང་ངེ་བའི་ངང་ལ་ལྷོད་ཀྱིས་གློད་ལ་ཅུང་ཟད་མཉམ་པར་བཞག་ནས་གནས་ལུགས་གོམས་འདྲིས་རིམ་གྱིས་ཐོན་དགོས་པ་ཡིན་མ་གཏོགས་གཞན་ཚེ་འདིར་སྣང་ལ་མཁས་པ་དང་། ཆོས་ཚིག་ལ་མཁས་པ་དང་། དབང་ཆེ་ཞིང་བཙན་པ་དང་། ནོར་ཕྱུགས་ཤིང་ཕོ་རྒོད་པ་དང་། ཁ་མཁས་ཤིང་དབང་ཐང་ཆེ་བ་དང་། ཚུལ་ཁྲིམས་ལྡན་པ་དང་ཐོས་བསམ་ལ་མཁས་པ་དང་། ཤེས་རབ་དང་བརྩོན་འགྲུས་ཆེ་བས་ཀྱང་རྟོགས་བྱ་མིན་པ་ཡོངས་སུ་ཤེས་དགོས་ལ། རྗེ་ལྷ་རྩེ་བས། ཉམས་ལེན་མོས་གུས་སུ་གོ་ནས། །གཅིག་ཤེས་ཀུན་གྲོལ་དེ་ལོན་སོང་། །ཞེས་དང་། རྗེ་རྒོད་ཚང་པས། གསང་སྔགས་ལམ་ནས་ཚེ་གཅིག་ལ་སངས་རྒྱས་ཟེར་བ་མང་སྟེ། གཞན་གྱི་ཁས་མི་ལོན། མོས་གུས་ཀྱི་ཁས་ལོན་པ་ཡིན། ཞེས་དང་། རྒྱལ་དབང་རྗེས། སྒོམ་སྲན་གྱི་གྲོལ་བར་ཐེ་ཚོམ་ཟ། །མོས་གུས་ཀྱིས་གྲོལ་བར་ཐེ་ཚོམ་མེད། །དེ་གནད་ཀ་ཡོད་མེད་ཀྱི་ཁྱད་པར་ཡིན། །ཞེས་དང་། གླིང་རས་པས། དཔེ་ཡི་གེ་གཅིག་ཀྱང་མ་བྲིས་ཏེ། །རྒྱལ་བའི་བསྟན་པ་རབ་འབྱམས་ལ། །ཤེས་པའི་སྣང་བ་དེ་ནས་བྱུང་། །ཤེས་རབ་ཀྱི་མིག་གཅིག་གནང་བ་འདྲ། །ཞེས་སོགས་གསུངས་པ་ལྟར་གེགས་དང་གོལ་ས་ཡོད་མེད། ཉམས་རྟོགས་ཡོན་ཏན་སྐྱེས་ཆེ་ཆུང་། ས་ལམ་གྱི་བགྲོད་པ་མྱུར་ཞན་སོགས། ལམ་ཟབ་བླ་མའི་རྣལ་འབྱོར་འདི་ཉིད་ཁོ་ན་གཙོ་ཆེ་བས་རང་རྒྱུད་ལ་ནན་གྱིས་སྦྱར་དགོས་པ་ཡིན་ནོ། །གཉིས་པ་ཐུན་མོང་ཞི་གནས་ཀྱི་ཉམས་བཙལ་ཏེ་རྩེ་གཅིག་གི་རྣལ་འབྱོར་བསྒོམ་པ་ལའང་དྲུག་ཡོད་པ་ལས། དེ་ཡང་དང་པོ་རླུང་གི་དྭངས་སྙིགས་འབྱེད་པས་ལུས་ཁམས་དྭངས་པའི་ཁྱད་པར་ཡོད་པའི་ཕྱིར། ཐོ་རངས་མལ་ནས་ལྡང་འཕྲལ་རླུང་རོ་ལན་གསུམ་བསལ་ནས་གོང་བཞིན་བླ་མའི་རྣལ་འབྱོར་བསྒོམ་ཞིང་མོས་གུས་གདུང་བ་དྲག་པོས་གསོལ་བ་བཏབ་སྟེ་དབང་བཞི་ཞུས་ནས་བླ་མའི་གསང་བ་གསུམ་དབྱེར་མེད་གཅིག་ཏུ་གྱུར་པར་མོས་པའི་ངེས་ཤེས་བརྟན་པོར་བཟུང་བའི་མཐར། ལུས་བསྙེལ་བ་དང་། འཁྱག་འཁྱོག་གིས་ལུས་གནད་དུ་མ་སོང་ན། རྩ་འཆོས་རླུང་འཆོས་འགྲོ་བས། དེས་ན་སེམས་མི་བདེ། མི་གནས་པས། ལུས་ཀྱི་གནད་རྣམས་ལེགས་པར་གཅུན་པ་ནི་ལས་དང་པོ་ལ་གལ་གནད་ཆེ་ཤོས་ཡིན་པས་དེ་ལྟར་ངེས་པར་ཤེས་དགོས་ཏེ། རྣམ་སྣང་མངོན་བྱང་ལས། ལུས་བསྲང་རྡོ་རྗེ་སྐྱིལ་ཀྲུང་བཅའ། །ཡིད་ནི་རྩེ་གཅིག་ཕྱག་རྒྱ་ཆེ། །ཞེས་དང་། རྒྱུད་ལས། འབྱུང་བཞི་ལུས་ཀྱི་འདུག་ཚུལ་ནི། །བདེ་དང་ཡངས་དང་ལྷོད་དང་གསུམ། །ཞེས་དང་། དཀར་བརྒྱུད་གོང་མ་རྣམས་ཀྱིས། རྟེན་འབྲེལ་ལུས་ལ་བསྒྲིགས་ན། རྟོགས་པ་སེམས་ལ་འཆར། ཞེས་གསུངས་པ་ལྟར། ལུས་སྤྱི་དྲང་པས་རྩ་དྲང་པ་ཡིན། རྩ་དྲང་པས་རླུང་དལ། རླུང་དལ་བས་རྟོག་པ་འགགས། རྟོག་པ་འགགས་པས་ཡེ་ཤེས་ཤུགས་ཀྱིས་གསལ་ཡོང་བ་ཡིན་པས་ལུས་གནད་ནི་རྐང་པ་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཅའ་ཞིང་། རྒལ་ཚིགས་རྣམས་དྲང་པོར་བསྲང་། ལག་གཉིས་མཉམ་བཞག་གི་ཕྱག་རྒྱ་ལྟེ་འོག་ལ་བཅའ། ཐལ་གོང་ཕྱིར་ཅུང་ཟད་གྱེས། མགྲིན་པ་ལྕགས་ཀྱུ་ལྟར་བཀུག་ནས་ཨོག་ཀོའི་མདུད་མནན། ཁ་དང་སོ་མ་རེག་ཙམ་གདངས་ནས་ལྕེ་རྩེ་ཡ་རྐན་ལ་སྦྱར། ཁྱད་པར་མིག་མི་འགུལ་བར་སྨིན་མཚམས་ཐད་ཀྱི་བར་སྣང་ལ་བལྟ་བ་སྟེ་རྣམ་སྣང་ཆོས་བདུན་དང་ལྡན་པར་བྱ་དགོས་ཤིང་། ངག་གི་གནད་ཀྱང་འཇིག་རྟེན་ཕལ་གཏམ་དང་བཟླས་བརྗོད་སོགས་མི་བྱ་བར་རླུང་གི་འབྱིན་འཇུག་གནས་གསུམ་ཡང་འབད་རྩོལ་མེད་པ་རང་བབ་ཏུ་ལྷོད་པར་བྱ་དགོས་ཏེ། གདན་བཞི་ལས། རླུང་དང་ངག་ནི་གཡོ་མེད་པ། །འདི་ཡི་བསམ་གཏན་ཉེ་བར་འགྲུབ། །ཅེས་པ་ལྟར། སེམས་གནད་ཀྱང་འདས་པའི་རྗེས་མི་དཔྱོད། མ་འོངས་པའི་མདུན་མི་བསུ། གོ་བ་འལ་འོལ་གྱི་སྟོང་ཉིད་སོགས་ཆེད་དུ་བློས་བཏགས་ཏེ་བསྒོམ་པར་བྱ་མི་ཉན་པ་ནི། ཇི་སྐད་དུ། བསམ་དང་བསམ་བྱ་ཐམས་ཅད་ཡོངས་དོར་ལ། །ཇི་ལྟར་བུ་ཆུང་ལྷུག་པར་གནས་པ་བཞིན། །བླ་མའི་ལུང་ལ་བསྒྲིམས་ཏེ་གུས་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཅེས་དང་། ཆོས་དྲུག་ལས། མིག་དང་ཤེས་པ་མ་འགྱུར་བར། །རླུང་སེམས་དྲིལ་ལ་དྲག་ཏུ་གཅུན། །ཞེས་གསུངས་པ་ལྟར། ལུས་ངག་ཡིད་གསུམ་གྱི་གནད་རྣམས་དེ་ལྟར་གཅུན་ཏེ་ཚུལ་བཞིན་ལྡན་པའི་ངང་ནས་བསྒོམ་དགོས་པ་ཡིན་ཞིང་། དེ་ཡང་ཉེ་བར་སེམས་ངོ་འཕྲོད་པའི་ཐབས་ཟབ་མོ་ཁྱད་པར་ཅན་ནི། བཤེས་སྤྲིངས་ལས། དབང་ཕྱུག་ལུས་གཏོགས་དྲན་པ་བདེ་གཤེགས་ཀྱིས། །བགྲོད་པ་གཅིག་པུའི་ལམ་དུ་ཉེ་བར་བསྟན། །ད་ནི་བསྒྲིམས་ནས་མངོན་པར་བསྲུང་བགྱི་སྟེ། །དྲན་པ་ཉམས་པས་ཆོས་ཀུན་འཇིག་པར་འགྱུར། །ཞེས་དང་། རྗེ་བྱམས་པས། ལས་རྣམས་ཀུན་གྱི་རྩ་བ་དྲན་པ་སྟེ། །སྔོན་དུ་བཞག་པར་བྱ་བ་འདུན་པ་ཡིན། །ཞེས་དང་། མདོ་སྡེ་རྒྱན་ལས། དམིགས་པ་ཉིད་ལ་སེམས་གཏད་ནས། །དེ་རུ་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །སླར་ཡང་དེ་ལ་བརླན་པར་བྱ། །ཞེས་དང་། དྭགས་པོ་ཆོས་རྗེས། མ་ཡེངས་པ་ནི་སངས་རྒྱས་ཀུན་གྱི་ལམ། །མ་ཡེངས་པ་ནི་དགེ་བའི་བཤེས་དང་གཉེན། །མ་ཡེངས་པ་ནི་གདམས་པ་ཀུན་གྱི་གཙོ། །མ་ཡེངས་རྒྱུན་གྱི་དྲན་པ་འདི་སྐྱོང་དང་། །དུས་གསུམ་སངས་རྒྱས་ཀུན་གྱི་གཞུང་ལམ་ཡིན། །ཞེས་དང་། ཏཻ་ལོ་པས། བློ་དམན་སྐྱེ་བོ་དོན་ལ་མི་གནས་པས། །དང་པོ་དམིགས་རྟེན་ཚོགས་ལ་གོམས་པར་གཅེས། །ལྟ་སྟངས་སེམས་འཛིན་ཡན་ལག་དུ་མ་ལས། །རིག་པ་ངང་གིས་མི་གནས་བར་དུ་ཟུངས། །ཞེས་དང་། ལམ་སྒྲོན་ལས། དམིགས་རྟེན་གང་རུང་གཅིག་ལ་ནི། །ཡིད་ནི་དགེ་ལ་བཞག་པར་བྱ། །ཞེས་དང་། རྗེ་མི་ལས། རྣམ་རྟོག་ནི་ལྕགས་ཀྱི་སྤར་བུ་དགུ་བརྩེགས་ཀྱི་ཕུག་ཏུ་བཅུག་ཀྱང་འདུག་པ་མིན། ཞེས་གསུངས་པ་ལྟར་དང་པོ་དམིགས་པའི་རྟེན་དང་བཅས་གོམས་པར་མ་བྱས་ན་ཤེས་པ་ཡུལ་ཕྱིར་འཕྲོ་ནས་སྐད་ཅིག་ཙམ་ཡང་སྡོད་མི་ཚུགས་པའི་ཕྱིར་སེམས་དངོས་མེད་འདིའི་རྟེན་དང་བརྟེན་པ་བཅས། དེ་སྔོན་ཡང་ཚེ་རབས་ཀུན་ཏུ་ཡུད་ཙམ་ངོས་མ་ཟིན་ཏེ་འཁོར་བ་ལུ་གུ་རྒྱུད་གཅིག་ཏུ་འཁྱམས་སོང་བ་ཡིན་ཞིང་། དེའི་སྙིང་པོ་ནི་དཔེར་ན་བར་སྣང་སྟོང་པར་རླུང་བསེར་བུ་རྒྱུ་བ་དང་འདྲ་བར་ཡོད་པས། སེམས་དམུ་རྒོད་མགོ་མང་དུ་གྱུར་པ་དེ་དག་གི་རིམ་པ་ནི་འཁྲུལ་མེད་ངོས་ཡོངས་སུ་བཟུང་ནས་རྒྱུད་གཅིག་ཏུ་ཟླུམ་པར་བྱ་བའི་ཕྱིར་དུ། དང་པོ་རང་གི་མདུན་དུ་དམིགས་པའི་རྟེན་ཙམ་རྡེའུ་ཆུང་ངུ་ཞིག་བཞག་ལ་དབང་ཤེས་དྭངས་མ་མིག་དང་སེམས་ཀྱི་ཤེས་པ་དབྱེར་མེད་མ་ཡེངས་པར་མདུང་ཚུགས་སུ་ཆབས་ཅིག་ཏུ་གཏད་དེ། དེའི་ངང་རྩེ་གཅིག་བསྐྱངས་ནས་སེམས་ངོས་བཟུང་བའམ། བར་དུ་སེམས་ཀྱི་ཤེས་པ་ཅུང་ཟད་ལྷོད་ནས་དང་པོ་འགྱུ་བ་དང་། དེ་ནས་གནས་པ། དེ་ནས་ཡེངས་པ་སོགས་རིམ་གྱིས་ངོས་ཟིན་པར་བྱ་དགོས་ལ། དེ་ཡང་ལས་དང་པོའི་སྐབས་སུ་སྒོམ་ཡུན་རིང་དྲག་ན་དྲན་ཤེས་ཀྱི་གཉེན་པོ་ཉམས་ནས་བྱིང་རྨུགས་འཐིབ་སོགས་ཀྱི་དབང་དུ་འཆོལ་འགྲོ་ཉན་ཡོད་པས། མ་ཡེངས་དྲན་པའི་བྱ་ར་ཆབས་ཅིག་ཏུ་བྱས་ནས་ཡུན་ཐུང་ངུར་སྒོམས་དང་སྐྱོན་རྣམས་སེལ་སླ་བ་ཡིན་གྱི། གྲངས་མང་བར་སྒོམས་དང་ཡོན་ཏན་འཕེལ་ཆ་ཆེ་བར་ཡོད་པས་དེ་ལྟར་བྱ་བ་དང་། ཁྱད་པར་དུ་བྱིན་རླབས་ཀྱི་རྩ་བ་བླ་མ་ལ་མོས་གུས་ཀྱི་རྩལ་འདོན། ཉམ་ཐག་གི་སེམས་ཅན་ཡོངས་ལ་སྙིང་རྗེའི་ཤུགས་བསྐྱེད། ཉམས་ལེན་ལ་ངེས་ཤེས་བསྐྱེད་ནས་དོན་གཉེར་བརྟན་པོའི་གཞི་བཟུང་ནས་གོམས་འདྲིས་ཐོན་པར་བྱ་དགོས་པ་ཡིན་ནོ། །གཉིས་པ་ཞི་གནས་རྟེན་ཅན་ལའང་བཞི་ལས། དང་པོ་དེ་བཞིན་གཤེགས་པའི་སྐུ་ལ་རྟེན་བཅའ་བ་ནི། རང་གི་མདུན་མཁར་རིན་པོ་ཆེའི་ཁྲི་པད་མ་ཉི་ཟླ་བརྩེགས་པའི་སྟེང་དུ་ཐུབ་པའི་སྐུ་མཚན་དཔེའི་འོད་ཟེར་འབར་བ་ཅན་བསྒོམ་ལ་དད་པབསྐྱེད་ཅིང་སེམས་མ་ཡེངས་པར་གཏད་དེ་ཅུང་ཟད་དམིགས་པ་ཟིན་པ་ན་སྐུ་དེའང་ཇེ་ཆེ་དང་ཇེ་ཆུང་ལ་དམིགས་པ་གོམས་པར་བྱ་དགོས་ཏེ། མདོ་ཏིང་འཛིན་རྒྱལ་པོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ནི། །འཇིག་རྟེན་མགོན་པོ་ཀུན་ནས་མཛེས་པ་སྟེ། །དམིགས་པ་དེ་ལ་གང་ཞིག་སེམས་འཇོག་པ། །བྱང་ཆུབ་སེམས་དེ་མཉམ་པར་བཞག་ཅེས་བྱ། །ཞེས་གསུངས་པ་ལྟར་སྒྲིབ་པ་སྦྱང་ཞིང་བསོད་ནམས་ཆེ་བ་དང་། བསྐྱེད་རིམ་གྱི་གཞི་ཐེངས་ནས་སེམས་གར་གཏད་ལ་ཟིན་པའི་དགོས་ཆེད་སོགས་དུ་མར་ཡོད། གཉིས་པ་གསུང་ཡིག་འབྲུ་ལ་རྟེན་བཅའ་བ་ནི། མདུན་མཁར་ཟླ་དཀྱིལ་སྲན་མ་བཀས་པ་ཙམ་གྱི་སྟེང་དུ་ཧཱུྂ་ཡིག་ཕྲ་མོ་སྤུས་བྲིས་པ་ལྟ་བུ་ལས་འོད་ལྔའི་ཟེར་འཕྲོ་བ་ཞིག་གསལ་ལ་སེམས་རྩེ་གཅིག་གཏད་དེ་བསྒོམ་དགོས་པ་སྟེ། རྒྱུད་ལས། སངས་རྒྱས་ཐུགས་ཀྱི་ངོ་བོ་ཉིད། །ཡི་གེ་ཧཱུྃ་གིས་ཡིད་སྒྲིབ་སྦྱངས། །ཞེས་གསུངས་པ་ལྟར་གོང་བཞིན་ཕན་ཡོན་དགོས་གནད་ཆེའོ། །གསུམ་པ་ཐུགས་ཐིག་ལེ་ལ་བརྟེན་པ་ནི། མདུན་མཁར་ཐིག་ལེ་འོད་ཟེར་གྱི་རང་བཞིན་སྲན་མ་ཙམ་ཕྱི་གསལ་ནང་གསལ་ཅན་དམིགས་ནས་སེམས་རྩེ་གཅིག་གཏད་དེ་བསྒོམ་དགོས་ཏེ། རྡོ་རྗེ་མཁའ་འགྲོ་ལས། མཁའ་འགྲོ་མ་ཡི་སྣ་རྩེར་ནི། །ཡུངས་དཀར་རྣམ་པར་གནས་པ་སྒོམས། །མཁའ་འགྲོ་མ་ལུས་ཡུངས་དཀར་དུའོ། །དེ་ལྟ་བུ་ནི་བསྒོམས་གྱུར་ན། །རང་ཉིད་བྱིན་རླབས་རབ་ཏུ་འགྲུབ། །ཅེས་པ་ལྟར་ཕན་ཡོན་དགོས་ཆེད་སོགས་གོང་བཞིན་གལ་ཆེ་བའི་རང་བཞིན་དེ་དག་གི་དོན་མདོར་ན། གསང་བ་སྒྲོན་མའི་རྒྱུད་ལས། དམིགས་པ་དག་ལ་བརྟེན་ནས་སུ། །མི་དམིགས་པ་དག་རབ་ཏུ་བསྐྱེད། །མི་དམིགས་པ་ལ་གོམས་བྱས་ཀྱང་། །དམིགས་མེད་ངོ་བོ་ཉིད་དུ་འགྲུབ། །ཅེས་གསུངས་པ་ལྟར་དགོས་གནད་དུ་མ་དང་ལྡན་པའི་ཕྱིར་གལ་ཆུང་བྱ་མི་ཉན་པ་དང་། བྱེ་བྲག་དཔྱད་འཇོག་གི་སྒོམ་གང་གི་སྐབས་སུའང་སེམས་ཀྱི་ངོ་བོ་མ་ཡེངས་པའི་གོ་འབྲེལ་བར་བྱེད་པ་ནི། གནད་ཀྱི་མན་ངག་དེ་རུ་རང་ཡོད་པ་ཡིན་པས་དུས་རྣམ་ཀུན་ཏུ་དྲན་ཤེས་མ་ཉམས་པར་བསྒོམ་དགོས་པ་ཡིན་མ་གཏོགས། འགའ་ཞིག་འདི་ནས་བཟུང་བསྒོམ་མ་ཤེས་པར་གྲིམ་དྲག་པས་བྱིང་རྨུགས་ཀྱི་དབང་དུ་འཐིབས་ནས་ཕག་བཞིན་བླུན་པའམ་སྤྱང་གྲུང་རྒོད་ཆེ་བས་ཤ་ཁྱི་རྫི་ལོག་པ་བཞིན་འཁྱོལ་ཉེན་ཡོད་པས། གྲིམ་ལྷོད་ཕལ་ཆེར་སྙོམས་པའི་ངང་ནས་ལས་དང་པོ་པའི་སྐབས་དེར་དྲན་པ་སྐད་ཅིག་མས་མུ་མཐུད་དེ། རང་ས་ནོན་ངེས་བྱེད་ནས་གཞན་ལ་ཐབས་མཁས་ཀྱིས་ཇེ་བཅོམ་བྱེད་པ་དང་འདྲ་བས་གཉེན་པོས་སེམས་ཡེངས་འཁྲུལ་གང་བྱུང་ཐམས་ཅད་སྲང་ལ་གཅུར་ནས་བསྒོམ་དགོས་པ་མ་ཟད། བླ་མས་ཀྱང་ཁྲིད་ཀྱི་སྐྱ་བར་ནས་ཞིབ་པར་བཏོན་ཏེ་རིམ་གྱིས་སྐྱེད་བསྲིང་དགོས་པ་ནི། དཔེར་ན་བྱ་མོས་སྒོ་ང་རུམ་པའམ་ཁྱིའི་ཕྲུག་གུ་གསོ་བ་བཞིན་སྐད་ཅིག་ཙམ་འབྲལ་མི་ཕོད་པ་ལྟ་བུར་བརྩོན་འགྲུས་ཁོ་ནས་སྐྱེད་བསྲིང་བ་ལས་མི་ཡོང་བས་དེ་ལྟར་བྱ་དགོས་པ་གལ་ཆེ་བའི་རང་བཞིན་དང་། བཞི་པ་རླུང་བཅས་ལའང་བཞི་སྟེ། དང་པོ་བགྲང་བ་ལ་བསླབ་པ་ནི་རང་གིས་དབུགས་ཚུར་དལ་བུས་རྔུབས་ནས་ཕར་དལ་བུས་དབྱུང་བ་དེ་གཉིས་བགྲང་བ་ལྟ་བུ་བྱས་ནས་རིམ་གྱིས་གྲངས་ཅི་འགྲོ་ལ་ཤེས་པ་མ་ཡེངས་པར་གཏད་དེ་རྒྱུན་སྐྱོང་དགོས་པ་ཡིན། གཉིས་པ་འགྲོ་འོང་གི་དབུགས་དང་ཤེས་པ་དབྱེར་མེད་དུ་བསྲེས་ནས་དབུགས་ལྟེ་བ་ནས་སྣ་རྩེ་བར་འགྲོ་བ་དང་། སྣ་རྩེ་ནས་ལྟེ་བར་ཡོང་བའི་ངོ་བོ་ལ་བལྟས་ནས་མ་ཡེངས་པར་རྩེ་གཅིག་ཏུ་སྒོམས། གསུམ་པ་རྡོར་བཟླས་ནི་རླུང་ཨོཾ་དཀར་དམིགས་ནས་ཕྱིར་ཐོན། ཧཱུྂ་སྔོན་དམིགས་ནས་ནང་དུ་རྔུབས། ཨཱཿདམར་དམིགས་ནས་གནས་པར་བསམ་སྟེ་སྐབས་རེ་འབྲུ་གསུམ་གྱི་འཕྲོ་འདུས་དམིགས་པ་ཡང་བསྒྱུར་བར་བྱ། བཞི་པ་བུམ་ཅན་ལ་ལུས་གནད་རྣམས་སྐྱོན་མེད་ལེགས་པར་བཅས་ཤིང་རླུང་རོ་དགུ་ཕྲུགས་སུ་བུས་ནས་སྟེང་རླུང་སྣ་ནས་དལ་བུས་རྔུབས། འོག་རླུང་ཡུད་ཙམ་འཐེན་ཅིང་རླུང་གཉིས་བསྲེས་ནས་ཡུན་ཅི་ཐུབ་ཏུ་བཟུང་། མི་ཐུབ་ཁད་ལ་ནེམ་གྱིས་མནན་ལ་སླར་རྔུབས་ཆུང་ཞིག་བྱས་ནས་གཡས་གཞིལ་གཡོན་གཞིལ་ངང་དང་པོ་ཤེད་ཆུང་བ། བར་དུ་ཆེ་བ། ཐ་མ་ནར་བར་བྱས་ཏེ་ལྷག་མེད་དུ་དབྱུང་། དེ་ལྟར་རླུང་རྔུབས་པ་དང་བསྡམས་པ་དང་བཏང་བའི་བར་སྐབས་ཐམས་ཅད་དུ་ཡིད་མ་ཡེངས་པར་དྲན་ཤེས་ལྡན་པའི་ངང་བསྐྱང་བ་ནི་གནད་ཀྱི་གཙོ་བོར་བཟུང་དགོས་པ་ཡིན་ཏེ། ཏཻ་ལོ་པས། བློ་དམན་སྐྱེ་བོ་དོན་ལ་མི་གནས་ན། །རླུང་གི་གནད་གཅུན་རིག་པ་བཅུད་ལ་བོར། །ཞེས་གསུངས་པ་ལྟར་གལ་ཆེ་བ་ཡིན། འོན་ཀྱང་རླུང་བུམ་ཅན་འདི་ཁེ་ཉེན་ཆེ་བས་ལུས་གནད་དང་རླུང་གནད་རྣམས་བླ་མའི་ཞལ་རྒྱུན་ལྟར་དུ་ཞིབ་པར་གཅུན་ནས་སྒོམ་པ་གལ་ཆེ་ཞིང་དེས་ནི་རླུང་གི་རྟ་ལ་སེམས་ཀྱི་མི་ཞོན་པ་དང་འདྲ་བར་ཡོད་པས་རླུང་བརྟན་པས་སེམས་ཟིན་པ་ནི་རླུང་སེམས་འཇུག་པ་གཅིག་པའི་གནད་འགག་ཁྱད་པར་ཅན་ཡོད་པ་དང་གཞན་ཡང་སྒོ་གསུམ་ལ་ཕན་ཡོན་སོགས་ཆེ་བར་གསུངས་པས་དེ་ལྟར་བསྒོམ་ཞིང་སྒོ་ལྔའི་ཡུལ་ལ་རྟོག་དཔྱོད་སོགས་མི་ཤོར་བར་སེམས་ཀྱི་གནས་ཚུལ་ལ་ལྷོད་ཀྱིས་གློད་དེ་བལྟ་ཞིང་དེ་དག་ལ་ཞག་གྲངས་ཀྱི་རིམ་པ་ཡང་ཉམས་མྱོང་དང་གང་ཟག་གི་རྒྱུད་ཚོད་ལ་ངེས་པར་བསྟུན་ཏེ་སྒོམ་ཡུན་བསྲིངས་ནས་ན་སྤར་དགོས་ཤིང་སེམས་ཀྱིས་ཅུང་ཟད་རང་ཚོ་ཐུབ་ནས་གོམས་འདྲིས་འཇགས་པར་གྱུར་པ་ན། གསུམ་པ་རྟེན་མེད་ནི། བར་སྣང་སྟོང་པ་འདོམ་གང་གི་ཚོད་ལ་མིག་ཤེས་ཟིམ་བུས་གཏད་དེ་ཤེས་པ་སེམས་ཀྱི་སྟེང་དུ་རང་བབ་ཀྱིས་ལྷོད་ལ་མུ་བསྐྱངས་ནས་སྒོམ་གཅུན་ཤིང་མདོར་ན་དེ་དག་གང་གི་སྐབས་སུའང་གནས་དགའ་འགྱུ་སྡུག །སྔོན་བསུ་རྗེས་དཔྱོད། སྤང་བླང་སོགས་ཀྱིས་འཁྲིས་གཏན་ནས་མི་ཞུགས་པར་དྲན་རྫི་མ་ཡེངས་པ་ཙམ་རྣམ་ཀུན་བྱ་རར་བཞག་ནས་བརྟན་པ་རིམ་གྱིས་ཐོབ་དགོས་པའི་ཕྱིར་དཔེར་ན་དྭགས་པོས་ཉིན་ཞག་བཅུ་གསུམ་ལ་མར་མེ་དབུ་ཐོག་ཏུ་བཞག་ནས་ཏིང་ངེ་འཛིན་ལ་བཞུགས་ཐུབ་པ་ལྟ་བུ་འབྱུང་དགོས་པས། གནས་ན་གནས་ཐོག་ཏུ་ངང་བསྐྱང་། འགྱུ་ན་འགྱུ་ཐོག་ཏུ་ཤེས་བཞིན་པའི་ངང་རྒྱུན་ཅི་རིང་དུ་བསྐྱང་ཞིང་། ཡེངས་ན་ཡེངས་མཚམས་ནས་དེ་ཚུག་རང་དུ་དྲན་པས་ཚུར་བཟུང་སྟེ་ཤེས་ཐོག་ཏུ་མཉམ་པར་མ་བཞག་ན་མཐར་ལས་ས་རྙེད་ཀྱང་བཞག་ས་མི་ཡོང་བའི་དཔེ་ལྟར་གྱུར་ན་སྒོམ་ཅི་ཡིན་མེད་པར་རེད་ནས་འཐོར་འགྲོ་ཉེན་ཡོད་པས་ཐོག་མཐའ་བར་གསུམ་དུ་གལ་གནད་དེ་རུ་རང་ཡོད་པས་ལྷག་པར་ཤེས་དགོས་ལ། དེ་ནས་གནས་འགྱུ་ངོ་ཤེས་ནས་བརྟན་ཆ་མི་ལྡོག་པ་ཙམ་ངེས་པར་ཐོབ་པའི་ཚེ་ན་བཞི་པ་ཐོལ་སྐྱེད་རྦད་གཅོད་ཅེས་པ་ལ་ལུས་གནད་བསྒྲིམ་པ་དང་། མིག་ཧུར་རེ་ལྟ་ནས་སྔོན་ཚོགས་དྲུག་གི་ཡུལ་ལ་རྣམ་རྟོག་རྐྱེན་ཁར་ཤོར་ནས་ལས་བསགས་པའི་རྣམ་རྟོག་ཆེ་ཕྲ་རྣམས་དང་། ལུང་མ་བསྟན་དུ་ལྷག་བསྡད་པ་དང་། བྱིང་རྨུགས་དང་ཉམས་འཐུག་པོས་རིག་ཁམས་བསྒྲིབ་པ་སོགས་ཡོངས་སུ་ཤེས་པར་བྱ་སྙམ་ནས་ཤེས་པ་ནང་དུ་ཁ་བསྐོར་ཏེ་རིག་པ་ངར་དང་ལྡན་པའི་སྐད་ཅིག་ཙམ་མི་གཡེང་བར་བསྒྲིམས་ཏེ་རྣམ་རྟོག་བཟང་ངན་གང་ཡིན་དང་ཆེ་ཕྲ་ཇི་ལྟར་སྐྱེས་རུང་དེ་མ་ཐག་ཏུ་ངོས་ཟིན་པར་བྱས་ཏེ་མུ་མཐུད་མི་བཅུག་པར་འཕྲོ་རྦད་རྦད་དུ་བཅད་དེ་སྒོམ་ཡུན་བསྲིང་པ་ན། རྣམ་རྟོག་ཇེ་མང་ཇེ་ཧྲག་ཏུ་སོང་སྟེ་གཅིག་རྗེས་གཉིས་མཐུད་བར་མ་ཆད་པ་དང་མཐར་རྣམ་རྟོག་གཅིག་གི་སྟེང་ལ་གཅིག་སྐྱེས་པ་ལྟ་བུར་བྱུང་ནས་མ་བསྒོམས་པའི་དུས་ལས་ཀྱང་རྣམ་རྟོག་མང་ཞིང་རྒོད་པར་སོང་སྙམ་ནས་སེམས་སྐྱོ་སུན་སྐྱེས་ཏེ་བླ་སློབ་ཉམས་མྱོང་མེད་པ་ཁ་ཅིག་ནི་འདི་ནས་རང་ཅི་བྱ་མེད་པར་མགོ་འཁོར་བ་ལྟ་བུར་འབྱུང་བའི་ལོ་རྒྱུས་དུ་མར་འདུག་པ་དང་། དེ་ཡང་རྣམ་རྟོག་རྒྱུན་ཆགས་སུ་སྐྱེས་པས་མང་ཉུང་ཅི་ལ་ཡོད་དེ་འཁོར་བ་ཟོ་ཆུའི་ཁྱུད་མོ་ཞེས་པ་དེ་མངོན་པར་འཆར་ཡོང་བ་ཡིན་པ་ནི། དཔེར་ན་ཁང་སྟོང་ཞིག་ཏུ་རྐུན་མ་ཡང་ཡང་སླེབས་ཀྱང་བདག་པོ་མེད་པའི་སྐབས་སུ་མང་ཉུང་གི་ཆ་མི་ཕྱེད་ཅིང་། བདག་པོ་ཡོད་དུས་ལན་གཅིག་གཉིས་བྱུང་རུང་སེམས་དོགས་སྣང་ཤར་བ་ལྟར་ཡིན་ཏེ་སྔ་མོར་སྒོམ་པའི་འདུ་ཤེས་མེད་པས་མ་ཚོར་ཞིང་། ད་རེས་སེམས་ལ་བདག་པོ་སྤྲད་ནས་བསྒོམ་པའི་ཡོན་ཏན་གྱིས་རྣམ་རྟོག་སྐྱེ་འགག་གི་རང་བཞིན་གཅིག་དང་གཉིས་ནས་ཤེས་ཡོང་བ་ཡིན་ཏེ། ཞང་རིན་པོ་ཆེས། གནས་པ་དང་པོ་བྱུང་དུས་སུ། །རི་གཟར་ལོག་ནས་རྦབ་འདྲིལ་འདྲ། །རྣམ་རྟོག་ཟམ་མི་ཆད་པར་ལྡང་། །སྒོམ་སྙམ་མེད་དམ་སྙམ་པའོ། །རྣམ་རྟོག་ཅུང་ཟད་ཚོར་བ་སྟེ། །ཤེས་པ་ཅུང་ཟད་གནས་པ་ཡིན། །གནས་པ་མེད་པའི་གོང་རོལ་ན། །རྣམ་རྟོག་རང་གར་ཤོར་བ་ཡིན། །རྟག་པར་འགྱུས་ཀྱང་ངོ་མ་ཤེས། །ཞེས་དང་། རྗེ་མི་ལས། གེགས་གོལ་ས་མང་བའི་རྩུབ་ཉམས་དེ། །ཆོས་སྐྱོན་ཅན་ཡིན་པ་མ་ལགས་ཏེ། །རྟགས་མྱུར་དུ་ཐོན་པའི་སྔ་ལྟས་ཡིན། །ཞེས་གསུངས་པ་ལྟར། རྩུབ་ཉམས་འདི་བསྐྱང་མ་ཤེས་ན་སྐྱོན་དུ་འགྱུར། ཡང་སྐྱོང་ཤེས་ན་བོགས་དབྱུང་ཆེ། གཞན་སྙོམས་སྙོམས་ཞིག་ཏུ་ཡུན་རིང་བཞག་པ་དང་མི་འདྲ་སྟེ། དང་པོ་རྣམ་རྟོག་མ་སྐྱེས་པ་བྱེད་སྙམ་པས་སྐྱེ་བ་ངོས་ཟིན་སླ། བར་དུ་སྐྱོང་འཕྲོ་བཅད་པས་འགགས་པ་ངོ་ཤེས་སླ། ཐ་མ་ངོས་མ་ཟིན་པའི་རིགས་ལྷད་འདོན་པའི་ཐབས་མཆོག་ཏུ་འགྱུར་ཞིང་། དོན་དུ་དེ་དག་ནི་ཞི་གནས་དང་པོ་དཔེ་རི་གཟར་གྱི་འབབ་ཆུ་ལྟ་བུ་ཞེས་པའི་དོན་མངོན་སུམ་སྟོན་པ་ཡིན་ནོ། །ལྔ་པ་གང་ཤར་བཟོ་མེད་ནི། ལུས་གནད་ལྷོད་ཆ་དང་མིག་ཅུང་ཟད་ཟིམ་མེར་བལྟ་ཞིང་། སེམས་ཁོང་ལྷོད་པའི་ངང་ནས་རྣམ་རྟོག་མང་ཉུང་དང་གནས་རྒྱུན་རིང་ཐུང་དང་། ཡེངས་པ་མཐུག་ཞན་སོགས་བཟང་ངན་ཇི་ལྟར་ཤར་ཡང་ཤར་བཅུག་སྟེ་མི་དགག །རྣམ་རྟོག་གི་དབང་དུ་ཡེངས་སུ་མི་བཅུག་པར་ལྷོད་ཆས་སེམས་དེ་མ་ཡེངས་པའི་དྲན་པ་བྱ་རར་བཞག་ནས་རྫི་བོ་མཁས་པས་ཕྱུགས་ལུག་རྣམས་འཚོ་སྐྱོང་འཇམ་པོ་བྱེད་པ་ལྟ་བུར་འབྱོངས་དགོས་པ་ཡིན་ཏེ། རྗེ་པད་མ་དཀར་པོས། སེམས་མ་བཅིངས་མ་བཅིངས་ལྷོད་ལ་ཞོག །སེམས་བཅིང་ན་ཕྱོགས་བཅུར་འགྲོ་བར་རྩོམ། །རྒྱ་ཡན་དུ་བཞག་ན་རྣལ་དུ་བབ། །ཡེངས་མེད་དུ་བསྐྱང་ན་རང་མཚང་རིག །བཅས་བཅོས་འགའ་བྱེད་ན་སྒོམ་གྱིས་བསླུ། །ཞེས་དང་། ས་ར་ཧས། བཅིང་པར་གྱུར་ན་ཕྱོགས་བཅུར་འགྲོ་བ་རྩོམ། །ཐོངས་པར་གྱུར་ན་མི་གཡོ་བརྟན་པར་གནས། །གོ་ལྡོག་རྔ་མོང་ལྟ་བུར་བདག་གིས་རྟོགས། །ཞེས་དང་། ཏིལླི་པས། མ་བཅོས་གཉུག་མའི་ངང་དུ་གློད་ལ་ཞོག །བཅིངས་པ་གློད་ན་གྲོལ་བ་ཐེ་ཚོམ་མེད། །སེམས་ལ་རྣམ་རྟོག་བྱུང་ན་རྣལ་འབྱོར་པས། །རས་བལ་བཞིན་དུ་མ་བཅོས་གློད་ལ་ཞོག །ཞེས་དང་། རྗེ་མི་ལས། ལྷོད་ཀྱི་གློད་པས་རང་ས་ཟིན། །རིག་པའི་ཆུ་བོ་དྭངས་སྙིགས་ཕྱེད། །ཅེས་དང་། ས་ར་ཧས། མ་བཅོས་སོ་མར་བཞག་ན་རྟོགས་པ་འཆར། །ཆུ་བོའི་རྒྱུན་བཞིན་བསྐྱངས་ན་ཡོངས་ཀྱང་འཆར། །ཞེས་དང་། དྭགས་པོས། འཇུར་བུས་བཅིང་པའི་སེམས་ཉིད་འདི། །གློད་ན་གྲོལ་བ་ཐེ་ཚོམ་མེད། །འགྱུ་བ་དངོས་མེད་བསེར་བུ་འདྲ། །འཛིན་པ་མ་ཞུགས་འགྱུས་པས་ཆོག །ཅེས་དང་། རྗེ་རྒོད་ཚང་པས། ཡང་གཅིག་རྣམ་རྟོག་སྐྱེས་པ་ན། །ངོ་ཡིས་ཙེར་གྱིས་བཟུང་མཛོད་ལ། །ཁོ་རང་ཐོག་ཏུ་ལྷོད་ལ་ཞོག །རང་སར་གྲོལ་བ་ཐེ་ཚོམ་མེད། །བར་དུ་རིག་པ་ཁྲོལ་དུ་ཆུག །འགྱུ་བ་དངོས་མེད་བསེར་བུ་འདྲ། །འཛིན་པ་མ་ཞུགས་འགྱུས་པས་ཆོག །དེ་ལ་རྣམ་རྟོག་སྒོམ་ཤར་ཟེར། །ཞེས་གསུངས་པ་ལྟར། སེམས་བསྒྲིམ་ཞིང་བཅོས་ནས་བསྒོམས་ན་རྣམ་རྟོག་འཕྲོ་རྒོད་ཆེ་ཞིང་འཐོར་འགྱོད་སོགས་ཀྱི་དབང་དུ་འགྲོ་ནས་སྒོམ་སྣ་འདྲེད་ཁུར་ནས་སྐྱོ་དུབ་སྐྱེས་ཤིང་ཉམས་རྟོགས་ཀྱི་ཤན་འབྱེད་དཀའ་ཞིང་བརྩོན་འགྲུས་ཅན་ལོ་ཟླ་མང་པོར་བསྒོམས་ཀྱང་སེམས་རྒྱུད་ཇེ་རྩུབ་ལས་ཡོང་རྒྱུ་མེད་པས། དེ་ལས་གང་ཤར་བཟོ་མེད་དུ་ལྷོད་ཤེས་ན། སེམས་ཀྱི་དྭངས་སྙིགས་འབྱེད། ཉམས་མྱོང་གི་སྣེ་ཟིན། རྣམ་རྟོག་རྣམས་འཕྲོ་རྒོད་ཆུང་ཞིང་ངམ་ངམ་ཆོས་སྐུར་གྲོལ་ནས་སླར་མང་པོ་སྐྱེ་མི་ནུས་པར་གནས་རྒྱུན་ཇེ་རིང་དང་བརྟན་པ་ཇེ་ཐོབ་ཡོང་རྒྱུ་ཡོད་པ་ནི། ཉམས་སྒྲོན་ལས། དེས་ན་དལ་དབབ་ཆུ་བོ་བཞིན། །རེས་གནས་རེས་རྟོག་ཐུན་ཕྱེད་གནས། །ཞེས་གསུངས་པ་ལྟར་ཡོང་དགོས་པ་ནི། དཔེར་ན་གནས་པ་བར་མ་ཆུ་ཀླུང་དལ་དུ་བབ་པ་ལྟ་བུ་ཞེས་པའི་དོན་དེ་དག་ལ་གོ་བ་ཡིན་ཞིང་། དེ་ཡང་མདོ་ལམ་ནས་ཏིང་ངེ་འཛིན་སྒྲུབ་པའི་དངོས་གཞི་རུ་སེམས་གནས་དགུ། སྟོབས་དྲུག །ཡིད་བྱེད་བཞི་སོགས་ཀྱིས་གཏན་ལ་འབེབས་ཚུལ་གྱི་རྣམ་དབྱེ་སྤྱི་དང་བྱེ་བྲག་ཤིན་ཏུ་མང་ཡང་། འོན་ཏེ་ཞི་གནས་ཞེས་པའི་དོན་ནི་ལུས་ངག་ཡིད་གསུམ་དངོས་བརྒྱུད་བར་གསུམ་ནས་རྣམ་པར་གཡེང་བའི་སྤྲོས་པ་ཆུའི་རྦ་རླབས་ལྟ་བུ་བྱིང་བ་ལས་ཉེ་བར་ཞི་བས་ན་ཞི་བ། སེམས་རྟེན་དུ་གྱུར་པ་དེའི་ཐོག་ཏུ་འཕྲལ་རྐྱེན་གང་གིས་ཀྱང་ཡིད་མི་འཕྲོག་པར་རབ་ཏུ་གནས་པས་ན་ཞི་གནས་ཞེས་པའི་དོན་ཡིན་ཞིང་། དེ་ལྟ་བུ་བསྒྲུབ་དགོས་པའི་རྒྱུ་མཚན་ནི་བསྡུ་ན། ཡེ་ཤེས་སྒྲིབ་བྱེད་ཀྱི་སེམས་ཀྱི་རྣམ་པ་ཞི་བར་མ་གནས་ན་གནས་ལུགས་ཀྱི་ལྟ་བ་མཐོང་བའི་སྐབས་དང་བྲལ་ཏེ། དཔེར་ན་གཉིད་ཀྱི་ཁམས་མ་སངས་བར་སེམས་ཀྱི་ཤེས་པ་དྭངས་མ་ངོ་མི་འཕྲོད་པའམ། ཆུ་རྙོགས་མ་མ་དྭངས་པར་དྭངས་མ་ངོ་མི་འཕྲོད་པ་ཇི་བཞིན། སྒོམ་རིམ་དང་པོ་སོགས་ནས་གསུང་བ་ལྟར་སེམས་ཆུ་བཞིན་རྒྱུན་ཆད་མེད་པར་ཉུལ་བའམ། ཤོག་སྐྱ་རླུང་གིས་ཁྱེར་བ་ལྟར་ཕྱོགས་གང་དུའང་འཐོར་བའམ། སྤྲེའུའི་བྱ་བྱེད་ལྟར་འདོད་པ་ཤིན་ཏུ་ཚ་བའི་ཕྱིར་ཞི་གནས་ཀྱི་བརྟན་ཆ་རབ་ཏུ་མ་ཐོབ་ན་སེམས་འདི་སྐད་ཅིག་ཙམ་དལ་ཁོམ་ནམ་ཡང་ཡོང་མི་སྲིད་པར་འཁོར་བ་ལུ་གུ་རྒྱུད་བཞིན་མུ་མཐའ་མེད་པར་འཁྱམས་དུ་འགྲོ་བས་ན་གལ་ཆེ་བའི་རང་བཞིན་ནི་དེ་ལྟར་ལགས་ཏེ། དཔེར་ན་རྩིག་པའི་རྨང་ངམ། ཤིང་སྡོང་གི་རྩ་ལག་གམ། ཞིང་ས་གཤིན་པོ་ལྟ་བུ་སྟེ་ཏིང་ངེ་འཛིན་ཐམས་ཅད་སྐྱེ་བའི་གཞི་ཡིན་པའི་དབང་གིས། དེའི་ཆ་ལས་ལྷག་མཐོང་གི་ཉམས་མྱོང་ཁྱད་པར་ཅན་སྐྱེས་པ་དང་མ་ཟད་རྣལ་འབྱོར་གོང་མ་རྣམས་སྐྱེ་བའི་རྒྱུ་མ་ནོར་བ་མངོན་སུམ་སྟོན་པར་བྱེད་པ་ཡིན་པས། ཉམས་སྣ་ཚོགས་ཤར་བ་དང་གནས་རྒྱུན་ཇི་ཙམ་རིང་ནའང་དེ་བཞིན་ལེགས་པར་འགྱུར་ཏེ། དུས་འཁོར་རྩ་རྒྱུད་ལས། ལུས་ངག་སེམས་ཀྱི་དབེན་པ་ཡིས། །མི་རྟོག་ཏིང་འཛིན་སྐྱེ་བར་འགྱུར། །མི་རྟོག་ཏིང་འཛིན་སྐྱེས་པ་ཡིས། །ཤེས་རབ་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་དང་། གསང་བ་སྒྲོན་མེ་ལས། ཞི་གནས་བསྒོམས་པས་ལྷག་མཐོང་སྐྱེ། །ལྷག་མཐོང་ཡེ་ཤེས་སྐྱེ་བའི་རྒྱུ། །ཞེས་དང་། སྤྱོད་འཇུག་ལས། ཞི་གནས་རབ་ལྡན་ལྷག་མཐོང་ནི། །ཉོན་མོངས་ཚོགས་རྣམས་ཞི་བར་བྱེད། །ཅེས་གསུངས་པ་ལྟར་རྣམ་རྟོག་ཉོན་མོངས་ཀྱི་རྦ་རླབས་ཕལ་ཆེར་ཞི་ཞིང་མགོ་སྙོམས་པ་དང་། ཡང་དག་གི་རྟོགས་པ་འཆར་སླ་བ་དང་། སེམས་ཀྱི་རྙོགས་མ་ནམ་ཡང་མི་ལྡང་བར་བརྟན་ཆ་གཅིག་ཏུ་ཆེ་བའི་གཞི་འགོད་པ་སོགས་ཀྱི་དགོས་ཆེད་དུ་མ་ཡོད་པ་ཡིན་པས། གལ་ཆུང་སྙམ་ནས་མཐོ་སྙབ་འགའ་བྱ་མི་ཉན་མ་གཏོགས་ནམ་མཁའ་སྤར་བཟུང་བྱས་པ་ལྟ་བུ་ལས་དོན་ནམ་ཡང་མི་ཡོང་བའི་ཐོག་ཏུ་བཤད་པས་རྟ་རི་བ་ལ་སྒོམ་པས་ཁྱི་མི་རི་བར་ཁྱི་སྣས་ཟས་ཚོལ་བ་ལྟ་བུར་རེ་དོགས་འབད་རྩོལ་ཁོ་ནའི་ངང་དུ་འབྱམས་ཀླས་ཤིང་ཚེ་ཟད་འགྲོ་བས། དེས་ན་དང་པོ་ནས་ཞི་གནས་རང་ལ་གོམས་འདྲིས་ལེགས་པར་ཐོན་པར་བྱེད་པ་ནི་གལ་ཆེ་བའི་གཞི་མ་ལགས་སོ། །དྲུག་པ་ཉམས་སྣ་ཚོགས་བསྐྱང་བའི་བཞག་ཐབས་ལའང་བཞི་ལས། གྲུབ་ཐོབ་ས་ར་ཧས། བྲམ་ཟེས་སྐུད་པ་འཁལ་བ་ལྟ་བུ་ཞེས་པ་ནི་མདོར་ན་གྲིམ་ལྷོད་སྙོམས་པ་ལ་ཤིན་ཏུ་མཁས་པ་ཡིན་པས། དེ་ལྟར་མ་ཤེས་ན་གྲིམ་ཆེས་ན་འཇུར་མདུད་རེད་འགྲོ་བ་དང་། ལྷོད་ཆེ་ན་རྒྱ་ལྷུག་ནས་ཚེམ་མི་ཉན་པའི་དཔེ་ལྟར་སྒོམ་ལའང་གྲིམ་དྲག་ན་ཤེས་པ་རྣལ་དུ་མི་འབེབ་པར་བྱིང་རྒོད་ཀྱི་དབང་དུ་འགྲོ་ཉེན་ཡོད་ཅིང་། ལྷོད་དྲག་ན་རྨུགས་འཐིབ་ཀྱི་དབང་དུ་གྱུར་ན་ཅི་ཡིན་མེད་པར་སྙོམ་ལས་སུ་ལུས་པའི་ཕྱིར་དང་པོ་ཐོལ་སྐྱེས་རྦད་གཅོད་ཀྱིས་བསྒྲིམས། དེ་ནས་གང་ཤར་བཟོ་མེད་ཀྱིས་ལྷོད་དེ་རེས་འཇོག་བྱས་པའི་དབང་གིས་ཅི་ཞིག་ནས་གྲིམ་ལྷོད་རང་ལུགས་སུ་སྙོམས་པར་འགྱུར་བ་ལ་གསུངས་པ་ཡིན་ཏེ། བིར་བ་པས། དོན་དམ་རྣལ་མ་ཆགས་མེད་དོན་ལ་སྤྱད་པར་བྱ་འདོད་ན། །མི་སྤང་མི་ཞེན་མི་སྤྱོད་མི་བསྒྲུབ་མི་འགོག་པར། །རང་ལུགས་ཅི་བདེར་སྤྱོད་པ་དེ་ནི་རབ་མཆོག་དམ་པའོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་སོག་ཕོན་ཐག་པ་ཆད་པ་ལྟ་བུའི་བཞག་ཐབས་ནི། མདོར་ན་སྔར་གྱི་རྣམ་རྟོག་སྐྱེ་དུས་སོགས་ལ་མ་ཡེངས་པར་བྱེད་དགོས་སྙམ་པའི་གཉེན་པོ་ཆེ་ཕྲ་འབའ་ཞིག་བག་ཉལ་གྱི་ཚུལ་དུ་ཡོད་པ་ཡིན་པས། དེ་ཡང་རྣམ་རྟོག་འགག་ནས་གཉེན་པོས་ངོས་བཟུང་བ་ལས་དེ་སྐབས་སུ་མི་ཡོང་བས། དེ་ནི་དྲན་པ་ཕྱིར་སྙེག་ཅེས་སྒོམ་གྱི་དྲི་མ་དངོས་ཡིན་པས་ན། དེ་འདྲའི་དྲན་ཤེས་ཀྱི་གཉེན་པོ་མངོན་མཚན་ཅན་དེ་དག་སྤངས་ནས་ཞི་བར་གནས་པའི་རྒྱུན་དེ་མ་བོར་ཙམ་གྱི་ངང་ལ་རང་བབས་སུ་བསྐྱངས་ནས་གཉེན་པོ་ཁོ་རང་བྱ་རྩོལ་དང་བྲལ་བར་འཇོག་དགོས་པ་ཡིན་ཏེ། རྗེ་སྒམ་པོ་པས། བཅས་བཅོས་མ་བྱེད་ལྷུག་པར་ཞོག །ལྟ་ཉུལ་མ་བྱེད་རང་གར་ཞོག །ཡིད་ལ་མ་བྱེད་དམིགས་མེད་ཞོག །ཅེས་གསུངས་པ་ལྟར་རོ། །གསུམ་པ་བུ་ཆུང་གི་ལྷ་ཁང་མཐོང་བ་ལྟ་བུ་ནི། དེ་ལྟར་སེམས་ཀྱི་གླང་པོ་ཆེ་དྲན་ཤེས་ཀྱི་ཀ་བ་ལ་ཐོག་པའི་དབང་གིས་འབྱུང་ལྔའི་ལས་རླུང་རྣམས་རང་མལ་དུ་ཟིན་པའི་རྐྱེན་གྱིས་ཕྱིའི་སྣང་བ་ལའང་དུ་བ་དང་ན་བུན། སྨིག་རྒྱུ་དང་སྲིན་བུ་མེ་ཁྱེར། རྣ་བ་ལ་སྒྲ་འདྲ་མིན་སྣ་ཚོགས་དུ་མ་གྲགས་པ་དང་། ལུས་སེམས་བདེ་བས་བརྒྱལ་བ་ཙམ་དང་། མི་རྟོག་པས་ལུས་སེམས་སྣང་བ་སོགས་ཡོད་དུ་མི་ཚོར་བའི་སྟོང་ཉམས་ཆེན་པོ་དང་། གསལ་བས་ཁང་ཁྱིམ་དང་རི་བྲག་ཐམས་ཅད་ཟང་ཐལ་དུ་མཐོང་བ་དང་། གཉིད་དང་རྨི་ལམ་མུན་པ་བཅས་སེལ་བའི་གསལ་ཉམས་སོགས་མདོར་ན་བཟང་ངན་གྱི་རྣམ་པ་ཇི་ལྟར་ཤར་ཡང་དེ་དག་ལ་དགའ་བ་དང་ཆེད་དུ་མི་གཉེར། སྐྱོན་དུ་བལྟ་བ་དང་འགོག་པར་མི་བྱ་བར། དོན་དུ་ང་རྒྱལ་རློམ་སེམས་དང་འཛིན་ཞེན་གྱི་རྙོགས་མས་མ་བསླད་པར་གང་ཤར་གྱི་ངོ་བོ་ཡེངས་མེད་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལམ་དུ་ཁྱེར་ནས་རང་གྲོལ་དུ་གཏོང་བ་གནད་ཀྱི་མན་ངག་ཟབ་མོ་ཞིག་ཡིན་ཏེ། རྗེ་བཙུན་གྱིས། ཉམས་ལ་ཡིད་ཆེས་བྱ་མི་རུང་། །དེ་ལ་ཡིད་ཆེས་སྐྱེས་པ་ན། །རྣམ་རྟོག་བགེགས་ཀྱི་དབང་དུ་འགྲོ། །དེ་དེ་ཡིན་ཏེ་དེ་དེ་མིན། །སྡོང་པོ་ཡིན་ཏེ་འབྲས་བུ་མིན། །ཞེས་གསུངས་པ་ལྟར་རོ། །བཞི་པ་གླང་ཆེན་ལ་ཚེར་མ་བཏབ་པ་ལྟ་བུ་ནི། དེ་ལྟར་གནས་ཐོག་ཏུ་རྟོག་པ་ཆེ་ཕྲ་ཇི་ལྟར་སྐྱེས་ཀྱང་གཉེན་པོའི་རྩོལ་བས་བསྒྲུབ་མ་དགོས་པར་དེ་ཚུག་ཏུ་ངོ་ཤེས་པའི་དྲན་པ་དུས་མཉམ་དུ་ལྷང་གིས་ལངས་ནས་སྤང་གཉེན་ར་འཕྲོད་པས་རྣམ་རྟོག་ཀྱང་གཅིག་ནས་གཉིས་སུ་འཕྲོ་རྒོད་ལངས་ཤོར་དུ་མི་འགྲོ་བར་གནས་པའི་རང་ཚུགས་གཅིག་ཏུ་ཟིན་དགོས་པ་ཡིན་ཏེ། རྗེ་བཙུན་གྱིས། ལས་ཉོན་མོངས་རྣམ་རྟོག་ཇེ་ཧྲག་ཀྱང་། །སེམས་མ་ཡེངས་དྲན་པས་དེ་ཚུག་ཟུངས། །གཤིས་ཞི་བར་གནས་པའི་ངང་ཉིད་ལས། །དུས་འགྱུར་ལྡོག་མེད་ཕྱིར་བརྟན་པར་གྱིས། །ཞེས་གསུངས་པ་ལྟར་རོ། །དེ་དག་ཀྱང་བསྡུ་ན་མཐར་རྒྱ་མཚོ་རླབས་དང་བྲལ་བའི་དཔེ་རུ་ཡང་གསུང་སྟེ། པྲ་ཁྲིད་ལས། མི་རྟོག་ཐིག་ལེའི་ངང་ལ་གནས་པ་ནི། །མི་བསྐྱོད་དྭངས་པ་རྒྱ་མཚོ་ཆེན་པོའི་ངང་། །མི་གཡོ་གསལ་བ་ཏིལ་གྱི་མར་མེ་བཞིན། །ཞེས་གསུངས་པ་ལྟར་དེ་དུས་གནས་ཐོག་ཏུ་འགྱུ་བའི་རང་ངོ་ཤེས། འགྱུ་ཐོག་ཏུ་གནས་པའི་རང་ས་ཟིན་པས་གནས་འགྱུའི་བར་ལག་འགྱེལ་བ་ཞེས་བྱ་སྟེ་ཞི་གནས་རྩེ་གཅིག་གི་རང་ངོ་འཕྲོད་པ་ཡིན་པར་གསུང་། དེའང་གང་དུ་བཤད་པའི་ཞི་གནས་དེ་དང་འབྲེལ་བའི་ངང་ཉམས་འདྲ་མིན་སྣ་ཚོགས་སྐྱེས་པའང་སྐྱོན་མེད་ཅིང་ཡོན་ཏན་གྱི་གཞི་མ་ཡིན། དོན་དམ་པའི་ལམ་སྟེགས་ཀྱི་ཚུལ་དུ་ངེས་པར་འདོད་དགོས་པ་ཡིན་ཏེ། ཀུན་མཁྱེན་རིན་པོ་ཆེས། ཉམས་བན་བུན་ཟང་ཟིང་འར་འུར་པོ། །རྒྱུས་མེད་ཀྱིས་མཐོང་ན་སྐྱོན་དུ་མཐོང་། །ཉམས་མེད་ལ་དྲིས་ན་མགོ་བོ་འཁོར། །འདི་བདེ་སྟོང་རྒྱས་པའི་མྱུ་གུ་ཡིན། །འདི་ལ་བཅོས་པ་མ་བྱེད་པར། །བྱུང་རྒྱལ་དུ་སྐྱོངས་དང་དེ་ཀས་ཆོག །ཅེས་གསུངས་པ་ལྟར་དཔེར་ན་ཆར་བབ་ཁའི་སྤྲིན་པའམ། མེ་འབར་ཁའི་དུ་བའམ། ཉི་མ་འཆར་ཁའི་སྐྱ་རེངས་ལྟ་བུ་ཡིན་པས་ན། སེམས་དང་། ལུས་དང་། སྣང་བ་དང་། རྨི་ལམ་བཅས་ཀྱི་ཆ་ལ་བདེ་བ། གསལ་བ། མི་རྟོག་པ་སོགས་ཉམས་ཀྱི་རིགས་མདོར་ན་ཤེས་བྱ་ན་སྲིད་ཚད་བཟང་ངན་གྱི་རྣམ་པ་ཇི་ལྟར་སྣང་རུང་། འཕེལ་རུང་། གཡོ་རུང་། མེད་རུང་། དག་རུང་། དེ་དག་ལ་དོན་དུ་གཉིས་འཛིན། བཟང་ངན། རེ་དོགས། དགག་སྒྲུབ། འབད་རྩོལ་སོགས་ཀྱིས་འཁྲིས་གཏན་ནས་མི་ཞུགས་པར་ཡེངས་མེད། ཞེན་མེད། འཛིན་མེད། མཚན་མེད་གཏད་སོ་མེད་པ། དགག་སྒྲུབ་སྤང་བླང་མེད་པ། རེ་དོགས་ཞེ་འདོད་མེད་པའི་ངང་དུ་མུ་བསྐྱངས་ནས་མཉམ་པ་ཉིད་དུ་བཞག་པ་ནི་ཐོག་མཐའ་ཀུན་ཏུ་ལམ་གྱི་སྲང་། གནད་ཀྱི་འགག་ཐམས་ཅད་དེ་རུ་རང་ཡོད་པ་ཡིན་པས་ཤེས་པར་བྱ་སྟེ། གླིང་རས་པས། ཉམས་མྱོང་འཇའ་ཚོན་འདྲ་བའི་རི་མོ་ལ། །བློ་ཆུང་བྱིས་སྦ་འདྲ་བའི་སྒོམ་ཆེན་ཆགས། །བསླུ་བྲིད་གོལ་ས་ཡིན་ཏེ་ངོ་མ་ཤེས། །དེ་ལ་བདེན་ཞེན་རེ་དོགས་ཆགས་སྡང་བྱེད། །ཅེས་དང་། རྗེ་པདྨ་དཀར་པོས། ཉམས་སྣ་ཚོགས་འཆར་བའི་ལྟད་མོ་ལ། །ཁ་ཕྱིར་བལྟས་བྱས་ན་མང་དུ་འཕེལ། །དེས་གནས་ལུགས་རྟོགས་པའི་གོ་མི་ཆོད། །སེམས་མ་བཅོས་ཇི་བཞིན་ངང་དུ་ཞོག །ཅེས་དང་། སྣང་བ་བཅུ་དྲུག་ལས། ཕྱི་ནང་རྟགས་ཀྱི་རིམ་པ་རྣམས། །སྐྱེས་ཀྱང་དགའ་བྲོད་མི་བྱ་ཞིང་། །མེད་ཀྱང་མི་དགའ་སྐྱེ་མི་བྱ། །ཐམས་ཅད་མཉམ་པ་ཉིད་དུ་བཅོམ། །ཞེས་གསུངས་པ་ལྟར་ཉམས་སྣ་ཚོགས་དེ་དག་ནི་དོན་དུ་ལམ་གྱི་ཆ་རྐྱེན་ཙམ་ཡིན་པས་ལམ་མེད་ན་ཕྱིན་ཐབས་དང་བྲལ་བ་ཡིན། འོན་ཏེ་ལམ་ལ་ཞེན་ཅིང་ཆགས་ནས་མགོ་འཁོར་སོང་ན་ཡང་དག་པ་རྟོགས་པའི་གནས་ལ་ནམ་ཡང་མི་ཕྱིན་པས་ན་གོལ་འགྲོ་བ་ཡིན་པས་དེ་ལྟ་བུའི་རྣམ་དབྱེ་ལེགས་པར་ཕྱེས་ནས་ཚུལ་བཞིན་ཉམས་སུ་བླངས་དགོས་སོ།། ༈ །།གཉིས་པ་དངོས་གཞིའི་ལྷག་མཐོང་གི་ཁྲིད་ལ། སྤྲོས་བྲལ། རོ་གཅིག །བསྒོམ་མེད། རྣལ་འབྱོར་བཞི་ལས་འཕྲོས་པའི་དབྱེ་བ། རྗེས་ལམ་ཁྱེར་བསྟན་པ་དང་ལྔ་ཡོད་པ་ལས། དང་པོ་ལའང་གནས་འགྱུའི་རྩ་བ་བཅད་པ། ལྷག་མཐོང་ངོས་བཟུང་བ། སྤྲོས་བྲལ་གྱི་རྣལ་འབྱོར་སྒོམ་པ་དང་གསུམ་ལས། དང་པོ་གནས་འགྱུའི་རྩ་བ་བཅད་པ་ནི། རྗེ་འབྲུག་པས། དཔལ་བསམ་གྱིས་མི་ཁྱབ་གཉུག་མའི་དོན། །རང་རིག་གིས་གཏན་ལ་མ་ཕེབས་ན། །གཞན་རྐྱེན་གྱིས་རྟོགས་པར་མི་ནུས་པས། །ངེས་དོན་གྱི་བླ་མ་ནང་ནས་ཚོལ། །ཞེས་གསུངས་པ་ལྟར་རྣམ་པར་མི་རྟོག་པའི་ཞི་གནས་ཀྱི་ངང་ནས་སོ་སོར་རྟོགས་པའི་ཤེས་རབ་སྐྱེས་པ་དེས། གནས་པའི་ངོ་བོ་ཇི་ལྟ་བུ་ཞིག །ཚུལ་ཇི་ལྟར་གནས། དེ་ལས་ཇི་ལྟར་འགྱུ། འགྱུ་བའི་ཚེ་གནས་པ་དེ་ལས་གཡེལ་ཏེ་འགྱུའམ། གནས་བཞིན་པར་འགྱུ། ངོ་བོ་གཅིག་གམ་གཉིས། མཐར་འགགས་པའི་ཚུལ་གང་ཡིན་བཅས་ཡང་ཡང་སྒོམ་ཁ་བསྐོར་ནས་དཔྱད་པ་བྱས་པའི་མཐར་གནས་འགྱུ་གཉིས་ཀའི་ངོ་བོ་འདི་ལྟར་ཞེས་གང་ཡང་མ་རྙེད་པའི་ཚེ་ན། དེ་ལྟར་རྩད་གཅོད་མཁན་གྱི་རིག་པ་དེ་ཉིད་བལྟ་བྱའི་གནས་འགྱུ་ལས་གཞན་དུའམ། གནས་འགྱུ་ཉིད་ཡིན་ནམ་ཡང་རང་རིག་པའི་སྒོམ་ཁ་བསྐོར་ནས་ཡང་ཡང་ཞིབ་ཏུ་དཔྱད་པ་ཐེངས་པར་བྱས་ནས་མཐར་ནི་ཅི་ཡང་མ་རྙེད་པ་ནི་བལྟ་བྱ་ལྟ་བྱེད་དབྱེར་མེད་གཅིག་ཏུ་རྟོགས་པ་ནི་དཔེར་ན་མེས་ཤིང་རྣམས་ཡོངས་སུ་བསྲེགས་པས་མཐར་མེའང་རང་ཞི་རུ་འགྲོ་བ་ལྟ་བུ་སྟེ། དེའི་ངོ་བོ་གང་ལའང་གཞག་རྒྱུ་མེད་པ་ནི་བློ་འདས་ཀྱི་ལྟ་བའམ། ཁས་ལེན་དང་བྲལ་བ་ཞེས་བྱ་བ་དེ་འབྱུང་བ་ཡིན་ཏེ། ཏིལླི་པས། དཔེར་ན་ནམ་མཁའི་དཀྱིལ་ལ་བརྟགས་བྱས་ན། །མཐའ་དང་དབུས་སུ་འཛིན་པ་འགག་པ་ལྟར། །དེ་བཞིན་སེམས་ཀྱིས་སེམས་ལ་བརྟགས་བྱས་ན། །རྣམ་རྟོག་ཚོགས་འགག་སེམས་ཀྱི་རང་བཞིན་མཐོང་། །ཞེས་དང་། རྒྱལ་བའི་དབང་པོས། བློས་བྱས་ཀྱི་ལྟ་བ་བཟང་ཡང་འཇིག །བློ་འདས་ལ་ལྟ་བའི་ངོ་བོ་མེད། །བལྟ་བྱ་དང་ལྟ་བྱེད་དབྱེར་མེད་པའི། །ངེས་པ་དེ་བླ་མའི་དྲིན་ལས་རྙེད། །ཅེས་དང་། འོད་སྲུང་གིས་ཞུས་པའི་མདོ་ལས། ཤིང་ཉིད་དྲུད་པ་ལས་ནི་མེ་འབྱུང་ཞིང་། །བྱུང་བ་དེ་ཡིས་དེ་ཉིད་བསྲེག་པར་བྱེད། །དེ་བཞིན་ཤེས་རབ་དབང་པོ་སྐྱེས་ནས་ནི། །སྐྱེས་པ་དེ་ཡིས་དེ་ཉིད་རྟོགས་པར་བྱེད། །ཅེས་དང་། རྒྱུད་ལས། གང་གིས་འཆིང་བར་བྱེད་པའི་རྒྱུ། །དེ་ནི་གྲོལ་བར་བྱེད་པའི་ལམ། །འདི་ན་འཆིང་བ་འགའ་ཡང་མེད། །འཆིང་བ་གང་ཡིན་དེ་གྲོལ་བ། །ཞེས་གསུངས་པ་ལྟར་མདོར་ན་རྒྱུན་ཞི་བར་གནས་པའི་ངང་དེ་ལས་མ་གཡོས་བཞིན་དུ་རང་རིག་པའི་དྭངས་ཆ་སྒོ་མ་འགགས་པས་ལེགས་པར་གཏན་ལ་དབབ་པ་ལས་ཡེངས་འཁྲུལ་རང་ག་མས་བརྟག་དཔྱད་ཇི་ཙམ་བྱས་ཀྱང་དོན་དུ་རང་ངོ་གཞན་དུ་ཚོལ་སོང་བ་ལྟ་བུ་ལས་ནམ་ཡང་ཡོང་རྒྱུ་མེད་པས་དེ་འདྲའི་གོ་བའང་དེང་སང་ལོན་པ་གལ་ཆེ་བར་སྣང་ངོ་།། ༈ །།གཉིས་པ་ལྷག་མཐོང་ངོས་བཟུང་བ་ནི། སྔོན་དུ་ཅུང་ཟད་བཤད་ཟིན་པ་ལྟར་གསལ་རིག་འཛིན་མེད་དེའི་ངང་ནས་རྣམ་རྟོག་དང་ཉོན་མོངས་ཧྲག་པ་ཇི་ལྟ་བུར་སྐྱེས་ཀྱང་སྐད་ཅིག་མར་ངོ་ཤེས་པར་བྱས་ནས། དེ་དག་མི་སྤང་། དེའི་དབང་དུ་ཡང་མི་གཏོང་བར་གྲིམ་ལྷོད་སྙོམས་པའི་ངང་ནས་གང་ཤར་དེ་ཉིད་བཟོ་མེད་དུ་བཞག་པས་དེ་ཚུག་ནས་མ་སྤངས་གནས་སུ་དག་སྟེ། དེ་ཡི་རྐྱེན་གྱིས་སེམས་གཞི་མེད་རྩ་བྲལ་ལྟ་བུའི་སྟོང་པ་ཉིད་ཤུགས་ཀྱིས་ལྷག་པར་འཆར་ཡོང་ཞིང་། ཚུལ་དེས་འགལ་རྐྱེན་ཐམས་ཅད་ལམ་དུ་ཁྱེར་ནུས་ནས་སྤང་གཉེན་དབྱེར་མེད་དུ་རྟོགས་པ་རྡོ་རྗེ་ཐེག་པའི་ཉམས་ལེན་གྱི་སྙིང་པོ་རང་ཡིན་པས་ན་ལྷག་པར་ཤེས་དགོས་ཤིང་། མཻ་ཏྲི་པས། མ་སྐྱེས་པ་ལ་རྟོག་པ་གློ་བུར་བ། །རྟོག་པ་དེ་ཉིད་དབྱིངས་ཀྱི་ངོ་བོར་གནས། །དེ་ཉིད་གདོད་ནས་ཐ་དད་མེད་པའོ། །ཞེས་དང་། རྟོགས་པ་སྣ་ཚོགས་སེམས་ཀྱི་ངོ་བོ་འདི། །ཐུག་འཕྲད་ཙམ་གྱིས་མ་གྲུབ་ཕྱག་རྒྱ་ཆེ། །ཞེས་དང་། རྗེ་མར་པས། ཡིད་ཀྱི་གཡོ་བ་གཟུང་འཛིན་གཉིས། །སྤྲོས་བྲལ་ཆོས་ཀྱི་སྐུ་རུ་ཐིམ། །ཞེས་དང་། འཇིག་རྟེན་མགོན་པོས། མ་རིག་འཁོར་བའི་འཁྲུལ་རྟོག་དང་། །རང་རིག་ཡེ་ཤེས་ཆེན་པོ་གཉིས། །གཞི་ལ་བྱེ་བྲག་ཐ་དད་མེད། །ཅེས་དང་། གླིང་རས་པས། རྣམ་རྟོག་ཆོས་སྐུར་རྟོགས་ལགས་པས། །སྐྱོན་ཡོན་གྱི་འཛིན་པ་སྟོར་ནས་ཐལ། །ཞེས་དང་། དྭགས་པོས། སྤྲིན་ལས་ཁ་བ་བྱུང་གྱུར་ཀྱང་། །རྡོ་ཚན་སྟེང་དུ་བྱུང་མ་ཐག །དེ་དུས་ཉིད་དུ་ཆུར་འགྱུར་བཞིན། །གཡེང་བའི་རྟོག་པ་བྱུང་གྱུར་ན། །བྱུང་རྗེས་ཉིད་དུ་སེམས་སུ་ཤེས། །སེམས་ཉིད་ཆོས་སྐུ་སྤྲོས་བྲལ་དུ། །འབད་མི་དགོས་པ་ཤུགས་ཀྱིས་འབྱུང་། །ཞེས་དང་། སེམས་ཀྱི་མཚན་ཉིད་གབ་པ་མངོན་ཕྱུང་ལས། བདེན་པར་འཛིན་པའི་བུད་ཤིང་ཚིག་པས་ན། །འཁོར་བར་སྐྱེ་བའི་ས་བོན་རུལ་བ་ཡིན། །ཞེས་གསུངས་པ་ལྟར། མ་ཟད་གོང་དུ་བཤད་པའི་ཞི་གནས་ཀྱི་ཉམས་འཕྲིག་ཚུད་པ་དེ་ལ། སླར་ལྷག་མཐོང་གི་རིག་པའི་དྭངས་ཆ་དེ་ལྟ་བུ་ངེས་པར་མ་འབྱེད་ན་ཉམས་རྟོགས་གོང་མ་རྣམས་སྐྱེ་ཐབས་མེད་པ་དང་། བདག་མེད་གཉིས་གཏན་ལ་མི་འབེབས་པ་དང་། ཉོན་མོངས་བག་ཉལ་དུ་གྱུར་པ་རྣམས་མི་ཆོམ་པ་དང་། སྲིད་པ་ལས་རྣམ་པར་གྲོལ་མི་ནུས་པའི་ཕྱིར་ན། སྤྱོད་འཇུག་ལས། སྟོང་པ་ཉིད་དང་བྲལ་བའི་སེམས། །འགགས་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། །ཞེས་དང་། རྗེ་བཙུན་གྱིས། སེམས་རྫིང་ཆུ་བཞིན་དུ་འཁྱིལ་བ་དེ། །རྟོག་པའི་འཕྲོ་འདུ་བཀག་པ་ཙམ། །འཁོར་བའི་རྒྱ་མཚོ་དེས་མི་སྒྲོལ། །ཞེས་དང་། དྭགས་པོས། རྟོགས་པ་མེད་པའི་ལྟ་བ་དེ། །མཐའ་བྲལ་ཟེར་ཡང་བློས་བྱས་ཡིན། །གདོས་ཐག་མ་ཆོད་སྒོམ་ཆེན་དེ། །ཏིང་འཛིན་བཟང་ཡང་འཁོར་བའི་རྒྱུ། །ཞེས་དང་། མི་རྟོག་ལྟེངས་པོ་སྒོམ་གྱི་བདུད། །ངེས་ཤེས་གཏིང་ནས་མ་སྐྱེས་པར། །ཉམས་མྱོང་བཟང་ཞེས་མི་བརྗོད་དོ། །གཉིས་འཛིན་ཅན་གྱི་སྒོམ་ཆེན་དེ། །ཉམས་སུ་མྱོང་ཡང་དོན་མ་ཡིན། །ཞེས་དང་། རྗེ་འབྲི་གུང་པས། ཉམས་མྱོང་བཟང་པོ་མ་བཅོས་པ། །ལྷ་གནས་གོང་མར་སྐྱེ་བའི་རྒྱུ། །ཞེས་དང་། སྒྲུབ་བརྒྱུད་པས་གསུངས་ལས། ཞི་མ་གནས་ན་ལྷག་མཐོང་མེད། །ལྷག་མཐོང་སྔ་ན་ཞི་གནས་མེད། །ཅེས་དང་། དགོངས་པ་ངེས་འགྲེལ་ལས། བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམ་པར་གནོན་ཏེ། ཤེས་རབ་ཀྱིས་ནི་བག་ཉལ་རྣམས་ལེགས་པར་འཇོམས་པར་བྱེད་དོ། །ཞེས་དང་། ཇི་སྐད་དུ། ཞི་གནས་མེད་པའི་ལྷག་མཐོང་དེ། །རླུང་གསེབ་དཀྱིལ་གྱི་མར་མེ་བཞིན། །བརྟན་ཆ་ནམ་ཡང་འབྱུང་མི་སྲིད། །ལྷག་མཐོང་མེད་པའི་ཞི་གནས་དེ། །རྫིང་ཆུ་རྙོག་མ་འཁྱིལ་བ་འདྲ། །དྭངས་པའི་དུས་སྐབས་འབྱུང་མི་སྲིད། །ཅེས་གསུངས་པ་ལྟར། ཞི་གནས་མེད་པའི་ལྷག་མཐོང་བལྟ་བར་འདོད་པ་ནི་ནམ་མཁའ་སྤར་བས་བཏབ་པ་དང་འདྲ་བས་དོན་ཆུང་། ལྷག་མཐོང་མེད་པའི་ཞི་གནས་ལ་གོམས་ཆ་ཡོད་ཀྱང་ཕྱིན་པའི་ལམ་མི་རྙེད་པར་བྲག་ཕུག་སྡུག་ནང་དུ་ཆུད་པ་དང་འདྲ་བས་ཞི་ལྷག་ལ་གོམས་འདྲིས་རིམ་པར་ཐོན་ཏེ་ཟུང་དུ་ཆུད་པ་གལ་ཆེ་ཞིང་། སྤྱིར་ལྷག་མཐོང་ལའང་མདོ་དགོངས་འགྲེལ་དང་མངོན་པ་ཀུན་བཏུས་སོགས་ནས་ལྷག་མཐོང་བསྐྱེད་ཚུལ་གྱི་རྣམ་དབྱེ་གསུམ་དང་བཞི་ལ་སོགས་རྒྱ་ཆེ་བར་གསུངས་འདུག་མོད། འོན་ཀྱང་ཉམས་ལེན་ལག་ཏུ་བསྟར་བའི་སྐབས་སུ་དེ་དག་ནི་རྣམ་གྲངས་མང་བའི་རྒྱུ་ལས་མ་མཆིས་ཤིང་། བསྡུ་ན་དམིགས་པའི་ལྷག་མཐོང་། ཉམས་ཀྱི་ལྷག་མཐོང་། རྟོགས་པའི་ལྷག་མཐོང་ཞེས་གསུམ་མམ། ཡང་ན་ལམ་དུས་དང་འབྲས་བུ་དུས་ཀྱི་ལྷག་མཐོང་གཉིས་སོགས་མཐོ་དམན་བརྩི་ཚུལ་གྱི་རྣམ་དབྱེ་སྤྱི་དང་བྱེ་བྲག་མང་ཡང་དོན་དུ་རྟོགས་ན་ཐོག་མཐའ་བར་གསུམ་གང་ལའང་མིང་འདོགས་སླ་བའི་རང་བཞིན་ཅན་ཞིག་ཡིན། མ་རྟོགས་པ་ལས་དང་པོའི་སྐབས་འདིར་ལམ་དུས་སུ་ཉམས་ཀྱི་ལྷག་མཐོང་གི་རྣམ་བཞག་བཤད་པར་འོས་ཏེ། དཀོན་མཆོག་སྤྲིན་མདོ་ལས། ཞི་གནས་ནི་སེམས་རྩེ་གཅིག་པའོ། །ལྷག་མཐོང་ནི་ཡང་དག་པ་ཇི་བཞིན་དུ་ཆོས་ཉིད་སོ་སོར་རྟོགས་པའོ། །ཞེས་དང་། ལྗོན་པས་ཞུས་མདོ་ལས། ཞི་གནས་ནི་རྩེ་གཅིག་པའོ། །ལྷག་མཐོང་ནི་རིག་ཆའོ། །ཞེས་གསུངས་པ་ལྟར་ཞི་གནས་ཀྱི་ངང་ནས་གནས་པ་དང་འགྱུ་བ་རིག་པ་གསུམ་པོ་གཅིག་གམ། གཉིས་སམ། གསུམ་མམ། ཞེས་ཁ་ནང་དུ་བསྐོར་ནས་ཞིབ་ཀྱིས་ཞུན་མཐར་ཐུག་པར་དཔྱད་པས་སྐབས་ཤིག་ནས་དོན་དུ་ཞི་གནས་དང་རྟོགས་པ་གཉིས་པོའི་བར་དུ་སྤུ་རིས་སངས་ཀྱིས་ཕྱེད་དེ། གཉེན་པོ་ཆ་མ་གཏོགས་པ་ཁོ་རང་གི་རིག་ཆ་ལ་དྭངས་གསལ་འཛིན་པ་མེད་པའི་རང་རིག་རང་གསལ་དུ་སོ་སོར་རྟོགས་པའི་ཤེས་རབ་ཀྱི་ཉམས་གསར་དུ་འཆར་བ་ནི་ལྷག་མཐོང་རང་དུ་གོ་དགོས་ཏེ། ཏིལླི་པས། དཔེར་ན་ནམ་མཁའ་མཐོང་བ་ཐ་སྙད་རབ་བཏགས་ཀྱང་། །ནམ་མཁའ་ལ་ནི་འདི་འདྲ་བརྗོད་དུ་མེད། །དེ་བཞིན་རང་སེམས་འོད་གསལ་བརྗོད་གྱུར་ཀྱང་། །འདི་ལྟར་འགྲུབ་ཅེས་ཐ་སྙད་གདག་གཞི་མེད། །སེམས་ཀྱི་རང་བཞིན་གདོད་ནས་ནམ་མཁའ་འདྲ། །ཆོས་རྣམས་མ་ལུས་དེ་རུ་མ་འདུས་མེད། །ཅེས་དང་། རྒྱལ་དབང་རྗེས། མི་ལ་ལས་སྟོང་ཉིད་སྟོང་ཉིད་ཟེར། །སྟོང་མཁན་སྟོང་ཡུལ་མ་གྲུབ་པས། །བྱས་ཤིང་བཅོས་པ་མ་ལགས་ཏེ། །གཤིས་རང་བཞིན་གྱི་སྟོང་པ་ཡིན་པ་འདྲ། །ཞེས་གསུངས་པ་ལྟར་རྟོགས་དགོས་པ་ཡིན་ཞིང་། དེ་ཡང་གཙོ་ཆེར་ནི་ལྷག་མཐོང་གཤའ་མ་ཨེ་འཆར་མི་འཆར་ནི་རང་གི་མོས་གུས་ཀྱི་མཐུས་བླ་མའི་བྱིན་རླབས་ཞུགས་ན། དཔྱད་སྒོམ་ཡིད་བྱེད་མ་དགོས་པར་ལྷག་མཐོང་གི་ཉམས་ཤུགས་ཀྱིས་འཆར་ནས་ངེས་ཤེས་ཁྱད་པར་གཏིང་ནས་ཚུར་རྙེད་ཡོང་བ་ཡིན་པས་དེ་ལྟར་ལས། དཔྱད་པ་ཁོ་ན་ལོ་བརྒྱར་བྱས་རུང་མི་འགྲུབ་པས་ཐོག་མཐའ་ཀུན་ཏུ་སྒོམ་བྱིན་རླབས་ལ་རག་ལས། བྱིན་རླབས་མོས་གུས་ལ་རག་ལས་པ་ཡིན་པས་ལྷག་ཏུ་ཤེས་པར་བྱའོ།། ༈ །།གསུམ་པ་སྤྲོས་བྲལ་གྱི་རྣལ་འབྱོར་བསྒོམ་པ་ལ་གསུམ་ལས། མི་ཏྲ་ཛྭ་ཀིས། གདོད་ནས་སྐྱེ་བ་མེད་པ་ནི། །འཁོར་འདས་ཀུན་གྱི་བྱེད་རྒྱུ་ཅན། །གཞན་མིན་རང་གི་སྙིང་དབུས་སུ། །བླ་མའི་དྲིན་གྱིས་ཤེས་པར་བྱོས། །ཞེས་གསུངས་པ་ལྟར་རྟོགས་དགོས་པ་ཡིན་པས། དང་པོ་དུས་གསུམ་གྱི་སྒོ་ནས་དཔྱད་པར་བྱ་བ་ནི་འདས་པའི་སེམས་ནི་འགགས་ཤིང་ཞིག །མ་འོངས་པའི་སེམས་ནི་མ་སྐྱེས་ཤིང་མ་བྱུང་། ད་ལྟའི་སེམས་ནི་སྒོམ་པ་ངོས་འཛིན་དུ་བྱ་རྒྱུ་ཅི་ཡང་མེད་ལ། དེ་བཞིན་བརྟགས་པས་ཆོས་ཐམས་ཅད་ཀྱི་ཚུལ་ཡང་དེ་འདྲ་བའི་རང་བཞིན་དུ་ཟད་པས། སྐྱེ་འགག་གནས་གསུམ་དང་བྲལ་བ་དང་། རྣམ་པ་ཅིར་ཡང་མ་གྲུབ་ཅིར་ཡང་མ་ཡིན་པར་རིག་པ་ནི་དུས་གསུམ་དུས་མེད་དུ་རྟོགས་པ་ཡིན། གཉིས་པ་དངོས་པོ་དང་དངོས་མེད་ཀྱི་སྒོ་ནས་དཔྱད་པ་ནི། རང་སེམས་འདི་དངོས་སམ། དངོས་མེད་དམ་དཔྱད་པས་དངོས་པོར་གྲུབ་སྙམ་ན་གཟུང་བ་དང་ཡུལ་གྱི་གཟུགས་དབྱིབས་ཁ་དོག་ཅི་ལྟ་བུ་འདུག་ཉམས་ཕབ་ནས་ཞིབ་པར་དཔྱད་དེ་དངོས་མེད་ཅི་ཡང་མེད་པར་སྙམ་ན། སྣ་ཚོགས་སུ་སྣང་བ་འདི་གང་ལས་བྱུང་བརྟག་དཔྱད་བསམ་གཞིག་ལེགས་པར་བྱས་ནས་གོ་ཡུལ་གྱི་འལ་འོལ་ཙམ་དུ་མ་ལུས་པར་ཡང་ནས་ཡང་དུ་སོ་སོར་རང་རིག་པའི་ཞུན་མཐར་གཅིག་ཏུ་ཆོད་པར་བྱས་ནས། མཐར་ནི་དངོས་པོའི་ཆོས་སུ་བཞག་རྒྱུ་རྡུལ་ཕྲ་རབ་ཙམ་ཡང་བཞག་རྒྱུ་མ་རྙེད་པའི་སྟེང་ནས་སོ་སོ་རང་རིག་པའི་སྤྱོད་ཡུལ་དུ་གྱུར་པས་མེད་པ་སྟོང་ཆད་ཀྱི་ཕྱོགས་སུ་མ་ལྷུང་སྟེ། ཡོད་མེད་ཡིན་མིན་གཉིས་དང་བྲལ་བ། རྟག་ཆད་སོགས་སྤྲོས་པའི་མཐའ་བརྒྱད་ལས་ཡོངས་སུ་འདས་པ་ནི་དབུ་མའི་ལམ་ཞེས་པ་དེ་ཡིན། གསུམ་པ་གཅིག་ཐ་དད་ཀྱི་སྒོ་ནས་དཔྱད་པ་ནི། སེམས་འདི་གཅིག་པུ་ཞིག་གམ། དུ་མ་ཞིག་རེད་འདུག་ཡང་ཡང་དཔྱད་ནས་གཅིག་པུ་ཞིག་སྙམ་པ་བྱུང་ན། སྣ་ཚོགས་སུ་སྣང་བ་འདི་ལ་གཅིག་ཏུ་ཁས་ཅི་འདྲ་ལེན། ཡང་ན་དུ་མ་ཞིག་འདུག་སྙམ་ན་སྐྱེ་འགག་གནས་གསུམ་བྲལ་བའི་སྐབས་སུ་ཇི་ལྟར་འཕྲོ་བར་འདུག །སོ་སོར་རང་རིག་པའི་ཡེ་ཤེས་ཀྱི་རྩལ་རྒྱས་པ་དེས་ཡང་ཡང་དཔྱད་པའི་མཐར་གཅིག་ཐ་དད་ཀྱི་མཐའ་ལས་འདས་པར་རྟོགས་པ་དེ་ཉིད་ཕྱག་རྒྱ་ཆེན་པོ་རབ་ཏུ་མི་གནས་པ་ཞེས་བྱ་བ་དེ་ཡིན་པས་ཆོག་སྟེ། ས་ར་ཧ་པས། མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། །དེ་རིང་མགོན་པོ་ད་ལྟར་འཁྲུལ་བ་ཆད། །ད་ནི་སུ་ལའང་འདྲི་བར་མི་བྱའོ། །ཞེས་དང་། ཏིལླི་པས། དཔེར་ན་ནམ་མཁའི་རང་བཞིན་ཁ་དོག་དབྱིབས་ལས་འདས། །དཀར་ནག་དག་གིས་མ་གོས་འགྱུར་བ་མེད། །དེ་བཞིན་རང་སེམས་སྙིང་པོ་ཁ་དོག་དབྱིབས་ལས་འདས། །དགེ་སྡིག་དཀར་ནག་ཆོས་ཀྱིས་གོས་མི་འགྱུར། །ཞེས་དང་། བྱམས་པ་མགོན་པོས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་པ་ལྟར་སེམས་ཀྱི་ངོ་བོ་དྭངས་སྙིགས་དང་། བྱུང་གནས་འགྲོ་གསུམ་གྱི་རྣམ་པ་དང་། རྟོགས་ལ་མི་རྟོགས་ལ། ཡོད་ལ་མེད། ཡིན་ལ་མིན། ལུང་མ་བསྟན་སོགས་དོན་དུ་རེ་དོགས་འབད་རྩོལ་ཐམས་ཅད་ཀྱི་རྩིག་པ་རྨང་ནས་འགྱེལ་བ་ལྟ་བུར་གྱུར་པའམ། རང་རིག་སྤྲོས་པ་བྲལ་བའི་གདངས་སུ་མཐིལ་ཡོངས་སུ་རྡོལ་བའི་ཕྱིར་ན། སངས་རྒྱས་སྟོང་གི་ཞལ་བསྡུར་ཀྱང་ཕྱིན་ཆད་དེ་ལས་ལྷག་པ་རྟོགས་རྒྱུ་དང་འདྲི་རྒྱུ་མེད་པའི་ངེས་ཤེས་གདེང་ཚུགས་ནས་སེམས་ཀྱི་ཕུ་ཐག་ཡོངས་སུ་ཆོད་པ་ཞིག་དགོས་སོ། །དེ་ཡང་ལྷག་མཐོང་ཞེས་པའི་དོན་ནི་གོང་དུ་བཤད་མ་ཐག་པའི་ཚུལ་ལྟར་གནས་འགྱུ་རིག་གསུམ་དབྱེར་མེད་གཅིག་ཏུ་རྟོགས་ནས་གཉེན་པོའི་རིག་ཆ་ལ་གསལ་རིག་འཛིན་མེད་ཀྱི་ཉམས་ཁྱད་པར་ཅན་འཆར་བ་དེ་ནི་དཔེར་ན་སྤྲོས་བྲལ་གྱི་སྔོན་འགྲོ་ལྟ་བུ་སྟེ་ཉི་མའི་དཀྱིལ་འཁོར་དངོས་མིན་ཡང་ཉི་མའི་ཟེར་རི་རྩེ་ལ་ཕོག་པའམ། ཟླ་བ་ཉ་མ་གང་ཡང་ཚེས་གསུམ་གྱི་ཟླ་བའམ། སྤྲིན་བྲལ་གྱི་ནམ་མཁའ་མཐོང་བ་ལྟ་བུ་དང་ངེས་པར་མཚུངས་ཏེ་གཞིའི་ངོ་བོ་ནི་གཅིག་ཡིན་རུང་། རྟོགས་པའི་མཐའ་རྒྱ་ཆོད་ལུགས་དང་དག་བྱའི་སྒོ་ནས་དཔྱད་ན་སྤྲོས་བྲལ་ནི་ཁྱད་པར་དུ་མས་འཕགས་ཏེ། སེམས་ཞི་གནས་ཀྱི་བརྟན་ཆ་རྨང་ནས་བཤིགས་པ་དང་། ཉམས་སྣ་ཚོགས་སྤྲིན་བཞིན་དེངས་པ་དང་། ལྷག་མཐོང་གི་ཉམས་ངེས་ཤེས་དང་བཅས་པ་ཡོངས་སུ་སྤྲོས་པ་བྲལ་བའི་དབྱིངས་སུ་ཉེ་བར་ཟླུམ་པར་བྱེད་པས་ན་རྟོགས་པའི་རླབས་ཁྱད་པར་དུ་མས་འཕགས་པ་ཉིད་ཡིན་ཏེ། ཡུམ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་དང་། མདོ་སྡུད་པ་ལས། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་ཀྱང་། །ནམ་མཁའ་ཇི་ལྟར་མཐོང་ཞེས་དོན་འདི་བརྟག་པར་གྱིས། །དེ་བཞིན་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །ཞེས་དང་། མངའ་བདག་མཻ་ཏྲི་པས། གཞི་ཡི་རང་བཞིན་ཡོངས་སུ་ཤེས། །གཉུག་མ་མཚོན་དུ་མེད་པ་འདི། །རྒྱལ་བ་རྣམས་ཀྱི་གཤེགས་ཤུལ་ཡིན། །རང་དང་འདུ་འབྲལ་གཉིས་སུ་མེད། །ཅེས་དང་། རྒྱལ་པོ་ཨིནྡྲ་བྷཱུ་ཏིས། རང་བཞིན་ཡེ་ནས་རྣམ་དག་པས། །གདོད་མའི་ཤེས་པ་སྤྲོས་དང་བྲལ། །དེ་བཞིན་གཤེགས་ཀུན་ངོ་བོ་ཉིད། །བདག་ཀྱང་འདི་ཉིད་རྟོགས་པས་གྲོལ། །ཞེས་དང་། རྗེ་རྒོད་ཚང་པས། ཟབ་ཞི་སྤྲོས་བྲལ་འདུས་མ་བྱས་པའི་དབྱིངས། །རང་བཞིན་རྣམ་དག་བདེ་བ་ཆེན་པོ་འདི། །ཡེ་ནས་རང་ལ་གནས་པས་བཙལ་མི་དགོས། །རང་གསལ་ཉིད་དུ་བཞག་པ་ཉམས་ལེན་ཡིན། །ཞེས་གསུངས་པ་ལྟར་རྟོགས་དགོས་པ་ཡིན་པས། སེམས་ཞི་གནས་དང་ཉམས་དང་ངེས་ཤེས། འཛིན་པ་སྙེམ་བྱེད་ཀྱི་རྩ་བ་ཆོད་ལ་མི་ཆོད་ལ། ཡོད་ལ་མེད་ཐམས་ཅད་ནི་དུས་གསུམ་གྱི་སྒོ་ནས་དང་། དངོས་པོ་དངོས་མེད་དང་། གཅིག་ཐ་དད་དང་འབྲེལ་ནས་ཤེས་རབ་ཟབ་མོས་སྒོམ་ཁ་ཡང་ཡང་བསྐོར་ཏེ་ཕྲ་ཞིང་ཕྲ་བ་ནས་ཞིབ་པར་དཔྱད་པ་བྱས་པའི་དབང་གིས། མེད་པ་ལ་ཡོད་པར་བཟུང་ནས་བག་ཆགས་ཀྱི་སྒྲིབ་པ་འཐིབ་པོ་ནི། དཔེར་ན་སེམས་ཆུ་རྙོགས་མའམ། གཉིད་དང་རྨི་ལམ་མམ། བར་སྣང་དུ་ན་བུན་འཁྲིགས་པ་ལྟ་བུ་དེ་དག་ལྷག་ལུས་མེད་པར་ཡོངས་སུ་སངས་ནས་གཞི་ལ་གནས་པའི་ཡེ་ཤེས་སྤྲོས་པ་དང་བྲལ་བ་ཉིད་སྙིང་ཁུང་ནས་རྒྱ་ཞིག་པ་ལྟ་བུ་འགྱུར་ཏེ། སེམས་ཉིད་དམ། རིག་པ་ཕྱི་ནང་སྟེང་འོག་བར་མེད་ཁྱབ་བརྡལ་ནམ་མཁའ་དང་དབྱེར་མེད་རོ་གཅིག་ཏུ་འདྲེས་ཏེ། དཔེར་ན་ཤེལ་གྱི་མཆོད་རྟེན་ནི་ཕྱི་གསལ། ནང་གསལ། རང་གསལ་ལམ། ཉི་མ་དང་ཟླ་བ་སྒྲོན་མེ་སོགས་ནི་ངོ་བོ་རང་གསལ་ལྷུན་གྱིས་གྲུབ་པ་ལྟར་གསལ་བྱ་གསལ་བྱེད་གཉིས་སུ་མ་དམིགས་པའི་རང་བཞིན་ཏེ། ཡེ་ནས་ཤེས་པ་རང་བབ་སྤྲོས་པ་ཐམས་ཅད་དང་བྲལ་བ་འདུ་འབྲལ་གཉིས་སུ་མེད་པ་དེ་ནི་ཆོས་ཉིད་དོན་གྱི་བཞུགས་ཚུལ་རང་ཡིན་པས་བབས་ཀྱིས་ལྷག་པར་ཤེས་དགོས་ཤིང་། མཉམ་བཞག་དེའི་ངང་ནས་ཡེངས་མ་ཡེངས་ཀྱི་རིས་མེད་པ་མཉམ་ཉིད་ཡངས་པ་ཆེན་པོའི་ཀློང་དུ་ཁོད་སྙོམས། རྣམ་རྟོག་གང་ཤར་ཐམས་ཅད་ངོ་བོ་ངོས་བཟུང་མེད་པར་སྟོང་གཟུགས་འཆར། སྔོན་གོམས་འདྲིས་འཇགས་པའི་རྐྱེན་གྱིས་དྲན་རྫི་ཏུར་རེ་བའི་བྱ་ར་རེ་ཡོང་ཡང་བྲལ་ཐོབ་ཀྱི་རིས་ཆེར་མེད་པས་ཅི་བྱ་གཏོལ་མེད་ཆུ་བུར་རྡོལ་བ་བཞིན་དུ་སྐད་ཅིག་ལ་ཚུགས་མི་ཐུབ་པར་ཁོ་རང་རང་ཡལ་རྗེས་མེད་དུ་འགྲོ་ཞིང་དོན་དུ་འགྲོ་འདུག་བྱ་སྤྱོད། བསྐྱེད་བཟླས་སྨྲ་བརྗོད། སྐྱིད་སྡུག་བཟང་ངན་གང་གི་སྐབས་སུའང་ངོ་བོ་ལ་རྐྱེན་དང་སྐྱོན་གང་གིས་ཀྱང་མ་གོས་པ་རིག་པ་རྗེན་སངས་ངེ་བ་བར་སྣང་དུ་དབྱུག་གུ་རྒྱབ་པའམ། ཆུ་འཕྱར་བ་ལྟ་བུ་གང་ལའང་ཐོགས་རྡུགས་མེད་པ་ཟང་ཐལ་ལེ་བ། སྣང་བ་དང་ལུས་དང་སེམས་སོགས་གང་ལའང་རག་མི་ལས་པར་འདུ་ཤེས་སམ་རྣམ་ཤེས་རང་འགགས་སུ་སོང་ཡང་རིག་པ་རང་གསལ་གྱི་གདངས་གྲྭ་མ་ཉམས་པས་སྒྱུ་མའི་སྤྲུལ་པ་ལྟ་བུ་གང་ལའང་སྐྱེ་འགག་གནས་གསུམ་དང་བྲལ་བ་ཡོངས་སུ་རྟོགས་དགོས་པ་ཡིན་ནོ།། ༈ །།གཉིས་པ་ཐུན་མོང་མ་ཡིན་པ་སྣང་སེམས་རོ་གཅིག་གི་རྣལ་འབྱོར་བསྒོམ་པ་ལ་གསུམ་ལས། དང་པོ་གཉིད་དང་རྨི་ལམ་གྱི་དཔེའི་སྣང་བ་སེམས་སུ་ངོ་སྤྲོད་པ་ནི། བྲམ་ཟེ་ཆེན་པོས། གང་ལ་དམིགས་ཀྱང་དམིགས་པ་དེ་ཡིས་ཐར་པ་བསྒྲིབས། །བཟང་བར་བཏགས་ཀྱང་དེ་ཡི་ནད་ཀྱིས་འཁོར་བར་ལྟུང་། །དམན་པའི་ལས་ལ་བརྟགས་པས་རྣམ་སྨིན་རྒྱུན་མི་ཆད། །ཅེས་དང་། ཀྱེ་མ་འདོད་པའི་དངོས་པོ་གང་ལ་ཆགས་མ་བྱེད། །འདི་ནི་བདེ་ཆེན་སེམས་མཆོག་གཟེར་བའི་ནད་རབ་སྟེ། །གལ་ཏེ་ཆགས་པར་བྱ་བའི་ཡུལ་ལ་ཡིད་ཆགས་ན། །དྲི་མ་མེད་པའི་སེམས་ལ་འདོད་པའི་མཚོན་གྱིས་བཏབ། །ཅེས་དང་། རྗེ་སྒམ་པོ་པས། ཇི་སྲིད་འཛིན་པའི་བརྟོད་ཕུར་མ་ཕྱིན་བར། །དེ་སྲིད་རྣམ་རྟོག་ཡོད་པས་ལས་གསོགས་པས། །མ་ཡེངས་དྲན་པའི་བྱ་ར་བརྟེན་དང་ལེགས། །ཞེས་དང་། རྗེ་འབྲི་གུང་པས། འབྲས་བུ་ལ་ངེས་ཤེས་སྐྱེས་ཙ་ན། །ཐོ་ཅོའི་རྩིང་ཧྲལ་ཡང་རྫུན་པོ་གདའ། །ནག་པོ་ཁ་འབྱམས་ཀྱི་སྤྱོད་པ་ལ། །བློ་གཏད་ཅིག་འདུག་གམ་མི་འདུག་ལྟོས། །ཞེས་དང་། ཆགས་ན་ལྷ་ལ་ཆགས་ན་མི་གྲོལ་ཏེ། །ཞེན་ན་ཆོས་ལ་ཞེན་ནའང་འཆིང་བའི་རྒྱུ། །ཕྱུགས་པོ་གསེར་སྲང་སྟོང་ལ་ཆགས་པ་དང་། །དབུལ་པོ་ཁབ་སྐུད་ཙམ་ལ་ཆགས་པ་གཉིས། །ལམ་གྱི་བར་ཆད་བྱེད་ལ་ཁྱད་པར་མེད། །དེས་ན་གང་ལའང་ཆགས་པར་མི་བྱའོ། །ཞེས་དང་། ཏིལླི་པས། ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང་། །ནམ་ཞིག་སྡུག་བསྔལ་འབའ་ཞིག་སྐྱེད་པར་བྱེད། །གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང་། །ཞེས་གསུངས་པ་ལྟར་སྣང་ཡུལ་བདེན་ཞེན་དུ་འཛིན་པ་རྣམས་ཀྱང་ཡོངས་སུ་གཏོང་ཐུབ་དགོས་པའི་ཕྱིར། རྗེ་མི་ལས། ཕྱི་སྣང་བ་ཇི་ལྟར་སྣང་ལགས་ཀྱང་། །མ་རྟོགས་དུས་སུ་འཁྲུལ་སྣང་སྟེ། །ཕྱི་ཡུལ་གྱི་ཞེན་པས་འཆིང་བར་བྱེད། །རྟོག་པ་རྣམས་ལ་སྒྱུ་མར་སྣང་། །ཡུལ་སྣང་སེམས་ཀྱི་གྲོགས་སུ་ཤར། །མཐར་ཐུག་གི་དོན་ལ་སྣང་མ་མྱོང་། །སྐྱེ་མེད་ཆོས་ཀྱི་སྐུ་རུ་གོ། །ཞེས་དང་། ཆོས་རྗེ་རང་བྱུང་རྡོ་རྗེས། ཕྱི་རོལ་སྣང་བ་སྣ་ཚོགས་འདི། །རང་གི་སེམས་ཀྱི་ཆོ་འཕྲུལ་ཏེ། །གཞན་དུ་བདེན་པ་རྡུལ་ཙམ་མེད། །དེ་ཕྱིར་རང་གི་སེམས་སུ་ལྟོས། །ཞེས་གསུངས་པ་ལྟར། དེས་ན་གཉིད་ཀྱི་དུས་སུ་བཟང་ངན་གྱི་རྣམ་པ་ཕྱོགས་ཀྱི་མཐའ་དང་དུས་ཀྱི་མུ་མེད་པར་བདེན་བདེན་ཡོད་ཡོད་ངེས་ངེས་ཇི་ལྟར་ཤར་རུང་། དོན་དུ་ཉམས་ཕབས་ནས་ཇི་ལྟ་བུ་དཔྱད་ན། སེམས་ལས་ལོགས་སུ་གྲུབ་པ་ནི་ཅུང་ཟད་ཙམ་ཡང་མེད་བཞིན་དུ། ད་ལྟའི་སྣང་བ་ཐམས་ཅད་ཀྱང་བག་ཆགས་མཐུག་ཞན། འགྲོགས་ཡུན་རིང་ཐུང་། ངོས་ཟིན་མ་ཟིན་ཙམ་ལས། དོན་དུ་གཉིད་ལོག་པའི་རྨི་ལམ་གྱི་འཁྲུལ་བ་དང་ཁྱད་པར་ཅི་ཡང་མེད་དོ། །བཟང་ངན་སྐྱིད་སྡུག་བདེན་ཞེན་འཛིན་པ་ཐམས་ཅད་ནི། དཔེར་ན་ཆོས་ཉིད་རྒྱལ་པོ་ལྟ་བུ་དང་། སྣང་སྲིད་མངའ་འབངས་ལྟ་བུའི་བར་དུ་ཀུན་བྱེད་འཁྲུལ་བ་བློན་པོ་ལྟ་བུ་ངན་ལང་ཤོར་ནས་ཡུལ་དོན་ལས་གསུམ་གྱི་རྣམ་པར་གཡེང་བའི་རྒྱ་རུ་བསྡམས་པར་བྱས་པ་ལས། མདོ་དོན་ཧྲིལ་གྱིས་དྲིལ་ན་ད་ལྟ་སེམས་ཡེངས་འཁྲུལ་གྱི་དབང་དུ་མ་སོང་བར་ལྷོད་ཀྱིས་གློད་དེ་མཉམ་པར་བཞག་པའི་སྐབས་སུ་སེམས་དང་སྣང་བ་ཞེས་རིས་མེད་རོ་གཅིག་ཏུ་འདྲེས་ཏེ་གཟུང་འཛིན་འཁྲུལ་བའི་ཡུལ་དོན་གཉིས་སུ་མེད་པར་ཕྱམ་བརྡལ་ལེ་བའི་ངང་ནས། ཡིན་མིན་རེ་དོགས་ཐམས་ཅད་རྨང་ནས་ཞིག་སྟེ་སེམས་ཐོག་རང་དུ་ཉམས་མྱོང་ངེས་ཤེས་དང་ལྡན་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་རྒྱུ་ཡོད་པ་ཡིན་ནོ། །གཉིས་པ་ཆུ་དང་འཁྱག་རོམ་གྱི་དཔེས་སྣང་སྟོང་ཟུང་འཇུག་ཏུ་ངོ་སྤྲད་པ་ནི། ཏིལླི་པས། གསེར་གྱི་རི་ཡི་ངོས་ནས་བྱ་འཕུར་ན། །བྱ་ཡི་རང་བཞིན་བོར་ནས་སེར་པོ་སྣང་། །དེ་བཞིན་རང་བཞིན་ངོས་ནས་འཁོར་བའི་ཆོས། །འཁོར་བའི་རང་བཞིན་བོར་ནས་ཆོས་སྐུ་སྣང་། །ཞེས་དང་། དྭགས་པོས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །ཅེས་དང་། དྭགས་སྒོམ་ཚུལ་ཁྲིམས་སྙིང་པོས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །རྣམ་རྟོག་ལྷན་ཅིག་སྐྱེས་པ་ཆོས་སྐུའི་རླབས། །དེ་ཕྱིར་གཤིས་མདངས་དབྱེར་མེད་ལྷན་ཅིག་སྐྱེས། །ཞེས་དང་། ལོ་རས་ཀྱིས། ཚོགས་དྲུག་ཡུལ་དུ་ཅི་ཤར་ཡང་། །ཡིད་ཀྱི་འཛིན་པ་མ་ཞུགས་ན། །ཐམས་ཅད་རང་སྣང་རང་གྲོལ་ཡིན། །དབྱེར་མེད་རྟོགས་སམ་སྒོམ་ཆེན་རྣམས། །ཞེས་དང་། གྲུབ་ཐོབ་ཅེར་སྒོམ་པས། ཇི་ལྟར་སྣང་བ་ཐམས་ཅད་ནི། །རིག་པ་སེམས་ཀྱི་རང་ངོ་ཡིན། །དེ་ལ་གཞི་རྩ་ངོ་བོ་མེད། །སྣང་སྟོང་དབྱེར་མེད་ཤེས་པར་བྱོས། །ཞེས་དང་། ཨོ་རྒྱན་ཆེན་པོས། སྣ་ཚོགས་སྣང་བའི་འཆར་སྒོ་མ་བཅོས་པར། །ཅིར་སྣང་ངོ་ཤེས་ཆོས་སྐུའི་རོལ་པའོ། །ཞེས་དང་། ཤ་བ་རི་པས། རྟོགས་པ་ཅན་ལ་བསྒོམ་བྱ་སྒོམ་བྱེད་མེད། །ཇི་ལྟར་ནམ་མཁས་ནམ་མཁའ་དམིགས་སུ་མེད། །དེ་ལྟར་སྟོང་པས་སྟོང་པ་བསྒོམ་དུ་མེད། །གཉིས་མེད་ཤེས་ན་ཆུ་དང་འོ་མ་ལྟར། །སྣ་ཚོགས་རོ་གཅིག་བདེ་ཆེན་རྒྱུན་ཆད་མེད། །ཅེས་དང་། དྭགས་པོས། རང་སེམས་ལྷན་ཅིག་སྐྱེས་པ་ཆོས་སྐུ་དངོས། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །རྣམ་རྟོག་ལྷན་ཅིག་སྐྱེས་པ་ཆོས་སྐུའི་རླབས། །དབྱེར་མེད་ལྷན་ཅིག་སྐྱེས་པ་ཆོས་སྐུའི་དོན། །དུས་གསུམ་རྟག་ཏུ་འགྱུར་བ་མེད་པས་ན། །གནས་སྐབས་གསུམ་དུ་འཆོལ་བྲལ་མེད་པ་བརྟེན། །ཞེས་གསུངས་པ་ལྟར་རྟོགས་དགོས་པར་འདུག་པས། དེས་ན་ཇི་ལྟར་སྣང་བའི་དུས་དེ་ཉིད་དུ་རང་སེམས་ཀྱི་ངོ་བོར་ཅི་ཡང་མ་གྲུབ་པས་སྟོང་པ་ཞེས་བྱ་ལ། ཅིར་ཡང་མ་གྲུབ་བཞིན་དུ་ཅི་ཡང་སྣང་གི་འདུག་པས། སྣང་བ་དགག་མ་དགོས། སྟོང་པ་བསྒྲུབ་མ་དགོས་པས་ན་སྣང་སྟོང་ཟུང་འཇུག་ཅེས་བྱ་སྟེ། དཔེར་ན་ཆུ་ཡི་ངོ་བོ་དེ། རེག་བྱ་ཕྲ་ཞིང་དྭངས་ལ་སླ་བ་ཞིག་ཡིན་རུང་རླུང་གིས་གཏོར་ཏེ་གྲང་རེག་གིས་བསྡམས་པའི་ཚེ། འཁྱག་རོམ་རྡོ་ལྟ་བུར་གྱུར་པ་ཡིན། དེ་ཉིད་མེ་ཉིའི་དྲོད་དང་འཕྲད་དུས་ཆུར་ངོ་བོ་གཅིག་ཏུ་ཞུ་བ་བཞིན། སེམས་སྟོང་པའང་མ་རིག་པ་འདུ་བྱེད་རྐྱེན་གྱི་རླུང་གིས་གཏོར་ནས་མེད་པ་ལ་ཡོད་པར་བཟུང་ནས་བདག་འཛིན་གྱི་བསྡམས་པས་རྣམ་རྟོག་ཉོན་མོངས་གཟུང་འཛིན་གྱིས་བསྡམས་པའི་འཁྱག་རོམ་ལྟ་བུ་དེ། བླ་མ་དམ་པའི་བྱིན་རླབས་དང་། སྔོན་ཚོགས་བསགས་དང་། ད་ལྟ་དཀའ་སྤྱད་དང་སྙིང་སྟོབས་ཀྱི་མེས། རྣམ་རྟོག་ཉོན་མོངས་ཀྱིས་བསྡམས་པ་རྣམས་གཉིས་མེད་ཡེ་ཤེས་ཀྱི་ཆུ་རུ་བཞུ་ནས། སྣང་སྟོང་ཟུང་འཇུག །བདེ་སྟོང་། གསལ་སྟོང་། རིག་སྟོང་ཟུང་འཇུག་ཏུ་ཤེས་ནས་གང་ཤར་ཆོས་སྐུ་རྒྱ་ཡན་ལ་ལོངས་སྤྱོད་ནས་འཁོར་འདས་དང་གཞི་ལམ་འབྲས་གསུམ་དབྱེར་མེད་དུ་རྟོགས་པ་ནི་སྣང་སྟོང་ཟུང་འཇུག་གམ། དུ་མ་རོ་གཅིག་ཏུ་རྟོགས་པ་ཞེས་བྱ་བ་ཡིན་ཏེ། དཔེར་ན༑ པཎ་ཆེན་ནཱ་རོ་ཕེབས་ལམ་མགར་བའི་གྲོང་ཞིག་ཏུ་ཞག་མལ་མཛད་པས། ནམ་ཕྱེད་ཡོལ་ཙམ་ནས་མགར་བ་ཞིག་གིས་ཐོ་བ་ཏག་ཏག་གཅིག་བྱས་པས། དེ་ནས་བཟུང་ཐམས་ཅད་ལངས་སྟེ་ཐོ་བའི་སྒྲ་ཆེན་པོས་བརྡུངས་བས། དེ་ལ་ཐུགས་མ་བདེ་ནས་དང་པོ་ཞེ་སྡང་གི་རྣམ་པ་ལང་ཡོད་ཀྱང་། སྐད་ཅིག་མ་དེ་ལ་ཞེ་སྡང་གི་རྟོག་པ་ངོས་བཟུང་རྩད་བཅད་དེ་ཐོ་བའི་སྒྲ་ཐོག་ཏུ་མཉམ་པར་བཞག་མཛད་པས་སྣང་སེམས་དབྱེར་མེད་དོན་གཅིག་མངོན་དུ་གྱུར་པ་ལྟ་བུའོ། །གསུམ་པ་ཆུ་དང་རླབས་ཀྱི་དཔེས་ཆོས་ཐམས་ཅད་རོ་མཉམ་དུ་གཏན་ལ་དབབ་པ་ནི། ས་ར་ཧས། ཁམས་གསུམ་མ་ལུས་འདི་དག་ཐམས་ཅད་ནི། །འདོད་ཆགས་ཆེན་པོ་གཅིག་ཏུ་ཁ་དོག་བསྒྱུར། །ཞེས་དང་། རྒྱལ་མཚན་དཔལ་བཟང་གིས། སྣང་བ་སྣ་ཚོགས་རྟེན་ཅིང་འབྲེལ་འབྱུང་ཡིན། །སྟོང་པ་ཕྱོགས་ཡན་ཁོ་ནར་མི་བལྟ་བར། །བྱམས་དང་སྙིང་རྗེ་དད་པ་མོས་གུས་སོགས། །ཐབས་རྣམས་ཀུན་ལ་རྩལ་སྦྱང་བྱེད་པ་གནད། །ཅེས་དང་། རྗེ་རྒྱ་རས་ཀྱིས། རོ་གཅིག་རྣལ་འབྱོར་ནོན་ཙ་ན། །འགྲོ་དོན་ས་བོན་དེ་རུ་གདའ། །རང་ལ་བརྩི་རྒྱུ་མི་བདོག་ཀྱང་། །མི་བདེན་བཞིན་དུ་རྟེན་འབྲེལ་བསྒྲིགས། །ཞེས་དང་། ཌོམ་བྷི་ཧེ་རུ་ཀས། སྲིད་ཞི་མཉམ་ཉིད་སྤྲོས་དང་བྲལ། །རྩོལ་སྒྲུབ་བྱེད་པ་ཤ་ཐང་ཆད། །ཡུལ་སེམས་གཉིས་མེད་ཟང་ཐལ་རྟོགས། །ཐ་དད་འཛིན་པ་ཉོན་རེ་མོངས། །བདག་གཞན་གཉིས་མེད་ཆོས་སྐུ་ལ། །བཟང་ངན་འཛིན་པ་སྙིང་རེ་རྗེ། །ཞེས་གསུངས་པ་ལྟར་རྟོགས་དགོས་པ་ཡིན་པས། དཔེར་ན་ཆུ་རླབས་ཆུ་ཉིད་ལས་མ་གཡོས་བཞིན་དུ། འདིར་སྣང་གི་ཆོས་ཐམས་ཅད་རང་གི་སེམས་ཉིད་སྟོང་པའི་རྩལ་ལམ། གདངས་མ་འགགས་པ་རྣམ་པར་ཤར་བ་ཡིན་པ་ནི་གོང་དུ་བཤད་པའི་ཚུལ་ལྟར་དང་། དེའང་མཉམ་བཞག་གི་སྐབས་སུ་སྣང་སྟོང་ཟུང་དུ་འཇུག་པ་ཙམ་གྱིས་མི་ཡོང་བར་ད་ནི་རྗེས་ཐོབ་ཀྱི་སྐབས་སུའང་རྣམ་རྟོག་ཉོན་མོངས་བག་ཉལ་ཡོད་པ་ཕྲ་མོ་ཚུན་ཆོད་དང་། བཟང་ངན་གྱི་རྐྱེན་རྣམ་པ་སྣ་ཚོགས་ཁུར་མ་ཐེག་པ་ཐམས་ཅད་ཀྱང་ཆེད་དུ་རོ་མྱོང་ནས་གཤིས་བློ་འདས་ཀྱི་རྟོགས་པ་དང་མདངས་བློ་འདས་ཀྱི་རྟེན་འབྲེལ་གཉིས་ཕན་ཚུན་འགལ་མེད་མཉམ་པ་ཉིད་དུ་རྩལ་ཡོངས་སུ་བྱང་ཞིང་རྫོགས་དགོས་པའི་ཕྱིར། ལམ་དུ་ཁྱེར་དགོས་པ་ཡིན་ཞིང་། སྟོང་པའི་རང་མདངས་བྱམས་དང་སྙིང་རྗེ་དག་སྣང་མོས་གུས་སེམས་བསྐྱེད་སྤྲོས་བཅས་བསྐྱེད་རིམ་སོགས་མདོར་ན་གཉིས་ཆོས་ཐམས་ཅད་ལ་རིག་པའི་ཡང་རྩལ་སྦྱངས་ནས་ཀུན་ཀྱང་གཉིས་མེད་དུ་རྟོགས་པར་བྱ་དགོས་ཏེ། སྟོང་པའི་རང་མདངས་དག་སྣང་ལངས་ནས་ཞིང་ཁམས་ཕྱོགས་མེད་སྦྱངས། སྟོང་པའི་རང་མདངས་བཟོད་མེད་མོས་གུས་ལངས་ནས་སྣང་སྲིད་སྐུ་གསུམ་གྱི་རོལ་པར་བལྟ། སྟོང་པའི་རང་མདངས་བསྐྱེད་རིམ་དུ་ལངས་ནས་ཕུང་ཁམས་སྣང་སྲིད་ཐམས་ཅད་ལྷའི་འཁོར་ལོར་སྦྱངས་པས་སྣང་སྟོང་དབྱེར་མེད་ཆུ་ཟླ་ལྟ་བུའི་ཟུང་འཇུག་ཐོབ་ཏེ་གོལ་འཁྱུག་མེད་པ་རྒྱལ་བའི་གཞུང་ལམ་ཆེན་པོར་ཚུད་པར་བྱ་དགོས་ཏེ། བིར་བ་པས། ཀུན་རྫོབ་སངས་རྒྱས་མི་རེའི་གདེང་ཆེན་ལྡན་གྱུར་ཀྱང་། །བསོད་ནམས་ཚོགས་ཆེན་མི་སྤང་ཅི་ནས་འབད་པར་བྱ། །འཁོར་བ་དག་ལ་དོགས་པའི་སེམས་མེད་འཇིགས་བྲལ་ཡང་། །སྡིག་པའི་ལས་རྣམས་ཕྲ་མོ་དག་ལ་འཛེམ་པར་བྱ། །ཆོས་རྣམས་ཐམས་ཅད་སྟོང་པ་མཁའ་ལྟར་དག་གྱུར་ཀྱང་། །ཆགས་སྡང་འཛིན་ཞེན་ཐམས་ཅད་རྩད་ནས་སྤང་བར་བྱ། །ཆོས་ཉིད་མཐའ་བྲལ་ཟང་ཐལ་ཆེན་པོའི་དོན་རྟོགས་ཀྱང་། །བརྟན་པ་མ་ཐོབ་བར་དུ་ཉམས་རྟོགས་གཞན་ལ་གསང་། །དོན་དམ་མཉམ་བཞག་གཉིས་སུ་མེད་པར་རྟོགས་གྱུར་ཀྱང་། །ཀུན་རྫོབ་འགྲོ་ལ་ཕན་པའི་དོན་ཆེན་དག་ལ་བསམ། །འདྲེན་པ་གཞན་ལ་མི་ལྟོས་གདེང་ཆེན་ལྡན་གྱུར་ཀྱང་། །བཀའ་དྲིན་ཅན་གྱི་བླ་མ་སྤྱི་བོའི་གཙུག་ཏུ་ཁུར། །ཞེས་དང་། ཡེ་ཤེས་མཁའ་འགྲོ་ལས། ཅིར་སྣང་སྒོམ་དུ་མ་ཤར་ན། །གཉེན་པོ་བརྟེན་པས་ག་ལ་སྤངས། །ཡུལ་རྐྱེན་སྤངས་པས་མི་སྤངས་ཏེ། །སྒྱུ་མར་ཤེས་ན་རང་སར་གྲོལ། །དེས་ན་དེ་ལྟར་གོམས་པའི་དབང་གིས་གདོད་མའི་གནས་ལུགས་ཀྱི་གཤིས་སུ་ལངས་པས། བླ་མ་རང་སེམས་དབྱེར་མེད། སྣང་སྲིད་སེམས་ཀྱི་རོལ་པ། བསྐྱེད་རྫོགས་ཟུང་འཇུག་ཆེན་པོ། སྟོང་ཉིད་སྙིང་རྗེ་དབྱེར་མེད། ཐམས་ཅད་ཆོས་ཉིད་ཀློང་ཡངས་ཀྱི་ངང་དུ་འུབས་ཆུབ་ནས་རོ་གཅིག་ཏུ་མངོན་སུམ་དུ་གྱུར་པ་ནི་གཅིག་ཤེས་ཀུན་གྲོལ་ལམ། ཆོས་ཉིད་གཅིག་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རོ་གཅིག་དུ་མར་ཤར་བ་ཞེས་བྱ་བ་དེ་འབྱུང་བ་ཡིན་ནོ། །དེ་ལྟ་བུ་བསྒོམ་ཞིང་སྤྲོས་བྲལ་ལེགས་པར་རྟོགས་པ་དེས་སེམས་མ་རིག་པའི་ཆ་དང་། བསྒོམ་པའི་ཞི་གནས་དང་། དེའི་རྩལ་ལས་ཤར་བའི་ཉམས་སྣ་ཚོགས་སོགས་ཆོས་ཐམས་ཅད་ཀྱི་སྒྲོ་འདོགས་ཆོད་པའམ། རྩ་བ་ཡོངས་སུ་ཟླུམ་པར་བྱས་ནས་བདག་མེད་རྟོགས་པའི་ཤེས་རབ་ཟབ་མོས་མཐོང་མེད་མཐོང་ཆོས་སུ་གྱུར་ནས་སྤྲོས་བྲལ་རྟོགས་པའི་བཙན་ས་ཡོངས་སུ་ཟིན་པ་དེའི་ངང་ནས། དེ་ལ་བརྟེན་པའི་ཕྱི་གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱང་རང་བཞིན་མེད་པར་གཏན་ལ་འབེབས་དགོས་པའི་ཕྱིར་གོང་དུ་བཤད་པ་བཞིན། ལང་གཤེགས་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་བྱུང་། །དོན་ཡོད་མ་ཡིན་སེམས་དེ་ཉིད། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་དང་། གུར་ལས། ཐོག་མ་མེད་པའི་སྲིད་གྱུར་པའི། །ཕྱི་རོལ་དོན་དུ་བརྟག་པ་དེ། །ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ཡིན། །སེམས་ནི་ཀུན་ཏུ་སོང་བའོ། །ཞེས་གསུངས་པའི་དོན་བསྡུས་ནས་བླུན་གཏམ་གོ་བདེ་བ་རེ་བྱས་ན། དཔེར་ན་གཉིད་ལོག་པའི་རྨི་ལམ་གྱི་སྐབས་སུ་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ། རྟ་དང་གླང་ཆེན་སོགས་རྒྱུ་ནོར་རིན་ཐང་ཆེ་བ་ཅན་དང་། སྐྱེས་པ་དང་བུད་མེད་གཟུགས་བཟང་བ། དགྲ་འདུལ་གཉེན་སྐྱོང་། བཟང་ངན་བདེ་སྡུག་གི་རྣམ་པ། ཆེ་ཞིང་ཆེ་བ་ཕྲ་ཞིང་ཕྲ་བ་སོགས། ཕྱོགས་ཀྱི་མཐའ་དང་། དུས་ཀྱི་མུ་མེད་པ་ཞིག་འཆར་རུང་། གཡོ་རུང་། གནས་རུང་། ཐོབ་རུང་དོན་དུ་དེ་དག་ནི་རྨོངས་པ་གཏི་མུག་གཉིད་དུ་ཐིམ་པའི་འཁྲུལ་སྣང་ཁོ་ནའི་རང་བཞིན་ལས། ནམ་ཡང་བདེན་པར་གྲུབ་པ་ཅུང་ཟད་ཙམ་མེད་པ་ནི་རང་ཉིད་ཉལ་མལ་ལས་མ་གཡོས་བཞིན་དུ་སླར་གཉིད་སད་པའི་དུས་ན་ངོ་མཚར་དང་བཅས་ཏེ་ཡོངས་སུ་ཤེས་ཡོང་བ་ལྟར། གཞིའི་གནས་ལུགས་རྟོགས་པའི་ཚེ་ཕྱིའི་སྣང་བ་དང་ནང་གི་རིག་པ་གཉིས་མེད་མཁའ་ལ་ཉི་ཤར་ལྟ་བུ་རྟོགས་པར་འགྱུར་ཞིང་། དོན་དུ་ད་ལྟར་གྱི་སྣང་གྲགས་རྟོག་ཚོགས་ཀྱི་ཆོས་ཐམས་ཅད་ངོ་བོ་ཡེ་ནས་མཉམ་པ་ཉིད་དུ་གནས་པ་ཡིན་རུང་། བར་ནས་ཀུན་བྱེད་འཁྲུལ་བའི་བག་ཆགས་མཐུག་པོས་རིམ་གྱིས་བསྒྲིབས་ནས། ང་དང་བདག་མེད་པ་ལ་བདག་ཏུ་འཛིན་ནས། སྣོད་བཅུད་ཀྱི་སྣང་བ་དེ་དག་ལ་བཟང་ངན་གྱི་རྣམ་པ་སྣ་ཚོགས་རང་མ་རིག་པ་གཉིས་འཛིན་གྱིས་རིས་སུ་ཕྱེས་ནས། བཟང་པོ་ལ་ཞེན་ཅིང་ཆགས་ནས་འབད་རྩོལ་གྱིས་ཚུར་བསྒྲུབ། ངན་པ་ལ་དགྲ་རུ་ལྡང་ནས་ཕྱི་རོལ་དུ་སྤང་ཅི་ཐུབ་བྱས་པའི་རྒྱུ་རྐྱེན་རང་གིས། དེ་ནས་རང་རྒྱུད་ལའང་དེ་བཞིན་བདེ་སྡུག་གི་བག་ཆགས་རྣམ་པ་སྣ་ཚོགས་པ་མུ་མེད་པར་འགོས་ནས་བདེན་ཞེན་དངོས་པོ་ཨ་འཐས་ཅན་མངོན་སུམ་དུ་མྱོང་དགོས་པའི་རྒྱུ་མཚན་ངོ་མ་ནི་རང་སེམས་འཁྲུལ་བ་དེ་དག་རང་ལ་ཐུག་ཡོད་པ་ཡིན་པས་ཁ་ནང་དུ་བསྐོར་ནས་ཤེས་དགོས་པ་ཡིན། དེ་བཞིན་དུ་སྣང་བ་སེམས་སུ་ཤེས་ནས་སེམས་སྟོང་པའི་ངོ་བོར་སྣང་བ་ཐམས་ཅད་རོ་གཅིག་ཏུ་རྟོགས་པར་བྱེད་པ་ལའང་སྣང་བ་བཟང་ངན་དང་། ཆགས་སྡང་གི་འཛིན་ཞེན་དང་། བླང་དོར་གྱི་རྩོལ་སྒྲུབ་དང་། བདེ་སྡུག་མྱོང་བའི་འབྲས་བུ་སོགས་ཆོས་ཐམས་ཅད་སྤྲོས་པ་ཉེ་བར་ཞི་བའི་ཚུལ་ཅུང་ཟད་མ་བཤད་ན་མི་གོ་བས། མདོར་ན་ཕྱི་རོལ་སྣོད་བཅུད་ཀྱི་རྣམ་པ་གཟུགས་དབྱིབས་དང་། ཁ་དོག་དང་། སྒྲ་ཚིག་སོགས་ཚོགས་དྲུག་གི་སྣང་བ་ཇི་སྙེད་ཅིག་ཡོད་རུང་། མཐོང་རུང་། གསལ་རུང་། བདེན་རུང་། དོན་དུ་བཟང་ངན་སོགས་ཐམས་ཅད་ཆོས་ཉིད་སྟོང་པ་དེ་བཞིན་ཉིད་དུ་རོ་གཅིག་པ་ལས་ནམ་ཡང་མ་འདས། དེ་བཞིན་དུ་ནང་ཀུན་བྱེད་སེམས་འདི་ཡང་དང་པོ་མ་རིག་འཁྲུལ་བའི་དབང་དུ་ཤོར་བའི་ཚེ་གཟུང་འཛིན་གཉིས་པོ་ལག་སྦྲེལ་ནས་འཁྲུལ་རྟོག་ཡིན་པར་ངོ་ཤེས་མི་ཐུབ་པར་ཇི་ཙམ་བཤད་ཅིང་དཔྱད་པ་བྱས་རུང་སྣང་བ་ལ་བདེན་ཞེན་ཅན་མཐོང་ནས་ཨ་འཐས་ཀྱི་འཛིན་པ་ཁོ་ན་ལས་མེད་པ་དང་། བར་དུ་མཉམ་བཞག་ལ་ཅུང་ཟད་གོམས་འདྲིས་ཐོན་པའི་སྟོབས་ཀྱིས་གཟུང་འཛིན་གྱི་བར་ལག་ཤགས་ཀྱི་འབྱེད་ནའང་བག་ཆགས་ངན་གོམས་ཀྱིས་ཡུལ་ཕྱིར་ཤེས་པ་དབང་མེད་དུ་དགྲ་ལྟར་རྒྱུག་པ་དང་། རྐུན་པོ་ལྟར་འཇབ་ནས་འགྲོ་བ་དང་། མདོར་ན་ངན་གོམས་ཤུགས་ཀྱིས་སྡོད་མི་ཚུགས་པ་ལྟ་བུ་འབྱུང་གི་ཡོད། འབྱུང་ཡང་བཟོ་བཅོས་དགག་སྒྲུབ་མེད་པར་དྲན་པ་ཁོང་ཡངས་སུ་ངང་བསྐྱང་བའི་མཐར། རིམ་གྱིས་གཉེན་པོ་རྒྱལ་པོ་ལྟ་བུའི་རྒྱལ་ས་ནོན་ནས་རྣམ་རྟོག་འཛིན་ཞེན་ཐམས་ཅད་འབངས་ཆོམས་ལ་ཕབ་པ་བཞིན་དབང་མེད་དུ་འདུས་ནས་ཆེར་ལྡང་མི་ནུས་པར་ཉམ་ཆུང་བ་བྲན་གཡོག་ཏུ་བཀོལ་བཏུབ་པ་ལྟ་བུ་གྱུར། དེ་ཡང་ངོ་བོ་སྟོང་གསལ་གྱི་གཤིས་སུ་དབྱེར་མེད་རོ་གཅིག་ཏུ་འདྲེས་ནས་འཛིན་རྟོག་མཚན་མའི་སྤྲོས་པ་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་ཉེ་བར་ཞི་བར་འགྱུར། གདོད་ནས་རང་བྱུང་གི་ཡེ་ཤེས་གསལ་འགྲིབ་མེད་པར་རང་ཆས་ལྷུན་གྲུབ་ཏུ་ཡོད་པའི་དབང་གིས་བརྟག་དཔྱད་སོགས་ཀྱིས་གཏན་ལ་འབེབས་མ་དགོས་པར། དཔེར་ན་མེ་ལོང་དྭངས་པའི་ངོགས་ན་གཟུགས་བརྙན་གང་རུང་བཙན་ཐབས་སུ་འཆར་བ་བཞིན། སྣང་བ་སྣ་ཚོགས་གོ་མ་འགགས་པ་སྣང་ཡང་སྣང་མ་ཐག་ཏུ་སེམས་འཛིན་པའི་ངོ་བོ་ཡོངས་སུ་སྟོང་། སྟོང་བཞིན་དུ་སྣང་བ་གོ་མ་འགགས་ཤིང་སྤུ་མ་བརྗེ། མདོག་མ་བསྒྱུར། གྲྭ་མ་ཉམས་པར་བཟང་ངན་གཉིས་སུ་མེད་པས་ཆོས་ཀྱིས་སྐུ་རུ་བཀྲ་ལམ་གྱིས་ཤར་ནས་སྣང་སྟོང་དབྱེར་མེད་ཟུང་དུ་འཇུག །སྒོམ་ཉམས་ཀྱི་གོ་ར་ནས་ཐོན། བག་ཆགས་ཀྱི་རྫུན་ཕུག་རྡིབ། སྣང་བའི་རྒྱ་ལས་གྲོལ། འཛིན་པའི་མདུད་པ་ཞིག་ནས་སྣང་རྐྱེན་ཡེངས་མེད་སྒོམ་གྱི་རྒྱན་དུ་ཤར་བ་ཞིག་ཡོང་རྒྱུ་ཡོད་པ་ཡིན་ནོ། །དེས་ན་གོང་དུ་བཤད་པ་བཞིན་མཉམ་བཞག་གི་སྐབས་སུ་སྟོང་པའི་ངོ་བོ་ལ་སྣང་བ་ཐམས་ཅད་ཚུར་རོ་གཅིག་པ་ཉམས་སུ་མྱོང་བ་ཙམ་གྱིས་མི་ཡོང་སྟེ། སྟོང་ཉིད་དེའི་རྟེན་འབྲེལ་དུ་སྣང་བ་ཐམས་ཅད་གོ་ནས་སྟོང་པ་གཅིག་གིས་སྣང་བ་མཐའ་དག་ལ་རྒྱས་དབྱེར་མེད་དུ་ཐེབས་ནས་རྒྱུ་འབྲས་ལ་བྱན་ཡོངས་སུ་ཚུད་དགོས་པའི་ཕྱིར། ས་ར་ཧས། ཇི་སྲིད་སེམས་ལས་རྣམ་འཕྲོས་པ། །དེ་སྲིད་མགོན་པོའི་རང་བཞིན་ནོ། །ཞེས་གསུངས་པ་ལྟར་རྟོགས་དགོས་པ་ཡིན་ཏེ། དཔེར་ན་ཆུ་རླབས་ཆེ་ཕྲ་ཇི་ལྟར་རྒྱུ་ཡང་ཆུ་ཡི་ངོ་བོ་ལས་ནམ་ཡང་གཡོ་བ་མི་སྲིད་པ་བཞིན་དུ་སེམས་ཉིད་གདོད་མ་ནས་སྤྲོས་པའི་མཐའ་ཐམས་ཅད་ལས་བྲལ་བ་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་འདུས་མ་བྱས་པ་འདིའི་ངང་ནས་ཆོས་ཐམས་ཅད་རང་མདངས་མ་འགགས་པའི་འཆར་སྒོ་ཙམ་ལས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལོགས་ནས་གྲུབ་པ་དང་། ཕན་གནོད་བྱེད་པའི་རྒྱུ་ནི་རྡུལ་ཕྲ་རབ་ཙམ་གྲུབ་པ་མེད་པ་ནི་ཁ་ཡིས་བཤད་ཡམ་ཙམ་མ་ཡིན་པར་ཉམས་མྱོང་འཁྲུལ་མེད་རང་གི་ཐོག་ནས་ཐག་གཅིག་ཏུ་ཆོད་རྒྱུ་ཡོད་པ་ནི་ད་ལྟ་ལམ་དུས་ཀྱི་སྐབས་འདིར་བླ་མའི་གདམས་ངག་དང་བྱིན་རླབས་ཞུགས་པ་དང་རང་གི་ཉམས་མྱོང་གནད་ཐོག་ཏུ་ཁེལ་བའི་སྟོབས་ཀྱིས་ཕྱི་ཚོགས་དྲུག་གི་ཤེས་པ་ལའང་། སྣང་ཙམ་ཐོས་ཙམ་རེག་ཙམ་དུ་ངང་བསྐྱངས་ནས་སྣང་སེམས་གཉིས་མེད་མཉམ་པ་ཉིད་དུ་རྩལ་རྫོགས་དགོས་པའི་ཕྱིར། ད་ལྟར་གྱི་བཟང་ངན། བདེ་སྡུག་ན་ཚ་འཇིགས་སྐྲག་ལྷ་འདྲེ་རེ་དོགས་སོགས་གང་ཤར་ཅིར་སྣང་ཐམས་ཅད་མ་སྤངས་གནས་སུ་དག་ནས་གྲོགས་ཀྱི་རང་བཞིན་ཡོངས་སུ་ཤེས་དགོས་ཏེ། ཕྱི་རོལ་གྱི་སྣང་བ་ཆོས་སྐུའི་རྒྱན་དུ་གྱུར། ནང་དུ་རང་རིག་བདེ་བ་ཆེན་པོ་འཆར། གང་ཤར་ཆོས་སྐུ་རྒྱ་ཡན་ལ་ལོངས་སྤྱོད། འཁོར་འདས་ཐམས་ཅད་ཆོས་སྐུའི་རོལ་པར་ཡོངས་སུ་ཤེས། གཞི་འབྲས་དབྱེར་མེད་གཅིག་གི་དོན་རྟོགས། རྣམ་རྟོག་ཆོས་སྐུར་གྲོལ། ཉོན་མོངས་ཡེ་ཤེས་སུ་གནས་འགྱུར་འཁོར་བ་མྱང་འདས་སུ་ལྷུན་གྱིས་གྲུབ་ནས་ཆོས་སྐུ་ཆེན་པོ་གཅིག་ཏུ་གཏན་ལ་འབེབས་པ་ཡིན་པར་གསུངས་སོ། །གསུམ་པ་ཆོས་ཐམས་ཅད་གཉུག་མ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུར་གཏན་ལ་འབེབས་པ་བསྒོམ་མེད་ནི། བསྲེ་སྐོར་གྱི་གཞུང་ལས། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏིལླི་ངས་ནི་ཅི་ཡང་བསྟན་དུ་མེད། །རང་གིས་རང་ལ་མཚོན་ཏེ་ཤེས་པར་བྱོས། །ཞེས་གསུངས་པ་ལྟར་རྟོགས་དགོས་པ་སྟེ། སྤང་བྱ་ཉོན་མོངས་མཐའ་དག་གི་རྩ་བ་ཡོངས་སུ་ཟད་པས་ན་སྤངས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བདེན་ཞེན་དང་མཚན་འཛིན་ཐམས་ཅད་གཞི་མེད་དུ་སངས་པས་སྐུ་གསུམ་གྱི་ངོ་བོ་ལྷུན་གྱིས་གྲུབ་ནས་སྣང་སྲིད་དག་པ་རབ་འབྱམས་སུ་གྱུར་པ་ནི་རྟོགས་པ་ཕུན་སུམ་ཚོགས་པ་སྟེ་བསྒོམ་བྱ་སྣང་ཡུལ་དང་འཛིན་སེམས་གཉིས་ལ། སྒོམ་བྱེད་གཉེན་པོ་དྲན་ཤེས་སམ་རིག་མ་རིག་གི་ཆ་གཉིས་སུ་འཛིན་པ་ཅུང་ཟད་ཙམ་ཡང་མེད་པར་བདག་གཞན་དང་། དུས་གསུམ་འཁོར་འདས་གཞི་འབྲས་སོགས་གཉིས་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཆེན་པོ་གཅིག་ཏུ་གྱུར་ནས་བློ་འདས་བསམ་བརྗོད་ཀྱི་ཤེས་པ་ཕྱལ་བར་སོང་ནས་ཡེ་ནས་གདོད་མའི་གནས་ལུགས་དངོས་དང་དངོས་མིན། སྣང་དང་མི་སྣང་། སྟོང་དང་མི་སྟོང་། ཡོད་མེད་མཐའ་དབུས། རྟག་ཆད་སྐྱེ་འགག །གཟུང་འཛིན་མཚན་མ་ཐམས་ཅད་དང་རྣམ་པར་བྲལ་བ་དཔེ་ནམ་མཁའ་ལྟ་བུའི་རང་བཞིན་ཏེ། ཀུན་རྫོབ་རྫུན་པ་དང་བྲལ་བས་འཁོར་བ་སྤང་དུ་མེད། དོན་དམ་བདེན་པ་དང་བྲལ་བས་མྱང་འདས་རྟོགས་སུ་མེད་པས་ན་འཁོར་འདས་དབྱེར་མེད་པ་སྟེ། ས་ར་ཧས། ལྷན་ཅིག་སྐྱེས་གང་བདུད་རྩིའི་རོ། །རྒྱུན་མི་ཆད་པའི་བདག་ཉིད་དེ། །ཆུ་བོའི་རྒྱུན་དང་ནམ་མཁའ་བཞིན། །མི་འགྱུར་དུས་རྣམ་ཀུན་ཏུ་བརྡལ། །རྟོག་པའི་རྗེས་འབྲང་མཚན་མའི་བློས། །ནམ་ཡང་ཤེས་པ་མ་ཡིན་ནོ། །བསམ་དུ་ཡུལ་མེད་རྟག་ཏུ་མེད། །ཡུལ་མེད་གོམས་པ་ག་ལ་འགྱུར། །བསྒོམ་མེད་ཉིད་ཀྱང་གོ་མ་འགྱུར། །དེ་ཡིས་དོན་ལ་གང་འདྲེས་པ། །སངས་རྒྱས་ཀུན་གྱི་ཐུགས་དང་མཉམ། །ཞེས་དང་། ཤ་བ་རི་པས། རྒྱུ་དང་མི་རྒྱུ་གཡོ་དང་མི་གཡོ་བར། །ཇི་ལྟར་དངོས་དང་དངོས་མེད་སྣང་སྟོང་ལ། །ཐམས་ཅད་མ་ལུས་ནམ་མཁའི་རང་བཞིན་ལས། །དུས་རྣམ་ཀུན་ཏུ་ནམ་ཡང་གཡོ་བ་མེད། །དེ་ལྟར་ནམ་མཁའ་སེམས་དང་ཆོས་ཉིད་ལ། །ཐ་དད་ཅུང་ཟད་ཡོད་པ་མ་ཡིན་ཏེ། །དེ་ཡང་མིང་གིས་གློ་བུར་བཏགས་པ་ཙམ། །ཐ་སྙད་མ་ལུས་རྫུན་གྱི་ཚིག་ཏུ་ཟད། །ཅེས་དང་། དཔལ་རི་ཁྲོད་དབང་ཕྱུག་གིས། སེམས་ཡོད་གྱུར་ན་ཆོས་ཀུན་རིག་གྱུར་ནས། །སེམས་མེད་པ་ལ་ཆོས་ཤིག་སུ་ཡིས་རྟོགས། །སེམས་དང་ཆོས་སུ་སྣང་བ་ཐམས་ཅད་ནི། །བཙལ་ན་མི་རྙེད་ཚོལ་མཁས་སུ་ཡང་མེད། །མེད་པ་དུས་གསུམ་མ་སྐྱེས་མི་འགག་པར། །དེ་བཞིན་གཞན་དུ་འགྱུར་བ་མེད་པ་ནི། །རང་བཞིན་བདེ་བ་ཆེན་པོའི་གནས་ལུགས་ཡིན། །ཞེས་གསུངས་པ་ལྟར་ཡེ་གདོད་མ་ནས་འཁོར་འདས་དབྱེར་མེད་ཐིག་ལེ་ཉག་གཅིག་གི་ངང་དུ་འགྱུར་ལྡོག་མེད་པ་གནས་ཡོད་པའི་དབང་གིས། ད་ལྟ་རེ་དོགས་སྤང་བླང་གང་བྱས་ཐམས་ཅད་ནི་ནམ་མཁའ་སྟོང་པ་ལ་བཟོ་བཅོས་ཕྲི་བསྣན་གྱི་ལྷན་པོ་གདབ་པ་ལྟ་བུར་སོང་ནས་ཀུན་རྫོབ་ཀྱི་མཚང་རིག་ཅིང་རྫུན་ཕུག་ཡོངས་སུ་རྡིབ། དྲན་ཡེངས་སོགས་ཀྱི་ཐོབ་ཤོར་དང་གསལ་འགྲིབ་མེད་པས་སྐྱེ་མེད་ཟང་ཐལ་ཆེན་པོ་ལ་རྒྱུན་ཆད་མེད། བསྒོམ་མ་བསྒོམས་ཀྱི་བློ་སྐད་ཅིག་ཙམ་ཡང་སྐྱེ་རྒྱུ་མེད་པས་ལམ་ཆད་དེ། བལྟ་བྱ་ལྟ་བྱེད། བསྒོམ་བྱ་སྒོམ་བྱེད། དཔྱད་བྱ་དཔྱོད་བྱེད། འཐོབ་བྱ་ཐོབ་བྱེད་ཐམས་ཅད་དབྱིངས་སུ་དག་སྟེ། དེ་ལས་གཞན་དུ་ཕྱིན་པ་མེད། འཇུག་ས་མེད་དེ་ལམ་གོང་དུ་ཕུལ་ས་དང་རྟོགས་བྱ་ཅུང་ཟད་ཙམ་མེད་པས་ན་མི་གནས་པའི་མྱ་ངན་ལས་འདས་པའི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཡོངས་སུ་ཐོབ་སྟེ། རྗེ་བཙུན་གྱིས། ལྟ་བ་གཏན་ལ་འབེབས་ཙ་ན། །རྨོངས་པ་རང་འདྲ་མ་གཏོགས་པའི། །ཡང་དག་རྫོགས་པའི་སངས་རྒྱས་ཀྱང་། །ལྐུགས་པའམ་གཞོན་ནུའི་དགའ་བ་བཞིན། །མཚོན་པ་ཙམ་དུ་མ་གཏོགས་པ། །དོན་དུ་སྟོན་པ་ངས་མ་མཐོང་། །ཞེས་དང་། ཀུན་མཁྱེན་པད་དཀར་གྱིས། གང་ཞིག་ཉེ་བར་བརྗོད་པ་ལ། །ཀུན་མཁྱེན་ཚིག་གིས་དབུལ་གྱུར་པ། །བློ་ཡི་ཡུལ་མིན་དཔེ་གཞན་གྱིས། །བསླད་བྱ་མིན་པས་དམིགས་སུ་མེད། །ཅེས་དང་། རྗེ་མི་ལས། མཉམ་བཞག་རྗེས་ཐོབ་མེད་ན་བསྒོམ་མེད་རྣལ་འབྱོར་ཡིན། །སྣང་སེམས་གཉིས་མེད་རྟོགས་ན༴ །འོད་གསལ་གཉིས་སུ་འདྲེས་ན༴ བསྒོམ་བྱ་སྒོམ་བྱེད་མེད་ན༴ རྒྱ་གསུམ་དང་བྲལ་སངས་རྒྱས་རྣལ་འབྱོར་ཡིན། །ཞེས་དང་། དྭགས་པོས། གནས་འགྱུ་འདམ་ཁ་མེད་པས་གང་བྱུང་ཆོག །དྲན་པའི་འཚོ་སྐྱོང་མེད་པས་ཡེངས་དོགས་མེད། །མཉམ་རྗེས་རིས་བོར་མེད་པས་ཐུན་མཚམས་བྲལ། །གང་བྱུང་ཆོས་ཀྱི་དབྱིངས་ལ་བླང་དོར་མེད། །ཐམས་ཅད་སྒྲོ་བཏགས་ཡིན་པས་རྫུན་ཕུག་རིག །སྒྲོ་འདོགས་སེམས་ལ་ཆོད་དང་སྒོམ་ཆེན་ཀུན། །ཞེས་དང་། སེམས་མེད་རྟོགས་ན་སྣང་སྲིད་རྒྱ་ཡན་ཡིན། །རྩིས་གདབ་མེད་ན་རྣམ་རྟོག་སྐྱེས་གྲོལ་ཡིན། །ཞེ་འདོད་མེད་ན་ཐམས་ཅད་མཉམ་ཉིད་ཡིན། །དེ་ལྟར་རྟོགས་ན་སྒོམ་པ་རྒྱུན་ཆད་མེད། །སྐྱེ་ཤི་མེད་པས་འཕོ་བའི་རྒྱལ་པོ་ཡིན། །འཛིན་ཞེན་མེད་པས་འོད་གསལ་ཁོར་ཡུག་ཡིན། །ཞེས་དང་། ཞེན་པ་མེད་ན་ལྟ་བ་ནམ་མཁའ་འདྲ། །རྒྱུན་ཆད་མེད་པས་ཉམས་མྱོང་ཆུ་བོ་འདྲ། །རེ་དོགས་མེད་པས་འབྲས་བུ་ལྷུན་གྱིས་གྲུབ། །ཅེས་དང་། གྲུབ་ཐོབ་ཨུ་རྒྱན་པས། ཕྱག་རྒྱ་ཆེན་པོའི་ཁོར་ཡུག་ལ། །ཐུན་སྒོམ་བློ་ཡི་དགོས་པ་མེད། །ཅེས་དང་། རྗེ་ཞང་གིས། བསྒོམ་མེད་རྣལ་འབྱོར་ཤར་དུས་སུ། །རིག་པའི་ངོ་བོ་རྟེན་དང་བྲལ། །རྣལ་འབྱོར་པ་ལ་བསྒོམ་རྒྱུ་མེད། །སྒོམ་མཁན་མི་འདུག་ཕྱལ་བར་སོང་། །ཞེས་དང་། གྲུབ་རྗེ་གླིང་གིས། རྗེ་ཡི་ཞལ་ནས་གཉུག་མའི་དོན། །སྒོམས་ཤིག་གསུངས་ནས་བསྒོམས་ལགས་ཀྱང་། །བསྒོམ་བྱ་སྒོམ་བྱེད་སྟོར་ནས་ཐལ། །ཐུན་མཚམས་བཟུང་རྒྱུ་མི་གདའ་འོ། །ཞེས་དང་། དུས་གསུམ་མཁྱེན་པས། སངས་རྒྱས་རང་གི་སེམས་ལས་རྙེད། །གྲུབ་པ་ཐོབ་པའི་བློ་དང་བྲལ། །ཞེས་དང་། ས་ར་ཧས། གཉིས་མེད་སེམས་ཀྱི་སྡོང་བུ་དམ་པ་འདི། །ཁམས་གསུམ་མ་ལུས་ཀུན་ཏུ་ཁྱབ་པར་སོང་། །སྙིང་རྗེའི་མེ་ཏོག་གཞན་ཕན་འབྲས་བུ་འཛིན། །ཞེས་གསུངས་པ་ལྟར། རྩོལ་བྲལ་ལམ། དབྱེར་མེད་དམ། བློ་འདས་སམ། ཁྱབ་གདལ་ལམ། ཡེ་རྫོགས་སམ། ཟང་ཐལ་ལམ། ལྷུན་གྲུབ་ཀྱི་ངང་དུ་འབྱམས་ཀླས་པར་གྱུར་ནས་གཞན་དོན་དུའང་ནོར་བུ་དང་དཔག་བསམ་གྱི་ཤིང་བཞིན། ཆོས་ཉིད་དེ་ཀ་ཐུགས་རྗེ་ཆེན་པོའི་རང་བཞིན་དུ་གྱུར་ནས། སྲིད་པ་ཇི་སྲིད་བར་གཞན་ཕན་གྱི་སྤྲུལ་པ་འགྲོ་དོན་རླབས་པོ་ཆེ་རྒྱུན་མི་ཆད་པར་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ཡིན་ནོ། །ད་ནི་ལྔ་པ་རྗེས་ལམ་ཁྱེར་བསྟན་པ་ལའང་སྤྱིར་བཤད་པ་དང་། བྱེ་བྲག་སོ་སོར་བཤད་པའོ། །དང་པོ་ལ་སྤྱོད་པའི་སྐོར་ལམ་ཁྱེར་བྱ་བའི་དུས་དང་དགོས་ཆེད་ནི། ཇི་སྐད་དུ། རང་ངོ་འཕྲོད་ཀྱང་གོམས་ཡུན་མ་བསྲིངས་ན། །རྣམ་རྟོག་ཁྲས་ཁྱེར་གཡུལ་ངོའི་བུ་ཆུང་འདྲ། །གོམས་ཡུན་བསྲིངས་ཀྱང་ཞེན་པ་མ་ལྡོག་ན། །ངལ་བ་དོན་མེད་རབས་ཆད་ཁེ་གྲགས་འདྲ། །ཞེས་དང་། ཚིག་ཏུ་ལྟ་བ་ཡོད་གྱུར་ཀྱང་། །རྐྱེན་ངན་ཐུབ་བམ་མི་ཐུབ་ལྟོས། །ཆོས་ཤན་རྐྱེན་གྱིས་ཕྱེད་པ་ལ། །རྐྱེན་དང་མི་བསྲེ་ཀ་མེད་ཡིན། །ཞེས་དང་། ཉོན་མོངས་སྐྱེས་དུས་གཉེན་པོ་མ་སླེབས་ན། །ཆོས་ཀྱི་དགོས་པ་སྟོར་རོ་དིང་རི་བ། །ཞེས་དང་། འཇིགས་མེད་གླིང་པས། ཆགས་སྡང་ཡུལ་མེད་རྩ་བྲལ་རྟོགས་ཤིང་། །རྐྱེན་ངན་ཆོས་སྐུར་ལམ་ལམ་འཆར་བའི། །བསྒོམ་མེད་རྒྱལ་པོའི་ཁྲི་ལ་འཛེག་མཁན། །གང་ཟག་དེ་ལ་སྐྱབས་སུ་མཆིའོ། །དོན་དུ་ཚེ་འདིའི་ཁེ་གྲགས་གཉེར་ལ། །སྒོམ་དུ་བདེ་གསལ་མི་རྟོག་སྐྱོང་བའི། །གྲུབ་ཐོབ་དེ་འདྲ་མངའ་ཐང་ཆེ་ཡང་། །གཞོན་པའི་ཡིད་སེམས་བ་སྤུ་མི་འགུལ། །ཞེས་གསུངས་པ་ལྟར། སྤྱིར་སེམས་ཉིད་ལྷན་སྐྱེས་ཀྱི་ངོ་བོ་མཐོང་ཞིང་། ཁྱད་པར་རྣམ་རྟོག་ལྷན་སྐྱེས་དང་། སྣང་བ་ལྷན་སྐྱེས་ཀྱི་ངོ་བོ་དཔྱིས་ཕྱིན་པར་མཐོང་ནས་དགེ་སྦྱོར་གྱི་དྲན་པས་ནམ་ཟིན་རྗེས་ཤེས་དང་། རྗེས་སྣང་ཕལ་ཆེར་རྗེས་ཐོབ་ཏུ་ལམ་ཁྱེར་བྱ་ཞིང་ལྷན་སྐྱེས་གསུམ་ངོ་མ་འཕྲོད་ན་རྐྱེན་སྣང་གི་ཤེས་པ་ཇི་ལྟ་བ་བཞིན་ལམ་དུ་ཁྱེར་མི་ནུས་པ་དང་། སྔོན་གྱི་བཀའ་གདམས་པ་རྣམས་ཀྱིས། ཚུལ་ཁྲིམས་ངོས་ལྐོག་མེད་པ་དང་། གཉེན་པོའི་རྐྱེན་ཐུབ་པ། གདམས་ངག་ལ་རང་བྱན་ཚུད་པ། དད་པས་ཁམས་སོས་པ། ནུས་པས་གནོད་པ་སེལ་ནུས་པ་དང་ལྔ་དགོས་པར་བཞེད་པ་དང་། སྒམ་པོས་ཀྱང་། གདམས་ངག་གི་གདེང་ཐོབ་པ། ནུས་པའི་གདེང་ཐོབ་པ། ཉམས་མྱོང་གི་གདེང་ཐོབ་པ། ལྟ་བའི་གདེང་ཐོབ་པ་དང་བཞིར་བཞེད་པས་དེ་ལྟ་བུའི་དུས་དང་། སྒོམ་ངོ་མཐོང་གི་རྟོགས་པ་ཤར་ཡང་། ཚེ་འདིའི་སྣང་ཞེན་གྱི་དབང་དུ་སོང་ནས་ཆགས་སྡང་གི་ཞེན་འཛིན་འཐས་ཏེ་ཐ་མལ་དུ་ལུས་པའི་སྐབས་དང་། ཡུལ་རྐྱེན་དྲག་པོས་དཀྲུགས་པའི་སེམས་ཁུ་འཕྲིག་ཅན་རང་ཕབ་ལམ་དུ་སློང་དཀའ་བའི་དུས་དང་། བདེ་དལ་གྱི་དུས་རྣམ་རྟོག་བག་ལ་ཉལ་ནས་ངོ་མ་ཤེས་པའི་དུས་དང་། མདོར་ན་དགེ་སྦྱོར་གྱི་དྲན་པས་ཤུགས་འབྱུང་ལམ་དུ་སློང་དཀའ་བ་དང་། རེ་དོགས་ལ་སོགས་པ་ཁུ་འཕྲིག་གི་རྟོག་པ་རང་མཚན་པས་རྒྱུད་མ་རུངས་པར་བྱེད་པ་དང་། ཡང་ན་དབེན་པའི་གནས་སུ་སྒོམ་ཁོར་ཡུག་ཏུ་ཤར་བ་དེ་བརྟན་ཞིང་བོགས་དབྱུང་བའི་ཕྱིར་རྐྱེན་ཐོག་ཏུ་ཁྱེར་ནས་སྤྱོད་པ་བྱེད་དགོས། དྲན་པ་སྐྱོང་དུས་རྟོག་འཕྲོ་ཕལ་ཆེར་ཡེ་ཤེས་སུ་དག་པ་བྱུང་ཡང་རྟོག་པ་རགས་པ་འགའ་ཞིག་དང་རྗེས་ཤེས་རྣམ་རྟོག་ཕལ་ཆེར་འདག་མི་ནུས་ཤིང་རྣམ་རྟོག་རྒྱ་འབྱམས་སུ་འགྲོ། རྗེས་སུ་ཆོས་སྐུ་ཡིན། ཡེ་ཤེས་ཡིན་སྙམ་ནས་རྒྱས་འདེབ་བྱེད་མཁན་མང་བ་མ་ཟད་སྤྲོས་བྲལ་གྱི་སྐབས་རྣམ་རྟོག་ཕྲ་མོ་ཆོས་སྐུར་འཆར་ཡང་ཆགས་སྡང་གི་རྟོག་པ་ཚན་ཆེ་ཆོས་སྐུར་འཆར་དཀའ། རོ་གཅིག་སྐབས་སུ་ཡུལ་རྐྱེན་དྲག་པོས་དཀྲུགས་པ་དགེ་སྦྱོར་དུ་འགྲོ་དཀའ་དེས་ན་སྒོམ་མཐོན་པོར་སླེབ་པའང་ལམ་ཁྱེར་གལ་ཆེ། དེང་སང་འགའ་རེ་སྒོམ་ངོ་མཐོང་ཙམ་སྔ་མོ་ནས་བྱུང་རུང་སྐྱེད་ཆེར་མི་འབྱུང་བ་སྒྱིད་ལུག་པ་ཐམས་ཅད་ལམ་གྱི་གནད་ཀ་མ་ཟིན་པ་ལས་བྱུང་བས། རྒྱུ་མཚན་དེ་དག་གིས་སྒོམ་གསར་རྙིང་ཐམས་ཅད་ལ་ལམ་ཁྱེར་གནད་ལ་མཁས་པ་གལ་ཆེ་བ་ཡིན་ནོ། །དེ་ནས་གནས་དང་སྤྱོད་པའི་རིམ་པ་ནི་སྡེ་དགོན་གྲོང་ཡུལ་སོགས་ལ་ཡིད་འཇུག་ཅིང་བག་ཕེབས་པའི་གནས་སུ་སྤྱོད་པ་བྱེད་པ་ནི་ཕྱི་ནང་གི་རྟེན་འབྲེལ་མ་ཚང་བས། སེམས་ལ་རྣམ་རྟོག་དང་ཉོན་མོངས་པ་གཟེར་ཅན་གྱི་སློང་དྲག་པོ་མི་འབྱུང་བས། ལེ་ལོ་སྙོམ་ལས་ཀྱི་ངང་དུ་ཡིད་དལ་དུ་ལུས་ནས་ལོ་མང་པོ་སྒོམ་ལོ་བྱས་ཀྱང་རྐྱེན་ཐོག་ཏུ་མི་ཁེལ་ཞིང་དགེ་སྦྱོར་ལོགས་སུ་ལུས། ཉོན་མོངས་པའི་རྐྱེན་བྱུང་ན་ཐ་མལ་དུ་འཆོར་བས་ན། གྲོང་ཡུལ་སྡེ་དགོན་ལ་སོགས་པར་ལོ་གསུམ་རེ་ཙམ་སྒོམ་པ་བས། གཉན་ས་གདུག་རྩུབ་ཅན་ལ་སོགས་སུ་རྐྱེན་དང་བསྲེས་ནས་ཟླ་རེ་ཙམ་གསང་སྤྱོད་བྱས་པ་བོགས་དབྱུང་ཆེ། དེས་ན་འཇིགས་ཤིང་ཡ་ང་བའི་རི་རྩེའམ། རི་ཁྲོད་དུ་མི་མ་ཡིན་གྱི་ཆོ་འཕྲུལ་བྱུང་བའི་གཉན་ས། རོ་དང་ཀེང་རུས་ཡོད་པའི་དུར་ཁྲོད། ཀླུ་དང་བཙན་སོགས་གནས་པའི་ཤིང་གཅིག་གི་དྲུང་། ཡི་དྭགས་དང་འདྲེ་ལ་སོགས་པ་འདུ་བའི་གྲོང་ཁྱེར་སྟོང་པ་བཞི་མདོ་སོགས་གང་རུང་ལ་སོང་སྟེ། ལེགས་འདོད་གྲགས་འདོད་རྙེད་འདོད། ངོམ་ཆོས་དང་། འདོད་ཡོན་ལམ་ཁྱེར་ཁོ་ནའི་ཕྱིར་ཙམ་དུ་མ་ཡིན་པར། ཀུ་སཱ་ལུའི་མཆོད་སྦྱིན་སྔོན་དུ་འགྲོ་བས་ཐ་མལ་གྱི་སྨྲ་བ་བཅད་དེ། གསང་སྔགས་བླ་མེད་ཀྱི་རྒྱུད་ནས་སྤྲོས་བཅས་དང་སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་དང་། མ་རྒྱུད་ནས་ཀུན་འདར་གསང་སྤྱོད་དང་། བརྟུལ་ཞུགས་རོ་སྙོམས་ཀྱི་སྤྱོད་པ་དང་། ཀུན་བཟང་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་དང་དྲུག་གསུངས་པ་དང་། གྲུབ་རྙིང་གིས། ཀུན་བཟང་གི་སྤྱོད་པ། གསང་སྤྱོད་སྦས་པའི་སྤྱོད་པ། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་དང་བཞི་གསུངས། གཞན་ཡང་ཡེ་ཤེས་ལ་དབང་བའི་སྤྱོད་པ། ཡེ་ཤེས་ལ་ཆེར་དབང་བའི་སྤྱོད་པ། རྣམ་གྲོལ་གྱི་སྤྱོད་པ་དང་གསུམ་སོགས་གསུངས་པ་རྣམས་དོན་དུ་སྒྲུབ་པོ་གསང་སྔགས་བསྐྱེད་རྫོགས་ཀྱི་མན་ངག་ཟབ་མོ་དང་འབྲེལ་ན་དེ་དག་གང་རུང་སྤྱོད་དུ་མཆིས་ཤིང་། སྐབས་འདིར་བསྟན་གྱི་སྤྱོད་པ་དང་ལམ་ཁྱེར་གྱི་རིམ་པ་དངོས་ནི། དང་པོ་རི་དྭགས་སྨས་མ་ལྟ་བུའི་སྤྱོད་པ་ནི། ཟླ་གྲོགས་གཞན་དང་མི་འགྲོགས་ཤིང་གང་ལའང་བློ་མི་འཇུག་པ་ཡན་གར་གནས་པ་ལྟར་དགྲ་གཉེན་གྱི་ཚར་གཅོད་རྗེས་འཛིན་དང་ཡོན་བདག་གི་མཐུན་འཇུག་ངོ་སྲུང་སོགས་ལ་བློ་འདུན་མི་འཇུག་པར་ཟླ་གྲོགས་སྤངས་ནས་གཅིག་པུར་སྤྱོད་པའོ། །སེང་གེ་ལྟ་བུའི་སྤྱོད་པ་ནི། སེང་གེ་རི་དྭགས་གཅན་གཟན་གྱི་ཚོགས་གང་ལའང་ཉམ་ང་མི་བྱེད་པ་ལྟར། མི་དང་མི་མ་ཡིན་པ་སོགས་དང་། ནང་རྣམ་རྟོག་གིས་གསོ་བའི་རྐྱེན་གྱིས་བར་ཆད་གང་ལའང་འཇིགས་སྐྲག་མེད་པའོ། །བར་སྣང་གི་རླུང་ལྟ་བུའི་སྤྱོད་པ་ནི། དངོས་པོ་གང་ལའང་མ་ཐོགས་པར་ཕྱལ་གྱིས་འགྲོ་བ་ལྟར། ལུས་ལོངས་སྤྱོད་བདེ་སྐྱིད་སྙན་གྲགས་སོགས་གང་ལའང་ཆགས་ཞེན་དང་འཛིན་པ་མེད་པ་བློ་ཟང་ཐལ་ཕྱལ་བ་ཉིད་དུ་བཏང་བའོ། །ནམ་མཁའ་ལྟ་བུའི་སྤྱོད་པ་ནི། ཕྱི་ནང་བར་གསུམ་གང་གི་རྟེན་མེད་པ་ལྟར་འདི་བྱ་འདི་བྱེད་དང་བློ་ཡི་གཏད་སོ་དང་། མཚན་བཅས་མཚན་མེད་སོགས་ཀྱི་དམིགས་པ་ལ་རྟེན་མི་བཅའ་བའོ། །སྨྱོན་པ་ལྟ་བུའི་སྤྱོད་པ་ནི། གང་ལའང་གཟའ་གཏད་མེད་པ་ལྟར། ལེགས་ཉེས་གང་ལའང་དགག་སྒྲུབ་དང་བླང་དོར་སོགས་ཀྱི་ཞེན་པ་མེད་པ་འཁོར་འདས་མཉམ་ཉིད་བློ་འདས་ཆེན་པོར་རྟོགས་པའོ། །གཉིས་པ་བྱེ་བྲག་ལམ་ཁྱེར་དྲུག་སོ་སོར་བཤད་པ་ལ། དང་པོ་རྣམ་རྟོག་ལམ་ཁྱེར་ལྟས་ངན་གཡང་དུ་བླང་བའི་གདམས་པ་ནི། བརྟག་གཉིས་ལས། ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་གཞན་གྱིས་ནི་འགུགས་པར་བྱ། །དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང་། །རྣམ་པར་རྟོག་པས་སྦྱང་བར་བྱ། །ཞེས་གསུངས་པ་ལྟར་ཡིད་ལ་དགེ་མི་དགེ་ཕྲ་རགས་གང་བྱུང་གི་རྟོག་པ་ཤར་དུས། དེ་ལ་ཡིད་དགའ་མི་དགའ་ཞིག་བྱུང་ན་སེམས་བཀུག་ནས་གཉེན་པོ་མི་བསྒོམ། བྱུང་གནས་འགྲོ་གསུམ་ལ་མི་དཔྱད། རྗེས་སུ་འབྲངས་ནས་དྲན་པ་མི་སྐྱོང་། དེ་ཉིད་རང་ཡན་དུ་མི་བཏང་བར་དྲན་པས་ཙིར་གྱིས་བཟུང་སྟེ་རྟོག་པ་དེ་ཉིད་གྲྭ་མ་ཆགས་ཟུར་མ་ཉམས་པར་དགེ་སྦྱོར་གྱི་ངོ་ཏི་བྱས་ཏེ་སྐྱོན་ཡོན་གང་དུའང་མི་འཛིན་པར་གསལ་ཡེ་རེ། ལྷོད་དེ། གུ་ཡངས་སེ་འཛིན་མེད་དུ་སྤྱོད་པ་དང་དགག་སྒྲུབ་དང་བཅོས་བསླད་བསྒྱུར་འགོད་མི་དགོས་པར་རྟོག་པ་དེ་ཀ་སྒོམ་དུ་ལྷང་གི་འཆར་བ་རྣམ་རྟོག་ལམ་དུ་སློང་བ་ཞེས་པ་དེ་འབྱུང་བ་ཡིན་ཏེ། མཻ་ཏྲི་པས། མ་སྐྱེས་པ་ལ་རྟོག་པ་གློ་བུར་བ། །རྟོག་པ་དེ་ཉིད་དབྱིངས་ཀྱི་ངོ་བོ་ཉིད། །དེ་ཉིད་གདོད་ནས་ཐ་དད་མེད་པ་སྟེ། དེ་གཉིས་རོ་མཉམ་གྱུར་པ་ངས་བསྟན་ཏོ། །ཞེས་དང་། རྗེ་རྒོད་ཚང་པས། འགྱུ་བ་དངོས་མེད་སིལ་བུ་འདྲ། །འཛིན་པ་མ་ཞུགས་འགྱུས་པས་ཆོག །དེ་ལ་རྣམ་རྟོག་སྒོམ་ཤར་ཟེར། །རང་ངོ་ཤེས་པས་དགག་སྒྲུབ་བྲལ། །ཞེས་གསུངས་པ་ལྟར་སྒོམ་གྱི་ངོ་བོ་ཤར་ནས་རང་གྲོལ་དུ་འགྲོ་བ་ཆོས་ཉིད་ཡིན་པས་ལམ་དུ་སློང་བ་དང་མི་སློང་གི་དོགས་པ་སོགས་ཁུ་འཕྲིག་དང་གཞིག་འགྲོལ་ཅི་ཡང་མི་བྱ་བར་རྩིས་མེད་འཛིན་མེད་རྗེས་མེད་དུ་གཏོང་དགོས་པ་ཡིན་པས་ཚུལ་འདི་གཞན་རྣམས་ལའང་རིགས་འགྲེ་ནས་ཤེས་པར་བྱའོ། །གཉིས་པ་ཉོན་མོངས་ལམ་ཁྱེར་དུག་བདུད་བརྩིར་བསྒྱུར་བ་ནི། བརྟག་གཉིས་ལས། ཇི་ལྟར་ཚད་པས་འཚིགས་པ་ཡང་། །མེ་ཡིས་ཀྱང་ནི་གདུང་བར་བྱ། །དེ་བཞིན་འདོད་ཆགས་མེས་ཚིག་པ། །འདོད་ཆགས་ཆོས་ཀྱིས་གདུང་བར་བྱ། །ཞེས་དང་། སམྦུ་ཊི་ལས། ཞེ་སྡང་གིས་ནི་ཞེ་སྡང་སྦྱང་། །གཏི་མུག་གིས་ནི་གཏི་མུག་སྦྱང་། །ང་རྒྱལ་གྱིས་ནི་ང་རྒྱལ་སྦྱང་། །རྡོ་རྗེ་འཛིན་པས་ཐམས་ཅད་སྦྱོངས། །ཞེས་གསུངས་པ་ལྟར་འདོད་ཆགས་ལ་ཕྱི་རྫས་དང་ནང་སེམས་ཅན་གང་རུང་། དེ་ཆགས་ཤིང་ཞེན་ནས་བདག་གིར་བྱེད་འདོད་པ་དུང་དུང་ལྷང་ལྷང་སྐྱེས་པའི་སེམས་དེ་ངོས་བཟུང་། དེ་བཞིན་དགྲ་བགེགས་སོགས་ཡུལ་རྐྱེན་ཡིད་དུ་མི་འོང་ཞིང་སྡུག་རྩུབ་ཀྱི་སྙིང་ན་ཀ་རེ་བ་དེ་ངོས་བཟུང་། གཉིད་འདོད་དང་ལུས་སེམས་རྨོངས་ཉོབ་འཐིབ་སོགས་ཀྱི་བློ་མི་གསལ་བ་དེ་ངོ་བཟུང་། ངའོ་སྙམ་པའི་ང་རྒྱལ་དང་གཞན་དག་ལས་རྒྱལ་འདོད་ཀྱི་ང་རྒྱལ་སྐྱེས་པ་དེ་ངོས་བཟུང་། གཞན་གྱི་དཔལ་འབྱོར་སོགས་ལ་བརྣབ་སེམས་གནོད་སེམས་གྱོང་ཏིང་ངེ་བ་སྐྱེས་ཡོང་བ་དེ་དག་ངོས་བཟུང་། ཟིན་ཐོག་ཏུ་བཅས་བཅོས་མེད་པར་བཞག །མ་ཡེངས་པའི་ངང་བསྲིང་བ་དང་། བདག་འཛིན་བློས་བཏང་། རེ་དོགས་ཁུ་འཕྲིག་སོགས་མི་བྱེད་པར། གང་ཤར་གྱི་ཐོག་དེར་བཞག་ཅིང་། སྐབས་རེ་ཉོན་མོངས་དང་ཆགས་སྡང་ཚན་ཅི་ཆེ་ཆེད་དུ་བསྐྱེད་དགོས་ཏེ། བརྟག་གཉིས་ལས། སྐྱེ་བོ་མི་ཟད་པ་ཡི་ལས། །གང་དང་གང་གིས་འཆིང་གྱུར་པ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་དང་། བྲམ་ཟེ་ཆེན་པོས། ཡུལ་རྣམས་བརྡོས་པའི་ཡུལ་གྱིས་མི་གོས་ཏེ། །ཨུཏྤལ་འདབ་མ་ཆུ་ཡིས་མི་རེག་བཞིན། །རང་གི་རྩ་བ་ཆོད་པའི་རྣལ་འབྱོར་པ། །དུག་གི་སྔགས་ཅན་དུག་གིས་ག་ལ་ཚུགས། །ཞེས་པ་ལྟར་ཕན་གནོད་གང་ཡང་མེད་ཐོག་རྣམ་པ་ཉོན་མོངས་ལ་ངོ་བོ་ཡེ་ཤེས་ལྔ་འཆར་ཏེ་འདོད་ཆགས་སོར་རྟོགས། ཞེ་སྡང་ཆོས་དབྱིངས། གཏི་མུག་མེ་ལོང་། ང་རྒྱལ་མཉམ་ཉིད། ཕྲག་དོག་བྱ་གྲུབ་ཡེ་ཤེས་སུ་དག་ནས་རྒྱལ་བ་རིགས་ལྔའི་གོ་འཕང་མངོན་དུ་བྱེད་པར་འགྱུར་རོ། །གསུམ་པ་ལྷ་འདྲེ་ལམ་ཁྱེར་བར་ཆད་དངོས་གྲུབ་ཏུ་བསྡུ་བ་ནི། ནཱ་རོས། ནད་དང་གདོན་གྱི་བར་ཆད་ཀྱང་། །བསྡུ་ན་རྣམ་པར་རྟོག་ལ་འདུས། །འཆི་ནའང་རྟོག་པ་དེ་ཉིད་འཆི། །སྐྱེ་ནའང་རྟོག་པ་དེ་ཉིད་སྐྱེ། །བདེ་དང་སྡུག་བསྔལ་ལ་སོགས་པ། །ཐམས་ཅད་རྣམ་པར་རྟོག་པ་སྟེ། །སེམས་ལ་ཅི་ཡང་ཡོད་མ་ཡིན། རྟོག་པའི་གཞི་རྩ་ཆོད་གྱུར་ན། །ནད་གདོན་འབྱུང་བར་མི་འགྱུར་རོ། །ཞེས་པ་ལྟར་ལྷ་འདྲེའི་ཆོ་འཕྲུལ་སོགས་དངོས་སུ་སྣང་བའམ། མ་བྱུང་ཡང་བྱུང་གི་དོགས་པའི་སྙེམས་ཀྱིས་ཆོ་འཕྲུལ་གནམ་ས་རྡིབ་པ་དང་། དམག་དང་མཚོན་ཆས་བརྡེག་ཅིང་གཅོད་པ་དང་། མེར་བསྲེགས་ཆུར་འབྲུལ་བ་སོགས་བློར་མི་ཤོང་བའི་ཆོ་འཕྲུལ་བྱུང་བར་དམིགས་ནས་འཇིགས་སྣང་བསྐྱེད་དེ། འཇིགས་མཁན་འདྲེར་འཛིན་གྱི་རྟོག་པའམ། རྐྱེན་ངན་ན་ཚ་ཟུག་གཟེར་ཁམས་འདུས་སོགས་བྱུང་བའམ། སེམས་སྐྱོ་ལྷང་ལྷང་བའམ། འཇིགས་ཆུམ་ཆུམ་པའམ། བག་ཟིང་ཟིང་བ་ལྟ་བུ་བྱུང་བའི་ཚེ་བག་ཆགས་ཀྱི་ལྷ་འདྲེ་ནང་སེམས་སུ་ཤེས་པའི་གོ་ཆ་དང་ལྡན་པའི་འཇིགས་སེམས་དེ་ཉིད་ངོས་ཙིར་གྱིས་བཟུང་། དེ་ལ་དགེ་སྦྱོར་གྱི་དངོས་གཞི་བཅོལ་ནས་མ་ཡེངས་ཙམ་གྱིས་ངང་བསྲིང་དགོས་ཏེ། རྗེ་བཙུན་གྱིས། འདྲེར་སྣང་འདྲེར་རྟོག་འདྲེར་འཛིན་གསུམ། །བྱུང་ཡང་རྣམ་རྟོག་རང་ལས་བྱུང་། །ཐིམ་ཡང་རྣམ་རྟོག་རང་ལ་ཐིམ། །ལར་བགེགས་རྣམས་སེམས་ཀྱི་ཆོ་འཕྲུལ་ཏེ། །རང་སྣང་སྟོང་པར་མ་རྟོགས་པར། །འདྲེ་རང་རྒྱུད་འཛིན་ན་རྣམ་རྟོག་འཁྲུལ། །ཞེས་དང་། བྲག་སྲིན་མོའི་གླུ་ལས། རང་སེམས་འཁྲུལ་པའི་ཉེར་ལེན་གྱིས། །རྣམ་རྟོག་དགྲ་རུ་མ་ལང་ན། །བྲག་སྲིན་མོ་དགྲ་རུ་ཅི་ལ་ལྡང་། །ལར་བག་ཆགས་བདུད་འདི་སེམས་ལས་བྱུང་། །སེམས་ཀྱི་དེ་ཉིད་མ་ཤེས་ན། །ཁྱོད་སོང་ཞིག་བྱས་པས་ང་མི་འགྲོ། །ཞེས་པ་ལྟར་རོ་སྙོམས་ན་རེ་བ་རྣམས་དགག་པ་དང་། དོགས་པ་རྣམས་བསུ། སྐྱིད་པ་རྣམས་བསྐྱུར། སྡུག་པ་ལེན། རྙེད་པ་སྤོངས། མ་རྙེད་པ་སྒྲུབ། གྲགས་པ་བསུབ། མ་གྲགས་པ་སློང་། སྨད་པ་སྒྲུབ། བསྟོད་པ་འགོག་སྟེ་རྐྱེན་བཟང་ངན་གང་གི་སྟེང་དུའང་རི་བཙུག་པ་བཞིན་སྡོད་ནུས་ན། ནད་ལ་སྨན་འགུགས་མི་དགོས། གདོན་ལ་རིམ་གྲོ་བྱ་མི་དགོས། དེ་ཙ་ན་རྟོགས་ལྡན་སྒོམ་ཆེན་ཞེས་པའི་ཁྲོད་དུ་ཚུད་པ་ཞིག་འོང་བ་འདྲའོ། །བཞི་པ་སྡུག་བསྔལ་ལམ་ཁྱེར་བྱང་ཆུབ་སེམས་ཀྱི་གདམས་པ་ནི། ཇི་སྐད་དུ། དགེ་སྡིག་ལས་འབྲས་བསླུ་མེད་རྗེས་སུ་འབྲངས། །བྱེད་པ་པོ་ཡི་ལུས་སེམས་སྟེང་ཉིད་ལས། །གཞན་དུ་མི་སྨིན་དེ་ཕྱིར་བླང་དོར་རྣམས། །སྲོག་དང་བསྡོས་ནས་སྒྲུབ་པར་བྱིན་གྱིས་རློབས། །ཞེས་པ་ལྟར་སྤྱིར་སྔར་བྱས་ཀྱི་སྡིག་པ་སྟོབས་བཞིས་བཤགས། ད་ལྟ་དགེ་སྡིག་ལ་བླང་དོར་བྱ། ཕྱིན་ཆད་སྡོམ་སེམས་བཟུང་ཞིང་བྱེ་བྲག་སྣང་བ་ལུས་སེམས་གང་རུང་ལ་སྡུག་བསྔལ་ལྷང་ངེ་སྐྱེས་པ་དེ་ཐོག་ལ་ཡེངས་མེད་ཀྱི་དངོས་གཞི་བཅོལ་ནས། བདག་གཞན་བརྗེ་བའི་བསམ་པ་བརྟན་པོས་བློ་སྦྱོང་ཞིང་སྨོན་ལམ་འདེབས་པ་དང་སྙིང་རྗེ་བསྐྱེད་པར་བྱ་དགོས་ཏེ། སྡིག་སྒྲིབ་ཀྱི་ས་བོན་མེད་ན། སྡུག་བསྔལ་འབྱུང་དོན་མེད་པས། སྡུག་བསྔལ་ན་སྡིག་སྒྲིབ་འཛད་པས་དགའ། སྡིག་སྒྲིབ་དག་ན་སྡུག་བསྔལ་འབྱུང་དོན་མེད་པ་དང་། ཁྱད་པར་དོན་དམ་སེམས་བསྐྱེད་ཀྱིས་ཟིན་ན་གང་ལའང་བྱ་སླ་བས་དེ་དག་གི་ངོ་བོ་ཅི་ཡང་འགྲུབ་པ་མེད་པའི་སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཏུ་བསྒོམ་པར་བྱ་དགོས་ཏེ། རྗེ་ཕག་གྲུས། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །གང་དུ་སེམས་ཉིད་རབ་སྒོམ་པ། །དེ་ནི་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱིས་ནི་བསྟན་པ་ཡིན། །ཞེས་དང་། སྙིང་ནས་ཆོས་ཤིག་བྱེད་གྱུར་ན། །སྡུག་བསྔལ་ཐམས་ཅད་བདེ་ཆེན་ཡིན། །ཞེས་གསུངས་པ་ལྟར་སྡུག་བསྔལ་གྱི་རང་བཞིན་ཤེས་པས། བདེ་བ་ཆེན་པོའི་ངང་ནས་སྒྱུ་མའི་ལམ་ཁྱེར་གྱི་རོལ་རྩེད་དུ་འགྲོ་བ་ཞིག་ངམ་ངམ་ཤུགས་ཀྱིས་འབྱུང་ངོ་། །ལྔ་པ་ན་ཚ་ལམ་ཁྱེར་འབྱུང་བ་རོ་སྙོམས་ཀྱི་གདམས་པ་ནི། ཇི་སྐད་དུ། ལུས་འབྱུང་འཁྲུགས་ཟུག་རྔུ་ཅི་བྱུང་ཡང་། །དེ་ལས་ངན་དག་པའི་རྒྱུ་རུ་བསམ། །རྐྱེན་ངན་དགེ་བའི་བཤེས་གཉེན་དང་། །ན་ཚ་སྡིག་སྒྲིབ་ཀྱི་ཕྱགས་མ་ཡིན། །ཆོས་ཤན་རྐྱེན་གྱིས་འབྱེད་པ་ལ། །རྐྱེན་དང་མི་བསྲེ་སྙིང་པོ་མེད། །ཅེས་གསུངས་པ་ལྟར་ན་ཚ་ཟུག་གཟེར་ལྷང་ངེ་བའི་ལུས་སེམས་ཀྱི་ཚོར་བ་དེ་ཉིད་ངོས་བཟུང་ཞིང་། དེ་ལ་སྒོམ་གྱི་ངོ་ཏི་བཅོལ་ཏེ། དགག་སྒྲུབ་ཀྱི་བློས་མ་བཅོས་མ་བསླད་པར་གསལ་སེང་ངེ་བསྐྱང་། སྐབས་རེར་ན་མཁན་གཟེར་མཁན་མྱོང་མཁན་སོགས་ཀྱི་བདག་འཛིན་རྩད་བཅད་དེ་ངོ་བོ་ངོས་བཟུང་མེད་པའི་ངང་དུ་བཞག་ཅིང་ལུས་ཀྱི་ནད་དགེ་སྦྱོར་དུ་ཁྱེར་བ་ནི་རྣལ་འབྱོར་པའི་ཁྱད་ཆོས་ཡིན་ཏེ། རྗེ་རྒོད་ཚང་པ་རབ་ཏུ་བསྙུང་ཟུག་དོས་དྲག་ལ་ཡུན་རིང་བ་བྱུང་བའི་དུས། བསྙུང་ཟུག་ཆེ་ཙམ་ན་བླ་མ་དཀོན་མཆོག་ཐུགས་རྗེ་ཆེ་གསུངས་ནས་ཕྱག་ཐལ་སྦྱར་ཞལ་འཛུམ་མདངས་དང་ལྡན། བསྙུང་ཟུག་ཅུང་ཟད་རེ་ཡོང་ཚེ་ཐུགས་མི་དགྱེས་པའི་རྣམ་འགྱུར་གྱིས་བླ་མ་དཀོན་མཆོག་རྣམས་ང་ལ་སྙིང་མི་རྗེ་བ་ཨེ་ཡིན་ལེ་ལོ་པ་ང་ཡི་སྡིག་སྒྲིབ་མི་འདག་པ་འདུག་གསུངས་ནས་ཐུགས་ཞུམ་པའི་རྣམ་པར་མཛད་དོ། །དེ་ལྟར་ན་ཚའི་ཐོག་ཏུ་ཉམས་ལེན་གནད་མ་འཆུག་པར་སྐྱོང་ཞིང་ཡུན་བསྲིངས་ནས། མཐར་ན་ཟུག་དང་བདག་འཛིན་ལ་དགྲ་མི་བལྟ། སྤང་བར་བྱ་མི་དགོས། དེ་ཉིད་སྒོམ་གྱི་རྒྱན་དུ་འཆར་བའི་བསམ་བརྗོད་བྲལ་བའི་ཀློང་དུ་ཐིམ། ཡེ་དག་ཏུ་གོ་བས་སྟོང་ཉིད་དུ་རྟོགས། འབྱུང་བ་ཚ་གྲང་སྙོམས་ནས་ནད་དྲགས་པ་དང་དགེ་སྦྱོར་ལ་བོགས་ཐོན་པ་རྣམས་དུས་མཉམ་དུ་འབྱུང་བར་བཞེད་དོ། །དྲུག་པ་འཆི་བ་ལམ་ཁྱེར་ཆོས་ཉིད་མ་བུ་ངོ་སྤྲོད་གྱི་གདམས་པ་ནི། རྗེ་མི་ལས། ང་འཆི་བས་འཇིགས་ནས་རི་ལ་ཕྱིན། །ནམ་འཆི་ཆ་མེད་བསྒོམས་བསྒོམས་ནས། །འཆི་མེད་གཉུག་མའི་བཙན་ས་ཟིན། །ད་འཆི་བའི་འཇིགས་པ་བོར་ཏེ་ཐལ། །ཞེས་གསུངས་པ་ལྟར་རྟོགས་དགོས་པས་ན་དུས་རྒྱུན་དུ་འཆི་བ་མི་རྟག་པའི་བློ་ཡང་ཡང་སྦྱང་། ངེས་ཤེས་ཁྱད་པར་ཅན་ཐོན་པར་བྱེད་ཅིང་དེའང་ལྟ་བ་གདེང་དང་ལྡན་པས་མཐིལ་བཏོན་པ་དང་། ཁྱད་པར་འཆི་ཁ་ནོར་རྫས་སོགས་གང་ལའང་མི་ཆགས་པ་བློས་གཏོང་། སེང་གེ་ཉལ་སྟབས་ཀྱིས་ལུས་གནད་བཅུན། བསྟན་འགྲོའི་སྤྱི་གླུད་དུ་ལུས་འདོར་ཏེ་ཇི་སྲིད་བར་སེམས་ཅན་གྱི་དོན་བྱེད་སྙམ་ནས་སྨོན་ལམ་འདེབས། རྩ་བའི་བླ་མ་སྤྱི་བོར་སྒོམ་མོས་གུས་བསྐྱེད། ཐུགས་རྗེས་ཟུང་། ལམ་སྣ་དྲོངས་སྙམ་པའི་ངང་ནས་གསོལ་འདེབས་འདོན། དེའང་རང་སེམས་ཀྱི་ངོ་བོ་རོ་གཅིག་པར་ཤེས་པའི་ངང་ནས། ཚེ་འདི་ལ་འཐས་དྲགས་པས་དེ་དང་འབྲལ་དོགས་ཁུ་འཕྲིག་དང་བཅས་པའི་འཆི་སེམས་ཀྱི་རྟོག་པ་སྙིང་ཁུང་གྲང་ཞུམ་མེ་བ་དེ་དང་། འབྱུང་བཞི་དང་སྣང་མཆེད་སོགས་ཀྱི་ཐིམ་རིམ་གྱི་ཉམས་སྣང་དང་། དེ་དག་ལ་མི་དགའ་བའི་ཞེ་སྡང་ཁུ་འཕྲིག་དང་། ཐུགས་དམ་སྡོད་མི་སྡོད་ལམ་སྣ་ཟིན་མི་ཟིན་བསམས་ནས་རེ་དོགས་བྱས་ན་གེགས་སུ་འགྱུར་བས། རྟོགས་པ་དང་ཉམས་དེ་དག་ངོས་ཟིན་ཙམ་བྱས་ཏེ། དགེ་སྦྱོར་གྱི་མཐིལ་པོ་བྱས་ཏེ་རང་ངོ་མ་ཡེངས་ཙམ་དུ་འཇོག །རྗེས་བླ་མ་རང་སེམས་གཉིས་མེད་ཆོས་སྐུ་ཁྱབ་བརྡལ་ཆེན་པོའི་ངང་དུ་མཉམ་པར་བཞག་པ་ལས་ཟབ་པ་མེད་དོ། །ཨོ་རྒྱན་རིན་པོ་ཆེས། རྣལ་འབྱོར་པ་རབ་ཆོས་སྐུའི་འཕོ་བ་ནི། འཕོ་བྱའི་ཡུལ་དང་འཕོ་བྱེད་གཉིས་སུ་མ་གྲུབ་པའི་རང་བཞིན་རྫོགས་པ་ཆེན་པོའི་ངང་དུ་གནས་པ་ནི་འཕོ་བའི་མཐར་ཐུག་གོ། །ཞེས་དང་། སྒམ་པོས། རྣམ་རྟོག་གཅིག་ནས་གཅིག་འགྲོ་བ། །དེ་ལ་འཆི་རྒྱུ་ག་ལ་ཡོད། །ཆོས་སྐུ་རྣམ་པར་དག་པ་ལ༑ །དེ་ལ་འཆི་རྒྱུ་ག་ལ་ཡོད། །འཇའ་ཚོན་རི་མོ་ཡལ་ཁ་ལ། །དེ་ལ་འཆི་རྒྱུ་ག་ལ་ཡོད། །སེམས་ལ་སྐྱེ་འཆི་མེད་པ་ལ། །དེ་ལ་འཆི་རྒྱུ་ག་ལ་ཡོད། །ཅེས་གསུངས་པ་ལྟར་ཐིམ་རིམ་རྫོགས་མཚམས་རང་བཞིན་འོད་གསལ་ངམ་ངམ་ཤུགས་ཀྱིས་འཆར་བ་དང་། ལམ་དུ་སྦྱང་བའི་འོད་གསལ་གཉིས་མ་བུ་འདྲེས་པས་ཆུ་ལ་ཆུ་བཞག་པའམ། ནམ་མཁའ་དང་ནམ་མཁའ་འདྲེས་པ་ལྟ་བུར་གྱུར་ནས་ཆོས་སྐུར་སངས་རྒྱས་པར་འགྱུར་རོ།། ༈ །།རྩ་བའི་གསུམ་པ་ཐ་མར་དགེ་བ་ས་ལམ་བགྲོད་པ་ཆིག་ཆོད་དུ་འདུམ་ནས་མཐར་ཐུག་འབྲས་བུའི་སར་གཤེགས་ནས་འགྲོ་དོན་འབྱུང་ཚུལ་དང་བཅས་བསྟན་པ་ནི། མདོ་དང་སྦྱར་ན་ཕར་ཕྱིན་ཐེག་པའི་བཤེས་གཉེན་བསྟེན་པ་ནས་བཟུང་ཚོགས་ལམ། ཞི་གནས་སྦྱོར་ལམ། སྤྲོས་བྲལ་མཐོང་ལམ། རོ་གཅིག་སྒོམ་ལམ། བསྒོམ་མེད་ནི་ཡོངས་སུ་མཐར་ཕྱིན་པའི་ལམ་དང་ལྔ། ས་དང་པོ་ནི་ཆོས་ཉན། ཉམས་སུ་ལེན། འཛིན་པར་བྱེད་པ་སྤྲོ་བས་ན་རབ་ཏུ་དགའ་བ། འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་དང་བྲལ་བས་ན་དྲི་མ་མེད་པ། ཆོས་དང་ཏིང་ངེ་འཛིན་གྱི་སྣང་བ་གསལ་བས་ན་འོད་གསལ་བ། བྱང་ཆུབ་ཕྱོགས་ཀྱི་ཆོས་དང་མཐུན་པའི་ཆོས་རྣམས་ཀྱི་འོད་འཕྲོ་བས་ན་འོད་འཕྲོ། འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་མངོན་དུ་གྱུར་པས་ན་མངོན་དགའ། སྦྱང་བའི་མཐར་སོང་བས་ན་རིང་དུ་སོང་བ། མཚན་རྩོལ་གྱི་འདུ་ཤེས་ལས་མི་གཡོ་བས་ན་མི་གཡོ་བ། རིག་པའི་བློ་གྲོས་བཟང་བས་ན་ལེགས་པའི་བློ་གྲོས། ཆོས་ཀྱི་ཆར་སྤྲིན་བཞིན་དུ་བབ་པས་ན་ཆོས་ཀྱི་སྤྲིན་ཞེས་བྱང་ཆུབ་སེམས་དཔའི་ས་བཅུ་སྟེ། མདོ་རང་ལུགས་ལྟར་ན་དབང་པོ་རྣོན་པོས་ཀྱང་བསྐལ་པ་ཆེན་པོ་གྲངས་མེད་དང་པོས་ནི་མོས་སྤྱོད་ཡང་དག་པར་འདས་ནས་རབ་ཏུ་དགའ་བའི་ས་ཐོབ། བསྐལ་པ་ཆེན་པོ་གྲངས་མེད་གཉིས་པས་ནི་རབ་ཏུ་དགའ་བ་ནས་བདུན་པ་རིང་དུ་སོང་བའི་བར་དུ་འདས་ཏེ་བརྒྱད་པ་མི་གཡོ་བ་ཐོབ། བསྐལ་པ་ཆེན་པོ་གྲངས་མེད་གསུམ་པས་ནི། བརྒྱད་པ་དགུ་པ་ལས་ཡང་དག་པར་འདས་ནས། ས་བཅུ་པ་ཆོས་ཀྱི་སྤྲིན་ཐོབ་པར་འགྱུར་རོ། །འདི་ནི་མདོ་ལུགས་ཀྱི་ས་ལམ་བགྲོད་ཚུལ་ཏེ་ཡུན་རིང་ཞིང་དཀའ་ཚེགས་མང་པོ་དགོས་པ་དེ་དག་ལ་མ་ལྟོས་པར། རྡོ་རྗེ་ཐེག་པའི་ཉེ་ལམ་དགོས་སུ་ངེས་པ་དོན་གྱི་ཟབ་གནད། ཁྱད་ཆོས་བླ་ན་མེད་པས་ས་ལམ་ཐམས་ཅད་རྟོགས་པ་གཅིག་གིས་མྱུར་བར་བགྲོད་དེ་དཔེར་ན་གྲུ་ཟམ་གང་རུང་ལས་ཐོན་པས་ཆུ་ཕུག་བསྐོར་བའི་ལམ་ཐམས་ཅད་གཅིག་ཏུ་འདུམ་པ་ལྟར། ཕྱག་རྒྱ་ཆེན་པོའི་ངོ་བོ་ལམ་གཅིག་ཆོད་ཡིན་པས། ངོ་བོའི་སྒོ་ནས་དབྱེ་བ་མི་རུང་ཞིང་ངེས་དོན་དོན་དམ་པར་ས་ལམ་གྱི་རྣམ་བཞག་བརྩི་བ་མེད་དེ། དབུ་མ་འཇུག་འགྲེལ་ལས། དེ་ནི་ཤེས་པའི་རང་བཞིན་ཡིན་པ་ཉིད་ཀྱིས། རང་གི་ངོ་བོའི་སྒོ་ནས་དབྱེ་བ་བྱ་བར་མི་ནུས་ཏེ། ཇི་ལྟར་བར་སྣང་བྱ་རྗེས་མཁས་རྣམས་ཀྱིས། །བརྗོད་པར་ནུས་མ་ཡིན་ཞིང་མི་མཐོང་བ། །དེ་བཞིན་རྒྱལ་བའི་སྲས་ཀྱི་ས་ཀུན་ཀྱང་། །བརྗོད་མི་ནུས་ན་ཉན་པར་ག་ལ་ནུས། །ཞེས་དང་། འགྲེལ་པ་དོན་གསལ་ལས། སྒོམ་བསྐྱང་བ་ལས་ས་ལམ་ཇི་ལྟར་བགྲོད་སྙམ་ན་བློ་རྨོངས་པའི་ངོར་མཚན་ཉིད་ཐེག་པའི་ས་ལམ་དང་སྦྱར་ནས་སྒོམ་རྣལ་འབྱོར་བཞི་ལ་ས་ཚོད་ལམ་ཚོད་བརྩི་བར་བྱའོ་གསུངས་པ་ལྟར་ཡིན་ཏེ། གྲུབ་ཆེན་ཞང་གིས། ཕྱག་རྒྱ་ཆེན་པོ་གཅིག་ཆོད་ལ། །རྨོངས་པས་ས་ལམ་བརྩི་བ་འཁྲུལ། །འོན་ཀྱང་རྨོངས་པ་དགའ་བའི་ཕྱིར། །མཚན་ཉིད་ཐེག་པའི་ས་ལམ་རྣམས། །འདིར་ཡང་དངོས་སུ་བརྩི་བར་བྱ། །ཞེས་གསུངས་པ་ལྟར་སྤྱིར་ཡིན་ཞིང་། སྒོས་སུ་བཀའ་བརྒྱུད་བླ་མ་རྣམས་ཀྱི་རང་གི་རྟོགས་ཆོས་རྒྱལ་བའི་བཀའ་མདོ་རྒྱུད་དང་བསྟུན་ཏེ་རྣལ་འབྱོར་བཞི་ལ་ལམ་ལྔ་ས་བཅུའི་སྦྱོར་བ་མཛད་དེ། རྗེ་ཞང་གིས། རྟོགས་པ་ལྷག་གིས་ཤར་བ་དེ། །མཐོང་ལམ་རབ་ཏུ་དགའ་བའི་ས། །རོ་སྙོམས་རྟོགས་པ་དེ་ཉིད་ལ། །སྒོམ་པ་བྱེད་པ་སྒོམ་པའི་ལམ། །བསྒོམ་དུ་མེད་ནས་མཐར་ཕྱིན་ལམ། །ཞེས་གསུངས་པ་ལྟར་སྤྲོས་བྲལ་དང་པོ་ཏིང་ངེ་འཛིན་གྱི་དགའ་བ་ཆེར་རྒྱས་པས་ན་ས་དང་པོ་རབ་ཏུ་དགའ་བ། སྒོམ་སྤོང་གི་དྲི་མ་དང་བྲལ་བས་ན་ས་གཉིས་པ་དྲི་མ་མེད་པ། རྟོགས་དོན་གྱི་རྩལ་ལས་འགྲོ་བའི་དོན་བྱེད་པས་ན་ས་གསུམ་པ་འོད་བྱེད་པ་སྟེ་སྤྲོས་བྲལ་འབྲིང་པོ། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་གོང་དུ་འཕེལ་བས་ན་ས་བཞི་པ་འོད་འཕྲོ་བ་དང་། སྟོང་ཉིད་སྙིང་རྗེ་ཟུང་འཇུག་གིས་རྟོག་པའི་བག་ཆགས་ཀྱི་དྲི་མ་སྦྱང་དཀའ་བ་སྦྱངས་པས་ན་ས་ལྔ་པ་སྦྱང་དཀའ་བ་དང་། དྲུག་པ་མངོན་གྱུར་གྱི་ས་རྣམས་སྤྲོས་བྲལ་ཆེན་པོ་འཁོར་འདས་སྐྱེ་མེད་དུ་རྟོགས་པས་ནོན་ནོ། །རོ་གཅིག་རྟོགས་པ་ཤར་བའི་དུས་ས་བདུན་པ་རིང་དུ་སོང་བ་དང་། རོ་གཅིག་འབྲིང་པོ་རྟོགས་ཆོས་ཡང་དག་གི་དྲན་པ་ལས་གཡོ་བ་མེད་པས་ན་ས་བརྒྱད་པ་མི་གཡོ་བ་དང་། རོ་གཅིག་ཆེན་པོ་གཉིས་སྣང་སྒྱུ་མ་ལྟ་བུ་ཕྲ་མོ་ཙམ་མ་གཏོགས་དྲི་མ་ཕལ་ཆེར་དག་པས་ན་ས་དགུ་པ་ལེགས་པའི་བློ་གྲོས། ཀུན་གཞི་རྣམ་ཤེས་ཀྱི་ཆ་ཤེས་བྱའི་སྒྲིབ་པ་ཕྲ་ཞིང་ཕྲ་མོ་ཡོད་པའི་བསྒོམ་མེད་ཆུང་འབྲིང་གཉིས་ཀྱི་སྐབས་ཏེ་ས་བཅུ་པ་ཆོས་ཀྱི་སྤྲིན་ཞེས་བྱ་ཞིང་། ཤེས་བྱའི་བག་ཆགས་ཕྲ་མོ་དེ་ཉིད་ཀྱང་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ལ་ཐིམ་ནས་ཇི་ལྟ་ཇི་སྙེད་ཡེ་ཤེས་ཀྱི་རྩལ་དང་། མཁྱེན་བརྩེ་ནུས་པའི་སྟོབས་རྣམས་ཡོངས་སུ་རྫོགས་པའི་ཚེ་ཐུན་མོང་ཐེག་པའི་ལམ་མཐར་ཕྱིན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དངོས་དང་ཕྱག་ཆེན་གྱི་བསྒོམ་མེད་ཆེན་པོ་བཞེད་ལ། གསང་སྔགས་སྤྱི་ལྟར་ན་སྣང་གསུམ་འཕོ་བའི་སྒྲིབ་པ་བཅོམ་ཞིང་གསང་སྔགས་ནང་གི་སྦས་པའི་ས་གསུམ་ཞེས་ཡོན་ཏན་འཕེལ་ཆའི་བྱེ་བྲག་ལ་མིང་དུ་བཏགས་ཏེ། བཅུ་གཅིག་པ་ཀུན་ཏུ་འོད་ཀྱི་ས་དང་། བཅུ་གཉིས་མ་ཆགས་པད་མའི་ས་སྟེ་ཐུན་མོང་མ་ཡིན་པའི་ས་གཉིས་པོ་སྐད་ཅིག་ལ་མངོན་དུ་བྱས་ནས། རང་དོན་ཆོས་སྐུ་མཐར་ཕྱིན་པའི་རོལ་རྩལ་ལས། གཞན་དོན་གཟུགས་སྐུས་མཁའ་ཁྱབ་ཀྱི་འགྲོ་བའི་དོན་ཆེན་འཁོར་བ་མ་སྟོངས་ཀྱི་བར་དུ་རྒྱུན་མི་ཆད་པ་བཅུ་གསུམ་རྡོ་རྗེ་འཛིན་པ་སངས་རྒྱས་ཀྱི་ས་ཉིད་དུ་གསུངས་སོ། །དེ་ནི་གསང་སྔགས་ནང་པའི་འབྲས་བུ་མཐར་ཕྱིན་པའོ། །དེ་ལྟ་བུ་ས་ཐོབ་པའི་ཡོན་ཏན་གྱི་ཁྱད་པར་ཡང་མདོར་ན་ས་དང་པོ་རབ་ཏུ་དགའ་བ་ཐོབ་པའི་དུས་སུ་ཕྱོགས་བཅུ་སྤྲུལ་སྐུའི་ཞིང་ཁམས་བརྒྱ་ཕྲག་དུས་གཅིག་ལ་བགྲོད་ནུས་པ་དང་། སངས་རྒྱས་བརྒྱ་ཡི་ཞལ་མཇལ་ནས་ཆོས་ཉན་པ་དང་། སྦྱིན་པ་འདྲ་མིན་བརྒྱ་ཕྲག་དུས་གཅིག་ལ་སྟེར་ནུས་པ་དང་། འོད་ཟེར་མི་འདྲ་བ་བརྒྱ་ཕྲག་དུས་གཅིག་ལ་སྤྲོ་བསྡུ་ནུས་པ་དང་། གདུལ་བྱ་བརྒྱ་ཕྲག་གི་ཁམས་དབང་བསམ་པར་མཐུན་པའི་ཆོས་སྒོ་དུས་གཅིག་ལ་སྟོན་ནུས་པ་དང་། ཏིང་ངེ་འཛིན་མི་འདྲ་བ་བརྒྱ་ལ་དུས་གཅིག་སྙོམས་པར་འཇུག་ནུས་པ་དང་། རྫུ་འཕྲུལ་བཀོད་པ་རིགས་མི་འདྲ་བར་བརྒྱ་རྩ་བརྒྱད་དུས་གཅིག་ལ་སྟོན་ནུས་པ་སོགས་དེ་ལྟར་ཡོན་ཏན་བརྒྱ་ཕྲག་བདུན་ལ་དབང་འབྱོར་ཞིང་། གཞན་ས་དགུ་པོ་རིམ་པར་བདུན་འགྱུར་རེའི་ཡོན་ཏན་ཆེ་བ་དང་། བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཡི་ཡོན་ཏན་ནི་མཐའ་ཡས་སོ། དེ་ལྟར་ཐུན་མོང་ཐེག་པའི་ས་བཅུ་ལམ་ལྔའི་ཡོན་ཏན་ཐམས་ཅད་ནི། འོད་གསལ་ཕྱག་རྒྱ་ཆེན་པོ་ལ་རིམ་གྱིས་སམ། གཅིག་ཆར་དུ་རྫོགས་པའི་ཆོས་ཉིད་ཡིན་གྱི། འོན་ཀྱང་ལ་ལར་ཡོན་ཏན་མངོན་མཚན་ལྟར་སྣང་དུ་མི་སྟོན་པ་དང་། གསང་སྔགས་གསང་བའི་ཉེ་ལམ་གྱི་ཡངས་ཚུལ་ཡིན་པ་དང་། མཚན་ཉིད་ཐེག་པར་གསུང་པའི་ས་ལམ་གྱི་ཡོན་ཏན་རྣམས་དགོངས་པ་ཅན་ཡིན་པ་དང་། དེ་ནས་ལམ་ཡང་རིང་ཐུང་མི་གཅིག་པས་ལམ་རྟགས་ཀྱང་མི་གཅིག་པ་དང་། སྒོམ་ཆེན་ལའང་སྔོན་གྱི་སྦྱང་སྟོབས་ཆེ་ཆུང་གིས་ཚེ་འདིར་རྫུ་འཕྲུལ་ཡོད་མེད་སྣ་ཚོགས་འབྱུང་བས་ན་ངེས་པ་མེད་དེ། རྒྱ་རས་ཀྱིས། ཉན་ཐོས་རྒྱན་ཅན་རྒྱན་མེད་གཉིས། །བྱང་སེམས་གྲགས་ཅན་གྲགས་མེད་གཉིས། །སྔགས་ལ་གསང་སྤྱོད་ཚོགས་སྤྱོད་གཉིས། །ཡོན་ཏན་བཤད་ཚོད་བརྟེན་ཐུབ་གཉིས། ས་ལམ་ཡོན་ཏན་དགོངས་ཅན་ལ། །སྒོམ་ཆེན་སྦྱང་སྟོབས་ཆེ་ཆུང་གིས། །རྫུ་འཕྲུལ་ཡོད་མེད་སྣ་ཚོགས་དང་། །འགྲོ་དོན་འགྲུབ་དང་མི་འགྲུབ་འགྱུར། །ཞེས་གསུངས་པ་ལྟར་མཐའ་གཅིག་ངེས་པ་ཅན་མ་ཡིན་པ་ཤེས་པར་བྱའོ། །ཁྱད་པར་འབྲས་བུ་ཕྱག་རྒྱ་ཆེན་པོ་སྐུ་གསུམ་དབྱེར་མེད་འགྲུབ་ཅིང་སྐུ་གཉིས་ཟུང་འཇུག་གི་འགྲོ་དོན་མཛད་ཚུལ་ནི། གོང་དུ་བཤད་པ་ལྟར་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་ཡོངས་སུ་སྤང་ཞིང་ལམ་འོག་མ་རྣམས་ཆུ་ལས་བརྒལ་ཟིན་པའི་གྲུ་གཟིངས་བཞིན་དོར་ཏེ་ཡེ་ཤེས་ལྔ་ལ་སོགས་པ་ཉི་མའི་དཀྱིལ་འཁོར་བཞིན་ཆེར་རྒྱས་པས་ན། སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པའོ། །དེའང་བསྡུ་ན་ཇི་ལྟ་དང་ཇི་སྙེད་མཁྱེན་པའི་ཡེ་ཤེས་གཉིས་སུ་འདུས་ཏེ། ཡུལ་གྱི་སྤྲོས་པ་དང་བློ་ཡི་འཇུག་པ་རབ་ཏུ་ཞི་བ་ཆོས་ཀྱི་དབྱིངས་སྤྲོས་པ་མེད་པ་དང་། ཡེ་ཤེས་སྤྲོས་པ་མེད་པ་གཉིས་རོ་གཅིག་སྟེ་ཆུ་ལ་ཆུ་བཞག་པའམ། མར་ལ་མར་བཞག་པ་ལྟར་དབྱེར་མེད་དུ་འདྲེས་ཤིང་སྣང་བ་མེད་པའི་ཤེས་རབ་ཆེན་པོ་ཡོན་ཏན་རིན་པོ་ཆེ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་སྟེ། ཇི་སྐད་དུ། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །མར་ལ་མར་ནི་རྗེས་ཞུགས་ལྟར། །ཤེས་བྱ་སྤྲོས་བྲལ་དེ་ཉིད་དང་། །དབྱེར་མེད་ཡེ་ཤེས་རྣམ་འདྲེས་པ། །དེ་ནི་སངས་རྒྱས་ཐམས་ཅད་ཀྱི། །རང་བཞིན་ཆོས་སྐུ་ཞེས་བྱར་བརྗོད། །ཅེས་པ་ལྟར་དང་། དེ་ལྟར་སྒྲིབ་པའི་ས་བོན་ཐམས་ཅད་བཅོམ་པས་ཤེས་རབ་ཆེན་པོས་དུས་གསུམ་གྱི་ཤེས་བྱ་མཐའ་དག་སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་ལྟར་མཁྱེན་པར་འགྱུར་ཏེ། ཡང་དག་པར་སྡུད་པའི་མདོ་ལས། དཔེར་ན་སྒྱུ་མ་མཁན་པོ་འགའ། །སྒྱུ་མ་ཐར་བར་བྱ་ཕྱིར་བརྩོན། །གང་ཕྱིར་དེ་ནི་མངོན་ཤེས་པས། །སྒྱུ་མ་ལ་ནི་དེ་མི་ཆགས། །དེ་བཞིན་སྲིད་གསུམ་སྒྱུ་མ་ལྟར། །རྫོགས་པའི་བྱང་ཆུབ་མཁས་པས་མཁྱེན། །ཞེས་གསུངས་པ་ལྟར་དངོས་འཛིན་མ་ཡིན་པར་སྒྱུ་མ་ལྟ་བུ་མཁྱེན་ཅིང་གཟིགས་པའོ། །དེ་བཞིན་ད་ལྟ་དོན་དམ་སྟོང་པ་ཉིད་ཕྱག་རྒྱ་ཆེན་པོ་ལ་ཉམས་ལེན་གནད་དུ་བསྣུན་པས་འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པ་དང་། དེའི་ཡན་ལག་གམ། ཐབས་ཀྱི་ཆར་སེམས་བསྐྱེད་སྨོན་ལམ་སོགས་རྣམ་པར་དག་པ་བགྱིས་པས་སྤྲུལ་པའི་སྐུ་འབྱུང་བ་དང་། བསྐྱེད་རིམ་ཟབ་མོ་བསྒོམས་པའི་རྒྱུ་འབྲས་ལས་ལོངས་སྤྱོད་རྫོགས་སྐུ་འགྲུབ་པ་དང་། ཉམས་ལེན་དེ་དག་སོ་སོ་ཡ་མ་བྲལ་རེས་འཇོག་ལྟ་བུ་མ་ཡིན་པར་ཐབས་ཤེས་ཟུང་འཇུག་འཁོར་གསུམ་ཡོངས་དག་ཆེན་པོར་འབད་པའི་མཐུ་འབྲས་ཀྱིས་སྐུ་གསུམ་འདུ་འབྲལ་མེད་པའི་ངོ་བོར་གཏན་སྲིད་ཟིན་པར་འགྱུར་ཞིང་སྐུ་ལའང་གཉིས་སམ། གསུམ་མམ། བཞི་འམ་སྐུ་ལྔ་སོགས་རྣམ་གྲངས་ཀྱི་དབྱེ་བསྡུ་དང་མདོར་ན་སྐུ་གསུམ་རང་ལ་འདུས་ཤིང་དེའང་རང་དོན་ཆོས་སྐུ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་འགྱུར་ཞིང་། གཞན་དོན་གཟུགས་སྐུ་རྣམ་པ་གཉིས་ནི་དག་པའི་གདུལ་བྱ་ལ་ལོངས་སྐུ། མ་དག་པའི་གདུལ་བྱ་ལ་སྤྲུལ་སྐུ་འབྱུང་སྟེ། སྤྲུལ་པ་དེའང་མཆོག་གི་སྤྲུལ་སྐུ་དང་། སྐྱེ་བ་སྤྲུལ་སྐུ་དང་། བཟོ་སྤྲུལ་སྐུ་སོགས་ཀྱིས་མི་མཇེད་འཇིག་རྟེན་གྱི་ཁམས་སུ་གང་ལ་གང་འདུལ་གྱི་འགྲོ་དོན་རྒྱུན་ཆད་མེད་པར་སྟོན་པར་མཛད་དེ། མདོ་སྡེ་རྒྱན་ལས། བཟོ་དང་བྱང་ཆུབ་སྐྱེ་དང་སེམས། །མྱ་ངན་འདས་པ་རྟག་སྟོན་པས། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་ནོ། །ཞེས་དང་། མངོན་རྟོགས་རྒྱན་ལས། གང་གིས་སྲིད་པ་ཇི་སྲིད་བར། །འགྲོ་ལ་ཕན་པ་སྣ་ཚོགས་པ། །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། །ཅེས་གསུངས་པ་ལྟར་མདོར་ན་སྐུ་མི་ཟད་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དབུ་ཡི་གཙུག་ཏོར་མཐའ་མི་མངོན་པ་ལྟ་བུའམ་སྣང་སྲིད་ཤེས་བྱའི་ཁམས་ལ་སྲིད་ཚད་གདུལ་བྱ་གང་ལ་གང་འདུལ་དེ་དང་རྗེས་སུ་འཚམས་པའི་སྐུར་བསྟན་ཏེ་དོན་མཛད་པའོ། །གསུང་མི་ཟད་པ་ནི་སྟོན་པའི་གསུང་དབྱངས་ཀྱིས་དཔག་ཚད་རྒྱང་གྲགས་སོགས་ལས་ཁྱབ་པ་ལྟ་བུའམ། ལྷ་ཀླུ་གནོད་སྦྱིན་སྲིན་པོ་སོགས་ཀྱི་སྐད་དུ་ཆོས་སྟོན་པའོ། །ཐུགས་མི་ཟད་པ་ནི་དུས་གསུམ་མངོན་པར་མཁྱེན་པ་ལྟ་བུའམ། ཇི་སྙེད་ཀྱི་ཤེས་བྱའི་ཆོས་ཐམས་ཅད་མ་འདྲེས་པ་སོ་སོར་མཁྱེན་པའི་ངང་ནས་འགྲོ་དོན་དཔག་ཏུ་མེད་པར་མཛད་པའོ། །ཞར་བྱུང་ཉམས་རྟོགས་སྐྱེ་ལུགས་གང་ཟག་གི་ཁྱད་པར་ལ་གསུམ་སྟེ། རབ་གཅིག་ཆར་བ་ནི། དཔེར་ན་གཅོང་རོང་དོག་མོའི་ལུང་པར་སྤྲིན་དང་ཁུག་སྣ་སོགས་སྒྲིབ་གཤེར་མེད་པའི་ནམ་མཁའ་ལ་ཉི་མ་ཤར་ཡོང་བའི་དུས། ཤར་མ་ཐག་མུན་པ་སངས་བ་དང་། ས་རྡོ་དྲོས་པ་དང་། འཁྱག་ཞུ་བ་རྣམས་བར་མ་ཆད་པ་འབྱུང་བ་དང་འདྲ་བར་བླ་མ་བཅུད་ལྡན་གཅིག་ལ་སློབ་བུ་སྣོད་ལྡན་གཅིག་གིས་མོས་གུས་ཚད་ལྡན་གཅིག་གནད་དུ་བསྣུན་པའི་དུས་སུ་བྱིན་རླབས་ཀྱི་འཕོ་བས་དོན་གྱི་དབང་བསྐུར་ཐོབ་སྟེ་སྒོམ་ཡེ་མ་དགོས་པར་ཆོས་ཉིད་ཀྱི་ངང་དུ་གནས་པ་དང་། ཉམས་མྱོང་རྟོགས་པ་རྣམས་མ་འགྱེད་པ་ནས། སྐད་ཅིག་ལ་བསྒོམ་མེད་ཆོས་སྐུའི་རྒྱལ་ས་མངོན་དུ་གྱུར་པ་ནི་གཅིག་ཆར་བའི་སྐྱེ་ལུགས་ཡིན་ཏེ་དྭགས་པོ་དང་གླིང་རས་སོགས་ཀྱི་ལོ་རྒྱུས་ལྟ་བུ་དེ་ལམ་གྱི་མཆོག་ཏུ་བཞེད་ཅིང་། དེ་ནས་འབྲིང་ཐོད་རྒལ་བ་ནི། སྤྲིན་བར་གྱི་ཉི་མ་དང་འདྲ་སྟེ། སྔོན་ལ་རྟོགས་པ་ལྷང་གིས་འཆར། འཆར་ཡང་མི་བརྟན་མཐོ་དམན་དང་། གསལ་སྒྲིབ་དང་འཕོ་འགྱུར་ཆེ་སྟེ། རེས་འགའ་ཉམས་སུ་འཆར། རེས་འགའ་ཨ་འཐས་སུ་སྐྱེ་འོང་། རེས་འགའ་རྟོགས་པ་རྗེན་པ་འཆར་འོང་སྟེ་སྐྱེ་ལུགས་འདི་སྒོམ་ཡུན་ཐུང་བ་ལ་ཚེ་འདིར་གཅིག་ཆར་བ་ལྟ་བུ་ངོ་མ་འཕྲོད་ཀྱང་། འདིའི་རྟོགས་པ་གཤའ་མ་བར་དོའི་སྐབས་སུ་འཆར་བ་ཡིན་གྱི་དོན་དུ་ཐོད་རྒལ་བའི་ལམ་འདིར་རྟོགས་པ་མི་བརྟན་པས་འབྲིང་དུ་བཞག་གོ། །དེ་ནས་ཐ་མ་རིམ་སྐྱེས་པ་ནི། དཔེར་ན་བྱང་ཐང་གམ། གནམ་ཁ་ཞེང་ཅན་གྱི་ཉི་མའམ། ཡུལ་ངན་གྱི་ཉི་མ་ཁ་ཤར་དང་འདྲ་སྟེ། ཉི་མ་ཤར་ནས་མུན་པ་རགས་པ་སངས་ཀྱང་དེ་མ་ཐག་ས་རྡོ་དྲོས་པ་དང་། འཁྱག་ཞུ་བར་མི་ནུས་ཤིང་ཡུན་རིང་པོ་འགྱངས་པ་བཞིན་དུ་སྒོམ་རང་ངོ་ཤེས་ཀྱང་གནས་པའི་བརྟན་ཆ་རིམ་གྱིས་ཐོན་དགོས་པ་དང་། ཉམས་ཀྱི་རྩལ་རྫོགས་དགོས་པ་དང་། རྟོགས་པ་མངོན་དུ་འགྱུར་དགོས་པ་སོགས་རིམ་གྱིས་ནུད་ནུད་དུ་སྐྱེ་དགོས་པ་ཡིན་ཞིང་། སེམས་ཀྱི་ངོ་བོ་ཙམ་མཐོང་ཡང་འཕྲལ་དུ་སྤངས་ཤིང་གཉེན་པོ་རང་དབང་མ་ཐོབ་པས་སྒོམ་གྱི་གཉུག་བསྲིང་དགོས་པ་ཡིན་པས་བརྩོན་འགྲུས་ཅན་མ་གཏོགས་པར་རིམ་སྐྱེས་པ་ས་ལམ་རྫོགས་དཀའ་བས་དམན་དུ་བཞག་པ་ཡིན་ཞིང་། འོན་ཀྱང་གང་ཟག་ཕལ་ཆེར་ནི་ལམ་འདིའི་འཇུག་ངོགས་སུ་ཡིན་པའི་དབང་གིས། དེ་ལ་རྗེ་ཕག་མོ་གྲུ་པས། རྣལ་འབྱོར་བཞི་གསུམ་བཅུ་གཉིས་སུ་ཞིབ་པར་དབྱེ་བར་མཛད་པའི་རྣམ་གྲངས་ནི། རྩེ་གཅིག་ཆུང་ངུའི་དུས་སུ་བདེ་གསལ་གྱི་ངོ་བོ་མཐོང་། འབྲིང་པོ་ཏིང་ངེ་འཛིན་ལ་དབང་ཐོབ། ཆེན་པོ་ཉམས་ཀྱི་ཁོར་ཡུག་གོ། །སྤྲོས་བྲལ་ཆུང་ངུ་སྐྱེས་འགག་མེད་པར་རྟོགས། འབྲིང་པོ་རྩ་བ་བྲལ་བ་རྟོགས། ཆེན་པོས་ཕྱི་ནང་གི་ཆོས་ལ་སྒྲོ་འདོགས་ཆོད་པའོ། །རོ་གཅིག་ཆུང་ངུ་འཁོར་འདས་གཅིག་ཏུ་འདྲེས། འབྲིང་པོ་གཟུང་འཛིན་རྩ་བ་རྦད་ཀྱིས་བཅད། ཆེན་པོ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཞི་བའོ། །བསྒོམ་མེད་ཆུང་ངུའི་བསྒོམ་བྱ་སྒོམ་བྱེད་ཀྱི་རྟོགས་པ་དང་བྲལ། འབྲིང་པོ་ལྷུན་གྲུབ་ཀྱི་རང་ས་ཟིན། ཆེན་པོ་འོད་གསལ་གཉིས་དབྱེར་མེད་ཟུང་འཇུག་ཏུ་འདྲེས་པའོ། །དེ་དག་གི་དོན་རྒྱལ་བ་ཡང་དགོན་པས་རྒྱས་པར་བཀྲལ་ནས་གསུངས་པའི་དོན་ཕལ་ཆེར་བསྡུ་ན། དང་པོ་རྩེ་གཅིག་གི་དབྱེ་བ་ནི། སྔོན་གནས་པའི་ཏིང་ངེ་འཛིན་ནི་ཞི་གནས་རྐྱང་པ་ཡིན་ལ་དེའི་ངང་ལ་གསལ་ཆ་དང་བཅས་པར་གནས་པ་ནི་རྩེ་གཅིག་གི་རྣལ་འབྱོར་ཞེས་བྱ་བས་དེ་ལའང་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་དགོས་ཏེ། དེའང་ཕྲ་རགས་ཀྱི་རྣམ་རྟོག་རང་སར་ཞི་ནས་དེའི་ངང་ལས་སེམས་གསལ་སྟོང་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་ས་ལེ། སིང་ངེ་གནས་པ་ལ་རྟོག་མེད་ཀྱི་ངེས་ཤེས་སྐྱེས་པ་ནི་ལྷག་མཐོང་གི་ཉམས་ཡིན་པས། སྒོམ་བཟང་བའི་དུས་སུ་རྟོག་མེད་ཀྱི་ཤེས་པ་བདེ་ས་ལེ། དྭངས་སང་ངེ་། ཡེ་རེ། རྗེན་ནེ། ལྷང་ངེ་གནས་པ་ནི་བདེ་གསལ་གྱི་ངོ་བོ་མཐོང་བ་ཡིན་ཏེ་རེས་བསྒོམས་ཀྱང་མི་ཡོང་། རེས་མ་བསྒོམས་ཀྱང་ཡོང་བ་ནི་ད་དུང་ཏིང་ངེ་འཛིན་ལ་དབང་མ་ཐོབ་པ་སྟེ། དཔེར་ན་བཟོ་གཟབས་མི་ཐུབ་པ་དང་འདྲ་བས་རྩེ་གཅིག་ཆུང་ངུ་ཡིན་ལ། སྒོམ་གྱི་སྣེ་འདི་ནས་ཟིན་པ་ཡིན་པས་བླ་མ་ཉམས་མྱོང་ཅན་གྱིས་ངོ་ལེགས་པར་སྤྲོད་དགོས་པ་ཡིན་ཞིང་། དེ་ནས་རྟོག་མེད་ཀྱི་ཤེས་པ་ངོས་བཟུང་མེད་པ་ས་ལེ། སིང་ངེ་། རྗེན་ནེ་བ་དེ་ལ་དྲན་པས་ནམ་བཞག་ཏུ་ཤུགས་ཀྱིས་གནས་པ་རྩེ་གཅིག་འབྲིང་པོ་ཏིང་ངེ་འཛིན་ལ་དབང་ཐོབ་པ་ཡིན་ནོ། །དེ་ལ་འབད་རྩོལ་ཡང་ཡང་བྱེད་མ་དགོས་པར་ཐོག་མར་བསྒོམ་རྒྱུ་དྲན་ཙམ་གྱིས་ཁྱམ་ཁྱམ་ཤུགས་ཀྱིས་གནས་པ་རྒྱུན་ཆད་མེད་པར་ཤར་ནས་ཉིན་པར་རྣམ་རྟོག་ཐམས་ཅད་དེའི་ངང་དུ་ཉེ་བར་ཞི་ཞིང་གཉིད་ཀྱང་དེའི་ངང་དུ་ཚུད་པ་དང་སྤྱོད་ལམ་རྣམ་བཞི་དང་འབྲལ་བ་མེད་པ་ནི་རྩེ་གཅིག་ཆེན་པོ་ཉམས་ཀྱི་ཁོར་ཡུག་མ་བྱ་བ་དེ་ཡིན་ཞིང་། དེའི་དུས་བསྒོམ་མེད་ཆེན་པོ་རྟོགས་སོང་སྙམ་ནས་ཉམས་རྟོགས་པར་ཤོར་བའི་དོགས་པ་ཡོད་པས། དེ་ཡང་སེམས་བདེ་གསལ་མི་རྟོག་པའི་ངང་ལ་གནས་པ་ཙམ་གྱིས་མི་ཡོང་སྟེ། དེ་ལ་ཡིད་ཆེས་ཀྱི་ངེས་ཤེས་རེ་མ་སྐྱེས་ན་ལྷག་མཐོང་གི་ཉམས་དང་མ་འབྲེལ་ཏེ་སྣང་བ་མ་ངེས་པའི་བསམ་གཏན་ཞེས་བྱ་སྟེ། དཔེར་ན་བུ་ཆུང་ངམ་བླུན་པོས་ལྷ་ཁང་མཐོང་བ་བཞིན་ཡིན་ཞིང་རྩེ་གཅིག་མུན་པའི་ཁྱི་སྣ་བྱམས་ཞེས་པ་དེ་ལྟ་བུ་འབྱུང་བ་ཡིན་ཏེ་ཉམས་རྟོགས་ཀྱི་དབྱེ་བའི་ས་མཚམས་མ་ཕྱེད་པས་མཉམ་བཞག་མཚན་ཉིད་པ་མེད་ལ། རྗེས་སྣང་སྒྱུ་མར་མི་འཆར་བས་རྗེས་ཐོབ་མཚན་ཉིད་པ་མེད་ཅིང་རང་སའི་མཉམ་རྗེས་ཡོད་དོ། །ཞེས་གསུངས། གཉིས་པ་སྤྲོས་བྲལ་གྱི་ཁྱད་པར་ནི། དེ་ལྟར་རྩེ་གཅིག་གི་ཉམས་དེ་ཞེན་པ་མེད་པར་བསྐྱངས་པ་ལས་ཉམས་མྱོང་གི་ངེས་ཤེས་དེ་རྣམ་པར་དག་པའི་ངང་དུ་ཅི་ཞིག་ན་སྤྲོས་བྲལ་ཆོས་ཉིད་ཀྱི་བདེན་པ་མཐོང་སྟེ། གང་མཐོང་ན་རང་ངོ་མཐོང་། གང་གིས་མཐོང་ན་རང་རིག་པས་མཐོང་། ཇི་ལྟར་མཐོང་ན་ཡུལ་དང་ཡུལ་རྐྱེན་གཉིས་སུ་མེད་པར་མཐོང་སྟེ་འདས་པའི་ཤེས་པ་རྒྱུན་ཆད། མ་འོངས་པའི་ཤེས་པ་མ་སྐྱེས་པའི་བར་དུ། ད་ལྟའི་ཤེས་པ་རྣམ་རྟོག་སྐད་ཅིག་མའམ། རྣམ་པར་མི་རྟོག་པའི་ངོ་བོ་ཁོ་རང་གིས་ཁོ་རང་ཡུལ་མེད་དུ་སངས་ཀྱིས་ངོ་ཤེས་པ་ཡིན་ཞིང་། འདིའི་དུས་སུ་འཁོར་འདས་ཀྱི་ས་མཚམས་ཕྱེད་དེ། སྔར་གྱི་གོ་བ་དང་ཆོས་སྐད་ཉམས་མྱོང་གི་གཟུང་འཛིན་ཐམས་ཅད་ཕྱི་ཤུན་དུ་སོང་ནས་སེམས་ཁོ་རང་ཕྱི་རུ་བལྟས་ཀྱང་སྤྲོས་པ་དང་བྲལ། ནང་དུ་བལྟས་ཀྱང་སྤྲོས་པ་དང་བྲལ། ངོ་བོ་ངོས་གཟུང་མ་གྲུབ། ཐ་སྙད་ཀྱི་བཏགས་མ་རྙེད། བློ་ཡི་ཡུལ་དུ་བྱར་མ་བཏུབ་པ་དེ་ལ་རྗེས་ཤེས་ཀྱིས་སྟོང་འཛིན་ནམ། ངེས་ཤེས་འཛིན་པའི་འཁྲིས་གཅིག་འདུག་ན་ཉམས་རྟོགས་ཀྱི་ཤན་ཡོངས་སུ་མ་ཕྱེད་པས་སྤྲོས་བྲལ་ཆུང་ངུ་ཡིན་ལ། དེའི་དུས་སུ་སེམས་དངོས་པོའི་ཆོས་སུ་མ་སྐྱེས། དངོས་མེད་ཀྱི་ཆོས་སུ་མི་དགག་ཐ་དད་ཀྱི་ཆོས་ལ་མི་གནས་པས་སྐྱེ་འགག་གནས་གསུམ་དང་བྲལ་བས་རྣམ་ཐར་སྒོ་གསུམ་གྱི་དོན་མངོན་དུ་གྱུར་པ་ཡིན། དེ་ནས་རྟོགས་པ་དེ་བརྟན་ཆ་ཆེ་རུ་སོང་བ་དང་སྟོང་འཛིན་ངེས་ཤེས་ཀྱི་ཆའམ་དྲི་མ་དེ་རྩ་བ་ནས་དག་སྟེ་ཐ་མལ་གྱི་ཤེས་པ་ཡུལ་མེད་དུ་རྒྱངས་སོང་བ་ན། སྣང་འཛིན་དང་སྟོང་འཛིན་གྱི་གཞི་རྩ་ཡོངས་སུ་བྲལ་བའི་སྐབས་སྤྲོས་བྲལ་འབྲིང་པོ་རྩ་བ་དང་བྲལ་བར་རྟོགས་པ་བྱ་བ་དེ་ཡིན་ཞིང་། འདིའི་སྐབས་སུ་རྟོགས་པའི་རང་བཞིན་དུ་ངེས་པས་འགྱུ་ཐོག་བདེ་ཡང་སྣང་ཐོག་ཏུ་བདེ་དོགས་ཀྱི་འཛིན་པ་འབྱུང་བ་ཡིན་ཞིང་། དེ་ནས་ཉམས་རྟོགས་ཀྱི་ཤན་ཡོངས་སུ་ཕྱེད་དགོས་པས་རྟོགས་པ་ཉམས་དང་མ་འདྲེས་ཤིང་ཉམས་རྟོགས་པ་དང་མ་བྲལ་བར་ཉམས་ཀྱི་དག་བྱེད་རྟོགས་པས་བྱས། རྟོགས་པའི་བོགས་ཉམས་ཀྱིས་བཏོན་ནས་བསྐྱངས་པས། རྟོགས་པ་དེ་མཐར་ཐུག་ཏུ་འཁོར་འདས་གཉིས་ཀྱི་ལམ་གྱིས་བསྡུས་པ་ཤེས་བྱ་ལ་སྲིད་ཚད་ཀྱི་ཕྱི་ནང་གི་ཆོས་ལ་སྤྲོས་པ་དང་མ་བྲལ་བའམ། མི་སྟོང་པར་སྐྲའི་རྩེ་མོ་ཙམ་ཡང་མེད་པར་མཚན་མའི་སྤྲོས་པ་ཐམས་ཅད་དང་། འཛིན་པའི་སྤྲོས་པ་མ་ལུས་པ་བྲལ་བ་ནི་སྤྲོས་བྲལ་ཆེན་པོ་ཕྱི་ནང་གི་ཆོས་ལ་སྒྲོ་འདོགས་ཆོད་པའོ། །སྤྲོས་བྲལ་སྐྱེས་པ་དང་མཉམ་རྗེས་གཉིས་ཤག་གིས་ཕྱེད་དེ། སེམས་ཕྱི་ནང་མེད་པར་ཟང་ཐལ་དུ་ཤར་བས་མཚན་མའི་སྤྲོས་པ་མེད་ལ་ཡུལ་མེད་དུ་རང་ངོ་ཤེས་པ་དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་བྱ་སྟེ་མཉམ་བཞག་མཚན་ཉིད་པ་ཡིན་ཞིང་རྗེས་ཤེས་ཡུལ་ཡུལ་རྐྱེན་དུ་སྣང་ཡང་སྣང་བ་བདེན་འཛིན་མེད་པར་སྒྱུ་མར་ཤར་ཏེ་མིའི་ཤུལ་དུ་མི་ཡི་རྗེས་ཡོད་པ་དང་འདྲ་སྟེ་རྗེས་ཐོབ་མཚན་ཉིད་པ་ཡིན། འདི་སྐབས་སུ་རྒྱུ་རྐྱེན་རྟེན་འབྲེལ་དུ་མ་གོ་ན་སྣང་སྟོང་ཟུང་འཇུག་ཏུ་བྱན་མ་ཚུད་པ་ཡིན་པས་འདིའི་སྐབས་སུ་རྒྱུ་འབྲས་སྟོང་པར་རྟོགས་ནས་རྣམ་སྨིན་ལ་བསགས་ས་མི་འདུག །ལས་རྒྱུ་འབྲས་ལ་གྲུབ་ས་མི་འདུག་སྙམ་པ་སྐྱེ་ཡོང་བས་མྱོང་བ་དེའི་རྗེས་སུ་རྟོགས་པའི་ངེས་ཤེས་འབྲང་སོང་ན་ནག་པོ་ཁ་འབྱམས་ལ་ཤོར་ནས་མར་གྱི་ཟང་ཐལ་དུ་འགྲོ་ཉེན་ཡོད་ཅིང་སྤྲོས་བྲལ་མེད་པའི་སྟོང་རྫིས་ཁྱེར་བྱ་བའང་དེ་ཡིན་པས་རྗེས་སུ་མི་འབྲང་བར་སྟོང་ཉིད་རྟོགས་པའི་གདངས་དམིགས་མེད་སྙིང་རྗེ་ཆེན་པོ་སྐྱེ་ནས་རྒྱུ་ཚོགས་གཉིས་བསགས་ཏེ་གཟུགས་སྐུའི་ས་བོན་ཐེབས་དགོས་པའི་ཕྱིར་རོ། །གསུམ་པ་རོ་གཅིག་གི་དབྱེ་བ་ནི། དེ་ལྟར་སྤྲོས་བྲལ་གྱི་རྟོགས་པ་བསྐྱང་བ་ལས། ནམ་ཞིག་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་མ་བྲལ་དང་། སྟོང་མི་སྟོང་མེད་པར་གསལ་གཞག་དང་དགག་སྒྲུབ་མེད་པར་རང་སར་གྲོལ་ནས་རང་ངོ་ཤེས་པས། སྣང་བ་དང་སྟོང་པ། དོན་དམ་དང་ཀུན་རྫོབ། བསྐྱེད་རིམ་དང་རྫོགས་རིམ་ལ་སོགས་པ་དམིགས་པའི་ཆོས་ཇི་སྙེད་པ་ཐམས་ཅད་རྟོགས་པའི་ངོ་བོར་གཅིག་པས་རོ་གཅིག་གི་རྣལ་འབྱོར་ཞེས་བྱ་སྟེ། ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་རྟོགས་ཤིང་དབྱེར་མེད་པར་ཟུང་འཇུག་མངོན་དུ་གྱུར་ནས། སྣང་བ་སྟོང་པ་དང་བྲལ་མ་མྱོང་ལ། སྟོང་པ་དང་སྣང་བ་ཕྲ་བ་བྲལ་མ་མྱོང་བས་སྣང་སྟོང་གང་རུང་དེའི་སྟེང་ན་ལམ་གྱི་ཆོས་ཇི་སྙེད་པ་ཚང་ཞིང་གཉིས་མེད་ཟུང་འཇུག་ཡངས་པའི་ལམ་ཡིན་ཞིང་། དེ་ལྟར་དུ་རོ་གཅིག་རྟོགས་པའི་སྐབས་སུ་དེ་ལ་ངར་འཛིན་པའམ། ངེས་ཤེས་ཀྱི་ཆ་འདྲེས་པའམ། མྱོང་བ་ངེས་ཤེས་ཀྱི་དྲི་མ་ཅུང་ཟད་འདུག་ན་རོ་གཅིག་ཆུང་ངུའོ། །རོ་གཅིག་འབྲིང་པོ་གཟུང་འཛིན་གྱི་རྩ་བ་རྦད་ཀྱིས་ཆོད་པའི་རྟོགས་པ་དེ་བརྟན་དུ་སོང་བ་དང་། རྟོགས་བྱ་དང་རྟོགས་བྱེད་དུ་མ་རོ་གཅིག་སྟེ། འདྲེ་རྒྱུ་འདྲེས་པའི་ཡུལ་འཛིན་རྩ་བ་ནས་དག་པས་བེམ་པོ་ཕྱི་རུ་མ་ལུས་པ་རིག་པ་ནང་དུ་མ་ལུས་པར་སྣང་སེམས་གཅིག་ཏུ་ཀྲོང་ངེ་བ་དེ་རོ་གཅིག་འབྲིང་པོ་སྟེ་ཡིད་ལ་མི་བྱེད་པའི་མཚན་ཉིད་ད་གཟོད་དེ་རུ་མངོན་དུ་གྱུར་པ་ཡིན་ཞིང་། རོ་གཅིག་གི་ཆེན་པོ་སྣང་ཞིང་སྲིད་པའི་ཆོས་སྐྱེ་མེད་དུ་ཞི་བ་ནི་རོ་གཅིག་གི་རྟོགས་པ་སྟེ། དེའི་དངོས་གཞིར་གནས་པ་ནི། རོ་གཅིག་དུ་མ་ཞེས་བྱ་བ་ཟབ་རྒྱས་དབྱེར་མེད་ཀྱི་རྟོགས་པ་དེ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་ས་ན་སོ་མ་ཉམས། མདོག་མ་བསྒྱུར། སྤུ་མ་བརྗེས་པར་ཇི་ལྟར་གནས་པ་དེ་རང་གཉིས་མེད་རྟོགས་པའི་ངོ་བོར་འདུག་པ་ལས། དེ་ལ་གསལ་བཞག་གམ། བྲལ་ཐོབ་བམ། གཉེན་པོས་བཅོས་རྒྱུ་སྤུ་རྩེ་ཙམ་ཡང་མ་དགོས་པ་ནི་རོ་གཅིག་ཆེན་པོའམ། རོ་གཅིག་རྟོགས་པ་དང་མཉམ་རྗེས་གཉིས་ཡོངས་སུ་འདྲེས་པ་ཡིན་ཞིང་རང་དང་སེམས་ཅན་གཉིས་སུ་མི་འདུག་པས་སུ་ལ་དོན་བྱ་སྙམ་པ་དང་། བླ་མ་དང་རང་སེམས་གཅིག་ཏུ་འདྲེས་ནས་གསོལ་བ་འདེབས་ས་དང་། མོས་གུས་བྱ་བའི་ཡུལ་མ་རྙེད་ནས། དེ་ལ་ངེས་ཤེས་སྐྱེས་ཏེ་ཉམས་ཀྱི་རྗེས་སུ་རྟོགས་པ་འབྲང་སོང་ན་རོ་གཅིག་འདྲེས་པས་རྦ་ལ་གཡེང་ཞེས་པ་དེ་ཡིན་ཞིང་ཉན་ཐོས་ཀྱི་གསེབ་ལམ་འདི་མན་ཆོད་འགྲིམ་དགོས་པའི་སྐྱོན་ཡང་དེས་ཡིན་པས། དམིགས་པ་མེད་པའི་སྙིང་རྗེ་དང་། མོས་གུས་རྒྱུན་ཆད་མེད་པས་བསྟན་འགྲོའི་དོན་རླབས་ཆེན་འགྲུབ་པའི་རྟེན་འབྲེལ་འདི་སྐབས་འགྲིགས་དགོས་པ་ཡིན་ནོ། །བཞི་པ་བསྒོམ་མེད་ཀྱི་ཁྱད་པར་ནི། དེ་ལྟར་རོ་གཅིག་གི་རྟོགས་པ་དེ་བར་མེད་དུ་བསྐྱངས་པས་ཅི་ཞིག་ནས་བསྒོམ་བྱ་སྒོམ་བྱེད་དང་བྲལ་བས་སྒོམ་མཁན་དང་རྟོགས་མཁན་སོགས་རྩ་བ་ནས་ཡོངས་སུ་དག་པས་བསྒོམ་བྱ་སྒོམ་བྱེད། རྟོགས་བྱ་རྟོགས་བྱེད། ཤེས་བྱ་ཤེས་བྱེད། དྲན་རྫིའི་གཉེན་པོའམ་གོམས་པར་བྱ་རྒྱུའི་ཉམས་ཀྱི་དྲི་མ་དེ་སངས་ཀྱི་དག་ནས། ཉིན་བར་གྱི་དུས་ན་མཉམ་རྗེས་དང་། ཡེངས་མ་ཡེངས་མེད་པར་ཤར་བ་དང་། མཚན་མོའི་དུས་ན་ངོ་མ་ཤེས་སམ། འཛིན་པའི་དྲི་མ་ཅུང་ཟད་ཅིག་འདུག་པ་དེ་བསྒོམ་མེད་ཆུང་ངུ་ཡིན་ནོ། །དེའི་ངང་ནས་གཞི་ཐོག་ཏུ་འབྲས་བུ་སྨིན། སྐུ་གསུམ་མ་དང་འཕྲད། ཡིན་ལུགས་ཡིན་བཞིན་དུ་གྱུར་པས་ཉིན་མཚན་གྱི་དབྱེ་བ་མེད། གཉིད་ལོག་མ་ལོག་མེད་པར་དྲན་པས་གཟུང་རྒྱུའམ། ངོ་ཤེས་རྒྱུ་གཏན་ནས་མེད་པས་མཉམ་བཞག་ཆེན་པོ་གཅིག་ཏུ་གྱུར་པ་ལ་ཡེ་ཤེས་ཀྱི་རང་གྲིབ་ལ་མི་ཤེས་པའི་ཟོལ་ཤེས་བྱའི་དྲི་མ་ཅུང་ཟད་དང་བཅས་པ་ནི་བསྒོམ་མེད་འབྲིང་པོ་ལྷུན་གྲུབ་ཀྱི་རང་ས་ཟིན་པའོ། །དེ་ནས་བསྒོམ་མེད་ཆེན་པོ་ནི་ཆོས་ཀྱི་དབྱིངས་ཡེ་ཤེས་ཀྱིས་དེར་ཤེས་པས། དབྱིངས་དང་ཡེ་ཤེས་དབྱེར་མེད་པས་ལམ་དང་རང་བཞིན་འོད་གསལ་ལ་གཅིག་ཏུ་འདྲེས་ནས། འོད་གསལ་ཆེན་པོ་སྤྲོས་མེད་ཀྱི་ཡེ་ཤེས་ལ་མི་ཤེས་དང་ཤེས་བྱའི་དྲི་མ་རྩ་བ་ནས་དག་པས། ཚེ་འདི་ཕྱིའམ། ལམ་འབྲས་བུའམ། རྒྱུ་འབྲས་ཀྱི་འཛིན་པ་ཕྲ་མོ་ཙམ་ཡང་མེད་པར་རང་གཞན་འཁོར་འདས་ཐམས་ཅད་འོད་གསལ་གཉིས་མེད་ཆོས་ཀྱི་སྐུ་གཅིག་ཏུ་གྱུར་པ་ནི་བསྒོམ་མེད་ཆེན་པོ་མི་སློབ་པའི་ཟུང་འཇུག་ཡིན་ལ། དེ་ཡང་ཤེས་བྱ་ཕྲ་མོ་མ་ཟད་པས་ཇི་སྙེད་པའི་ཆོས་ལ་མི་ཤེས་པའི་ཟོལ་གཉིས་འཛིན་ཕྲ་མོ་དང་མ་བྲལ་བར་འདུག་ན་བསྒོམ་མེད་ཉི་མ་སྤྲིན་གྱིས་བཀབ་ཅེས་བྱ་བ་དེ་ཡིན་པས། དེ་ནས་ཕུང་པོ་ལྔ་དང་བྲལ་ཞིང་ལུས་ལུས་མེད། སེམས་སེམས་མེད། སྣང་བ་སྣང་མེད་དུ་རྒྱ་གསུམ་དང་གྲོལ་ནས་རྡོ་རྗེ་གསུམ་གྱི་ངོ་བོ་ཆོས་ཀྱི་སྐུ་གཅིག་ཏུ་གྱུར་པས་ཡང་དག་རྫོགས་པའི་སངས་རྒྱས་ནས། སེམས་ཅན་གྱི་ཁམས་རྒྱུད་དང་སངས་རྒྱས་ཀྱི་ཐུགས་རྗེ་གཉིས་སུ་མེད་པར་ཁྱབ་ནས་འཁོར་བ་མ་སྟོངས་ཀྱི་བར་དུ་མཆོག་གི་སྤྲུལ་པ་རྒྱུན་མི་ཆད་པར་འབྱུང་བས་ན་གཟུགས་སྐུའི་ཕྲིན་ལས་མངོན་དུ་གྱུར་པ་ཡིན་ནོ། །བཞི་པ་རྣལ་འབྱོར་བཞི་ལས་འཕྲོས་པའི་དབྱེ་བ་ལ་དགུ་ལས། དང་པོ་དྲན་པའི་དབྱེ་བ་བཞི་ནི། གཟུང་དྲན་ཞེས་པ་རྩེ་གཅིག་དང་པོའི་སྐབས། རྣམ་རྟོག་ངོས་བཟུང་བའི་ཕྱིར་དྲན་པ་བརྟེན་པ་ལ་ཟེར། སྟོང་ཉིད་གཟུང་དྲན་ཞེས་པ་ནི་སྤྲོས་བྲལ་གྱི་དུས་སྟོང་ཉིད་ཀྱི་ངོ་བོ། རང་གསལ་གྱི་དྲན་པ་བརྟེན་པ་ལ་ཟེར། རྩོལ་མེད་ཀྱི་དྲན་པ་ཞེས་པ་རོ་གཅིག་གི་དུས་སྣང་བ་སྣང་མཁན་གཉིས་མེད་ལ་ཟེར། ཡང་དག་གི་དྲན་པ་ཞེས་བསྒོམ་མེད་ཀྱི་དུས་ཐམས་ཅད་མཉམ་པ་ཆེན་པོ་བློ་ལས་ཡོངས་སུ་འདས་པ་ལ་ཟེར། གཉིས་པ་ཏིང་ངེ་འཛིན་གྱི་ངོས་འཛིན་བཞི་ནི། རྗེ་སྒོམ་ཆུང་གིས། ས་ལེ་ངང་ལ་གནས་པ་རྩེ་གཅིག་ཡིན་ཞེས་པ་ལྟར་གནས་འགྱུ་དྲན་པ་དུ་མ་གཅིག་ཏུ་འདྲེས་པའི་རིག་པ་ལ་དྭངས་ཆ་འབྱེད་དེ་ས་ལེ་སིང་ངེ་ཡེ་རེ་གནས་པ་ལ་ཟེར། སྒྲོ་འདོགས་ཆོད་པ་སྤྲོས་བྲལ་ཡིན། ཞེས་པ་ལྟར་ངོ་བོ་སྐྱེ་འགག་གནས་གསུམ་དང་མཚན་འཛིན་གྱི་སྤྲོས་པ་ལས་གྲོལ་བས་སྐྱེ་མེད་སྟོང་པའི་སྒྲོ་འདོགས་ཆོད་པ་ལ་ཟེར། སྤང་བླང་མེད་ན་རོ་གཅིག་ཡིན། །ཞེས་པ་ལྟར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་གཉིས་འཛིན་བཟང་ངན་རེ་དྭོགས་སྤང་བླང་མེད་པ་གཅིག་ཏུ་གྱུར་པ་ལ་ཟེར། མྱོང་བ་དག་ན་བསྒོམ་མེད་ཡིན། །ཞེས་པ་ལྟར་ཞི་གནས་ཀྱི་ཉམས་མྱོང་དང་སྤྲོས་བྲལ་རོ་གཅིག་སོགས་ཀྱི་མྱོང་བ་ཡོངས་སུ་དག་ནས་ལམ་གྱི་རྟོགས་པ་དང་རང་བཞིན་གྱི་གནས་ལུགས་གཉིས་མེད་དུ་གྱུར་པ་ལ་ཟེར། གསུམ་པ་མཉམ་བཞག་གི་རྟོགས་པ་བཞི་ནི། རྗེ་སྒོམ་ཆུང་གིས། རྩེ་གཅིག་དུས་སུ་ངོ་བོ་རྟོགས། །ཞེས་པ་ནི་སེམས་རྟོག་མེད་ཀྱི་ངང་ལ་ཁྱམ་གྱིས་གནས་ནས་ངེས་ཤེས་སྐྱེས་པ་ལ་ཟེར། སྤྲོས་བྲལ་དུས་སུ་རང་བཞིན་རྟོགས། །ཞེས་པ་ནི་དེ་བཞིན་ངོ་བོ་སྐྱེ་འགག་གནས་གསུམ་དང་བྲལ་བར་རིག་པ་ལ་ཟེར། རོ་གཅིག་སྣང་བའི་མཚན་ཉིད་རྟོགས། །ཞེས་པ་ནི་འཁོར་འདས་ཀྱི་ཆོས་སྣ་ཚོགས་མ་འགགས་པ་སྣང་ཞིང་སྐྱེ་མེད་ཀྱི་ངང་དུ་རོ་མཉམ་པ་ལ་ཟེར། བསྒོམ་མེད་རྟོགས་པ་ཁོར་ཡུག་མ། །ཞེས་པ་ནི་མྱོང་བྱ་མྱོང་བྱེད་རྟོགས་བྱ་རྟོགས་བྱེད་ཐམས་ཅད་མཉམ་ཉིད་གཉུག་མའི་ངང་དུ་ཁོར་ཡུག་སོང་བ་ལ་ཟེར་རོ། །བཞི་པ་རྟོགས་པའི་འཁོར་ས་བཞི་ནི། རྗེ་སྒོམ་ཆུང་གིས། རྩེ་གཅིག་མུན་པའི་དཀྱིལ་ནས་འབྱམས། །ཞེས་པ་ནི་སེམས་ཞི་གནས་ཁོ་ནའི་ངང་དུ་འབྱམས་པས་ཉམས་མྱོང་རྟོགས་པ་ཅི་རིགས་སྒྲིབ་པ་ལ་ཟེར། སྤྲོས་བྲལ་མེད་པའི་སྟོང་རྩིས་ཁྱེར། །ཞེས་པ་ནི་ངོ་བོ་སྟོང་པ་ལ་ངེས་ཤེས་རྗེས་སུ་འབྲངས་ནས། སྣང་ཕྱོགས་ལས་འབྲས་ཀྱི་རྟེན་འབྲེལ་ཁྱད་དུ་གསོད་པ་ལ་ཟེར། རོ་གཅིག་འདྲེས་པའི་རྦ་ལ་གཡེང་། །ཞེས་པ་ནི་སྣང་བ་དང་སེམས་གཅིག་ཏུ་རྟོགས་ནས་མོས་གུས་སྙིང་རྗེ་འགྲོ་དོན་བྱ་བའི་ཡུལ་མ་རྙེད་ནས་དེ་ལ་ངེས་ཤེས་དང་ཉམས་ཀྱི་རྗེས་སུ་རྟོག་པ་ཤོར་བ་ལ་ཟེར། བསྒོམ་མེད་ཉི་མ་སྤྲིན་གྱིས་སྒྲིབ། །ཅེས་པ་ནི་བསྒོམ་བྱ་སྒོམ་བྱེད་དང་བྲལ་ཞིང་མཉམ་བཞག་འབའ་ཞིག་རྟོགས་ཀྱང་། སྒྱུ་མ་ལྟ་བུ་གཉིས་སྣང་མི་རྟོག་པའི་ངོ་མ་ཤེས་ཐག་མ་ཆོད་པ་ལ་ཟེར་རོ། །ལྔ་པ་རྗེས་ཤེས་སྐྱེ་ཚུལ་བཞི་ནི། རྗེ་སྒོམ་ཆུང་གིས། རྩེ་གཅིག་གི་རྗེས་ཤེས་ཨ་འཐས་སྐྱེ། །གསུངས་པ་ལྟར་ནང་ཉམས་མྱོང་གི་འཛིན་ཞེན་མ་དག་པས་རྗེས་ཤེས་གཟུང་འཛིན་གྱི་སྣང་བ་བདེན་འཛིན་ཅན་སྐྱེས་པ་ལ་ཟེར། སྤྲོས་བྲལ་གྱི་རྗེས་ཤེས་སྒྱུ་མར་སྐྱེ། །གསུངས་པ་ལྟར་རྗེས་ཤེས་ཡུལ་དང་ཡུལ་རྐྱེན་གྱི་རྣམ་པར་སྣང་ཡང་དངོས་འཛིན་མེད་པར་སྒྱུ་མ་ལྟར་འཆར་བ་ལ་ཟེར། རོ་གཅིག་རྗེས་ཤེས་སྟོང་པར་སྐྱེ། །གསུངས་པ་ལྟར་སྣང་སྟོང་གཉིས་མེད་དུ་མ་རྟོགས་ཏེ་སྔར་གྱི་ངོ་བོ་སྟོང་འཛིན་མ་དག་པའི་ཤུགས་ཀྱིས་སྣང་སྟོང་ཕྱོགས་རེ་འཛིན་པ་ལ་ཟེར། བསྒོམ་མེད་ཀྱི་རྗེས་ཤེས་སྙིང་རྗེ་སྐྱེ། །གསུངས་པ་ལྟར་མཉམ་རྗེས་འདྲེས་པས་རྗེས་ཤེས་རང་ག་མ་མེད་ཀྱང་། དམིགས་མེད་ཀྱི་སྙིང་རྗེ་འཆར་སྒོ་མ་འགགས་ཙམ་ཡོད་པ་ལ་ཟེར་རོ།། ༈ །།དྲུག་པ་རྗེས་ཤེས་ཀྱི་དྲི་མ་བཞི་ནི། རྗེ་སྒོམ་ཆུང་གིས། རྩེ་གཅིག་ལ་དངོས་འཛིན་གྱི་དྲི་མ་ཡོད། །ཅེས་པ་ལྟར་ཉམས་མྱོང་ངེས་ཤེས་དང་བཅས་པའི་འཛིན་ཞེན་ཡོད་པ་ལ་ཟེར། སྤྲོས་བྲལ་ལ་ངོ་ཤེས་མ་ཤེས་ཀྱི་དྲི་མ་ཡོད། །ཅེས་པ་ལྟར་སྟོང་ཕྱོགས་ལ་བདེ་ཞིང་ངོ་ཤེས་སླ། སྣང་ཕྱོགས་མ་བདེ་བས་ངོ་མ་ཤེས་པ་ལ་ཟེར། རོ་གཅིག་ལ་མཉམ་རྗེས་ཀྱི་དྲི་མ་ཡོད། །ཅེས་པ་ལྟར་སྣང་བ་སྟོང་པ་སྟོང་པ་སྣང་བ་གཉིས་མེད་ཟུང་འཇུག་ཏུ་མ་ཚུད་པས་སྒྱུ་མ་ལྟ་བུའི་ཉམས་ལ་ཟེར། བསྒོམ་མེད་ལ་ཤེས་བྱའི་དྲི་མ་ཡོད། །ཅེས་པ་ལྟར་ཆོས་ཉིད་རང་གསལ་གྱི་ངང་ལ་ཀུན་གཞིའི་རྣམ་ཤེས་རྟོག་བྲལ་ལུང་མ་བསྟན་གྱི་དབང་དུ་ཅུང་ཟད་འགྲོ་བ་ལ་ཟེར། བདུན་པ་རྗེས་ཐོབ་འདག་ཚུལ་བཞི་ནི། རྗེ་སྒོམ་ཆུང་གིས། རྩེ་གཅིག་བྲལ་ཡོད་ཐོབ་པ་མེད། །ཅེས་པ་ལྟར་འགྱུ་དྲན་ཡེངས་ན་སྒོམ་འཆོལ་ནས་བྲལ་བ་ཡོད་ལ་སླར་དྲན་པས་ཟིན་ཀྱང་ཇི་ལྟ་བའི་སྒོམ་ཐོབ་ཏུ་མེད་པ་ལ་ཟེར། སྤྲོས་བྲལ་ལ་བྲལ་ཐོབ་གཉིས་ཀ་ཡོད། །ཅེས་པ་ལྟར་རིག་པའི་དྭངས་ཆ་ཉམས་ན་སྒོམ་འཆོལ་བས་བྲལ་བ་ཡོད་ལ༑ རིག་པ་རང་གསལ་བྱུང་དུས་སྒོམ་ཇི་བཞིན་འཆར་བས་ཐོབ་པ་ཡོད་པ་ལ་ཟེར། རོ་གཅིག་ལ་བྲལ་བ་མེད་ལ་ཐོབ་པ་ཡོད། །ཅེས་པ་ནི་ངོ་བོ་རྟོགས་པ་ལ་རྒྱུན་ཆད་མེད་པས་བྲལ་བ་མེད་ལ། སྣང་བའི་སྐབས་སྣང་སྟོང་གཉིས་མེད་དུ་འཆར་བས་ཐོབ་པ་ཡོད་པ་ལ་ཟེར་རོ། །བསྒོམ་མེད་བྲལ་ཐོབ་གཉིས་ཀ་མེད། །ཅེས་པ་ལྟར་དྲན་པ་ཡེ་ཤེས་ཀྱི་འཁོར་ལོར་ཤར་བས་སྒོམ་དང་བྲལ་བ་མེད་ལ་སྣང་བ་གང་ཤར་དེ་ཀས་ཆོག་པས་སྒོམ་གསར་དུ་ཐོབ་པ་མེད་པ་ལ་ཟེར་རོ། །བརྒྱད་པ་ཉམས་རྟོགས་ཀྱི་ས་མཚམས་བཞི་ནི། རྗེ་སྒོམ་ཆུང་གིས། རྩེ་གཅིག་ཉམས་རྟོགས་དྲི་མ་ཅན། །ཅེས་པ་ལྟར་འཛིན་ཞེན་འཆིང་བ་དང་བཅས་པ་ལ་ཟེར། སྤྲོས་བྲལ་ཉམས་མྱོང་རུ་ཤན་ཕྱེད། །ཅེས་པ་ལྟར་ཉམས་མྱོང་ཡུལ་མེད་དུ་རྟོགས་པས་མ་འདྲེས་པར་རིག་པ་ལ་ཟེར། རོ་གཅིག་ཉམས་རྟོགས་ཟུང་དུ་ཆུད། །ཅེས་པ་ལྟར་སྣང་བའི་ཉམས་སྟོང་པར་ཟུང་འཇུག་ཏུ་ཤར་བ་ལ་ཟེར། བསྒོམ་མེད་རྟོགས་པ་ཁོར་ཡུག་མ། །ཞེས་པ་ནི་གཉིས་མེད་ལ་རྒྱུན་ཆད་མེད་པའི་ཡེ་ཤེས་ལ་མངོན་དུ་གྱུར་པ་ལ་ཟེར་རོ། །དགུ་པ་རྟོགས་པའི་སྒྲིབ་པ་དག་ལུགས་བཞི་ནི། རྗེ་སྒོམ་ཆུང་གིས། རྩེ་གཅིག་དུས་སུ་གཟུགས་ཀྱི་ཕུང་པོ་དང་བྲལ། སྒོ་ལྔའི་རྣམ་ཤེས་དག་ཅེས་པ་ནི་གཟུགས་སྣང་གི་ངོ་བོ་མ་གྲུབ་པས་སྒོ་ལྔ་རང་སྟོང་དུ་འཆར་བ་ལ་ཟེར། སྤྲོས་བྲལ་དུས་ཚོར་བ་དང་འདུ་ཤེས་ཀྱི་ཕུང་པོ་དང་ཡིད་ཀྱི་རྣམ་པར་ཤེས་པ་དག །ཅེས་པ་ནི་བདེ་སྡུག་བྱུང་ཚོར་མྱོང་རེག་གི་འཛིན་པ་སྟོང་གསལ་དུ་དག་པས། ཐ་སྙད་ཀྱི་འདོགས་པ་མེད་པ་ལ་ཟེར། རོ་གཅིག་གི་དུས་སུ་འདུ་བྱེད་ཀྱི་ཕུང་པོ་དང་ཉོན་མོངས་པ་ཅན་གྱི་ཡིད་འདག །ཅེས་པ་ནི་འཛིན་ཞེན་ཀུན་སྦྱོར་གྱི་སེམས་མེད་པ་དང་། ང་དང་ང་ཡིར་འཛིན་པ་ཐམས་ཅད་ཀྱི་གཞི་རྩ་མེད་པ་ལ་ཟེར། བསྒོམ་མེད་ཀྱི་དུས་སུ་རྣམ་པར་ཤེས་པའི་ཕུང་པོ་དང་། ཀུན་གཞིའི་རྣམ་པར་ཤེས་པ་འདག །ཅེས་པ་ནི་ངེས་ཤེས་ངོས་བཟུང་གི་ཡུལ་གྱི་མྱོང་འཛིན་མེད་པ་དང་། རྟོག་མེད་ལུང་མ་བསྟན་ཡོངས་སུ་དག་ནས་རྟོག་མེད་རང་བཞིན་གྱི་གསལ་བ་ལ་ཟེར་རོ། །ད་ཉམས་མྱོང་གི་ཤན་འབྱེད་བསྟན་པ་ལ། དེ་དག་ཀྱང་ཁ་བཤད་ཆུའི་སྦུ་བ་ལག་ལེན་གསེར་གྱི་ཐུར་མ་ཞེས་པའི་དཔེ་ལྟར་བཤད་སླ་ལ་རྟོགས་ཤིན་ཏུ་དཀའ་བ་ཡིན་པས་དང་པོ་ནས་གོ་མྱོང་རྟོགས་གསུམ་གྱི་རྣམ་དབྱེ་ཞིབ་པར་མ་ཕྱེས་ན་གོ་བ་ཙམ་ལོན་པའི་སྐབས་སུའང་ཉམས་སམ་རྟོགས་པ་དང་ལྡན་ཡོད་སྙམ་ནས་ངེས་ཤེས་བསྐྱེད་དེ་གདེང་བཟུང་བ་ཅན་ཤིན་ཏུ་མང་ཞིང་། ཁ་ཅིག་ནི་ཉམས་སྣ་ཚོགས་ཤར་བ་དང་དེ་ལ་བརྟན་པ་ཅུང་ཟད་ཐོབ་པའི་སྐབས་སུའང་རྟོགས་པ་དངོས་ཡིན་འདི་ལས་ལྷག་པའི་ངོ་བོ་རྟོགས་རྒྱུ་དང་བརྟན་ཆ་ཆེ་རྒྱུ་ཅི་ཡང་མེད་དེ་སྤྲོས་བྲལ་ལམ། རོ་གཅིག་གམ། བསྒོམ་མེད་རྟོགས་པ་དངོས་ཡིན་སྙམ་ནས་སེམས་འདི་བསླུ་བྲིད་མཁས་པའི་ང་རྒྱལ་སྐྱེས་ནས་ལམ་དུ་ཕྱིན་དཀའ་བས། གོ་བ་ཉམས་དང་མ་འདྲེས་པར་ཉམས་ཀྱི་ཚད་གོ་བས་བཟུང་དགོས་པ་དང་། ཉམས་རྟོགས་པ་དང་མ་འདྲེས་པར་ཉམས་ཀྱི་དག་བྱེད་རྟོགས་པས་བྱས་པ་དང་། རྟོགས་པ་ཉམས་དང་མ་འདྲེས་པར་རྟོགས་པའི་བོགས་ཉམས་ཀྱིས་དབྱུང་དགོས་པས་ན། ཇི་སྐད་དུ། གོ་བ་ལྷན་པོ་འདྲ་བ་གོག་ནས་འགྲོ། །ཉམས་ནི་ན་བུན་འདྲ་བ་ཡལ་ནས་འགྲོ། །རྟོགས་པ་རི་རྒྱལ་འདྲ་བས་འཕོ་འགྱུར་མེད། །ཅེས་པ་ལྟར་ཁྱད་པར་ཤིན་ཏུ་ཆེ་བས་དང་པོ་གོ་མྱོང་རྟོགས་པའི་རྣམ་གྲངས་སྤྱིར་ངོས་བཟུང་བ་ནི། དོན་སྤྱི་མ་ནོར་བར་བློ་ཡུལ་དུ་བྱས་པ་གོ་བ་དང་། རང་མཚན་གྱི་རྣམ་པ་ཉམས་འོག་ཏུ་ཆུད་པ་ཉམས་མྱོང་། རང་མཚན་མ་ནོར་བ་མངོན་སུམ་དུ་རྟོགས་པ་ནི་རྟོགས་པའོ། །ཡང་ན་ཚིག་རྣམས་ཤེས་ཏེ་དེའི་དོན་བློ་ཡིས་དེ་ལྟར་ཕར་མཚོན་པ་ནི་གོ་བ། སེམས་ཀྱིས་མྱོང་ནས་ངེས་ཤེས་ཚུར་སྐྱེ་བ་ནི་ཉམས། སེམས་ཀྱི་མཚན་ཉིད་ཀྱང་མེད་པར་སོ་སོ་རང་རིག་པས་མྱོང་བ་ནི་རྟོགས་པའོ། །ཡང་སྒོས་རིག་ཁམས་སྒྲིབ་བྱེད་བྱིང་རྒོད་རྨུགས་འཐིབ་བཞིའི་གེགས་ངོས་བཟུང་སྟེ་སྐྱོན་རྣམས་བསལ་ཚུལ་ལ། དང་པོ་བྱིང་བ་ནི་གནས་འགྱུ་རིག་གསུམ་སོགས་གང་ཡང་ངོས་བཟུང་བ་དང་རྒྱུན་བསྐྱང་རྒྱུ་མེད་པར་བྱིང་བྱིང་ཡས་ཡས་པོར་གྱུར་ནས་མི་ཧར་ལངས་པ་ལྟ་བུའི་སེམས་ལ་གོ་དགོས་པ་ཡིན་པས། དེ་ལྟ་བུར་བྱུང་བའི་སྐབས་སུ་རང་གི་མདུན་མཁར་ཐིག་ལེ་དཀར་པོ་དཔེར་ན་སྐར་ཆེན་ཤར་བ་ལྟར་གསལ་ཧྲིག་གེ་བ་ཞིག་བསྒོམ་ལ་སེམས་ཀྱི་ཤེས་པ་དེར་དབྱེར་མེད་དུ་གཏད་དེ་ཐོལ་བྱུང་དུ་ཕཊ་དྲག་པོ་འགའ་ཞིག་བརྗོད་པས་གེགས་དེ་སེལ་བ་ཡིན། རྒོད་པ་ནི་རྣམ་རྟོག་སྣ་ཚོགས་མི་དྲན་དགུ་དྲན་གཅིག་རྗེས་གཉིས་མཐུད་ནས་བློ་འཚབ་འཚུབས་ཀྱི་ངང་དུ་ལྡིང་ནས་གཟུང་འཛིན་གཉིས་ཀ་བདེན་ཞེན་གྱི་ཡུལ་དབང་དུ་ཧང་ངེ་ཤོར་བ་སྟེ། དཔེར་ན་ཤོག་སྐྱ་རླུང་གིས་ཁྱེར་བ་ལྟ་བུ་ལ་གོ་དགོས་ཤིང་། དེ་ལྟ་བུ་བྱུང་བའི་ཚེ་གདན་དང་གྱོན་པས་ལུས་དྲོ་བར་བྱས་ཤིང་སྒོ་དང་སྐར་ཁུང་ཡང་བཀག་སྟེ་སྨག་ནག་ཙམ་བྱས་ནས་པུས་མོ་གཉིས་བསླང་བར་གྲུ་མོས་བརྟེན་ཏེ་ལག་གཉིས་བསྣོལ་ཞིང་ཕྲག་པར་བཀབ། རྐང་མཐིལ་གཤིབ་པའི་མཐིལ་དུ་ཐིག་ལེ་ནག་པོ་གཉིས་དམིགས་ལ་སེམས་དེར་གཏད་དེ་བསྒོམས་པས་རྒོད་པའི་གེགས་དེ་སེལ་བ་ཡིན་ནོ། །དེ་ནས་རྨུགས་པ་ནི་སེམས་ཀྱི་ངོ་བོ་མི་དྭངས་ཤིང་འཐིབ་པོར་གྱུར་ནས་གནས་འགྱུ་རིག་གསུམ་སོགས་ཀྱི་སྤུ་རིས་མི་ཕྱེད་པར་དཔེར་ན་རི་མགོ་སྨུག་པས་གཡོགས་པ་ལྟ་བུ་ལ་གོ་དགོས་པ་ཡིན་པས། དེ་ལྟ་བུ་བྱུང་བའི་སྐབས་སུ་རླུང་ཁ་ནས་ཧར་སྒྲ་དང་བཅས་ཏེ་ལྷག་མེད་དུ་ལན་གསུམ་ཙམ་ཕྱིར་དབྱུང་ནས། ལུས་དྲང་པོ་བསྲང་ལ་ཐལ་སྒོང་ཕྱིར་གྱེས། མིག་གཡོ་འགུལ་མེད་པ་ཧུར་རེ་ནམ་མཁའ་གཡའ་དག་པ་ལ་གཏད་དེ་གློ་བུར་དུ་སྐྱོ་ཤས་མོས་གུས་བསྐྱེད་པས་རྨུགས་པའི་གེགས་དེ་སེལ་བ་ཡིན། འཐིབ་པ་ནི་ལུས་སེམས་གཉིས་ཀ་འཚོ་མི་ཐུབ་པར་གཉིད་འོག་ཏུ་ཡོལ་རན་པ་ལྟ་བུ་ཉབ་ཉོབ་ལ་གོ་དགོས་པ་ཡིན་པས། དེ་ལྟ་བུ་རང་བྱུང་བའི་སྐབས་སུ་ཤ་དང་ཚིལ་རྙིང་། ཞོ་དང་མར་ལ་སོགས་པའི་ཟས་བཅུད་ཆེན་སྤངས་ཏེ་ཆུ་རྐྱང་དང་ཙམ་པ་ཁོ་ནའི་ཟས་ལ་བརྟེན་ཏེ། རི་མཐོན་པོ་གནམ་རྒྱ་ཡངས་ས་དང་ཁམས་དྭངས་པའི་གནས་སུ་བསྡད་དེ་ལུས་སྟོད་ཀྱི་གོས་བསལ་ནས་མིག་ཧུ་རེ་ནམ་མཁར་གཏད་དེ་བསྒོམས་པས་འཐིབ་པའི་གེགས་དེ་སེལ་འགྲོ་བས་བྱིང་རྒོད་རྨུགས་འཐིབ་སོགས་བྱུང་མིན་སྐབས་རེར་ཉམས་དཔྱད་ནས། བྱུང་ཚེ་སྐྱོན་རྣམས་སེལ་བའི་ཐབས་དེ་ལྟར་དོན་གཉེར་ཡང་ཡང་བསྐྱེད་པར་གལ་ཆེ་བ་ཡིན་ནོ། །དེ་ནས་ཞི་གནས་ཀྱི་གོལ་ས་གསུམ་ངོས་བཟུང་ཞིང་གེགས་བསལ་བ་ནི། སློབ་དཔོན་རིན་པོ་ཆེས། བདེ་ལ་ཆགས་ན་འདོད་ཁམས་གོལ། གསལ་ལ་ཆགས་ན་གཟུགས་ཁམས་གོལ། མི་རྟོག་པ་ལ་ཆགས་ན་གཟུགས་མེད་ཁམས་སུ་གོལ། ཞེས་དང་། རྗེ་རྒྱལ་མཚན་དཔལ་བཟང་གིས། བློ་ཡི་ཏིང་ངེ་འཛིན་ལ་ནི། །རྟོག་ཅིང་ཞེན་པས་དཔྱད་པ་དང་། །དགའ་བདེའི་སེམས་ནི་རྩེ་གཅིག་བསྒོམས། །དེ་ནི་བསམ་གཏན་དང་པོར་གོལ། །ཏིང་ངེ་འཛིན་ལ་དད་པ་དང་། །དགའ་བདེའི་སེམས་ནི་རྩེ་གཅིག་བསྒོམས། །དེ་ནི་བསམ་གཏན་གཉིས་པར་གོལ། །ཏིང་འཛིན་རྟོག་དང་དཔྱོད་མེད་པས། །བཏང་སྙོམས་དྲན་པ་ཤེས་བཞིན་དང་། །བདེ་དང་སེམས་ནི་རྩེ་གཅིག་བསྒོམས། །དེ་ནི་བསམ་གཏན་གསུམ་པར་གོལ། །ཞེས་གསུངས་པ་ལྟར་བསྡུ་ན། རང་གི་ལུས་སེམས་བདེ་བ་ལ་ཞེན་ཅིང་ཆགས་ན་འདོད་ལྷ་རིགས་དྲུག་ཏུ་སྐྱེ་བས་གོལ་བ་དང་། སེམས་དྭངས་ཤིང་གསལ་བར་འཛིན་པ་ཡོད་པས་དེ་ལ་ཞེན་ན་གཟུགས་ཁམས་གནས་རིས་བཅུ་བདུན་དུ་སྐྱེ་བས་གོལ་བ་དང་། སེམས་མི་རྟོག་པ་ལ་བློས་བྱས་ཡོད་པ་དེ་ལ་ཞེན་ན་གཟུགས་མེད་སྐྱེ་མཆེད་མུ་བཞི་ལ་གོལ་བ་དང་། དེ་གསུམ་ལ་ཞེན་འཛིན་བློས་བྱས་མེད་ཀྱང་ཉན་རང་འགོག་པའི་བསམ་གཏན་ལ་གོལ་བ་ཡིན་པས་དེས་ན་ཞི་གནས་ཀྱི་ཉམས་དེ་དག་ཁྱད་པར་དུ་ལྷག་མཐོང་རྟོགས་པའི་ན་སྤར་བའམ་འཕར་བས་གོལ་ས་དེ་རྣམས་ངེས་པར་སེལ་དགོས་པ་ཡིན་ནོ། །དེ་ནས་དགྲར་ལང་གསུམ་ངོས་བཟུང་ཞིང་གེགས་བསལ་བ་ནི། ཕྱི་ཚོགས་དྲུག་གི་སྣང་བ་སྣ་ཚོགས་རྣམས་མཐོང་ཐོས་མྱོང་བའི་སྐབས་སུ་སེམས་གནོད་སྣང་དང་ཡངས་དོག་ཤར་ནས་དགྲ་ལྟར་མཐོང་བའི་ཚེ་སྣང་བ་དེ་ཐམས་ཅད་རང་སེམས་ཀྱི་རྩལ་དུ་ཐག་བཅད་དེ་སེམས་ཀྱང་གནོད་བྱ་གནོད་བྱེད་དང་བྲལ་བའི་སྟོང་ཉིད་དུ་ཤེས་པས་གེགས་དེ་སེལ་བ་ཡིན། དེ་ནས་ནང་རྣམ་རྟོག་ཉོན་མོངས་ཧྲག་པ་རེ་སྐྱེས་པའི་སྐབས་སུ་གཉེན་པོ་ཁོ་རང་གནོད་སྣང་ཤར་ནས་དགྲ་ལྟ་བུར་སྐྱོན་དུ་མཐོང་བའི་ཚེ། ཉོན་མོངས་རྣམ་རྟོག་གང་ཤར་ཅི་འགྱུ་ཐམས་ཅད་སྤང་གཉེན་དབྱེར་མེད་མ་བཅོས་རང་བབས་སུ་ལྷོད་ཀྱིས་གློད་དེ་བཞག་པས་སྐད་ཅིག་ལ་ཚུགས་མི་ཐུབ་པ་སྐྱེ་མེད་ཆོས་སྐུ་དག་པའི་ཀློང་དུ་རང་སར་རང་གྲོལ་དུ་འགྲོ་བ་སོགས་ཤེས་པས་གེགས་དེ་སེལ་བ་ཡིན། དེ་ནས་རང་གི་ལུས་སེམས་དང་སྣོད་བཅུད་གང་ལའང་གཏད་སོ་མེད་པར་སྟོང་ཉིད་ཁོ་ན་འབྱམས་ཀླས་འགྲོ་བའི་སྐབས་སུ། ཡང་གཉེན་པོ་མུ་བསྐྱང་བཅུག་མཁན་ཁོ་བློ་མ་བདེ་སྟེ་སྟོང་པ་དེ་དགྲ་ལྟ་བུར་ལངས་པའི་ཚེ། སྟོང་པའི་ཤེས་ཉམས་དེ་དང་སྣང་ཉམས་སྣ་ཚོགས་སུ་སྣང་བ་འདི་དང་འདུ་འབྲལ་སྐད་ཅིག་ཙམ་ཡང་ཡོང་མི་སྲིད་པས་སྣང་སྟོང་དབྱེར་མེད་ཟུང་འཇུག་ཏུ་ཡོད་པར་ཤེས་པས་གེགས་དེ་སེལ་དགོས་པ་ཡིན་ནོ། །དེ་ནས་འཕྲལ་ཤོར་བཞི་ངོས་འཛིན་ཅིང་འཕྲང་བསལ་བ་ནི། རྗེ་རྒྱལ་མཚན་དཔལ་བཟང་གིས། ཕྱག་རྒྱ་ཆེ་ལ་གོལ་བ་ནི། །ཆོས་ཀུན་ནམ་མཁའ་བཞིན་དུ་ནི། །མཐའ་ཡས་སྙམ་པའི་བློ་ཡིས་སུ། །མཉམ་བཞག་ནམ་མཁའ་མཐའ་ཡས་གོལ། །རྣམ་པར་ཤེས་པ་མཐའ་ཡས་སོ། །སྙམ་པས་རྣམ་ཤེས་མཐའ་ཡས་གོལ། །ཆོས་ཀུན་ཅི་ཡང་མེད་དོ་སྙམ། །བསྒོམས་པས་ཅི་ཡང་མེད་པར་གོལ། །ཆོས་ཀུན་ཡོད་མིན་མེད་པ་མིན། །སྙམ་པས་མཉམ་པར་འཇོག་པ་ནི། །ཡོད་མིན་མེད་མིན་སྐྱེ་མཆེད་གོལ། །ཞེས་པ་ལྟར་བསྡུ་ན། སེམས་སྟོང་ཉིད་སྤྲོས་པ་དང་བྲལ་བའི་གཤིས་སུ་ཤོར་བ་ནི་སངས་རྒྱས་དང་སེམས་ཅན་གཉིས་སུ་མི་འདུག་པས་ལས་དགེ་སྡིག་གི་ཕན་གནོད་ག་ལ་ཡོད་སྙམ་པ་དང་། དགེ་སྡིག་རྒྱུ་འབྲས་དང་དམ་ཚིག་སྡོམ་པ་སོགས་འཆོལ་ཉོག་ཏུ་སྤྱོད་ན་ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བ་ཡིན་པས། སྟོང་ཉིད་ཟབ་མོ་མཐའ་དབུས་ཀུན་དང་བྲལ་བ་ཞིག་རྟོགས་ཀྱང་སྟོང་པའི་གདངས་སྙིང་རྗེ་གོ་མ་འགགས་པར་ཟུང་འཇུག་ཏུ་ལྡང་པས་རང་སར་གཅོད་དགོས་པ་ཡིན་ནོ། །དེ་ནས་རྒྱས་འདེབས་སུ་ཤོར་བ་ནི། སྣང་བ་ཅིར་ཡང་སྟོང་པར་འདོད་པ་དང་། རྣམ་རྟོག་ཆོས་སྐུར་འདོད་པ་དང་། གསལ་བ་དེའོ། །བདེ་བ་དེའོ། །སྟོང་པ་དེའོ། །ཡེངས་མེད་དོ། །འཁྲུལ་བ་དག་སོང་སྙམ་པ་སོགས་ནི་བློས་བྱས་སམ་རྣམ་རྟོག་གིས་རྒྱས་འདེབས་བྱས་པ་ཡིན་པས། དེས་ན་ཡེ་གདོད་མ་ནས་སྟོང་ཉིད་འབད་རྩོལ་ལས་འདས་པ་ཆོས་རྣམས་མཉམ་ཉིད་ལྷུན་གྲུབ་ཡེ་ནས་ཡིན་པ་ལ་ཡིན་ནོ་སྙམ་པའི་རྒྱས་འདེབས་ཀྱི་རྟོག་པ་ལྷན་པོ་ལྟ་བུ་རྣམས་གཅོད་དགོས་པ་ཡིན་ནོ། །དེ་ནས་གཉེན་པོ་རུ་ཤོར་བ་ནི། སྟོང་པ་ཉིད་ཆེད་དུ་སྒོམ་པ་དང་། ཡེངས་པ་དང་འཁྲུལ་བའི་དབང་དུ་ཤོར་ན་ཕྱི་འགྱོད་དང་བཅས་ཏེ་མ་ཡེངས་པའི་ཐོག་ཏུ་ཚུར་བཞག་ནས་བཟོ་བཅོས་སྤང་བླང་དགག་སྒྲུབ་སྣ་ཚོགས་ཀྱིས་གཉེན་པོར་བརྟེན་པ་ལྟ་བུ་ཡིན་པས། དེས་ན་གཞི་དང་ངོ་བོ་རང་བཞིན་གསུམ་དབྱེར་མེད་རོ་གཅིག་ཏུ་རྟོགས་པས་རེ་དོགས་ཀྱི་འཕྲང་རྣམས་ཡོངས་སུ་གཅོད་དགོས་པ་ཡིན་ནོ། །ཉོན་མོངས་རང་ག་མར་ཤོར་བ་ནི། ཉོན་མོངས་པ་གང་སྐྱེས་པ་དེ་གཉེན་པོས་མ་ཟིན་པར་དེའི་དབང་དུ་ཤོར་བ་ཡིན་པས། དེས་ན་ཉོན་མོངས་མངོན་ཚན་ཅན་དྲག་པོ་རེ་སྐྱེས་དུས། དེའི་རྗེས་སུ་མི་འབྲང་ཞིང་གཉེན་པོས་མི་སྤང་བར་འཆར་གཞི་སྟོང་ཉིད་ཀྱི་འཆར་གཤིས་སུ་བཞག་པས་གཞི་མེད་རྩ་བྲལ་དུ་ཤུགས་ཀྱིས་སངས་འགྲོ་བ་ཡིན་པས་དེ་ལྟ་བུའི་ཤོར་ས་རྣམས་ཚར་གཅོད་དགོས་པ་ཡིན་པས། དེ་དག་གཞིར་བཞག་ནས་ཕྱི་ནང་གསང་བའི་སྐྱོན་ཆེ་ཕྲ་རྣམས་ངོས་ཞིབ་ཀྱིས་མ་ཟིན་ན་ཉམས་རྟོགས་ཀྱི་ཡོན་ཏན་ཡར་ལྡན་དུ་ནམ་ཡང་འབྱུང་ཐབས་ག་ལ་ཡོད་པས། དང་པོ་ནས་ལྟ་བས་མཐོ་ས་ནས་མི་བཤད་པར་སྐྱོན་རྣམས་ཕྲ་ས་ནས་ངོས་བཟུང་སྟེ་བསལ་དགོས་པ་ཡིན་མ་གཏོགས་དེང་སང་འགའ་རེ་ནས་རིག་པ་ཀ་དག་སོགས་ཁ་རྩེར་འཆང་མཁན་ནི་མང་ཡང་དོན་དུ་ཉམས་ཕབས་ནས་འདྲི་བ་རེ་བྱས་ཚེ་རིག་ཁམས་སྒྲིབ་བྱེད་ཀྱི་སྐྱོན་དེ་དག་རྣམས་ངོས་ཟིན་མཁན་ཙམ་ཡང་དཀོན་པར་སྣང་བས། སྐྱོན་རྣམས་ངོས་མ་ཟིན་ན་ཉམས་མྱོང་སྐྱེས་པ་ལ་ཡ་ཆ། དེར་མ་ཟད་ཉམས་མྱོང་ཅུང་ཟད་རེ་སྐྱེས་ཀྱང་ཡེངས་པ་འཁྲུལ་རྟོག་སོགས་ཡོངས་སུ་མ་དག་ན་རིག་པ་ཀ་དག་གི་ཡོན་ཏན་བརྗོད་པས་གོ་ག་ལ་ཆོད། དེས་ན་རང་རེ་མཆེད་གྲོགས་རྣམས་ནས་དང་པོ་དེ་ཙམ་གྱི་རྒྱུས་ཉམས་ལོན་པའང་གལ་ཆེ་བའི་རང་བཞིན་དུ་བྱ་དགོས། ད་ནི་སློབ་མ་ལས་དང་པོ་པས་གནས་ལུགས་ཇི་ལྟར་བསྐྱང་ཚུལ་བསྟན་པ་ནི། སྒོམ་ཁ་སློབ་ཀྱིས་ཁྱི་མི་རེ་ཟེར་བའི་དཔེ་ལྟར་ནའང་། གང་ཟག་ལས་དང་པོ་པ་རྣམས་ཡིད་ཁམས་འབྱེད་ཕྱིར་གནས་འགྱུ་རིག་གསུམ་ངོས་རིམ་གྱིས་ཟིན་པ་དང་། གྲོལ་བ་དང་། བརྟན་པ་ཐོབ་ལུགས་སོགས་ཀྱི་རྣམ་བཞག་ཅུང་ཟད་ཉམས་མྱོང་གི་སྒོ་ནས་བླུན་གཏམ་གོ་བདེ་བ་རེ་བྱས་ན། གཞིར་གནས་ཀྱི་ཡེ་ཤེས་ལ་མ་རིག་པ་ཁོས་རྒྱབ་ཕྱོགས་ནས་སྣང་ཡུལ་ལ་འཛིན་པའི་ལག་སྦྲེལ་ཏེ་གཟུང་འཛིན་འཁྲུལ་བའི་གཡེང་བ་ཁོ་ནའི་དབང་དུ་སོང་བའི་རྐྱེན་གྱིས་འཁོར་བ་མཐའ་མེད་དུ་འཁྱམས་པས་ལན་པར་འདུག །དེ་བཟློག་པ་ལ་མ་རིག་པ་ཡེངས་པའི་ཆ་དེ་ལ་རིག་པའམ་དྲན་པའི་སོ་འཛུག་སྟེ་འཁོར་བར་འཁྱམས་མཁན་གྱི་སྙིང་པོ་ཡེངས་འཁྲུལ་གཉིས་པོ་ལ་ཐུག་ཡོད་པས་མ་འདྲེས་པ་ཡོངས་སུ་ངོས་ཟིན་པར་བྱེད་དགོས། ངོས་ཟིན་པ་ཙམ་གྱིས་མི་ཡོང་བར་ཡེངས་འཁྲུལ་གྱི་རྣམ་པ་དེ་དག་གཞིར་གནས་ཀྱི་ཡེ་ཤེས་མངོན་དུ་བྱེད་པའི་རྨང་ལྟ་བུ་སེམས་ཞི་བར་གནས་པའི་ངང་ལ་དྲན་པའི་གཞི་བཅོལ་ཏེ་རིམ་གྱིས་དག་དགོས་པའི་ཕྱིར་རོ། །དེ་ཡང་དང་པོ་དྲན་པ་ཇི་ཙམ་བརྟན་ཀྱང་སེམས་ཡེངས་འཁྲུལ་གྱི་རྣམ་པ་ངོས་ཟིན་དཀའ་བར་ཡོད། ཟིན་ཀྱང་སྔར་ནས་ཡེངས་འཁྲུལ་ཤུགས་ཆེ་བའི་དབང་གིས་མུན་རུབ་ནང་གི་གློག་འགྱུ་བ་ཙམ་ལས་དྲན་པ་བརྟན་ཆ་ཡོང་མི་ནུས། འོན་ཀྱང་རིམ་པར་དྲན་ཤེས་ཀྱི་གཉེན་པོ་སྐད་ཅིག་མས་མུ་མཐུད་དེ་བསྒོམས་པས། དཔེར་ན་ས་དང་རྡོ་བ་དམ་དུམ་དུ་བརྩེགས་པས་མཐར་མཁར་རྩིག་དགུ་ཡུག་གཅིག་ཏུ་གྲུབ་པ་ལྟར་དང་པོ་རྩོལ་བཅས་ཀྱི་དྲན་པ་ཁོ་ནར་བརྟེན་པས་ཉིན་མཚན་གོ་འབྲེལ་བས་སྟོང་ཉིད་ཀྱི་དྲན་པ་རྙེད་ཡོང་། སྟོང་ཉིད་ཀྱི་དྲན་པས་ཡེངས་རྐྱེན་སྣང་བ་ཐམས་ཅད་ཡེངས་མེད་སྒོམ་གྱི་རྒྱན་དུ་ཚུར་ཤར་ནས་ཡང་དག་གི་དྲན་པ་རྙེད་ཡོང་། ཡང་དག་གི་དྲན་པས་བདག་གཞན་ཉིན་མཚན་འཁོར་འདས་དབྱེར་མེད་དུ་རྟོགས་ཏེ་བློ་འདས་ཀྱི་དྲན་པ་རྙེད་དེ་གདོད་མའི་གནས་ལུགས་ཀྱི་གཏན་སྲིད་རྩོལ་མེད་དུ་ཟིན་དགོས་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ། ཡེངས་བ་ངོས་ཟིན་པ་དང་དག་ལུགས་ལའང་དང་པོ་ཡེངས་པ་རྒྱ་འབྱམས་སུ་འགྲོ་བའི་སྐབས་དེར། དྲན་པ་རྩེ་གཅིག་གཞུར་ནས་བསྡད་ཀྱང་གློ་བུར་དུ་དབང་པོའི་ཤེས་པ་རྣམས་ཀྱང་ཐམ་ཐོམ་ཡེངས་པའི་དབང་དུ་འཆོལ་ནས་ཡེངས་བ་རྒྱ་འབྱམས་སུ་ཡུན་རིང་པོར་སོང་མ་ཚར་གྱི་བར་དུ་ངོས་མི་ཟིན་ཏེ། དཔེར་ན་འགྲུལ་པས་ལམ་ཁར་འདྲི་བཤད་བྱ་རྒྱུའམ་རྒྱུ་རྫས་ཕར་གཏད་ཚུར་ལེན་བྱེད་རྒྱུ་ཡོད་པ་ཞིག་ཡིན་ན། དེ་བརྗེད་ནས་ས་ཁུག་འགར་བགྲོད་ཚར་དུས་སྔ་མའི་དྲན་པ་དང་འདྲ་བར་འབྱུང་ཞིང་། གལ་ཏེ་དྲན་པས་ཕྱི་འགྱོད་དང་བཅས་ཏེ་ངོས་ཟིན་ཀྱང་དེ་ཐོག་རང་དུ་ཡང་མི་གནས་པར་རྟ་རྒོད་ཁ་ཤུགས་ཆེ་བའི་དབང་དུ་འགྲོ་བ་ལྟར་དེ་ཚུག་ནས་ཡེངས་བ་རྒྱ་འབྱམས་ཀྱི་དབང་དུ་ཕར་འཆོལ་འགྲོ་བ་དང་། བར་དུ་རྩོལ་བཅས་ཀྱི་དྲན་པ་བརྟེན་ཆེ་བའི་དབང་གིས་ཡེངས་བ་མཐུག་པོ་རྒྱ་འབྱམས་པའི་གོང་ནས་ཀྱང་དྲན་པ་ལྷང་གི་ཐོག་རྒྱག་ཏུ་ཚུར་རྙེད་དེ། ཤེས་ཐོག་ཏུ་ཡུན་རིང་ཐུང་མ་ལྟོས་པར་གནས་ཆ་རེ་འབྱུང་བ་ནི་དཔེར་ན་མུན་རུབ་ནང་གི་གློག་འགྱུ་བ་དང་མཚུངས་ཀྱིན་ཡོད། དེ་ཡང་གོམས་པའི་ངང་ཁོ་ནར་བསྲིང་པའི་སྟོབས་ཀྱིས་མཐར་ཡེངས་པའི་དབང་དུ་ཕར་འགྲོ་ཆིས་བྱེད་དུས་ནས་དྲན་ཤེས་ཀྱི་གཉེན་པོས་ངོས་ཟིན་པ་དུས་མཉམ་དུ་འབྱུང་ཞིང་ངོས་ཟིན་མཚམས་ནས་གནས་ཆའི་དབང་དུ་ཤུགས་ཀྱིས་འདུག་པ་ནི་དཔེར་ན་བྲན་གཡོག་ཅི་ཟེར་ཉན་པ་ལྟ་བུ་དང་མཚུངས་ཀྱིན་ཡོད། མཐར་ནི་ཡེངས་པ་མ་རིག་པ་ལུང་མ་བསྟན་དུ་འབྱམས་པ་དེ་དག་ཐམས་ཅད་ཀྱང་ཆབས་ཅིག་ཏུ་སྤྲིན་མེད་ཀྱི་མུན་པ་སྐྱ་ཡམ་ཡམ་ལྟ་བུར་གྱུར་པ་དང་། དེ་ནས་ཡང་ནམ་ལངས་ཁའི་མུན་པ་རང་དེངས་སུ་འགྲོ་བ་ལྟ་བུ་དང་། དེ་ཡང་ཉི་མ་མངོན་སུམ་འཆར་དུས་མུན་པའི་མིང་འདོགས་གཞི་གནས་མེད་དུ་སངས་པ་ལྟ་བུ་དང་མཚུངས་ཀྱི་འདུག་གོ། །དེ་བཞིན་དུ་རྣམ་རྟོག་ལའང་དང་པོ་དྲན་ཤེས་ཇི་ཙམ་བརྟེན་ཀྱང་རྣམ་རྟོག་ངོས་ཟིན་དཀའ་སྟེ། དྲན་ཤེས་ཀྱི་གཉེན་པོ་གྲིམ་དྲག་ན་ནི་རྣམ་རྟོག་སྐྱེ་རྒྱུ་རང་འགགས་སུ་འགྲོ། ལྷོད་དྲག་ན་ནི་རྣམ་རྟོག་འོག་འགྱུ་རུ་སོང་ནས་ངོས་ཟིན་དཀའ། རྣམ་རྟོག་རྒོད་དྲག་ན་ནི་དེ་ཡི་དབང་གིས་དྲན་ཤེས་ཀྱི་གཉེན་པོའང་གཏོར་ནས་འཁྲུལ་བ་རྒྱ་འབྱམས་སུ་འགྲོ་བ་ལས་མི་ཡོང་བས། དེས་ན་དྲན་ཤེས་འདི་ཡང་སྐབས་རེ་གྲིམ་པ་དང་། སྐབས་རེ་གྲིམ་ལྷོད་སྙོམས་པ་དང་། མཐར་ནི་ཡོངས་སུ་ལྷོད་པ་སོགས་ཁྲིད་རིམ་ལྟར་ངང་བསྲིངས་ཏེ་སྒོམ་གྱིས་སྣ་མ་སུན་པར་བསྒོམ་དགོས་པ་དང་། དེ་ཡང་དང་པོ་རྣམ་རྟོག་ངོས་ཟིན་པའམ་མཚངས་རིག་པའི་དུས་ན་རྣམ་རྟོག་གཅིག་རྗེས་གཉིས་མཐུད་ནས་མཐར་ནི་གཅིག་སྟེང་ལ་གཅིག་སྐྱེས་པ་ལྟ་བུ་ཟམ་མི་འཆད་པར་ཤུགས་དྲག་པ་རི་གཟར་གྱི་འབབ་ཆུ་ལྟ་བུར་འབྱུང་བ་དང་། དེ་ནས་ཤེས་པ་ཅུང་ལྷོད་ནས་བསྒོམས་པས་རྣམ་རྟོག་ཅུང་ཟད་ངལ་སོས་པ་རོང་ཁུང་གི་འབབ་ཆུ་ལྟ་བུ་སྟེ་རྣམ་རྟོག་གྲིམ་ལྷོད་སྤེལ་མ་སྐྱེས་པ་དང་། བར་དུ་གཉེན་པོ་གྲིམ་ལྷོད་ཤིན་ཏུ་སྙོམས་པའི་དབང་གིས་རྣམ་རྟོག་ཕལ་ཆེར་ཐང་ཆད་དེ་ལྡང་མི་ནུས་པར་མི་རྒན་གྱི་སྤྱོད་པ་ལྟ་བུ་སྟེ་རྣམ་རྟོག་ཧྲག་པ་ནི་ཐ་རེ་ཐོར་རེ་ཙམ་ལས་སྐྱེ་རྒྱུ་མེད་པ་དང་། མཐར་རྣམ་རྟོག་ཧྲག་པ་ནི་སྐྱེ་མི་སྲིད་པ་ལྟ་བུར་གྱུར་ཏེ་ཕྲ་མོ་ངོས་བཟུང་རྒྱུ་ཡོད་ལ་མེད་ཐམས་ཅད་རིག་ངོར་རོ་མཉམ་དུ་ཐིམ་ནས་མཚོ་ཆུང་ལ་རླུང་སིལ་བུས་ཅུང་ཟད་བསྐྱོད་པ་ལྟ་བུར་འབྱུང་བ་དང་། སླར་རྣམ་རྟོག་ཕྲ་མོ་སྤུ་རིས་ཕྱེད་པ་ལྟ་བུ་དེ་དག་ཀྱང་རིས་མེད་མཉམ་པ་ཉིད་དུ་སངས་ཏེ་རྒྱ་མཚོ་ཆེན་པོ་རླབས་དང་བྲལ་བ་ལྟ་བུར་འབྱུང་རྒྱུ་ཡོད་པར་འདུག་ཅིང་། མདོར་ན་གཉེན་པོ་སྐད་ཅིག་མས་མུ་མཐུད་ནས་བརྟན་པ་ཐོབ་པའི་ཚེ་མཐར་ཡེངས་འཁྲུལ་སྐད་ཅིག་མའི་རྣམ་པའང་ངོས་ཡོངས་སུ་ཟིན་ནས་ཡེངས་འཁྲུལ་དྲན་པ་སོགས་ཀྱི་རྣམ་དབྱེ་ཆ་ཡོངས་སུ་སྙོམས་ཏེ། དཔེར་ན་ནམ་ལངས་དུས་འགྲོ་བའི་ལམ་ཐམས་ཅད་ཆབས་ཅིག་ཏུ་ཁོད་སྙོམས་པ་ལྟ་བུར་མཐོང་བས། རིག་མ་རིག་གི་ཆ་ཐམས་ཅད་དྲན་རྫིས་དོན་མེད་དུ་རྣམ་པར་དབྱེས་པ་ལྟ་བུར་མཐོང་ཡོང་སྟེ་སྤྱིར་དྲན་པ་ལའང་བཞི་སྟེ། རྩེ་གཅིག་རྣམ་རྟོག་བཟུང་དྲན། སྤྲོས་བྲལ་སྟོང་ཉིད་དྲན་པ། རོ་གཅིག་སྐྱེ་མེད་དྲན་པ། བསྒོམ་མེད་བློ་འདས་དྲན་པ་དང་བཞི་སྟེ། རྗེ་ཀརྨ་བསྟན་འཕེལ་གྱིས། དང་པོ་གཉེན་པོའི་གཟུང་དྲན་ལ། །གཉིས་པ་སྟོང་ཉིད་འབྱུང་དྲན་སྟེར། །གསུམ་པ་རྩོལ་མེད་དྲན་པ་ལ། །བཞི་པ་ཡང་དག་དྲན་པ་འདོད། །ཉམས་སུ་མྱོང་བྱ་དེ་ཙམ་སྙམ། །དེ་ཕན་སྨྲ་བརྗོད་བྲལ་བ་ལ། །ནམ་མཁའ་འདོམ་གྱིས་འཇལ་དོན་མེད། །ཅེས་གསུངས་པ་ལྟར་རྣལ་འབྱོར་བཞི་ཡི་བར་ལག་འགྱེལ་ལུགས་ལའང་གནས་བཞིན་དུ་འགྱུ། འགྱུ་བཞིན་དུ་གནས་པའི་རང་སོ་མ་ཤོར་བ་ནི་གནས་འགྱུའི་བར་ལག་འགྱེལ་བ་དང་། སེམས་རྩེ་གཅིག་གནས་པ་དེ་ཡི་ངང་ནས་ལྷག་མཐོང་གི་ཉམས་ཁྱད་པར་སྐྱེས་ཏེ་སྤྲོས་བྲལ་གྱི་བར་ལག་འགྱེལ་བ་དང་། སེམས་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་དང་བྲལ་བར་རྟོགས་པ་དེའི་གཤིས་སུ་སྣང་བ་བཟང་ངན་ཐམས་ཅད་རོ་གཅིག་ཏུ་རྟོགས་པའི་བར་ལག་འགྱེལ་བ་དང་། རོ་གཅིག་རྟོགས་པའི་སྟོབས་ཀྱིས་སྣང་སེམས་བདག་གཞན། འཁོར་འདས་དབྱེར་མེད་དུ་རྟོགས་པའི་བསྒོམ་མེད་ཆེན་པོའི་བར་ལག་འགྱེལ་བ་ཡིན་འདུག། ༈ །།དེ་ནས་སླར་ཡང་ཉམས་སུ་ལེན་ཚུལ་གནད་རྣམས་བསྡུས་པའི་སྒོ་ནས་མཇུག་བསྡུ་བ་ནི། གོང་དུ་བཤད་མ་ཐག་པའི་ཚུལ་ལྟར་ཐུན་མོང་ཞི་གནས་ཀྱི་ཉམས་བཙལ་ཏེ་རྩེ་གཅིག་གི་རྣལ་འབྱོར་སྒོམ་པའི་སྐབས་སུའང་། ཀུན་བྱེད་སེམས་དང་སེམས་བྱུང་གི་རྟོགས་ཚོགས་རྣམས་བར་སྣང་དུ་རླུང་གི་རྒྱུ་བ་ལྟ་བུ་ཤིན་ཏུ་ངོས་ཟིན་དཀའ་བ་ཡོད་པས། དེ་ཉིད་ངོས་བཟུང་བར་བྱ་བའི་ཐབས་ཟབ་མོ་ནི་ལུས་ངག་གི་གནད་རྣམས་གཅུན་ནས་དབང་པོའི་དྭངས་མ་མིག་ཤེས་རྡེའུ་ལ་རྟེན་བཅས་ཏེ་སེམས་འཁྲུལ་བ་དང་གནས་པ་ཡེངས་པ་སོགས་ཀྱི་རྣམ་པ་དེའི་བར་ནས་ངོས་ཟིན་པར་བྱ་དགོས་པ་ཡིན་ཞིང་། དེ་ནས་རྡེའུ་ལ་ལྟ་ཡུན་རིང་ན་སྒོམ་དམིགས་གཏད་དམ་མཚན་ཅན་དུ་འགྱུར་ཉེན་ཡོད་པས་མཚན་མེད་བར་སྣང་སྟོང་པ་གཉའ་ཤིང་གང་ཙམ་ལ་མིག་ཤེས་ཟིམ་བུས་བལྟས་ཏེ། གནས་འགྱུ་ངོས་ཟིན་པའི་ངང་རྒྱུན་རིམ་གྱིས་བསྐྱང་ཞིང་ཡེངས་འཁྲུལ་དང་བྱིང་རྒོད་ཆེ་བའི་སྐབས་སུ་ཡང་མིག་རྡེལ་ཉེ་རིང་གང་བདེ་རུ་བཞག་སྟེ་སྤེལ་མར་སྒོམ་ན་བརྟན་ཆ་ཆེ་བར་ཡོང་བས་དེ་ལྟར་བྱ། དེ་ནས་གནས་འགྱུ་ཡེངས་པ་སོགས་ཀྱི་རྣམ་དབྱེ་ཡང་དག་རེ་ཕྱེད་ཅིང་བརྟན་ཆ་ཅུང་ཞིག་ཐོབ་ངེས་པའི་ཚེ། སླར་རྣམ་རྟོག་ངོ་མ་ཤེས་པ་འོག་འགྱུ་རང་ག་མ་ལུང་མ་བསྟན་དུ་གྱུར་པ་སོགས་མངོན་སུམ་དུ་བསླང་བའི་ཕྱིར་ཐོལ་སྐྱེས་རྦད་གཅོད་ཀྱིས་རབ་ཏུ་བསྒྲིམ་ནས་ཞིབ་པར་ངོས་ཟིན་པར་བྱས་ཏེ། ཡང་དེ་དག་ངོས་ཟིན་པ་ཙམ་གྱིས་མི་ཡོང་བས། ཤུགས་འབྱུང་ལམ་དུ་སློང་ནས་གྲོལ་དགོས་པའི་ཕྱིར་དུ་གང་ཤར་བཟོ་མེད་ཀྱིས་ལྷོད་ཀྱི་གློད་དེ་རྣམ་རྟོག་ཐམས་ཅད་བཅོས་མེད་རང་གྲོལ་དུ་གཏོང་ནས་བཞག་ཐབས་རྣམ་བཞིའི་རྒྱུན་བསྐྱང་བ་ལ་སྐུད་པ་འཁེལ་བ་ལྟ་བུ་ཞེས་གྲིམ་ལྷོད་ཤིན་ཏུ་རན་པར་བྱས་ལ། སོག་ཕོན་གྱི་ཐག་པ་ཆད་པ་ལྟ་བུ་ཞེས་གཉེན་པོ་ཁོ་རང་བྱ་རྩོལ་དང་བྲལ་བར་ལྷོད་ནས། བུ་ཆུང་གི་ལྷ་ཁང་མཐོང་བ་ལྟ་བུ་ཞེས་ཤེས་ཉམས་སྣང་ཉམས་སྣ་ཚོགས་འབྱུང་བ་ལ་བཟང་ངན་དང་དགག་སྒྲུབ་ཀྱི་འཛིན་པ་མི་ཞུགས་པར་མཉམ་པར་བཞག་ཅིང་། གླང་ཆེན་ལ་ཚེར་མ་བཏབ་པ་ལྟ་བུ་ཞེས་ཉོན་མོངས་རྣམ་རྟོག་ཆེ་ཕྲ་ཇི་ལྟར་ཤར་རུང་ཤེས་ཙམ་ལས་རང་གཤིས་ཞི་བར་གནས་པའི་ངང་དེ་ལས་ནམ་ཡང་མ་གཡོས་པ་ལ་གོ་བ་ཡིན་པས་དེ་ལྟར་བྱ་དགོས། དེ་ནས་བྱེ་བྲག་ཏུ་དང་པོ་གནས་འགྱུ་ཡེངས་པ་སོགས་མ་འདྲེས་པ་སོ་སོར་ངོས་ཡོངས་སུ་འབྱེད་དགོས་པ་དང་། བར་དུ་ཕྱེད་ཐོག་ཏུ་མཉམ་པར་བཞག་ནས་ངང་རྒྱུན་ཅི་རིང་དུ་བསྐྱང་དགོས་པ་དང་། མཐར་ཐུན་གྱི་སྐབས་ཕལ་ཆེར་ཞི་བར་གནས་ཚེ་སྤྱོད་ལམ་རྣམ་བཞི་དང་འགྲོགས་ནས་ལམ་དུ་ཁྱེར་ལ་རྐྱེན་བཟང་ངན་སྣ་ཚོགས་ཀྱི་ཁུར་བསྐལ་ཏེ་གནས་ཆ་འགྱུར་ལྡོག་མེད་པའི་གདེང་ཡོངས་སུ་འཆོས་ནས་ཉིན་མཚན་ཀུན་གོ་འབྲེལ་བའི་བརྟན་པ་རིམ་གྱིས་ཐོབ་དགོས་པ་ཡིན་ཞིང་། ལར་ནི་གཉེན་པོའི་དྲན་ཤེས་འདི་ཉམས་པར་གྱུར་ན་སྒོམ་ཅི་ཡིན་མེད་པར་བསྐོས་པའི་ས་མ་ནོན་པར་རྒྱལ་པོ་འབངས་ཀྱི་གསེབ་ཏུ་འཁྱམས་ནས་སྟོར་བ་དང་འདྲ་བར་ཡོང་བས། ཞི་གནས་ཀྱི་སྐབས་འདིར་རྩོལ་བཅས་ཀྱི་དྲན་ཤེས་ཁོ་ནར་བརྟེན་དགོས། ཧ་ཀྱང་གྲིམ་དྲག་ན་ངོས་བཟུང་བྱ། ཡེངས་འཁྲུལ་སོགས་སྐྱོན་ཡོན་ཐམས་ཅད་གྱ་ཚོམ་དུ་འགགས་ནས་བརྟེན་པས་སྨན་ནད་དུ་གྱུར་ནས་གདུང་བ་ལྟ་བུར་འབྱུང་བའི་དོགས་གཞི་ཡོད་པས། དེས་ན་དྲན་ཤེས་ཀྱི་གཉེན་པོ་རྒྱལ་པོ་ལྟ་བུས་རྒྱལ་ས་ནོན་ངེས་བྱེད་ནས་རང་གཞན་གྱི་དོན་རྣམས་གྲིམ་ལྷོད་རན་པའི་ངང་ནས་ཟབ་དོན་སྒྲུབ་པའི་ཐབས་ལ་མཁས་པར་བྱས་ན་རྣམ་རྟོག་ཉོན་མོངས་ཐམས་ཅད་མངའ་འབངས་རང་བཞིན་གྱི་དབང་དུ་འདུ་བ་ལྟར་འབྱུང་རྒྱུ་ཡོད་པས་དྲན་ཤེས་ཀྱི་གཉེན་པོ་ནི་རིག་པའི་ཆ་སྟེ། ཆོས་ཉིད་ཀྱི་བདེན་པ་རང་ཆས་སུ་ཡོད་པའི་ཕྱིར། ཡེངས་འཁྲུལ་ལུང་མ་བསྟན་སོགས་ནི་མེད་སྣང་གློ་བུར་དུ་འབྱུང་བ་འདུས་བྱས་མ་རིག་པ་ཡིན་པའི་ཕྱིར། དེ་གཉིས་འཕྲད་དུས་གཅིག་སངས་ཏེ་གཅིག་རྒྱས་པར་འབྱུང་བ་ནི། དཔེར་ན་ནམ་ལངས་ནས་ཉི་མ་འཆར་དུས་མུན་ཚོགས་རིམ་པར་ཤུགས་ཀྱིས་བཅོམ་པ་དང་རིགས་འདྲ་བར་ཤེས་དགོས་ཤིང་། དེ་ནས་གནས་འགྱུའི་རྩད་གཅོད་ཅིང་ལྷག་མཐོང་ངོས་བཟུང་ནས་སྤྲོས་བྲལ་གྱི་རྣལ་འབྱོར་སྒོམ་པ་ལའང་། མདོར་ན་གནས་འགྱུ་རིག་གསུམ་ཁ་བསྐོར་ནས་ཞུན་མཐར་གཏུགས་དགོས་པ་ཡིན་པས། དེས་ན་དང་པོ་འགྱུ་བ་རྣམ་རྟོག་སྣ་ཚོགས་དྲན་པས་ཡེངས་འཁྲུལ་འདུག་པ་དང་། སྐབས་རེ་གནས་པ་འགྱུ་བ་གང་དུའང་ངོས་བཟུང་བར་མི་བཏུབ་པ་ལུང་མ་བསྟན་དུ་ལྷག་སྟེ་ངོ་ཤེས་མཁན་གྱི་རིག་པ་ཁོ་རང་མེད་པ་ལྟ་བུ་སོང་བའི་ཚེ་ཡེངས་པ་ཡིན་ལ་ཡེངས་འཁྲུལ་དེ་གཉིས་ཀྱི་དབང་དུ་མ་སོང་བར་ཞི་བར་གནས་པའི་ཉམས་གསུམ་གང་རུང་གི་ངང་དུ་གྱུར་པ་ནི་གནས་པ་དང་། དེ་བཞིན་གནས་འགྱུ་ངོ་ཤེས་མཁན་དེ་གནས་སྐབས་ཀྱི་དྲན་པ་སྟེ་དེ་གསུམ་པོ་གཅིག་གམ་གཉིས་སམ་གསུམ་མམ་སྒོམ་བྱུང་གི་སོ་སོར་རྟོགས་པའི་ཤེས་རབ་ཏུ་ལངས་པ་དེས་ཞིབ་པར་དཔྱད་པ་ལས། རྣམ་རྟོག་གིས་རྣམ་རྟོག་དཔྱད་དེ་རང་ངོ་གཞན་དུ་ཚོལ་བ་པཎྜི་ཏའི་དཔྱད་སྒོམ་ལྟ་བུ་ནི་མ་ཡིན་པར་ཀུ་སཱ་ལུ་པའི་འཇོག་སྒོམ་ཞེས་སོ་སོར་རང་རིག་པ་དྭངས་པའི་མིག་གིས་ཁ་ནང་དུ་བལྟས་ཏེ། དེ་གསུམ་ཐ་དད་དང་ངོ་བོ་ངོས་བཟུང་བྲལ་བར་གསལ་རིག་འཛིན་མེད་དུ་ཐག་ཆོད་པ་དེ་ནི། ལྷག་མཐོང་གི་ཤེས་རབ་ལངས་པ་ཡིན་པས་རྩེ་གཅིག་ཆུང་འབྲིང་ཆེ་གསུམ་གྱི་མྱོང་བའི་ཚད་བཟུང་དགོས་པ་ཡིན། དེ་བཞིན་ལྷག་མཐོང་གི་ཤེས་རབ་ལངས་པ་དེས་ཀྱང་དུས་གསུམ་དང་། དངོས་པོ་དངོས་མེད། གཅིག་ཐ་དད་ཀྱི་སྒོ་ནས་ཞིབ་པར་དཔྱད་དེ་སེམས་དང་ཉམས་མྱོང་ངེས་ཤེས་ཀྱི་གཉེན་པོ་སོགས། གཞི་མེད་རྩ་བྲལ་དུ་གཏན་ལ་དབབ་ནས་སྤྲོས་བྲལ་ཆུང་འབྲིང་ཆེ་གསུམ་གྱི་མྱོང་བས་ཚད་བཟུང་དགོས་པ་ཡིན་ནོ། །དེ་ཡང་ཞི་གནས་ཀྱི་སྐབས་དེར་རྩོལ་བཅས་ཀྱི་དྲན་ཤེས་ཁོ་ན་མ་བརྟེན་ན་མི་ཡོང་སྟེ། དཔེར་ན་ཆུ་བརྒལ་བ་ལ་གྲུ་མེད་ཐབས་མེད་ཀྱང་ཕ་རོལ་ཕྱིན་ནས་བསྐྱུར་བ་ལྟར་རམ། རྒྱུས་མེད་ཀྱི་མི་ལ་ལམ་སྟོན་མཁན་མེད་ན་ཕྱིན་ཐབས་དང་བྲལ་བའི་རང་བཞིན་དུ་ཤེས་དགོས་ཤིང་། དེ་ནས་སླར་རང་ཡུལ་གྱི་རི་ལུང་ཕྱོགས་ཙམ་མཐོང་དུས་ལམ་རྒྱུས་མཁན་པོ་གལ་ཆུང་དུ་འགྲོ་བ་ལྟར་སྤྲོས་བྲལ་རྟོགས་པའི་སྐབས་འདིར་སྟོང་ཉིད་ཀྱི་དྲན་པའི་ཀློང་དུ་ཆུད་ནས་ཡེངས་མེད་འཁྲུལ་མེད་བལྟ་བྱ་ལྟ་བྱེད་མེད་པ་སྐྱེ་འགག་གནས་གསུམ་དང་བྲལ་བར་རྟོགས་པས་རང་མཚང་རིག་དུས་སྔར་གྱི་གཉེན་པོ་དེ་དག་ཅི་བྱ་གཏོལ་མེད་དུ་གྲོལ་དགོས་པ་ཡིན་མ་གཏོགས། དེ་དུས་ཀྱང་རྩོལ་བཅས་ཀྱི་དྲན་པ་བརྟེན་ན་སྒོམ་གྱི་སྐྱོན་ཆེན་པོ་འགྱུར་ཉེན་ཡོད་པ་དང་། འོན་ཀྱང་ངེས་པ་མེད་དེ་ལ་ལ་ནི་བསྒོམ་མེད་བློ་ཟད་ཆོས་ཟད་རྟོགས་པའི་བར་གཉེན་པོ་བརྟེན་དགོས་པའང་ཡོད་ཅིང་། ལ་ལ་ནི་སྤྲོས་བྲལ་རྟོགས་དུས་ནས་གཉེན་པོ་རང་སར་གྲོལ་ནས་སྟོང་ཉིད་ཀྱི་དྲན་པའི་ཀློང་དུ་ཆུད་པ་སོགས་ཡོང་བས། དེས་ན་གང་ཟག་རབ་འབྲིང་ཐ་གསུམ་གྱི་རྒྱུད་ཚོད་དང་། སེམས་འཁྲུལ་རྟོག་ཉོན་མོངས་རྣམས་འགོ་སྙོམས་ལུགས་དང་། ཉམས་མྱོང་གི་བརྟན་པ་ཐོབ་ཆེ་ཆུང་སོགས་ལ་ངེས་པར་བསྟུན་ཏེ་གདམས་ཟབ་ཁྲིད་ཀྱི་རིམ་པ་དེ་ལྟར་གནད་ཐོག་ཏུ་བསྣུན་མཁས་པར་མཛད་པ་ལས། སྤྲོས་བྲལ་སོགས་ལྟ་བ་མཐོ་ས་ནས་ཚིག་སྒྲོས་གང་ཟབ་ཙམ་གྱིས་ངོ་སྤྲོད་བྱེད་སྔ་སོང་ན་གང་ཟག་གི་ཤེས་རྒྱུད་དུ་ཚིག་དང་གོ་བའི་བྱ་ཕོག་ཚར་ནས་བཟུང་སེམས་འདི་བསླུ་བྲིད་མཁས་པ་ལ་ཤིན་ཏུ་སླ་བ་ཡིན་པས་ཅུང་ཟད་ཙམ་ཡང་བག་མི་ཕེབས་པར་འཁོར་འདས་ཀྱི་ཆོས་བཟང་ངན་ཐམས་ཅད་རྣམ་རྟོག་སྔ་ཕྱི་གཉིས་ཀྱིས་བསྒྲུབ་པའི་ཕྱིར་སྔོན་བསུ་རྗེས་དཔྱོད། ཡིད་དཔྱོད་བློས་བྱས། སྤང་བླང་རེ་དོགས། དགའ་བྲོད་མཐོ་སྙབ། རྟགས་མཚན་འཛིན་ཞེན་སོགས་རྣམ་པར་གཡེང་བའི་རྙོགས་མ་ཆུའི་གཉེར་མ་བཞིན་དུ་ལྡང་ནས་རྟོགས་པ་གཤའ་མ་ནམ་ཡང་སྐྱེར་མི་བཅུག་པར་མ་ཟད། གང་ཟག་གི་ཤེས་རྒྱུད་ལ་སྔོན་དུ་གོམས་པའི་ཉམས་མྱོང་ཆེ་ཕྲ་གང་ཡོད་རྣམས་ཀྱང་གོ་བ་སྐམ་པོའི་དབང་དུ་ན་ཡམ་འགྲོ་བས་ན། ཡོན་ཏན་མི་འབྱུང་བའི་ཐོག་ཏུ་ཉེས་ཚབ་ཤིན་ཏུ་ཆེ་བའི་རང་བཞིན་ཏེ། ཅི་ཕྱིར་སྙམ་ན་གསང་སྔགས་ཚེ་གཅིག་གི་སངས་རྒྱས་འགྲུབ་པའི་ལམ་སྲང་གི་རྟེན་གཞི་དེ་ཉིད་གཏོར་བའི་ཕྱིར་དེ་ཡང་ཤེས་དགོས་པར་སྣང་ཞིང་། དེ་ནས་ཐུན་མོང་མ་ཡིན་པར་རོ་གཅིག་དང་བསྒོམ་མེད་གཉིས་ཏེ། དང་པོ་རོ་གཅིག་ལ་གཉིད་དང་རྨི་ལམ་གྱི་དཔེས་སྣང་བ་ཐམས་ཅད་སེམས་སུ་ངོ་སྤྲོད། ཆུ་དང་འཁྱགས་རོམ་གྱི་དཔེས་སྣང་བ་དང་རང་སེམས་སྟོང་པ་ཟུང་དུ་འཇུག །ཆུ་དང་རླབས་ཀྱི་དཔེས་ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་རྟོགས་པ་དང་། རོ་གཅིག་དུ་མར་འཆར་བའི་ལམ་ལ་ཁྱེར་ནས་རོ་གཅིག་ཆུང་འབྲིང་ཆེ་གསུམ་གྱི་མྱོང་བའི་ཚད་བཟུང་དགོས་པ་ཡིན། དེ་ནས་བསྒོམ་མེད་ཆུང་འབྲིང་ཆེ་གསུམ་ནི་མི་སློབ་པའི་ས་བཟུང་བ་ཡིན་པས། དག་བྱ་གཟུང་འཛིན་གྱི་དྲི་མའི་མཐའ་ལས་ཡོངས་སུ་འདས། དག་བྱེད་ཡེ་ཤེས་ཀྱི་ཉམས་མྱོང་ངེས་ཤེས་ཀྱི་དྲི་མ་ཕྲ་ཞིང་ཕྲ་བ་མཐའ་དག་ཡོངས་སུ་ཟད་ནས་བདག་གཞན་དང་། ཉིན་མཚན། འཁོར་འདས་སོགས་དབྱེར་མེད་དུ་ཕྱམ་བརྡལ་གྱིས་སོང་སྟེ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་དགོས་པ་ཡིན་ཚོད་འདྲ་ནའང་། སྤྱིར་མཐོ་སར་མཐོ་བཞིན་གཡང་ས་ཆེ་བའི་དཔེ་ལྟར་རྟོགས་པ་མཐོ་བཞིན་ཤེས་ཉམས་སྒྲིབ་བྱེད་ཀྱི་རྣམ་པར་ཤིན་ཏུ་ནས་ཀྱང་ཕྲ་ཞིང་ཕྲ་བར་ཡོད་པས། མངོན་སུམ་ཚད་མར་ཉམས་མྱོང་ཁོ་ནའི་སེམས་ཐོག་རང་དུ་ཞུན་མཐར་གཏུགས་ནས་སྤུ་རིས་ཕྱེད་དགོས་པ་ཡིན་ནོ།། ༈ །།དེ་ཡང་སེམས་ཉིད་འདི་ནི་དངོས་པོའི་ཆོས་སུ་མ་སྐྱེས་ཤིང་། དངོས་མེད་ཀྱི་ཆོས་སུ་མི་དགག །ཐ་དད་ཀྱི་ཆོས་ལ་མི་གནས་པས་སྐྱེ་འགག་གནས་གསུམ་དང་བྲལ་བ་དང་། མ་ཟད་ཡེ་ནས་རང་བཞིན་འདུས་མ་བྱས་པའི་ཆོས་སྐུ་སྟོང་པ་ཉིད་དང་། སྟོང་པའི་རང་བཞིན་ལ་འདི་ལྟ་བུ་ཞེས་ཚིག་དང་བློ་ཡི་སྤྱོད་ཡུལ་ལས་ཡོངས་སུ་འདས་པས་མཚན་མ་མེད་པ་དང་། དེ་བཞིན་དུ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཞི་བས་འབྲས་བུ་བྲལ་ཐོབ་ལས་འདས་པས་སྨོན་པ་མེད་པ་སྟེ། རྣམ་ཐར་སྒོ་གསུམ་གྱི་དོན་དང་ལྡན་དགོས་པ་དང་། གཅིག་པུ་མ་ཡིན་ཏེ་སྣ་ཚོགས་སུ་སྣང་བ་དང་། དུ་མར་མི་གནས་ཏེ་ཆོས་ཉིད་གཤིས་སུ་རོ་མཉམ་པ་དང་། རྟག་པ་མ་ཡིན་ཏེ་ཡེ་ནས་ཆོས་དབྱིངས་སྤྲོས་པ་དང་བྲལ་བ། ཆད་པ་མ་ཡིན་ཏེ་འདུས་མ་བྱས་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ཕྱིར་རྟག་ཆད་ཀྱི་མཐའ་བཞི་ལས་འདས་པའོ། །ཡང་ན་སྐྱེ་འགག་མེད་པ་དང་། རྟག་ཆད་མེད་པ། འགྲོ་འོང་མེད་པ། ཐ་དད་མིན་པ། དོན་གཅིག་མིན་པ་སྟེ་སྤྲོས་པའི་མཐའ་བརྒྱད་ལས་འདས་པ་དང་། དེ་ལས་བྱེ་བྲག་ཏུ་རྣམ་པ་དབྱེ་ན། ཕྱི་སྟོང་པ་ཉིད་དང་། ནང་སྟོང་པ་ཉིད་དང་། ཕྱི་ནང་གཉིས་ཀར་སྟོང་པ་ཉིད་དང་། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པའི་སྟོང་པ་ཉིད་དང་། ཐོག་མ་དང་མཐའ་མ་མེད་པའི་སྟོང་པ་ཉིད་དང་། དོར་བ་མེད་པའི་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དེ། དེ་ལྟར་སྟོང་ཉིད་བཅོ་བརྒྱད་ལ་སོགས་ཀྱི་ཉམས་མྱོང་རྟོགས་པ་ཚད་མའི་སྒོ་ནས་གཏན་ལ་ལེགས་པར་དབབ་པ་ལས། དཔེ་ཆའི་གོ་བ་དང་འོལ་ཚོད་ཀྱིས་འཇོག་པ་ཙམ་མ་ཡིན་པར་རྒྱལ་བའི་བཀའ་ཟབ་མོའི་དོན་རང་ངོ་རིག་ཐོག་ཏུ་རྡོ་རུས་ལེགས་པར་མ་འཕྲོད་ན་ཉམས་རྟོགས་ཀྱི་དབྱེ་བ། རྣལ་འབྱོར་བཞིའི་རིམ་པ་སོགས་བཤད་རྒྱུ་ཇི་ལྟར་མང་ཡང་ལས་ས་རྙེད་ཀྱང་བཞག་ས་མི་ཡོང་གསུངས་པ་ལྟར། དཔེ་ཐོག་བྲོ་བརྡུང་མཛུབ་མོས་རི་སྟོན་པ་ཁ་ཅིག་ལ་བློ་གཏད་མི་འཆའ་བར། རང་རྒྱུད་ཀྱི་སེམས་ཤིན་ཏུ་བག་ཕེབས་ཤིང་གྲིམ་ལྷོད་རན་པར་བྱས་ནས་སྒོམ་པ་གལ་ཆེ་བ་དང་། མདོར་ན་བྱང་ཆུབ་སེམས་དཔའི་རྟོན་པ་བཞི་ལ་རྟོན་དགོས་པ་ཡིན་ཞིང་། དེ་ལས་ཀྱང་དོན་གྱི་སྙིང་པོ་རྟོན་པ་གལ་ཆེ། དོན་ཀྱང་ཉམས་མྱོང་ལ་རག་ལས་པ་དང་། ཉམས་མྱོང་ཡང་སྒོམ་ཡུན་དང་གོམས་སྟོབས་ཁོ་ན་ལ་རག་ལས་པ་ཡིན་པས། བླ་མ་རྟོགས་ལྡན་གྱི་དྲུང་དུ་མོས་གུས་ཀྱི་སྙིང་ཕུར་བཏབ། ཉམས་མྱོང་སྐྱེ་ལུགས་དང་རིམ་གྱིས་བསྟུན་ཏེ་བཀའ་ཁྲིད་ཟབ་མོས་ཞིབ་མཐར་ཡང་ཡང་ཕུད་ཅིང་བྱིན་རླབས་ཀྱི་འཕོ་བ་དོན་གྱི་བརྒྱུད་པ་ཐོབ་དགོས་པ་ཡིན་མ་གཏོགས། ཚིག་དང་གོ་བས་ཉམས་ལ་བྱ་ཕོག་སོང་ན་རྟོགས་པ་ལྷད་མེད་ནམ་ཡང་མི་སྐྱེ་བའི་སྐྱོན་དུ་མ་ཡོད་དེ། དཔེར་ན་དགྲ་ལ་བྱ་གཏོང་ཚར་ན་གནང་ལོན་པའི་སྐབས་མི་ཡོང་བ་དང་འདྲ་བའམ། འདི་གར་བྱ་ཡོད་ཅེས་སྒོ་ང་བརྟོལ་བས་བྱའི་རྣམ་པ་མཐོང་ཙམ་བྱུང་རུང་རྩལ་མ་རྫོགས་པས་དོན་ཉམས་པའི་སྐྱོན་ཡོད་པ་ལྟར་ཏེ། བསྒོམས་པས་གོམས་འདྲིས་དང་མོས་གུས་ཀྱི་རྩལ་ཁ་མ་རྫོགས་པར་ལྟ་བའི་ངོ་སྤྲད་སྔ་བས་ན། ཚིག་གི་བཤད་ཡམ་དང་དཔེ་ཆ་སོགས་སྦས་པའམ་རིང་དུ་དོར་བ་ནི་གནད་ཀྱི་མན་ངག་ཟབ་མོ་སྟེ། ཀུན་བཟང་དགོངས་པའི་མཛོད་ལ་མངའ་དབང་བརྙེས་པ་བདག་ཅག་གི་རྩ་བའི་བླ་མའི་ཐུགས་ཀྱིས་བཞེད་པ་གསུང་གི་གདམས་ཟབ་ཞིག་ལགས་སོ། །དེ་བཞིན་དུ་བླ་མ་ཉམས་མྱོང་ལྡན་ངེས་ཀྱིས་མ་ཟིན་ན་སྤྲོས་བྲལ་རྟོགས་དུས་ནས་བལྟ་རྒྱུ་ཅི་ཡང་མེད་པར་རེད་སོང་སྙམ་ནས་སྒོམ་སྣ་སུན་ཁུར་བ་དང་། མིན་ཀྱང་ཉམས་རྟོགས་རེས་འགའ་སྐྱེ་དུས་ནས་མཐོན་པོར་བརླམས་ནས་དྲན་པས་འཚོ་སྐྱོང་མི་བྱེད་པར་ལྟ་སྒོམ་སྤྱོད་པ་ཐ་མལ་དུ་འཁྱོར་ཉན་སོགས་ཡོད་པ་དང་། བླ་མས་ཀྱང་ཉམས་མྱོང་སྐྱེས་ཙམ་ནས་རྟོགས་པ་ལ་ན་སྤར་སྔ་སོང་ན་སྔ་མའི་ཉམས་བོར་ནས་ཕྱི་མའི་རྟོགས་པ་སྐྱེ་ཆུང་བ་ཡིན། དཔེར་ན་ཚད་རིམས་དྲག་པོ་མ་སྨིན་པའི་ཐོག་ཏུ་སྨན་ཆེན་གཏོང་སྔ་ན་ཚ་བ་འཐོར་ནས་རྒྱུན་ནད་དུ་སོང་སྟེ་གདུང་བ་ལྟ་བུ་དང་། ན་སྤར་ཕྱི་ནའང་སྔ་མའི་ཉམས་ལ་གོམས་འདྲིས་འཇགས་ནས་ན་སྤར་མི་ཐུབ་པའི་སྐྱོན་ཡོད་པ་ནི། དཔེར་ན་ནད་སྐྲན་བཅའ་ཚར་བའི་རྗེས་སུ་སྨན་ཕྱེ་བཏང་བ་ལྟ་བུ་ལས་དོན་མི་ཡོང་བ་སོགས་གནད་འགག་ཤིན་ཏུ་མང་བས་གོང་དུ་བཤད་མ་ཐག་པའི་ཚུལ་ལྟར། ལས་དང་པོ་པའི་སྐབས་སུ་གཉེན་པོས་གྲིམ་ཆ་གཙོ་བོར་བྱས་ནས་སེམས་ཞི་གནས་ཀྱི་བརྟན་ཆ་རབ་ཏུ་གྱུར་པས་ཤིན་སྦྱངས་ཐོབ་པ་ཞིག་དགོས་པ་ཡིན་མ་གཏོགས། སེམས་ཀྱི་རྙོགས་མ་ལྡང་ན་ནམ་ཡང་གོམས་སྟོབས་ཀྱི་དཔྱིས་ཕྱིན་པར་དཀའ་བ་དང་། བར་དུ་གྲིམ་ལྷོད་སྙོམས་དགོས་ཏེ་སེམས་ཀྱི་དྭངས་སྙིགས་མ་འབྱེད་ན་རྣམ་པར་མི་རྟོག་པའི་བསམ་གཏན་ནམ་ལྷག་མཐོང་གི་རང་ངོ་ནམ་ཡང་མི་འཕྲོད་པ་དང་། མཐར་ལྷོད་ཆ་གཙོ་བོར་གཏོང་དགོས་ཏེ་རང་བྱུང་གི་རིག་པའམ་གཞིར་གནས་ཀྱི་ཡེ་ཤེས་འཕོ་མེད་འགྱུར་མེད་ཀྱི་གདེང་ཡོངས་སུ་བརྙེས་ནས་གྲུབ་པ་ཐོབ་དགོས་པའི་ཕྱིར་རོ། །ཞེས་འདི་ལྟར་ཚིག་གིས་སྤྲོས་པའི་ཡུལ་ལ་ལྟ་བ་དང་སྒོམ་པའི་མྱོང་ཁྲིད་བྱེད་མཁན་ཅན་ནི་དེང་དུས་ཕལ་ཆེར་དཀོན་པ་ལྟ་བུར་སྣང་བས། དཔེ་ཚོགས་དང་སྡེབ་སྟེ་ཚིག་མཐའ་ཚིག་གིས་དེད་དེ་དཔེ་ཐོག་དཔེར་བཞག་ལ་ལུང་འདྲེན་གྱིས་རྒྱབ་སྐྱོར་ནས་གཞན་མགོ་བསྐོར་བྱེད་ཚོང་ཟོག་འགྲིམ་པ་ལྟ་བུར་བྱས་པས་དོན་འགའ་ཡང་མ་མཐོང་ཞིང་། འོན་ཀྱང་སྒོ་གསུམ་འདུན་པ་ཆིག་དྲིལ་གྱིས་ལོ་གྲངས་མང་པོར་མཉམ་པར་བཞག་པའི་ཁོངས་ནས་རྣལ་འབྱོར་བཞི་རིམ་སོགས་ཅུང་ཟད་རྩལ་རྫོགས་བརྟན་པ་ཐོབ་པའི་རྐྱེན་དང་གྲུབ་རྗེ་བླ་མའི་བྱིན་རླབས་ཀྱིས་ངེས་དོན་གྱི་གནས་ལུགས་ཟབ་མོར་ཉམས་མྱོང་ཟང་མའི་ངེས་ཤེས་རྗེས་སུ་གཏིང་ནས་ཚུར་རྙེད་པས་ཁ་མི་གྲག་ཀ་མེད་ལྟ་བུར་བྱུང་བའི་ངང་ནས་གཞན་ལ་ཕན་པའི་བློས། དོན་གྱི་སྙིང་པོ་མདོར་བསྡུས་ཅུང་ཟད་ཙམ་ཞིག་བྲི་འདོད་ཡོད་ཐོག་གོང་ས་ལྷ་མིའི་རྣམ་འདྲེན་༧སྐྱབས་རྗེ་འཕགས་ཆེན་ཧོ་ཐོག་ཐུ་རིན་པོ་ཆེས་བཀའི་བསྐུལ་མ་སྤྱི་བོར་ཕེབས་དོན་བཞིན། དགེ་སློང་རྣལ་འབྱོར་སྤྱོད་པ་གྲུབ་སྲས་འཕགས་མཆོག་རྡོ་རྗེས་ལྷག་བསམ་དག་པའི་ཡི་གེའི་གཟུགས་སུ་རིགས་གསུམ་སྒྲུབ་ཕུག་ནམ་མཁའ་ཀློང་ཡངས་སུ་བྲིས་པ་རེ་ཞིག་རྫོགས་སོ།། །།སླར་སྨྲས་པ། གཞན་དོན་སྟོན་པའི་ཡོན་ཏན་ཉག་ཕྲ་རུང་། །རང་སེམས་རྒྱུད་ལ་ཞུ་དག་ཕེར་བར་གྱིས། །སྤྱིར་ནི་མི་ལུས་ཐོབ་པའི་དོན་སྒོ་དང་། །ཡང་སྒོས་སེར་གཟུགས་འཆང་བའི་སྙིང་པོའི་ནོར། །སྒོ་གསུམ་སྒྲིབ་སྦྱང་ཚོགས་བསགས་སྤེལ་བ་དང་། །ཁྱད་པར་ཆོས་རྣམས་ཀུན་གྱི་མཐར་ཐུག་པ། །རང་སེམས་གཞི་ཡི་གནས་ལུགས་རྟོགས་པར་གཅེས། །ཤེས་ནས་དྲན་འཁྲུལ་རྒོད་དང་རབ་རིབ་མིག །དོར་ཏེ་ཉམས་ལེན་སྙིང་པོ་གཅིག་ཏུ་དྲིལ། །དེ་སྐད་ཅེས་པའང་རང་གིས་རང་ལ་གདམས། །འོན་ཀྱང་དེང་དུས་གང་ཟག་ཕལ་མོ་ཆེ། །ཉམས་མྱོང་མེད་པའི་ཚིག་སྐམ་ཁོ་ན་དང་། །ལྟ་བ་སྒོམ་པ་སྤྱོད་པ་འབྲས་བུ་དང་། །གོ་མྱོང་རྟོགས་སོགས་དབྱེ་བ་མ་ཕྱེད་པས། །བཤད་ཡམ་རྟོགས་འདོད་མཁས་རྣམས་མགོ་འཁོར་ཏེ། །ཚིག་གི་སྦུན་པ་མང་པོ་བྱུང་བར་གདའ། །མ་ཟད་ཕྱག་རྫོགས་ལྟ་སྒོམ་སྤྱོད་འབྲས་སོགས། །ང་རྒྱལ་ཕྲག་དོག་རྩིང་པོས་གཞལ་བྱ་མིན། །ཆོས་དང་ཆོས་མིན་རྣམ་པ་རབ་ཞི་དང་། །ཡིན་ལུགས་སངས་རྒྱས་ས་མཆོག་བགྲོད་དགོས་ན། །དབེན་པའི་གནས་སུ་སྒོ་གསུམ་བག་ཕེབས་ཏེ། །ཐོས་བསམ་སྒོམ་པས་རང་རྒྱུད་བཏུལ་བར་འོས། །དྲང་པོའི་ཚིག་གིས་ཅར་ཕོག་མ་བྱས་ན། །བཞིན་ལེགས་མཆོད་པའི་རྟེན་འདི་མེ་ཞིང་འདུག །རི་ནགས་ཁ་བས་གཡོགས་འདྲ་ཆོས་པའི་གཟུགས། །སེམས་རྒྱུད་ཆོས་དང་མ་འདྲེས་ལོ་མང་ཐལ། །ཚུལ་འདི་བསམ་ན་སྙིང་ནས་འགྱོད་པ་སྐྱེས། །ལྔ་བདོ་རྒུད་པའི་རང་མཚང་སྟོན་པས་ན། །བསྟན་པའི་སྙིང་པོ་རི་མོའི་གཟུགས་འགྲོས་བཞིན། །འགྲོ་བའི་བདེ་སྐྱིད་འཇོ་ལ་ཆེས་ཆེར་དབུལ། །ཉམས་མྱོང་རྟོགས་པའི་ལག་ལེན་ཐོན་པ་ཅི། །འདུན་པའི་ཕྱོགས་ཙམ་སྐྱེས་ལའང་དཀའ་བར་གྱུར། །དེ་ཕྱིར་སྲས་བཅས་རྒྱལ་བའི་ཕྲིན་ལས་གཉེན། །གངས་ལྗོངས་རིས་མེད་གྲུབ་པའི་ཉི་མ་ཉིད། །སྨིན་གྲོལ་གདམས་ཟབ་གསུང་གི་འོད་ཟེར་འབུམ། །སྐལ་ལྡན་གདུལ་བྱའི་འདོད་དགུ་དཔལ་དུ་སིམས། །རྨོངས་པ་བདག་འདྲའི་སྐྲ་རྩེའི་ཆུ་ཐིགས་བཞིན། །ཅུང་ཟད་ངེས་པ་མྱོང་བའི་གཞི་འདིང་སྟེ། །རང་སྐྱོན་བཏོན་པའི་ཀུན་སློང་བཟང་པོར་བཅས། །གདམས་ཁྲིད་འགའ་ཡི་སྙིང་པོ་བསྒྲིགས་ཁུལ་བྱས། །འདི་ལ་འགལ་འཁྲུལ་ནོངས་པ་ཅི་མཆིས་ཀུན། །མཁྱེན་སྤྱན་ཡངས་དང་གྲུབ་པའི་ཐུགས་ལྡན་པའི། །བརྒྱུད་ལྡན་བླ་མ་ལྷ་ཡི་སྤྱན་སྔར་བཤགས། །འདི་བྲིས་དགེ་བའི་ལེགས་ཚོགས་ཆ་མཆིས་ན། །ངེས་དོན་སྒྲུབ་བརྒྱུད་བསྟན་པའི་གསོས་གྱུར་ཏེ། །བརྒྱུད་འཛིན་མི་ནུབ་ཕྲེང་བས་ཕ་མཐར་བརྡལ། །རྣམ་དཀར་སྤྱོད་པའི་དགེ་འབྲས་ལེགས་སྨིན་ནས། །མ་གྱུར་འགྲོ་ཀུན་འདྲེན་པའི་རྒྱུ་རུ་བསྔོ། །གཏན་བདེ་བླ་ན་མེད་པ་རྫོགས་སངས་རྒྱས། །ཁྱབ་བདག་ཆོས་སྐུའི་ཁྲི་ལ་དབུགས་དབྱུང་ནས། །ཇི་སྲིད་འཁོར་བ་མཐའ་རུ་མ་སྟོངས་བར། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག། །།ཨོཾ་སྭ་སྟི་སིདྡྷཾ། རྣམ་མཁྱེན་འབྲས་བུ་ཕྱག་རྒྱ་ཆེན་པོའི་སྒོར། །ཞུགས་རྣམས་བློས་བྱས་ངན་རྟོག་གཞིལ་བའི་སྨན། །འཆི་མེད་བདུད་རྩིའི་མ་མ་ཆེན་པོ་འདི། །གཟུར་གནས་རྟག་ཞི་སྤྱི་བོའི་རྒྱན་དུ་མཛེས། །འདི་ལས་བྱུང་བའི་དགེ་ལེགས་དཀར་པོའི་ཆས། །ངེས་གསང་སྙིང་པོའི་ཆུ་གཏེར་ཆེར་རྒྱས་ཤིང་། །ཐོས་བསམ་སྒོམ་པའི་ནོར་བུས་ཡོངས་སུ་གཏམས། །འགྲོ་ཀུན་རྣམ་མཁྱེན་དཔལ་གྱིས་འབྱོར་བར་ཤོག །ངེས་དོན་ཟབ་མོ་ལྷ་ཡི་རྔ་སྒྲ་འདིས། །ལྟ་ངན་ས་འོག་ལ་གནས་ལྷ་མིན་རྣམས། །སྐྲག་ཅིང་འདར་འཁུམ་ལོག་ལྟའི་མངལ་སྐེམས་ཤིང་། །ནམ་ཡང་ལྡང་མེད་སྡང་སེམས་ཞི་བར་ཤོག །རྣམ་དག་ཚུལ་གནས་མང་ཐོས་མཚོ་ཆེན་བརྒལ། །ཡང་དག་དོན་གྱི་བསམ་བྱུང་ཕུལ་དུ་ཕྱིན། །སྒོམ་བྱུང་གཟི་འབར་ཀེ་ཏ་ཀ་འདི་ཡིས། །ལོག་སྨྲའི་རྙོགས་མ་མ་ལུས་དྲུངས་འབྱིན་ཤོག །མི་མཁས་མཁས་པའི་གོ་སར་རབ་འགྱིངས་ནས། །མི་དྲང་དྲང་པོའི་ཆོས་ལ་སྐུར་འདེབས་ཤིང་། །མ་གྲུབ་གྲུབ་བརྫུས་འགྲོ་ཡིད་བསླུ་བ་རྣམས། །མ་ལུས་ལུས་མེད་གཟུ་བོའི་སེམས་ལྡན་ཤོག །གདུག་པའི་སེམས་ལྡན་བརླང་ཚིག་མདའ་ལྟར་འཕེན། །བསྟན་འགྲོ་དགེ་བའི་འབེན་ལ་རབ་ཏུ་གཟིར། །ཡང་དག་ལམ་ལ་གོལ་བའི་མ་རུངས་རྣམས། །དོན་བཟང་ལེགས་བཤད་རྩེ་བརྒྱས་འཇོམས་པར་ཤོག །བཀྲ་ཤིས་གང་ཞིག་རྩ་བརྒྱུད་བླ་མ་ཡིས། །བྱིན་རླབས་ཆར་གྱིས་འགྲོ་ཁམས་ཐ་རྒོད་བརླན། །བཀྲ་ཤིས་གང་ཞིག་ཡི་དམ་ལྷ་ཚོགས་ཀྱིས། །དངོས་གྲུབ་འབྲས་བུས་འགྲོ་སེམས་ཡོངས་སུ་འགེངས། །བཀྲ་ཤིས་གང་ཞིག་དཔའ་བོ་ཌཱ་ཀི་ཡིས། །ཕྲིན་ལས་བཞི་ཡིས་ནམ་ཡང་འཛད་མེད་སྲུངས། །བཀྲ་ཤིས་གང་ཞིག་ཆོས་སྐྱོང་སྲུང་མ་ཡིས། །བསྟན་འགྲོ་རྫོགས་ལྡན་དཔལ་ལ་རྟག་འགོད་ཤོག །དགེའོ།། དགེའོ།། དགེའོ།། སརྦ་མངྒ་ལཾ།། | |||
༄། །པར་བྱང་སྨོན་ཚིག་བཞུགས།། ༈ ཨོཾ་སྭ་སྟི། རྒྱལ་བ་རིག་པ་འཛིན་རྣམས་གཤེགས་པའི་ལམ། །བསྟན་པ་རྒྱ་མཚོའི་ཡང་སྙིང་རྡོ་རྗེ་ཐེག །རྒྱུད་ལུང་མན་ངག་ཀུན་གྱི་བཅུད་ཕྱུངས་པ། །ངེས་དོན་ཕྱག་རྒྱ་ཆེན་པོ་ཉི་བཞིན་དུ། ༡ །སྔོན་བྱོན་མཁས་གྲུབ་བྱེ་བས་གསལ་མོད་ཀྱང་། །དེང་དུས་བློ་དམན་བརྩོན་འགྲུས་དབུལ་བ་རྣམས། །དོན་བརྒྱུད་ནོར་བུས་སྟོང་ཞིང་དཔེ་རྒྱུན་ཡང་། །བཙལ་བར་མི་ནུས་སྐལ་དམན་བདག་འདྲ་ལ། ༢ །རབ་ཏུ་བརྩེ་བས་ལེགས་པར་འདོམ་པའི་ཕྱིར། །མཁས་གྲུབ་གོང་མའི་གསུང་རབ་སྲད་བུ་ལ། །རིན་ཆེན་ལུང་གི་ཕྲེང་བ་མཛེས་པར་བརྒྱུས། །གྲུབ་ཐོབ་ཆེན་པོའི་གདམས་པའི་མཛོད་འཛིན་དང་། ༣ །རིང་ནས་བླ་མའི་ཞལ་ལུང་གོམས་བྱས་མཐུས། །རྣལ་འབྱོར་ནང་གི་དེ་ཉིད་མངོན་མཛད་པ། །འཕགས་ཆེན་མཁྱེན་བརྩེའི་ཡེ་ཤེས་སྒྱུ་མའི་འཕྲུལ། །རྣལ་འབྱོར་རྟོགས་པའི་དབང་པོ་གྲུབ་པའི་མཆོག ༤ །རང་གི་ཉམས་མྱོང་རྡོ་རྗེའི་གྲངས་འཛིན་གྱིས། །ལེགས་པར་བརྒྱན་འདི་ཐར་འདོད་རྣམས་ཀྱི་ནོར། །དེ་ཕྱིར་དད་དང་གུས་པས་ཉེར་བཟུང་སྟེ། །རི་ཆོས་ཀུན་གྱི་མཐར་ཐུག་འདིར་ཞུགས་ན། ༥ །ངེས་དོན་འོད་གསལ་གཉུག་མའི་གནས་ལུགས་རྟོགས། །བསྒོམ་མེད་ཆོས་སྐུའི་རྒྱལ་ཐབས་དབང་བསྒྱུར་ནས། །དོན་གཉིས་འབད་མེད་ཆོས་ཀྱི་རྒྱལ་པོར་འགྱུར། །དེས་ན་འདི་ལ་ནན་ཏན་བྱ་བར་གཅེས། ༦ །གདམས་པའི་ཡང་སྙིང་ཞལ་གདམས་དམར་ཁྲིད་འདིས། །བསྟན་འགྲོར་ཕན་པ་མཐའ་ཡས་འབྱུང་བ་དང་། །སྒྲུབ་བརྒྱུད་རྟོགས་པའི་བསྟན་འཛིན་རབ་འཕེལ་ནས། །འཇིག་རྟེན་དགེ་ལེགས་ཆེན་པོས་ཁྱབ་པར་ཤོག །ཅེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཕྲིན་ལས་ཀྱི་སྤྲུལ་མིང་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཞུས་དག་དང་ལྷན་ཅིག་དད་གུས་ཆེན་པོས་ཆེད་དུ་བརྗོད་པ་ཨི་དཾ་ཤཱ་ས་ནཱ་ཤྩ་སརྦ་ས་ཏྭ་ཧི་རོ་བྷ་ཝནྟུ།། །།}} | ༄། །པར་བྱང་སྨོན་ཚིག་བཞུགས།། ༈ ཨོཾ་སྭ་སྟི། རྒྱལ་བ་རིག་པ་འཛིན་རྣམས་གཤེགས་པའི་ལམ། །བསྟན་པ་རྒྱ་མཚོའི་ཡང་སྙིང་རྡོ་རྗེ་ཐེག །རྒྱུད་ལུང་མན་ངག་ཀུན་གྱི་བཅུད་ཕྱུངས་པ། །ངེས་དོན་ཕྱག་རྒྱ་ཆེན་པོ་ཉི་བཞིན་དུ། ༡ །སྔོན་བྱོན་མཁས་གྲུབ་བྱེ་བས་གསལ་མོད་ཀྱང་། །དེང་དུས་བློ་དམན་བརྩོན་འགྲུས་དབུལ་བ་རྣམས། །དོན་བརྒྱུད་ནོར་བུས་སྟོང་ཞིང་དཔེ་རྒྱུན་ཡང་། །བཙལ་བར་མི་ནུས་སྐལ་དམན་བདག་འདྲ་ལ། ༢ །རབ་ཏུ་བརྩེ་བས་ལེགས་པར་འདོམ་པའི་ཕྱིར། །མཁས་གྲུབ་གོང་མའི་གསུང་རབ་སྲད་བུ་ལ། །རིན་ཆེན་ལུང་གི་ཕྲེང་བ་མཛེས་པར་བརྒྱུས། །གྲུབ་ཐོབ་ཆེན་པོའི་གདམས་པའི་མཛོད་འཛིན་དང་། ༣ །རིང་ནས་བླ་མའི་ཞལ་ལུང་གོམས་བྱས་མཐུས། །རྣལ་འབྱོར་ནང་གི་དེ་ཉིད་མངོན་མཛད་པ། །འཕགས་ཆེན་མཁྱེན་བརྩེའི་ཡེ་ཤེས་སྒྱུ་མའི་འཕྲུལ། །རྣལ་འབྱོར་རྟོགས་པའི་དབང་པོ་གྲུབ་པའི་མཆོག ༤ །རང་གི་ཉམས་མྱོང་རྡོ་རྗེའི་གྲངས་འཛིན་གྱིས། །ལེགས་པར་བརྒྱན་འདི་ཐར་འདོད་རྣམས་ཀྱི་ནོར། །དེ་ཕྱིར་དད་དང་གུས་པས་ཉེར་བཟུང་སྟེ། །རི་ཆོས་ཀུན་གྱི་མཐར་ཐུག་འདིར་ཞུགས་ན། ༥ །ངེས་དོན་འོད་གསལ་གཉུག་མའི་གནས་ལུགས་རྟོགས། །བསྒོམ་མེད་ཆོས་སྐུའི་རྒྱལ་ཐབས་དབང་བསྒྱུར་ནས། །དོན་གཉིས་འབད་མེད་ཆོས་ཀྱི་རྒྱལ་པོར་འགྱུར། །དེས་ན་འདི་ལ་ནན་ཏན་བྱ་བར་གཅེས། ༦ །གདམས་པའི་ཡང་སྙིང་ཞལ་གདམས་དམར་ཁྲིད་འདིས། །བསྟན་འགྲོར་ཕན་པ་མཐའ་ཡས་འབྱུང་བ་དང་། །སྒྲུབ་བརྒྱུད་རྟོགས་པའི་བསྟན་འཛིན་རབ་འཕེལ་ནས། །འཇིག་རྟེན་དགེ་ལེགས་ཆེན་པོས་ཁྱབ་པར་ཤོག །ཅེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཕྲིན་ལས་ཀྱི་སྤྲུལ་མིང་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཞུས་དག་དང་ལྷན་ཅིག་དད་གུས་ཆེན་པོས་ཆེད་དུ་བརྗོད་པ་ཨི་དཾ་ཤཱ་ས་ནཱ་ཤྩ་སརྦ་ས་ཏྭ་ཧི་རོ་བྷ་ཝནྟུ།། །།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> |
Revision as of 11:13, 3 July 2024
🚧 This website is under continued development. We appreciate your patience!
Wylie title | ||
---|---|---|
Location | 'phags mchog bka' 'bum Volume 3, Text 2, Pages (Folios to ) | |
Author | འཕགས་མཆོག་རྡོ་རྗེ་ | |
Less details More details | ||
Citation | 'phags mchog rdo rje. '. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. : . Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004. | |
Genre |