DKYD-KABUM-07-JA-001: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
Line 11: Line 11:
|sourcerevealer=Mdo mkhyen brtse
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Smoke Offerings - bsangs mchod - lha bsang
|tibgenre=Sadhanas - Evocation Ritual - sgrub thabs, Smoke Offerings - bsangs mchod - lha bsang
|terma=Yes
|terma=Yes
|deity=ge sar
|deity=ge sar

Latest revision as of 10:10, 28 June 2024

Wylie title ge sar lha 'khor sprul pa bcas dgra bla ltar du mchod sgrubs thabs rngams chen 'bar ba
Location mdo mkhyen brtse bka' 'bum
Volume 7, Text 1, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Sadhanas - Evocation Ritual - sgrub thabs  ·  Smoke Offerings - bsangs mchod - lha bsang
Deity ge sar
Colophon

དུས་མཐའི་གཏེར་སྨྱོན་ཁྲག་འཐུང་ལས་ཀྱི་དཔའ་བོས་གཟུགས་མེད་འགའ་དང་གཟུགས་ཅན་གླིང་སྤྲུལ་མ་ཧཱ་ར་ཛ་ཨ་ཡུར་མཚན་གྱིས་བསྐུལ་བ་བཞིན་ཌཱཀྐིའི་བརྡ་ཁྲོལ་ལྟར་དག་པར་ཕབ་པའི་ཡི་གེ་པ་ནི་ཉེར་གནས་དམ་འཛིན་འོད་ཟེར་མིང་གི་བགྱིས་པ་ཞལ་དྲོ་ཕྱག་ཡང་བྱིན་རླབས་ཆེ་བར་ཤོགཿ ཤུ་བྷཾ

dus mtha'i gter smyon khrag 'thung las kyi dpa' bos gzugs med 'ga' dang gzugs can gling sprul ma hA ra dza a yur mtshan gyis bskul ba bzhin DAk+ki'i brda khrol ltar dag par phab pa'i yi ge pa ni nyer gnas dam 'dzin 'od zer ming gi bgyis pa zhal dro phyag yang byin rlabs che bar shogaH_shu b+haM

[edit]
༄༅། །གེ་སར་ལྷ་འཁོར་སྤྲུལ་པ་བཅསཿ དགྲ་བླ་ལྟར་དུ་མཆོད་སྒྲུབས་ཐབསཿ རྔམས་ཆེན་འབར་བ་ཞེས་བྱ་བཞུགསཿ

«྅྅྅འགྱུར་བ་མེད་པ་རྡོ་རྗེའི་སྐུཿ ཚངས་དབྱངས་ཡན་ལག་དྲུག་ཅུའི་གསུངཿ འཁྲུལ་བྲལ་ཡེ་ཤེས་ལྔ་ལྡན་ཐུགསཿ རྒྱལ་ཀུན་གསང་བ་གསུམ་ལ་འདུདཿ འཛམ་གླིང་སྐྱེས་མཆོག་གེ་སར་རྗེཿ ལྷ་འཁོར་སྤྲུལ་པ་ཡང་སྤྲུལ་བཅསཿ དགྲ་བླ་ལྟར་དུ་མཆོད་པའི་ཐབསཿ བསྟན་ནོ་གུས་པས་ཉམས་སུ་ལོངསཿ གཙང་མའི་གནས་སུ་གཞི་མ་དཀར་མོའི་སྟེང་དུ་མེ་ཏོག་བཀྲམས་པའི་དབུས་སུཿ གཏོར་མ་རི་རབ་བང་རིམ་བཞི་པའི་ཁར་ནོར་བུ་མིག་གསུམ་འབར་བའི་དབྱིབས་ཅན་གྱི་ཕྱོགས་བཞིར་འབྲང་རྒྱས་བཞི་དང་མཚམས་བཞིར་ལྷ་བཤོས་བཞིཿ བང་རིམ་གཉིས་པ་ལ་ཞལ་ཟས་བཅུ་གསུམཿ གསུམ་པ་ལ་རིལ་བུཿ བཞི་པ་ལ་ཀྱུ་གུ་གྲངས་མེད་ཀྱིས་བསྐོར་བ༔ གཡས་ཕྱོགས་སུ་དཀར་ཟླུམ་སོ་གསུམ༔ གཡོན་ཕྱོགས་སུ་དམར་གཏོར་སོ་གསུམ༔ སོ་སོར་མངར་གསུམ་ཤིང་ཏོག་ཟས་རིགས་འབྲུ་སྨན་དར་ཟབ་བཅས་ཀྱི་བརྒྱན་པཿ མདུན་དུ་འབྲངས་རྒྱས་གཡག་ལུག་ར་གསུམ་སོགས་གཟུགས་འགྲོས་སྣ་ཚོགས་མདའ་དར་ཕྱེ་མར་དཀར་མོ་ལག་གཡས༔ བཤོས་བུ་བཅུ་གསུམ་གཞན་ཡང་བསང་རྫས་སྐྱེམས་ཕུད་སྣ་ཚོགས་གཙང་མར་སྦྱར་བ་བཤམསཿ རྩི་ཤིང་སྣ་ཚོགས་དུད་པ་བཏང་ལ༔ ཐོག་མར་སྐྱབས་སེམས་ཡན་ལག་བདུན་འབུལ་ནིཿ »ན་མོཿ བླ་མ་ཡི་དམ་མཁའ་འགྲོ་སྤྱན་འདྲེན་གཤེགསཿ སྤྱི་གཙུག་ཉི་ཟླ་པདྨའི་གདན་ལ་བཞུགསཿ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིཿ འགྲོ་བའི་དོན་དུ་སྨོན་འཇུག་སེམས་མཆོག་བསྐྱེདཿ སྒོ་གསུམ་གུས་པ་ཆེན་པོའི་ཕྱག་འཚལ་ལོཿ ཕྱི་ནང་གསང་བའི་མཆོད་པ་དཔག་མེད་འབུལཿ ཉམས་ཆགས་སྡིག་སྒྲིབ་ཐམས་ཅད་མཐོལ་ལོ་བཤགསཿ གསང་སྔགས་མཛད་པ་སྒྲུབ་ལ་རྗེས་ཡི་རངསཿ སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལཿ འགྲོ་བའི་དོན་དུ་མྱ་ངན་མི་འདའ་བཞུགསཿ དགེ་ཚོགས་བླ་མེད་བྱང་ཆུབ་ཆེན་པོར་བསྔོཿ ཧཱུྃ་ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལཿ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམསཿ པདྨ་གེ་སར་སྡོང་པོ་ལཿ ཡ་མཚན་མཆོག་གི་དངོས་གྲུབ་བརྙེསཿ པདྨ་འབྱུང་གནས་ཞེས་སུ་གྲགསཿ འཁོར་དུ་མཁའ་འགྲོ་མང་པོའི་བསྐོརཿ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིསཿ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལཿ གནས་མཆོག་འདི་རུ་བྱིན་ཕོབ་ལཿ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུརཿ བགེགས་དང་ལོག་འདྲེན་བར་ཆད་སོལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ཨོཾ་ཨཱཿཧཱུྃཿ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃཿཨཱཿ «ཅེས་པའི་བྱིན་»ཕོ«བ་ཅིངཿ» ཧྲཱིཿ རང་ཉིད་སྐད་ཅིག་པདྨ་དབང་ཆེན་སྐུཿ དམར་གསལ་ཞལ་གཅིག་ཕྱག་གཉིས་ཁྲོ་ཆས་རྫོགསཿ ཐོད་དབྱུག་གཡས་ལ་རིན་ཆེན་ཞགས་པ་གཡོནཿ པད་ཉི་གདན་སྟེང་མེ་དཔུང་ཀློང་ན་འགྱིངསཿ རང་རིག་མ་བཅོས་ཡེ་ནས་ལྷུན་གྱིས་གྲུབཿ ཐུགས་ཀར་པད་ཉིའི་སྟེང་དུ་ཧྲཱིཿཡིག་མཐརཿ སྔགས་ཀྱི་ཕྲེང་བས་བསྐོར་ཞིང་གཟི་འོད་འབརཿ ཁམས་གསུམ་དབང་བསྡུད་སྤྱི་དཔལ་ཆེན་པོར་གྱུརཿ ཨོཾ་པདྨ་ཏ་ཀྲིཏྟ་ཧྱཱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ« བརྒྱ་རྩ་བརྒྱད་བགྲངསཿ བསང་རྫས་སྣ་ཚོགས་བསོགས་ཤིང་ཆབ་ཀྱིས་བྲནཿ» རང་ཉིད་ཡི་དམ་ལྷ་རུ་གསལ་བའི་ཐུགས་ཀ་ནས་ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོསཿ ཡེ་ཤེས་ཀྱི་མེ་རླུང་ཆུ་རུ་གྱུརཿ བསང་དང་མཆོད་པའི་རྫས་ཀྱིས་མ་དག་པའི་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུསཿ རཾ་ཡཾ་ཁཾཿ« ལན་གསུམཿ »སླར་ཡང་འབྲུ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་བསང་དུད་མ་དག་པའི་ཉེས་སྐྱོན་སེལ་ཞིང་དབང་པོ་དྲུག་གི་ཡུལ་ལ་འཆར་བའི་འདོད་ཡོན་སྣ་ཚོགས་སྤྲོ་བ་མཆོད་རྫས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་ལྷ་ཡི་ཞལ་ཟས་བཏུང་བའི་བྱེ་བྲག་རོ་བརྒྱ་ནུས་པ་སྟོང་དང་ལྡན་ཞིང་དཔལ་ཡོན་ཕུན་སུམ་ཚོགས་པའི་རང་བཞིན་ཅན་དུ་གྱུརཿ ཨོཾ་ཨཱཿཧཱུཾཿ ཧ་ཧོ་ཧྲཱིཿ «ལན་བདུནཿ» ཨོཾ་སརྦ་བིཏྤུ་ར་པུ་ར་སུ་ར་སུ་ར་ཨ་རྟ་ཡ་ཨ་ཝརྟ་ཡ་ཧོ་བཛྲ་སྥ་ར་ཎ་ཁཾ་སྭཱ་ཧཱཿ« གསུམཿ» ཨོཾ་སྭཱ་བྷ་ཝཱ་ཤུདྡྷོ་སརྦ་དྷརྨཱ་སྭཱ་བྷ་ཝ་ཤུདྡྷོ྅ཧཾཿ« གསུམཿ» ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བྷི་ཤྭ་མུརྑེ་བྷྱཿ སརྦ་ཏཾཏྑ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱཿ «གསུམཿ» ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊཿ «གསུམཿ» ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེཿ ཨོཾ་སམྦྷ་ར་སམ་བྷ་ར་ཧཱུྃཿ «གསུམཿ »ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿ ས་མནྟ་སྥ་ར་ཎ་རསྨི་སམ་བྷ་ཝེ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲཱི་དཱ་ཡ་ཛྭ་ལ་ནི་ཧཱུྃཿ «གསུམཿ» ན་མཿ ས་མནྚ་བྷུདྷ་ནཾཿ གྲ་ཧེ་ཤྭ་རི་པྲ་བྷཉྫ་ཏི་མ་ཧཱ་ས་མ་ཡ་སྭཱ་ཧཱཿ «དུང་རོལ་སོགས་བྱས་ཤིངཿ» ཧྲཱིཿ ལྷོ་ནུབ་འོ་མ་ཅན་གྱི་མཚོ་དབུས་སུཿ ངོ་མཚར་རྨད་བྱུང་པདྨ་གེ་སར་རྩེརཿ རང་བྱུང་ལྷུན་གྲུབ་མཚོ་སྐྱེས་རྡོ་རྗེ་འཁྲུངསཿ ཕྲིན་ལས་འོད་ཟེར་བོད་ཡུལ་དབུས་སུ་ཕོགཿ འཛམ་གླིང་སྐྱེས་མཆོག་ནོར་བུ་དགྲ་འདུལ་སྤྲུལཿ ཁ་བ་ཅན་དུ་བསྟན་པ་རྒྱས་མཛད་རྗེཿ པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོཿ ཀྱེཿ རང་མདུན་མཁའ་ལ་འཇའ་ཚོན་སྤྲིན་ཕུང་འཁྲིགསཿ ངོ་མཚར་རྒྱན་བཀོད་ཕུན་སུམ་ཚོགས་པའི་དབུསཿ སྤུར་རྒྱལ་བོད་ཀྱི་ལྷ་གཅིག་འགྲོ་བའི་སྐྱབསཿ གེ་སར་སྐྱེས་མཆོག་ནོར་བུ་དགྲ་འདུལ་རྒྱལཿ སྐུ་མདོག་དཀར་སྨུག་དམར་བའི་མདངས་ཆགས་པཿ དབུ་ལ་རྨོག་དཀར་རྒྱལ་བའི་དོན་གྲུབ་དངཿ སྐུ་ལ་དགྲ་བླའི་ཚེམ་གོས་སྨུག་པོའི་སྟེངཿ གཉན་གྱི་ཁྲབ་ཆེན་ཟིལ་བ་ཐོག་སྡུགས་གསོལཿ ཞབས་ལ་བསེ་ཡི་སོག་ལྷྭམ་འཇའ་རིས་ལྡནཿ སྟག་དོང་གཡས་ལ་གསེར་ལྟོང་སུམ་ཅུ་དངཿ མི་སྐད་གོ་བའི་ལྷ་མདའ་བདུན་གྱིས་བརྒྱནཿ གཟིག་ཤུབ་གཡོན་དུ་རྭ་རྒོད་འཁྱིལ་བ་དངཿ མཚོན་སྔོན་རྡོ་རྗེའི་བྲག་གཅོད་རྣོ་ངར་འབརཿ རྐཻད་དུ་གྲི་ཐུང་ཤ་བོ་སྡུམ་གཅོད་ལཿ ཤེལ་གྱི་གྲི་ཆུང་སྤུ་གྲི་རེག་གཅོད་བརྒྱནཿ མགུལ་དུ་རིན་ཆེན་སྣ་ཚོགས་ཕྲེང་བ་དངཿ མགུལ་གའུ་ཕུན་ཚོགས་ནོར་བུ་འོད་འབར་གསོལཿ ཕྱག་གཡས་མདུང་དར་ཁམས་གསུམ་དགྲ་འདུལ་ཕྱརཿ ལྕག་ཚན་བསམ་པའི་དོན་གྲུབ་ཕྱག་སོར་བཀོནཿ གཡོན་པས་ཐོད་པ་ཡིད་བཞིན་ནོར་བུ་བསྣམསཿ ཕྱག་གདུབ་ཐེབ་སྐོར་སོར་གདུབ་རིན་ཆེན་བརྒྱནཿ དགྲ་བླའི་གོ་མཚོན་སྣ་ཚོགས་བཀྲགས་མདངས་འབརཿ ཆིབས་སུ་མདོ་རྗེ་རྐྱང་རྒོད་འཕུར་ཤེས་ནིཿ གྱི་ལིང་རྫུ་འཕྲུལ་རླུང་གི་གཤོག་པ་ཅནཿ བྱོལ་སོང་གཟུགས་ལ་བྱང་སེམས་འཕགས་པའི་ཐུགསཿ གཟུགས་བཟང་ཡོན་ཏན་དུ་མའི་རྩལ་ཤུགས་ལྡནཿ རྟ་ལྷ་ལྷ་ཀླུ་གཉན་གྱི་དམག་ཚོགས་འཁོརཿ ལྷ་ཡི་གསེར་སྲབ་གཡུ་མཐུར་བཀྲ་ཤིས་འབརཿ གཉན་གྱི་གསེར་སྒ་ཉི་མ་རང་ཤར་མཛེསཿ ཀླུ་ཡི་བལ་སྟན་སྨེ་བ་དགུ་བརྩེགས་བརྒྱནཿ གོང་སྨེད་ཡོབ་ཆེན་གློ་ལེན་འཇའ་རིས་བཀྲཿ གཟི་བརྗིད་འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོཿ ནམ་མཁའ་བྱིན་རླབས་སྤྲུལ་པའི་ལྷ་རྣམས་དངཿ བར་སྣང་བསྟན་བསྲུང་དགྲ་བླ་ཝེར་མའི་ཚོགསཿ ས་གཞི་བཀའ་འཁོར་ཕུ་ནུ་སུམ་ཅུ་དངཿ དུང་སྨན་དཔའ་བོ་དཔའ་མོ་ལྷ་ཀླུ་གཉནཿ མཐའ་འཁོར་སྡེ་བརྒྱད་དྲེགས་པའི་དམག་དཔུང་བཅསཿ ས་དང་བར་སྣང་ནམ་མཁའི་ཁྱོན་གང་བཿ བདག་ཅག་མོས་གུས་གདུང་བའི་སྤྱན་འདྲེན་ནསཿ ཐུགས་རྗེ་བརྩེ་བ་ཆེན་པོའི་དགྱེས་དགོངས་ལཿ གློག་ལྟར་མྱུར་བར་གནས་འདིར་གཤེགས་སུ་གསོལཿ དཱེ་ཝ་པུཥྤེ་མ་ཎི་རཏྣ་ལོ་ཀ་སརྦ་ས་མ་ཡ་ཛ་ཛཿ རིན་ཆེན་ཟ་འོག་གདན་ཁྲིར་དགྱེས་པར་བཞུགསཿ ལུས་ངག་ཡིད་གསུམ་གུས་བཏུད་ཕྱག་བགྱིའོཿ ལྷ་ཡི་ཞལ་ཟས་བཟའ་བཅའ་བཏུང་བའི་རིགསཿ སྤྱན་གཟིགས་དཀོར་ནོར་ལོངས་སྤྱོད་མཆོད་པ་འབུལཿ ཡུམ་ཆེན་སངས་རྒྱས་སྤྱན་མའི་མཁའ་ཀློང་ལསཿ མ་ཀི་གོས་དཀར་ཤུགས་ཀྱིས་བསྐྱེད་པ་ཡིསཿ ལྷ་ཤིང་གཡུ་ཤུག་གཉན་ཤིང་བ་ལུ་དངཿ ཀླུ་ཤིང་མཁན་དཀར་སྨན་མཆོག་འོམ་བུའི་ཤིངཿ སྟག་པ་སྤེལ་མ་ཉ་སྦྲིད་སྨན་སྤོས་ཤིངཿ འབྲུ་སྣ་ཕྱེ་མར་དར་ཟབ་མེ་ཏོག་སོགསཿ གོས་དཀར་དམ་ཚིག་སྒྲོལ་མའི་བརྟུལ་ཞུགས་ཀྱིསཿ སྦྱངས་པས་བསང་གི་དུད་སྤྲིན་ནམ་མཁའ་གངཿ གྲིབ་དང་མི་གཙང་བསོད་ནམས་དབང་ཐང་ཉམསཿ མ་དག་ཉེས་པའི་ཚོགས་ཀུན་དག་བྱེད་ཅིངཿ སྐུ་གསུང་ཐུགས་ལ་ཟག་མེད་བདེ་བར་བསྐྱེདཿ སྟོབས་རྩལ་རྫུ་འཕྲུལ་ཡོན་ཏན་རྒྱས་བྱེད་ཅིངཿ འདོད་ཡོན་ལྔ་ཡི་སྤྲིན་ཕུང་འཕྲོ་བ་འདིསཿ ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་བསངཿ ལོངས་སྐུ་སྣང་མཐའ་ཚེ་དཔག་མེད་མགོན་བསངཿ སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས་དབང་བསངཿ སངས་རྒྱས་ཀུན་འདུས་པདྨ་ཐོད་ཕྲེང་བསངཿ ཤེས་རབ་ཡུམ་མཆོག་མན་དཱ་ར་ཝ་བསངཿ མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་བསངཿ རིག་འཛིན་ལྷ་དང་དཔའ་བོ་མཁའ་འགྲོ་བསངཿ མྱེས་པོ་ལྷ་ཆེན་ཚངས་པ་དཀར་པོ་བསངཿ ཨ་ཕྱི་ནེ་ནེ་གོང་སྨན་རྒྱལ་མོ་བསངཿ ཚེ་འཛིན་མ་ཅིག་གྲུབ་པའི་རྒྱལ་མོ་བསངཿ སྲོག་འཛིན་སྲུ་མོ་རྒོད་ལྕམ་དཀར་མོ་བསངཿ ཁ་འཛིན་ལྕམ་སྲིང་ཐ་ལེ་འོད་སྒྲོན་བསངཿ གེ་སར་སྐྱེས་མཆོག་ནོར་བུ་དགྲ་འདུལ་བསངཿ ལུས་ལྷ་བདེ་མཆོག་སྤྲུལ་པའི་ལྷ་དགུ་བསངཿ ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་བསངཿ ཁྲག་འཐུང་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་བསངཿ རྩ་གནས་དཔའ་བོ་མཁའ་འགྲོའི་ལྷ་ཚོགས་བསངཿ ཕ་ཡབ་གཉན་ཆེན་སྐུ་ལྷ་གེ་མཛོར་བསངཿ མ་ཡུམ་ཀླུ་སྨན་བྱང་ཆུབ་སྒྲོན་མ་བསངཿ ཞང་པོ་ཀླུ་རྒྱལ་གཙུག་ན་རིན་ཆེན་བསངཿ འཕྲག་ལྷ་ཕུ་བོ་དུང་སྐྱོང་དཀར་པོ་བསངཿ དགྲ་ལྷ་མྱུར་མགྱོགས་མེ་སྟག་དམར་པོ་བསངཿ དབང་ལྷ་ནུ་བོ་ཀླུ་ཕྲུག་འོད་ལྡན་བསངཿ ཟ་ལྷ་རྒྱུག་བྱེད་གླག་མོ་མཁལ་དཀར་བསངཿ གྲོགས་ལྷ་སྔོན་རྒྱུག་དུང་ཁྲ་ཧོར་པ་བསངཿ ནོར་ལྷ་གཡང་སྤེལ་གསེར་སྦྲུལ་སེར་པོ་བསངཿ ཕོ་ཉ་རྗེས་འབྲངས་རི་སྤྱང་སྔོན་མོ་བསངཿ གསང་བའི་བཀའ་སྲུང་གཉན་ཆེན་སྡེ་བཞི་བསངཿ གོ་མཚོན་འཁོར་བའི་ལྷ་དང་སྲུང་མ་བསངཿ རྐྱང་རྒོད་འཕུར་ཤེས་རྟ་ལྷ་མྱུར་མགྱོགས་བསངཿ རྫུ་འཕྲུལ་ཤུགས་ལྡན་དགྲ་བླའི་དམག་ཚོགས་བསངཿ དྲག་རྩལ་ལྡན་པའི་ཝེར་མའི་དམག་ཚོགས་བསངཿ ཕོ་ལྷ་འོད་ལྡན་ཤན་པའི་དམག་ཚོགས་བསངཿ རྫོང་ཆེན་བཞི་ཡི་གནོད་བཞིན་གཏེར་བདག་བསངཿ སྐུ་འཁོར་གྲུབ་ཆེན་ཕུ་ནུ་སུམ་ཅུ་བསངཿ ལྷ་སྲས་དཔའ་བོ་ཉེ་དབང་སོ་གསུམ་བསངཿ དགྱེས་སྡེ་དུང་སྨན་ལྷ་མོ་ཉེར་གཅིག་བསངཿ སྤྲུལ་པ་རིགས་བཞིའི་འཁོར་ཚོགས་དང་བཅས་བསངཿ འཛམ་གླིང་སྐྱོང་བའི་བརྟན་མ་བཅུ་གཉིས་བསངཿ གཞི་བདག་གཙོ་བོ་རྨ་རྒྱལ་སྤོམ་ར་བསངཿ ཡུལ་ལྷའི་གཙོ་བོ་ཨ་ཕྱི་སྟག་མགོ་བསངཿ རྨ་སྟོད་ལྷ་མོ་དངུལ་དཀར་སྒྲོན་མ་བསངཿ སྐྱེས་བུའི་སྐུ་འཁོར་རྩེ་ལྷ་བཅུ་གསུམ་བསངཿ རྨ་རྐེད་མཐོན་པོ་དཔའ་བོ་བཅུ་གསུམ་བསངཿ རྨ་སྨད་གནོད་བཞིན་རིས་བཀྲ་སྤུན་བདུན་བསངཿ ས་བདག་གཙོ་བོ་རྫ་རྒྱལ་འཕན་ཕྱུགས་བསངཿ ཟོ་དོར་གཙོ་བོ་དགེ་བསྙེན་གདུང་རྭ་བསངཿ ཏི་སེ་ལ་སོགས་མངའ་རིས་གཞི་བདག་བསངཿ ཤམ་བོ་ལ་སོགས་དབུས་གཙང་གཞི་བདག་བསངཿ ཐང་ལྷ་ལ་སོགས་སྤྱི་ཡི་གཞི་བདག་བསངཿ གངས་ཅན་ལ་སོགས་སྒང་དྲུག་གཞི་བདག་བསངཿ བཞག་བྲ་ལ་སོགས་ས་མཚམས་གཞི་བདག་བསངཿ གཏུམ་ཆེན་བདུན་སོགས་རོང་ཆེན་གཞི་བདག་བསངཿ གཞན་ཡང་ལྷོ་རྒྱལ་འཛམ་གླིང་འདིར་གནས་ཀྱིཿ གེ་སར་སྐྱེས་བུའི་བཀའ་དམ་ལ་གནས་པའིཿ ཟོ་དོར་ཡུལ་ལྷ་གཞི་བདག་གཉན་པོ་དངཿ དཀར་ཕྱོགས་སྐྱོང་བའི་ཚོགས་དང་བཅས་རྣམས་བསངཿ དྲི་ཞིམ་བསང་གི་དུད་པས་བསང་གྱུར་ཅིགཿ ཡེ་ཤེས་བདུད་རྩིའི་ཆར་གྱིས་དག་གྱུར་ཅིགཿ གསེར་སྐྱེམས་གཡུ་སྐྱེམས་ཕུད་ཀྱི་མཆོད་པས་མཉེསཿ ལྷ་ཡི་ཞལ་ཟས་རི་ལྟར་བརྗིད་ཆེ་ཞིངཿ རོ་བརྒྱ་ནུས་པ་ཕུན་སུམ་ཚོགས་པས་བརྔནཿ དཀར་གསུམ་མངར་གསུམ་ཤིང་ཏོག་སྨན་སྣ་དངཿ གདའ་རྒྱས་གདའ་ཕྲོམ་ལ་སོགས་བཟའ་བཅའི་རིགསཿ རྒྱ་ཇ་འོ་ཞོ་འབྲུ་བཅུད་ཆང་ལ་སོགསཿ ཏིང་འཛིན་ནམ་མཁའ་མཛོད་ཀྱི་བྱིན་རླབས་པའིཿ དངོས་འབྱོར་ཡིད་སྤྲུལ་སྣ་ཚོགས་མཆོད་པས་བརྔནཿ མདའ་དར་ཕྱེ་མར་དཀར་མོ་ལག་གཡས་དངཿ བྱ་རིགས་གཅན་ཟན་རི་དྭགས་ཆུ་གནས་སོགསཿ རྟ་མཆོག་གླང་ཆེན་མ་ཧེ་འདོད་འཇོའི་བཿ དྲེའུ་འབྲི་གཡག་གཡང་ལུག་ཚེ་ཚེ་རྭཿ གོ་མཚོན་སྤྱན་གཟིགས་སྣ་ཚོགས་སྤྲུལ་སྟེ་བརྔནཿ བཅུ་དྲུག་མདངས་ལྡན་ལྷ་མོ་ཡིད་འོང་མཿ གཟུགས་མཛེས་སྙན་པའི་གླུ་ལེན་དྲི་ཞིམ་འཐུལཿ ལུས་འཇམ་རེག་བྱ་བདེ་བའི་མཆོད་པས་བརྔནཿ གཞན་ཡང་གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དངཿ རོ་མངར་རེག་འཇམ་སྣ་ཚོགས་ཇི་སྙེད་པཿ ལྷ་མིའི་ལོངས་སྤྱོད་དཔག་ཏུ་མེད་སྤྲུལ་སྟེཿ དགྲ་བླ་སྐྱེས་མཆོག་ནོར་བུ་དགྲ་འདུལ་རྗེཿ སྐུ་འཁོར་ལྷ་ཀླུ་གཉན་དམག་ཚོགས་བཅས་བརྔནཿ མཆོད་དོ་འབུལ་ལོ་ཐུགས་ཀྱི་དགྱེས་པ་སྐོངཿ བསང་མཆོད་བརྔན་གྱིས་མཆོད་པ་འདི་ཕུལ་བའིཿ འགལ་འཁྲུལ་ཉམས་ཆགས་ཐམས་ཅད་སོར་ཆུད་ཅིངཿ བཀྲག་མདངས་གཟི་བརྗིད་རྫུ་འཕྲུལ་དཔལ་ཡོན་རྒྱསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་བ་དངཿ བདག་ཅག་ཚེ་བསོད་དཔལ་འབྱོར་སྙན་གྲགས་སྟོབསཿ དབང་ཐང་རླུང་རྟ་སྤེལ་བའི་ལས་མཛོད་ཅིགཿ «ཅེས་བསང་ཞིང་བརྔན་ལཿ བཤོས་བུ་བཅུ་གསུམ་འབྲང་རྒྱས་གཟུགས་འགྲོས་ཕྱེ་མར་འབྲུ་སྣ་སྐྱེམས་ཕུད་སོགས་མཆོད་ཅིང་ཿ »ཀྱེཿ འཛམ་བུ་གླིང་གི་རྒྱལ་པོཿ ཁ་བ་ཅན་གྱི་སྐྱབས་མགོནཿ དགའ་ལྡན་ལྷ་ཡི་ནོར་བུཿ རྒྱ་གར་ཡུལ་གྱི་གྲུབ་ཆེནཿ མཁའ་འགྲོ་མ་ཡི་སྙིང་ནོརཿ ཆོས་སྐྱོང་ཡོངས་ཀྱི་རྗེ་བོཿ སྡེ་བརྒྱད་ཀུན་གྱི་སྲོག་བདགཿ སངས་རྒྱས་བསྟན་པའི་རྒྱལ་མཚནཿ གསང་སྔགས་བསྟན་པའི་སྲོག་ཤིངཿ མུན་པ་སེལ་བའི་སྒྲོན་མེཿ དགྲ་དཔུང་བརླག་པའི་དམག་དཔོནཿ བདུད་རིགས་འདུལ་བའི་ཁྲོ་རྒྱལཿ བགེགས་དཔུང་བསྲེགས་པའི་མེ་དཔུངཿ རྩ་གསུམ་འདུས་པའི་སྤྱི་དཔལཿ རྣལ་འབྱོར་པ་ཡི་དགྲ་བླཿ གེ་སར་སྐྱེས་བུ་དོན་གྲུབཿ བྱིན་རླབས་སྤྲུལ་པའི་ལྷ་འཁོརཿ དཔའ་རྩལ་ལྡན་པའི་དགྲ་བླཿ མྱུར་མགྱོགས་ཆེ་བའི་ཝེར་མཿ ལས་ལ་རྔམས་པའི་ཕོ་ཉཿ མཐུ་སྟོབས་ལྡན་པའི་ཆོས་སྐྱོངསཿ བཀའ་འཁོར་གྲུབ་ཆེན་ལྷ་བུ་དྲུག་ཅུཿ མོ་རྒྱུད་དཔའ་མོའི་དམག་ཚོགསཿ སྡེ་བརྒྱད་དྲེགས་པའི་ཡུལ་ལྷ་གཞི་བདག་ཟོ་དོར་དྲེགས་པའི་དམག་ཚོགས་དང་བཅས་པ་རྣམས་ལ་ལྷ་ཡི་ཞལ་ཟས་རོ་བརྒྱ་དང་ལྡན་པཿ གཙང་མ་ཕུད་ཀྱི་མཆོད་པ་བདུད་རྩི་གསེར་སྐྱེམས་བཏུང་བའི་བྱེ་བྲག་སྤྱན་གཟིགས་དཀོར་ནོར་བསམ་གྱིས་མི་ཁྱབ་པ་དངོས་སུ་འབྱོར་བ་དང་ཡིད་ཀྱིས་སྤྲུལ་ཏེ་མཆོད་དོཿ འབུལ་ལོཿ གསོལ་ལོཿ དགྱེས་པར་བཞེས་ལ་བདག་ཅག་དཔོན་སློབ་གྲྭ་སྡེ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱིས་ཉམས་ཆགས་དང་འགལ་འཁྲུལ་ཅི་བགྱིས་པ་བཤགས་སོཿ ཐུགས་ཚངས་པ་ཆེན་པོའི་བཟོད་པར་བཞེས་ལ་ནད་དང་གནོད་པ་འཇིགས་པ་བརྒྱད་དང་བཅུ་དྲུག་སོགས་དམ་ཆོས་བསྒྲུབ་པའི་འགལ་རྐྱེན་བར་ཆད་སོགས་ཉེ་བར་འཚེ་བ་ཐམས་ཅད་ཞི་བར་མཛད་དུ་གསོལཿ བསྐྱེད་རྫོགས་དང་ཏིང་འཛིན་ཉམས་དང་རྫོགས་པའི་ཡོན་ཏན་མངོན་ཤེས་རྫུ་འཕྲུལ་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་མངའ་ཐང་ལོངས་སྤྱོད་སྟོབས་དང་སྙན་གྲགས་རླུང་རྟ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལཿ ཁམས་གསུམ་སྲིད་གསུམ་ལྷ་ཀླུ་གནོད་སྦྱིན་གཉན་དང་སྲིན་པོ་གཤིན་རྗེ་མ་མོ་མེ་ལྷ་ཆུ་ལྷ་རླུང་ལྷ་དབང་ལྡན་འབྱུང་པོ་སྣང་སྲིད་དྲེགས་པའི་ཚོགས་རྣམས་དངཿ ལྷ་མིའི་དེད་དཔོན་བླ་མ་མཁས་བཙུནཿ བན་སྔགས་བོན་གསུམཿ སྐྱེ་འགྲོ་ཕོ་མོཿ ཆགས་སྡང་བར་མའི་སེམས་ལྡན་བསོད་ནམས་དབང་ཐང་ང་རྒྱལ་ཁེངས་སེམས་ལྡན་པའི་རིགས་རྣམས་དངཿ སྡང་བྱེད་དགྲ་བོར་བཅས་པ་རང་དབང་བརྟན་པ་བྲལ་བར་བདག་གི་དབང་དུ་འདུས་ཤིང་བསོད་ནམས་ཟ་ཐང་རླུང་རྟ་འཕྲོག་ཅིང་སྐྱེ་རྒྱུད་བདག་པོའི་དབང་གི་ནུས་པ་ལྟར་བྲན་དུ་འཁོར་ཞིང་ཅི་བགྱིས་བཀའ་ཉན་གསུང་སྡོད་དཔའ་ཁུམ་པར་མཛད་དུ་གསོལཿ གསང་སྔགས་ཟབ་མོའི་བསྟན་དང་དེར་འཛིན་རིག་པ་འཛིན་པའི་ཚོགས་དང་བཅས་པ་རྣམས་དངཿ ཁྱད་པར་དུ་དམ་ལྡན་རྣལ་འབྱོར་པ་བདག་ཅག་ལ་དོ་བསྡོ་ཞིང་ཕོད་བཙུགས་པར་བྱེད་པའི་དགྲ་བོ་བསམ་པ་ངན་ཞིང་སྦྱོར་བ་རྩུབ་པཿ ཁ་དཀར་ལ་སྙིང་ནག་པ་མི་ལ་ལྷ་མེད་ལྷ་ལ་མཐུ་མེད་ཟེར་ཞིང་སྔ་དགྲ་བྱས་པཿ ད་དགྲ་བྱེད་པཿ ཕྱི་དགྲ་ཤོམ་པཿ དགྲ་གྱོད་དུག་དང་མི་ཁའི་སྣ་འདྲེན་ཞིང་གཤེ་བསྐུར་སྒྲོ་འདོགས་གཞན་དག་ལོག་པའི་ལམ་དུ་འཁྲིད་པའི་རིགས་དངཿ གཟུགས་མེད་དམ་སྲི་རྒྱལ་འགོང་མོ་འདྲེ་བསེན་མོ་ཟ་འདྲེ་ཤི་གཤེད་བཙན་དང་ཐེའུ་རང་གསར་སྐྱེས་འདྲེ་གདོན་རྒྱ་འདྲེ་འབྱུང་པོ་མི་ལ་བསེ་རག་གཙོ་བོར་གྱུར་པའི་ཚེ་བསོད་སྟོབས་འབྱོར་ཁ་རྗེ་དབང་ཐང་ལ་བར་དུ་གཅོད་པའི་ནད་དང་གོད་ཁ་མི་འདོད་པའི་ཉེར་འཚེ་སྣ་འདྲེན་པར་བྱེད་པའི་གདོན་བགེགས་འབྱུང་པོའི་ཚོགས་བཅས་ཁྲོ་གཏུམ་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱི་རྣོ་ངར་གདུག་པའི་མཚོན་གྱིས་གཞོམས་ཤིང་བསོད་ནམས་རླུང་རྟ་སྲོག་དབུགས་བསྡུས་ནས་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པ་དང་རྣམ་པར་ཤེས་པ་བྱང་ཆུབ་མྱུ་གུ་ལ་སྐྱེས་བར་དུ་ཐར་མེད་ལས་ཀྱི་བཙོན་རར་འཇུག་པར་མཛད་དུ་གསོལཿ རྒྱལ་བ་རྣམས་ཀྱི་བྱིན་རླབསཿ ཡི་དམ་ལྷ་ཡི་དངོས་གྲུབཿ མ་དང་མཁའ་འགྲོའི་ཕྲིན་ལསཿ ཆོས་སྐྱོང་སྲུང་མའི་སྡོང་གྲོགསཿ སྡེ་བརྒྱད་དྲེགས་པའི་གྲོགས་ལྡནཿ འགྲོ་བ་ཕོ་མོའི་བསྙེན་བཀུརཿ ཆོས་སྲིད་བསྟན་པ་མཐའ་རྒྱསཿ ཚེ་མི་ཤིགས་པའི་རྡོ་རྗེཿ མི་འགྱུར་བའི་གཡུང་དྲུངཿ མི་ནུབ་པའི་རྒྱལ་མཚན་ལ་མངའ་བརྙེས་ཤིང་གསང་སྔགས་བསྟན་པ་འཛིན་སྐྱོང་སྤེལ་བའི་བྱེད་པོར་གྱུར་ནས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་བྱེད་ནུས་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལཿ ཨོཾ་ཨཱཿཧཱུྃཿ ཀཱ་ཡ་ཝཱཀྐ་ཙིཏྟ་ཤནྟིཾ་པུཥྟིཾ་ཝ་ཤཾ་མ་ར་ཡ་སིདྡྷི་ཕ་ལ་ཧོཿ «ཞེས་འབྲུ་དཀར་མེ་ཏོག་འཐོར་ཞིངཿ ཕྲིན་ལས་བཅོལ་ཞིང་དངོས་གྲུབ་ཞུའོཿ དེ་ནས་དགྲ་བླ་དཔུང་བསྟོད་ནིཿ »ཀྱེཿ འཇིག་རྟེན་དབང་ཕྱུག་པདྨ་རྒྱལ་པོ་ཡིཿ རྣམ་རོལ་གར་བསྒྱུར་ཡ་མཚན་སྤྲུལ་པའི་སྐུཿ གེ་སར་སྐྱེས་མཆོག་ནོར་བུ་དགྲ་འདུལ་ཞེསཿ ལྷ་འཁོར་དགྲ་བླའི་གཙོ་བོར་མངའ་གསོལ་ལོཿ དགྲ་བླ་ཝེར་མ་ལྷ་ཀླུ་གཉན་དམག་དངཿ སྐུ་འཁོར་དཔའ་བོ་དཔའ་མོ་དཀར་ཕྱོགས་སྐྱོངཿ ས་གནས་ཟོ་དོར་དྲེགས་པ་སྡེ་བརྒྱད་ཚོགསཿ སྤྲུལ་པ་ཡང་སྤྲུལ་བཅས་པ་དབུ་འཕང་བསྟོདཿ གཙོ་འཁོར་དབུ་ལ་རྨོག་དཀར་གངས་རིའི་མདོགཿ ཁྱུང་ཐུར་རྒོད་འཕྲུ་དར་སྣའི་ཅོད་པཎ་འཕུརཿ ཟ་འོག་རྒྱབ་དར་གཟའ་སྐར་ཅོ་འདྲི་ལྟའིཿ མཐུ་ལྡན་དགྲ་བླ་འཁོར་བཅས་དབུ་འཕང་བསྟོདཿ སྐུ་ལ་ཕ་ལམ་རྡོ་རྗེའི་གོ་ཁྲབ་དངཿ དགྲ་བླའི་ཚེམ་གོས་ཚེ་མདུད་དར་སྣའི་བརྒྱནཿ སྲིད་གསུམ་གསལ་བའི་མེ་ལོང་བཀྲག་མདངས་ལྡནཿ དབང་བསྡུ་དགྲ་བླ་འཁོར་བཅས་དབུ་འཕང་བསྟོདཿ སྐེད་ཀྱི་འཁོར་གསུམ་མདའ་རིགས་སྣ་ཚོགས་དངཿ གཞུ་མོ་རྭ་རྒོད་འཁྱིལ་བ་ཁམས་གསུམ་འགུགསཿ མདའ་སྙུག་བརྒྱུད་ནས་སྲོག་སྡུད་ཚེ་བསོད་འདྲེནཿ རྫུ་འཕྲུལ་དགྲ་བླ་འཁོར་བཅས་དབུ་འཕང་བསྟོདཿ རྡོ་རྗེས་བྲག་གཅོད་རལ་གྲི་འབར་བ་གསུམཿ རྣོ་ངར་རེག་ཕུང་དགྲ་གདོན་དབྱིངས་སུ་སྒྲོལཿ ཉོན་མོངས་དུག་ལྔ་རྩད་ནས་གཅོད་པའི་མཚོནཿ གཏུམ་ཆེན་དགྲ་བླ་འཁོར་བཅས་དབུ་འཕང་བསྟོདཿ རྒྱ་ཤིང་ཙནྡན་དམར་པོའི་རྩེ་མོ་རུཿ སེ་རོང་ཕ་ལམ་མདུང་མོ་རྣོ་ངར་ལྡནཿ དགྲ་བླ་འབོད་པའི་རུ་མཚོན་འཇའ་རིས་བཀྲཿ གསོད་བྱེད་དགྲ་བླ་འཁོར་བཅས་དབུ་འཕང་བསྟོདཿ རྫུ་འཕྲུལ་ཤུགས་ལྡན་རྟ་མཆོག་བང་འགྲོའི་མགྱོགསཿ གསེར་སྒ་སྲབ་མཐུར་གོང་སྨེད་ཡོབ་ཆེན་དངཿ བལ་སྟན་མཛེས་ཤིང་རྨིག་བཞིའི་ས་དགྲ་འདུལཿ མྱུར་མགྱོགས་དགྲ་བླ་འཁོར་བཅས་དབུ་འཕང་བསྟོདཿ བཀའ་ཡི་འཁོར་ཚོགས་བཀྲག་མདངས་གཟི་བརྗིད་རྒྱསཿ སྣ་ཚོགས་མཚོན་ཆས་ཐོག་སེར་བུ་ཡུག་འཚུབསཿ དགྲ་གདོན་འབྱུང་པོ་ཐལ་བར་བརླག་པར་མཛདཿ སྤྲུལ་པའི་དགྲ་བླ་འཁོར་བཅས་དབུ་འཕང་བསྟོདཿ ཕོ་ཉ་ལས་མཁན་ཚོགས་རྣམས་སྐར་ལྟར་འཁྲུགསཿ ཧ་ཧའི་གད་རྒྱངས་ཕྱོགས་བཅུར་སྒྲོགས་མཛད་ཅིངཿ དགྲ་གདོན་ཤ་ཁྲག་རུས་ལ་རྔམས་ཟས་བྱེདཿ དཔའ་གཏུམ་དགྲ་བླ་འཁོར་བཅས་དབུ་འཕང་བསྟོདཿ སྔོན་རྒྱུག་ཝེར་མའི་ཚོགས་རྣམས་གློག་ལྟར་འཁྱུགཿ གང་ལ་དམིགས་པ་སྐད་ཅིག་འགུགས་འཆིང་སྡོམསཿ དབང་དང་དྲག་པོའི་ལས་ཀུན་ཐོགས་པ་མེདཿ མྱུར་མཛད་དགྲ་བླ་འཁོར་བཅས་དབུ་འཕང་བསྟོདཿ རྒྱབ་བརྟེན་དགྲ་བླའི་དམག་ཚོགས་སྤྲིན་ལྟར་འདུཿ ལེགས་སྤེལ་ཉེས་སྲུབ་ཁ་དྲག་རླུང་རྟ་སྤེལཿ བཀྲག་མདངས་གཟི་བརྗིད་མཐུ་སྟོབས་ནུས་པ་བསྐྱེདཿ ལྷ་ལྔ་དགྲ་བླ་འཁོར་བཅས་དབུ་འཕང་བསྟོདཿ སྡེ་བརྒྱད་དྲེགས་པའི་དམག་ཚོགས་རླུང་ལྟར་འཚུབསཿ ས་ཡི་བཅུད་སྤེལ་འབྱུང་བཞིའི་གཡོ་འཁྲུགས་སེལཿ ནད་མཚོན་མུ་གེའི་བསྐལ་པ་ངན་པ་བཟློགཿ ལས་མཛད་དགྲ་བླ་འཁོར་བཅས་དབུ་འཕང་བསྟོདཿ དབྱིངས་བཞུགས་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅསཿ གཡེལ་བ་མེད་པར་ཐུགས་རྗེའི་སྤྱན་གྱིས་གཟིགསཿ བྱིན་རླབས་ཐུགས་རྗེ་ནུས་པས་རྩལ་ཤུགས་བསྐྱེདཿ སྐྱེས་མཆོག་དགྲ་བླ་འཁོར་བཅས་དབུ་འཕང་བསྟོདཿ ཀི་བསྭོ་ཆའོ་ལྷ་གཉན་ཀླུ་ཡི་སྡེཿ དགྲ་བླ་ལྷ་འཁོར་མི་ཡི་དམག་ཚོགས་རྒྱལཿ ཀྱེཿ དགུང་སྔོན་ཉི་ཟླའི་དཀྱིལ་འཁོར་འབྲལ་མེད་བཞིནཿ དགྲ་བླ་ལྷ་འཁོར་མི་དང་མ་བྲལ་ཅིགཿ གངས་དཀར་རྩེ་རུ་སེང་ཆེན་འགྱིང་བ་བཞིནཿ དགྲ་བླ་ལྷ་འཁོར་མི་དང་མ་བྲལ་ཅིགཿ རྡོ་རྗེའི་བྲག་ལ་ཁྱུང་ཆེན་གནས་པ་བཞིནཿ དགྲ་བླ་ལྷ་འཁོར་མི་དང་མ་བྲལ་ཅིགཿ རི་རབ་རྩེ་མོར་བརྒྱ་བྱིན་གནས་པ་བཞིནཿ དགྲ་བླ་ལྷ་འཁོར་མི་དང་མ་བྲལ་ཅིགཿ གསེར་གྱི་རི་ལ་རོལ་མཚོའི་འཁྱུད་པ་བཞིནཿ དགྲ་བླ་ལྷ་འཁོར་མི་དང་མ་བྲལ་ཅིགཿ རྒྱ་མཚོ་ཆེན་པོ་ཀླུ་དབང་གནས་པ་བཞིནཿ དགྲ་བླ་ལྷ་འཁོར་མི་དང་མ་བྲལ་ཅིགཿ བདུད་རྩིའི་ཆབ་དང་རླན་གཤེར་འགྲོགས་པ་བཞིནཿ དགྲ་བླ་ལྷ་འཁོར་མི་དང་མ་བྲལ་ཅིགཿ དཔག་བསམ་སྡོང་པོ་ལོ་འབྲས་སྨིན་པ་བཞིནཿ དགྲ་བླ་ལྷ་འཁོར་མི་དང་མ་བྲལ་ཅིགཿ མ་ཅིག་བུ་ལ་བརྩེ་ཞིང་བྱམས་པ་ལྟརཿ དགྲ་བླ་ལྷ་འཁོར་མི་དང་མ་བྲལ་ཅིགཿ སྐྱེ་རྒྱུད་བདག་པོ་ཡབ་ཡུམ་འགྲོགས་པ་བཞིནཿ དགྲ་བླ་ལྷ་འཁོར་མི་དང་མ་བྲལ་ཅིགཿ རང་བྱུང་མན་ཤེལ་འཇའ་རིས་བཀྲ་བ་བཞིནཿ དགྲ་བླ་ལྷ་འཁོར་མི་དང་མ་བྲལ་ཅིགཿ ཐུགས་རྗེ་ཡེ་ཤེས་མེ་དང་དྲོད་འགྲོགས་བཞིནཿ དགྲ་བླ་ལྷ་འཁོར་མི་དང་མ་བྲལ་ཅིགཿ དབྱིངས་དང་ཡེ་ཤེས་འདུ་བྲལ་མེད་པ་བཞིནཿ དགྲ་བླ་ལྷ་འཁོར་མི་དང་མ་བྲལ་ཅིགཿ མདོར་ན་ཇི་སྲིད་བྱང་ཆུབ་མ་ཐོབ་པརཿ དགྲ་བླ་ལྷ་འཁོར་མི་དང་མི་འབྲལ་ཞིངཿ ཕ་རོལ་དཔའ་སྐོང་ཟིལ་གནོན་ནུས་སྟོབས་བསྐྱེདཿ ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་བསྒྲེངསཿ ཆོས་སྲིད་ས་ལམ་ཡོན་ཏན་འཕེལ་བར་མཛོདཿ སྲིད་གསུམ་དཔལ་ཡོན་དངོས་གྲུབ་ཆར་ལྟར་འབེབསཿ འདུ་བ་རྣམ་གསུམ་ཉི་ཟེར་རྡུལ་འཁྲིགས་བཞིནཿ འབར་བ་རྣམ་གསུམ་ནགས་ལ་མེ་མཆེད་ལྟརཿ ས་ལམ་ཡོན་ཏན་དབྱར་གྱི་ཆབ་བཞིན་རྒྱསཿ ཡང་པའི་རྒྱལ་ཁམས་བདེ་སྐྱིད་ཉི་མ་ཤརཿ རྫོགས་ལྡན་གསར་པའི་དཔལ་ལ་ལོངས་སྤྱོད་ཅིངཿ མཐོང་ཐོས་དྲན་རེག་འབྲེལ་བའི་བསྡུས་པ་ཀུནཿ གསང་ཆེན་ཆོས་ཀྱི་གདུལ་བྱར་འགྱུར་བ་དངཿ ལོག་སྨོན་བདུད་ཀྱི་གཡུལ་ལས་རྒྱལ་བར་མཛོདཿ བླ་མའི་བྱིན་རླབས་མཁའ་ལ་སྤྲིན་ཕུང་འཁྲིགསཿ ཡི་དམ་ལྷ་ཡི་དངོས་གྲུབ་ཆར་ལྟར་འབེབསཿ ཡེ་ཤེས་མཁའ་འགྲོའི་ཕྲིན་ལས་འཇའ་འོད་འཁྱིལཿ བཀྲ་ཤིས་དཔལ་འབར་གླིང་བཞིའི་རྒྱན་གྱུར་ཅིགཿ «མགྲོན་རྣམས་གཤེགས་གསོལ་བྱ་བ་ནིཿ »རྩ་གསུམ་ལྷ་ཚོགས་དཀོན་མཆོག་སྲི་ཞུའི་མགྲོནཿ སྐུ་གསུམ་འདུ་འབྲལ་མེད་པའི་དབྱིངས་སུ་གཤེགསཿ ཆོས་སྐྱོང་དམ་ཅན་མགོན་པོ་ཡོན་ཏན་མགྲོནཿ དམ་ཚིག་འདུ་འབྲལ་མེད་པའི་ཀློང་དུ་གཤེགསཿ ལྷ་ཀླུ་གཉན་དང་དྲེགས་པ་སྡེ་བརྒྱད་ཚོགསཿ འཛམ་གླིང་ས་སྤྱོད་རང་རང་གནས་སུ་གཤེགསཿ ལན་ཆགས་མགྲོན་དག་རིགས་དྲུག་སྙིང་རྗེའི་ཡུལཿ འཁྲུལ་སྣང་རྨི་ལམ་སད་པའི་དབྱིངས་སུ་གཤེགསཿ དགྲ་བླ་འཁོར་བཅས་བདག་དང་འབྲལ་མེད་བཞུགསཿ ཆོས་དབྱིངས་མ་བཅོས་བདེ་བ་ཆེན་པོ་ལཿ ཀུན་ཁྱབ་ཁྱབ་ལ་འདུས་མ་བྱས་པའི་ངངཿ རིག་རྩལ་ཧེ་རུ་ཀ་ཡི་ང་རྒྱལ་བསྟེནཿ «རྟེན་འབྲེལ་སྙིང་པོ་བརྗོད་ཅིང་ཤིས་བརྗོད་ཅི་རིགས་བྱའོཿ བསྔོ་བ་སྨོན་ལམ་སྐབས་དང་སྦྱར་རོཿ མཆོད་གཏོར་རྣམས་བསང་ནང་དུ་བཞུས་ཤིང་འབྲུ་སྣ་སོགས་ལྷག་མ་ཀུན་མཐར་དོར་བྱའོཿ ཨེ་མཿ ལྷོ་རྒྱལ་འཛམ་གླིང་སྤྱི་དང་ཁྱད་པར་དུཿ དབུ་ནག་བོད་ལ་བཀའ་དྲིན་ཆེ་བ་ཡིཿ འཛམ་གླིང་སྐྱེས་མཆོག་ནོར་བུ་དགྲ་འདུལ་རྗེཿ བསྟན་བསྲུང་དགྲ་བླ་ལྟར་དུ་མཆོད་སྒྲུབས་ཐབསཿ རྔམས་ཆེན་འབར་བ་ཁམས་གསུམ་ཟིལ་གནོན་འདིཿ ཤེལ་དཀར་མེ་ལོང་བརྡ་རིས་བཀྲ་བ་ལཿ བསྒྱུར་ཞིང་ཁ་བསྐང་དབྱིངས་ཀྱི་ཌཱཀྐི་མའིཿ གསུང་བཞིན་མ་ནོར་འཁྲུགས་པ་སྡེབ་པ་སྟེཿ དད་དམ་སྐལ་བ་ལྡན་པའི་ཁྱད་ཆོས་མཆོགཿ རང་གི་བཅང་ན་ཡིད་བཞིན་ནོར་ལས་ལྷགཿ ཁྱབ་ལ་སྤེལ་ན་འཁུ་ལྡོག་གདུག་རྩུབ་འབྱུངཿ ཚེ་བསོད་དབང་ཐང་རླུང་རྟ་དར་རྒྱས་དངཿ ཀུན་གྱིས་བླ་རུ་བཀུར་བ་ལྟ་ཅི་སྨོསཿ ཁམས་གསུམ་ཟིལ་གྱིས་གནོན་པའི་སྤྱི་དཔལ་ཆེཿ ལྷ་འདྲེ་མི་གསུམ་སྲོག་གི་བདག་པོ་འགྱུརཿ སྙིང་གི་དཀྱིལ་དུ་འཆངས་ཤིག་ས་མ་ཡཱཿ བཀའ་འདི་དྲེགས་པའི་དེད་དཔོན་ཚོགས་ལ་གཏདཿ ཐུབ་པར་སྲུངས་ཤིག་དམ་ཚིག་སྲོག་གི་རྒྱཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ ཁ་ཐམཿ གུ་ཧྱཿ དུས་མཐའི་གཏེར་སྨྱོན་ཁྲག་འཐུང་ལས་ཀྱི་དཔའ་བོས་གཟུགས་མེད་འགའ་དང་གཟུགས་ཅན་གླིང་སྤྲུལ་མ་ཧཱ་ར་ཛ་ཨ་ཡུར་མཚན་གྱིས་བསྐུལ་བ་བཞིན་ཌཱཀྐིའི་བརྡ་ཁྲོལ་ལྟར་དག་པར་ཕབ་པའི་ཡི་གེ་པ་ནི་ཉེར་གནས་དམ་འཛིན་འོད་ཟེར་མིང་གི་བགྱིས་པ་ཞལ་དྲོ་ཕྱག་ཡང་བྱིན་རླབས་ཆེ་བར་ཤོགཿ ཤུ་བྷཾ