DKYD-KABUM-05-CA-023: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
(One intermediate revision by the same user not shown)
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=ཆོས་སྒྲུང་ནོར་བུའི་བང་མཛོད་ལས༔ སྒྲོལ་དཀར་ཚེ་སྦྱིན་འཁོར་ལོ་ལ་བསྟེན་པའི་བྱབ་ཁྲུས་དག་བྱེད་གཏེར་བུམཿ
|fulltitle=chos sgrung nor bu'i bang mdzod las sgrol dkar tshe sbyin 'khor lo la bsten pa'i byab khrus dag byed gter bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|sourcerevealer=Mdo mkhyen brtse
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Cleansing Ritual - khrus chog
|terma=Yes
|terma=Yes
|deity=sgrol ma dmar mo
|deity=sgrol ma dkar mo
|cycle=chos sgrung nor bu'i bang mdzod
|cycle=chos sgrung nor bu'i bang mdzod
|cycletib=ཆོས་སྒྲུང་ནོར་བུའི་བང་མཛོད་
|cycletib=ཆོས་སྒྲུང་ནོར་བུའི་བང་མཛོད་
|language=Tibetan
|language=Tibetan
|volumenumber=05
|volnumtib=༥
|volnumtib=༥
|volyigtib=ཅ
|volyigtib=ཅ
|pagestatus=Temporary stub only
|totalvolumes=8
|volumenumber=05
|volumeLetter=CA
|textnuminvol=023
|textnuminvol=023
|multivolumework=No
|colophontib=འདི་ལྟར་སུས་བྱས་གནོད་པ་ཀུན༔ གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད༔ གསང་སྤྱོད་སྔགས་ཀྱི་རིག་རྩལ་གྱིས༔ ཁོ་ནའི་ལག་ཏུ་བླང་བྱ་ལས༔ འདོད་སྲེད་གྱ་ཚོམ་ཅན་གྱིས་མིན༔ གུ་ཧྱ་ས་མ་ཡཱ༔ དྷ་ཐིམ༔ ཀྱེ་མ༔
|colophonwylie='di ltar sus byas gnod pa kun:_grol 'gyur 'di la the tshom med:_gsang spyod sngags kyi rig rtsal gyis:_kho na'i lag tu blang bya las:_'dod sred gya tshom can gyis min:_gu h+ya sa ma yA:_d+ha thim:_kye ma:_
|pdflink=File:DKYD-KABUM-05-CA-023.pdf
|pdflink=File:DKYD-KABUM-05-CA-023.pdf
|volumeLetter=CA
|InitCategories=Khyentse Lineage Project; DKYD-KABUM-Volume-05-CA
|InitCategories=Khyentse Lineage Project; DKYD-KABUM-Volume-05-CA
}}
}}

Latest revision as of 11:21, 27 June 2024

Wylie title chos sgrung nor bu'i bang mdzod las sgrol dkar tshe sbyin 'khor lo la bsten pa'i byab khrus dag byed gter bum
Location mdo mkhyen brtse bka' 'bum
Volume 5, Text 23, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Cleansing Ritual - khrus chog
Cycle ཆོས་སྒྲུང་ནོར་བུའི་བང་མཛོད་ (chos sgrung nor bu'i bang mdzod)
Deity sgrol ma dkar mo
Colophon

འདི་ལྟར་སུས་བྱས་གནོད་པ་ཀུན༔ གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད༔ གསང་སྤྱོད་སྔགས་ཀྱི་རིག་རྩལ་གྱིས༔ ཁོ་ནའི་ལག་ཏུ་བླང་བྱ་ལས༔ འདོད་སྲེད་གྱ་ཚོམ་ཅན་གྱིས་མིན༔ གུ་ཧྱ་ས་མ་ཡཱ༔ དྷ་ཐིམ༔ ཀྱེ་མ༔

'di ltar sus byas gnod pa kun:_grol 'gyur 'di la the tshom med:_gsang spyod sngags kyi rig rtsal gyis:_kho na'i lag tu blang bya las:_'dod sred gya tshom can gyis min:_gu h+ya sa ma yA:_d+ha thim:_kye ma:_

[edit]
༄༅། །ཆོས་སྒྲུང་ནོར་བུའི་བང་མཛོད་ལས༔ སྒྲོལ་དཀར་ཚེ་སྦྱིན་འཁོར་ལོ་ལ་བསྟེན་པའི་བྱབ་ཁྲུས་དག་བྱེད་གཏེར་བུམ་ཞེས་བྱ་བ་བཞུགསཿ

༄༅། «།བླ་མ་དང་དབྱེར་མི་ཕྱེད་པའི་པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ གདོད་མའི་སྟོང་ཆེན་ཀུན་བཟང་མོ༔ རྣམ་པར་འཕྲུལ་པའི་ལྷ་མོ་ནི༔ མྱུར་མ་དཔལ་མོའི་རྗེ་བཙུན་མ༔ རྣམ་མང་གདུལ་བྱའི་འགྲོ་ཁམས་ལ༔ སྙིང་རྗེའི་དཔལ་སྟེར་ཚད་མེད་ཀྱི༔ སྙིང་རྗེ་ཤུགས་ལས་འཁྲུངས་པའི་སྐུ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་མཆོག༔ གང་དེའི་ཕྲིན་ལས་ལས་ཚོགས་ནི༔ དུས་ངན་ཉི་ཤུ་ཁ་རལ་དུས༔ འགྲོ་རྣམས་ལས་ངན་རྒྱུ་འབྲས་མཐུའིཿ ངོ་མི་ཤེས་པའི་ནད་རིམས་ནི༔ ལྷོག་པ་དཀར་ནག་ཁྲ་གསུམ་གྱིས༔ བསྐྱེད་པའི་རྒྱུ་གཟེར་མགོ་འཐོམ་དང་༔ ཚད་གཉན་འབྲུམ་པའི་རིགས་གྱུར་དང་༔ སྐྲང་རིམས་ཤུ་འཐོར་གཡན་པ་སོགས༔ བཅོས་མི་ཐུབ་པ་མང་པོ་འབྱུང་༔ དེ་ཚེ་བྱང་ཆུབ་སེམས་ལྡན་གྱིས༔ རིམས་སེལ་འདི་ལ་འབད་པ་གཅེས༔ ཐོག་མར་སྦྱོར་བའི་རིམ་པ་ནི༔ རྫས་སྣ་གླ་རྩི་༡ཤུ་དག་༢དང་༔ ཧོད་ལེན་༣གུ་གུལ་དཀར་པོ་༤དང་༔ སྨན་ཆེན་༥གྷི་ཝཾ་༦བདུད་རྩི་༧དང་༔ ཁ་ཆེ་༨ཤ་ཆེན་༩ནུས་ལྡན་དགུ༔ ཚང་བར་བསགས་ལ་ཚད་ལྡན་གྱི༔ དྲི་ཆུས་སྦྲུས་ལ་རིལ་བུར་དྲིལ༔ ཡང་ན་ཕྱེ་མ་ཆུར་སྦྱངས་ལ༔ བུམ་པར་བརྩལ་ཏེ་དཀྱིལ་འཁོར་བཞག༔ ཡུལ་ལྷར་དཀར་གཏོར་དམར་གཏོར་དང་༔ ཇ་ཆང་སྐྱེམས་ཀྱིས་བར་ཆད་བསལ༔ འདོད་པའི་དོན་ལ་ཕྲིན་ལས་བཅོལ༔ གཞན་ཡང་མཆོད་པའི་རིམ་པ་བསྟར༔ འོག་ཏུ་དགོས་པའི་ཡོ་བྱད་རྣམས༔ གྱེར་བསྟུན་ཚང་བར་བསགས་བྱའོ༔ ཡང་ཅིག་སྲུང་བའི་ཙཀྲ་ནི༔ མུ་ཁྱུད་རིམ་པ་བཞི་རུ་བསྐོར༔ ལྟེ་བར་སྲོག་ཡིག་མཐའ་བསྐོར་དུ༔ »ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཧྲཱི་བྷུདྡྷ་ཌཱཀྐི་ནི་སརྦ་ཛྭ་རེ་མ་མ་རཀྵ་རཀྵ་ཀུ་རུ་ཡེ་བྷྲུཾ༔ དེའི་ཕྱི་པད་འདབ་བཞི་བཅད་དེ༔ ཧཱཿབཛྲ་ཌཱཀྐི་ནི་སརྦ་ཛྭ་རེ་ལ་མ་རཀྵ་རཀྵ་ཀུ་རུ་ཡེ་བྷྲུཾ༔ ཏིཿརཏྣ་ཌཱཀྐི་ནི་སརྦ་ཛྭ་རེ་མ་མ་རཀྵ་རཀྵ་ཀུ་རུ་ཡེ་བྷྲུཾ༔ ཎིཿཔདྨ་ཌཱཀྐི་ནི་སརྦ་ཛྭ་རེ་མ་མ་རཀྵ་རཀྵ་ཀུ་རུ་ཡེ་བྷྲུཾ༔ སཿཀརྨ་ཌཱཀྐི་ནི་སརྦ་ཛྭ་རེ་མ་ལ་རཀྵ་རཀྵ་ཀུ་རུ་ཡེ་བྷྲུཾ༔ འདོད་གསོལ་དང་བཅས་ཕྱོགས་བཞིར་དགོད༔ དེའི་ཕྱི་མི་ཁྱུད་རིམ་པ་ལ༔ ཤར་ནས་འགོད་བཟུང་རིམ་པ་བཞིན༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཧྲཱི་བྷུདྡྷ་ཌཱཀྐི་ནི་ཧཱ་བཛྲ་ཌཱཀྐི་ནི༔ རིཿརཏྣ་ཌཱཀྐི་ནི༔ ཎིཿཔདྨ་ཌཱཀྐི་ནི༔ སཿཀརྨ་ཌཱཀྐི་ནི༔ ས་མ་ཡ་ཌཱཀྐི་ནི༔ བྷི་ཤ་ཌཱཀྐི་ནི༔ ལོ་ཀ་ཌཱཀྐི་ནི་སརྦ་ཛྭ་རེ་མ་མ་རཀྵ་རཀྵ་ཀུ་རུ་བྷྲུཾ༔ འཆང་བ་པོ་ལ་རྒྱུ་གཟེར་སྐེ་འགགས་ལྷོག་པ་རིམས་བལ་ནད་མིག་སེར་འབྲུམ་པ་སོགས་ནད་ཡམས་ཐམས་ཅད་བསྲུངས་ཤིག༔ རཀྵ༔ «ཞེས་བྲིས༔ དེའི་ཕྱི་དབྱངས་གསལ་རྟེན་སྙིང་རྣམས༔ འཁོར་བར་སྤུས་དག་བྲིས་ནས་ནི༔ ཕྱི་རོལ་པ་ཏྲས་འཁོར་བར་བྱ༔ དེ་ལ་གོང་གི་རྫས་ཀྱིས་བྱུག༔ དར་སྐུད་སྣ་ལྔས་རྒྱ་ཆིང་གདབ༔ དེ་ཡང་དཀྱིལ་འཁོར་དབུས་སུ་བཞག༔ བསྲུང་དང་སེལ་བའི་ཁབསྒྱུར་བྱ༔ དེ་བཞིན་རིལ་བུའི་རྫས་ལ་ཡང་༔ ཁྱུང་ལྔས་ཁ་ཚར་གདབ་བྱས་ན༔ བསྲུང་དང་སེལ་བའི་ལས་ཀུན་ཤེས༔ དེ་ནས་བདག་གི་རྣལ་འབྱོར་ནི༔ གཞུང་བཞིན་བྱས་ལ་བསྙེན་དམིགས་ནི༔ »རང་ཉིད་ཨཱརྱ་ཏཱ་རེ་མ༔ གསལ་བའི་ཐུགས་ཀར་པད་ཟླའི་སྟེང་༔ སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ༔ ཤིན་ཏུ་ཞི་བའི་ངང་ཚུལ་ཅན༔ སྐུ་མདོག་དཀར་གསལ་གྲི་ཐོད་བསྣམས༔ རྒྱན་མེད་གར་སྟབས་ལིང་ངེར་བཞུགས༔ དེ་ཡི་ཐུགས་ཀར་སྲོག་ཡིག་ནི༔ ཧྲཱི༔མཐར་ཧཱ་རི་ནི་སའི་བསྐོར༔ དེ་ལས་འོད་ཟེར་འཕྲོས་པ་ཡིས༔ སངས་རྒྱས་བྱང་སེམས་རྩ་བ་གསུམ༔ ལྷ་དང་དྲང་སྲོང་རིག་པ་འཛིན༔ བྱིན་རླབས་དངོས་གྲུབ་ཡོན་ཏན་ཀུན༔ ཚུར་བསྡུས་ཐུགས་ཀར་ཐིམ་པར་དམིགས༔ «བར་མ་ཆད་པར་ཤུབ་བུར་བཟླ༔ »ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཧྲཱི༔བྷུདྷ་ཌཱཀྐི་ནི་ཧཱ་རི་ནི་ས་སིདྡྷི་ཧཱུཾ༔ «བརྒྱ་སྟོང་ཁྲི་འབུམ་ཅི་ནུས་བཟླ༔ དེ་ནས་མདུན་བསྐྱེད་བུམ་བསྒྲུབས་ནི༔ »ཨོཾ་སྭ་བྷ་ཝ་ཤུདྡྷེ་སརྦ་དྷརྨ་སྭ་བྷ་ཝ་ཤུདྡྷེ་ཧཱུཾ༔ ཕྱི་ནང་ཆོས་ཀུན་མི་དམིགས་སྟོང་པར་གྱུར༔ སྟོང་པའི་ངང་ལས་རིན་ཆེན་བུམ་པ་ནི༔ ཚད་དང་མཚན་ཉིད་ཡོངས་རྫོགས་སྟོང་གསུམ་གང་༔ ནང་ནི་རྣམ་པར་ཐར་བའི་གཞལ་ཡས་ཁང་༔ རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་དབུས༔ སྣ་ཚོགས་པདྨ་འབུམ་བརྡལ་ཉི་ཟླའི་སྟེང་༔ སྐད་ཅིག་དྲན་རྫོགས་རིག་པའི་འཕྲོ་འདུས་ལས༔ བདག་ཉིད་རྗེ་བཙུན་ཨཱརྱ་ཏཱ་རེ་མ༔ སྐུ་མདོག་དཀར་གསལ་མཛེས་པའི་སྤྱན་བདུན་སྤྲས༔ ཞི་འཛུམ་སྤྱན་གྱིས་འགྲོ་ལ་བརྩེ་བས་གཟིགས༔ འོད་དང་འོད་ཟེར་མུ་མཐའ་མེད་པར་བཞུགས༔ དར་དང་རིན་པོ་ཆེ་ཡི་རྒྱན་གྱིས་ཀླུབ༔ ཕྱག་གཡས་མཆོག་སྦྱིན་འགྲོ་ཀུན་ནད་ལས་སྐྱོབས༔ གཡོན་ཕྱག་བདུད་རྩིའི་གང་བའི་བུམ་པ་བསྣམས༔ ཞབས་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས༔ དཀར་གསལ་བཅོ་ལྔའི་ཟླ་བའི་རྒྱབ་ཡོལ་མཛེས༔ འཁོར་དུ་རིགས་བཞིའི་མཁའ་འགྲོ་སྔོ་དང་སེར༔ དམར་ལྗང་རང་རང་གྲི་གུག་ཐོད་ཁྲག་བསྣམས༔ ཀུན་ཀྱང་གར་སྟབས་སྣ་ཚོགས་བསྒྱུར་བཞིན་སྤྲོ༔ དམ་ཚིག་ཡེ་ཤེས་ཡེ་ནས་གཉིས་སུ་མེད༔ རང་བཞིན་རིག་པའི་ཀློང་དུ་ཏིཥྛ་ལྡན༔ སྣང་སྲིད་འདོད་ཡོན་མཆོད་པ་རྒྱ་མཚོའི་མཆོད༔ མ་ཧཱ་སུ་ཁ་ཟུང་འཇུག་བདེ་བ་ཆེ༔ དྷརྨ་དྷརྟུ་དོན་དམ་སྤྲོས་དང་བྲལ༔ བདེན་གཉིས་དབྱེར་མེད་དོན་དམ་རྟོགས་པའི་མཆོད༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྒྱན་འཁོར་ལོར༔ མ་འདྲེས་ཡོངས་རྫོགས་ལྷུན་གྱིས་གྲུབ་ལ་བསྟོད༔ ཐུགས་ཀར་པདྨ་ཟླ་བའི་སྟེང་༔ ཧྲཱི༔ཡིག་མཐའ་མར་སྔགས་ཕྲེང་གིས༔ བསྐོར་བའི་འོད་ཟེར་ཕྱོགས་བཅུར་འཕྲོས༔ དུས་གསུམ་བདེ་གཤེགས་ཐམས་ཅད་དང་༔ ལྷ་དང་དྲང་སྲོང་ཐམས་ཅད་ཀྱིས༔ བྱིན་རླབས་དངོས་གྲུབ་ཐམས་ཅད་ཀུན༔ འོད་ཀྱི་རྣམ་པར་སྤྱན་དྲངས་ལ༔ ཐུགས་སྲོག་སྔགས་ཕྲེང་བཅས་ལ་ཐིམ༔ སླར་ཡང་འོད་ཟེར་འཕྲོས་པ་ཡིས༔ རིགས་བཞིའི་མཁའ་འགྲོའི་ཐུགས་རྒྱུད་བསྐུལ༔ དེ་ལས་འོད་ཟེར་རང་མདོག་ཅན༔ དཔག་ཏུ་མེད་པར་འཕྲོས་པ་ཡིས༔ ཁམས་གསུམ་སྲིད་གསུམ་དྭངས་བཅུད་ཀུན༔ འུབ་ཀྱིས་བསྡུས་ནས་དཀྱིལ་འཁོར་གྱི༔ ལྷ་ཚོགས་སོ་སོར་ཐིམ་པ་ཡིས༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ བུམ་པ་མེར་གྱིས་གང་བར་དམིགས༔ «དམིགས་པ་གཞུར་ལ་དྲང་ནས་ནི༔ རྩེ་གཅིག་བསྙེན་སྔགས་འདི་ཉིད་བཟླ༔ »ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཧྲི་ཛྙཱ་ན་ཌཱཀྐི་ནི་མ་མ་སརྦ་སིདྡྷི་ཕ་ལ་ཧཱུཾ་ཛ༔ «བརྒྱ་སྟོང་ཁྲི་འབུམ་སྐབས་དང་སྦྱར༔ འདོད་གསོལ་ཤམ་བུ་འདི་བཞིན་གདགས༔ »ཨོཾཿཏཱ་ཏེ་ཏུཏྟ་རེ་ཏུ་རེ་ཧྲཱིཿཛྙཱ་ན་ཌཱཀྐི་ནི་སརྦ་ཛྭ་རེ་ཤནྟིང་ཀུ་རུ་ཡེ༔ ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ «འདི་ལ་སྐབས་བསྟུན་བཟླས་ནས་ནི༔ སླར་ཡང་གོང་བཞིན་མཆོད་བསྟོད་དང་༔ ནོངས་བཤགས་»ཡིག་བརྒྱ་ཅི་ནུས་བཟླས༔ དེ་ནས་འོད་ཞུ་བྱས་རྗེས་སུ༔ སྲུང་བྱ་མདུན་དུ་བོས་བྱས་ནས༔ ཐོག་མར་དམིགས་པ་འདི་བཞིན་འབོགས༔ འོཿཁྱོད་རྣམས་མ་ཡེངས་སེམས་ཀྱིས་གུས་པས་ཉོན༔ སྔོན་ཆད་འཁོར་བ་ཐོག་མ་མེད་པ་ནས༔ བསགས་པའི་ལས་ངན་དག་གིས་བསྐྱེད་གྱུར་པའི༔ ད་ལྟ་རྟག་ཏུ་སྡུག་བསྔལ་ལ་སྤྱོད་ཅིང་༔ སྤྱོད་ངན་རྐྱེན་གྱིས་འགོ་བའི་ལྷ་སྲུང་དང་༔ ཡུལ་ལྷ་གཞི་བདག་ཀུན་ལ་ཕོག་ཐུག་ཤོར༔ དེའི་རྐྱེན་ནག་ཕྱོགས་འབྱུང་པོ་དམ་སྲི་དང་༔ རྒྱ་འདྲེ་གདུག་འགོང་གསར་སྐྱེས་ཚོགས་རྣམས་ཀྱིས༔ འདུ་བ་རླུང་མཁྲིས་བད་ཀན་ཆེར་སྐྲུག་ནས༔ ནད་རིགས་སྨྱོ་འབོགས་གཉན་འབྲུམ་སྐེ་འགགས་སོགས༔ འབྱུང་བ་སྐྱོབས་ཕྱིར་རྒྱལ་བ་ཐབས་མཁས་པས༔ འགྲོ་ལ་ཕན་རིམ་རྒྱ་མཚོ་ཡོད་ན་ཡང་༔ དེ་ཡི་ནང་ནས་མཆོག་གྱུར་ཟབ་མོ་འདི༔ ང་སྤྲུལ་སྙིང་གི་བུ་དང་འཕྲད་ནས་ཀྱང་༔ དུས་བབ་ཀློང་ཆེན་དགོངས་པའི་རི་མོ་ལས༔ ཤར་བཞིན་གཞུང་ལྟར་གང་ཟག་སུས་བསྒྲུབས་ཀྱང་༔ ཕྱི་ནང་རྒུད་པ་ཀུན་སེལ་ཕན་བདེར་སྦྱོར༔ ཡུལ་ཁམས་བསྲུང་བའི་རྡོ་རྗེའི་རྫོངས་ཆེན་ཡིན༔ དེ་ཕྱིར་རི་ཁྲུས་ཡུལ་ཁྲུས་དག་ལ་འབད༔ ཕན་ནུས་ཟབ་མོའི་བཀྲུ་བྱབ་བསྲུང་བའི་ལས༔ བྱེད་པའི་སློབ་དཔོན་ཐ་མལ་མི་ལྟ་བར༔ ཡེ་ཤེས་མཁའ་འགྲོ་དངོས་སུ་གསལ་ནས་ནི༔ དེ་ཡི་ཕྱག་གི་བུམ་པའི་བདུད་རྩིའི་ཆུ༔ བླུགས་པ་ཙམ་གྱིས་ཚེ་རབ་ཐོག་མེད་ནས༔ དུག་གསུམ་མི་དགེའི་བསགས་པའི་ནད་དང་གདོན༔ ལན་ཆགས་སྡིག་སྒྲིབ་བ་མོར་ཉི་ཕོག་བཞིན༔ ཡོངས་སུ་བསལ་ནས་རང་ལུས་ཤེལ་སྒོང་ལྟར༔ དྲི་མེད་སངས་ཀྱིས་སོང་བར་བསྒོམ་མཛོད་ཅིག༔ ཧཱུཾ༔ དྲི་མེད་ཡེ་ཤེས་བདུད་རྩིའི་ཆུ༔ ཕན་དང་སྐྱོབ་པའི་ནུས་ལྡན་པ༔ དག་བྱེད་ཁྱོད་ལ་སྦྱིན་པ་ཡིས༔ སྒོ་གསུམ་ཉེས་སྐྱོན་དག་གྱུར་ཅིག༔ ཧཱུཾ༔ ཇི་ལྟར་སྔོན་གྱི་རྒྱལ་བ་ལ༔ ལྷ་ཡི་བུ་མོའི་ཁྲུས་བྱས་ལྟར༔ རིག་འཛིན་བདག་གི་ལྷ་སྔགས་དང་༔ ཏིང་འཛིན་འཕྲུལ་གྱི་དག་བྱེད་རྒྱུན༔ ཕབ་པས་སྒྲིབ་པ་དག་གྱུར་ཅིག༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཧྲཱི་ཛྙཱ་ན་ཌཱཀྐི་ནི་སརྦ་པཱ་པཾ་ཛྭ་རེ་བྷིགྣན་བྷུ་ཏི་བྷྱ་གྲ་ཧེ་དུརྨི་ཏོ་ཙིཏྟ་ཀུ་ལ་བྷྱ་ཤིནྟཾ་ཀུ་རུ་ཡེ༔ ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ་ཤུདྷེ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ༔སྭཱ་ཧཱ༔ «ཚར་ཅི་ནུས་བཟླས་ལ་བཀྲུ་བར་བྱས་ལ༔ སླར་ཡང་༔ »ཧཱུཾ༔ འདི་ནི་དག་བྱེད་སྦྱིན་པའི་ཆུ༔ སེར་སྣའི་དྲི་མ་རྣམ་སྦྱོང་ཅིང་༔ ཆགས་མེད་ཕ་རོལ་ཕྱིན་མཛད་ནས༔ བག་ཆགས་དྲི་མ་དག་གྱུར་ཅིག༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཧྲཱི༔ཛྙཱ་ན་ཌཱཀྐི་ནི་སརྦ་པཱ་པཾ་ཛྭ་རེ་བྷིགྣན་བྷུ་ཏི་བྷྱཿགྲ་ཧེ་དུརྨི་ཏེ་ཙིཏྟ་ཀུ་ལ་བྷྱ་ཤིནྟཾ་ཀུ་རུ་ཡེ༔ «སོགས་བཟླ༔» ཧཱུྃ༔ འདི་ནི་དག་བྱེད་ཚུལ་ཁྲིམས་ཆུ༔ འཆལ་བའི་ཉེས་པ་སྦྱོང་བྱེད་ཅིང་༔ ཉེས་མེད་ཕ་རོལ་ཕྱིན་མཛད་ནས༔ བག་ཆགས་མ་ལུས་དག་གྱུར་ཅིག༔ «གོང་བཞིན་སྔགས་ཀྱིས་བཀྲུ་བར་བྱ༔» ཧཱུཾ༔ འདི་ནི་དག་བྱེད་བཟོད་པའི་ཆུ༔ ཁོང་ཁྲོའི་དྲི་མ་སྦྱོང་བྱེད་ཅིང་༔ མི་འཁྲུགས་ཕ་རོལ་ཕྱིན་མཛད་ནས༔ བག་ཆགས་མ་ལུས་དག་གྱུར་ཅིག༔ «གོང་བཞིན་སྔགས་ཀྱིས་བཀྲུ་བར་བྱ༔» ཧཱུཾ༔ འདི་ནི་དག་བྱེད་བརྩོན་འགྲུས་ཆུ༔ ལེ་ལོའི་དྲི་མ་སྦྱོང་མཛད་ཅིང་༔ སྤྲོ་བའི་ཕ་རོལ་ཕྱིན་མཛད་ནས༔ བག་ཆགས་མ་ལུས་དག་གྱུར་ཅིག༔ «གོང་བཞིན་སྔགས་ཀྱིས་བཀྲུ་བར་བྱ༔» ཧཱུཾ༔ འདི་ནི་དག་བྱེད་བསམ་གཏན་ཆུ༔ རྣམ་གཡེང་དྲི་མ་སྦྱོང་མཛད་ཅིང་༔ ཡེང་མེད་ཕ་རོལ་ཕྱིན་མཛད་ནས༔ བག་ཆགས་མ་ལུས་དག་གྱུར་ཅིག༔ «གོང་བཞིན་སྔགས་ཀྱིས་བཀྲུ་བར་བྱ༔» ཧཱུཾ༔ འདི་ནི་དག་བྱེད་ཤེས་རབ་ཆུ༔ རྨོངས་པའི་དྲི་མ་སྦྱོང་བྱེད་ཅིང་༔ མཁྱེན་པའི་ཕ་རོལ་ཕྱིན་མཛད་ནས༔ བག་ཆགས་མ་ལུས་དག་གྱུར་ཅིག༔ «གོང་བཞིན་སྔགས་ཀྱིས་བཀྲུ་བར་བྱ༔» ཧཱུཾ༔ འདི་ནི་སྐུ་ཡི་བདུད་རྩིའི་བཅུད༔ ཁྱོད་ཀྱི་སྤྱི་བོར་བླུགས་པ་ཡིས༔ ལུས་ཀྱི་དྲི་མ་དག་ནས་ཀྱང་༔ ལུས་ནད་མ་ལུས་དག་གྱུར་ཅིག༔ «གོང་བཞིན་སྔགས་ཀྱིས་བཀྲུ་བར་བྱ༔ »ཧཱུཾ༔ འདི་ནི་གསུང་གི་བདུད་རྩིའི་བཅུད༔ ཁྱོད་ཀྱི་མགྲིན་པར་ཕབ་པ་ཡིས༔ ངག་གི་དྲི་མ་དག་ནས་ཀྱང་༔ ངག་ནད་མ་ལུས་དག་གྱུར་ཅིག༔ «གོང་བཞིན་སྔགས་ཀྱིས་བཀྲུ་བར་བྱ༔ »ཧཱུྃ༔ འདི་ནི་ཐུགས་ཀྱི་བདུད་རྩིའི་བཅུད༔ ཁྱོད་ཀྱི་སྙིང་ཀར་ཕབ་པ་ཡིས༔ ཡིད་ཀྱི་དྲི་མ་དག་ནས་ཀྱང་༔ སྨྱོ་འབོགས་ནད་རིགས་དག་གྱུར་ཅིག༔ «གོང་བཞིན་སྔགས་ཀྱིས་བཀྲུ་བར་བྱ༔ »ཧཱུྃ༔ འདི་ནི་གསང་གསུམ་ཡོངས་དྲིལ་བཅུད༔ ཁྱོད་ཀྱི་སྒོ་གསུམ་ཕབ་པ་ཡིས༔ བག་ཆགས་མ་ལུས་དག་གྱུར་ནས༔ ཕྱི་ཁྲུས་དུང་ལས་དཀར་གྱུར་ཅིག༔ ནང་ཁྲུས་མཆོང་ལས་སྨུག་གྱུར་ཅིག༔ བར་ཁྲུས་ཤེལ་ལས་གསལ་གྱུར་ཅིག༔ ལུས་རྟེན་ཤེལ་བུམ་བཞིན་དུ་དྭངས༔ ངག་རྟེན་རྒྱུ་བ་ཀུན་བདེ་ཞིང་༔ ཡིད་རྟེན་འཆར་སྒོ་མ་འགགས་ནས༔ སྐུ་བཞིའི་གོ་འཕང་ཐོབ་པར་ཤོག༔ «སྔགས་གོང་བཞིན་དུ་བཟླས་ནས་ནི༔ ཏིང་འཛིན་དམིགས་པའི་གནད་ཀྱིས་བཀྲུ༔ འདི་ཡིས་ནད་རིགས་མ་ལུས་ཀུན༔ ཐམས་ཅད་བྱང་བར་གདོན་མི་ཟ༔ ས་མ་ཡཱ༔ དེ་ནས་བྱས་པའི་རིམ་པ་ནི༔ བུམ་པའི་ཁ་རྒྱན་རྨ་བྱའི་སྒྲོ༔ དུརྦ་ཀུ་ཤ་རྩའི་ཆུན་པོའི༔ བྱང་བའི་སྟངས་དང་བཅས་དེ་གྱེར༔ »ཧོ༔ གསང་སྔགས་འདི་ཉིད་གཞན་ལས་འཕགས༔ འཕགས་ཆོས་འཇུག་སྒོ་བསམ་མི་ཁྱབ༔ གཞན་ནི་རྨོངས་པའི་རང་བཞིན་ནོ༔ འདི་ནི་ཀུན་ཤེས་ཐབས་ལ་མཁས༔ དེ་ཕྱིར་ནད་རིགས་ཐམས་ཅད་ཀྱང་༔ ནང་ནི་ཏིང་ངེ་འཛིན་གྱིས་སེལ༔ ཕྱི་ནི་རྫས་སྔགས་རྟེན་འབྲེལ་སྒོ༔ མི་སེལ་མི་དག་གཅིག་མེད་དེ༔ དེ་བས་ཡིད་རབ་གཏོད་གྱུར་ལ༔ ངས་ནི་ཅི་སྨྲས་ཁྱོད་ཀྱིས་སོམ༔ རང་གིས་ཐུགས་ལས་འོད་ཟེར་གྱིས༔ བསྐུལ་བས་སྐུ་གསུམ་རྒྱལ་བ་སྲས༔ ལྷ་དང་དྲང་སྲོང་སྡེ་བརྒྱད་ཀྱིས༔ བྱིན་རླབས་ནུས་པ་ཀུན་བསྡུས་པ༔ དེ་ཡང་ཡེ་ཤེས་རླུང་གི་ཚུལ༔ བསིལ་ཟེར་དང་བཅས་ཁྱོད་རང་གི༔ ལུས་ཀྱི་བ་སྤུའི་བུ་ག་དང་༔ དབང་པོའི་སྒོ་ནས་རབ་ཞུགས་ཏེ༔ རྩ་བརྒྱུད་ནད་གདོད་ཐམས་ཅད་ཀུན༔ སྨུག་པ་རླུང་གིས་དེད་པ་བཞིན༔ རིམ་དེད་འོག་སྒོ་གཉིས་ནས་ཐོན༔ སླར་ཡང་རྨ་བྱའི་མདོངས་ཐིག་ལེ༔ ཡེ་ཤེས་ལྔ་ཡི་ངོ་བོ་རུ༔ ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྱིར༔ དེ་ལས་སྣ་ལྔའི་འོད་ཟེར་གྱིས༔ ཁྱོད་ཀྱི་མ་དག་ཕུང་ཁམས་ཀྱི༔ རྟེན་དང་བརྟེན་པར་བཅས་པ་ཀུན༔ སང་ངེ་ས་ལེ་སྟོང་བར་གྱུར༔ «སླར་ཡང་སྔགས་ཀྱིས་བྱབ་པ་ནི༔ »ཧོ༔ སྔོན་ལས་ངན་པའི་བག་ཆགས་ཀྱིས༔ མཐུས་བརྟས་ཕུང་པོ་ལྔར་སྨིན་ནས༔ བདེ་དང་སྡུག་བསྔལ་ཉེར་ལེན་བྱས༔ དེའི་རྐྱེན་དུག་གསུམ་ལས་གྲུབ་པའི༔ གློ་བུར་ནད་རིགས་ཐམས་ཅད་འབྱུང་༔ ཏིང་འཛིན་རྡོ་རྗེའི་བྱིན་རླབས་དང་༔ རྫས་སྔགས་ཟབ་མོའི་སེལ་ནུས་པས༔ ཐབས་ལ་མཁས་པའི་སྨན་ཆེན་འདིས༔ ཞེན་འཛིན་དྲི་མ་སྦྱོང་བྱེད་ཅིང་༔ འགྲོ་དོན་ཕ་རོལ་ཕྱིན་མཛད་ནས༔ ཀུན་བརྟགས་གདོན་ནད་བྱབ་གྱུར་ཅིག༔ «གོང་བཞིན་སྔགས་ལ་ཨཱ་ས་ན༔ འདོགས་དང་འབྱུང་བཞིའི་བྱབ་པ་ནི༔» ཨེ་ཡཾ་བཾ་རཾ་ལཾ་སརྦ་ཨ་པ་ན་ཡེ་སང་ངེ་ས་ལེ་སྭཱ་ཧཱ༔ ཧོ༔ འདི་ནི་སྟོབས་ཆེན་སྨན་མཆོག་དེ༔ བག་ཉལ་དྲི་མ་སྦྱོང་བྱེད་ཅིང་༔ རྫུ་འཕྲུལ་ཕ་རོལ་ཕྱིན་མཛད་ནས༔ གཞན་དབང་རྐྱེན་ནད་བྱབ་གྱུར་ཅིག༔« གོང་བཞིན་སྔགས་ཀྱིས་བྱབ་པར་བྱ༔ »ཧོ༔ འདི་ནི་སྨོན་ལམ་སྨན་མཆོག་དེ༔ ཡེང་འཁྲུལ་དྲི་མ་སྦྱོང་བྱེད་ཅིང་༔ དབང་ཕྱུག་ཕ་རོལ་ཕྱིན་མཛད་ནས༔ ཡོངས་གྲུབ་ཚེའི་ནད་བྱབ་གྱུར་ཅིག༔ «གོང་བཞིན་སྔགས་ཀྱིས་བྱབ་པར་བྱ༔ »ཧོ༔ དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མའི༔ ཐུགས་རྗེ་འོད་ཟེར་བྱུང་ནས་ནི༔ ཁྱོད་ཀྱི་གཏི་མུག་ལས་གྱུར་པའི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཀུན༔ ཆོས་དབྱིངས་ཡེ་ཤེས་ངང་ཉིད་དུ༔ སང་ངེ་སལ་ལེ་སྟོང་གྱུར་ཅིག༔ «གོང་བཞིན་སྔགས་ཀྱིས་བྱབ་པར་བྱ༔» ཧོ༔ ཤར་ཕྱོགས་རྡོ་རྗེའི་མཁའ་འགྲོ་མའི༔ ཐུགས་རྗེ་འོད་ཟེར་བྱུང་ནས་ནི༔ ཁྱོད་ཀྱི་ཞེ་སྡང་ལས་གྱུར་བའི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཀུན༔ མེ་ལོང་ཡེ་ཤེས་ངང་ཉིད་དུ༔ སང་ངེ་སལ་ལེ་སྡོང་གྱུར་ཅིག༔ «གོང་བཞིན་སྔགས་ཀྱིས་བྱབ་པར་བྱ༔ »ཧོ༔ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མའི༔ ཐུགས་རྗེ་འོད་ཟེར་བྱུང་ནས་ནི༔ ཁྱོད་ཀྱི་ང་རྒྱལ་སེར་སྣ་ཡིས༔ གྱུར་པའི་ནད་རིགས་བཞི་བརྒྱའི་ཚོགས༔ མཉམ་ཉིད་ཡེ་ཤེས་ངང་ཉིད་དུ༔ སང་ངེ་སལ་ལེ་སྡོང་གྱུར་ཅིག༔ «གོང་བཞིན་སྔགས་ཀྱིས་བྱབ་པར་བྱ༔» ཧོ༔ ནུབ་ཕྱོགས་པདྨ་མཁའ་འགྲོ་མའི༔ ཐུགས་རྗེའི་འོད་ཟེར་བྱུང་ནས་ནི༔ ཁྱོད་ཀྱི་འདོད་ཆགས་ལས་གྱུར་པའི༔ ནད་རིགས་བཞི་བརྒྱ་རྩ་བཞིའི་ཚོགས༔ སོར་རྟོགས་ཡེ་ཤེས་ངང་ཉིད་དུ༔ སང་ངེ་སལ་ལེ་སྡོང་གྱུར་ཅིག༔ «གོང་བཞིན་སྔགས་ཀྱིས་བྱབ་པར་བྱ༔ »ཧོ༔ བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མའི༔ ཐུགས་རྗེའི་འོད་ཟེར་བྱུང་ནས་ནི༔ ཁྱོད་ཀྱི་ཕྲག་དོག་ལས་གྱུར་བའི༔ ནད་རིགས་བཞི་བརྒྱ་རྩ་བཞྀའི་ཚོགས༔ བྱ་གྲུབ་ཡེ་ཤེས་ངང་ཉིད་དུཿ སང་ངེ་སལ་ལེ་སྟོང་གྱུར་ཅིག༔ «གོང་བཞིན་སྔགས་ཀྱིས་བྱབ་པར་བྱ༔ »ཧོ༔ འགལ་རྐྱེན་ཐམས་ཅད་དུག་ལ་བསྟིམ༔ དུག་གི་ངོ་བོ་མ་རིག་པ༔ རིག་པ་ཡེ་ཤེས་སྨན་མཆོག་དེས༔ ཕྱི་རྐྱེན་འབྱུང་ལྔའི་ཁམས་སུ་བྱབ༔ དེ་ཡང་ཡུམ་ལྔའི་ངོ་བོར་སངས༔ ནང་རྐྱེན་ཕུང་ལྔའི་ཁམས་སུ་བྱབ༔ དེ་ཡང་རིགས་ལྔའི་ངོ་བོར་སངས༔ གསང་རྐྱེན་སེམས་ཀྱི་ཁམས་སུ་བྱབ༔ དེ་ཡང་རིག་པའི་ངོ་བོར་སངས༔ «གོང་བཞིན་སྔགས་ཀྱིས་བྱབ་རྗེས་སུ༔» སང་ངེ་སལ་ལེ་ཨཱ་ལ་ལ་ཧོ༔ སརྦ་ཧ་ལ་པཉྩ་དྷརྨ་དྷརྟུ་ཨཱ༔ «དེ་ལྟར་བྱབ་པས་སྒོ་གསུམ་ཀུན༔ རྟེན་མེད་ཟང་ཐལ་ཆེན་པོར་བལྟ༔ འདི་ནི་འཁོར་བ་མིང་མེད་དུ༔ བྱེད་པའི་འཕགས་ཆོས་བླ་མེད་དོ༔ ས་མ་ཡཱ༔ དེ་ནས་གཏོར་མས་བྱེད་པ་ལ༔ ལག་ལེན་བཅའ་ཚོགས་རིམ་པ་ནི༔ འཐེབ་ལྔའི་ནང་དུ་སྲུང་བྱའི་གླུད༔ དཀརགསུམ་མངར་གསུམ་གྱིས་སྒྲུས་པའི༔ དཀར་སྔོ་སེར་དམར་ལྗང་ཀུ་ལྔ༔ ནམ་རྒྱངས་མདའ་འཕང་དག་ཀྱང་གཟུགས༔ གཏོར་ཆུང་རིལ་བུའི་མཐའ་བསྐོར་ཞིང་༔ གཞན་ཡང་ཟས་སྣ་ཅི་འབྱོར་བཤམས༔ དེ་མིན་སྒྲུབ་བྱའི་དྲི་ཁུ་དང་༔ བསྲེས་པའི་ལན་ཆགས་གླུད་ཆེན་མང་༔ ཤ་དུམ་ཟས་འཕྲོ་ངན་ངོན་གྱིས༔ བརྒྱན་པའི་མས་གླུད་དག་ཀྱང་བཤམས༔ ཐོག་མར་བྱིན་གྱིས་རློབས་པ་ནི༔» རང་ཉིད་ཡེ་ཤེས་མཁའ་འགྲོའི་སྐུར༔ གསལ་བའི་ཐུགས་ནས་འོད་ཟེར་ཚུར༔ རཾ་ཡཾ་ཁཾ་འཕྲོས་རཾ་ཡིག་ལས༔ ཡེ་ཤེས་མེ་བྱུང་མི་གཙང་བསྲེགས༔ ཡཾ་ལས་ཡེ་ཤེས་རླུང་བྱུང་བས༔ མཚན་མའི་དྲི་མ་ཐམས་ཅད་གཏོར༔ ཁཾ་ལས་ཡེ་ཤེས་ཆུ་བྱུང་བས༔ དངོས་ཞེན་བག་ཆགས་དྲི་མ་བཀྲུས༔ རཾ་ཡཾ་ཁཾ༔ སླར་ཡང་ཐུགས་ལས་ཨོཾ་ཨཱ༔ཧཱུཾ༔ འཕྲོས་པས་སྦྱང་སྤེལ་བསྒྱུར་བའི་རྫས༔ ཟག་མེད་དགྱེས་དགུར་མཆོད་པའི་སྤྲིན༔ སྤྲོ་བའི་ལྷ་མོ་དཔག་མེད་ཀྱིས༔ མཉེན་ལྕུགས་གར་གྱི་ལྡེམ་འཁྱུགས་དང་༔ གླུ་ལེན་རོལ་མོས་འཇིག་རྟེན་ཁྱབ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས༔ ཐུགས་དམ་དགྱེས་སྐོང་རྟེན་དུ་གྱུར༔ ཨོཾ་ཨཱ༔ཧཱུྃ༔ «ལན་གྲངས་ཅི་ནུས་བཟླ་བ་དང་༔ ནམ་མཁའ་མཛོད་ཀྱིས་སྔགས་རྒྱས་བརླབས༔ སླར་ཡང་མཆོད་སྤྲིན་སྤྲོ་བའི་སྔགས༔» ཨོཾ་ཨ་ནུ་དྷ་ར་ཙཀྲ་པཱུ་ཙ་མ་ཧཱ་སུ་ཁ་དྷརྨ་དྷརྟུ་བཛྲ་སྥ་ར་ཎ་ཧཱུཾ་སྭཱ་ཧཱ༔ «དེ་ལྟར་བྱིན་གྱིས་བརླབས་ནས་སུ༔ »ཀྱཻཿ སྲིད་པའི་རང་བཞིན་འབྱུང་བ་ལྔཿ འབྱུང་ལྔ་ཡུམ་ལྔའི་རང་བཞིན་དེ༔ ཐམས་ཅད་མཁའ་ཁྱབ་ཨེ་ཡི་ཀློང་༔ ཨེ་བཛྲ་མཎྜལ་ལ་ཁཾ༔ ནང་བཅུད་རང་བཞིན་ཕུང་པོ་ལྔ༔ ཕུང་ལྔ་རིགས་ལྔའི་རང་བཞིན་དེ༔ ཐམས་ཅད་ཡེ་ཤེས་རོལ་པའི་རྩལ༔ རིགས་ལྔ་ཌཱཀྐིའི་དཀྱིལ་འཁོར་དུ༔ ཡེ་ནས་ལྷུན་གྱིས་གྲུབ་པར་རྫོགས༔ པཉྩ་ཌཱཀྐི་ནི་མཎྜལ་ལ་ཧཱུྃ༔ ཀྱེཿ བསྲུང་བྱ་སྦྱིན་བདག་འཁོར་བཅས་ཉོན༔ ཁྱེད་རྣམས་ཐོག་མ་མེད་པ་ནས༔ ཐ་མ་ད་ལ་ཐུག་བར་དུ༔ མ་རིག་པ་ཡིས་རྒྱུ་བྱས་དེ༔ རྩ་བའི་ཉོན་མོངས་གསུམ་པོ་ཡིས༔ རྐྱེན་བྱས་ཁམས་གསུམ་འཁོར་བར་འཁྱམས༔ འཁྱམས་པའི་ལས་ལ་ཟད་མཐའ་མེད༔ དེ་དག་ཉིད་དུ་བཞག་ནས་ནི༔ འཁོར་བའི་ཐ་མ་རྫོགས་དུས་མེད༔ ད་ནི་རིག་འཛིན་བདག་ཅག་གིས༔ ཐོག་མར་བྱང་ཆུབ་སེམས་བསྐྱེད་དེ༔ གསང་སྔགས་ཐབས་ཆེན་ལམ་བཞག་ལ༔ ཞུགས་ནས་ཕྲིན་ལས་རྣམ་པ་བཞིའི༔ འཁོར་བའི་རྒྱུན་ཐག་དེང་གཅོད་ཕྱིར༔ ཐོག་མར་ཏིང་འཛིན་དག་པའི་ཆུས༔ ཁྱོད་ཀྱི་སྒོ་གསུམ་དྲི་མ་བཀྲུས༔ བར་དུ་རིག་པའི་རྩལ་གྱིས་བྱབ༔ ད་ནི་འཁྲུལ་བའི་རྩད་གཅོད་ཕྱིར༔ ཡེ་ཤེས་རིགས་ཀྱི་ཌཱཀྐི་ལྔའི༔ ཞལ་དུ་ཁྱོད་རྟེན་ཕུང་ཁམས་དང་༔ ཚོགས་བརྒྱད་འཁྲུལ་བའི་མངོན་རྟོགས་གཟུགས༔ ལྡོག་མེད་སྟོབས་པས་དགའ་བར་གྱིས༔ ཚེ་གཅིག་དོན་དེ་འདི་ཡིས་འགྲུབ༔ ཀྱེ༔ དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མ༔ དཀར་གསལ་འོད་ཕུང་ལྡེམས་སེ་ལྡེམ༔ དཀར་མོ་འབུམ་གྱི་ཚོགས་དང་བཅས༔ རིན་ཆེན་རྒྱན་ཆ་ཁྲ་ལ་ལ༔ དཔའ་བོའི་གར་སྟབས་ཁྱུགས་སེ་ཁྱུག༔ དཔའ་མོའི་གླུ་ལེན་ཀྱུ་རུ་རུ༔ རྗེས་བརྩེ་དགོངས་པ་དུང་སེ་དུང་༔ དམ་ཚིག་ཤ་ཟ་ཌཱཀྐི་རྣམས༔ སྣ་ཚོགས་གཟུགས་ཀྱིས་ཤིགས་སེ་ཤིག༔ བསྲུང་བྱ་སྦྱིན་པའི་བདག་པོ་ཡི༔ མ་རིག་འཁྲུལ་བའི་ཉེར་བསྐྱེད་པའི༔ གཏི་མུག་ལས་གྱུར་ནད་དང་གདོན༔ སྙེམ་བྱེད་བདུད་ཀྱི་རྩ་བ་ཀུན༔ རྣམ་པ་གླུད་གཟུགས་དཀར་པོ་སྟེ༔ ངོ་བོ་མཆོད་སྤྲིན་སྤྲོ་བའི་གཏེར༔ ནམ་མཁའ་རིག་པའི་ངོ་བོའི་མཚོན༔ མདའ་འཕང་རྒྱང་བུ་ལྷུན་འགྲུབ་དེ༔ དབང་པོ་དྲུག་ལ་རང་རང་གི༔ དགྱེས་པ་སྐོང་བའི་རྫས་སུ་གྱུར༔ འཛད་མེད་ནམ་མཁའ་མཛོད་ཀྱི་སྒོ༔ ཕྱེ་བ་བཞིན་དུ་དེང་འབུལ་ན༔ ཆོས་དབྱིངས་ཡེ་ཤེས་ངང་དུ་བཞེས༔ འཁྲུལ་གཞི་མིང་མེད་སྟོང་བར་མཛོད༔ གླུད་གཏོར་ཁང་ཐོག་སྟེང་ཉིད་དམ༔ ཡང་ན་ནམ་མཁར་འཕང་བར་བྱ༔ ཀྱེཿ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མ༔ མཐིང་གསལ་འོད་ཕུང་ལྡེམས་སེ་ལྡེམ༔ སྔོན་མོ་འབུམ་གྱི་ཚོགས་དང་བཅས༔ རིན་ཆེན་རུས་རྒྱན་ཁྲ་ལ་ལ༔ དཔའ་བོའི་གར་སྟབས་ཁྱུགས་སེ་ཁྱུག༔ དཔའ་མོའི་གླུ་ལེན་ཀྱུ་རུ་རུ༔ རྗེས་བརྩེའི་དགོངས་པ་དུངས་སེ་དུང་༔ དམ་ཚིག་ཤ་ཟ་ཌཱཀྐིའི་ཚོགས༔ སྣ་ཚོགས་གཟུགས་ཀྱི་ཤིགས་སེ་ཤིག༔ སྲུང་བྱ་སྦྱིན་པའི་བདག་པོ་ཡིས༔ མ་རིག་འཁྲུལ་བས་ཉེར་བསྐྱེད་པའི༔ ཞེ་སྡང་ལས་གྱུར་ནད་དང་གདོན༔ ལྷའི་བུ་བདུད་ཀྱི་རྩ་བ་ཀུན༔ རྣམ་པ་གླུད་གཟུགས་སྔོན་པོ་སྟེ༔ ངོ་བོ་མཆོད་པའི་སྤྲིན་ཕུང་གཏེར༔ ནམ་མཁའ་སྟོང་གསལ་ཡ་ལ་ལ༔ མདའ་འཕང་ཐབས་ཤེས་རྫས་ཆེན་དེ༔ རྒྱང་བུ་སྲིད་ཞི་ཟུང་འཇུག་སྟེ༔ སྲིད་ཞིའི་རྣམ་པ་མ་ཚང་མེད༔ དེ་ཕྱིར་དགྱེས་སྐོང་མཆོད་པ་འདི༔ འཛད་མེད་ནམ་མཁའ་མཛོད་ཀྱི་སྒོ༔ རིག་པ་ལྷུན་གྲུབ་ཆེན་པོའི་རྩལ༔ མེ་ལོང་ཡེ་ཤེས་ངང་ཉིད་དུ༔ བཞེས་ལ་གདོད་མར་གྲོལ་བར་མཛོད༔ «གླུད་གཏོར་ཤར་གྱི་ཕྱོགས་སུ་འཕེན༔» ཀྱེ༔ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མ༔ སེར་གསལ་འོད་ཀྱི་ཕུང་པོར་འབར༔ དགའ་བཞིའི་སྒྱུ་འཕྲུལ་ལྡེམས་སེ་ལྡེམ༔ སེར་མོ་འབུམ་གྱི་ཚོགས་དང་བཅས༔ རཏྣའི་རྒྱན་དང་དར་དཔྱང་འཕུར༔ སྣ་ཚོགས་འཇོ་སྒེགས་སྤུངས་སེ་སྤུང་༔ དཔའ་བོའི་གར་སྟབས་ཁྱུགས་སེ་ཁྱུག༔ དཔའ་མོའི་གླུ་ལེན་ཀྱུ་རུ་རུ༔ འགྲོ་ལ་རྗེས་བརྩེའི་ཉམས་བཟང་འབར༔ དམ་ཚིག་སྣ་ཚོགས་ཤ་ཟ་མོ༔ འཁོར་ཚོགས་སྤྲུལ་པ་འབུམ་སྡེར་གཡོ༔ ཁྱེད་རྣམས་སྲུང་བྱའི་གླུད་འདི་བཞེས༔ གླུད་འདི་མ་རིག་འཁྲུལ་བ་དེ༔ ང་རྒྱལ་ལས་གྱུར་ནད་དང་གདོན༔ དགའ་བྲོད་བདུད་ཀྱི་རྩ་བ་ཀུན༔ རྣམ་པ་གླུད་གཟུགས་སེར་པོ་སྟེ༔ ངོ་བོ་མཆོད་པའི་སྤྲིན་ཕུང་གཏེར༔ ནམ་མཁའ་དངས་གསལ་དྲི་མ་མེད༔ མདའ་འཕང་སྲིད་པའི་སྤྱོད་ཚུལ་ལ༔ རྒྱང་བུ་འཁོར་འདས་དབྱེར་མེད་དེ༔ འདོད་ཡོན་རྣམ་པ་མ་ཚང་མེད༔ དགྱེས་སྐོང་མཆོད་པ་དམ་པ་འདི༔ མཉམ་ཉིད་ཡེ་ཤེས་གང་དུ་བཞེས༔ འཁྲུལ་རྩ་རྒྱུ་རྐྱེན་སྟོང་པར་མཛོད༔« གླུ་གཏོར་ལྷོ་ཡི་ཕྱོགས་སུ་འཕེནཿ» ཀྱེ༔ ནུབ་ཕྱོགས་པདྨ་མཁའ་འགྲོ་མ༔ དམར་གསལ་མཛེས་འཛུམ་ཆགས་པའི་སྐུ༔ འོད་ཕུང་གཟི་བྱིན་ལྡེམས་སེ་ལྡེམ༔ དམར་མོ་འབུམ་གྱི་ཚོགས་དང་བཅས༔ སྐུ་ཡི་གར་སྟབས་ཁྱུགས་སེ་ཁྱུག༔ གསུང་གིས་བརྡ་སྐད་ལྷངས་སེ་ལྷང་༔ ཐུགས་ནི་རྗེས་བརྩེའི་ཆགས་པའི་ཉམས༔ རིན་ཆེན་གཡེར་ཁ་ཁྲོ་ལོ་ལོ༔ མི་བཟད་འཇོ་སྒེགས་མཚུངས་པ་མེད༔ དཔའ་བོའི་བརྡ་འགྲོལ་ཀྱུ་རུ་རུ༔ དཔའ་མོའི་སྦྱོར་འགྲོས་ཤིགས་སེ་ཤིག༔ ལས་དང་དམ་ཚིག་ཌཱཀྐིའི་ཚོགས༔ ཉི་ཟེར་རྡུལ་ལྟར་ཁྲིགས་སེ་ཁྲིག༔ བསྲུང་བྱ་སྦྱིན་པའི་བདག་པོ་ཡིས༔ ངར་འཛིན་འགོང་པོའི་མཐུས་བསྐྱེད་པའི༔ འདོད་ཆགས་ལས་གྱུར་ནད་དང་གདོན༔ ཉོན་མོངས་བདུད་ཀྱི་རྩ་བ་ཀུན༔ རྣམ་པ་གླུད་གཟུགས་དམར་པོ་དེ༔ ངོ་བོ་དགའ་བཞིའི་ཡེ་ཤེས་རྩལ༔ སྡུག་བསྔལ་བདེ་བར་བསྒྱུར་བའི་དཔྱིད༔ མཆོད་པའི་སྤྲིན་ཕུང་དཔག་ཏུ་མེད༔ ནམ་མཁའ་ཟག་མེད་རྡོ་རྗེའི་ཀློང་༔ མདའ་འཕང་ཤེས་རབ་དག་པའི་རྫས༔ རྒྱང་བུ་སྲིད་ཁམས་ཞི་བར་སྦྱོར༔ མཆོད་པའི་བྱེ་བྲག་འདི་ལ་ཚང་༔ དེ་ཕྱིར་དགྱེས་སྐོང་མཆོད་པ་འདི༔ སོར་རྟོགས་ཡེ་ཤེས་ངང་དུ་བཞེས༔ འཁྲུལ་བའི་ནད་གདོན་ཕྱིར་མ་ལྡོག༔ «གླུད་གཏོར་ནུབ་ཀྱི་ཕྱོགས་སུ་དོར༔ »ཀྱེ༔ བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མ༔ ལྗང་གསལ་འོད་ཕུང་ལྡེམས་སེ་ལྡེམ༔ ལྗང་མོ་འབུམ་གྱི་ཚོགས་དང་བཅས༔ རིན་ཆེན་རུས་རྒྱན་ཁྲ་ལ་ལ༔ དཔའ་བོའི་བརྡ་སྐད་སངས་སེ་སང་༔ དཔའ་མོའི་གླུ་ལེན་ཀྱུ་རུ་རུ༔ འབུམ་ཕྲག་ཤ་ཟ་ཌཱཀྐི་མ༔ འཁོར་ཚོགས་བྱེ་བ་འབུམ་དང་བཅས༔ ཁྲོ་འཛུམ་དྲག་པོའི་བརྟུལ་ཞུགས་ཅན༔ ཞལ་ནས་ཧཱུཾ་ཕཊ་གད་རྒྱངས་སྒྲོགས༔ བསྲུང་བྱ་སྦྱིན་པའི་བདག་པོ་ཡིས༔ རུ་ཏྲ་བདག་འཛིན་གྱིས་བསྐྱེད་པའི༔ ཕྲག་དོག་ལས་གྱུར་ནད་དང་གདོན༔ འཆི་བདག་བདུད་ཀྱི་རྩ་བ་ཀུན༔ རྣམ་པ་གླུད་གཟུགས་ལྗང་ཀུ་སྟེ༔ མཆོད་པའི་བྱེ་བྲག་བསམ་ཡས་པ༔ མ་ཚང་མེད་པའི་ངོ་བོར་གནས༔ ནམ་མཁའ་གདོད་ནས་སྟོང་ཆེན་ཀློང་༔ མདའ་འཕང་རྒྱན་གྱི་རོལ་བ་སྟེ༔ རྒྱང་བུ་ལམ་མཆོག་ཉེ་བར་མཚོན༔ དེ་ཕྱིར་དགྱེས་སྐོང་བླ་མེད་འདི༔ བྱ་གྲུབ་ཡེ་ཤེས་ངང་དུ་བཞེས༔ འཁོར་བ་རྩད་ནས་གཅོད་པར་མཛོད༔ «གླུད་གཏོར་བྱང་གི་ཕྱོགས་སུ་འཕེན༔ དེ་ལྟར་རིམ་པ་སུས་བྱས་ན༔ བར་ཆད་བདུད་ལས་རྒྱལ་བར་འགྱུར༔ འདི་ཡི་ཡོན་ཏན་ཟད་མི་ཤེས༔ དེ་ཕྱིར་འགྲོ་བའི་དོན་ལ་བརྩོན༔ ས་མ་ཡཱ༔ ད་ནི་མས་གླུད་རྫོངས་པ་ནི༔ གོང་བསྟན་དྲི་ཁུའི་གླུད་ཆེན་ལ༔ ལན་ཆགས་ཟས་སྣ་བསྔོ་བ་ནི༔ ཐོག་མར་བགེགས་འགུགས་བྱ་བའི་རིམ༔ »ན་མོ༔ རྩ་བརྒྱུད་བླ་མའི་ནུས་མཐུ་དང་༔ ཡི་དམ་རྒྱུད་སྡེ་བཞི་དྲུག་ལྷ༔ གནས་གསུམ་མ་དང་མཁའ་འགྲོའི་མཐུ༔ ཁྱད་པར་རང་ཉིད་མཁའ་འགྲོ་མའི༔ སྐུ་ཡི་ཆ་ལས་འོད་ཟེར་ནི༔ ཚ་ཞིང་རྩུབ་པ་ཆེར་འཕྲོས་པས༔ འཇིག་རྟེན་ཁམས་ཀྱི་འབྱུང་པོའི་ཚོགས༔ སྐད་ཅིག་ཉིད་ལ་དབང་དུ་བསྡུས༔ ཁྱད་པར་བསྲུང་བྱ་འདི་ཉིད་ལ༔ གནོད་པའི་ལྷ་དང་ལྷ་མ་ཡིན༔ བདུད་བགེགས་གཤིན་རྗེ་བཙན་རྒྱལ་པོ༔ མ་ཡཾ་སྨན་ཕྲན་གཟའ་ཐེའུ་རང་༔ དམ་སྲི་བསེ་རག་མཐའ་དབུས་ཀྱི༔ རྒྱ་འདྲེ་གདུག་འདྲེ་གསར་སྐྱེས་ཚོགས༔ སྐད་ཅིག་ཙམ་གྱིས་འདིར་ཁུག་ཅིག༔ བཛྲ་ཨཾ་ཀུ་ཤ་ཡ་ཛ༔ ཛ་ཧཱུྃ་བཾ་ཧོ༔ «ལན་གསུམ་བྱས་ནས་འདྲེ་གདོན་རྣམས༔ བག་ཕེབ་ཚུལ་གྱིས་གནས་པར་གྱུར༔ དེ་ནས་ཡས་རྣམས་སྔགས་དྲུག་དང་༔ འབྲུ་གསུམ་མང་བཟླས་བྱིན་གྱིས་བརླབས༔ མཚན་བཞི་སམ་བྷ་ར་ཡི་སྔགས༔ ཅི་ནུས་བཟླས་ལ་རྫས་རྣམས་བསྔོ༔ བར་བསྐབས་འདོད་གསོལ་སྨོན་ལམ་གདབ༔ དེ་དག་ཚང་བར་བྱས་པ་ན༔ སླར་ཡང་གཏོར་གླུད་ཁ་ཕྱིར་བསྒྱུར༔ བྱིན་རླབས་ལམ་བསྟན་གླུད་འཕྱོང་གྱེར༔ »ཧཱུྃ༔ ཉོན་ཅིག་ལྷ་འདྲེའི་དམག་ཚོགས་རྣམས༔ གུས་པས་ཉོན་ལ་སེམས་ཀྱིས་ཟུངས༔ ཁྱེད་རྣམས་འཁོར་བ་ཐོག་མེད་ནས༔ བསགས་པའི་ལས་ངན་སྤྱད་སྤྱད་པས༔ ད་དུང་རྒྱུ་དེས་འཁོར་བར་འཁྱམས༔ མ་ཟད་ངན་སོང་གསུམ་པོར་མནར༔ མི་བཟད་སྡུག་བསྔལ་དྲན་གྱིས་ལ༔ རྟག་ཏུ་ཞི་ལ་གནས་པར་གྱིས༔ དེ་ལྟར་ནུས་པར་མ་གྱུར་ཀྱང་༔ ད་ལྟ་སྲུང་བྱ་འདི་ཉིད་ལ༔ ནད་དང་གནོད་པ་ཅི་ཡོད་ཀུན༔ མྱུར་དུ་ལོངས་ལ་བདེ་བར་ཁྲོལ༔ ངོ་ཚབ་འཕྲུལ་གྱི་གླུད་བཟང་མངགས༔ མི་བས་རིན་ཆེན་གླུད་འདི་བཟང་༔ མི་ཡི་ལུས་འདི་མི་གཙང་རྫས༔ ཁོག་སྟོད་ཁྲག་དང་ཆུ་སེར་ལ༔ ཁོག་སྨད་དྲི་ཆུ་ཕྱི་ས་སྟེ༔ སྡོད་ན་ཞེ་སྡང་མེ་ལྟར་འབར༔ སྨད་ན་འདོད་ཆགས་ཆུ་ལྟར་འབྲུབ༔ བར་དུ་ང་རྒྱལ་རི་ལྟར་རྙིལ༔ སྤྱོད་འགྲོས་རྣམ་པ་སྣ་ཚོགས་ཀྱིས༔ ཁྱེད་རྣམས་མི་བདེ་འབྱུང་བའི་རྒྱུ༔ དེ་བས་ཏིང་འཛིན་རྡོ་རྗེ་ཡིས༔ བྱིན་གྱིས་བརླབས་པའི་དགོས་འདོད་གཞི༔ རིན་ཆེན་གླུད་འདི་ཤིན་ཏུ་མཚར༔ ལོང་ཐང་མིག་ལ་ཨུག་ཆོས་རྣ༔ དར་དམར་ལྕེ་ལ་ཤེལ་དཀར་སོ༔ དར་སྐུད་སྐྲ་ལ་གསེར་གྱི་ལུས༔ བྱུ་རུའི་གློ་སྙིང་རཱ་གའི་མཆིན༔ ནོར་བུའི་མཁལ་མ་སྤོ་ཤེལ་ཚིལ༔ ཨ་རུའི་ཤ་ལ་གླ་རྩིའི་ཁྲག༔ ཉ་ཕྱིས་སེན་སོགས་རིན་ཆེན་གྱི༔ རྣམ་པ་མ་ཚང་མེད་པ་ཡོད༔ མཛེས་པའི་གཅེས་དགུར་བཏགས་བཏགས་ནས༔ མོ་བཙུན་བག་མར་ཆས་པ་འདྲ༔ ཡོ་བྱད་དེ་ནི་སྤུང་སྤུང་ནས༔ བང་མཛོད་འབྲུ་ཡིས་ཁེང་བ་འདྲ༔ བརྗིད་བག་རྔམས་བརྒྱན་བྱས་བྱས་ནས༔ དཔའ་བོ་དམག་ལ་ཆས་པ་འདྲ༔ ཁོག་སྟོད་སེང་གེ་འགྱིང་བ་དང་༔ ཁོག་སྨད་རྨ་བྱ་འཇོལ་བ་འདྲ༔ གསུང་དབྱངས་སྙན་པས་དོ་ཟླར་མེད༔ སྤྱོད་འགྲོའི་འཇམ་པའི་ངང་ཚུལ་བཟང་༔ ཁྱེད་ཅག་རྣམས་ལ་ཕན་དེ་སྲིད༔ སྲིད་ཞིའི་དཀོར་ནོར་མཛོད་ཆེན་དེ༔ ཁྱེར་ལ་ད་ནི་འགྲོ་རེ་རན༔ མ་སྡོད་ད་ནི་བསྐྱོད་རེ་རན༔ ཁྱེར་ཅིག་ཁྱེར་ཅིག་འབྱུང་པོའི་ཚོགས༔ འདི་ནས་ལྷོ་ཕྱོགས་བརྒྱུད་པའི་སར༔ དཔག་ཚད་བརྒྱད་ཁྲིའི་ཕ་རོལ་ན༔ གཤིན་རྗེའི་གྲོང་ཁྱེར་འབུམ་འབུམ་ཡོད༔ ཟས་སུ་ཤ་དང་ཁྲག་ལ་རྔམས༔ ཁྱེད་ཚོའི་རིགས་མཐུན་དེ་རུ་ཡིན༔ བྱ་བ་སྤྱོད་པ་ཀུན་ཀྱང་མཐུན༔ མགུ་བའི་ལོངས་སྤྱོད་ཚགས་སུ་ཚུད༔ ལམ་བསྟན་དེ་རུ་མྱུར་བར་གཤེགས༔ གལ་སྲིད་མི་འགྲོ་སྡོད་གྱུར་ན༔ གནས་ཡང་དྲག་པོ་ཨེ་ཡི་ཀློང་༔ སྤྲུལ་པའི་ཕོ་ཉ་སྐར་ལྟར་འཁྲུགས༔ ཡེ་ཤེས་མེ་ཡིས་སྟོང་གསུམ་གང་༔ བདག་ཀྱང་ཁྲོས་མ་ནག་མོ་སྟེ༔ སྲིད་ཞི་ལྟོ་རུ་ཟ་བྱེད་པས༔ སྐད་ཅིག་གཅིག་གིས་ཁྱོད་འཇོམས་ནས༔ ཁེ་ཉེན་མ་ནོར་མྱུར་དུ་སོང་༔« དེ་ནས་གུ་གུལ་དུད་པ་བདུག༔ ཡས་རྣམས་གང་གནོད་ཕྱོགས་སུ་འཁྱེར༔ རྗེས་མལ་བདེན་སྟོབས་དྲག་པོས་གཟིར༔ དྲག་སྔགས་ཡུངས་ཐུན་དང་བཅས་བརྡེགས༔ དེ་རྗེས་སྲུང་བ་བྱེད་པ་ནི༔» ཧཱུྃ༔ སྐད་ཅིག་གནས་ཁང་ཨེ་ཀློང་དུ༔ བསྲུང་བྱ་རྡོ་རྗེ་ཁྲོས་མ་སྟེ༔ གཟི་བྱིན་མཚུངས་པ་མེད་པར་གསལ༔ སྤྱི་བོར་སངས་རྒྱས་མཁའ་འགྲོ་བཀོད༔ མགྲིན་པར་པདྨ་མཁའ་འགྲོ་གསལ༔ སྙིང་ཀར་རྡོ་རྗེ་མཁའ་འགྲོ་སྟེ༔ ལྟེ་བར་རིན་ཆེན་མཁའ་འགྲོའི་སྐུ༔ གསང་བར་ལས་ཀྱི་མཁའ་འགྲོར་གསལ༔ ཐམས་ཅད་སྐུ་ལས་འོད་ཟེར་དང་༔ རང་གི་ཐུགས་ལས་འོད་འཕྲོས་པས༔ བར་མཚམས་རྡོ་རྗེ་ཕྲ་མོས་གཏམ༔ འགྱུར་མེད་རྡོ་རྗེའི་ཞུ་ལུགས་སྐུ༔ ཅིས་ཀྱང་གཡོ་བ་མེད་པར་གྱུར༔ ཕྱི་རོལ་ཁ་དོག་ལྔ་ལྡན་གྱི༔ ཡེ་ཤེས་མེ་རིའི་གུར་ཁང་དང་༔ དེ་ནང་རྡོ་རྗེའི་གུར་ཁང་གཏམས༔ དེ་ནང་དུར་ཁྲོད་དྲག་པོའི་མཁར༔ བཛྲ་ཛྭ་ལ་རཾ་བཛྲ༔ རཀྵ་བྷན་དྷ་བཛྲ་ཀུ་རུ་བྷྲུཾ༔ «དེ་ནས་ཤིས་བརྗོད་དགེ་བ་བསྔོ༔ ཚོགས་མཆོད་དོ་རྗེས་ཆོག་གཞུང་ལྟར་བྱ༔ འདི་ལྟར་སུས་བྱས་གནོད་པ་ཀུན༔ གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད༔ གསང་སྤྱོད་སྔགས་ཀྱི་རིག་རྩལ་གྱིས༔ ཁོ་ནའི་ལག་ཏུ་བླང་བྱ་ལས༔ འདོད་སྲེད་གྱ་ཚོམ་ཅན་གྱིས་མིན༔ གུ་ཧྱ་ས་མ་ཡཱ༔ དྷ་ཐིམ༔ ཀྱེ་མ༔