JKW-KABUM-10-THA-006: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
m (Text replacement - "Khyentse Metadata" to "Text") |
||
(7 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|sectionheading=Yes | |||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=ཐེག་ཆེན་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་བསྐྱེད་སྡོམ་ཆོག་བྱང་ཆུབ་སེམས་དཔའི་ལམ་བཟང་། | |fulltitletib=ཐེག་ཆེན་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་བསྐྱེད་སྡོམ་ཆོག་བྱང་ཆུབ་སེམས་དཔའི་ལམ་བཟང་། | ||
Line 8: | Line 10: | ||
|collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | |collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | ||
|author='jam dbyangs mkhyen brtse'i dbang po | |author='jam dbyangs mkhyen brtse'i dbang po | ||
|editor= | |editor= | ||
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | ||
|editortib= | |editortib= | ||
|tibgenre=Vows - sdom pa | |tibgenre=Vows - sdom pa | ||
|terma=No | |terma=No | ||
|sabcadcategory=Five | |sabcadcategory=Five | ||
|language=Tibetan | |language=Tibetan | ||
|dnzlink=Wylie:Theg_chen_shin_tu_rgyas_pa%27i_sems_bskyed_dang_sdom_pa%27i_cho_ga_byang_chub_sems_dpa%27i_lam_bzang | |||
|volumenumber=010 | |volumenumber=010 | ||
|volnumtib=༡༠ | |volnumtib=༡༠ | ||
Line 28: | Line 31: | ||
|rectonotes=sde tshan 6 | |rectonotes=sde tshan 6 | ||
|versonotes=mkhyen brtse'i bka' 'bum | |versonotes=mkhyen brtse'i bka' 'bum | ||
|colophontib=* '''Colophon page 490:''' །ཅེས་པའང་ཡོངས་རྫོགས་བསྟན་པའི་མངའ་བདག་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། དཔལ་ས་སྐྱ་པ་འཇམ་དཔལ་གཞོན་ནུ་ངག་དབང་རྡོ་རྗེ་རིན་ཆེན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་ཐུགས་བཞེད་བསྒྲུབ་པ་དང་། དོན་གཉེར་ཅན་གཞན་ལའང་ཕན་པའི་བསམ་པ་བཟང་པོས། ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་ལས་ཐེག་པ་ཆེན་པོའི་གཞུང་ལུགས་མང་དུ་ཐོས་པའི་ཤཱཀྱའི་བཙུན་པ་རྨོངས་བརྟུལ་ཀུན་ཏུ་རྒྱུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས། རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་གྱི་གསུང་རབས་ལ་ཚིག་གི་མཐའ་བསྐྱེད་ཚུལ་མི་འགལ་བས་ཟུར་བརྒྱན་ཏེ། ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་སྦྱར་བའོ། | |colophontib=* '''Colophon page 490:''' །ཅེས་པའང་ཡོངས་རྫོགས་བསྟན་པའི་མངའ་བདག་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། དཔལ་ས་སྐྱ་པ་འཇམ་དཔལ་གཞོན་ནུ་ངག་དབང་རྡོ་རྗེ་རིན་ཆེན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་ཐུགས་བཞེད་བསྒྲུབ་པ་དང་། དོན་གཉེར་ཅན་གཞན་ལའང་ཕན་པའི་བསམ་པ་བཟང་པོས། ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་ལས་ཐེག་པ་ཆེན་པོའི་གཞུང་ལུགས་མང་དུ་ཐོས་པའི་ཤཱཀྱའི་བཙུན་པ་རྨོངས་བརྟུལ་ཀུན་ཏུ་རྒྱུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས། རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་གྱི་གསུང་རབས་ལ་ཚིག་གི་མཐའ་བསྐྱེད་ཚུལ་མི་འགལ་བས་ཟུར་བརྒྱན་ཏེ། ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་སྦྱར་བའོ། | ||
* '''Lineage Statement page 490:''' །ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་བསྐྱེད་དང་སྡོམ་པ་རྣམ་པར་དག་པ་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། མགོན་པོ་བྱམས་པ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། འཕགས་པ་གྲོལ་སྡེ། བཙུན་པ་རྣམ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། སློབ་དཔོན་སེངྒེ་བཟང་པོ། ཀུ་སཱ་ལི་ཆེ་ཆུང་གཉིས། གསེར་གླིང་པ་ཆོས་ཀྱི་གྲགས་པ། ཇོ་བོ་རྗེ་དཔལ་མར་མེ་མཛད། རྒྱལ་བ་འབྲོམ་སྟོན་པ། སྤྱན་སྔ་ཚུལ་ཁྲིམས་འབར། །དགེ་བཤེས་བྱ་ཡུལ་བ། རྒྱལ་སྲས་མུས་སྨན་པའང་ཟེར། ཚར་ཆེན་པ། གྲོལ་སྟོན་བདུད་རྩི་གྲགས། སངས་རྒྱས་སྒམ་པ་སེངྒེ་སྐྱབས། མཆིམས་ནམ་མཁའ་གྲགས། མཁན་ཆེན་སེངྒེ་སྐྱབས། མཁས་བཙུན་བསོད་ནམས་ཡེ་ཤེས། བྱང་སེམས་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ། གྲུབ་ཆེན་བུདྡྷཱ་ཤྲཱི། ངོར་ཆེན་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། མཁན་ཆེན་དཀོན་མཆོག་ཚུལ་ཁྲིམས། སྒོ་རུམ་པ་ཀུན་དགའ་ལེགས་པ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ངག་དབང་ཆོས་གྲགས། འཇམ་མགོན་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག །ལྷ་ཁང་མཁན་ཆེན་དོན་གྲུབ་ལེགས་བཟང་། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། མུས་ཆེན་བསོད་ནམས་དཔལ་བཟང་། མུས་ཆེན་ཆོས་ཉིད་ཡེ་ཤེས། མུས་ཆེན་ཡེ་ཤེས་རྒྱལ་མཆོག །ཡོངས་འཛིན་རིན་པོ་ཆེ་བློ་གྲོས་རྒྱ་མཚོ། དཔལ་ས་སྐྱ་པ་འཇམ་མགོན་བླ་མ་ངག་དབང་རྡོ་རྗེ་རིན་ཆེན། དེས་བདག་ཅག་ལ་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད་པ་ཡིན་ནོ། །ཡང་ན། བྱང་སེམས་བསོད་ནམས་གྲགས་པ་ནས། བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་གྲུབ་པ་ཤེས་རབ། པཎ་ཆེན་དགེ་འདུན་གྲུབ། འདུལ་འཛིན་བློ་གྲོས་སྦས་པ། པཎ་ཆེན་ལུང་རིགས་རྒྱ་མཚོ། རྗེ་སྐྱབས་མཆོག་དཔལ། དབེན་ས་བ་བློ་བཟང་དོན་འགྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་རྒྱན། དྲུང་པ་བརྩོན་འགྲུས་རྒྱལ་མཚན། རྟ་ཕུག་པ་དམ་ཆོས་རྒྱལ་མཚན། སྒྲུབ་ཁང་པ་དགེ་ལེགས་རྒྱ་མཚོ། ཕུར་བུ་ལྕོག་ངག་དབང་བྱམས་པ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། བཤེས་གཉེན་བློ་བཟང་རྒྱལ་མཚན། རྒྱལ་སྲས་སེམས་དཔའ་རིན་པོ་ཆེ་རིན་ཆེན་བློ་གསལ་བསྟན་སྐྱོང་། དེས་བདག་ལའོ། །ཡང་ན། རྒྱལ་སྲས་ཐོགས་མེད་ནས། ལོ་ཆེན་བྱང་ཆུབ་རྩེ་མོ། དེ་དབོན་ལོ་ཆེན་གྲགས་རྒྱལ། བོ་དོང་པ་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། བྱམས་གླིང་པཎ་ཆེན་བསོད་ནམས་རྣམ་རྒྱལ། གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན། པཎ་ཆེན་དོན་ཡོད་གྲུབ་པ། རྗེ་བཙུན་ཀུན་དགའ་གྲོལ་མཆོག །མཁན་ཆེན་ལུང་རིགས་རྒྱ་མཚོ། རྗེ་བཙུན་ཀུན་དགའ་སྙིང་པོ། རྒྱལ་ཚབ་ཡེ་ཤེས་རྒྱ་མཚོ། རྗེ་ཡོན་ཏན་མགོན་པོ། གྲུབ་ཆེན་མགོན་པོ་དཔལ་འབྱོར། མཚུངས་མེད་མགོན་པོ་གྲགས་པ། གྲུབ་དབང་མགོན་པོ་རྣམ་རྒྱལ། རིག་འཛིན་འཇམ་དབྱངས་རྒྱ་མཚོ། ཀུན་གཟིགས་ཕྲིན་ལས་ཤིང་རྟ། རྨོག་ལྕོག་པ་ཀུན་དགའ་དགེ་ལེགས། ཀུན་དགའ་ལྷུན་གྲུབ་རྒྱ་མཚོ། རྗེ་བཀའ་བརྒྱུད་བསྟན་འཛིན། བླ་མ་ཀརྨ་ལྷག་མཐོང་། གྲུབ་དབང་ཀརྨ་ནོར་བུ། ངེས་པར་ཐམས་ཅད་མཁྱེན་དངོས་ངག་གི་དབང་ཕྱུག་བློ་གྲོས་མཐའ་ཡས། དེས་བདག་ལ་བཀའ་དྲིན་ཆེན་པོས་སྩལ་བའོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝ་ཏུ། | * '''Lineage Statement page 490:''' །ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་བསྐྱེད་དང་སྡོམ་པ་རྣམ་པར་དག་པ་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། མགོན་པོ་བྱམས་པ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། འཕགས་པ་གྲོལ་སྡེ། བཙུན་པ་རྣམ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། སློབ་དཔོན་སེངྒེ་བཟང་པོ། ཀུ་སཱ་ལི་ཆེ་ཆུང་གཉིས། གསེར་གླིང་པ་ཆོས་ཀྱི་གྲགས་པ། ཇོ་བོ་རྗེ་དཔལ་མར་མེ་མཛད། རྒྱལ་བ་འབྲོམ་སྟོན་པ། སྤྱན་སྔ་ཚུལ་ཁྲིམས་འབར། །དགེ་བཤེས་བྱ་ཡུལ་བ། རྒྱལ་སྲས་མུས་སྨན་པའང་ཟེར། ཚར་ཆེན་པ། གྲོལ་སྟོན་བདུད་རྩི་གྲགས། སངས་རྒྱས་སྒམ་པ་སེངྒེ་སྐྱབས། མཆིམས་ནམ་མཁའ་གྲགས། མཁན་ཆེན་སེངྒེ་སྐྱབས། མཁས་བཙུན་བསོད་ནམས་ཡེ་ཤེས། བྱང་སེམས་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ། གྲུབ་ཆེན་བུདྡྷཱ་ཤྲཱི། ངོར་ཆེན་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། མཁན་ཆེན་དཀོན་མཆོག་ཚུལ་ཁྲིམས། སྒོ་རུམ་པ་ཀུན་དགའ་ལེགས་པ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ངག་དབང་ཆོས་གྲགས། འཇམ་མགོན་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག །ལྷ་ཁང་མཁན་ཆེན་དོན་གྲུབ་ལེགས་བཟང་། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། མུས་ཆེན་བསོད་ནམས་དཔལ་བཟང་། མུས་ཆེན་ཆོས་ཉིད་ཡེ་ཤེས། མུས་ཆེན་ཡེ་ཤེས་རྒྱལ་མཆོག །ཡོངས་འཛིན་རིན་པོ་ཆེ་བློ་གྲོས་རྒྱ་མཚོ། དཔལ་ས་སྐྱ་པ་འཇམ་མགོན་བླ་མ་ངག་དབང་རྡོ་རྗེ་རིན་ཆེན། དེས་བདག་ཅག་ལ་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད་པ་ཡིན་ནོ། །ཡང་ན། བྱང་སེམས་བསོད་ནམས་གྲགས་པ་ནས། བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་གྲུབ་པ་ཤེས་རབ། པཎ་ཆེན་དགེ་འདུན་གྲུབ། འདུལ་འཛིན་བློ་གྲོས་སྦས་པ། པཎ་ཆེན་ལུང་རིགས་རྒྱ་མཚོ། རྗེ་སྐྱབས་མཆོག་དཔལ། དབེན་ས་བ་བློ་བཟང་དོན་འགྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་རྒྱན། དྲུང་པ་བརྩོན་འགྲུས་རྒྱལ་མཚན། རྟ་ཕུག་པ་དམ་ཆོས་རྒྱལ་མཚན། སྒྲུབ་ཁང་པ་དགེ་ལེགས་རྒྱ་མཚོ། ཕུར་བུ་ལྕོག་ངག་དབང་བྱམས་པ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། བཤེས་གཉེན་བློ་བཟང་རྒྱལ་མཚན། རྒྱལ་སྲས་སེམས་དཔའ་རིན་པོ་ཆེ་རིན་ཆེན་བློ་གསལ་བསྟན་སྐྱོང་། དེས་བདག་ལའོ། །ཡང་ན། རྒྱལ་སྲས་ཐོགས་མེད་ནས། ལོ་ཆེན་བྱང་ཆུབ་རྩེ་མོ། དེ་དབོན་ལོ་ཆེན་གྲགས་རྒྱལ། བོ་དོང་པ་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། བྱམས་གླིང་པཎ་ཆེན་བསོད་ནམས་རྣམ་རྒྱལ། གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན། པཎ་ཆེན་དོན་ཡོད་གྲུབ་པ། རྗེ་བཙུན་ཀུན་དགའ་གྲོལ་མཆོག །མཁན་ཆེན་ལུང་རིགས་རྒྱ་མཚོ། རྗེ་བཙུན་ཀུན་དགའ་སྙིང་པོ། རྒྱལ་ཚབ་ཡེ་ཤེས་རྒྱ་མཚོ། རྗེ་ཡོན་ཏན་མགོན་པོ། གྲུབ་ཆེན་མགོན་པོ་དཔལ་འབྱོར། མཚུངས་མེད་མགོན་པོ་གྲགས་པ། གྲུབ་དབང་མགོན་པོ་རྣམ་རྒྱལ། རིག་འཛིན་འཇམ་དབྱངས་རྒྱ་མཚོ། ཀུན་གཟིགས་ཕྲིན་ལས་ཤིང་རྟ། རྨོག་ལྕོག་པ་ཀུན་དགའ་དགེ་ལེགས། ཀུན་དགའ་ལྷུན་གྲུབ་རྒྱ་མཚོ། རྗེ་བཀའ་བརྒྱུད་བསྟན་འཛིན། བླ་མ་ཀརྨ་ལྷག་མཐོང་། གྲུབ་དབང་ཀརྨ་ནོར་བུ། ངེས་པར་ཐམས་ཅད་མཁྱེན་དངོས་ངག་གི་དབང་ཕྱུག་བློ་གྲོས་མཐའ་ཡས། དེས་བདག་ལ་བཀའ་དྲིན་ཆེན་པོས་སྩལ་བའོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝ་ཏུ། | ||
|colophonwylie=* '''Colophon page 490:''' ces pa'ang yongs rdzogs bstan pa'i mnga' bdag khams gsum chos kyi rgyal po/__dpal sa skya pa 'jam dpal gzhon nu ngag dbang rdo rje rin chen bkra shis grags pa'i rgyal mtshan dpal bzang po'i zhal snga nas kyi thugs bzhed bsgrub pa dang /__don gnyer can gzhan la'ang phan pa'i bsam pa bzang pos/__yongs 'dzin dam pa chos bzhin du spyod pa du ma'i bka' drin las theg pa chen po'i gzhung lugs mang du thos pa'i shAkya'i btsun pa rmongs brtul kun tu rgyu 'jam dbyangs mkhyen brtse'i dbang pos/__rgyal ba'i sras po thogs med bzang po dpal gyi gsung rabs la tshig gi mtha' bskyed tshul mi 'gal bas zur brgyan te/__yon tan rin po che du ma'i 'byung gnas dpal e waM chos ldan gyi bla brang thar pa rtser sbyar ba'o/ | |colophonwylie=* '''Colophon page 490:''' ces pa'ang yongs rdzogs bstan pa'i mnga' bdag khams gsum chos kyi rgyal po/__dpal sa skya pa 'jam dpal gzhon nu ngag dbang rdo rje rin chen bkra shis grags pa'i rgyal mtshan dpal bzang po'i zhal snga nas kyi thugs bzhed bsgrub pa dang /__don gnyer can gzhan la'ang phan pa'i bsam pa bzang pos/__yongs 'dzin dam pa chos bzhin du spyod pa du ma'i bka' drin las theg pa chen po'i gzhung lugs mang du thos pa'i shAkya'i btsun pa rmongs brtul kun tu rgyu 'jam dbyangs mkhyen brtse'i dbang pos/__rgyal ba'i sras po thogs med bzang po dpal gyi gsung rabs la tshig gi mtha' bskyed tshul mi 'gal bas zur brgyan te/__yon tan rin po che du ma'i 'byung gnas dpal e waM chos ldan gyi bla brang thar pa rtser sbyar ba'o/ | ||
* '''Lineage Statement page 490:''' theg pa chen po shin tu rgyas pa'i lugs kyi sems bskyed dang sdom pa rnam par dag pa thob pa'i brgyud pa ni/__yang dag par rdzogs pa'i sangs rgyas/__mgon po byams pa/__'phags pa thogs med/__slob dpon dbyig gnyen/__'phags pa grol sde/__btsun pa rnam grol sde/__mchog gi sde/__dul ba'i sde/__slob dpon seng+ge bzang po/__ku sA li che chung gnyis/__gser gling pa chos kyi grags pa/__jo bo rje dpal mar me mdzad/__rgyal ba 'brom ston pa/__spyan snga tshul khrims 'bar/__/dge bshes bya yul ba/__rgyal sras mus sman pa'ang zer/__tshar chen pa/__grol ston bdud rtsi grags/__sangs rgyas sgam pa seng+ge skyabs/__mchims nam mkha' grags/__mkhan chen seng+ge skyabs/__mkhas btsun bsod nams ye shes/__byang sems bsod nams grags pa/__rgyal sras thogs med bzang po dpal/__grub chen bud+d+hA shrI/__ngor chen kun dga' bzang po/__mkhas grub dpal ldan rdo rje/__mkhan chen dkon mchog tshul khrims/__sgo rum pa kun dga' legs pa/__'jam dbyangs mkhyen brtse'i dbang phyug__/rje dbang phyug rab brtan/__mkhan chen ngag dbang chos grags/__'jam mgon kun dga' bsod nams/__de sras bsod nams dbang phyug__/lha khang mkhan chen don grub legs bzang /__rmor chen kun dga' lhun grub/__gnas gsar ba legs pa'i 'byung gnas/__sa chen kun dga' blo gros/__mus chen bsod nams dpal bzang /__mus chen chos nyid ye shes/__mus chen ye shes rgyal mchog__/yongs 'dzin rin po che blo gros rgya mtsho/__dpal sa skya pa 'jam mgon bla ma ngag dbang rdo rje rin chen/__des bdag cag la bka' drin chen pos khyab par mdzad pa yin no/__/yang na/__byang sems bsod nams grags pa nas/__bu ston rin chen grub/__thugs sras rin chen rnam rgyal/__mkhan chen grub pa shes rab/__paN chen dge 'dun grub/__'dul 'dzin blo gros sbas pa/__paN chen lung rigs rgya mtsho/__rje skyabs mchog dpal/__dben sa ba blo bzang don 'grub/__mkhas grub sangs rgyas ye shes/__paN chen blo bzang chos rgyan/__drung pa brtson 'grus rgyal mtshan/__rta phug pa dam chos rgyal mtshan/__sgrub khang pa dge legs rgya mtsho/__phur bu lcog ngag dbang byams pa/__yongs 'dzin ye shes rgyal mtshan/__bshes gnyen blo bzang rgyal mtshan/__rgyal sras sems dpa' rin po che rin chen blo gsal bstan skyong /__des bdag la'o/__/yang na/__rgyal sras thogs med nas/__lo chen byang chub rtse mo/__de dbon lo chen grags rgyal/__bo dong pa paN chen phyogs las rnam rgyal/__byams gling paN chen bsod nams rnam rgyal/__gser mdog paN chen shAkya mchog ldan/__paN chen don yod grub pa/__rje btsun kun dga' grol mchog__/mkhan chen lung rigs rgya mtsho/__rje btsun kun dga' snying po/__rgyal tshab ye shes rgya mtsho/__rje yon tan mgon po/__grub chen mgon po dpal 'byor/__mtshungs med mgon po grags pa/__grub dbang mgon po rnam rgyal/__rig 'dzin 'jam dbyangs rgya mtsho/__kun gzigs phrin las shing rta/__rmog lcog pa kun dga' dge legs/__kun dga' lhun grub rgya mtsho/__rje bka' brgyud bstan 'dzin/__bla ma karma lhag mthong /__grub dbang karma nor bu/__nges par thams cad mkhyen dngos ngag gi dbang phyug blo gros mtha' yas/__des bdag la bka' drin chen pos stsal ba'o/__/sarba dA ka l+yA NaM b+ha wa tu/ | * '''Lineage Statement page 490:''' theg pa chen po shin tu rgyas pa'i lugs kyi sems bskyed dang sdom pa rnam par dag pa thob pa'i brgyud pa ni/__yang dag par rdzogs pa'i sangs rgyas/__mgon po byams pa/__'phags pa thogs med/__slob dpon dbyig gnyen/__'phags pa grol sde/__btsun pa rnam grol sde/__mchog gi sde/__dul ba'i sde/__slob dpon seng+ge bzang po/__ku sA li che chung gnyis/__gser gling pa chos kyi grags pa/__jo bo rje dpal mar me mdzad/__rgyal ba 'brom ston pa/__spyan snga tshul khrims 'bar/__/dge bshes bya yul ba/__rgyal sras mus sman pa'ang zer/__tshar chen pa/__grol ston bdud rtsi grags/__sangs rgyas sgam pa seng+ge skyabs/__mchims nam mkha' grags/__mkhan chen seng+ge skyabs/__mkhas btsun bsod nams ye shes/__byang sems bsod nams grags pa/__rgyal sras thogs med bzang po dpal/__grub chen bud+d+hA shrI/__ngor chen kun dga' bzang po/__mkhas grub dpal ldan rdo rje/__mkhan chen dkon mchog tshul khrims/__sgo rum pa kun dga' legs pa/__'jam dbyangs mkhyen brtse'i dbang phyug__/rje dbang phyug rab brtan/__mkhan chen ngag dbang chos grags/__'jam mgon kun dga' bsod nams/__de sras bsod nams dbang phyug__/lha khang mkhan chen don grub legs bzang /__rmor chen kun dga' lhun grub/__gnas gsar ba legs pa'i 'byung gnas/__sa chen kun dga' blo gros/__mus chen bsod nams dpal bzang /__mus chen chos nyid ye shes/__mus chen ye shes rgyal mchog__/yongs 'dzin rin po che blo gros rgya mtsho/__dpal sa skya pa 'jam mgon bla ma ngag dbang rdo rje rin chen/__des bdag cag la bka' drin chen pos khyab par mdzad pa yin no/__/yang na/__byang sems bsod nams grags pa nas/__bu ston rin chen grub/__thugs sras rin chen rnam rgyal/__mkhan chen grub pa shes rab/__paN chen dge 'dun grub/__'dul 'dzin blo gros sbas pa/__paN chen lung rigs rgya mtsho/__rje skyabs mchog dpal/__dben sa ba blo bzang don 'grub/__mkhas grub sangs rgyas ye shes/__paN chen blo bzang chos rgyan/__drung pa brtson 'grus rgyal mtshan/__rta phug pa dam chos rgyal mtshan/__sgrub khang pa dge legs rgya mtsho/__phur bu lcog ngag dbang byams pa/__yongs 'dzin ye shes rgyal mtshan/__bshes gnyen blo bzang rgyal mtshan/__rgyal sras sems dpa' rin po che rin chen blo gsal bstan skyong /__des bdag la'o/__/yang na/__rgyal sras thogs med nas/__lo chen byang chub rtse mo/__de dbon lo chen grags rgyal/__bo dong pa paN chen phyogs las rnam rgyal/__byams gling paN chen bsod nams rnam rgyal/__gser mdog paN chen shAkya mchog ldan/__paN chen don yod grub pa/__rje btsun kun dga' grol mchog__/mkhan chen lung rigs rgya mtsho/__rje btsun kun dga' snying po/__rgyal tshab ye shes rgya mtsho/__rje yon tan mgon po/__grub chen mgon po dpal 'byor/__mtshungs med mgon po grags pa/__grub dbang mgon po rnam rgyal/__rig 'dzin 'jam dbyangs rgya mtsho/__kun gzigs phrin las shing rta/__rmog lcog pa kun dga' dge legs/__kun dga' lhun grub rgya mtsho/__rje bka' brgyud bstan 'dzin/__bla ma karma lhag mthong /__grub dbang karma nor bu/__nges par thams cad mkhyen dngos ngag gi dbang phyug blo gros mtha' yas/__des bdag la bka' drin chen pos stsal ba'o/__/sarba dA ka l+yA NaM b+ha wa tu/ | ||
|pdflink=File:JKW-KABUM-10-THA-006.pdf | |pdflink=File:JKW-KABUM-10-THA-006.pdf | ||
Line 38: | Line 41: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་བསྐྱེད་དང་སྡོམ་པའི་ཆོ་ག་བྱང་ཆུབ་སེམས་དཔའི་ལམ་བཟང་ཞེས་བྱ་བ་བཞུགས་སོ།། །། | {{TibP|༄༅། །ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་བསྐྱེད་དང་སྡོམ་པའི་ཆོ་ག་བྱང་ཆུབ་སེམས་དཔའི་ལམ་བཟང་ཞེས་བྱ་བ་བཞུགས་སོ།། །། | ||
ཕུན་ཚོགས་སྲིད་ཞིའི་ཕན་བདེ་ཇི་སྙེད་རྫོགས་པའི་སངས་རྒྱས་མཐུ་ལས་བྱུང་། །སངས་རྒྱས་རྒྱལ་བའི་སྲས་པོ་ཉིད་དང་དེ་ཡང་བྱང་སེམས་ལས་འཁྲུངས་ཕྱིར། །རིན་ཆེན་རིན་ཐང་མེད་པའི་མཆོག་སྦྱིན་དགེ་བའི་བཤེས་ལ་གུས་བཏུད་ནས། །ཤིན་ཏུ་རྒྱས་པའི་སེམས་བསྐྱེད་ཆོ་ག་གཞན་ལ་ཕན་ཕྱིར་གསལ་བར་བཤད། །འདི་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་མཐའ་དག་གི་འབྱུང་གནས། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་བླ་མ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡབ། གཅིག་ཏུ་སྐྱོན་གྱི་དྲི་མ་བག་ཆགས་དང་བཅས་པ་གཏན་ནས་སྤངས་ཤིང་། བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རྒྱ་མཚོ་ཉམས་པ་མེད་པ་ལ་དབང་འབྱོར་བ། ཡིད་ཅན་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་གཅིག་པུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་འདོད་པས། དེ་ཡི་ཐབས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་རྒྱལ་སྲས་ཀྱི་སྤྱོད་པ་ལ་འཇུག་དགོས། དེའང་ཐོག་མར་སྡོམ་པའི་ཆོ་ག་ལ་ལྟོས་པས། ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་གྱིས། རིགས་དང་སྐལ་བར་ལྡན་པའི་སློབ་མ་རྣམས་བྱང་ཆུབ་ཆེན་པོའི་ལམ་དུ་གཞུག་པའི་ཕྱིར། ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་བསྐྱེད་དང་སྡོམ་པའི་ཆོ་ག་བྱེད་པར་འདོད་པས་སྦྱོར་བ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། གནས་གཙང་ཞིང་ཡིད་དུ་འོང་བར། སྟོན་པ་ཐུབ་པའི་དབང་པོ་ཤཱཀྱ་སེངྒེའི་སྣང་བརྙན་གཙོ་བོར་གྱུར་པའི་རྟེན་ཁྱད་པར་ཅན་གྱི་དྲུང་དུ། ཉེར་སྤྱོད་སྤྱི་དང་། ཁྱད་པར་སྤོས། མར་མེ། ཞལ་ཟས་རྣམས་ཀྱི་ཕྲེང་བ་ཚར་དུ་དངར་བས་མཚོན་ཅི་འབྱོར་བའི་མཆོད་པ་རྣམས་གཙང་ཞིང་བཀོད་པས་མཛེས་པ་དང་། གཏོར་མ་འབུལ་བར་འདོད་ན། ཟླུམ་གཏོར་དཀར་པོ་གཉིས་དང་། གཞི་བདག་གི་གཏོར་མ་དང་བཅས་པའང་བཤམས། དེ་ནས་སློབ་དཔོན་རང་ཉིད་ཁྲུས་བྱ། གྲུབ་ན་སེམས་བསྐྱེད་དང་སྡོམ་པ་བླང་། གང་ལྟར་ཡང་ལྟུང་བཤགས་སོགས་ཆོས་སྤྱོད་ཀྱི་རིམ་པ་ཇི་ལྟར་རིགས་པ་བྱ། དེ་ནས་སྟན་མཐོན་པོ་ལ་འདུག་སྟེ། སློབ་མ་རྣམས་ཕྱི་རོལ་ཏུ་ཁྲུས་བྱས། ནང་དུ་རང་རང་གི་སྟན་དམའ་བར་མེ་ཏོག་དང་བཅས་ཏེ་གུས་པའི་ཚུལ་གྱིས་འཁོད་དུ་གཞུག་གོ། །།གཉིས་པ་དངོས་གཞི་ནི། སློབ་དཔོན་གྱིས་ཆོས་ཐམས་ཅད་སྟོང་ཉིད་དུ་རྟོགས་པའི་ཤེས་རབ་དང་། སེམས་ཅན་ཐམས་ཅད་ཕན་བདེ་ལ་འགོད་པར་འདོད་པའི་བརྩེ་བ་དང་། ཁྱད་པར་སློབ་མ་རྣམས་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་འདོད་པའི་བསམ་པ་བཟང་པོ་དང་ལྡན་པས། གསལ་ཞིང་སྙན་པའི་ངག་གིས་འདི་སྐད་ཅེས་བརྡ་སྤྲོད་པར་བྱའོ། །འོ་སྐོལ་རྣམས་ཀྱིས་རྙེད་པར་དཀའ་བའི་དལ་འབྱོར་གྱི་རྟེན་ཁྱད་པར་རྙེད། མཇལ་བར་དཀའ་བའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ། འཁོར་འདས་ཀྱི་འདམ་ཁ་རང་དབང་ཡོད་པའི་དུས་འདིར་དལ་འབྱོར་ལ་སྙིང་པོ་ལེན་པའི་ཆོས་རྣམ་པར་དག་པ་ཞིག་ལ་ཅི་ནས་ཀྱང་འབད་དགོས་ཏེ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས། རྒྱ་མཚོ་གཅིག་གནས་གཉའ་ཤིང་བུ་ག་དང་། །རུས་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱད་པས་དེ་འབྲས་མཆིས་པར་མཛོད། །ཅེས་གསུངས་ཤིང་། དམ་ཆོས་ཀྱི་ནང་ནས་ཀྱང་། བདག་གཞན་ཐམས་ཅད་སྡུག་བསྔལ་བ་དང་བཅས་པ་ལས་སྒྲོལ་ཤིང་། གནས་སྐབས་དང་། མཐར་ཐུག་གི་བདེ་བ་ཐམས་ཅད་ཐོབ་པར་བྱེད་པའི་རྒྱུ། བསོད་ནམས་དང་ཡོན་ཏན་མཐའ་ཡས་པའི་གཏེར་དུ་གྱུར་པ་ནི་བྱང་ཆུབ་ཀྱི་སེམས་ཁོ་ན་ཡིན་ཏེ། སློབ་དཔོན་ཆེན་པོ་ཞི་བ་ལྷས། །སྡུག་བསྔལ་མཐར་འབྱིན་འདོད་པ་དང་། བདེ་བའི་མཐར་ཡང་འགྲོ་འདོད་པས། །དད་པའི་རྩ་བ་བརྟན་བྱས་ནས། །བྱང་ཆུབ་ལ་ནི་བློ་བརྟན་བྱ། །ཞེས་དང་། །སློབ་དཔོན་ཆེན་པོ་ཙཱནྡྲ་གོ་མིས། །ཕྱོགས་དུས་ཀུན་ན་བཞུགས་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁྲིམས། །བསོད་ནམས་ཀུན་གྱི་གཏེར་གྱུར་གང་། ཞེས་གསུངས་པས་མཚོན་རྒྱལ་བ་སྲས་དང་བཅས་པས་བགྲོད་པ་གཅིག་པའི་ལམ་དུ་བསྔགས་པར་མཛད་པ་བྱང་ཆུབ་ཀྱི་སེམས་དེ་ཡང་ཀུན་རྫོབ་ཆོ་ག་ལས་ཐོབ་པ་དང་། དོན་དམ་པ་སྒོམ་པའི་སྟོབས་ཀྱིས་སྐྱེས་པ་གཉིས་ལས། དང་པོ་ལ། བསྐྱེད་བྱ་སེམས་ཀྱི་མཚན་ཉིད་ནི། གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་ཐེག་ཆེན་སློབ་པའི་སེམས་གང་ཞིག་བྱང་འཕགས་ཀྱི་མཉམ་བཞག་གི་ངོ་བོར་གྱུར་པའི་སེམས་བསྐྱེད་རྣམ་པར་བཅད་པའོ། །མཚན་གཞི་ནི། ཐེག་ཆེན་ཚོགས་སྦྱོར་བའི་རྒྱུད་ཀྱི་སེམས་བསྐྱེད་རྣམས་དང་། བྱང་འཕགས་ཀྱི་རྗེས་ཐོབ་ཀྱི་ངོ་བོར་གྱུར་པའི་སེམས་བསྐྱེད་ལྟ་བུའོ། །དབྱེ་ན། གྲོགས་དགེ་བའི་བཤེས་གཉེན་གྱི་སྟོབས་དང་། རྒྱུ་རིགས་སད་པའི་སྟོབས་དང་། འབྲས་བུ་དགེ་རྩ་རྒྱས་པའི་སྟོབས་དང་། ལམ་ཐེག་ཆེན་གྱི་སྡེ་སྣོད་ཐོས་པའི་སྟོབས་དང་། ཐོས་པ་དེ་ཉིད་མང་དུ་གོམས་པས་བསྐྱེད་པ་དང་ལྔ་ལས། དང་པོ་ནི་གྲོགས་ལ་རག་ལས་པས་མི་བརྟན་པའི་སེམས་བསྐྱེད་དང་། ཕྱི་མ་བཞི་ནི་མི་མཐུན་ཕྱོགས་ཀྱིས་ཉམས་དཀའ་བས་བརྟན་པའི་སེམས་བསྐྱེད་དེ། མདོ་སྡེ་རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་གསུངས་པ་ལྟར། གཙོ་བོར་གཞན་གྱི་མཐུ་ལས་བྱུང་བ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ལའང་། མ་ཐོབ་པ་ཐོབ་པར་བྱེད་པའི་ཆོ་ག །ཐོབ་པ་མི་ཉམས་པར་བསྲུང་བའི་ཚུལ། ཉམས་ན་ཕྱིར་བཅོས་པ་རྣམས་སུ་འདུ་བ་ལས། འདིར་དང་པོ་མ་ཐོབ་པ་ཐོབ་པར་བྱེད་པ་སེམས་བསྐྱེད་དང་སྡོམ་པའི་ཆོ་ག་བགྱིད་པའི་སྐབས་སུ་བབས་པ་ལགས། དེ་ཡང་འདི་ལ་སྔོན་གྱི་མཁས་པ་རྣམས་ཀྱི་གསུངས་ལས། སེམས་བསྐྱེད་ལ་དབུ་མ་ལུགས་དང་། སེམས་ཙམ་ལུགས་གཉིས་ཡོད། དབུ་མ་ལུགས་ནི་སྡོང་བོ་བཀོད་པ་དང་། ནམ་མཁའི་སྙིང་པོས་ཞུས་པ་ལ་སོགས་པའི་མདོའི་རྗེས་སུ་འབྲངས། འཕགས་པ་འཇམ་དཔལ་གྱིས་གསུངས། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ནས་བརྒྱུད། སློབ་དཔོན་ཆེན་པོ་ཞི་བ་ལྷ་ཡི་ལུགས། སློབ་དཔོན་དགྲ་ལས་རྣམ་རྒྱལ་ལ་སོགས་པའི་ཕྱག་ལེན། བསྟན་པའི་མངའ་བདག་ཆེན་པོ་དཔལ་ལྡན་ས་སྐྱ་པ་ལ་སོགས་པས་མཛད་པ་འདི་ཡིན། སེམས་ཙམ་ལུགས་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སོགས་པའི་མདོའི་རྗེས་སུ་འབྲངས། འཕགས་པ་བྱམས་པས་གསུངས་འཕགས་པ་ཐོགས་མེད་ནས་བརྒྱུད། སློབ་དཔོན་ཆེན་པོ་ཙནྡྲ་གོ་མིའི་ལུགས། ཇོ་བོ་ཆེན་པོ་རྗེ་ཡི་ཕྱག་ལེན། དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱིས་མཛད་པ་འདི་ཡིན། འདི་གཉིས་ལ་བླང་བའི་ཡུལ། ལེན་པ་པོའི་གང་ཟག །ལེན་པའི་ཆོ་ག །བླངས་ནས་སྲུང་ཚུལ། ཉམས་ན་ཕྱིར་བཅོས་པ་རྣམས་ལ་མི་འདྲ་བའི་ཁྱད་པར་མང་དུ་ཡོད་ཅེས་གསུངས་ཤིང་། ཡང་མཁས་པ་འགའ་ཞིག་དེ་གཉིས་ཀྱི་དབྱེ་བ་དང་ཁྱད་པར་ལ་སོགས་པ་མི་འཐད་ཅེས་གསུང་ཡང་། འདིར་དེ་ལྟ་བུའི་དགག་སྒྲུབ་ཀྱི་རིམ་པ་རྣམས་བཏང་སྙོམས་སུ་བཞག་ནས། སློབ་དཔོན་ཆེན་པོ་འཕགས་པ་ཐོགས་མེད་དང་། ཇོ་བོ་རྗེ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ནའི་གསུང་རབས་ལས་འབྱུང་བ་ལྟར། ཡང་དག་པ་རྫོགས་པའི་སངས་རྒྱས་ནས། བདག་ཅག་གི་ཡོངས་སུ་འཛིན་པ་ཆེན་པོའི་བར་བུ་བརྒྱུད་པ་བར་མ་ཆད་པ་ལས་བྱོན་པའི་ཕྱག་ལེན་བཞིན་འབུལ་བ་ལ་དོན་རྣམ་པ་གསུམ་སྟེ། སེམས་བསྐྱེད་དང་སྡོམ་པའི་རྟེན་ངེས་པར་བྱ་བ་དང་། སྦྱོར་བ་རྗེས་སུ་སྒྲུབ་པ་དང་། རང་བཞིན་གཏན་ལ་དབབ་པའོ། །དང་པོ་རྟེན་ངེས་པར་བྱ་བ་ལ་གསུམ་སྟེ། སྡུག་བསྔལ་འཁོར་བའི་མཐའ་ལ་སྐྱོ་བ་བསྐྱེད་པ་དང་། ཞི་བ་མྱང་འདས་ཀྱི་མཐའ་ལ་ཞེན་པ་དགག་པ་དང་། མཐའ་གཉིས་དང་བྲལ་བའི་བྱང་ཆུབ་ཀྱི་སེམས་ལ་སྤྲོ་བ་བསྐྱེད་པའོ། །དང་པོ་སྡུག་བསྔལ་འཁོར་བའི་མཐའ་ལ་སྐྱོ་བ་བསྐྱེད་པ་ནི། འདི་ལྟར་ངེས་པར་བྱ་སྟེ། འོ་སྐོལ་རྣམས་ཀྱིས་དལ་འབྱོར་གྱི་མི་ལུས་ཐོབ་པའི་སྐབས་འདིར། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བརྒལ་ཞིང་། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་འབད་དགོས། དེ་ཡི་རྒྱུ་མཚན་ཡང་དོན་དེ་གཉིས་རྟེན་འདི་ལ་བསྒྲུབ་ནུས་ཤིང་གཞན་གྱིས་མི་ནུས་པའི་ཕྱིར་ཏེ། སློབ་སྤྲིང་ལས། གང་ཞིག་ཐོབ་ན་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཞིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་བྱེད་པ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་ཐོབ་ནས་སུ་ཞིག་འབྲས་བུ་མེད་པར་བྱེད། །བདེ་གཤེགས་ལམ་བསྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡི་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་སོ། །དལ་འབྱོར་དེའང་རྙེད་པར་དཀའ་སྟེ། སྡོང་པོ་བཀོད་པ་ལས། མིར་གྱུར་པ་ཡང་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པ་རྣམ་པར་དག་པ་ཡང་རྙེད་པ་དཀའ། ཞེས་གསུངས་ཤིང་། སློབ་དཔོན་ཞི་བ་ལྷས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱི་ནས་རྙེད་དཀའ་ཡིས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས། རྙེད་པ་དེ་ཡང་དུས་རིང་དུ་མི་གནས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་པས། མྱུར་དུ་དགེ་བ་ལ་འབད་དགོས། དེ་ལ་མ་འབད་པར་སྡིག་པ་བྱས་ན་ངན་འགྲོར་ལྷུང་སྟེ། ཞི་བ་ལྷས། དགེ་བ་དག་ཀྱང་མ་བྱས་ལ། །སྡིག་པ་དག་ཀྱང་ཉེར་བསགས་ན། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །ཞེས་གསུངས་ཤིང་། ངན་སོང་དུ་སྐྱེས་ན། དམྱལ་བ་ལ་ཚ་གྲང་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་དེ། འཕགས་པ་ཀླུ་སྒྲུབ་ཀྱིས། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ཡིན་པ། དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་། །འོལ་ཡང་མི་ཉེ་ཆར་ཡང་མི་ཕོད་དོ། །ཞེས་གསུངས་སོ། །ཡི་དྭགས་ལའང་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་མང་པོ་ཡོད་དེ། ཡི་དྭགས་ན་ཡང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པ། །བཀྲེས་སྐོམ་གྲང་དྲོ་ངལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཞེས་གསུངས་སོ། །དུད་འགྲོ་ལའང་། གཅིག་ལ་གཅིག་ཟ་བ་ལ་སོགས་པའི་སྡུག་བསྔལ་ཡོད་དེ། དུད་འགྲོའི་སྐྱེ་གནས་ན་ཡང་བསད་པ་དང་། །བཅིངས་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། ཞེས་གསུངས་པས་སྡིག་པ་སྤང་བ་ལ་འབད་དགོས་ཤིང་། དགེ་བ་ཡང་ཐར་པའི་ལམ་དུ་འགྱུར་བར་མ་བསྒྲུབས་ན་བསོད་ནམས་དང་མི་གཡོ་བའི་ལས་ཀྱིས་བདེ་འགྲོར་སྐྱེས་ཀྱང་དེ་དག་ཁ་ཅིག་ལ་སྡུག་བསྔལ་ཆེན་པོ་ཡོད་ཅིང་། དེ་མེད་པ་རྣམས་ཀྱང་དེ་ནས་ཤི་འཕོས་ནས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་མྱོང་བ་འགྱུར་ཏེ། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་འགྱུར་བ་ཡི། །སྡུག་བསྔལ་རྒྱུན་མི་འཆད་པ་བསྟེན་འཚལ་ལོ། །ཞེས་གསུངས་སོ། །མདོར་ན་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཏེ། མགོན་པོ་བྱམས་པས། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ལ་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མེ་མཚོན་རྒྱ་ཚྭ་ལ་སོགས་རེག་སྐྱེས་བཞིན། །ཞེས་གསུངས་པས་དེ་ལ་ཐར་པའི་ཐབས་ལ་འབད་དགོས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་བཟློག་ཕྱིར་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །དེ་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་གསུངས་པས། འཁོར་བ་ལས་ཐར་བར་བྱ་བའི་དམ་པའི་ཆོས་ལ་འབད་པར་བྱའོ་སྙམ་པའི་བསམ་པ་ཞེ་ཐག་པ་ནས་བསྐྱེད་པ་ཞུ། གཉིས་པ་ཞི་བ་མྱང་འདས་ཀྱི་མཐའ་ལ་ཞེན་པ་དགག་པ་ནི། རང་ཉིད་འཁོར་བ་ལས་ཐར་ཀྱང་གཞན་གྱི་དོན་རྒྱུན་ཆད་པའི་ཕུང་པོ་ལྷག་མེད་ཀྱི་མྱང་འདས་དོན་དུ་གཉེར་བ་ནི། མ་ཆུས་ཁྱེར་བ་མཐོང་ཞིང་གདོན་པའི་ནུས་པ་ཡོད་བཞིན་དུ་དེ་མི་འདོན་པར་རང་ཉིད་སྐམས་ན་ཡིད་བདེ་བར་གནས་པ་ལྟར་ཤིན་ཏུ་མི་རིགས་པའི་ཕྱིར་ཐེག་ཆེན་པས་དོན་དུ་གཉེར་བྱ་མ་ཡིན་ཏེ། སློབ་དཔོན་ཙཱནྡྲ་གོ་མིས། ཉེ་དུ་འཁོར་བའི་རྒྱལ་མཚོའི་ནང་དུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །བྱིས་པ་པང་ན་བཙས་པ་ཅི་ཡང་མི་ནུས་པ། །གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱིས་ཟགས་འཐུངས་པ། །ངལ་བ་མང་བསྟེན་བྱམས་པས་བསྟེན་པ་དེ་དག་འདིར། །ཤིན་ཏུ་མ་རབས་ཤིག་ནའང་སྤོང་བར་སུ་ཞིག་སྤྲོ། །ཞེས་གསུངས་པས། གཞན་དོན་དོར་ནས་རང་ཉིད་གཅིག་པུ་ཞི་བདེ་ཐོབ་པར་འདོད་པའི་བློ་སྤང་འཚལ་ལོ། །གསུམ་པ་མཐའ་གཉིས་དང་བྲལ་བའི་བྱང་ཆུབ་ཀྱི་སེམས་ལ་སྤྲོ་བ་བསྐྱེད་པ་ནི། མགོན་པོ་བྱམས་པས། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བཅད་ནས། །སེམས་ཅན་སྲེད་ཕྱིར་བློ་ལྡན་ཞི་ཐོབ་མིན། །དེ་ལྟར་བློ་བརྩེ་བྱང་ཆུབ་ཐབས་བསྟན་ནས། །འཕགས་པ་འཁོར་བ་མྱ་ངན་འདས་མི་འགྱུར། །ཞེས་པ་ལྟར་འཁོར་འདས་གཉིས་ལ་མི་གནས་པའི་མྱང་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མངོན་སུམ་དུ་མཁྱེན། ཕྲིན་ལས་ཚད་ལས་འདས་ཤིང་རྒྱུན་མི་འཆད་པར་འབད་མེད་ལྷུན་གྲུབ་ཏུ་མཛད་པ་དེ་ཐོབ་པར་བྱ་བ་ཡིན་ལ། དེའི་རྒྱུ་ཡང་བྱང་ཆུབ་ཀྱི་སེམས་ཡིན་ཏེ། མདོ་སྡུད་པ་ལས། ཆུ་ཡི་ཐིགས་པས་བུམ་པ་དང་པོ་ཐ་མའི་བར། །རིམ་གྱིས་ཉུང་ངུ་ཉུང་ངུས་དེ་ཡོངས་འགེངས་པ་ལྟར། །དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་མཆོག་རྒྱུ་སྟེ། །རིམ་གྱིས་དཀར་པོའི་ཡོན་ཏན་རྫོགས་པའི་སངས་རྒྱས་འགྱུར། །ཞེས་གསུངས་ཤིང་། རྣམ་སྣང་མངོན་བྱང་ལས་ཀྱང་། གསང་བའི་བདག་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ་ཡིན། ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ། །ཞེས་གསུངས། སྡོང་པོ་བཀོད་པ་ལས་ཀྱང་། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྐྱེད་པས་ས་བོན་ལྟ་བུའོ། །ཞེས་གསུངས་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ་སྙམ་པའི་འདུན་པ་དྲག་པོ་དུང་བ་རེ་བསྐྱེད་མཛོད། གཉིས་པ་སྦྱོར་བ་རྗེས་སུ་སྒྲུབ་པ་ལ་གཉིས་ཏེ། སྨོན་པ་དང་འཇུག་པའོ། །དང་པོ་ལའང་སྦྱོར་དངོས་རྗེས་གསུམ་གྱི་སྦྱོར་བ་ལ་གསུམ་སྟེ། ཡུལ་ཁྱད་པར་ཅན་ལ་གསོལ་བ་གདབ་པ་དང་། རྟེན་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ་བ་དང་། ཐབས་ཁྱད་པར་ཅན་གྱི་སྒོ་ནས་ཚོགས་བསགས་པའོ། །དང་པོ་ཡུལ་ཁྱད་པར་ཅན་ལ་གསོལ་བ་གདབ་པ་ནི། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ནས། ཕྱག་དང་མཆོད་པ་ཕུལ་ཏེ་དགེ་བའི་བཤེས་གཉེན་ལ་སྟོན་པའི་འདུ་ཤེས་བསྐྱེད་ལ་ཕྱག་དང་མཎྜལ་ཕུལ་ནས་འདི་ལྟར་གསོལ་བ་གདབ་པར་བྱ་སྟེ། ཞེས་འབྱུང་བས། ཐོག་མར་ཁྱེད་རང་རྣམས་ཀྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས་མདུན་གྱི་ནམ་མཁར་མངོན་སུམ་ལྟ་བུར་བྱོན་པ་ལ་ཕྱག་དང་མཆོད་པ་ཕུལ་བའི་ཡིད་ཀྱིས་ཡན་ལག་ལྔ་ས་ལ་གཏུགས་པའི་ཕྱག་དང་བཅས་ཏེ་འདི་གསུང་བར་ཞུ། ཇི་སྙེད་སུ་དག །སོགས་ནས། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། བར་ལན་གཅིག །སླར་ཡང་དགེ་བའི་བཤེས་གཉེན་ལ་སྟོན་པའི་འདུ་ཤེས་བསྐྱེད་དེ་ཕྱག་གསུམ་མཛད་པར་ཞུ། ཞེས་བརྗོད་ལ་ཕྱག་གསུམ་འཚལ་དུ་གཞུག །དེ་ནས་སྨོན་པ་བྱང་ཆུབ་གྱི་མཆོག་ཏུ་སེམས་བསྐྱེད་པའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། ཞེས་བརྡ་སྦྱར་ལ། མཎྜལ་ཚོམ་བུ་བདུན་མ་སྤྱི་ལྟར་ལ། མ་ཚང་བ་མེད་པ་འདི་ཉིད་བླ་མ་རྒྱལ་བ་སྲས་དང་བཅས་པ་ལ་སྨོན་པ་བྱང་ཆུབ་གྱི་མཆོག་ཏུ་སེམས་བསྐྱེད་པ་ཞུ་བའི་ཡོན་དུ། སོགས་སྦྱར་ལ་འབུལ་དུ་གཞུག །དེ་ལྟར་མཎྜལ་ཕུལ་ནས་ཕྱག་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛད་པར་ཞུ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་བཞུགས་པ་རྣམས་ཀྱིས། དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། རང་རང་གི་མིང་ནས་སྨོས་ཏེ་བདག་མིང་འདི་ཞེས་བགྱི་བ་ཡང་། སློབ་དཔོན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གསོལ། ཞེས་ལན་གསུམ་བརྗོད་དོ། །གཉིས་བརྟེན་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ་བ་ནི། ཐུན་མོང་གི་སྐྱབས་འགྲོ་ལས་ཁྱད་པར་གསུམ་གྱིས་ཁྱད་པར་དུ་འཕགས་པའི་ཐེག་ཆེན་གྱི་སྐྱབས་འགྲོ་བྱེད་པ་ཡིན་ཏེ། དུས་ཀྱི་ཁྱད་པར་ནི་བྱང་ཆུབ་སྙིང་པོའི་བར་ཡིན་ལ། ཡུལ་གྱི་ཁྱད་པར་ནི། སངས་རྒྱས་སྐུ་གསུམ་གྱི་བདག་ཉིད། རྟོགས་པའི་ཆོས་ཐེག་ཆེན་གྱི་འགོག་ལམ་དང་། ལུང་གི་ཆོས་ཐེག་ཆེན་གྱི་གསུང་རབ་དགེ་འདུན་ནི་བྱང་སེམས་འཕགས་པ་ཕྱིར་མི་ལྡོག་པ་རྣམས་ཡིན་ནོ། །བསམ་པའི་ཁྱད་པར་ནི། སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མེད་པ་ནས་ལན་གྲངས་དཔག་ཏུ་མེད་པར་ཕན་བཏགས་པས་དྲིན་ཆེ་ལ། དྲིན་ཆེན་དེ་རྣམས་འཁོར་བར་སྡུག་བསྔལ་དྲག་ལ་ཡུན་རིང་བས་གཙོས་ཤིང་ལས་དང་ཉོན་མོངས་པའི་འཆིང་བས་བཅིངས་པས་ཐར་པའི་ཐབས་མེད་པས་སྙིང་རེ་རྗེ་སྙམ་དུ་བསམས་ལ། འདི་རྣམས་གནས་སྐབས་དང་མཐར་ཐུག་གི་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ་བར་བདག་གིས་བྱེད་དགོས་པ་ལ། ད་ལྟ་བདག་ལ་དེའི་ནུས་པ་མེད་ཅིང་། དེ་ལྟར་ནུས་པ་ནི་སངས་རྒྱས་ཁོ་ན་ཡིན་པས་བདག་གིས་སངས་རྒྱས་ཐོབ་པར་བྱེད་དགོས། དེའང་དཀོན་མཆོག་ལ་རག་ལས་པས། བདག་གིས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་ནུས་ཀྱི་སངས་རྒྱས་ཐོབ་པའི་དོན་དུ་དཀོན་མཆོག་ལ་སྐྱབས་ཤིང་བློ་གཏོད་པས་བདག་དེ་ལྟར་འགྱུར་བར་དཀོན་མཆོག་མཁྱེན་སྙམ་པའི་འདུན་པ་དྲག་པོ་བྱ་སྟེ། མདོ་སྡེ་རྒྱན་ལས། དེ་ནི་དེ་དངོས་འདོད་པས་ཁས་ལེན་དེ་ཡང་སྙིང་རྗེ་ལས་རིག་བྱ། ཞེས་གསུངས་པས་ད་ལྟ་བདག་ལ་སེམས་ཅན་སྡུག་བསྔལ་ལས་སྒྲོལ་བའི་ནུས་པ་མི་འདུག་པས། མ་ལག་ཞ་མའི་བུ་ཆུས་ཁྱེར་བ་གཞན་ལ་རམ་མདའ་ཟློག་ཟེར་བ་ལྟར་དྲིན་ཅན་སེམས་ཅན་རྣམས། སྡུག་བསྔལ་དང་ཀུན་འབྱུང་གི་ཆུས་ཁྱེར་རོ་རམ་མདའ་བཟློག་ཟེར་བའི་ཚུལ་དུ་བྱེད་པ་ཡིན་གསུང་། དེས་ན་ད་ལྟ་སེམས་ཅན་རྣམས་སྡུག་བསྔལ་ལས་སྒྲོལ་བ་དང་། མ་འོངས་པ་ན་བདག་ལ་སེམས་ཅན་ཐམས་ཅད་སྒྲོལ་བའི་ནུས་པ་ཡོད་པ་དཀོན་མཆོག་མཁྱེན་སྙམ་པའི་བསམ་པ་ཁྱད་པར་ཅན་དང་ལྡན་པས། བདག་ཀྱང་རྨི་ལམ་དང་སྒྱུ་མ་ལྟར་བདེན་པ་མེད་པར་ཤེས་པར་བྱས་ནས། སེམས་གཞན་དུ་མ་ཡེངས་པར་རྩེ་གཅིག་པའི་ཡིད་ཀྱིས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་ལན་གསུམ་གནང་བར་ཞུ། སློབ་དཔོན་དགོངས་སུ་གསོལ། རང་རང་གི་མིང་ནས་སྨོས་ཏེ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །སློབ་དཔོན་དགོངས་སུ་གསོལ། རང་རང་མིང་ནས་སྨོས་ཏེ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཆོས་རྣམས་ཀྱི་མཆོག་ཞི་བ་འདོད་ཆགས་དང་བྲལ་བའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །སློབ་དཔོན་དགོངས་སུ་གསོལ། རང་རང་གི་མིང་ནས་སྨོས་ཏེ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཚོགས་རྣམས་ཀྱི་མཆོག །འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པས་སྐྱབས་སུ་སོང་ནས། དེ་ཡི་བསླབ་བྱ་ལ། དེང་ཕྱིན་ཆད་སངས་རྒྱས་ལ་སྟོན་པ། ཐེག་ཆེན་གྱི་ཆོས་ལ་ལམ། བྱང་སེམས་འཕགས་པ་རྣམས་ལ་ལམ་སྒྲུབ་པའི་གྲོགས་སུ་བཟུང་བའི་བསམ་སྦྱོར་བརྟན་པོ་བསྐྱེད་དགོས་པ་ལགས། གསུམ་པ་ཐབས་ཁྱད་པར་ཅན་གྱི་སྒོ་ནས་ཚོགས་བསག་ཅིང་སྒྲིབ་པ་སྦྱང་བ་ནི། འགའ་ཞིག་ཕྱག་དང་མཆོད་པ་ཙམ་ལས་མི་མཛད་ནའང་། ཇོ་བོ་ཆེན་པོས་ཡན་ལག་བདུན་ཚང་བར་བྱེད་པར་བཤད་པས། ཐོག་མར་ཡན་ལག་བདུན་པ་འབུལ་བའི་ཡུལ་གསལ་གདབ་པ་ནི། མདུན་གྱི་ནམ་མཁར་བསྟན་པའི་བདག་པོ་བཅོམ་ལྡན་ཐུབ་པ་ཆེན་པོ་ལ། འཁོར་ཉེ་བའི་སྲས་བརྒྱད་ལ་སོགས་པས་བསྐོར་བས་གཙོ་བྱས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བཞུགས་པ་བསམས་ནས། དེ་རྣམས་དང་སློབ་དཔོན་ལྷན་གཅིག་པའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་ལུས་ཞིང་གི་རྡུལ་རྙེད་དུ་སྤྲུལ་ནས། སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་བའི་མོས་པས། རྗེས་ཟློས་ཀྱི་ཚིག་རྣམས་དལ་ཞིང་དོད་ལ་སྐབས་ཕྱེད་པར་བརྗོད་པ་ཤིན་ཏུ་གལ་ཆེ་བས། ཡན་ལག་ལྔ་ས་ལ་གཏུགས་པའི་ཕྱག་དང་བཅས་ཏེ་འདིའི་རྗེས་ཟློས་ལན་གསུམ་མཛོད། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་ཚིགས་བཅད་རེ་དང་ཕྱག་རེ་སྦྲགས་པ་ལན་གསུམ་བྱེད་དུ་གཞུག །དེ་བཞིན་དུ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་གཞི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པས་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་སྒྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང་། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་ཕྱག་དང་བཅས་ཏེ་བྱར་གཞུག་གོ །དེ་ལྟར་བླ་མ་དང་དཀོན་མཆོག་ལ་ཕྱག་འཚལ་བ་སྔོན་དུ་སོང་ནས། གཉིས་པ་མཆོད་པ་འབུལ་བ་ལ་ལྔ་ལས། དང་པོ་དངོས་སུ་བཤམས་པའི་མཆོད་པ་ནི། ཐོག་མར་སློབ་དཔོན་གྱིས་སོ་སོའི་རིག་པས་བྱིན་གྱིས་བརླབས་པར་བྱ་བ་ཡིན་ཏེ། ཞེས་མཚམས་སྦྱར་ལ། སློབ་དཔོན་གྱིས། རིན་པོ་ཆེ་ལ་སོགས་པའི་སྣོད་ཕུན་སུམ་ཚོགས་པར་དངོས་སུ་བཤམས་པའི་མཆོད་པ་རྣམས་སོ་སོའི་རིག་པས་བྱིན་གྱིས་བརླབས་པའི། ལྷ་རྫས་ཀྱི་མཆོད་ཡོན། མེ་ཏོག །བདུག་སྤོས། སྣང་གསལ། དྲི་མཆོག །ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ནས་ཤབྡའི་བར་སྦྱར་བས་བྱིན་གྱིས་བརླབ། དེ་ལྟར་བྱིན་གྱིས་བརླབས་ནས་དངོས་སུ་བཤམས་པའི་མཆོད་པ་རྣམས་རྒྱུར་བྱས་པ་ལས་བྱུང་བའི་ལྷ་རྫས་ཀྱི་མཆོད་པའི་སྤྲིན་ཕུང་ནམ་མཁའི་ཁམས་ཁྱབ་པར་གྱུར་པ་དང་། གཞན་ཡང་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་ཡོད་པའི་མེ་ཏོག་ལ་སོགས་པ་རྣམས། བླ་མ་རྒྱལ་བ་སྲས་དང་བཅས་པ་ལ་འབུལ་ལོ་སྙམ་པས་འདི་གསུང་བར་ཞུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲྭ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། པུཥྤེ་ནས་ཤབྡའི་བར་སྦྱར་བས་མཆོད་དུ་གཞུག །སྤྲོ་ན། མཆོད་ཡོན་ཕལ་ཆེར། སོགས་ཚིགས་བཅད་ཇི་ལྟར་རིགས་པ་དང་སྤེལ་ནས་ཀྱང་རུང་ངོ་། །གཉིས་པ་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པ་ནི། ཕྱོགས་བཅུ་རབ་འབྱམས་མུ་མཐའ་མེད་པའི་འཇིག་རྟེན་གྱི་ཁམས་ཇི་སྙེད་ན། བདག་པོས་ཡོངས་སུ་མ་བཟུང་བའི་རིན་པོ་ཆེའི་རི་དཔག་བསམ་གྱི་ཤིང་། འབྲུ་དང་མེ་ཏོག །སྨན་དང་ནགས་ཚལ་ལ་སོགས་པ་ཐམས་ཅད་རབ་ཏུ་དྭང་བའི་བློས་བླངས་ཏེ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ་ན། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཚོགས་རྫོགས་པའི་དོན་དུ་ཁྱེད་རྣམས་ཀྱིས་བཞེས་སུ་གསོལ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་། །སྨན་གྱི་རྣམ་པ་གང་དག་ཡོད་པ་དང་། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང་། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང་། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང་། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང་། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང་། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང་། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དག །ངང་པ་སྐད་སྙན་ཤིན་ཏུ་ཡིད་འོང་ལྡན། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐའ་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །གསུམ་པ་ལུས་འབུལ་ནི། བདག་གི་ལུས་འདི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྲན་དུ་ཕུལ་ནས། དེ་དག་གི་བྱ་བ་སེམས་ཅན་གྱི་དོན་འབའ་ཞིག་བྱ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བཞི་པ་བློས་སྤྲུལ་པའི་མཆོད་པ་ནི། །བདག་གི་ཚིག་ལས་འབྱུང་བའི། ཁྲུས་ཀྱི་ཁང་པ་ཞེས་པ་ལ་སོགས་པ་འདི་རྣམས་ཚིགས་བཅད་ལས་ཇི་ལྟར་བྱུང་བའི་རིམ་པ་བཞིན་དུ་ལམ་ལམ་བྱུང་བར་མོས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འབུལ་བར་ཞུ། ཞེས་བརྡ་སྦྱར་ནས་རང་གིས་ཚིག་དལ་ལ་དད་པ་སྐབས་ཕྱེད་པས་འདི་རྣམས་བརྗོད་པར་བྱའོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པ་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡ་ར་དང་པདྨ་དང་། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང་། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཀྱིས་བྱུགས་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བགྱི། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཕྱང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང་། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །ཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་ལྟ་ན་སྡུག་པ་བསྒྲེང་བ་ཡང་། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །ལྔ་པ་མཆོད་པ་ཡོངས་སུ་བསྔོ་བ་ནི། །དེ་དག་ལས་གཞན་ཡང་མཆོད་པའི་བྱེ་བྲག་མཐའ་ཀླས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་མཉེས་པར་བྱེད་ཅིང་། །སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱེད་པའི་ཚོགས་ནམ་མཁའི་ཁམས་ཁྱབ་པར་གནས་ཤིང་མཆོད་པའི་སྤྲིན་གྱི་ཆར་ཆེན་པོ་འབབས་པར་གྱུར་ཅིག་སྙམ་པས་འདིའི་རྗེས་ཟློས་མཛོད། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སེལ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ཅེས་ལན་གཅིག་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝཱ་ཏེ། བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བིདྱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་བརྗོད་དུ་གཞུག་གོ །དེ་ནས་སྐབས་འདིར་གཏོར་མ་འབུལ་བར་སྤྲོ་ན། དེ་རྣམས་ཀྱིས་མཆོད་པའི་ཡན་ལག་དངོས་གཞི་གྲུབ་ནས། རྗེས་འབྲེལ་དུ་གཏོར་མ་འབུལ་བ་ནི་སློབ་དཔོན་གྱིས་བགྱི་བར་གདའ་སྟེ། ཞེས་མཚམས་སྦྱར་ལ། གཏོར་མ་རྣམས་ལ་ཆབ་བྲན། སློབ་དཔོན་གྱིས། རིན་པོ་ཆེ་ལ་སོགས་པའི་གཏོར་སྣོད་ཀྱི་ནང་དུ་གཟུགས་སྒྲ་དྲི་རོ་རེག་བྱའི་སྐྱེ་མཆེད་ཀྱི་ངོ་བོར་གྱུར་པའི་གཏོར་མ་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པས་གང་བར་གྱུར། ཨོཾ་ཨ་ཀཱ་རོ། སོགས་ལན་གསུམ་གྱིས་བརླབས་ནས། གཏོར་མ་དང་པོ། ཨོཾ་སརྦ་གུ་རུ་བུདྡྷ་དྷརྨ་སངྒྷ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ། སོགས་བཏགས་པ་གསུམ་མམ་ལྔས་བླ་མ་དང་དཀོན་མཆོག་གསུམ་ལ་ཕུལ་ནས། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། བདག་ཅག་དཔོན་སློབ་རྣམས་ཀྱི་རྒྱུད་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཅོས་མ་མ་ཡིན་པ་སྐྱེ་བ་དང་། སྐྱེས་པ་གོང་ནས་གོང་དུ་འཕེལ་བར་མཛད་དུ་གསོལ། ཞེས་གསོལ་བ་གདབ། གཏོར་མ་གཉིས་པ། ཨོཾ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ། སོགས་བཏགས་པ་ལན་གསུམ་གྱིས་ཆོས་སྐྱོང་སྤྱི་ལ་ཕུལ་ནས། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལ་སོགས་པ་ཆོས་སྐྱོང་བའི་སྲུང་མ་རྣམས་དང་། དཀར་ཕྱོགས་ལ་མངོན་པར་དགའ་བའི་ལྷ་ཀླུ་གནོད་སྦྱིན་འབྱུང་པོའི་ཚོགས་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་དར་བ་དང་། འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང་། བདག་ཅག་དཔོན་སློབ་རྣམས་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་བ་དང་། བར་ཆད་ཐམས་ཅད་ཞི་བའི་ཕྲིན་ལས་དང་སྟོང་གྲོགས་དམ་པ་མཛད་དུ་གསོལ། ཞེས་འདོད་དོན་གསོལ། གཏོར་མ་གསུམ་པ། གཉུག་མར་གནས་པའི་གཞིའི་བདག་པོ་རྣམས་མདུན་དུ་མངོན་སུམ་བཞིན་འཁོད་པར་བསམས་ལ། ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ། སོགས་བཏགས་པ་ལན་གསུམ་གྱིས་བསྔོས་ལ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་གཞི་བདག །གནས་བདག གྲོང་བདག །དཀོར་བདག །གཉུག་མར་གནས་པ་རྣམས་ལ་འབུལ་ལོ། །མཆོད་དོ། །སྟོབ་བོ། །བཞེས་ཤིག །སངས་རྒྱས་ཀྱི་བསྟན་པ་དར་བ་དང་། འཇིག་རྟེན་གྱི་ཁམས་སུ་བདེ་ལེགས་ཐམས་ཅད་འབྱུང་བ་དང་། བདག་ཅག་དཔོན་སློབ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པ་ལ་དགའ་ཞིང་རྗེས་སུ་ཡི་རངས་ནས། བར་དུ་གཅོད་པ་ཐམས་ཅད་བསྲུང་བའི་སྟོང་གྲོགས་དམ་པ་མཛོད་ཅིག །ཅེས་ཕྲིན་ལས་གཞོལ། གསུམ་པ་སྡིག་པ་བཤགས་པ་ནི། རང་གཞན་ཐམས་ཅད་ཀྱིས། རྒྱུ་དུག་གསུམ་གྱིས་ཀུན་ནས་བསླངས་ཤིང་། བྱེད་པ་པོ་སྒོ་གསུམ་དང་རྗེས་སུ་འབྲེལ་བས་སྔར་བསགས་པའི་སྡིག་ལྟུང་ཐམས་ཅད་དྲན་ཡུལ་དུ་བྱས་ནས་དེ་ལ་འགྱོད་པ་དྲག་པོ་བསྐྱེད་པ་དང་། ད་ཕྱིན་ཆད་སྲོག་ལ་བབས་ཀྱང་སྡིག་པ་མི་བྱེད་སྙམ་པའི་ཞེ་བཅད་ཆེན་པོ་དང་། ད་ནི་གཞན་དོན་དུ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་རྟེན་དཀོན་མཆོག་གསུམ་ལ་བརྟེན་ནས་སྡིག་པའི་གཉེན་པོའི་ཆོས་རྣམས་ཚུལ་བཞིན་དུ་ཉམས་སུ་བླང་བར་བྱའོ་སྙམ་པའི་བསམ་པ་ཞེ་ཐག་པའི་སྒོ་ནས་སྡིག་བཤགས་ཀྱི་ཚིག་བརྗོད་པས་སྡིག་པ་ཐམས་ཅད་སངས་སངས་དག་པའི་མོས་པ་དང་བཅས་ཏེ་འདིའི་རྗེས་ཟློས་མཛོད། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། བཞི་པ་དགེ་བ་ལ་རྗེས་སུ་ཡི་རང་བ་ནི། འཕགས་པ་དང་སོ་སོར་སྐྱེ་བོའི་བདེ་བ་དང་དགེ་བའི་རྩ་བ་ཐམས་ཅད་ལ་ཞེ་ཐག་པ་ནས་དགའ་བའི་བསམ་པས་འདི་ཡི་རྗེས་ཟློས་མཛོད། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རངས། ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་སངས་རྒྱས་ནས་ཞུ་བ་པོའི་ཚོགས་རྫོགས་པར་བྱ་བ་ལ་སོགས་པའི་དོན་དུ་ཆོས་ཀྱི་འཁོར་ལོ་མི་བསྐོར་བའང་ཡོད་པས། དེ་རྣམས་ལ་གདུལ་བྱ་རྣམས་ཀྱི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་ཞུ་སྙམ་པའི་བསམ་པ་ཞེ་ཐག་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་ནི། གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་འགའ་ཞིག་སངས་རྒྱས་ལ་དཀོན་པའི་འདུ་ཤེས་བསྐྱེད་པ་ལ་སོགས་པའི་དོན་དུ་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་པའང་ཡོད་པས། དེ་རྣམས་ལ་ཞིང་དེ་རྣམས་ཀྱི་གདུལ་བྱའི་དོན་དུ་མྱ་ངན་ལས་མི་འདའ་བར་ཡུན་རིང་དུ་བཞུགས་སུ་གསོལ་སྙམ་པའི་བསམ་པ་ཞེ་ཐག་པས་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་རྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། བདུན་པ་བསྔོ་བ་ནི། དེ་ལྟར་ཕྱག་འཚལ་བ་ལ་སོགས་པའི་དགེ་བའི་རྩ་བ་མཚོན་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བས་རྣམས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བ་དང་། གནས་སྐབས་དང་མཐར་ཐུག་གི་བདེ་བ་ཐམས་ཅད་འགྲུབ་པའི་རྒྱུར་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བར་བགྱིའོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས་མཛོད། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡིས། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །དེ་རྣམས་ཀྱིས་སྦྱོར་བའི་རིམ་པ་གྲུབ་ནས། གཉིས་པ་དངོས་གཞི་ནི། ཇི་སྐད་དུ། དེ་ལ་དང་པོ་རིགས་ནུས་ལས། །སྙིང་རྗེའི་ས་བོན་རབ་སད་ཅིང་། །སྦྱོར་དང་བསམ་པ་ཕུན་ཚོགས་པས། །བྱང་ཆུབ་སེམས་ནི་ཡོངས་སུ་བཟུང་། ཞེས་འབྱུང་བས། སེམས་བསྐྱེད་དེ་རང་སྟོབས་དང་། གཞན་སྟོབས་དང་། སྦྱོར་བའི་སྟོབས་ལས་སྐྱེ་བ་ལས། དང་པོ་ནི། རང་ལ་ཐེག་ཆེན་གྱི་རིགས་ཡོད་པ་ཡིན་ཏེ། ཁྱེད་རྣམས་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པར་འདོད་པའི་བློ་བྱུང་བས་དེ་ཡོད་པར་གྲུབ། གཉིས་པ་ནི། སངས་རྒྱས་ཀྱི་ཡོན་ཏན་དང་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་ཐོས་པ་དང་། ཐེག་ཆེན་གྱི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱས་པ་ལ་སོགས་པས་སྐྱེ་བ་ཡིན་ཏེ། དེ་དག་ཀྱང་ཅི་རིགས་པར་ཚང་། གསུམ་པ་ནི། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་དང་། རང་ལ་རྨི་ལམ་སྒྱུ་མ་ལྟ་བུའི་འདུ་ཤེས། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེའི་འདུ་ཤེས་བྱེད་པ་སྟེ། དང་པོ་ནི། བླ་མ་འདིས་བདག་ལ་སངས་རྒྱས་ཀྱི་རྒྱུའི་གཙོ་བོ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱེད་པས་ན་སངས་རྒྱས་དངོས་ཡིན་སྙམ་པ་བྱ། དེ་ལྟར་སངས་རྒྱས་ཀྱི་འདུ་ཤེས་སྐྱེས་ན་ཤིན་ཏུ་ལེགས། དེ་མ་སྐྱེས་ནའང་སེམས་བསྐྱེད་ཀྱི་སློབ་དཔོན་དུ་འོས་པའི་བྱང་ཆུབ་སེམས་དཔའ་ཡིན་སྙམ་པའི་བསམ་པ་ངེས་པར་བསྐྱེད་དགོས་སོ། །གཉིས་པ་ནི། ཕུང་པོ་ལྔ་ལ་བདག་ཅེས་བཏགས་ཤིང་བློ་འཁྲུལ་པས་བདག་ཏུ་བཟུང་བ་མ་གཏོགས་བདག་བདེན་པར་མ་གྲུབ་པས་སྒྱུ་མའམ་རྨི་ལམ་ལྟ་བུ་ཡིན་སྙམ་དུ་བསམ་མོ། །གསུམ་པ་ནི། དབུ་མ་སྙིང་པོ་ལས། བྱམས་པ་དང་ནི་སྙིང་རྗེ་དང་། །ཤེས་རབ་ཆེན་པོས་བརྒྱན་པ་ཡི། །སངས་རྒྱས་ས་བོན་བྱང་ཆུབ་སེམས། །དེ་ཕྱིར་མཁས་པས་དེ་མི་བཏང་། །ཞེས་པ་དང་། མདོ་སྡེ་རྒྱན་ལས། དེ་ཡི་རྩ་བ་སྙིང་རྗེར་འདོད། །ཅེས་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་སྡེ་ལས། འདི་ལ་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཏུ་མངོན་པར་མོས་པའི་སྔོན་དུ་འགྲོ་བ་ནི་སྙིང་རྗེ་ཆེན་པོ་ཡིན་ནོ། །ཞེས་གསུངས་པས་འདི་ལྟར་ངེས་པར་བྱ་སྟེ། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མེད་པ་ནས་ལན་གྲངས་དཔག་ཏུ་མེད་པར་བདག་གི་མར་བྱས་ཤིང་གནོད་པ་ལས་སྐྱོབས། ཕན་པ་སྒྲུབ། རང་བས་ཀྱང་གཅེས་པའི་འདུ་ཤེས་ཀྱིས། རང་གི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་ཁྱད་དུ་བསད་ནས་ང་ལ་ཕན་པ་སྣ་ཚོགས་བྱས། ང་བདེ་བ་ལྡན་ཞིང་བདེ་བ་དང་མི་འབྲལ་བའི་དོན་དུ་ཚ་གྲང་བཀྲེས་སྐོམ་ངལ་དུབ་ལ་སོགས་པ་དང་ལྡན་པའི་འབད་རྩོལ་ཆེན་པོ་གྲངས་མེད་པར་བྱས་ཤིང་། ང་ན་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་མ་བཟོད་ནས་ངུས་པའི་འཆི་མ་བསགས་ཀྱང་རྒྱ་མཚོ་ཆེན་པོ་བས་ཀྱང་ལྷག་པ་ཡོད་དེ། དེ་ལྟར་གནོད་པ་ལས་བཟློག་ཅིང་ཕན་པ་བསྒྲུབས་པས་འདི་རྣམས་ཤིན་ཏུ་དྲིན་ཆེ་སྙམ་དུ་ལེགས་པར་བསམས་ལ། འདི་རྣམས་གནས་སྐབས་དང་མཐར་ཐུག་གི་བདེ་བ་དང་ལྡན་ན་ཅི་མ་རུང་སྙམ་པ་དང་། དེ་ལ་བདག་གིས་དགོད་པར་བྱའོ་སྙམ་པའི་བྱམས་པ་དང་། འདི་རྣམས་བདེ་བར་འདོད་ཀྱང་སྡུག་བསྔལ་དང་ལྡན་ཏེ། དམྱལ་བ་ལ་ཚ་གྲང་། ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲོ་ལ་གཅིག་ལ་གཅིག་ཟ་བ་ལ་སོགས་པ་དང་། མི་ལ་སྐྱེ་རྒ་ན་འཆི་ལ་སོགས་པ་དང་། ལྷ་མ་ཡིན་ལ་འཐབ་རྩོད་ལ་སོགས་པ་དང་། འདོད་ཁམས་ཀྱི་ལྷ་ལ་འཆི་ལྟས་ལ་སོགས་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་ལ། ཁམས་གོང་མ་དག་ལའང་དེ་ལས་ཉམས་ནས་དམྱལ་བ་ལ་སོགས་པར་སྐྱེ་བར་འགྱུར་བས་མཚོན་སྡུག་བསྔལ་ཁོ་ན་ལས་མ་འདས་པའི་ཚུལ། མདོ་དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང་། གཞན་ཡང་མདོ་ལས། འདོད་པའི་ཁམས་ཀྱང་སྐྱོན་དང་བཅས་པ་སྟེ། །གཟུགས་ཀྱི་ཁམས་ཀྱང་སྐྱོན་དང་བཅས་པའོ། །དེ་བཞིན་གཟུགས་མེད་ཁམས་ཀྱང་སྐྱོན་དང་བཅས། །ཞེས་དང་། འདུལ་བ་ལུང་ལས། །སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་སྟེ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེད་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །ཞེས་གསུངས་པ་ལྟར། མདོར་ན་གནས་ཁམས་གསུམ་དུ་རྟེན་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནས་དུས་རྟག་ཏུ་སྡུག་བསྔལ་བར་གྱུར་བའི་སེམས་ཅན་དེ་དག་སྡུག་བསྔལ་དེ་ལས་ཐར་བར་འདོད་ཀྱང་། ལས་དང་ཉོན་མོངས་པའི་འཆིང་བ་དམ་པོས་བཅིངས། །དགེ་བའི་བཤེས་གཉེན་གྱིས་མ་ཟིན། ཐར་པར་འགྲོ་བའི་གྲོགས་བཟང་པོ་དང་བྲལ། འཕགས་པ་རྣམས་ཀྱི་གདུལ་བྱར་ཡང་མ་གྱུར་པས་སྡུག་བསྔལ་ལས་ཐར་པའི་ཐབས་མི་འདུག་པས་སྙིང་རེ་རྗེ་སྙམ་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རང་ཐོག་དུ་བབ་པ་ཙམ་དུ་བསམས་ལ། འདི་རྣམས་སྡུག་བསྔལ་རྒྱུ་དང་བཅས་པ་ཐམས་ཅད་དང་བྲལ་ན་ཅི་མ་རུང་། དེ་དང་བྲལ་བར་བདག་གིས་བྱའོ་སྙམ་པའི་སྙིང་རྗེ་དྲག་ཏུ་བསྒོམས་པ་དང་། དེ་ལྟར་འདི་རྣམས་བདེ་བ་ལ་དགོད་ཅིང་སྡུག་བསྔལ་ཐམས་ཅད་ལས་སྒྲོལ་བའི་ཁུར་ང་ལ་བབ་ཅིང་། སྤྲོ་ཡང་ད་ལྟ་དེའི་ནུས་པ་མེད་པར་མ་ཟད། ང་བས་ལྷག་པའི་ཚངས་པ་དང་བརྒྱ་བྱིན། དེ་བས་ལྷག་པའི་ཉན་རང་དགྲ་བཅོམ་པ་ལ་སོགས་པ་ལ་ཡང་མེད། དེ་ལྟར་སུས་ནུས་ན་དོན་གཉིས་ཕུན་སུམ་ཚོགས་པའི་རྫོགས་པའི་སངས་རྒྱས་ཁོ་ནས་ནུས་པས་དེ་ཐོབ་པར་བྱ། དེའི་རྒྱུའི་གཙོ་བོ་སེམས་བསྐྱེད་ཡིན་པས་དེ་བླང་བར་བྱ་སྙམ་དུ་ཞེ་ཐག་པ་ནས་བསམས་ལ། སེམས་བསྐྱེད་ནས་དེའི་བསླབ་བྱ་རྣམས་ལ་བསླབས་པས་བདག་གིས་གདོན་མི་ཟ་བར་སངས་རྒྱས་ཐོབ་ངེས། དེ་ཐོབ་ནས་སེམས་ཅན་རྣམས་སྡུག་བསྔལ་གྱི་ཆུ་བོ་ལས་བསྒྲལ། ལས་དང་ཉོན་མོངས་པའི་འཆིང་བ་ལས་སྒྲོལ། གནས་སྐབས་སུ་སྡུག་བསྔལ་ལས་དབུགས་དབྱུང་། མཐར་ཐུག་མྱ་ངན་ལས་བཟླ་སྙམ་དུ་བསམས་ལ། མདུན་གྱི་ནམ་མཁར་ཐུབ་པ་ཆེན་པོ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་མངོན་སུམ་དུ་བཞུགས་པར་མོས་པ་དང་བཅས་ཏེ་དགོངས་སུ་གསོལ་ཞེས་བརྗོད་པའི་ཚེ་འདི་རྣམས་ཀྱི་ཡེ་ཤེས་དང་ཐུགས་རྗེས་ངེས་པར་གཟིགས་སྙམ་དུ་བསམ་པ་ཤུགས་དྲག་ཏུ་བསྐྱེད་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུག་པའམ་ཙོག་པུར་འདུག་སྟེ། ཐལ་མོ་སྦྱར་ནས་དོན་དྲན་བཞིན་པས་སེམས་རྩེ་གཅིག་ཏུ་བྱས་ཏེ། ཚིག་འདི་རྣམས་ཀྱི་རྗེས་སུ་བཟླས་པ་ལན་གསུམ་གྱི་སྒོ་ནས་སེམས་བསྐྱེད་དགོས་པས་རྗེས་ཟློས་དང་པོ་གནང་བར་ཞུ། ། ༈ ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། སོ་སོ་རང་རང་གི་མིང་ནས་སྨོས་ཏེ། བདག་གི་མིང་འདི་ཞེས་བགྱི་བས་སྐྱེ་བ་འདི་དང་སྐྱེ་བ་གཞན་དང་གཞན་དག་ཏུ་སྦྱིན་པའི་རང་བཞིན་དང་། ཚུལ་ཁྲིམས་ཀྱི་རང་བཞིན་དང་། བསྒོམས་པའི་རང་བཞིན་གྱི་དགེ་བའི་རྩ་བ་ཅི་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །དབུགས་མ་དབྱུང་བ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱིའོ། །ཞེས་ལན་གཅིག་བརྗོད་དུ་གཞུག །དེའི་རྗེས་ཟློས་དང་པོ་སོང་ནས། གཉིས་པ་དང་གསུམ་པའང་ལན་རེ་རེ་ཞིང་བློ་སྦྱོང་ཞིང་བྱ་བར་གསུངས་པས་ན་བསམ་པ་འདི་བཞིན་དུ་མཛོད། ནམ་མཁའ་ལ་མཐའ་མེད་པ་བཞིན་སེམས་ཅན་གྱི་ཁམས་ལའང་མཐའ་མེད། མཐའ་མེད་པའི་སེམས་ཅན་རེ་རེས་ཀྱང་རང་ཉིད་གྱི་ཕ་མ་གྲངས་མེད་པ་བྱས་ཤིང་བྱས་རེས་བཞིན་དུ་ད་ལྟའི་ཕ་མ་དང་མཚུངས་པར་ཕན་པ་ཚད་མེད་པ་བཏགས། གནོད་པ་ལས་ཅི་ནུས་ཀྱིས་བསྐྱབས་པའི་དྲིན་ཅན་ཤ་སྟག་ཡིན་པས། བདག་གིས་ཀྱང་དེ་རྣམས་ལ་དྲིན་བཟོ་བའི་སླད་དུ་ཕན་པ་བསྒྲུབ་ཅིང་། གནོད་པ་ལས་བཟློག་པར་བྱ། དེ་ཡང་གང་གིས་ཕན་ན་བདེ་བས་དངོས་སུ་ཕན་ཞིང་། དགེ་བས་བརྒྱུད་ནས་ཕན་པའི་ཕྱིར་མ་དྲིན་ཅན་འདི་རྣམས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ན་ཅི་མ་རུང་སྙམ་པའི་བྱམས་པ་དང་། སྡུག་བསྔལ་གྱིས་དངོས་སུ་གནོད་ཅིང་། སྡིག་པས་བརྒྱུད་ནས་གནོད་པའི་ཕྱིར་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་བྱུང་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་དང་། ཚུལ་དེ་ཐམས་ཅད་ཀྱང་བདག་ཁོ་ནས་བགྱིའོ་སྙམ་དུ་ཁུར་ཁྱེར་བ་ལྷག་པའི་བསམ་པ་རྣམ་པར་དག་པ་སྔོན་དུ་འགྲོ་བས། དེ་ལྟར་སེམས་ཅན་ཐམས་ཅད་ཕན་བདེ་མཐའ་དག་ལ་དགོད་ནུས་པ་ནི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཁོ་ན་ལ་རགས་ལས་པའི་ཕྱིར། བདག་གིས་ཀྱང་མ་རྒན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དེ་ཅི་ནས་ཀྱང་ཐོབ་ངེས་པ་ཞིག་བྱ། དེ་ཡང་རྒྱུ་མེད་རྐྱེན་མེད་ལས་མི་འབྱུང་བས། རྒྱུ་རྐྱེན་གྱི་གཙོ་བོ་རྣམ་པ་ཀུན་ཏུ་དགེ་བའི་རྩ་བ་ཇི་སྙེད་ཅིག་བསགས་པའི་མཐུ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་ཅིང་། རྒྱལ་བའི་སྲས་ཀྱི་ལམ་ལས་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་བྱས་ཏེ། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་ཆུ་གཏེར་ལས་བསྒྲལ་ཞིང་ཀུན་འབྱུང་གི་འཆིང་བ་ལས་སྒྲོལ་བ་དང་། སྲིད་པའི་ཁམས་ལས་དབུགས་དབྱུང་ཞིང་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོར་བཟླ་བར་བགྱིའོ་སྙམ་པའི་མོས་པ་ཤུགས་དྲག་ཏུ་བསྐྱེད་ཅིང་ཚིག་ཏུ་བརྗོད་པ་ན་རྒྱལ་བ་སྲས་དང་བཅས་པའི་ཡེ་ཤེས་གཟིགས་པ་དམ་པས་མངོན་སུམ་དུ་མཁྱེན་ངེས་སྙམ་པའི་དད་གུས་ཀྱི་སེམས་རྩེ་གཅིག་པ་དང་བཅས་པས་རྗེས་ཟློས་གཉིས་པ་མཛད་པར་ཞུ། ཕྱོགས་བཅུ་ན་བཞུགས་པའི་ནས་བཟླ་བར་བགྱིའོ། །བར་ལན་གཅིག །སླར་ཡང་འདི་ལྟར་ངེས་པར་བྱ་སྟེ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཚད་མེད་པའི་མོས་གུས་བསྐྱེད་པ་སྔོན་དུ་འགྲོ་བས། བདག་དང་སེམས་ཅན་ཐམས་ཅད་དོན་དམ་པར་བདེན་པར་མ་གྲུབ་ཀྱང་། ཀུན་རྫོབ་ཏུ་ང་དང་ང་ཡིར་འཛིན་པའི་དབང་གིས་སྒྱུ་མ་དང་རྨི་ལམ་ལྟར་བདེ་སྡུག་སྣ་ཚོགས་པ་ཉམས་སུ་མྱོང་བའི་སྐབས་འདིར། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པར་རྣམ་པ་ཀུན་ཏུ་མཚུངས་པས་ནས། གནས་སྐབས་སུ་བདག་གི་བདེ་བ་དང་དགེ་བའི་རྩ་བ་ཅི་མཆིས་པ་རྣམས་མར་གྱུར་དྲིན་ཅན་ཐམས་ཅད་ལ་ཕོངས་པ་མེད་པར་གཏོང་ཞིང་། དེ་རྣམས་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་རང་ཉིད་ཀྱིས་དང་དུ་བླང་བར་བགྱིའོ་སྙམ་པ་དང་། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱས་ནས། སེམས་ཅན་ཐམས་ཅད་ལ་རེ་རེ་ཞིང་ཕན་པ་དང་བདེ་བ་མཐའ་དག་བསྒྲུབ་པར་བགྱི། དེའི་ཆེད་དུ་རྒྱལ་བ་སྲས་དང་བཅས་པས་བགྲོད་པ་གཅིག་པའི་ལམ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པར་བགྱིའོ་སྙམ་པ་སྟེ། མདོར་ན་བླ་མ་དང་དཀོན་མཆོག་ལ་དད་པ་ཆེན་པོ་དང་། སེམས་ཅན་ལ་བརྩེ་བ་ཆེན་པོ་དང་། སངས་རྒྱས་ཐོབ་འདོད་ཀྱི་འདུན་པ་ཆེན་པོ་སྟེ་ཆེན་པོ་གསུམ་དང་ལྡན་པའི་སྒོ་ནས་རྗེས་ཟློས་གསུམ་པ་འདི་ཤིན་ཏུ་གལ་ཆེ་བ་ལགས་པས་བཤད་པ་བརྡ་འཕྲོད་པ་དང་། དམ་བཅའི་ཚིག་རྣམས་དལ་ཞིང་དོད་ལ་སྐབས་ཕྱེད་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི། ནས། བཟླ་བར་བགྱིའོ། །བར་ལན་གཅིག །དེས་ཁྱེད་རྣམས་ཀྱི་རྒྱུད་ལ་བྱང་ཆུབ་ཏུ་སྨོན་པའི་སེམས་ཁྱད་པར་ཅན་སྐྱེ་བ་ཡིན་པས་སྐྱེས་ངེས་སྙམ་པའི་ཐོབ་ཤེས་ཀྱི་དགའ་བ་བསྐྱེད་པར་ཞུ། གསུམ་པ་རྗེས་ཀྱི་ཆོ་ག་ལ་གསུམ་ལས། དང་པོ་སེམས་གཟེངས་བསྟོད་པ་ནི། བདག་གིས་ཐོག་མ་མེད་པ་ནས་ལུས་དཔག་ཏུ་མེད་པ་བླངས་ཀྱང་། དོན་ཆེན་པོ་མ་གྲུབ་པས་འཁོར་བར་ལུས་པ་ཡིན་པ་ལ། ད་རེས་རང་གཞན་ཐམས་ཅད་ཀྱི་ཕན་བདེའི་རྒྱུ་གཅིག་པུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེས་པས། དལ་འབྱོར་གྱི་རྟེན་འཚོ་བ་དང་བཅས་པ་དོན་ཡོད་ཅིང་། རྒྱལ་བའི་སྲས་སུ་གྱུར་པས་དོན་ཐམས་ཅད་གྲུབ་སྙམ་པ་དང་། ཇི་ལྟར་འབྱུང་བའི་ཚིག་རྣམས་ཀྱི་དོན་ལ་ཡང་ལེགས་པར་སེམས་ཤིང་དགའ་སྤྲོ་ཁྱད་པར་ཅན་བསྐྱེད་བཞིན་པའི་ངང་ནས་འདིའི་རྗེས་ཟློས་མཛོད། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་ལན་གཅིག་བརྗོད་དུ་གཞུག །གཉིས་པ་བསླབ་བྱ་བསྟན་པ་ལ་རྣམ་པ་ལྔ་ཡོད་པ་ནི། ཚིག་འདི་རྣམས་ལ་གསན་པས་ཁྱབ་པར་གདའ་སྟེ། དེ་ཡང་དང་པོ་ཡང་དང་ཡང་དུ་སེམས་བསྐྱེད་པར་གདམས་པ་ནི། མདོ་ལས། ཁྱོད་ལ་བསྒོ་ཞིང་ཁོང་དུ་ཆུད་པར་བྱ། །ཇི་ལྟ་ཇི་ལྟར་མང་དུ་མིས་བརྟགས་ན། །དེ་ལ་གནས་པའི་རྣམ་པར་རྟོག་པ་དེས། །དེ་ལྟ་དེ་ལྟར་དེ་ལ་སེམས་གཞོལ་འགྱུར། །ཞེས་གསུངས་ཤིང་། དགེ་བའི་བཤེས་གཉེན་ཤ་ར་བའི་ཞལ་ནས་ཀྱང་། བྱང་ཆུབ་ཀྱི་སེམས་ཏིང་ངེ་འཛིན་དུ་ཅི་འོང་བྱ། ཐེག་ཆེན་གྱི་བསམ་གཏན་གྱི་དམིགས་པ་ཡང་འདི་ཁོ་ན་ཡིན་གསུང་སྐད། དེས་ན་ཡན་ལག་བདུན་པ་དང་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཆོ་ག་རྒྱས་བསྡུས་ཅི་རིགས་པའི་སྒོ་ནས་ཡང་དང་ཡང་དུ་སེམས་བསྐྱེད་ཅིང་། བྱང་ཆུབ་ཀྱི་སེམས་འཕེལ་བར་བྱ་བའི་ཕྱིར་ཐ་ནའང་ཉིན་ལན་གསུམ་མཚན་ལན་གསུམ་དུ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པས་ཞེ་ཐག་པ་ནས་སེམས་བསྐྱེད་པར་བྱའོ། །གཉིས་པ་ཚོགས་གཉིས་བསག་པ་ལ་བསླབ་པ་ནི། སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འབྲེལ་བའི་བློས་སྦྱིན་པ་ལ་སོགས་པའི་དགེ་བ་ལ་མྱུར་དུ་འབད་པར་བྱ་སྟེ། ཇོ་བོའི་ཞལ་ནས། དགེ་བ་ཐམས་ཅད་ལ་ཚུལ་སྣ་ཚོགས་ནས་འབད་པར་བྱ་ཞིང་འཕྲལ་ལ་ཐམས་ཅད་མཁྱེན་པར་བསྔོ། དེ་ལྟར་བྱས་ན་བསོད་ནམས་ཀྱང་ཡེ་ཤེས་དང་། ཡེ་ཤེས་ཀྱང་བསོད་ནམས་ཀྱི་ཚོགས་སུ་འགྲོ་བས་ཚོགས་གཉིས་ཐ་མི་དད་དུ་བྱ་སྟེ། ཐམས་ཅད་མཁྱེན་པ་ཚོགས་གཉིས་ཀྱི་འབྲས་བུ་ཡིན་པས་སོ། །ཞེས་གསུང་སྐད། །གསུམ་པ་ཆོས་བཞིའི་སྤང་བླང་ལ་བསླབ་པ་ནི། བྱང་ཆུབ་ཀྱི་སེམས་ཉམས་པར་བྱེད་པའི་ཆོས་བཞི་སྤངས་ནས། མི་ཉམས་པར་བྱེད་པའི་ཆོས་བཞི་ལ་སློབ་པར་བྱེད་པ་ཡིན་ཏེ། དེ་དག་ཀྱང་སྤང་གཉེན་དུ་བླ་མ་རྣམས་བཞེད་པས། དེ་ལ་བླ་མ་དང་མཆོད་པར་འོས་པ་བསླུ་བ་ནི། ལྟུང་བ་གླེངས་པ་ན་བྱུང་བཞིན་དུ་མ་བྱུང་ཞེས་སྨྲ་བའམ། དགེ་བ་བསྒྲུབ་པའི་ནུས་པ་ཡོད་བཞིན་དུ་མེད་ཅེས་པ་ལྟ་བུ་རྫུན་གྱིས་བསླུ་བ་ཡིན་ལ། དེའི་གཉེན་པོར་སྲོག་གི་ཕྱིར་ཡང་བསམས་བཞིན་དུ་རྫུན་མི་སྨྲ་བ་ལ་བསླབ་པར་བྱའོ། །གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་ནི། སྤྱིར་དགེ་བ་ལ་ཞུགས་པ་དང་། ཁྱད་པར་དུ་ཐེག་པ་ཆེན་པོ་ལ་ཞུགས་པ་ལ་འགྱོད་པ་བསྐྱེད་པ་ཡིན་ཏེ། དེའི་གཉེན་པོར་སེམས་ཅན་འགའ་ཞིག་དགེ་བ་ལ་འགོད་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འགོད་ཀྱི། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་མ་ཡིན་ནོ། །ཞེས་པའི་དོན་ལ་བསླབ་པར་བྱའོ། །སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གི་ཚིགས་སུ་བཅད་པ་མ་ཡིན་པ་བརྗོད་པའི་གཉེན་པོར། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་ཕྱོགས་བཅུར་ཡང་དག་པའི་ཡོན་ཏན་བརྗོད་པ་ལ་བསླབ་པར་བྱ་སྟེ། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ལས། །ཉིན་དང་དེ་བཞིན་མཚན་མོ་ལན་གསུམ་དུ། །བྱང་ཆུབ་སེམས་དཔའ་རྣམས་ལ་མགོས་ཕྱག་འཚལ། །རྟག་ཏུ་འདོད་བཞིན་སྤྱད་པ་སྤྱོད་པ་ན། །དེ་དག་འཁྲུལ་པ་ཙམ་ཡང་མི་བཙལ་ལོ། །ཞེས་གསུངས་པ་ལྟར་བྱའོ། །སེམས་ཅན་ཐམས་ཅད་ལ་སྒྱུ་དང་གཡོས་སྤྱོད་པའི་གཉེན་པོར། སེམས་ཅན་ཐམས་ཅད་ལ་ལྷག་པའི་བསམ་པ་རྣམ་པར་དག་པས་གནས་པར་བྱའི། གཡོ་དང་སྒྱུས་མ་ཡིན་པ་ལ་བསླབ་པར་བྱའོ། །ལྷག་པའི་བསམ་པ་ནི། སེམས་ཅན་ཐམས་ཅད་ཕན་བདེ་ལ་སྦྱོར་བར་འདོད་པའོ། །བཞི་པ་སེམས་ཅན་བློས་མི་སྤང་བ་ལ་བསླབ་པ་ནི། སེམས་ཅན་ཁྱུ་རིལ་དུ་སྤངས་པ་ནི་སེམས་ཅན་གྱི་སྐྱོན་མཐོང་བའམ། ཐེག་ཆེན་གྱི་ལམ་སྒྲུབ་དཀའ་བ་ལ་སོགས་པའི་རྒྱུས་གཞན་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་བློ་སྤངས་པ་སྟེ། དེ་བྱུང་ན་ཐར་པ་གཏན་མི་འདོད་དམ་ཉན་རང་གི་ཐར་པ་འདོད་ཀྱང་རུང་། སྨོན་འཇུག་གཉིས་ཀ་གཏོང་སྟེ། མདོ་སྡུད་པ་ལས། གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། སྤྱོད་ཀྱང་རང་རྒྱལ་དགྲ་བཅོམ་ཉིད་ལ་འདོད་སྤྱད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་བས་ཀྱང་ཤིན་ཏུ་ལྕི། །ཞེས་གསུངས་སོ། །ཉི་ཚེ་བ་སྤོང་བ་ནི། སེམས་ཅན་འགའ་ཞིག་ལ་བདག་གིས་ཕན་གདགས་དགོས་ཤིང་ནུས་ཀྱང་མི་གདགས་སྙམ་དུ་བློས་འདོར་བ་སྟེ། དེས་ཀྱང་སེམས་ཅན་ལ་དམིགས་པའི་སེམས་བསྐྱེད་གཏོང་བས་ཐུན་ཚོད་ཀྱི་ནང་དུ་གང་བློས་སྤངས་པ་དེ་ཕན་སེམས་ཀྱིས་བློས་བཟུང་ལ། དེ་ལ་དངོས་སུ་ཕན་མ་ཐོགས་ཀྱང་རང་གི་བློ་མ་གནོད་པར་བྱ་གསུང་། དེས་ན། གཞན་ཕན་ལས་ལ་མཐུ་མེད་ཀྱང་། །དེ་ཡི་བསམ་པ་རྟག་ཏུ་བྱ། །གང་ལ་བསམ་པ་དེ་ཡོད་པ། །དེ་ནི་དེ་ལ་དོན་གྱིས་ཞུགས། །ཞེས་པས་སེམས་ཅན་ཐམས་ཅད་ལ་ཕན་སེམས་བསྐྱེད་པར་བྱའོ། །ལྔ་པ་བྱང་ཆུབ་སེམས་ཀྱི་ཕན་ཡོན་དྲན་པར་བྱ་བ་ནི། སྡོང་པོ་བཀོད་པའི་མདོ་ལས། བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །ཞེས་དང་། མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། སངས་རྒྱས་ཀྱི་ཡོན་ཏན་ཇི་སྙེད་ཡོད་པ། བྱང་ཆུབ་སེམས་ཀྱི་ཕན་ཡོན་ཡང་དེ་སྙེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་སྤྱོད་པའི་དཀྱིལ་འཁོར་ཐམས་ཅད་ཀྱང་འདི་ལས་བྱུང་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་འདི་ལས་སྐྱེས་སོ། །ཞེས་གསུངས་པ་ལ་སོགས་པའི་ཕན་ཡོན་རྣམས་ཡང་དང་ཡང་དུ་དྲན་པར་བྱའོ། །གཞན་ཡང་གཞུང་ལས། ཁྱད་པར་དུ་མངོན་པར་ཤེས་པ་མྱུར་དུ་ཐོབ་པར་འདོད་པས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཞུས་པའི་ཆོས་བདུན་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལ་བསླབ་པར་བྱའོ། །ཞེས་འབྱུང་བས། མདོ་དེའི་དོན། རྣམ་རྟོག་གིས་ཀྱང་འདོད་པ་མི་བསྟེན་ན། དབང་པོ་གཉིས་སྤྲོད་པ་ལྟ་ཅི་སྨོས་ཤིང་། རྨི་ལམ་དུའང་མི་དགེ་བའི་བཤེས་གཉེན་ལ་མི་བསྟེན་པ་དང་། བྱ་དང་འདྲ་བར་སེམས་ཀྱིས་ཡོངས་སུ་འཛིན་པ་མེད་པ་དང་། ཐབས་ཤེས་གཉིས་ལ་མཁས་ཀྱང་ང་རྒྱལ་མེད་པ་དང་། དངོས་པོར་འཛིན་པ་སྤངས་ནས་སྟོང་ཉིད་ཀྱི་རྣམ་ཐར་བརྟན་པར་བྱ་བ་དང་། ཡང་དག་པར་བདེན་པ་མ་ཡིན་པས་སྒྱུ་མ་དང་འདྲ་བའི་ཤེས་པས་སྤྱད་པ་དང་། སེམས་ཅན་ལ་ལྷག་པའི་བསམ་པ་རྣམ་པར་དག་པས་གནས་པ་དང་། རྒྱུ་དང་འབྲས་བུ་ལ་སྐུར་པ་མི་གདབ་པ་སྟེ་ཆོས་བདུན་པོ་དེ་བསྟན་པས་དེ་དག་ལ་བསླབ་པར་བྱའོ། །ཡང་། ནག་པོའི་ཆོས་བཞི་དང་། སེམས་ཅན་བློས་སྤངས་པའི་ལྟུང་བ་བྱུང་ནས་ཉིན་ཞག་གཅིག་གི་དྲུག་ཆའི་ཐུན་ཚོད་ལས་འདས་ན་སེམས་བསྐྱེད་གཏོང་བས་བཤགས་སྡོམ་བྱས་ལ་སླར་བླང་། ཐུན་ཚོད་ཀྱི་ནང་དུ་གཉེན་པོ་སྐྱེས་ན་བཤགས་དུས་སྔ་ཕྱི་འདྲ་ཞིང་། བཤགས་ཡུལ་བྱང་ཆུབ་སེམས་དཔའ་འམ། མ་རྙེད་ན་སོ་ཐར་གྱི་དགེ་བསྙེན་ཡན་ཆད་ཀྱི་མདུན་དུ་ལྟུང་བ་འདི་བྱུང་སྟེ་ཞེས་དངོས་པོ་བརྗོད་ནས་བཤགས་པར་བྱ་གསུངས་སོ། །སྨོན་པ་སེམས་བསྐྱེད་ཀྱི་སྐོར་འདི་རྒྱལ་བ་བྱམས་པ་ནས་ཇོ་བོའི་བར་དུ་སྙན་ནས་སྙན་དུ་བརྒྱུད་པའི་གདམས་པ་ཁོ་ན་ལས་བྱོན་པ་ཡིན། འདིའི་བློ་སྦྱོང་དང་། ཆོ་ག་དང་། བསླབ་བྱ་དང་། བཅས་པ་འདི་གཞུང་གཞན་ན་མི་བཞུགས་པས། འདི་དང་སྐྱབས་འགྲོ་ཁོ་ནས་ཇོ་བོ་བོད་ལ་བཀའ་དྲིན་ཆེ་བ་ཡིན། དེས་ནས་སྨོན་པ་སེམས་བསྐྱེད་སྐོར་དང་བཅས་པ་འདི་ཇོ་བོའི་གདམས་ངག་རྣམས་ཀྱི་མཆོག་ཏུ་གྱུར་པ་ཡིན་ནོ་གསུངས་ཤིང་། འདི་ལ་སློབ་མའང་ངེས་པ་མེད་པས་ཐམས་ཅད་ལ་གནང་བ་ལགས། གསུམ་པ་གཏང་རག་གི་མཆོད་པ་དབུལ་བ་ནི། དེ་ལྟར་བྱང་ཆུབ་ཀྱི་སེམས་སྐྱེས་པ་དེ་བླ་མ་དང་དཀོན་མཆོག་གི་བཀའ་དྲིན་ཡིན་པས། དེའི་དྲིན་ལན་དུ་སྔར་སྦྱོར་བའི་སྐབས་སུ་ཇི་སྐད་བཤད་པའི་དམིགས་པ་རྣམས་ཡིད་ལ་དྲན་བཞིན་པས་དངོས་སུ་བཤམས་པའི་མཆོད་པ་དང་། ལུས་དབུལ་བའི་མཆོད་པ་དང་། དེ་ལས་གཞན་ཡང་བློས་སྤྲུལ་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་བཅས་པ་རྣམས་རིམ་བཞིན་དུ་འབུལ་བར་ཞུ། ཞེས་བརྡ་སྦྱར་ལ། དངོས་སུ་བཤམས་པའི་མཆོད་པ་རྣམས་ཁ་གསོས་ལ། སློབ་དཔོན་གྱིས་སྦྱོར་པའི་སྐབས་ལྟར་བྱིན་གྱིས་བརླབས་ནས། དཔོན་སློབ་ཐུན་མོང་དུ། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་ཀྱིས་མཆོད། ལུས་འབུལ་བའི་མཆོད་པ། རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། ཤློ་ཀ་གཅིག་དང་། གཞན་ཡང་། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་བ་གདུགས་མཆོག་དང་། །སོགས་ཤློ་ཀ་གསུམ་རྣམས་ཚར་རེ་བརྗོད་དུ་གཞུག་གོ། །དེ་ལྟར་ན་དེ་རྣམས་ཀྱི་སྒོ་ནས་སྨོན་པ་སེམས་བསྐྱེད་ཀྱི་ཆོ་ག་ཡན་ལག་དང་བཅས་པ་ལེགས་པར་ཕུལ་གྲུབ་ནས། གཉིས་པ་འཇུག་པའི་སེམས་བསྐྱེད་ནི། བྱང་ཆུབ་སེམས་དཔའི་ས་ལས། བྱང་ཆུབ་སེམས་དཔའི་སྡོམ་པ་ཞེས་གསུངས་ཤིང་། དེའི་ཆོ་ག་ཡང་གསལ་བོར་གསུངས་པ་བཞིན་དུ། ཇོ་བོ་ཆེན་པོས་ཆོ་གའི་གཞུང་མཛད་པའི་ཚུལ་ལྟར། འདིར་སྡོམ་པ་འབོགས་པའི་ཆོ་ག་ལ་གསུམ་ལེན་པ་པོའི་གང་ཟག །བླང་བའི་ཡུལ། བླང་བའི་ཆོ་གའོ། །དེ་ལ་དང་པོ་ལེན་པོའི་གང་ཟག་ནི། སྨོན་པའི་སེམས་སྐྱེས་ཤིང་བྱང་ཆུབ་སེམས་དཔའི་བསླབ་པ་ཚུལ་ཁྲིམས་གསུམ་ལ་ངེས་པར་སློབ་པར་འདོད་པའི་འདུན་པ་དང་ལྡན་པ་སྟེ། བྱང་ས་ལས། དེ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པའམ། རབ་ཏུ་བྱུང་བ་བྱང་ཆུབ་སེམས་དཔའི་བསླབ་པ་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པ་གསུམ་པོ་འདི་དག་ལ་བསླབ་པར་འདོད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པས་ཞེས་གསུངས་ཤིང་། སོ་སོ་ཐར་པ་རིགས་བདུན་གང་རུང་གི་སྡོམ་པ་དང་ལྡན་དགོས་ཏེ། ཇོ་བོས། སོ་སོ་ཐར་པ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་པ་ཡོད་ཀྱི་གཞན་དུ་མིན། ཞེས་གསུངས་སོ། །གཉིས་པ་གང་ལས་བླང་བའི་ཡུལ་ནི། རང་ཉིད་བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་ཞིང་། སྡོམ་པའི་ཆོ་ག་ལ་མཁས་པ། སློབ་མས་གོ་བར་ནུས་པའི་ཚིག་གི་སྒོ་ནས་སྡོམ་པ་འབོགས་པར་ནུས་པ་སྟེ། སྡོམ་པ་ཉི་ཤུ་པ་ལས། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། ཞེས་གསུངས་སོ། །གསུམ་པ་ཇི་ལྟར་བླང་བའི་ཚུལ་ལ་སྦྱོར་བ། དངོས་གཞི། མཇུག་གི་ཆོ་གའོ། །དང་པོ་ལའང་ལྔ། གསོལ་བ་གདབ་པ་དང་། བསམ་པ་བརྟག་པ་དང་། མྱུར་དུ་སྦྱིན་པར་གསོལ་བ་གདབ་པ་དང་། བར་ཆད་དྲི་བ་དང་། བསླབ་པའི་གནས་གོ་བར་བྱས་ནས་སྤྲོ་བ་དྲི་བའོ། །དང་པོ་གསོལ་བ་གདབ་པ་ལ། ཐོག་མར་སློབ་དཔོན་ལ་སྟོན་པའི་འདུ་ཤེས་བསྐྱེད་ནས་ཕྱག་གསུམ་མཛད་པར་ཞུ། ཞེས་ཕྱག་གསུམ་འཚལ་དུ་གཞུག །དེ་ནས་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྡོམ་པ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། ཞེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག །དེ་ལྟར་མཎྜལ་ཕུལ་ནས། ཕྱག་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། སློབ་དཔོན་ཁྱོད་ལ་བདག་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ལེན་པར་འཚལ་གྱིས། དེ་ལ་གནོད་པ་མ་མཆིས་ན་བདག་ལ་ཐུགས་བརྩེ་བའི་སླད་དུ་ཅུང་ཟད་ཅིག་གསན་ཅིང་སྩལ་བའི་རིགས་སོ། །ལན་གསུམ། གཉིས་པ་བསམ་པ་བརྟག་ལ་གསུམ་ལས། དང་པོ་བློ་རྩལ་ལ་བརྟག་པ་ནི། བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་པ་ལ་ངས་མི་འགྲུབ་པའམ། མི་ནུས་པ་གང་ཡང་མེད་སྙམ་པའི་བློ་རྩལ་དགོས་པས། སྣོད་དུ་བྱེད་པའི་ཆོས་བཞི་བརྗོད་ལ་བརྟག་པར་བྱ་བར་གསུངས་པས་ངེད་ཀྱིས་དྲིས་པའི་ཚིག་འདི་རྣམས་ལ་ལན་དྲང་པོར་ཐོབ་མཛོད། ཅེས་བརྡ་སྦྱར་ལ་སློབ་དཔོན་གྱིས། འདི་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྨིན་པར་བྱེད་དགོས་ལ། དེ་ལ་བསླབ་པ་གྲངས་མེད་པ་ལ་བསླབ་དགོས་ན། སེམས་ཅན་ཐམས་ཅད་སྨིན་པར་བྱེད་པའི་བསླབ་པ་རྣམས་ལ། སློབ་པར་ནུས་སམ། ཞེས་དྲིས་ལ། སློབ་མས། ནུས་ལགས། ཞེས་བརྗོད་པས་ཁས་བླང་ངོ་། །དེ་བཞིན་དུ། སློབ་དཔོན་གྱིས། བྱང་ཆུབ་སེམས་དཔའ་ཞིང་ཁམས་གྲངས་མེད་པ་སྦྱོང་བ་དང་། སངས་རྒྱས་གྲངས་མེད་པ་མཉེས་པར་བྱ་དགོས་ན། ཞིང་ཁམས་གྲངས་མེད་པ་སྦྱོང་བ་དང་། སངས་རྒྱས་གྲངས་མེད་པ་མཉེས་པར་བྱེད་པ་ལ་སློབ་པར་ནུས་སམ། ཞེས་དྲིས་ལ། སློབ་མས། ནུས་ལགས་ཞེས་བརྗོད་པས་ཁས་བླང་ངོ་། །སློབ་དཔོན་གྱིས། བྱང་སེམས་ཀྱི་སྡོམ་པ་དེ་ཉམས་ན་སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་པར་དམ་བཅས་ནས་དེ་དག་ཐམས་ཅད་བསླུས་པར་འགྱུར་ཏེ། ཇི་སྐད་དུ། སྤྱོད་འཇུག་ལས། དངོས་པོ་ཕལ་པ་ཅུང་ཟད་ལའང་། །ཡིད་ཀྱིས་སྦྱིན་ཞེས་བསམ་བྱས་ནས། །མི་གང་སྦྱིན་པར་མི་བྱེད་པ། །དེ་ཡང་ཡི་དྭགས་རྒྱུར་གསུངས་ན། །བླ་ན་མེད་པའི་བདེ་བ་ལ། །བསམ་པ་ཐག་པས་འགྲོན་གཉེར་ནས། །འགྲོ་བ་ཐམས་ཅད་བསླུས་བྱས་ན། །བདེ་འགྲོར་ཅི་ག་འགྲོར་འགྱུར་རམ། །ཞེས་གསུངས་པས། སེམས་ཅན་ཐམས་ཅད་བསླུས་པའི་རྣམ་སྨིན་གྱིས་དམྱལ་བ་ལ་སོགས་པར་སྐྱེ་བར་འགྱུར་བའི་ཉེས་དམིགས་ཆེན་པོ་ཡོད་ན། ཉེས་དམིགས་དེས་མི་འཇིགས་སམ། ཞེས་དྲིས་པ་ལ། ཉམས་ན་ཉེས་དམིགས་ཆེ་ཡང་མ་ཉམས་པ་བྱས་པས་ཆོག་སྙམ་དུ་གོ་བ་བསྐྱེད་ལ་ལན་ཐོབ་མཛོད། ཅེས་བརྗོད་ལ། སློབ་མས་མི་འཇིགས་ལགས། ཞེས་བརྗོད་ཅིང་ཁས་བླང་ངོ་། །ཡང་སློབ་དཔོན་གྱིས། ཡང་བསླབ་པ་དེ་མ་ཉམས་པར་བསྲུངས་ན། སྤྱོད་འཇུག་ལས། །གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་བསྒྲལ་བའི་ཕྱིར། །མི་ལྡོག་པ་ཡི་སེམས་ཀྱིས་སུ། །སེམས་དེ་ཡང་དག་བླངས་གྱུར་པ། །དེང་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་འཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པ་རབ་ཏུ་འབྱུང་། །ཞེས་གསུངས་པ་ལྟར་བསོད་ནམས་རྒྱུན་མི་འཆད་པར་འབྱུང་བ་ལ་སོགས་པའི་ཕན་ཡོན་ཆེན་པོ་ཡོད་ན། ཕན་ཡོན་ཆེན་པོ་དེ་ཐོབ་པར་འདོད་པས་བསླབ་པ་དེ་ལ་བསླབ་པར་སྤྲོའམ། ཞེས་དྲིས་ལ། སློབ་མས། སྤྲོ་ལགས། ཞེས་བརྗོད་པས་ཁས་བླང་ངོ་། །གཉིས་པ་ཤེས་རབ་ལ་བརྟག་པ་ནི། སློབ་དཔོན་གྱིས། རིགས་ཀྱི་བུ་ཞེས་བརྗོད་པ་སྔོན་དུ་འགྲོ་བས། སློབ་མ་སོ་སོའི་མིང་ནས་སྨོས་ལ། མིང་འདི་ཞེས་བྱ་བ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་ཐོས་སམ། ཞེས་དྲིས་ལ། སློབ་མས། ཅུང་ཟད་ཐོས་སོ། །ཞེས་ལན་བཏབ། དེ་བཞིན་དུ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་ཤེས་སམ། ཞེས་དྲིས་ལ། ཅུང་ཟད་ཤེས་སོ། །ཞེས་ལན་བཏབ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་ལ་དད་དམ། ཞེས་དྲིས་ལ། ཤིན་ཏུ་དད་དོ། །ཞེས་ལན་བཏབ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་ལས་གསུངས་པའི་བསླབ་པའི་གཞི་རྣམས་བསྲུང་བར་ནུས་སམ། ཞེས་དྲིས་ལ། བསྲུང་བར་ནུས་ལགས། ཞེས་ཁས་བླང་དུ་གཞུག་གོ །གསུམ་པ་འདུན་པ་ལ་བརྟག་པ་ནི། ཐོག་མར་འདི་ལྟར་ངེས་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་བརྟེན་ནས། བདག་ཉིད་སངས་རྒྱས་ཐོབ་ཅིང་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པས་དེ་ལ་འཇུག་པར་བྱའོ་སྙམ་པའི་འདུན་པ་རྩེ་གཅིག་ཏུ་བསྐྱེད་ལ་ངེད་ཀྱིས་དྲིས་པའི་ཚིག་འདི་རྣམས་ལ་ལན་ཐོབ་མཛོད། ཞེས་བརྡ་སྦྱར་ལ། སློབ་དཔོན་གྱིས། རིགས་ཀྱི་བུ་ཁྱོད་ཉོན་ཅིག །ཁྱོད་འདི་ལྟར་སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་འདའ་བ་དང་། སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་འདོད་དམ། ཞེས་དྲིས་ལ། སློབ་མས། འདོད་ལགས་ཞེས་ལན་བཏབ་པ་ལ། སློབ་དཔོན་གྱིས། དེ་ལ་ཁྱེད་ཀྱིས་སེམས་བསྐྱེད་བརྟན་པ་དང་། ཡི་དམ་བརྟན་པར་བྱའོ། །ཞེས་གདམས། ཡང་སློབ་དཔོན་གྱིས། གཞན་དང་འགྲན་པའི་ཆེད་དུ་མ་ཡིན་ནམ། ཞེས་དྲིས་ལ། སློབ་མས། མ་ཡིན་ལགས། ཞེས་ལན་བཏབ་བོ། །གཞན་གྱིས་ནན་གྱིས་ལེན་དུ་བཅུག་པ་མ་ཡིན་ནམ། ཞེས་དྲིས་ལ། མ་ཡིན་ལགས། ཞེས་ལན་བཏབ་བོ། །གསུམ་པ་མྱུར་དུ་སྦྱིན་པར་གསོལ་བ་གདབ་པ་ལ། མཆོད་པ་འབུལ་བ་དང་ཕྱག་འཚལ་བ་སྔོན་དུ་འགྲོ་བའི་སྒོ་ནས་གསོལ་བ་གདབ་པར་གསུངས་པས། ཐོག་མར་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་ལ་སོགས་པའི་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་མངོན་སུམ་ལྟ་བུར་བཞུགས་པར་བསམས་ལ། དེ་རྣམས་ཀྱི་མཁྱེན་བརྩེ་ནུས་པའི་ཡོན་ཏན་ཚད་མེད་པ་རྗེས་སུ་དྲན་པས་དང་འདོད་ཡིད་ཆེས་ཀྱི་དད་པ་ཤུགས་དྲག་ཏུ་བསྐྱེད་བཞིན་པའི་ངང་། དངོས་སུ་བཤམས་པའི་མཆོད་པ་དང་། ལུས་དབུལ་བའི་མཆོད་པ་དག་རིམ་བཞིན་དུ་གནང་བར་ཞུ། ཞེས་བརྡ་སྦྱར་ལ། མཆོད་པ་གསར་དུ་བཤམས་པ་རྣམས་སློབ་དཔོན་གྱིས་སྔར་ལྟར་བྱིན་གྱིས་བརླབས། དེ་ནས་དཔོན་སློབ་ཐུན་མོང་དུ། མཆོད་ཕྲེང་ཚིགས་བཅད་དང་བཅས་རྒྱས་པར་བྱ་བའམ། བསྡུ་ན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱི་ཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། པུཥྤེ། ནས་ཤབྡའི་བར་སྦྱར་བ་དང་། རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་འབུལ་བ་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །ཤྭ་ལོ་ཀ་གཅིག་བརྗོད་དུ་གཞུག །སློབ་དཔོན་ལ་སྟོན་པའི་འདུ་ཤེས་བསྐྱེད་དེ་ཕྱག་གསུམ་མཛད་པར་ཞུ། ཞེས་ཕྱག་གསུམ་འཚལ་ཟིན་པ་དང་། རང་རང་གི་གྲལ་ལ་ཙོག་ཙོག་པུར་འཁོད་དེ་ཕྱག་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། སློབ་དཔོན་གྱིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་བདག་ལ་མྱུར་དུ་སྩལ་དུ་གསོལ། ལན་གསུམ། བཞི་པ་བར་ཆད་དྲི་བ་ནི། སྡོམ་པའི་རྟེན་དུ་བྱང་སེམས་ཀྱི་རིགས་ལ་གནས་ཤིང་སྨོན་པའི་སེམས་སྐྱེས་པ་དགོས་པས་དེ་ལྟ་བུའི་རིགས་ཅན་ཡིན་ནམ་ཞེས་དྲིས་པ་འདི་ལ་ལན་ཐོབ་མཛོད། རིགས་ཀྱི་བུ། མིང་འདི་ཞེས་བྱ་བ་ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ། ཞེས་དྲིས་ལ། ཡིན་ལགས། ཞེས་ལན་བཏབ། བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ། ཞེས་དྲིས་ལ། བཏབ་ལགས ཞེས་ལན་བཏབ་བོ། །ལྔ་པ་བསླབ་པའི་གནས་གོ་བར་བྱ་ཞིང་སྤྲོ་བ་དྲི་བ་ལ། དང་པོར་བསླབ་པའི་གནས་གོ་བར་བྱ་བ་ནི། མི་ཟད་པ་དཔག་ཏུ་མེད་པ་བླ་ན་མེད་པའི་བསོད་ནམས་ཀྱི་གཏེར། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས། བྱང་ཆུབ་སེམས་དཔའ་སྡོམ་པ་མྱུར་དུ་ཐོབ་པར་འགྱུར་རོ་སྙམ་དུ་དགའ་བ་ཁྱད་པར་ཅན་བསྐྱེད་པ་དང་བཅས་ཚིག་འདི་ལ་གསན་པས་ཁྱབ་པར་གདའ་སྟེ། མི་དགེ་བ་མཐའ་དག་སྤོང་བའི་སེམས་པ་ས་བོན་དང་བཅས་པ་སྡོམ་པའི་ཚུལ་ཁྲིམས། ཕར་ཕྱིན་དྲུག་ལ་སོགས་པའི་དགེ་བ་སྒྲུབ་འདོད་ཀྱི་སེམས་པ་ས་བོན་དང་བཅས་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་འདོད་པའི་སེམས་པ་ས་བོན་དང་བཅས་སེམས་ཅན་དོན་བྱེད་གྱི་ཚུལ་ཁྲིམས་ཡིན་ཞིང་། དེ་དག་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་དང་ཚུལ་ཁྲིམས་ཡིན་ནོ། །ཞེས་གོ་བ་བསྐྱེད་ནས། དེ་ལྟ་བུའི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་རྣམས་དང་། ཚུལ་ཁྲིམས་དེ་དག་བདག་ལས་ལེན་པར་འདོད་དམ་ཞེས་སྤྲོ་བ་དྲིས་པ་འདི་ལ་ལན་ཐོབ་མཛོད། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་རྣམས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཚུལ་ཁྲིམས་དེ་དག་ཅི་བདག་ལས་ལེན་པར་འདོད་དམ། ཞེས་དྲིས་ལ། སློབ་མས། ལེན་པར་འཚལ་ལོ། །ཞེས་ལན་བཏབ། གཉིས་པ་དངོས་གཞི་ནི། སྤྱིར་བསླབ་པ་ནོད་པར་ལན་གསུམ་དུ་ཁས་བླངས་པ་ཉིད་ཀྱིས་སྡོམ་པ་སྐྱེ་བ་ཡིན་ནའང་། ཐོག་མར་བསམ་པ་འདི་ལྟར་ངེས་པ་གལ་ཆེ་སྟེ། ཆོས་ཐམས་ཅད་དོན་དམ་པར་ཡོད་མེད་ལ་སོགས་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཞིང་། ཀུན་རྫོབ་ཏུ། མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་སྣང་བ་ཐམས་ཅད་སྣང་ཡང་བདེན་པ་མེད་པར་ཤེས་པར་བྱས་ནས། དེ་ལྟ་བུའི་དོན་མ་རྟོགས་པར། གཟུངས་འཛིན་ལ་བདེན་པར་ཞེན་པའི་དབང་གིས་ཁམས་གསུམ་གྱི་འཁོར་བའི་གནས་སུ་བདེ་བ་འདོད་བཞིན་དུ་བདེ་བ་དང་ནི་བྲལ། སྡུག་བསྔལ་མི་འདོད་བཞིན་དུ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་དང་ནི་ལྡན། བདེ་བ་བསྒྲུབ་ཅིང་སྡུག་བསྔལ་འདོར་བའི་ཐབས་མི་ཤེས་པའི་རིགས་དྲུག་གི་སེམས་ཅན་འདི་ཐམས་ཅད་ཀྱིས་ཐོག་མ་མེད་པ་ནས་ཡང་ནས་ཡང་དུ་བདག་གི་ཕ་མར་བྱས་ཏེ། ཕན་བདེ་སྒོ་དུ་མ་ནས་ནི་བསྒྲུབས། གནོད་འཚེ་ཐམས་ཅད་ལས་ནི་ཅི་ནུས་ཀྱིས་བསྐྱབས། བསམ་རྒྱུ་དང་དྲན་རྒྱུ་ནི་བདག་ལས་མེད་པ་བྱས་ཤིང་། བདག་གི་ཆེད་དུ་ལུས་སྲོག་ཀྱང་གྲངས་མེད་པར་བཏང་བའི་དྲིན་ཅན་ཤ་སྟག་ཡིན་པས། དེ་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་ཞིང་བདེ་བ་ལ་འགོད་པར་བྱ་དགོས་ནའང་། ད་ལྟ་བདག་ལ་དེའི་ནུས་པ་མེད་ཅིང་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་ཞིང་བདེ་བ་ལ་འགོད་ནུས་པ་སངས་རྒྱས་ཁོ་ན་ཡིན། དེ་བདག་གིས་ཐོབ་པར་བྱ། དེའང་རྒྱུ་མེད་པར་མི་ཐོབ་ཅིང་། དེའི་རྒྱུའི་གཙོ་བོ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ཡིན་པས། དེ་བདག་གིས་བླངས་ནས། བསླབ་པ་གསུམ་ཀ་ཡུལ་ཐམས་ཅད་དུ། དུས་ཐམས་ཅད་ཀྱི་ཚེ། ཚེ་རབས་ཐམས་ཅད་དུ་བསྲུང་བར་བྱ་སྙམ་དུ་བསམས་ནས། བླ་མ་ལ་སངས་རྒྱས་དང་། རང་ལ་སྒྱུ་མ་ལྟ་བུར་ཤེས་པ་དང་ལྡན་པས། སེམས་རྩེ་གཅིག་ཏུ་གྱིས་ལ་ལན་ཐོབ་མཛོད། ཅེས་བརྗོད་ནས། སློབ་དཔོན་གྱིས། རིགས་ཀྱི་བུ། མིང་འདི། ཞེས་བྱ་བ་ཁྱོད། བདག་བྱང་ཆུབ་སེམས་དཔའ་སློབ་དཔོན་རང་ཉིད་ཀྱི་མིང་ནས་སྨོས་ལ། མིང་འདི། ཞེས་བྱ་བ་ལས། འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང་། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང་། མ་བྱོན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང་། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང་། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང་། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པའི་བསླབ་པའི་གཞི་གང་དག་དང་། ཚུལ་ཁྲིམས་གང་དག་ལ་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབ་པར་གྱུར་པ་དང་། མ་བྱོན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་འགྱུར་པ་དང་། ཕྱོགས་བཅུ་དག་ན་ད་ལྟར་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟར་སློབ་པའི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་རྣམས་ནོད་དམ། ཞེས་བརྗོད་ལ། སློབ་མས། ནོད་ལགས། ཞེས་ཁས་བླང་ངོ་། །དེས་ཁས་བླངས་པ་དང་པོ་སོང་ནས། ལན་རེ་རེ་བཞིན་བློ་སྦྱོང་བསྒོམ་ཞིང་བྱ་བར་གསུངས་པས་བསམ་པ་འདི་བཞིན་དུ་མཛོད། མཐའ་ཡས་པའི་མར་གྱུར་སེམས་ཅད་ཐམས་ཅད་བདེ་བ་དང་ལྡན་ཞིང་། སྡུག་བསྔལ་ལས་སྒྲོལ་བའི་སླད་དུ་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་དེ་ཅི་ནས་ཀྱང་ཐོབ་པ་ཞིག་བྱ། །དེ་ཡང་རྒྱུ་མེད་རྐྱེན་མེད་ལས་མི་འབྱུང་བས། རྒྱུ་རྐྱེན་གྱི་གཙོ་བོ་དུས་གསུམ་དུ་གཤེགས་ཤིང་བཞུགས་ལ་འབྱོན་པར་འགྱུར་བའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པར་བྱ་བའི་གཞི། ཚུལ་ཁྲིམས་རྣམ་པ་གསུམ་ཡང་དག་པར་བླངས་ཏེ་ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ་བསྲུང་བར་བགྱིའོ་སྙམ་དུ་སྡོམ་པ་བཟུང་བ་ལ་མཆོག་ཏུ་སྤྲོ་བའི་ཡིད་ཀྱིས་དྲི་བ་གཉིས་པའི་ལན་ཐོབ་མཛོད། ཅེས་བརྡ་སྦྱར་ལ། དྲི་བ་དང་། ཁས་བླངས་པ། གོང་བཞིན་བྱ། སླར་ཡང་འདི་ལྟར་ངེས་པར་བྱ་སྟེ། དགེ་བའི་བཤེས་གཉེན་ལ་སྟོན་པའི་འདུ་ཤེས་བསྐྱེད་པ་དང་བཅས་ཏེ་དཀོན་མཆོག་གསུམ་ལ་མི་བསླུ་བའི་སྐྱབས་སུ་ངེས་པའི་དད་པ་ཆེན་པོ་དང་། བདག་དང་སེམས་ཅན་ཐམས་ཅད་དོན་དམ་པ་རང་བཞིན་གྱིས་མ་གྲུབ་ཀྱང་། ཀུན་རྫོབ་སྒྱུ་མ་དང་རྨི་ལམ་ལྟར་འཁྲུལ་སྣང་གི་སྡུག་བསྔལ་འབའ་ཞིག་ལ་ལོངས་སྤྱོད་པ་རྣམས་ཕན་བདེ་ལ་འགོད་པར་འདོད་པའི་བརྩེ་བ་ཆེན་པོ་དང་། དེའི་ཆེད་དུ་མཐའ་གཉིས་ལ་མི་གནས་པ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་འདོད་པའི་འདུན་པ་ཆེན་པོ་སྟེ་ཆེན་པོ་གསུམ་དང་ལྡན་པའི་སྒོ་ནས། སངས་རྒྱས་ཐོབ་པའི་རྒྱུ་ཡི་གཙོ་བོ། རྒྱལ་སྲས་རྣམས་ཀྱི་བསླབ་པར་བྱ་བའི་གཞི། བསོད་ནམས་དང་ཡོན་ཏན་མཐའ་ཡས་པའི་གཏེར་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྡོམ་པ་ཉིད་ཡང་དག་པར་བླངས་ཏེ། རྣམ་པ་ཀུན་ཏུ་བསླབ་པར་བགྱིའོ་སྙམ་པའི་འདུན་པ་རྩེ་གཅིག་པས་དྲི་བ་གསུམ་པའི་ལན་ཐོབ་མཛོད། ཅེས་བརྗོད་ལ། དྲི་བ་དང་། ཁས་བླངས་པ་སྔར་བཞིན་བྱ། དེ་ལྟར་ལན་གསུམ་གྱི་བར་དུ་དྲིས་ཤིང་ཁས་བླངས་པས་ཁྱེད་རང་རྣམས་ཀྱི་རྒྱུད་ལ་བྱང་ཆུབ་སེམས་དཔའི་སྡོམ་པའི་དངོས་གཞི་ངེས་པར་སྐྱེ་བ་ཡིན་པས་སྐྱེས་ངེས་སྙམ་དུ་ཐོབ་ཤེས་ཀྱི་དགའ་བ་ཁྱད་པར་ཅན་བསྐྱེད་མཛོད། ཅེས་བརྗོད་པར་བྱའོ། །གསུམ་པ་མཇུག་གི་ཆོ་ག་ལ། མཁྱེན་པར་གསོལ་བ་དང་། ཕན་ཡོན་བསྟན་པ་དང་། གསང་བར་གདམས་པ་དང་། བསླབ་བྱ་བསྟན་པ་དང་། གཏང་རག་དབུལ་བ་སྟེ་རྣམ་པ་ལྔར་ཡོད་པ་ལས། དང་པོ་མཁྱེན་པར་གསོལ་བ་ནི་སློབ་དཔོན་གྱིས་བགྱི་བར་གདའ་སྟེ། ཞེས་བརྡ་སྦྱར་ལ། སློབ་མ་རྣམས་ཙོག་ཙོག་པུར་འཁོད་དུ་གཞུག །སློབ་དཔོན་རང་ཉིད་ཁྲི་ལས་བབས་ཏེ། རྟེན་རྣམས་ཀྱི་དྲུང་དུ་ཞལ་ཤར་དུ་ཕྱོགས་པས་འཁོད་པའི་མདུན་དུ། མེ་ཏོག་སིལ་མས་བཀང་བའི་སྣོད་དང་། བདུག་སྤོས་ཀྱི་རེང་བུའམ་སྤོས་ཕོར་དག་བཤམས། དེ་ནས་ཤར་ཕྱོགས་སུ་ཕྱག་གསུམ་འཚལ་ལ། ཕྱག་རེ་རེ་ལ། ཤར་ཕྱོགས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཞེས་ལན་རེ་བརྗོད་པའི་མཐར་མེ་ཏོག་སྙིམ་པ་གང་ཤར་ཕྱོགས་སུ་གཏོར་ཞིང་། བདུག་སྤོས་ཀྱང་འབུལ་བའི་ཚུལ་བྱ། ཡིད་ཀྱིས་ཤར་ཕྱོགས་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་ཕྱག་འཚལ་ཞིང་མཆོད་པའི་སྤྲིན་གྱི་ཆར་ཆེན་པོ་ཕབ་པར་བསམ། ཚུལ་དེ་བཞིན་གྱིས་རིགས་འགྲེ་བས། ལྷོ་ཕྱོགས་སོགས་ཕྱོགས་ལྷག་མ་གསུམ་དང་། མཚམས་བཞི་དང་། འོག་ཕྱོགས་ཀྱི་དོད་དུ་ནུབ་དང་། སྟེང་ཕྱོགས་ཀྱི་དོད་དུ་ཤར་རྣམས་སུ་ཕྱག་དང་མཆོད་པ་འབུལ་བ་རྣམས་གོ་རིམ་མ་འཁྲུལ་བར་བྱས་པའི་མཐར། རྟེན་ལ་ཞལ་ཕྱོགས་པས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུག །མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་ཁར་སྦྱར། མདུན་དུ་སྤོས་བཏུལ་ལ་འདུན་པ་རྩེ་གཅིག་པས་མཁྱེན་པར་གསོལ་བ་ནི། བྱང་ཆུབ་སེམས་དཔའ། སློབ་མས་སོ་སོའི་མིང་ནས་སྨོས་ལ། མིང་འདི་ཞེས་བྱ་བས། བདག་བྱང་ཆུབ་སེམས་དཔའ། རང་གི་མིང་ནས་སྨོས་ལ། ཞེས་བྱ་བ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་བྱ་བ་ལ་ལན་གསུམ་གྱི་བར་དུ་ཡང་དག་པར་མནོས་པ་ལགས་ཏེ། བྱང་ཆུབ་སེམས་དཔའ། སློབ་མའི་མིང་ནས་སྨོས་ལ། ཞེས་བགྱི་བས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ། བདག །རང་གི་མིང་ནས་སྨོས་ལ། ཞེས་བགྱི་བ་དབང་དུ་གྱུར་པས། འཕགས་པའི་མཆོག་ལྐོག་ཏུ་གྱུར་ཀྱང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་མཐའ་གཏུགས་པའི་ཆོས་ཐམས་ཅད་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་ཐམས་ཅད་ལ་མཁྱེན་པར་གསོལ་ལོ། །ཞེས་མེ་ཏོག་འཐོར་བ་དང་བཅས་པས་ལན་གསུམ་དུ་བརྗོད་པ་ན་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་གཟིགས་པས་མངོན་སུམ་མཁྱེན་ཅིང་རྗེས་སུ་བརྩེ་བས་དགོངས་པར་བསམ་མོ། །དེ་ནས་སློབ་དཔོན་གྱིས། དེ་དག་གིས་མཁྱེན་པར་གསོལ་བའི་དངོས་གཞི་གྲུབ་པ་ལགས་པས། ཁྱེད་རང་རྣམས་ཀྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་གཏུགས་ཏེ་གུས་པས་ཕྱག་འཚལ་བའི་མོས་པ་དང་བཅས་སློབ་དཔོན་དང་ལྷན་ཅིག་ཏུ་ཕྱག་གསུམ་མཛད་པར་ཞུ། ཞེས་བརྡ་སྦྱར་ལ། སློབ་དཔོན་རང་ཉིད་ཀྱིས་བསྐུལ་ཏེ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། སོགས་ནས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཞེས་པའི་བར་བརྗོད་ནས་རྟེན་ལ་ཕྱག་གསུམ་བཙལ། དེ་ལྟར་ཕྱག་འཚལ་ནས། སླར་ཡང་བདག་དང་སེམས་ཅན་ཐམས་ཅད་འཁོར་བ་ལས་ལངས་པར་བསམས་ལ་ཀེར་གྱིས་ལངས་ཏེ་ཐལ་མོ་སྤྱི་བོར་སྦྱར་བར་ཞུ། ཞེས་བརྗོད་ལ་དེ་ལྟར་བྱེད་དུ་གཞུག་གོ །དེ་ནས་སློབ་དཔོན་དང་། སློབ་མ་གཉིས་ཀ་འགྲེང་བཞིན་དུ། སློབ་དཔོན་གྱིས་ཕྱག་གཡས་པ་སྐྱབས་སྦྱིན་གྱི་ཚུལ་དང་བཅས་ཏེ། འདི་སྐད་དུ། དེས་མཁྱེན་པར་གསོལ་བ་ཡན་ལག་དང་བཅས་པ་གྲུབ་ནས། གཉིས་པ་ཕན་ཡོན་བསྟན་པ་ནི། འདི་ལ་གསན་པས་ཁྱབ་པར་གདའ་སྟེ། བྱང་ཆུབ་སེམས་དཔའ་ཞེས་སྔོན་དུ་འགྲོ་བས་སློབ་མ་རྣམས་ཀྱི་མིང་ནས་སྨོས་ལ། མིང་འདི། ཞེས་བྱ་བ་ཁྱོད་ཉོན་ཅིག །འདི་ལྟར་བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ་ལས། དེ་ཚེ་དེ་ལ་དགེ་བའི་ཕྱིར། །རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །དགེ་བའི་ཐུགས་ཀྱིས་རྟག་པར་ཡང་། །བུ་སྡུག་འདྲ་བར་དགོངས་པར་འགྱུར། །ཞེས་གསུངས་པ་ལྟར། འདི་ནི་ཆོས་ཉིད་ཡིན་ཏེ། གང་གི་ཚེ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་ལེན་པའི་ལས་བརྗོད་པ་རྫོགས་པའི་ཚེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་ལྟ་བུའི་ལྟས་འབྱུང་བར་འགྱུར་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་འདི་ལྟར་སངས་རྒྱས་ཀྱི་ཞིང་འདི་ལྟ་བུ་ཞིག་ན། བྱང་ཆུབ་སེམས་དཔའ། སློབ་མའི་མིང་ནས་སྨོས་ལ། མིང་འདི། ཞེས་བྱ་བ། བྱང་ཆུབ་སེམས་དཔའ་རང་གི་མིང་ནས་སྨོས་ལ། མིང་འདི། ཞེས་བྱ་བ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་མངོན་ཤེས་ཡང་དག་པར་མཁྱེན་པར་འགྱུར་རོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་ཆོས་ཀྱི་བརྩེ་བས་བུ་དང་སྤུན་ཟླའི་ཚུལ་དུ་དགོངས་པར་མཛད་ལ། དེ་ལྟར་དགོངས་པར་མཛད་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཕེལ་བར་འགྱུར་རོ། །ཞེས་བརྗོད་པར་བྱའོ། །དེ་ནས་དཔོན་སློབ་གཉིས་ཀ་འདུག་ནས། སློབ་དཔོན་གྱིས། གསུམ་པ་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་པ་འདི་ཉིད་དད་པ་མེད་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱའོ། །ཞེས་གསང་བར་གདམས་པ་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའ། མིང་འདི། ཞེས་བྱ་བ་ཁྱོད་ཉོན་ཅིག །བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླང་བ། འདི་དད་པ་མེད་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། གང་གི་ཕྱིར་དད་པ་མེད་པ་རྣམས་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་རབ་ཏུ་བསྟན་ན། དད་པ་མེད་པའི་སེམས་ཅན་དེ་དག་གིས་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་མ་དད་པས་སྤོང་བར་བྱེད་དེ། དེས་ན་ཇི་སྲིད་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པས་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པ་དེ་སྙེད་ཀྱི་བསོད་ནམས་མ་ཡིན་པའི་ཕུང་པོའང་དེ་སྙེད་དང་ལྡན་པར་འགྱུར་རོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་བསྲུང་བར་བྱ་བ་ཡིན་པས། སྡིག་པ་ལས་བཟློག་པར་བྱ་སྟེ། དེའི་ཕྱིར་མཆོག་ཏུ་དགེ་བའི་བྱང་ཆུབ་སེམས་དཔས་གསང་བར་བྱ་བ་ཡིན་ནོ། །ཞེས་བརྗོད་པར་བྱའོ། །བཞི་པ་བསླབ་བྱ་བསྟན་པ་ནི། དེ་ལྟར་སྡོམ་པ་བླངས་པ་ཙམ་གྱིས་མི་ཆོག །དེའི་མི་མཐུན་པའི་ཕྱོགས་སྤང་བྱ་རྣམས་སྤོང་ཞིང་། མཐུན་པའི་ཕྱོགས་བསླབ་བྱ་རྣམས་ལ་སློབ་དགོས། དེའང་སྤང་བླང་གི་ཡུལ་ངོ་ཤེས་པ་ལ་རགས་ལས་པས། དེའི་ཚུལ་རྒྱས་པར་ནི། ཐེག་པ་ཆེན་པོའི་མདོ་དང་བསྟན་བཅོས་རྣམས་ལས་རྒྱ་ཆེར་འབྱུང་བ་ལྟར་ཤེས་པར་བྱ་བ་ཡིན་ནའང་། འདིར་དེ་དག་གི་སྙིང་པོ་མདོར་བསྡུས་ཏེ་གདམས་པའང་འདི་ལ་གསན་པས་ཁྱབ་པར་གདའ་སྟེ། དེ་ལ་སྤང་བྱ་ནི། སློབ་དཔོན་ཙནྡྲ་གོ་མཱིས་སྡོམ་པ་ཉི་ཤུ་པ་ལས། །རྙེད་དང་བཀུར་སྟིར་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང་། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང་། །གཞན་གྱིས་བཤད་ཀྱང་མི་ཉན་པར། །ཁྲོས་ནས་གཞན་ལ་འཚོག་པ་དང་། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་གསུངས་པའི་ཆོས་བཞི་པོ་འདི་ལ་ཀུན་ནས་དཀྲིས་པ་ཆེ་འབྲིང་ཆུང་གསུམ་དུ་ཡོད་དེ། འཕགས་པ་ཐོགས་མེད་ཀྱིས། བྱང་ས་ལས། ཕམ་པའི་གནས་ལྟ་བུ་བཞི་པོ་འདི་དག་ནི་ཀུན་ནས་དཀྲིས་པ་ཆུང་ངུ་དང་། འབྲིང་གིས་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དེ་བྱང་ཆུབ་སེམས་དཔས་བཏང་བར་མི་འགྱུར་རོ། །ཀུན་ནས་དཀྲིས་པ་ཆེན་པོས་ནི་བཏང་བར་འགྱུར་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཕམ་པའི་གནས་ལྟ་བུའི་ཆོས་བཞི་པོ་འདི་དག་རྒྱུན་མི་འཆད་པར་ཀུན་ཏུ་སྤྱད་པ་དང་། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཆུང་ངུ་ཙམ་ཡང་མི་བསྐྱེད་པ་དང་། དེས་མགུ་བར་བྱེད་ཅིང་དེ་ལ་དགའ་བ་དང་། དེ་ཉིད་ལ་ཡོན་ཏན་དུ་ལྟ་བ་ཅན་དུ་གྱུར་པ་ནི་ཀུན་ནས་དཀྲིས་པ་ཆེན་པོ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པས་ཡན་ལག་གསུམ་པོ་དེ་ཚང་ན་ཀུན་ནས་དཀྲིས་པ་ཆེན་པོ་ཞེས་བྱའོ། །ཡང་བྱང་ས་ལས། མདོར་བསྡུ་ན་རྒྱུ་གཉིས་ཁོ་ནས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བཏང་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་ཡོངས་སུ་བཏང་བ་དང་། ཕམ་པའི་གནས་ལྟ་བུའི་ཆོས་ཀུན་ནས་དཀྲིས་པ་ཆེན་པོས་ཀུན་ཏུ་སྤྱོད་པའོ། །ཞེས་གསུངས་ཤིང་། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། དེ་གཏོང་བ་ནི་མདོར་བསྡུ་ན་རྒྱུ་བཞིས་འགྱུར་ཏེ། ཡང་དག་པར་ལེན་པའི་སེམས་ཀྱིས་མི་འདྲ་བར་ངེས་པའི་སེམས་སྐྱེད་པར་བྱེད་པ་དང་། མི་བརྡ་ཕྲད་པའི་དྲུང་དུ་འབུལ་བ་དང་ལྡན་པའི་ཚིག་རྗོད་པར་བྱེད་པ་དང་། ཕམ་པའི་གནས་ལྟ་བུའི་ཆོས་བཞི་པོ་དེ་དག་ལས་ཐམས་ཅད་དམ་རེ་རེའི་ཉེས་པ་འབྱིན་པ་དང་། ཕམ་པའི་གནས་ལྟ་བུའི་ཆོས་བཞི་པོ་ཐམས་ཅད་རེ་རེ་ལ་ཀུན་ནས་དཀྲིས་པ་ཆེན་པོའི་ཉེས་པ་འབྱིན་པར་བྱེད་ན་བྱང་ཆུབ་སེམས་དཔའི་སྡོམ་པ་བཏང་བར་བརྗོད་པར་བྱའོ། །ཞེས་གསུངས་པས་སྨོན་པ་བཏང་བ་དང་། ཀུན་ནས་དཀྲིས་པ་ཆེན་པོས་ཞི་བའི་གནས་ལྟ་བུའི་ཆོས་བཞི་གང་རུང་སྤྱད་པ་དང་། ཀུན་ནས་དཀྲིས་པ་འབྲིང་པོ་ཡན་ཆད་ཀྱིས་བཞི་ཀ་ཚང་བར་སྤྱད་པ་དང་། བྱང་སེམས་ཀྱི་སྡོམ་པ་ལས་བཟློག་པའི་སྡོམ་མིན་སྐྱེས་པ་དང་། བསླབ་པ་ཕུལ་བ་དང་ལྔས་སྡོམ་པ་བཏང་བས། དེ་དག་བྱུང་ན་བཤགས་དང་བསག་སྦྱང་བྱས་ལ་སྡོམ་པ་སླར་ཡང་བླང་བར་བྱ་སྟེ། སྡོམ་པ་ཉི་ཤུ་པ་ལས་སྡོམ་པ་སླར་ཡང་བླང་བར་བྱ། ཞེས་གསུངས་སོ། །ཀུན་ནས་དཀྲིས་པ་འབྲིང་དང་ཆུང་ངུས་བཞི་པོ་གང་རུང་སྤྱད་པ་ནི། ཉེས་བྱས་སུ་གཏོགས་ལ། དེ་ཡང་ཆོས་གང་རུང་དེ་ལ་ངོ་ཚ་དང་ཁྲེལ་ཡོད་ཅུང་ཟད་སྐྱེ་ཞིང་གཞན་གྱིས་གསོལ་བ་བཏབ་ན་ལྡོག་པ་ནི་འབྲིང་ཡིན་ལ། དེ་ནི་གང་ཟག་གསུམ་ཡན་ཆད་ལ་བཤགས་པར་བྱ་སྟེ། སྔ་མ་ལས། ཟག་པ་འབྲིང་ནི་གསུམ་ལ་བཤགས། །ཞེས་སོ། །ཆོས་གང་རུང་དེ་ལ་ངོ་ཚ་ཆེར་བསྐྱེད་ཅིང་གཞན་གྱིས་མ་བཟློག་ཀྱང་རང་ཉིད་མྱུར་དུ་དེ་ལས་ལྡོག་པ་ནི་ཆུང་ངུ་ཡིན་ལ། དེ་དང་འོག་ནས་འབྱུང་བའི་ཉེས་བྱས་བཞི་བཅུ་རྩ་བཞི་པོ་རྣམས་ནི་གང་ཟག་ཅིག་ཡན་ཆད་ལ་བཤགས་པར་བྱ་སྟེ། དེ་ཉིད་ལས། གཅིག་གི་མདུན་དུ་ལྷག་མ་རྣམས། །ཞེས་སོ། །དེ་བཞིན་དུ་སྡོམ་པ་ཉི་ཤུ་པ་ལས། དཀོན་མཆོག་གསུམ་ལ་མི་མཆོད། ཅེས་པ་ལ་སོགས་པ་ཉེས་བྱས་བཞི་བཅུ་རྩ་བཞི་པོ་ཀུན་སློང་གི་དབང་གིས་ཉོན་མོངས་ཅན་དང་། ཉོན་མོངས་ཅན་མ་ཡིན་པ་དང་། ལྟུང་མེད་དུ་འགྱུར་པའང་ཡོད་ལ། དེ་དག་ནི་བཤགས་ཡུལ་མེད་ན་རང་གི་སེམས་ཀྱིས་བཤགས་པས་འདག་སྟེ། སྔ་མ་ལས། ཉོན་མོངས་མི་མོངས་བདག་སེམས་བཞིན། །ཞེས་སོ། །ཡང་བྱམས་པ་དང་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་གཞན་ལ་ཕན་པ་ཆེན་པོར་འགྱུར་ངེས་པར་མཐོང་ནས་སྤྱད་ན་ཕལ་ཆེར་ལྟུང་མེད་དུ་འགྱུར་ཏེ། དེ་ཉིད་ལས། སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་གསུངས་སོ། །བསླབ་བྱ་ནི། ཚུལ་ཁྲིམས་གསུམ་པོ་ཡིན་ཏེ། བྱང་ས་ལས། ཚུལ་ཁྲིམས་རྣམ་པ་གསུམ་པོ་དེ་དག་ཀྱང་མདོར་བསྡུ་ན། བྱང་ཆུབ་སེམས་དཔའི་བྱ་བ་རྣམ་པ་གསུམ་བྱེད་དེ། སྡོམ་པའི་ཚུལ་ཁྲིམས་ཀྱིས་ནི་གནས་པར་བྱེད་དོ། །དགེ་བའི་ཆོས་སྡུད་པས་ནི་བདག་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་དོ། །སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱིས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་བྱ་བ་ནི་གསུམ་པོ་དེ་དག་ཏུ་ཟད་དེ། འདི་ལྟ་སྟེ། ཚེ་འདི་ལ་བདེ་བར་གནས་པར་བྱ་བའི་ཕྱིར་སེམས་གནས་པར་བྱ་བ་དང་། ལུས་དང་སེམས་དུབ་པ་མེད་པར་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་བྱེད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་དེ་དག་ཏུ་ཟད་དོ། །ཞེས་གསུངས་པས། བྱང་ཆུབ་སེམས་དཔའི་བསླབ་བྱ་ཐམས་ཅད་གསུམ་པོ་དེར་འདུས་པས་གསུམ་པོ་དེ་ལ་འབད་དེ་བསླབ་པར་བྱའོ། །ཡང་རང་དང་གཞན་ལ་ཚེ་འདིར་སྡུག་བསྔལ་ཡང་ཕྱི་མ་ཕན་ཆད་དུ་ཕན་པར་འགྱུར་བའི་དགེ་བ་ནི་བསྒྲུབ་ཅིང་བསྒྲུབ་ཏུ་གཞུག་པར་བྱའོ། །འདི་དང་ཕྱི་མ་གཉིས་ཀར་ཕན་པ་དང་བདེ་བར་འགྱུར་ན་བསྒྲུབ་ཅིང་། འདིར་བདེ་ཡང་ཕྱི་མ་ཕན་ཆད་དུ་སྡུག་བསྔལ་གྱི་རྒྱུར་འགྱུར་བ་ནི་འདོར་ཞིང་འདོར་དུ་གཞུག་པར་བྱ་སྟེ། །སྡོམ་པ་ཉི་ཤུ་པ་ལས། གཞན་རྣམས་དང་ནི་བདག་ལའང་རུང་། སྡུག་བསྔལ་ཡིན་ཡང་གང་ཕན་པ། ཕན་དང་བདེ་བ་རྣམས་བྱ་སྟེ། བདེ་ཡང་མི་ཕན་མི་བྱའོ། །ཞེས་གསུངས་སོ། །དེ་ལྟར་སྤང་བྱ་དང་བསྒྲུབ་བྱ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་ས་ལ་སོགས་པ་ལས་ལེགས་པར་ཤེས་པར་བྱས་ཏེ། གནས་སྐབས་ཐམས་ཅད་དུ་དྲན་པ་དང་ཤེས་བཞིན་གྱིས་ཟིན་པར་བྱས་ནས་བསླབ་པར་བྱ་སྟེ། སློབ་དཔོན་ཆེན་པོ་ཞི་བ་ལྷས། བསླབ་པ་བསྲུང་བར་འདོད་པ་ཡིས། རབ་ཏུ་བསྒྲིམས་ཏེ་སེམས་བསྲུང་བྱ། ཞེས་པ་དང་། སེམས་བསྲུང་འདོད་པ་རྣམས་ཀྱིས་ནི། དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབ་ཀྱང་སྲུངས་ཤིག་ཅེས། །བདག་ནི་དེ་སྐད་འདོམས་པར་བྱེད། །ཅེས་གསུངས་པས་དྲན་ཤེས་བཞིན་དང་ལྡན་པས་བསླབ་པ་རྣམས་ལ་ལེགས་པར་བསླབ་པར་བྱའོ། །ལྔ་པ་གཏང་རག་འབུལ་བ་ནི། དེ་ལྟར་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླང་བ་ཐོབ་པ་དེ་ཉིད་བླ་མ་དང་དཀོན་མཆོག་གི་བཀའ་དྲིན་ལས་བྱུང་བས་ན། གཏང་རག་གི་སླད་དུ་ཕྱག་དང་། མཆོད་པས་བསྙེན་བཀུར་བ་སྐབས་སུ་བབས་པ་ཡིན་པས། ཐོག་མར་གནས་ལྔ་ས་ལ་གཏུགས་པའི་ཕྱག་དང་བཅས་ཏེ་འདི་གསུང་བར་ཞུ། ཇི་སྙེད་སུ་དག་སོགས་ཤློ་ཀ་བཞི་ཚར་གཅིག །དེ་ནས་མཆོད་པ་གསར་པ་བཟང་དུ་བཤམས་ལ། སློབ་དཔོན་གྱིས་སྔར་བཞིན་བྱིན་གྱིས་བརླབས་ཟིན་པ་དང་། དེ་ནས་མཆོད་པ་འབུལ་བ་ལ། དངོས་སུ་བཤམས་པའི་མཆོད་པ་དང་། ལུས་དབུལ་བའི་མཆོད་པ་དང་། དེ་ལས་གཞན་ཡང་མཆོད་པའི་སྤྲིན་རབ་འབྱམས་ཀྱིས་མཆོད་པ་དང་གསུམ་པོ་སྔར་ཇི་སྐད་བཤད་པའི་དམིགས་པ་རྣམས་ཡིད་ལ་དྲན་བཞིན་པའི་སྒོ་ནས་རིམ་བཞིན་དུ་འབུལ་བར་ཞུ། ཞེས་བརྡ་སྦྱར་ལ། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་སྔགས་རྐྱང་པའམ། ཚིགས་བཅད་དང་སྤེལ་བ་ཇི་ལྟར་རིགས་པས་དངོས་བཤམས། རྒྱལ་དང་དེ་སྲས་རྣམས་ལ། སོགས་ཤློ་ཀ་གཅིག་གིས་ལུས་དབུལ་བ། མེ་ཏོག་དམ་པ། སོགས་ཤློ་ཀ་གཅིག་གིས་ཡིད་སྤྲུལ་གྱི་མཆོད་པ་རྣམས་འབུལ་དུ་གཞུག་གོ། །དེ་རྣམས་ཀྱིས་སྤྱིར་བླ་མ་དང་དཀོན་མཆོག་ལ་ཕྱག་དང་མཆོད་པ་ཕུལ་ནས། ཁྱད་པར་སློབ་དཔོན་ལ་བཀའ་དྲིན་རྗེས་སུ་དྲན་པས་གུས་པའི་འདུ་ཤེས་བསྐྱེད་དེ་ཕྱག་གསུམ་མཛད་པར་ཞུ། ཞེས་ཕྱག་གསུམ་འཚལ་དུ་བཅུག་ཟིན་པ་དང་། འགྲེང་སྟེ་འདུད་པ་དང་བཅས་པས། བཀའ་དྲིན་ཆེ་ལགས། ཞེས་བརྗོད་དུ་གཞུག་གོ །སྤྱི་དོན་གསུམ་པ་རང་བཞིན་གཏན་ལ་དབབ་པ་ནི། སྨོན་འཇུག་གི་སེམས་དེ་ཉིད་གང་ལས་སྐྱེ་བའི་རྒྱུ་དང་། རང་གི་ངོ་བོ་དང་། དེ་ཡི་རབ་ཏུ་དབྱེ་བ་དང་། གནས་སྐབས་དང་མཐར་ཐུག་གི་འབྲས་བུ་འབྱིན་པའི་ཕན་ཡོན་ལ་སོགས་པ་ཡིན་ནའང་། སྔ་མ་རྣམས་ནི་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་རྣམས་དང་། རྒྱལ་བའི་སྲས་པོ་མ་ཕམ་པའི་མདོ་སྡེའི་རྒྱན་དང་། འཕགས་པ་ཐོགས་མེད་ཞབས་ཀྱི་བྱང་ཆུབ་སེམས་དཔའི་ས་དང་། སློབ་དཔོན་ཆེན་པོ་ཙཱནྡྲ་གོ་མིའི་སྡོམ་པ་ཉི་ཤུ་པ་སོགས་ལས་རྒྱ་ཆེར་གསུངས་པས་དེ་རྣམས་སུ་གཟིགས་པས་ཁྱབ་ཅིང་། ཕན་ཡོན་ནི། ཆོ་ག་ཤིན་ཏུ་རྒྱས་པར་བྱེད་ན་ཆོ་གའི་སྐབས་སུའང་བཤད་པར་བྱ་བ་ཡིན་པས། འདིར་ཅུང་ཟད་བརྗོད་པར་བྱ་སྟེ། བྱམས་པའི་སྨོན་ལམ་གྱི་མདོ་ལས། །ངན་འགྲོ་ཐམས་ཅད་བཟློག་བགྱིད་ཅིང་། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པའི། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས། དཔའ་བྱིན་གྱིས་ཞུས་པ་ལས། །བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀངས་ཏེ། །དེ་བས་ཀྱང་ནི་ལྷག་པར་འགྱུར། །གངྒཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་ཀུན་མི་གང་གིས། །རིན་ཆེན་དག་གིས་ཀུན་བཀངས་ཏེ། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བགྱིས་ཏེ། །བྱང་ཆུབ་ཏུ་ནི་སེམས་བཏུད་ནས། མཆོད་པ་དེ་ནི་ཁྱད་པར་འཕགས། །དེ་ལ་མཐའ་ནི་མ་མཆིས་སོ། །ཞེས་གསུངས་ཤིང་། དེ་ལྟར་བསོད་ནམས་མཐའ་ཡས་པ་འབྱུང་བའི་གཏན་ཚིགས་ཀྱང་། རིན་ཆེན་ཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་ལ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་གསུངས། བློ་གྲོས་རྒྱ་མཚོས་ཞུས་པ་ལས། །རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང་། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་བརྩེ་བ། །ཆོས་བཞི་འདི་དག་ཡོན་ཏན་མཐའ་མེད་དེ། །འདི་དག་མཐའ་ནི་རྒྱལ་བས་མི་གསུང་ངོ་། །ཞེས་གསུངས། སེངྒེས་ཞུས་པ་ལས། །སེམས་ཅན་ཐམས་ཅད་ཐར་བྱའི་ཕྱིར། །བྱང་ཆུབ་དོན་དུ་སེམས་བཏུད་པ། །དེས་ནི་ཆོས་རྣམས་བསྡུ་བ་ཐོབ། །དེ་ནི་དགའ་བར་ཐོབ་པར་འགྱུར། །ཞེས་གསུངས། སྡོང་པོ་བཀོད་པའི་མདོ་ལས་ཀྱང་། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་ཐམས་ཅད་རྣམ་པར་འཕེལ་བར་བྱེད་པས་ཞིང་ས་ལྟ་བུའོ། །འཇིག་རྟེན་ཐམས་ཅད་བསྟེན་པས་ས་ལྟ་བུའོ། །ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་བསྲུང་བས་ཕ་ལྟ་བུའོ། །ཞེས་བྱ་བའི་བར་དང་། དེ་བཞིན་དུ་སྦྱར་ཏེ། དབུལ་བ་ཐམས་ཅད་གཅོད་པས་རྣམ་ཐོས་ཀྱི་བུ་ལྟ་བུའོ། །དོན་ཐམས་ཅད་ཡང་དག་པར་བསྒྲུབས་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུའོ། །ཉོན་མོངས་པའི་དགྲ་ཕམ་པར་བྱེད་པས་མདུང་ཐུང་ལྟ་བུའོ། །ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་འགེབས་པས་གོ་ཆ་ལྟ་བུའོ། །ཉོན་མོངས་པའི་མགོ་ལྟུང་བར་བྱེད་པས་རལ་གྲི་ལྟ་བུའོ། །ཉོན་མོངས་པའི་ཤིང་གཅོད་པ་སྟྭ་རེ་ལྟ་བུའོ། །འཚེ་བ་ཐམས་ཅད་ལས་སྐྱོབ་པས་མཚོན་ཆ་ལྟ་བུའོ། །འཁོར་བའི་ཆུ་ནང་ན་གནས་པ་སྟེང་དུ་འབྱིན་པས་མཆིལ་པ་ལྟ་བུའོ། །སྒྲིབ་པས་ཁེབས་པའི་རྩ་ཐམས་ཅད་རྣམ་པར་འཐོར་བས་རླུང་གི་དཀྱིལ་འཁོར་ལྟ་བུའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སྨོན་ལམ་བསྡུས་པའི་ཕྱིར་མདོར་བསྟན་པ་ལྟ་བུའོ། །ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་མཆོད་རྟེན་ལྟ་བུ་སྟེ། རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་ཀྱི་སེམས་ནི་ཕན་ཡོན་དེ་དག་དང་ཡོན་ཏན་གྱི་བྱེ་བྲག་ཚད་མེད་པ་གཞན་དང་ཡང་ལྡན་ནོ། །ཞེས་གསུངས། གཞན་ཡང་། མཁས་པས་བྱང་ཆུབ་སེམས་བསྒོམས་ན། །རྒྱལ་བ་སྲས་དང་བཅས་རྣམས་མཆོད། །འདི་ནི་སྐྱོན་མེད་མེ་ཏོག་སྟེ། །རབ་ཏུ་དྲི་ཞིམ་རྣམ་པར་མཛེས། །ཐབས་འདིས་རིང་པོར་མི་ཐོགས་པར། །རྒྱལ་མཆོག་སངས་རྒྱས་ཉིད་དུ་འགྱུར། །གཞན་ཡང་འདོད་པའི་འབྲས་རྣམས་འགྲུབ། །ཅེས་གསུངས། འཕགས་པ་ཀླུ་སྒྲུབ་ཀྱིས། །བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེའི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་གསུངས། གཞན་ཡང་མདོ་ལས་འབྱུང་བའི་དོན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པར་མང་དུ་གསུངས་པ་སོགས་ལ་ངེས་ཤེས་ཁྱད་པར་ཅན་བསྐྱེད་དེ། ཇི་སྐད་བཤད་པའི་བསླབ་བྱ་རྣམས་ལ་སྤང་བླང་ཚུལ་བཞིན་དུ་བསྒྲུབས་པའི་ལེགས་བྱས་ཀྱི་སྣང་བས་རང་གཞན་རྣམས་ཀྱི་ཕན་བདེའི་པདྨོ་མཆོག་ཏུ་རྒྱས་པའི་ཐབས་ལ་བརྩོན་པར་བྱའོ། །ཞེས་བརྗོད། སྐབས་འདིར་ཕྱག་ལེན་འགའ་ཞིག་ལ་གཏང་རག་གི་མཎྜལ་སོགས་བཤད་ཀྱང་སྤྲོ་ན་འགལ་བ་མེད་མོད། སྔར་གཏོང་རག་གི་ཕྱག་མཆོད་རྒྱས་པར་གྲུབ་པའི་ཕྱིར་མ་བྱས་ཀྱང་ཆོག་གོ །དེ་ལྟར་ན་དེ་རྣམས་ཀྱི་སྒོ་ནས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ། མཐའ་ཡས་པའི་རྒྱལ་བའི་སྲས་པོ་རྣམས་ཀྱི་འཇུག་སྒོ། །སངས་རྒྱས་ཀྱི་གསུང་རབ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག །སྨོན་སེམས་དང་། འཇུག་སྡོམ་སོ་སོར་བཟུང་བའི་ཚུལ་དགེ་བའི་བཤེས་གཉེན་བརྒྱུད་པ་དང་བཅས་པའི་ཕྱག་ལེན་བཞིན་ལེགས་པར་ཕུལ་གྲུབ་པའི་སྐབས་འདིར། རང་རེ་རྣམས་ཀྱིས་ཆོས་ཉན་བཤད་བྱས་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཞིག་ཡོད་པ་དེ་དག་བར་མ་དོར་ཆུད་མི་འཛའ་བར། བྱང་ཆུབ་ཆེན་པོའི་རྒྱུར་སྨིན་པའི་སླད་ཡོངས་སུ་བསྔོ་བས་རྒྱས་གདབ་དགོས་པས་བསྔོ་བ་དང་སྨོན་ལམ་གྱི་མཐུན་འགྱུར་ཐུགས་ལ་འདོགས་པར་ཞུ། ཞེས་མཚམས་སྦྱར་ལ། སྤྱི་བསྔོ་རྒྱས་བསྡུས་ཇི་ལྟར་རིགས་པར་བྱ་བའམ། ཡང་ན། བསྔོ་བས་རྒྱས་གདབ་དགོས་པས། ཞེས་པ་ཡན་གོང་ལྟར་ལ། བསྔོ་བ་དང་སྨོན་ལམ་ལྷན་ཅིག་ཏུ་གནང་བར་ཞུ། ཞེས་དང་། འཕགས་པ་བཟང་པོ་སྤྱོད་པ་དང་། བྱམས་པའི་སྨོན་ལམ་སོགས་བསྔོ་སྨོན་རྒྱས་པར་བྱ་ཞིང་། གང་ལྟར་ཡང་། མདོ་སྡེ་ལས་འབྱུང་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་བཅས་མེ་ཏོག་གི་ཆར་སིལ་མ་དགྲམ་པར་བྱའོ། །འདིར་འཕྲོས་དོན་ཅུང་ཟད་བརྗོད་ན། གོང་དུ་བཤད་པ་བཞིན་སྨོན་སེམས་རྐྱང་པར་སོ་ཐར་རིགས་བརྒྱད་གང་རུང་སྔོན་དུ་འགྲོ་བ་དང་། སྣོད་བརྟག་པ་སོགས་གང་ཡང་མི་དགོས་པས་དོན་གཉེར་ཐམས་ཅད་ལ་སྦྱིན་དུ་རུང་བའི་ཕྱིར། སྐྱེ་བོ་མང་པོ་ཚོགས་པ་ལ་སེམས་བསྐྱེད་ན་འདིའི་སྨོན་པ་སེམས་བསྐྱེད་ཁོ་ན་བྱ། དེ་ཡང་གོང་བཤད་ཀྱི་སྐབས་སུ་སེམས་བསྐྱེད་དང་སྡོམ་པའི་ཆོ་ག་ཞེས་པ་ལ། སེམས་བསྐྱེད་ཀྱི་ཆོ་ག་ཞེས་དང་། སེམས་བསྐྱེད་དང་སྡོམ་པའི་རྟེན་ངེས་པར་བྱ་བ་ལ། སེམས་བསྐྱེད་ཀྱི་རྟེན་ངེས་པར་བྱ་བ་ཞེས་དང་། གཉིས་པ་སྦྱོར་བ་རྗེས་སུ་སྒྲུབ་པ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ལའང་གསུམ་སྟེ། སོགས་དཀྱུས་བཞིན་ལ། སྨོན་སེམས་ཀྱི་གཏོང་རག་དབུལ་བའི་བར་བྱས་ནས། དེ་རྣམས་ཀྱི་སྒོ་ནས་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་ཡན་ལག་དང་བཅས་པ་ལེགས་པར་ཕུལ་གྲུབ་པའི་སྐབས་འདིར། རང་རེ་རྣམས་ཀྱིས་ཆོས་ཉན་བཤད་བྱས་པ་ལས་བྱུང་བའི། ཞེས་སོགས་གོང་བཞིན་སྦྲེལ་ལ་དགེ་བ་བསྔོས་པས་དོན་འགྲུབ་བོ། །གལ་ཏེ་དོན་གཉེར་དམིགས་བསལ་ལ་འཇུག་སྡོམ་སྦྱིན་ན། སྤྱིར་ཡང་ལེན་པ་པོའི་གང་ཟག་གི་སྐབས་སུ་བཤད་པའི་མཚན་ཉིད་ཐམས་ཅད་ཚང་བ་དང་། ཁྱད་པར་ཐེག་པ་ཆེན་པོའི་མདོ་སྡེ་ཇི་སྙེད་པའམ། དེ་ཙམ་མ་ནུས་ཀྱང་བྱང་སའམ། བསླབ་བཏུས་ལྟ་བུ་ཉན་ནས་གོ་དོན་འཕྲོད་པ་བྱུང་ན་ཤིན་ཏུ་ལེགས། མ་མཐའ་ཡང་འཕགས་པ་དཀོན་མཆོག་སྤྲིན་ནས། ནམ་མཁའི་སྙིང་པོས་ཞུས་པ་ལྟ་བུའི་མདོ་སྡེ་ཞིག་གི་བཀླག་ལུང་ཙམ་ངེས་པ་ཐོབ་པ་གལ་ཆེ་སྟེ། སྔར་ལས་རིམ་དང་བློ་སྦྱོང་སོགས་བརྗོད་བྱ་དོན་གྱི་ཐེག་ཆེན་ཉན་པ་ཞིག་ཡིན་དུ་ཟིན་ནའང་རྗོད་བྱེད་ཚིག་གི་ཐེག་ཆེན་གྱི་མདོ་སྡེ་ཞིག་མ་ཐོས་པའི་ཐབས་མེད་དོ། །དེ་བཞིན་དུ་ཕྱག་ལེན་གྱི་རིམ་པའང་གོང་དུ་ཇི་སྐད་བཤད་པ་བཞིན་ལས་སྔགས་ཀྱི་ཆོ་གས་རྒྱས་བཀབ་པ་དང་། སླ་ཆོས་སོགས་གང་དྲན་བྱས་ན་ཆོས་ལ་དབང་ཟ་བའི་ཉེས་པ་ནི་ཚད་མེད་པའི་ཕྱིར་བག་ཡོད་པར་བྱའོ། །དེ་ལྟར་སེམས་བསྐྱེད་དང་སྡོམ་པའི་ཚུལ་ལ་གནས་པའི་གང་ཟག་གིས་ཐེག་པ་ཆེན་པོའི་ལམ་ལ་སློབ་པར་བྱ་བ་ཡིན་པས། དེ་དག་གི་བློ་གྲོས་ཀྱི་སྒོ་དབྱེ་བའི་ཕྱིར་ལམ་གྱི་རིམ་པའང་མདོར་བསྡུ་ན། མགོན་པོ་བྱམས་པས་མདོ་སྡེའི་རྒྱན་ལས། །རིགས་དང་ཆོས་ལ་མོས་པ་དང་། །དེ་བཞིན་དུ་ནི་སེམས་བསྐྱེད་དང་། །སྦྱིན་པ་ལ་སོགས་བསྒྲུབ་པ་དང་། །སེམས་ཅན་ཡོངས་སུ་སྨིན་བྱེད་དང་། །སྐྱོན་མེད་པ་ལ་འཇུག་ཉིད་དང་། །ཞིང་ནི་ཡོངས་སུ་དག་པ་དང་། །མི་གནས་མྱ་ངན་འདས་པ་དང་། །བྱང་ཆུབ་མཆོག་ལམ་སྟོན་པའོ། །ཞེས་གསུངས་པ་ལྟར། ཐོག་མར་སྐལ་བ་དང་ལྡན་པའི་གཞི་ཐེག་པ་ཆེན་པོའི་རིགས་སད་པའི་རྟགས་སུ་སྙིང་རྗེ་དང་། མོས་པ་དང་། བཟོད་པ་དང་། དགེ་བ་སོགས་ལ་མངོན་པར་སྤྲོ་བའི་གང་ཟག་གིས། ཆོས་འདི་པ་ལ་མི་ཕྱེད་པའི་མོས་པས་མཚམས་སྦྱར་ཏེ་བསྟན་པ་སྤྱིའི་འཇུག་སྒོ་སྐྱབས་འགྲོ་དང་། བྱེ་བྲག་ཐེག་ཆེན་གྱི་འཇུག་སྒོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས། རང་སྨིན་པར་བྱེད་པ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་ཅིང་། གཞན་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་བསྡུ་བའི་དངོས་པོ་བཞི་ལ་མཉམ་རྗེས་གཉིས་ཀྱི་སྒོ་ནས་ཅི་ནུས་སུ་འབད་པས་རང་ཤུགས་ཀྱིས་ཆོས་ལས་བློ་གཞན་དུ་མི་འགྲོ་ཞིང་། དད་པ་དང་། ངེས་འབྱུང་དང་། བསྒོམ་པ་སོགས་ལ་སུན་པ་མེད་པར་པདྨོའི་མཚོ་ལ་ངང་མོ་འཇུག་པ་བཞིན་སྤྲོ་བ་ངང་གིས་འཕེལ་བ་ན་ཚོགས་ལམ་ཆུང་ངུ་ཐོག་མར་རྒྱུད་ལ་སྐྱེས་པ་ཡིན་ནོ། །དེ་ནས་ཏིང་ངེ་འཛིན་སྐྱོན་མེད་པ་དང་། ཞིང་ཡོངས་སུ་དག་པ་འཕགས་པའི་ཆོས་ལ་འཇུག་པའི་སླད་དུ་ལམ་ལ་འབད་པས། བདེན་པ་བཞིའི་དོན་ལ་གསལ་སྣང་ཅུང་ཟད་རྙེད་པ་ནི་ཚོགས་ལམ་དེ་ཉིད་བསྒོམས་པའི་སྟོབས་དང་། ཚོགས་བསགས་པའི་སྟོབས་གཉིས་འཛོམས་པས་ཕུང་པོ་ལྔ་སྒྱུ་མ་ལྟ་བུ་རྟོགས་ཤིང་། ཆོས་ཀྱི་བདག་མེད་ལ་གསལ་སྣང་རིམ་གྱིས་རྙེད་པ་ནི་སྦྱོར་ལམ། བདག་མེད་གཉིས་ཀྱི་དོན་ཇི་བཞིན་པ་དང་པོར་མཐོང་བ་མཐོང་ལམ། མཐོང་ཟིན་པའི་ཏིང་ངེ་འཛིན་ཁྱད་པར་ཅན་གྱི་འཇུག་ངོགས་ལ་གོམ་པར་བྱེད་པ་བསྒོམ་ལམ། ཤེས་བྱ་དང་སྤང་བྱ་མཐར་ཕྱིན་པ་མི་སློབ་པའི་ལམ་སྟེ། དེ་ཡང་མཐོང་ལམ་གྱི་ཡེ་ཤེས་ཁོང་དུ་ཆུད་པ་དང་། ས་དང་པོ་གསར་དུ་ཐོབ་པ་དུས་མཉམ། དེ་ནས་བསྒོམ་ལམ་གྱིས་ས་དགུ་པའི་བར་བགྲོད་ནས། མི་སློབ་པའི་ལམ་དུ་ས་བཅུ་པ་ཆོས་ཀྱི་སྤྲིན་རྒྱ་མཚོར་འཇུག་པ་སྟེ། མདོར་ན་དེ་ལྟ་བུའི་ལམ་དང་ས་དེ་དག་ཀྱང་། དོན་དམ་སེམས་བསྐྱེད་ལ་བརྟེན་ནས། ཤེས་རབ་སྟོང་ཉིད་བསྒོམས་པས་ཉེར་ལེན་གྱི་རྒྱུ་དང་། ཐབས་སྙིང་རྗེ་ཆེན་པོས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་ལམ་ལྔ་འགྲུབ། ཀུན་རྫོབ་སེམས་བསྐྱེད་ལ་བརྟེན་ནས། ཐབས་སྙིང་རྗེས་ཉེར་ལེན་གྱི་རྒྱུ་དང་། ཤེས་རབ་སྟོང་པ་ཉིད་ཀྱིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་ས་བཅུ་ཐོབ་ལ། སངས་རྒྱས་པ་ན་ཡང་ལམ་མཐར་ཐུག་པ་ཆོས་སྐུ་དང་། ས་མཐར་ཐུག་པ་གཟུགས་སྐུ་ཡིན་ནོ། །དེ་ལྟར་ས་ལམ་མཐར་ཕྱིན་པའི་འབྲས་བུ་ནི། ཤེས་རབ་ཆེན་པོས་འཁོར་བ་དང་། སྙིང་རྗེ་ཆེན་པོས་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས། བྱང་ཆུབ་མཆོག་སྟེ་སངས་རྒྱས་ཀྱི་སའི་ཡོན་ཏན་མཐའ་དག་ལྷུན་གྱིས་གྲུབ། ནམ་མཁའ་ཇི་སྲིད་བར་དུ་སེམས་ཅན་གྱི་ཁམས་ལ་ལམ་སྟོན་པའི་ཕྲིན་ལས་རྒྱུན་མི་འཆད་པར་འགྱུར་བ་ནི་ངེས་པའོ། །དེ་ལྟར་ཐེག་ཆེན་ཤིན་ཏུ་རྒྱས་པའི་སེམས་བསྐྱེད་སྡོམ་པའི་ཆོ་གའི་ཚུལ། །བྱང་ཆུབ་སེམས་དཔའི་ལམ་བཟང་གང་དེ་གསལ་བར་བཤད་པའི་ལེགས་བྱས་ཀྱིས། །ཤེས་རབ་ཆེན་པོས་སྲིད་ལས་འདས་ཀྱང་སྙིང་རྗེས་ཞི་མཐར་ལྷུང་མིན་པའི། །སྐུ་དང་ཡེ་ཤེས་ཕྲིན་ལས་རྨད་བྱུང་ཀུན་མཁྱེན་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་ཡོངས་རྫོགས་བསྟན་པའི་མངའ་བདག་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། དཔལ་ས་སྐྱ་པ་འཇམ་དཔལ་གཞོན་ནུ་ངག་དབང་རྡོ་རྗེ་རིན་ཆེན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་ཐུགས་བཞེད་བསྒྲུབ་པ་དང་། དོན་གཉེར་ཅན་གཞན་ལའང་ཕན་པའི་བསམ་པ་བཟང་པོས། ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་ལས་ཐེག་པ་ཆེན་པོའི་གཞུང་ལུགས་མང་དུ་ཐོས་པའི་ཤཱཀྱའི་བཙུན་པ་རྨོངས་བརྟུལ་ཀུན་ཏུ་རྒྱུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས། རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་གྱི་གསུང་རབས་ལ་ཚིག་གི་མཐའ་བསྐྱེད་ཚུལ་མི་འགལ་བས་ཟུར་བརྒྱན་ཏེ། ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་སྦྱར་བའོ། །འདིས་ཀྱང་རང་གཞན་ཐམས་ཅད་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཅོས་མ་མ་ཡིན་པ་སྐྱེས་པའི་མཐུ་ལས། བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག །ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་བསྐྱེད་དང་སྡོམ་པ་རྣམ་པར་དག་པ་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། མགོན་པོ་བྱམས་པ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། འཕགས་པ་གྲོལ་སྡེ། བཙུན་པ་རྣམ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། སློབ་དཔོན་སེངྒེ་བཟང་པོ། ཀུ་སཱ་ལི་ཆེ་ཆུང་གཉིས། གསེར་གླིང་པ་ཆོས་ཀྱི་གྲགས་པ། ཇོ་བོ་རྗེ་དཔལ་མར་མེ་མཛད། རྒྱལ་བ་འབྲོམ་སྟོན་པ། སྤྱན་སྔ་ཚུལ་ཁྲིམས་འབར། །དགེ་བཤེས་བྱ་ཡུལ་བ། རྒྱལ་སྲས་མུས་སྨན་པའང་ཟེར། ཚར་ཆེན་པ། གྲོལ་སྟོན་བདུད་རྩི་གྲགས། སངས་རྒྱས་སྒམ་པ་སེངྒེ་སྐྱབས། མཆིམས་ནམ་མཁའ་གྲགས། མཁན་ཆེན་སེངྒེ་སྐྱབས། མཁས་བཙུན་བསོད་ནམས་ཡེ་ཤེས། བྱང་སེམས་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ། གྲུབ་ཆེན་བུདྡྷཱ་ཤྲཱི། ངོར་ཆེན་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། མཁན་ཆེན་དཀོན་མཆོག་ཚུལ་ཁྲིམས། སྒོ་རུམ་པ་ཀུན་དགའ་ལེགས་པ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ངག་དབང་ཆོས་གྲགས། འཇམ་མགོན་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག །ལྷ་ཁང་མཁན་ཆེན་དོན་གྲུབ་ལེགས་བཟང་། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། མུས་ཆེན་བསོད་ནམས་དཔལ་བཟང་། མུས་ཆེན་ཆོས་ཉིད་ཡེ་ཤེས། མུས་ཆེན་ཡེ་ཤེས་རྒྱལ་མཆོག །ཡོངས་འཛིན་རིན་པོ་ཆེ་བློ་གྲོས་རྒྱ་མཚོ། དཔལ་ས་སྐྱ་པ་འཇམ་མགོན་བླ་མ་ངག་དབང་རྡོ་རྗེ་རིན་ཆེན། དེས་བདག་ཅག་ལ་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད་པ་ཡིན་ནོ། །ཡང་ན། བྱང་སེམས་བསོད་ནམས་གྲགས་པ་ནས། བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་གྲུབ་པ་ཤེས་རབ། པཎ་ཆེན་དགེ་འདུན་གྲུབ། འདུལ་འཛིན་བློ་གྲོས་སྦས་པ། པཎ་ཆེན་ལུང་རིགས་རྒྱ་མཚོ། རྗེ་སྐྱབས་མཆོག་དཔལ། དབེན་ས་བ་བློ་བཟང་དོན་འགྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་རྒྱན། དྲུང་པ་བརྩོན་འགྲུས་རྒྱལ་མཚན། རྟ་ཕུག་པ་དམ་ཆོས་རྒྱལ་མཚན། སྒྲུབ་ཁང་པ་དགེ་ལེགས་རྒྱ་མཚོ། ཕུར་བུ་ལྕོག་ངག་དབང་བྱམས་པ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། བཤེས་གཉེན་བློ་བཟང་རྒྱལ་མཚན། རྒྱལ་སྲས་སེམས་དཔའ་རིན་པོ་ཆེ་རིན་ཆེན་བློ་གསལ་བསྟན་སྐྱོང་། དེས་བདག་ལའོ། །ཡང་ན། རྒྱལ་སྲས་ཐོགས་མེད་ནས། ལོ་ཆེན་བྱང་ཆུབ་རྩེ་མོ། དེ་དབོན་ལོ་ཆེན་གྲགས་རྒྱལ། བོ་དོང་པ་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། བྱམས་གླིང་པཎ་ཆེན་བསོད་ནམས་རྣམ་རྒྱལ། གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན། པཎ་ཆེན་དོན་ཡོད་གྲུབ་པ། རྗེ་བཙུན་ཀུན་དགའ་གྲོལ་མཆོག །མཁན་ཆེན་ལུང་རིགས་རྒྱ་མཚོ། རྗེ་བཙུན་ཀུན་དགའ་སྙིང་པོ། རྒྱལ་ཚབ་ཡེ་ཤེས་རྒྱ་མཚོ། རྗེ་ཡོན་ཏན་མགོན་པོ། གྲུབ་ཆེན་མགོན་པོ་དཔལ་འབྱོར། མཚུངས་མེད་མགོན་པོ་གྲགས་པ། གྲུབ་དབང་མགོན་པོ་རྣམ་རྒྱལ། རིག་འཛིན་འཇམ་དབྱངས་རྒྱ་མཚོ། ཀུན་གཟིགས་ཕྲིན་ལས་ཤིང་རྟ། རྨོག་ལྕོག་པ་ཀུན་དགའ་དགེ་ལེགས། ཀུན་དགའ་ལྷུན་གྲུབ་རྒྱ་མཚོ། རྗེ་བཀའ་བརྒྱུད་བསྟན་འཛིན། བླ་མ་ཀརྨ་ལྷག་མཐོང་། གྲུབ་དབང་ཀརྨ་ནོར་བུ། ངེས་པར་ཐམས་ཅད་མཁྱེན་དངོས་ངག་གི་དབང་ཕྱུག་བློ་གྲོས་མཐའ་ཡས། དེས་བདག་ལ་བཀའ་དྲིན་ཆེན་པོས་སྩལ་བའོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝ་ཏུ། ། | ཕུན་ཚོགས་སྲིད་ཞིའི་ཕན་བདེ་ཇི་སྙེད་རྫོགས་པའི་སངས་རྒྱས་མཐུ་ལས་བྱུང་། །སངས་རྒྱས་རྒྱལ་བའི་སྲས་པོ་ཉིད་དང་དེ་ཡང་བྱང་སེམས་ལས་འཁྲུངས་ཕྱིར། །རིན་ཆེན་རིན་ཐང་མེད་པའི་མཆོག་སྦྱིན་དགེ་བའི་བཤེས་ལ་གུས་བཏུད་ནས། །ཤིན་ཏུ་རྒྱས་པའི་སེམས་བསྐྱེད་ཆོ་ག་གཞན་ལ་ཕན་ཕྱིར་གསལ་བར་བཤད། །འདི་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་མཐའ་དག་གི་འབྱུང་གནས། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་བླ་མ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡབ། གཅིག་ཏུ་སྐྱོན་གྱི་དྲི་མ་བག་ཆགས་དང་བཅས་པ་གཏན་ནས་སྤངས་ཤིང་། བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རྒྱ་མཚོ་ཉམས་པ་མེད་པ་ལ་དབང་འབྱོར་བ། ཡིད་ཅན་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་གཅིག་པུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་འདོད་པས། དེ་ཡི་ཐབས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་རྒྱལ་སྲས་ཀྱི་སྤྱོད་པ་ལ་འཇུག་དགོས། དེའང་ཐོག་མར་སྡོམ་པའི་ཆོ་ག་ལ་ལྟོས་པས། ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་གྱིས། རིགས་དང་སྐལ་བར་ལྡན་པའི་སློབ་མ་རྣམས་བྱང་ཆུབ་ཆེན་པོའི་ལམ་དུ་གཞུག་པའི་ཕྱིར། ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་བསྐྱེད་དང་སྡོམ་པའི་ཆོ་ག་བྱེད་པར་འདོད་པས་སྦྱོར་བ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། གནས་གཙང་ཞིང་ཡིད་དུ་འོང་བར། སྟོན་པ་ཐུབ་པའི་དབང་པོ་ཤཱཀྱ་སེངྒེའི་སྣང་བརྙན་གཙོ་བོར་གྱུར་པའི་རྟེན་ཁྱད་པར་ཅན་གྱི་དྲུང་དུ། ཉེར་སྤྱོད་སྤྱི་དང་། ཁྱད་པར་སྤོས། མར་མེ། ཞལ་ཟས་རྣམས་ཀྱི་ཕྲེང་བ་ཚར་དུ་དངར་བས་མཚོན་ཅི་འབྱོར་བའི་མཆོད་པ་རྣམས་གཙང་ཞིང་བཀོད་པས་མཛེས་པ་དང་། གཏོར་མ་འབུལ་བར་འདོད་ན། ཟླུམ་གཏོར་དཀར་པོ་གཉིས་དང་། གཞི་བདག་གི་གཏོར་མ་དང་བཅས་པའང་བཤམས། དེ་ནས་སློབ་དཔོན་རང་ཉིད་ཁྲུས་བྱ། གྲུབ་ན་སེམས་བསྐྱེད་དང་སྡོམ་པ་བླང་། གང་ལྟར་ཡང་ལྟུང་བཤགས་སོགས་ཆོས་སྤྱོད་ཀྱི་རིམ་པ་ཇི་ལྟར་རིགས་པ་བྱ། དེ་ནས་སྟན་མཐོན་པོ་ལ་འདུག་སྟེ། སློབ་མ་རྣམས་ཕྱི་རོལ་ཏུ་ཁྲུས་བྱས། ནང་དུ་རང་རང་གི་སྟན་དམའ་བར་མེ་ཏོག་དང་བཅས་ཏེ་གུས་པའི་ཚུལ་གྱིས་འཁོད་དུ་གཞུག་གོ། །།གཉིས་པ་དངོས་གཞི་ནི། སློབ་དཔོན་གྱིས་ཆོས་ཐམས་ཅད་སྟོང་ཉིད་དུ་རྟོགས་པའི་ཤེས་རབ་དང་། སེམས་ཅན་ཐམས་ཅད་ཕན་བདེ་ལ་འགོད་པར་འདོད་པའི་བརྩེ་བ་དང་། ཁྱད་པར་སློབ་མ་རྣམས་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་འདོད་པའི་བསམ་པ་བཟང་པོ་དང་ལྡན་པས། གསལ་ཞིང་སྙན་པའི་ངག་གིས་འདི་སྐད་ཅེས་བརྡ་སྤྲོད་པར་བྱའོ། །འོ་སྐོལ་རྣམས་ཀྱིས་རྙེད་པར་དཀའ་བའི་དལ་འབྱོར་གྱི་རྟེན་ཁྱད་པར་རྙེད། མཇལ་བར་དཀའ་བའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ། འཁོར་འདས་ཀྱི་འདམ་ཁ་རང་དབང་ཡོད་པའི་དུས་འདིར་དལ་འབྱོར་ལ་སྙིང་པོ་ལེན་པའི་ཆོས་རྣམ་པར་དག་པ་ཞིག་ལ་ཅི་ནས་ཀྱང་འབད་དགོས་ཏེ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས། རྒྱ་མཚོ་གཅིག་གནས་གཉའ་ཤིང་བུ་ག་དང་། །རུས་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱད་པས་དེ་འབྲས་མཆིས་པར་མཛོད། །ཅེས་གསུངས་ཤིང་། དམ་ཆོས་ཀྱི་ནང་ནས་ཀྱང་། བདག་གཞན་ཐམས་ཅད་སྡུག་བསྔལ་བ་དང་བཅས་པ་ལས་སྒྲོལ་ཤིང་། གནས་སྐབས་དང་། མཐར་ཐུག་གི་བདེ་བ་ཐམས་ཅད་ཐོབ་པར་བྱེད་པའི་རྒྱུ། བསོད་ནམས་དང་ཡོན་ཏན་མཐའ་ཡས་པའི་གཏེར་དུ་གྱུར་པ་ནི་བྱང་ཆུབ་ཀྱི་སེམས་ཁོ་ན་ཡིན་ཏེ། སློབ་དཔོན་ཆེན་པོ་ཞི་བ་ལྷས། །སྡུག་བསྔལ་མཐར་འབྱིན་འདོད་པ་དང་། བདེ་བའི་མཐར་ཡང་འགྲོ་འདོད་པས། །དད་པའི་རྩ་བ་བརྟན་བྱས་ནས། །བྱང་ཆུབ་ལ་ནི་བློ་བརྟན་བྱ། །ཞེས་དང་། །སློབ་དཔོན་ཆེན་པོ་ཙཱནྡྲ་གོ་མིས། །ཕྱོགས་དུས་ཀུན་ན་བཞུགས་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁྲིམས། །བསོད་ནམས་ཀུན་གྱི་གཏེར་གྱུར་གང་། ཞེས་གསུངས་པས་མཚོན་རྒྱལ་བ་སྲས་དང་བཅས་པས་བགྲོད་པ་གཅིག་པའི་ལམ་དུ་བསྔགས་པར་མཛད་པ་བྱང་ཆུབ་ཀྱི་སེམས་དེ་ཡང་ཀུན་རྫོབ་ཆོ་ག་ལས་ཐོབ་པ་དང་། དོན་དམ་པ་སྒོམ་པའི་སྟོབས་ཀྱིས་སྐྱེས་པ་གཉིས་ལས། དང་པོ་ལ། བསྐྱེད་བྱ་སེམས་ཀྱི་མཚན་ཉིད་ནི། གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་ཐེག་ཆེན་སློབ་པའི་སེམས་གང་ཞིག་བྱང་འཕགས་ཀྱི་མཉམ་བཞག་གི་ངོ་བོར་གྱུར་པའི་སེམས་བསྐྱེད་རྣམ་པར་བཅད་པའོ། | ||
།མཚན་གཞི་ནི། ཐེག་ཆེན་ཚོགས་སྦྱོར་བའི་རྒྱུད་ཀྱི་སེམས་བསྐྱེད་རྣམས་དང་། བྱང་འཕགས་ཀྱི་རྗེས་ཐོབ་ཀྱི་ངོ་བོར་གྱུར་པའི་སེམས་བསྐྱེད་ལྟ་བུའོ། །དབྱེ་ན། གྲོགས་དགེ་བའི་བཤེས་གཉེན་གྱི་སྟོབས་དང་། རྒྱུ་རིགས་སད་པའི་སྟོབས་དང་། འབྲས་བུ་དགེ་རྩ་རྒྱས་པའི་སྟོབས་དང་། ལམ་ཐེག་ཆེན་གྱི་སྡེ་སྣོད་ཐོས་པའི་སྟོབས་དང་། ཐོས་པ་དེ་ཉིད་མང་དུ་གོམས་པས་བསྐྱེད་པ་དང་ལྔ་ལས། དང་པོ་ནི་གྲོགས་ལ་རག་ལས་པས་མི་བརྟན་པའི་སེམས་བསྐྱེད་དང་། ཕྱི་མ་བཞི་ནི་མི་མཐུན་ཕྱོགས་ཀྱིས་ཉམས་དཀའ་བས་བརྟན་པའི་སེམས་བསྐྱེད་དེ། མདོ་སྡེ་རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་གསུངས་པ་ལྟར། གཙོ་བོར་གཞན་གྱི་མཐུ་ལས་བྱུང་བ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ལའང་། མ་ཐོབ་པ་ཐོབ་པར་བྱེད་པའི་ཆོ་ག །ཐོབ་པ་མི་ཉམས་པར་བསྲུང་བའི་ཚུལ། ཉམས་ན་ཕྱིར་བཅོས་པ་རྣམས་སུ་འདུ་བ་ལས། འདིར་དང་པོ་མ་ཐོབ་པ་ཐོབ་པར་བྱེད་པ་སེམས་བསྐྱེད་དང་སྡོམ་པའི་ཆོ་ག་བགྱིད་པའི་སྐབས་སུ་བབས་པ་ལགས། དེ་ཡང་འདི་ལ་སྔོན་གྱི་མཁས་པ་རྣམས་ཀྱི་གསུངས་ལས། སེམས་བསྐྱེད་ལ་དབུ་མ་ལུགས་དང་། སེམས་ཙམ་ལུགས་གཉིས་ཡོད། དབུ་མ་ལུགས་ནི་སྡོང་བོ་བཀོད་པ་དང་། ནམ་མཁའི་སྙིང་པོས་ཞུས་པ་ལ་སོགས་པའི་མདོའི་རྗེས་སུ་འབྲངས། འཕགས་པ་འཇམ་དཔལ་གྱིས་གསུངས། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ནས་བརྒྱུད། སློབ་དཔོན་ཆེན་པོ་ཞི་བ་ལྷ་ཡི་ལུགས། སློབ་དཔོན་དགྲ་ལས་རྣམ་རྒྱལ་ལ་སོགས་པའི་ཕྱག་ལེན། བསྟན་པའི་མངའ་བདག་ཆེན་པོ་དཔལ་ལྡན་ས་སྐྱ་པ་ལ་སོགས་པས་མཛད་པ་འདི་ཡིན། སེམས་ཙམ་ལུགས་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སོགས་པའི་མདོའི་རྗེས་སུ་འབྲངས། འཕགས་པ་བྱམས་པས་གསུངས་འཕགས་པ་ཐོགས་མེད་ནས་བརྒྱུད། སློབ་དཔོན་ཆེན་པོ་ཙནྡྲ་གོ་མིའི་ལུགས། ཇོ་བོ་ཆེན་པོ་རྗེ་ཡི་ཕྱག་ལེན། དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱིས་མཛད་པ་འདི་ཡིན། འདི་གཉིས་ལ་བླང་བའི་ཡུལ། ལེན་པ་པོའི་གང་ཟག །ལེན་པའི་ཆོ་ག །བླངས་ནས་སྲུང་ཚུལ། ཉམས་ན་ཕྱིར་བཅོས་པ་རྣམས་ལ་མི་འདྲ་བའི་ཁྱད་པར་མང་དུ་ཡོད་ཅེས་གསུངས་ཤིང་། ཡང་མཁས་པ་འགའ་ཞིག་དེ་གཉིས་ཀྱི་དབྱེ་བ་དང་ཁྱད་པར་ལ་སོགས་པ་མི་འཐད་ཅེས་གསུང་ཡང་། འདིར་དེ་ལྟ་བུའི་དགག་སྒྲུབ་ཀྱི་རིམ་པ་རྣམས་བཏང་སྙོམས་སུ་བཞག་ནས། སློབ་དཔོན་ཆེན་པོ་འཕགས་པ་ཐོགས་མེད་དང་། ཇོ་བོ་རྗེ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ནའི་གསུང་རབས་ལས་འབྱུང་བ་ལྟར། ཡང་དག་པ་རྫོགས་པའི་སངས་རྒྱས་ནས། བདག་ཅག་གི་ཡོངས་སུ་འཛིན་པ་ཆེན་པོའི་བར་བུ་བརྒྱུད་པ་བར་མ་ཆད་པ་ལས་བྱོན་པའི་ཕྱག་ལེན་བཞིན་འབུལ་བ་ལ་དོན་རྣམ་པ་གསུམ་སྟེ། སེམས་བསྐྱེད་དང་སྡོམ་པའི་རྟེན་ངེས་པར་བྱ་བ་དང་། སྦྱོར་བ་རྗེས་སུ་སྒྲུབ་པ་དང་། རང་བཞིན་གཏན་ལ་དབབ་པའོ། །དང་པོ་རྟེན་ངེས་པར་བྱ་བ་ལ་གསུམ་སྟེ། སྡུག་བསྔལ་འཁོར་བའི་མཐའ་ལ་སྐྱོ་བ་བསྐྱེད་པ་དང་། ཞི་བ་མྱང་འདས་ཀྱི་མཐའ་ལ་ཞེན་པ་དགག་པ་དང་། མཐའ་གཉིས་དང་བྲལ་བའི་བྱང་ཆུབ་ཀྱི་སེམས་ལ་སྤྲོ་བ་བསྐྱེད་པའོ། །དང་པོ་སྡུག་བསྔལ་འཁོར་བའི་མཐའ་ལ་སྐྱོ་བ་བསྐྱེད་པ་ནི། འདི་ལྟར་ངེས་པར་བྱ་སྟེ། འོ་སྐོལ་རྣམས་ཀྱིས་དལ་འབྱོར་གྱི་མི་ལུས་ཐོབ་པའི་སྐབས་འདིར། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བརྒལ་ཞིང་། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་འབད་དགོས། དེ་ཡི་རྒྱུ་མཚན་ཡང་དོན་དེ་གཉིས་རྟེན་འདི་ལ་བསྒྲུབ་ནུས་ཤིང་གཞན་གྱིས་མི་ནུས་པའི་ཕྱིར་ཏེ། སློབ་སྤྲིང་ལས། གང་ཞིག་ཐོབ་ན་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཞིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་བྱེད་པ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་ཐོབ་ནས་སུ་ཞིག་འབྲས་བུ་མེད་པར་བྱེད། །བདེ་གཤེགས་ལམ་བསྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡི་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་སོ། །དལ་འབྱོར་དེའང་རྙེད་པར་དཀའ་སྟེ། སྡོང་པོ་བཀོད་པ་ལས། མིར་གྱུར་པ་ཡང་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པ་རྣམ་པར་དག་པ་ཡང་རྙེད་པ་དཀའ། ཞེས་གསུངས་ཤིང་། སློབ་དཔོན་ཞི་བ་ལྷས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱི་ནས་རྙེད་དཀའ་ཡིས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས། རྙེད་པ་དེ་ཡང་དུས་རིང་དུ་མི་གནས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་པས། མྱུར་དུ་དགེ་བ་ལ་འབད་དགོས། དེ་ལ་མ་འབད་པར་སྡིག་པ་བྱས་ན་ངན་འགྲོར་ལྷུང་སྟེ། ཞི་བ་ལྷས། དགེ་བ་དག་ཀྱང་མ་བྱས་ལ། །སྡིག་པ་དག་ཀྱང་ཉེར་བསགས་ན། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །ཞེས་གསུངས་ཤིང་། ངན་སོང་དུ་སྐྱེས་ན། དམྱལ་བ་ལ་ཚ་གྲང་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་དེ། འཕགས་པ་ཀླུ་སྒྲུབ་ཀྱིས། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ཡིན་པ། དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་། །འོལ་ཡང་མི་ཉེ་ཆར་ཡང་མི་ཕོད་དོ། །ཞེས་གསུངས་སོ། །ཡི་དྭགས་ལའང་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་མང་པོ་ཡོད་དེ། ཡི་དྭགས་ན་ཡང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པ། །བཀྲེས་སྐོམ་གྲང་དྲོ་ངལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཞེས་གསུངས་སོ། །དུད་འགྲོ་ལའང་། གཅིག་ལ་གཅིག་ཟ་བ་ལ་སོགས་པའི་སྡུག་བསྔལ་ཡོད་དེ། དུད་འགྲོའི་སྐྱེ་གནས་ན་ཡང་བསད་པ་དང་། །བཅིངས་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། ཞེས་གསུངས་པས་སྡིག་པ་སྤང་བ་ལ་འབད་དགོས་ཤིང་། དགེ་བ་ཡང་ཐར་པའི་ལམ་དུ་འགྱུར་བར་མ་བསྒྲུབས་ན་བསོད་ནམས་དང་མི་གཡོ་བའི་ལས་ཀྱིས་བདེ་འགྲོར་སྐྱེས་ཀྱང་དེ་དག་ཁ་ཅིག་ལ་སྡུག་བསྔལ་ཆེན་པོ་ཡོད་ཅིང་། དེ་མེད་པ་རྣམས་ཀྱང་དེ་ནས་ཤི་འཕོས་ནས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་མྱོང་བ་འགྱུར་ཏེ། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་འགྱུར་བ་ཡི། །སྡུག་བསྔལ་རྒྱུན་མི་འཆད་པ་བསྟེན་འཚལ་ལོ། །ཞེས་གསུངས་སོ། །མདོར་ན་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཏེ། མགོན་པོ་བྱམས་པས། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ལ་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མེ་མཚོན་རྒྱ་ཚྭ་ལ་སོགས་རེག་སྐྱེས་བཞིན། །ཞེས་གསུངས་པས་དེ་ལ་ཐར་པའི་ཐབས་ལ་འབད་དགོས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་བཟློག་ཕྱིར་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །དེ་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་གསུངས་པས། འཁོར་བ་ལས་ཐར་བར་བྱ་བའི་དམ་པའི་ཆོས་ལ་འབད་པར་བྱའོ་སྙམ་པའི་བསམ་པ་ཞེ་ཐག་པ་ནས་བསྐྱེད་པ་ཞུ། | |||
གཉིས་པ་ཞི་བ་མྱང་འདས་ཀྱི་མཐའ་ལ་ཞེན་པ་དགག་པ་ནི། རང་ཉིད་འཁོར་བ་ལས་ཐར་ཀྱང་གཞན་གྱི་དོན་རྒྱུན་ཆད་པའི་ཕུང་པོ་ལྷག་མེད་ཀྱི་མྱང་འདས་དོན་དུ་གཉེར་བ་ནི། མ་ཆུས་ཁྱེར་བ་མཐོང་ཞིང་གདོན་པའི་ནུས་པ་ཡོད་བཞིན་དུ་དེ་མི་འདོན་པར་རང་ཉིད་སྐམས་ན་ཡིད་བདེ་བར་གནས་པ་ལྟར་ཤིན་ཏུ་མི་རིགས་པའི་ཕྱིར་ཐེག་ཆེན་པས་དོན་དུ་གཉེར་བྱ་མ་ཡིན་ཏེ། སློབ་དཔོན་ཙཱནྡྲ་གོ་མིས། ཉེ་དུ་འཁོར་བའི་རྒྱལ་མཚོའི་ནང་དུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །བྱིས་པ་པང་ན་བཙས་པ་ཅི་ཡང་མི་ནུས་པ། །གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱིས་ཟགས་འཐུངས་པ། །ངལ་བ་མང་བསྟེན་བྱམས་པས་བསྟེན་པ་དེ་དག་འདིར། །ཤིན་ཏུ་མ་རབས་ཤིག་ནའང་སྤོང་བར་སུ་ཞིག་སྤྲོ། །ཞེས་གསུངས་པས། གཞན་དོན་དོར་ནས་རང་ཉིད་གཅིག་པུ་ཞི་བདེ་ཐོབ་པར་འདོད་པའི་བློ་སྤང་འཚལ་ལོ། །གསུམ་པ་མཐའ་གཉིས་དང་བྲལ་བའི་བྱང་ཆུབ་ཀྱི་སེམས་ལ་སྤྲོ་བ་བསྐྱེད་པ་ནི། མགོན་པོ་བྱམས་པས། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བཅད་ནས། །སེམས་ཅན་སྲེད་ཕྱིར་བློ་ལྡན་ཞི་ཐོབ་མིན། །དེ་ལྟར་བློ་བརྩེ་བྱང་ཆུབ་ཐབས་བསྟན་ནས། །འཕགས་པ་འཁོར་བ་མྱ་ངན་འདས་མི་འགྱུར། །ཞེས་པ་ལྟར་འཁོར་འདས་གཉིས་ལ་མི་གནས་པའི་མྱང་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མངོན་སུམ་དུ་མཁྱེན། ཕྲིན་ལས་ཚད་ལས་འདས་ཤིང་རྒྱུན་མི་འཆད་པར་འབད་མེད་ལྷུན་གྲུབ་ཏུ་མཛད་པ་དེ་ཐོབ་པར་བྱ་བ་ཡིན་ལ། དེའི་རྒྱུ་ཡང་བྱང་ཆུབ་ཀྱི་སེམས་ཡིན་ཏེ། མདོ་སྡུད་པ་ལས། ཆུ་ཡི་ཐིགས་པས་བུམ་པ་དང་པོ་ཐ་མའི་བར། །རིམ་གྱིས་ཉུང་ངུ་ཉུང་ངུས་དེ་ཡོངས་འགེངས་པ་ལྟར། །དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་མཆོག་རྒྱུ་སྟེ། །རིམ་གྱིས་དཀར་པོའི་ཡོན་ཏན་རྫོགས་པའི་སངས་རྒྱས་འགྱུར། །ཞེས་གསུངས་ཤིང་། རྣམ་སྣང་མངོན་བྱང་ལས་ཀྱང་། གསང་བའི་བདག་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ་ཡིན། ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ། །ཞེས་གསུངས། སྡོང་པོ་བཀོད་པ་ལས་ཀྱང་། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྐྱེད་པས་ས་བོན་ལྟ་བུའོ། །ཞེས་གསུངས་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ་སྙམ་པའི་འདུན་པ་དྲག་པོ་དུང་བ་རེ་བསྐྱེད་མཛོད། གཉིས་པ་སྦྱོར་བ་རྗེས་སུ་སྒྲུབ་པ་ལ་གཉིས་ཏེ། སྨོན་པ་དང་འཇུག་པའོ། །དང་པོ་ལའང་སྦྱོར་དངོས་རྗེས་གསུམ་གྱི་སྦྱོར་བ་ལ་གསུམ་སྟེ། ཡུལ་ཁྱད་པར་ཅན་ལ་གསོལ་བ་གདབ་པ་དང་། རྟེན་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ་བ་དང་། ཐབས་ཁྱད་པར་ཅན་གྱི་སྒོ་ནས་ཚོགས་བསགས་པའོ། །དང་པོ་ཡུལ་ཁྱད་པར་ཅན་ལ་གསོལ་བ་གདབ་པ་ནི། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ནས། ཕྱག་དང་མཆོད་པ་ཕུལ་ཏེ་དགེ་བའི་བཤེས་གཉེན་ལ་སྟོན་པའི་འདུ་ཤེས་བསྐྱེད་ལ་ཕྱག་དང་མཎྜལ་ཕུལ་ནས་འདི་ལྟར་གསོལ་བ་གདབ་པར་བྱ་སྟེ། ཞེས་འབྱུང་བས། ཐོག་མར་ཁྱེད་རང་རྣམས་ཀྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས་མདུན་གྱི་ནམ་མཁར་མངོན་སུམ་ལྟ་བུར་བྱོན་པ་ལ་ཕྱག་དང་མཆོད་པ་ཕུལ་བའི་ཡིད་ཀྱིས་ཡན་ལག་ལྔ་ས་ལ་གཏུགས་པའི་ཕྱག་དང་བཅས་ཏེ་འདི་གསུང་བར་ཞུ། ཇི་སྙེད་སུ་དག །སོགས་ནས། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། བར་ལན་གཅིག །སླར་ཡང་དགེ་བའི་བཤེས་གཉེན་ལ་སྟོན་པའི་འདུ་ཤེས་བསྐྱེད་དེ་ཕྱག་གསུམ་མཛད་པར་ཞུ། ཞེས་བརྗོད་ལ་ཕྱག་གསུམ་འཚལ་དུ་གཞུག །དེ་ནས་སྨོན་པ་བྱང་ཆུབ་གྱི་མཆོག་ཏུ་སེམས་བསྐྱེད་པའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། ཞེས་བརྡ་སྦྱར་ལ། མཎྜལ་ཚོམ་བུ་བདུན་མ་སྤྱི་ལྟར་ལ། མ་ཚང་བ་མེད་པ་འདི་ཉིད་བླ་མ་རྒྱལ་བ་སྲས་དང་བཅས་པ་ལ་སྨོན་པ་བྱང་ཆུབ་གྱི་མཆོག་ཏུ་སེམས་བསྐྱེད་པ་ཞུ་བའི་ཡོན་དུ། སོགས་སྦྱར་ལ་འབུལ་དུ་གཞུག །དེ་ལྟར་མཎྜལ་ཕུལ་ནས་ཕྱག་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛད་པར་ཞུ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་བཞུགས་པ་རྣམས་ཀྱིས། དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། རང་རང་གི་མིང་ནས་སྨོས་ཏེ་བདག་མིང་འདི་ཞེས་བགྱི་བ་ཡང་། སློབ་དཔོན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གསོལ། ཞེས་ལན་གསུམ་བརྗོད་དོ། །གཉིས་བརྟེན་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ་བ་ནི། ཐུན་མོང་གི་སྐྱབས་འགྲོ་ལས་ཁྱད་པར་གསུམ་གྱིས་ཁྱད་པར་དུ་འཕགས་པའི་ཐེག་ཆེན་གྱི་སྐྱབས་འགྲོ་བྱེད་པ་ཡིན་ཏེ། དུས་ཀྱི་ཁྱད་པར་ནི་བྱང་ཆུབ་སྙིང་པོའི་བར་ཡིན་ལ། ཡུལ་གྱི་ཁྱད་པར་ནི། སངས་རྒྱས་སྐུ་གསུམ་གྱི་བདག་ཉིད། རྟོགས་པའི་ཆོས་ཐེག་ཆེན་གྱི་འགོག་ལམ་དང་། ལུང་གི་ཆོས་ཐེག་ཆེན་གྱི་གསུང་རབ་དགེ་འདུན་ནི་བྱང་སེམས་འཕགས་པ་ཕྱིར་མི་ལྡོག་པ་རྣམས་ཡིན་ནོ། །བསམ་པའི་ཁྱད་པར་ནི། སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མེད་པ་ནས་ལན་གྲངས་དཔག་ཏུ་མེད་པར་ཕན་བཏགས་པས་དྲིན་ཆེ་ལ། དྲིན་ཆེན་དེ་རྣམས་འཁོར་བར་སྡུག་བསྔལ་དྲག་ལ་ཡུན་རིང་བས་གཙོས་ཤིང་ལས་དང་ཉོན་མོངས་པའི་འཆིང་བས་བཅིངས་པས་ཐར་པའི་ཐབས་མེད་པས་སྙིང་རེ་རྗེ་སྙམ་དུ་བསམས་ལ། འདི་རྣམས་གནས་སྐབས་དང་མཐར་ཐུག་གི་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ་བར་བདག་གིས་བྱེད་དགོས་པ་ལ། ད་ལྟ་བདག་ལ་དེའི་ནུས་པ་མེད་ཅིང་། དེ་ལྟར་ནུས་པ་ནི་སངས་རྒྱས་ཁོ་ན་ཡིན་པས་བདག་གིས་སངས་རྒྱས་ཐོབ་པར་བྱེད་དགོས། དེའང་དཀོན་མཆོག་ལ་རག་ལས་པས། བདག་གིས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་ནུས་ཀྱི་སངས་རྒྱས་ཐོབ་པའི་དོན་དུ་དཀོན་མཆོག་ལ་སྐྱབས་ཤིང་བློ་གཏོད་པས་བདག་དེ་ལྟར་འགྱུར་བར་དཀོན་མཆོག་མཁྱེན་སྙམ་པའི་འདུན་པ་དྲག་པོ་བྱ་སྟེ། མདོ་སྡེ་རྒྱན་ལས། དེ་ནི་དེ་དངོས་འདོད་པས་ཁས་ལེན་དེ་ཡང་སྙིང་རྗེ་ལས་རིག་བྱ། ཞེས་གསུངས་པས་ད་ལྟ་བདག་ལ་སེམས་ཅན་སྡུག་བསྔལ་ལས་སྒྲོལ་བའི་ནུས་པ་མི་འདུག་པས། མ་ལག་ཞ་མའི་བུ་ཆུས་ཁྱེར་བ་གཞན་ལ་རམ་མདའ་ཟློག་ཟེར་བ་ལྟར་དྲིན་ཅན་སེམས་ཅན་རྣམས། སྡུག་བསྔལ་དང་ཀུན་འབྱུང་གི་ཆུས་ཁྱེར་རོ་རམ་མདའ་བཟློག་ཟེར་བའི་ཚུལ་དུ་བྱེད་པ་ཡིན་གསུང་། དེས་ན་ད་ལྟ་སེམས་ཅན་རྣམས་སྡུག་བསྔལ་ལས་སྒྲོལ་བ་དང་། མ་འོངས་པ་ན་བདག་ལ་སེམས་ཅན་ཐམས་ཅད་སྒྲོལ་བའི་ནུས་པ་ཡོད་པ་དཀོན་མཆོག་མཁྱེན་སྙམ་པའི་བསམ་པ་ཁྱད་པར་ཅན་དང་ལྡན་པས། བདག་ཀྱང་རྨི་ལམ་དང་སྒྱུ་མ་ལྟར་བདེན་པ་མེད་པར་ཤེས་པར་བྱས་ནས། སེམས་གཞན་དུ་མ་ཡེངས་པར་རྩེ་གཅིག་པའི་ཡིད་ཀྱིས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་ལན་གསུམ་གནང་བར་ཞུ། སློབ་དཔོན་དགོངས་སུ་གསོལ། རང་རང་གི་མིང་ནས་སྨོས་ཏེ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །སློབ་དཔོན་དགོངས་སུ་གསོལ། རང་རང་མིང་ནས་སྨོས་ཏེ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཆོས་རྣམས་ཀྱི་མཆོག་ཞི་བ་འདོད་ཆགས་དང་བྲལ་བའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །སློབ་དཔོན་དགོངས་སུ་གསོལ། རང་རང་གི་མིང་ནས་སྨོས་ཏེ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཚོགས་རྣམས་ཀྱི་མཆོག །འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པས་སྐྱབས་སུ་སོང་ནས། དེ་ཡི་བསླབ་བྱ་ལ། དེང་ཕྱིན་ཆད་སངས་རྒྱས་ལ་སྟོན་པ། ཐེག་ཆེན་གྱི་ཆོས་ལ་ལམ། བྱང་སེམས་འཕགས་པ་རྣམས་ལ་ལམ་སྒྲུབ་པའི་གྲོགས་སུ་བཟུང་བའི་བསམ་སྦྱོར་བརྟན་པོ་བསྐྱེད་དགོས་པ་ལགས། གསུམ་པ་ཐབས་ཁྱད་པར་ཅན་གྱི་སྒོ་ནས་ཚོགས་བསག་ཅིང་སྒྲིབ་པ་སྦྱང་བ་ནི། འགའ་ཞིག་ཕྱག་དང་མཆོད་པ་ཙམ་ལས་མི་མཛད་ནའང་། ཇོ་བོ་ཆེན་པོས་ཡན་ལག་བདུན་ཚང་བར་བྱེད་པར་བཤད་པས། ཐོག་མར་ཡན་ལག་བདུན་པ་འབུལ་བའི་ཡུལ་གསལ་གདབ་པ་ནི། མདུན་གྱི་ནམ་མཁར་བསྟན་པའི་བདག་པོ་བཅོམ་ལྡན་ཐུབ་པ་ཆེན་པོ་ལ། འཁོར་ཉེ་བའི་སྲས་བརྒྱད་ལ་སོགས་པས་བསྐོར་བས་གཙོ་བྱས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བཞུགས་པ་བསམས་ནས། དེ་རྣམས་དང་སློབ་དཔོན་ལྷན་གཅིག་པའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་ལུས་ཞིང་གི་རྡུལ་རྙེད་དུ་སྤྲུལ་ནས། སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་བའི་མོས་པས། རྗེས་ཟློས་ཀྱི་ཚིག་རྣམས་དལ་ཞིང་དོད་ལ་སྐབས་ཕྱེད་པར་བརྗོད་པ་ཤིན་ཏུ་གལ་ཆེ་བས། ཡན་ལག་ལྔ་ས་ལ་གཏུགས་པའི་ཕྱག་དང་བཅས་ཏེ་འདིའི་རྗེས་ཟློས་ལན་གསུམ་མཛོད། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་ཚིགས་བཅད་རེ་དང་ཕྱག་རེ་སྦྲགས་པ་ལན་གསུམ་བྱེད་དུ་གཞུག །དེ་བཞིན་དུ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་གཞི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པས་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་སྒྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང་། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་ཕྱག་དང་བཅས་ཏེ་བྱར་གཞུག་གོ །དེ་ལྟར་བླ་མ་དང་དཀོན་མཆོག་ལ་ཕྱག་འཚལ་བ་སྔོན་དུ་སོང་ནས། གཉིས་པ་མཆོད་པ་འབུལ་བ་ལ་ལྔ་ལས། དང་པོ་དངོས་སུ་བཤམས་པའི་མཆོད་པ་ནི། ཐོག་མར་སློབ་དཔོན་གྱིས་སོ་སོའི་རིག་པས་བྱིན་གྱིས་བརླབས་པར་བྱ་བ་ཡིན་ཏེ། ཞེས་མཚམས་སྦྱར་ལ། སློབ་དཔོན་གྱིས། རིན་པོ་ཆེ་ལ་སོགས་པའི་སྣོད་ཕུན་སུམ་ཚོགས་པར་དངོས་སུ་བཤམས་པའི་མཆོད་པ་རྣམས་སོ་སོའི་རིག་པས་བྱིན་གྱིས་བརླབས་པའི། ལྷ་རྫས་ཀྱི་མཆོད་ཡོན། མེ་ཏོག །བདུག་སྤོས། སྣང་གསལ། དྲི་མཆོག །ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ནས་ཤབྡའི་བར་སྦྱར་བས་བྱིན་གྱིས་བརླབ། དེ་ལྟར་བྱིན་གྱིས་བརླབས་ནས་དངོས་སུ་བཤམས་པའི་མཆོད་པ་རྣམས་རྒྱུར་བྱས་པ་ལས་བྱུང་བའི་ལྷ་རྫས་ཀྱི་མཆོད་པའི་སྤྲིན་ཕུང་ནམ་མཁའི་ཁམས་ཁྱབ་པར་གྱུར་པ་དང་། གཞན་ཡང་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་ཡོད་པའི་མེ་ཏོག་ལ་སོགས་པ་རྣམས། བླ་མ་རྒྱལ་བ་སྲས་དང་བཅས་པ་ལ་འབུལ་ལོ་སྙམ་པས་འདི་གསུང་བར་ཞུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲྭ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། པུཥྤེ་ནས་ཤབྡའི་བར་སྦྱར་བས་མཆོད་དུ་གཞུག །སྤྲོ་ན། མཆོད་ཡོན་ཕལ་ཆེར། སོགས་ཚིགས་བཅད་ཇི་ལྟར་རིགས་པ་དང་སྤེལ་ནས་ཀྱང་རུང་ངོ་། | |||
།གཉིས་པ་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པ་ནི། ཕྱོགས་བཅུ་རབ་འབྱམས་མུ་མཐའ་མེད་པའི་འཇིག་རྟེན་གྱི་ཁམས་ཇི་སྙེད་ན། བདག་པོས་ཡོངས་སུ་མ་བཟུང་བའི་རིན་པོ་ཆེའི་རི་དཔག་བསམ་གྱི་ཤིང་། འབྲུ་དང་མེ་ཏོག །སྨན་དང་ནགས་ཚལ་ལ་སོགས་པ་ཐམས་ཅད་རབ་ཏུ་དྭང་བའི་བློས་བླངས་ཏེ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ་ན། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཚོགས་རྫོགས་པའི་དོན་དུ་ཁྱེད་རྣམས་ཀྱིས་བཞེས་སུ་གསོལ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་། །སྨན་གྱི་རྣམ་པ་གང་དག་ཡོད་པ་དང་། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང་། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང་། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང་། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང་། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང་། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང་། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དག །ངང་པ་སྐད་སྙན་ཤིན་ཏུ་ཡིད་འོང་ལྡན། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐའ་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །གསུམ་པ་ལུས་འབུལ་ནི། བདག་གི་ལུས་འདི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྲན་དུ་ཕུལ་ནས། དེ་དག་གི་བྱ་བ་སེམས་ཅན་གྱི་དོན་འབའ་ཞིག་བྱ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བཞི་པ་བློས་སྤྲུལ་པའི་མཆོད་པ་ནི། །བདག་གི་ཚིག་ལས་འབྱུང་བའི། ཁྲུས་ཀྱི་ཁང་པ་ཞེས་པ་ལ་སོགས་པ་འདི་རྣམས་ཚིགས་བཅད་ལས་ཇི་ལྟར་བྱུང་བའི་རིམ་པ་བཞིན་དུ་ལམ་ལམ་བྱུང་བར་མོས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འབུལ་བར་ཞུ། ཞེས་བརྡ་སྦྱར་ནས་རང་གིས་ཚིག་དལ་ལ་དད་པ་སྐབས་ཕྱེད་པས་འདི་རྣམས་བརྗོད་པར་བྱའོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པ་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡ་ར་དང་པདྨ་དང་། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང་། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཀྱིས་བྱུགས་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བགྱི། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཕྱང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང་། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །ཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་ལྟ་ན་སྡུག་པ་བསྒྲེང་བ་ཡང་། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །ལྔ་པ་མཆོད་པ་ཡོངས་སུ་བསྔོ་བ་ནི། །དེ་དག་ལས་གཞན་ཡང་མཆོད་པའི་བྱེ་བྲག་མཐའ་ཀླས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་མཉེས་པར་བྱེད་ཅིང་། །སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱེད་པའི་ཚོགས་ནམ་མཁའི་ཁམས་ཁྱབ་པར་གནས་ཤིང་མཆོད་པའི་སྤྲིན་གྱི་ཆར་ཆེན་པོ་འབབས་པར་གྱུར་ཅིག་སྙམ་པས་འདིའི་རྗེས་ཟློས་མཛོད། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སེལ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ཅེས་ལན་གཅིག་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝཱ་ཏེ། བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བིདྱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་བརྗོད་དུ་གཞུག་གོ །དེ་ནས་སྐབས་འདིར་གཏོར་མ་འབུལ་བར་སྤྲོ་ན། དེ་རྣམས་ཀྱིས་མཆོད་པའི་ཡན་ལག་དངོས་གཞི་གྲུབ་ནས། རྗེས་འབྲེལ་དུ་གཏོར་མ་འབུལ་བ་ནི་སློབ་དཔོན་གྱིས་བགྱི་བར་གདའ་སྟེ། ཞེས་མཚམས་སྦྱར་ལ། གཏོར་མ་རྣམས་ལ་ཆབ་བྲན། སློབ་དཔོན་གྱིས། རིན་པོ་ཆེ་ལ་སོགས་པའི་གཏོར་སྣོད་ཀྱི་ནང་དུ་གཟུགས་སྒྲ་དྲི་རོ་རེག་བྱའི་སྐྱེ་མཆེད་ཀྱི་ངོ་བོར་གྱུར་པའི་གཏོར་མ་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པས་གང་བར་གྱུར། ཨོཾ་ཨ་ཀཱ་རོ། སོགས་ལན་གསུམ་གྱིས་བརླབས་ནས། གཏོར་མ་དང་པོ། ཨོཾ་སརྦ་གུ་རུ་བུདྡྷ་དྷརྨ་སངྒྷ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ། སོགས་བཏགས་པ་གསུམ་མམ་ལྔས་བླ་མ་དང་དཀོན་མཆོག་གསུམ་ལ་ཕུལ་ནས། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། བདག་ཅག་དཔོན་སློབ་རྣམས་ཀྱི་རྒྱུད་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཅོས་མ་མ་ཡིན་པ་སྐྱེ་བ་དང་། སྐྱེས་པ་གོང་ནས་གོང་དུ་འཕེལ་བར་མཛད་དུ་གསོལ། ཞེས་གསོལ་བ་གདབ། གཏོར་མ་གཉིས་པ། ཨོཾ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ། སོགས་བཏགས་པ་ལན་གསུམ་གྱིས་ཆོས་སྐྱོང་སྤྱི་ལ་ཕུལ་ནས། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལ་སོགས་པ་ཆོས་སྐྱོང་བའི་སྲུང་མ་རྣམས་དང་། དཀར་ཕྱོགས་ལ་མངོན་པར་དགའ་བའི་ལྷ་ཀླུ་གནོད་སྦྱིན་འབྱུང་པོའི་ཚོགས་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་དར་བ་དང་། འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང་། བདག་ཅག་དཔོན་སློབ་རྣམས་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་བ་དང་། བར་ཆད་ཐམས་ཅད་ཞི་བའི་ཕྲིན་ལས་དང་སྟོང་གྲོགས་དམ་པ་མཛད་དུ་གསོལ། ཞེས་འདོད་དོན་གསོལ། གཏོར་མ་གསུམ་པ། གཉུག་མར་གནས་པའི་གཞིའི་བདག་པོ་རྣམས་མདུན་དུ་མངོན་སུམ་བཞིན་འཁོད་པར་བསམས་ལ། ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ། སོགས་བཏགས་པ་ལན་གསུམ་གྱིས་བསྔོས་ལ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་གཞི་བདག །གནས་བདག གྲོང་བདག །དཀོར་བདག །གཉུག་མར་གནས་པ་རྣམས་ལ་འབུལ་ལོ། །མཆོད་དོ། །སྟོབ་བོ། །བཞེས་ཤིག །སངས་རྒྱས་ཀྱི་བསྟན་པ་དར་བ་དང་། འཇིག་རྟེན་གྱི་ཁམས་སུ་བདེ་ལེགས་ཐམས་ཅད་འབྱུང་བ་དང་། བདག་ཅག་དཔོན་སློབ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པ་ལ་དགའ་ཞིང་རྗེས་སུ་ཡི་རངས་ནས། བར་དུ་གཅོད་པ་ཐམས་ཅད་བསྲུང་བའི་སྟོང་གྲོགས་དམ་པ་མཛོད་ཅིག །ཅེས་ཕྲིན་ལས་གཞོལ། གསུམ་པ་སྡིག་པ་བཤགས་པ་ནི། རང་གཞན་ཐམས་ཅད་ཀྱིས། རྒྱུ་དུག་གསུམ་གྱིས་ཀུན་ནས་བསླངས་ཤིང་། བྱེད་པ་པོ་སྒོ་གསུམ་དང་རྗེས་སུ་འབྲེལ་བས་སྔར་བསགས་པའི་སྡིག་ལྟུང་ཐམས་ཅད་དྲན་ཡུལ་དུ་བྱས་ནས་དེ་ལ་འགྱོད་པ་དྲག་པོ་བསྐྱེད་པ་དང་། ད་ཕྱིན་ཆད་སྲོག་ལ་བབས་ཀྱང་སྡིག་པ་མི་བྱེད་སྙམ་པའི་ཞེ་བཅད་ཆེན་པོ་དང་། ད་ནི་གཞན་དོན་དུ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་རྟེན་དཀོན་མཆོག་གསུམ་ལ་བརྟེན་ནས་སྡིག་པའི་གཉེན་པོའི་ཆོས་རྣམས་ཚུལ་བཞིན་དུ་ཉམས་སུ་བླང་བར་བྱའོ་སྙམ་པའི་བསམ་པ་ཞེ་ཐག་པའི་སྒོ་ནས་སྡིག་བཤགས་ཀྱི་ཚིག་བརྗོད་པས་སྡིག་པ་ཐམས་ཅད་སངས་སངས་དག་པའི་མོས་པ་དང་བཅས་ཏེ་འདིའི་རྗེས་ཟློས་མཛོད། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། བཞི་པ་དགེ་བ་ལ་རྗེས་སུ་ཡི་རང་བ་ནི། འཕགས་པ་དང་སོ་སོར་སྐྱེ་བོའི་བདེ་བ་དང་དགེ་བའི་རྩ་བ་ཐམས་ཅད་ལ་ཞེ་ཐག་པ་ནས་དགའ་བའི་བསམ་པས་འདི་ཡི་རྗེས་ཟློས་མཛོད། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རངས། | |||
ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་སངས་རྒྱས་ནས་ཞུ་བ་པོའི་ཚོགས་རྫོགས་པར་བྱ་བ་ལ་སོགས་པའི་དོན་དུ་ཆོས་ཀྱི་འཁོར་ལོ་མི་བསྐོར་བའང་ཡོད་པས། དེ་རྣམས་ལ་གདུལ་བྱ་རྣམས་ཀྱི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་ཞུ་སྙམ་པའི་བསམ་པ་ཞེ་ཐག་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་ནི། གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་འགའ་ཞིག་སངས་རྒྱས་ལ་དཀོན་པའི་འདུ་ཤེས་བསྐྱེད་པ་ལ་སོགས་པའི་དོན་དུ་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་པའང་ཡོད་པས། དེ་རྣམས་ལ་ཞིང་དེ་རྣམས་ཀྱི་གདུལ་བྱའི་དོན་དུ་མྱ་ངན་ལས་མི་འདའ་བར་ཡུན་རིང་དུ་བཞུགས་སུ་གསོལ་སྙམ་པའི་བསམ་པ་ཞེ་ཐག་པས་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་རྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། བདུན་པ་བསྔོ་བ་ནི། དེ་ལྟར་ཕྱག་འཚལ་བ་ལ་སོགས་པའི་དགེ་བའི་རྩ་བ་མཚོན་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བས་རྣམས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བ་དང་། གནས་སྐབས་དང་མཐར་ཐུག་གི་བདེ་བ་ཐམས་ཅད་འགྲུབ་པའི་རྒྱུར་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བར་བགྱིའོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས་མཛོད། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡིས། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །དེ་རྣམས་ཀྱིས་སྦྱོར་བའི་རིམ་པ་གྲུབ་ནས། གཉིས་པ་དངོས་གཞི་ནི། ཇི་སྐད་དུ། དེ་ལ་དང་པོ་རིགས་ནུས་ལས། །སྙིང་རྗེའི་ས་བོན་རབ་སད་ཅིང་། །སྦྱོར་དང་བསམ་པ་ཕུན་ཚོགས་པས། །བྱང་ཆུབ་སེམས་ནི་ཡོངས་སུ་བཟུང་། ཞེས་འབྱུང་བས། སེམས་བསྐྱེད་དེ་རང་སྟོབས་དང་། གཞན་སྟོབས་དང་། སྦྱོར་བའི་སྟོབས་ལས་སྐྱེ་བ་ལས། དང་པོ་ནི། རང་ལ་ཐེག་ཆེན་གྱི་རིགས་ཡོད་པ་ཡིན་ཏེ། ཁྱེད་རྣམས་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པར་འདོད་པའི་བློ་བྱུང་བས་དེ་ཡོད་པར་གྲུབ། གཉིས་པ་ནི། སངས་རྒྱས་ཀྱི་ཡོན་ཏན་དང་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་ཐོས་པ་དང་། ཐེག་ཆེན་གྱི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱས་པ་ལ་སོགས་པས་སྐྱེ་བ་ཡིན་ཏེ། དེ་དག་ཀྱང་ཅི་རིགས་པར་ཚང་། གསུམ་པ་ནི། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་དང་། རང་ལ་རྨི་ལམ་སྒྱུ་མ་ལྟ་བུའི་འདུ་ཤེས། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེའི་འདུ་ཤེས་བྱེད་པ་སྟེ། དང་པོ་ནི། བླ་མ་འདིས་བདག་ལ་སངས་རྒྱས་ཀྱི་རྒྱུའི་གཙོ་བོ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱེད་པས་ན་སངས་རྒྱས་དངོས་ཡིན་སྙམ་པ་བྱ། དེ་ལྟར་སངས་རྒྱས་ཀྱི་འདུ་ཤེས་སྐྱེས་ན་ཤིན་ཏུ་ལེགས། དེ་མ་སྐྱེས་ནའང་སེམས་བསྐྱེད་ཀྱི་སློབ་དཔོན་དུ་འོས་པའི་བྱང་ཆུབ་སེམས་དཔའ་ཡིན་སྙམ་པའི་བསམ་པ་ངེས་པར་བསྐྱེད་དགོས་སོ། །གཉིས་པ་ནི། ཕུང་པོ་ལྔ་ལ་བདག་ཅེས་བཏགས་ཤིང་བློ་འཁྲུལ་པས་བདག་ཏུ་བཟུང་བ་མ་གཏོགས་བདག་བདེན་པར་མ་གྲུབ་པས་སྒྱུ་མའམ་རྨི་ལམ་ལྟ་བུ་ཡིན་སྙམ་དུ་བསམ་མོ། །གསུམ་པ་ནི། དབུ་མ་སྙིང་པོ་ལས། བྱམས་པ་དང་ནི་སྙིང་རྗེ་དང་། །ཤེས་རབ་ཆེན་པོས་བརྒྱན་པ་ཡི། །སངས་རྒྱས་ས་བོན་བྱང་ཆུབ་སེམས། །དེ་ཕྱིར་མཁས་པས་དེ་མི་བཏང་། །ཞེས་པ་དང་། མདོ་སྡེ་རྒྱན་ལས། དེ་ཡི་རྩ་བ་སྙིང་རྗེར་འདོད། །ཅེས་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་སྡེ་ལས། འདི་ལ་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཏུ་མངོན་པར་མོས་པའི་སྔོན་དུ་འགྲོ་བ་ནི་སྙིང་རྗེ་ཆེན་པོ་ཡིན་ནོ། །ཞེས་གསུངས་པས་འདི་ལྟར་ངེས་པར་བྱ་སྟེ། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མེད་པ་ནས་ལན་གྲངས་དཔག་ཏུ་མེད་པར་བདག་གི་མར་བྱས་ཤིང་གནོད་པ་ལས་སྐྱོབས། ཕན་པ་སྒྲུབ། རང་བས་ཀྱང་གཅེས་པའི་འདུ་ཤེས་ཀྱིས། རང་གི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་ཁྱད་དུ་བསད་ནས་ང་ལ་ཕན་པ་སྣ་ཚོགས་བྱས། ང་བདེ་བ་ལྡན་ཞིང་བདེ་བ་དང་མི་འབྲལ་བའི་དོན་དུ་ཚ་གྲང་བཀྲེས་སྐོམ་ངལ་དུབ་ལ་སོགས་པ་དང་ལྡན་པའི་འབད་རྩོལ་ཆེན་པོ་གྲངས་མེད་པར་བྱས་ཤིང་། ང་ན་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་མ་བཟོད་ནས་ངུས་པའི་འཆི་མ་བསགས་ཀྱང་རྒྱ་མཚོ་ཆེན་པོ་བས་ཀྱང་ལྷག་པ་ཡོད་དེ། དེ་ལྟར་གནོད་པ་ལས་བཟློག་ཅིང་ཕན་པ་བསྒྲུབས་པས་འདི་རྣམས་ཤིན་ཏུ་དྲིན་ཆེ་སྙམ་དུ་ལེགས་པར་བསམས་ལ། འདི་རྣམས་གནས་སྐབས་དང་མཐར་ཐུག་གི་བདེ་བ་དང་ལྡན་ན་ཅི་མ་རུང་སྙམ་པ་དང་། དེ་ལ་བདག་གིས་དགོད་པར་བྱའོ་སྙམ་པའི་བྱམས་པ་དང་། འདི་རྣམས་བདེ་བར་འདོད་ཀྱང་སྡུག་བསྔལ་དང་ལྡན་ཏེ། དམྱལ་བ་ལ་ཚ་གྲང་། ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲོ་ལ་གཅིག་ལ་གཅིག་ཟ་བ་ལ་སོགས་པ་དང་། མི་ལ་སྐྱེ་རྒ་ན་འཆི་ལ་སོགས་པ་དང་། ལྷ་མ་ཡིན་ལ་འཐབ་རྩོད་ལ་སོགས་པ་དང་། འདོད་ཁམས་ཀྱི་ལྷ་ལ་འཆི་ལྟས་ལ་སོགས་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་ལ། ཁམས་གོང་མ་དག་ལའང་དེ་ལས་ཉམས་ནས་དམྱལ་བ་ལ་སོགས་པར་སྐྱེ་བར་འགྱུར་བས་མཚོན་སྡུག་བསྔལ་ཁོ་ན་ལས་མ་འདས་པའི་ཚུལ། མདོ་དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང་། གཞན་ཡང་མདོ་ལས། འདོད་པའི་ཁམས་ཀྱང་སྐྱོན་དང་བཅས་པ་སྟེ། །གཟུགས་ཀྱི་ཁམས་ཀྱང་སྐྱོན་དང་བཅས་པའོ། །དེ་བཞིན་གཟུགས་མེད་ཁམས་ཀྱང་སྐྱོན་དང་བཅས། །ཞེས་དང་། འདུལ་བ་ལུང་ལས། །སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་སྟེ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེད་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །ཞེས་གསུངས་པ་ལྟར། མདོར་ན་གནས་ཁམས་གསུམ་དུ་རྟེན་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནས་དུས་རྟག་ཏུ་སྡུག་བསྔལ་བར་གྱུར་བའི་སེམས་ཅན་དེ་དག་སྡུག་བསྔལ་དེ་ལས་ཐར་བར་འདོད་ཀྱང་། ལས་དང་ཉོན་མོངས་པའི་འཆིང་བ་དམ་པོས་བཅིངས། །དགེ་བའི་བཤེས་གཉེན་གྱིས་མ་ཟིན། ཐར་པར་འགྲོ་བའི་གྲོགས་བཟང་པོ་དང་བྲལ། འཕགས་པ་རྣམས་ཀྱི་གདུལ་བྱར་ཡང་མ་གྱུར་པས་སྡུག་བསྔལ་ལས་ཐར་པའི་ཐབས་མི་འདུག་པས་སྙིང་རེ་རྗེ་སྙམ་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རང་ཐོག་དུ་བབ་པ་ཙམ་དུ་བསམས་ལ། འདི་རྣམས་སྡུག་བསྔལ་རྒྱུ་དང་བཅས་པ་ཐམས་ཅད་དང་བྲལ་ན་ཅི་མ་རུང་། དེ་དང་བྲལ་བར་བདག་གིས་བྱའོ་སྙམ་པའི་སྙིང་རྗེ་དྲག་ཏུ་བསྒོམས་པ་དང་། དེ་ལྟར་འདི་རྣམས་བདེ་བ་ལ་དགོད་ཅིང་སྡུག་བསྔལ་ཐམས་ཅད་ལས་སྒྲོལ་བའི་ཁུར་ང་ལ་བབ་ཅིང་། སྤྲོ་ཡང་ད་ལྟ་དེའི་ནུས་པ་མེད་པར་མ་ཟད། ང་བས་ལྷག་པའི་ཚངས་པ་དང་བརྒྱ་བྱིན། དེ་བས་ལྷག་པའི་ཉན་རང་དགྲ་བཅོམ་པ་ལ་སོགས་པ་ལ་ཡང་མེད། དེ་ལྟར་སུས་ནུས་ན་དོན་གཉིས་ཕུན་སུམ་ཚོགས་པའི་རྫོགས་པའི་སངས་རྒྱས་ཁོ་ནས་ནུས་པས་དེ་ཐོབ་པར་བྱ། དེའི་རྒྱུའི་གཙོ་བོ་སེམས་བསྐྱེད་ཡིན་པས་དེ་བླང་བར་བྱ་སྙམ་དུ་ཞེ་ཐག་པ་ནས་བསམས་ལ། སེམས་བསྐྱེད་ནས་དེའི་བསླབ་བྱ་རྣམས་ལ་བསླབས་པས་བདག་གིས་གདོན་མི་ཟ་བར་སངས་རྒྱས་ཐོབ་ངེས། དེ་ཐོབ་ནས་སེམས་ཅན་རྣམས་སྡུག་བསྔལ་གྱི་ཆུ་བོ་ལས་བསྒྲལ། ལས་དང་ཉོན་མོངས་པའི་འཆིང་བ་ལས་སྒྲོལ། གནས་སྐབས་སུ་སྡུག་བསྔལ་ལས་དབུགས་དབྱུང་། མཐར་ཐུག་མྱ་ངན་ལས་བཟླ་སྙམ་དུ་བསམས་ལ། མདུན་གྱི་ནམ་མཁར་ཐུབ་པ་ཆེན་པོ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་མངོན་སུམ་དུ་བཞུགས་པར་མོས་པ་དང་བཅས་ཏེ་དགོངས་སུ་གསོལ་ཞེས་བརྗོད་པའི་ཚེ་འདི་རྣམས་ཀྱི་ཡེ་ཤེས་དང་ཐུགས་རྗེས་ངེས་པར་གཟིགས་སྙམ་དུ་བསམ་པ་ཤུགས་དྲག་ཏུ་བསྐྱེད་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུག་པའམ་ཙོག་པུར་འདུག་སྟེ། ཐལ་མོ་སྦྱར་ནས་དོན་དྲན་བཞིན་པས་སེམས་རྩེ་གཅིག་ཏུ་བྱས་ཏེ། ཚིག་འདི་རྣམས་ཀྱི་རྗེས་སུ་བཟླས་པ་ལན་གསུམ་གྱི་སྒོ་ནས་སེམས་བསྐྱེད་དགོས་པས་རྗེས་ཟློས་དང་པོ་གནང་བར་ཞུ། ། ༈ | |||
ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། སོ་སོ་རང་རང་གི་མིང་ནས་སྨོས་ཏེ། བདག་གི་མིང་འདི་ཞེས་བགྱི་བས་སྐྱེ་བ་འདི་དང་སྐྱེ་བ་གཞན་དང་གཞན་དག་ཏུ་སྦྱིན་པའི་རང་བཞིན་དང་། ཚུལ་ཁྲིམས་ཀྱི་རང་བཞིན་དང་། བསྒོམས་པའི་རང་བཞིན་གྱི་དགེ་བའི་རྩ་བ་ཅི་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །དབུགས་མ་དབྱུང་བ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱིའོ། །ཞེས་ལན་གཅིག་བརྗོད་དུ་གཞུག །དེའི་རྗེས་ཟློས་དང་པོ་སོང་ནས། གཉིས་པ་དང་གསུམ་པའང་ལན་རེ་རེ་ཞིང་བློ་སྦྱོང་ཞིང་བྱ་བར་གསུངས་པས་ན་བསམ་པ་འདི་བཞིན་དུ་མཛོད། ནམ་མཁའ་ལ་མཐའ་མེད་པ་བཞིན་སེམས་ཅན་གྱི་ཁམས་ལའང་མཐའ་མེད། མཐའ་མེད་པའི་སེམས་ཅན་རེ་རེས་ཀྱང་རང་ཉིད་གྱི་ཕ་མ་གྲངས་མེད་པ་བྱས་ཤིང་བྱས་རེས་བཞིན་དུ་ད་ལྟའི་ཕ་མ་དང་མཚུངས་པར་ཕན་པ་ཚད་མེད་པ་བཏགས། གནོད་པ་ལས་ཅི་ནུས་ཀྱིས་བསྐྱབས་པའི་དྲིན་ཅན་ཤ་སྟག་ཡིན་པས། བདག་གིས་ཀྱང་དེ་རྣམས་ལ་དྲིན་བཟོ་བའི་སླད་དུ་ཕན་པ་བསྒྲུབ་ཅིང་། གནོད་པ་ལས་བཟློག་པར་བྱ། དེ་ཡང་གང་གིས་ཕན་ན་བདེ་བས་དངོས་སུ་ཕན་ཞིང་། དགེ་བས་བརྒྱུད་ནས་ཕན་པའི་ཕྱིར་མ་དྲིན་ཅན་འདི་རྣམས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ན་ཅི་མ་རུང་སྙམ་པའི་བྱམས་པ་དང་། སྡུག་བསྔལ་གྱིས་དངོས་སུ་གནོད་ཅིང་། སྡིག་པས་བརྒྱུད་ནས་གནོད་པའི་ཕྱིར་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་བྱུང་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་དང་། ཚུལ་དེ་ཐམས་ཅད་ཀྱང་བདག་ཁོ་ནས་བགྱིའོ་སྙམ་དུ་ཁུར་ཁྱེར་བ་ལྷག་པའི་བསམ་པ་རྣམ་པར་དག་པ་སྔོན་དུ་འགྲོ་བས། དེ་ལྟར་སེམས་ཅན་ཐམས་ཅད་ཕན་བདེ་མཐའ་དག་ལ་དགོད་ནུས་པ་ནི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཁོ་ན་ལ་རགས་ལས་པའི་ཕྱིར། བདག་གིས་ཀྱང་མ་རྒན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དེ་ཅི་ནས་ཀྱང་ཐོབ་ངེས་པ་ཞིག་བྱ། དེ་ཡང་རྒྱུ་མེད་རྐྱེན་མེད་ལས་མི་འབྱུང་བས། རྒྱུ་རྐྱེན་གྱི་གཙོ་བོ་རྣམ་པ་ཀུན་ཏུ་དགེ་བའི་རྩ་བ་ཇི་སྙེད་ཅིག་བསགས་པའི་མཐུ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་ཅིང་། རྒྱལ་བའི་སྲས་ཀྱི་ལམ་ལས་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་བྱས་ཏེ། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་ཆུ་གཏེར་ལས་བསྒྲལ་ཞིང་ཀུན་འབྱུང་གི་འཆིང་བ་ལས་སྒྲོལ་བ་དང་། སྲིད་པའི་ཁམས་ལས་དབུགས་དབྱུང་ཞིང་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོར་བཟླ་བར་བགྱིའོ་སྙམ་པའི་མོས་པ་ཤུགས་དྲག་ཏུ་བསྐྱེད་ཅིང་ཚིག་ཏུ་བརྗོད་པ་ན་རྒྱལ་བ་སྲས་དང་བཅས་པའི་ཡེ་ཤེས་གཟིགས་པ་དམ་པས་མངོན་སུམ་དུ་མཁྱེན་ངེས་སྙམ་པའི་དད་གུས་ཀྱི་སེམས་རྩེ་གཅིག་པ་དང་བཅས་པས་རྗེས་ཟློས་གཉིས་པ་མཛད་པར་ཞུ། ཕྱོགས་བཅུ་ན་བཞུགས་པའི་ནས་བཟླ་བར་བགྱིའོ། །བར་ལན་གཅིག །སླར་ཡང་འདི་ལྟར་ངེས་པར་བྱ་སྟེ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཚད་མེད་པའི་མོས་གུས་བསྐྱེད་པ་སྔོན་དུ་འགྲོ་བས། བདག་དང་སེམས་ཅན་ཐམས་ཅད་དོན་དམ་པར་བདེན་པར་མ་གྲུབ་ཀྱང་། ཀུན་རྫོབ་ཏུ་ང་དང་ང་ཡིར་འཛིན་པའི་དབང་གིས་སྒྱུ་མ་དང་རྨི་ལམ་ལྟར་བདེ་སྡུག་སྣ་ཚོགས་པ་ཉམས་སུ་མྱོང་བའི་སྐབས་འདིར། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པར་རྣམ་པ་ཀུན་ཏུ་མཚུངས་པས་ནས། གནས་སྐབས་སུ་བདག་གི་བདེ་བ་དང་དགེ་བའི་རྩ་བ་ཅི་མཆིས་པ་རྣམས་མར་གྱུར་དྲིན་ཅན་ཐམས་ཅད་ལ་ཕོངས་པ་མེད་པར་གཏོང་ཞིང་། དེ་རྣམས་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་རང་ཉིད་ཀྱིས་དང་དུ་བླང་བར་བགྱིའོ་སྙམ་པ་དང་། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱས་ནས། སེམས་ཅན་ཐམས་ཅད་ལ་རེ་རེ་ཞིང་ཕན་པ་དང་བདེ་བ་མཐའ་དག་བསྒྲུབ་པར་བགྱི། དེའི་ཆེད་དུ་རྒྱལ་བ་སྲས་དང་བཅས་པས་བགྲོད་པ་གཅིག་པའི་ལམ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པར་བགྱིའོ་སྙམ་པ་སྟེ། མདོར་ན་བླ་མ་དང་དཀོན་མཆོག་ལ་དད་པ་ཆེན་པོ་དང་། སེམས་ཅན་ལ་བརྩེ་བ་ཆེན་པོ་དང་། སངས་རྒྱས་ཐོབ་འདོད་ཀྱི་འདུན་པ་ཆེན་པོ་སྟེ་ཆེན་པོ་གསུམ་དང་ལྡན་པའི་སྒོ་ནས་རྗེས་ཟློས་གསུམ་པ་འདི་ཤིན་ཏུ་གལ་ཆེ་བ་ལགས་པས་བཤད་པ་བརྡ་འཕྲོད་པ་དང་། དམ་བཅའི་ཚིག་རྣམས་དལ་ཞིང་དོད་ལ་སྐབས་ཕྱེད་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི། ནས། བཟླ་བར་བགྱིའོ། །བར་ལན་གཅིག །དེས་ཁྱེད་རྣམས་ཀྱི་རྒྱུད་ལ་བྱང་ཆུབ་ཏུ་སྨོན་པའི་སེམས་ཁྱད་པར་ཅན་སྐྱེ་བ་ཡིན་པས་སྐྱེས་ངེས་སྙམ་པའི་ཐོབ་ཤེས་ཀྱི་དགའ་བ་བསྐྱེད་པར་ཞུ། གསུམ་པ་རྗེས་ཀྱི་ཆོ་ག་ལ་གསུམ་ལས། | |||
དང་པོ་སེམས་གཟེངས་བསྟོད་པ་ནི། བདག་གིས་ཐོག་མ་མེད་པ་ནས་ལུས་དཔག་ཏུ་མེད་པ་བླངས་ཀྱང་། དོན་ཆེན་པོ་མ་གྲུབ་པས་འཁོར་བར་ལུས་པ་ཡིན་པ་ལ། ད་རེས་རང་གཞན་ཐམས་ཅད་ཀྱི་ཕན་བདེའི་རྒྱུ་གཅིག་པུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེས་པས། དལ་འབྱོར་གྱི་རྟེན་འཚོ་བ་དང་བཅས་པ་དོན་ཡོད་ཅིང་། རྒྱལ་བའི་སྲས་སུ་གྱུར་པས་དོན་ཐམས་ཅད་གྲུབ་སྙམ་པ་དང་། ཇི་ལྟར་འབྱུང་བའི་ཚིག་རྣམས་ཀྱི་དོན་ལ་ཡང་ལེགས་པར་སེམས་ཤིང་དགའ་སྤྲོ་ཁྱད་པར་ཅན་བསྐྱེད་བཞིན་པའི་ངང་ནས་འདིའི་རྗེས་ཟློས་མཛོད། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་ལན་གཅིག་བརྗོད་དུ་གཞུག །གཉིས་པ་བསླབ་བྱ་བསྟན་པ་ལ་རྣམ་པ་ལྔ་ཡོད་པ་ནི། ཚིག་འདི་རྣམས་ལ་གསན་པས་ཁྱབ་པར་གདའ་སྟེ། དེ་ཡང་དང་པོ་ཡང་དང་ཡང་དུ་སེམས་བསྐྱེད་པར་གདམས་པ་ནི། མདོ་ལས། ཁྱོད་ལ་བསྒོ་ཞིང་ཁོང་དུ་ཆུད་པར་བྱ། །ཇི་ལྟ་ཇི་ལྟར་མང་དུ་མིས་བརྟགས་ན། །དེ་ལ་གནས་པའི་རྣམ་པར་རྟོག་པ་དེས། །དེ་ལྟ་དེ་ལྟར་དེ་ལ་སེམས་གཞོལ་འགྱུར། །ཞེས་གསུངས་ཤིང་། དགེ་བའི་བཤེས་གཉེན་ཤ་ར་བའི་ཞལ་ནས་ཀྱང་། བྱང་ཆུབ་ཀྱི་སེམས་ཏིང་ངེ་འཛིན་དུ་ཅི་འོང་བྱ། ཐེག་ཆེན་གྱི་བསམ་གཏན་གྱི་དམིགས་པ་ཡང་འདི་ཁོ་ན་ཡིན་གསུང་སྐད། དེས་ན་ཡན་ལག་བདུན་པ་དང་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཆོ་ག་རྒྱས་བསྡུས་ཅི་རིགས་པའི་སྒོ་ནས་ཡང་དང་ཡང་དུ་སེམས་བསྐྱེད་ཅིང་། བྱང་ཆུབ་ཀྱི་སེམས་འཕེལ་བར་བྱ་བའི་ཕྱིར་ཐ་ནའང་ཉིན་ལན་གསུམ་མཚན་ལན་གསུམ་དུ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པས་ཞེ་ཐག་པ་ནས་སེམས་བསྐྱེད་པར་བྱའོ། །གཉིས་པ་ཚོགས་གཉིས་བསག་པ་ལ་བསླབ་པ་ནི། སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འབྲེལ་བའི་བློས་སྦྱིན་པ་ལ་སོགས་པའི་དགེ་བ་ལ་མྱུར་དུ་འབད་པར་བྱ་སྟེ། ཇོ་བོའི་ཞལ་ནས། དགེ་བ་ཐམས་ཅད་ལ་ཚུལ་སྣ་ཚོགས་ནས་འབད་པར་བྱ་ཞིང་འཕྲལ་ལ་ཐམས་ཅད་མཁྱེན་པར་བསྔོ། དེ་ལྟར་བྱས་ན་བསོད་ནམས་ཀྱང་ཡེ་ཤེས་དང་། ཡེ་ཤེས་ཀྱང་བསོད་ནམས་ཀྱི་ཚོགས་སུ་འགྲོ་བས་ཚོགས་གཉིས་ཐ་མི་དད་དུ་བྱ་སྟེ། ཐམས་ཅད་མཁྱེན་པ་ཚོགས་གཉིས་ཀྱི་འབྲས་བུ་ཡིན་པས་སོ། །ཞེས་གསུང་སྐད། །གསུམ་པ་ཆོས་བཞིའི་སྤང་བླང་ལ་བསླབ་པ་ནི། བྱང་ཆུབ་ཀྱི་སེམས་ཉམས་པར་བྱེད་པའི་ཆོས་བཞི་སྤངས་ནས། མི་ཉམས་པར་བྱེད་པའི་ཆོས་བཞི་ལ་སློབ་པར་བྱེད་པ་ཡིན་ཏེ། དེ་དག་ཀྱང་སྤང་གཉེན་དུ་བླ་མ་རྣམས་བཞེད་པས། དེ་ལ་བླ་མ་དང་མཆོད་པར་འོས་པ་བསླུ་བ་ནི། ལྟུང་བ་གླེངས་པ་ན་བྱུང་བཞིན་དུ་མ་བྱུང་ཞེས་སྨྲ་བའམ། དགེ་བ་བསྒྲུབ་པའི་ནུས་པ་ཡོད་བཞིན་དུ་མེད་ཅེས་པ་ལྟ་བུ་རྫུན་གྱིས་བསླུ་བ་ཡིན་ལ། དེའི་གཉེན་པོར་སྲོག་གི་ཕྱིར་ཡང་བསམས་བཞིན་དུ་རྫུན་མི་སྨྲ་བ་ལ་བསླབ་པར་བྱའོ། །གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་ནི། སྤྱིར་དགེ་བ་ལ་ཞུགས་པ་དང་། ཁྱད་པར་དུ་ཐེག་པ་ཆེན་པོ་ལ་ཞུགས་པ་ལ་འགྱོད་པ་བསྐྱེད་པ་ཡིན་ཏེ། དེའི་གཉེན་པོར་སེམས་ཅན་འགའ་ཞིག་དགེ་བ་ལ་འགོད་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འགོད་ཀྱི། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་མ་ཡིན་ནོ། །ཞེས་པའི་དོན་ལ་བསླབ་པར་བྱའོ། །སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གི་ཚིགས་སུ་བཅད་པ་མ་ཡིན་པ་བརྗོད་པའི་གཉེན་པོར། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་ཕྱོགས་བཅུར་ཡང་དག་པའི་ཡོན་ཏན་བརྗོད་པ་ལ་བསླབ་པར་བྱ་སྟེ། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ལས། །ཉིན་དང་དེ་བཞིན་མཚན་མོ་ལན་གསུམ་དུ། །བྱང་ཆུབ་སེམས་དཔའ་རྣམས་ལ་མགོས་ཕྱག་འཚལ། །རྟག་ཏུ་འདོད་བཞིན་སྤྱད་པ་སྤྱོད་པ་ན། །དེ་དག་འཁྲུལ་པ་ཙམ་ཡང་མི་བཙལ་ལོ། །ཞེས་གསུངས་པ་ལྟར་བྱའོ། །སེམས་ཅན་ཐམས་ཅད་ལ་སྒྱུ་དང་གཡོས་སྤྱོད་པའི་གཉེན་པོར། སེམས་ཅན་ཐམས་ཅད་ལ་ལྷག་པའི་བསམ་པ་རྣམ་པར་དག་པས་གནས་པར་བྱའི། གཡོ་དང་སྒྱུས་མ་ཡིན་པ་ལ་བསླབ་པར་བྱའོ། །ལྷག་པའི་བསམ་པ་ནི། སེམས་ཅན་ཐམས་ཅད་ཕན་བདེ་ལ་སྦྱོར་བར་འདོད་པའོ། །བཞི་པ་སེམས་ཅན་བློས་མི་སྤང་བ་ལ་བསླབ་པ་ནི། སེམས་ཅན་ཁྱུ་རིལ་དུ་སྤངས་པ་ནི་སེམས་ཅན་གྱི་སྐྱོན་མཐོང་བའམ། ཐེག་ཆེན་གྱི་ལམ་སྒྲུབ་དཀའ་བ་ལ་སོགས་པའི་རྒྱུས་གཞན་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་བློ་སྤངས་པ་སྟེ། དེ་བྱུང་ན་ཐར་པ་གཏན་མི་འདོད་དམ་ཉན་རང་གི་ཐར་པ་འདོད་ཀྱང་རུང་། སྨོན་འཇུག་གཉིས་ཀ་གཏོང་སྟེ། མདོ་སྡུད་པ་ལས། གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། སྤྱོད་ཀྱང་རང་རྒྱལ་དགྲ་བཅོམ་ཉིད་ལ་འདོད་སྤྱད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་བས་ཀྱང་ཤིན་ཏུ་ལྕི། །ཞེས་གསུངས་སོ། །ཉི་ཚེ་བ་སྤོང་བ་ནི། སེམས་ཅན་འགའ་ཞིག་ལ་བདག་གིས་ཕན་གདགས་དགོས་ཤིང་ནུས་ཀྱང་མི་གདགས་སྙམ་དུ་བློས་འདོར་བ་སྟེ། དེས་ཀྱང་སེམས་ཅན་ལ་དམིགས་པའི་སེམས་བསྐྱེད་གཏོང་བས་ཐུན་ཚོད་ཀྱི་ནང་དུ་གང་བློས་སྤངས་པ་དེ་ཕན་སེམས་ཀྱིས་བློས་བཟུང་ལ། དེ་ལ་དངོས་སུ་ཕན་མ་ཐོགས་ཀྱང་རང་གི་བློ་མ་གནོད་པར་བྱ་གསུང་། དེས་ན། གཞན་ཕན་ལས་ལ་མཐུ་མེད་ཀྱང་། །དེ་ཡི་བསམ་པ་རྟག་ཏུ་བྱ། །གང་ལ་བསམ་པ་དེ་ཡོད་པ། །དེ་ནི་དེ་ལ་དོན་གྱིས་ཞུགས། །ཞེས་པས་སེམས་ཅན་ཐམས་ཅད་ལ་ཕན་སེམས་བསྐྱེད་པར་བྱའོ། །ལྔ་པ་བྱང་ཆུབ་སེམས་ཀྱི་ཕན་ཡོན་དྲན་པར་བྱ་བ་ནི། སྡོང་པོ་བཀོད་པའི་མདོ་ལས། བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །ཞེས་དང་། མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། སངས་རྒྱས་ཀྱི་ཡོན་ཏན་ཇི་སྙེད་ཡོད་པ། བྱང་ཆུབ་སེམས་ཀྱི་ཕན་ཡོན་ཡང་དེ་སྙེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་སྤྱོད་པའི་དཀྱིལ་འཁོར་ཐམས་ཅད་ཀྱང་འདི་ལས་བྱུང་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་འདི་ལས་སྐྱེས་སོ། །ཞེས་གསུངས་པ་ལ་སོགས་པའི་ཕན་ཡོན་རྣམས་ཡང་དང་ཡང་དུ་དྲན་པར་བྱའོ། །གཞན་ཡང་གཞུང་ལས། ཁྱད་པར་དུ་མངོན་པར་ཤེས་པ་མྱུར་དུ་ཐོབ་པར་འདོད་པས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཞུས་པའི་ཆོས་བདུན་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལ་བསླབ་པར་བྱའོ། །ཞེས་འབྱུང་བས། མདོ་དེའི་དོན། རྣམ་རྟོག་གིས་ཀྱང་འདོད་པ་མི་བསྟེན་ན། དབང་པོ་གཉིས་སྤྲོད་པ་ལྟ་ཅི་སྨོས་ཤིང་། རྨི་ལམ་དུའང་མི་དགེ་བའི་བཤེས་གཉེན་ལ་མི་བསྟེན་པ་དང་། བྱ་དང་འདྲ་བར་སེམས་ཀྱིས་ཡོངས་སུ་འཛིན་པ་མེད་པ་དང་། ཐབས་ཤེས་གཉིས་ལ་མཁས་ཀྱང་ང་རྒྱལ་མེད་པ་དང་། དངོས་པོར་འཛིན་པ་སྤངས་ནས་སྟོང་ཉིད་ཀྱི་རྣམ་ཐར་བརྟན་པར་བྱ་བ་དང་། ཡང་དག་པར་བདེན་པ་མ་ཡིན་པས་སྒྱུ་མ་དང་འདྲ་བའི་ཤེས་པས་སྤྱད་པ་དང་། སེམས་ཅན་ལ་ལྷག་པའི་བསམ་པ་རྣམ་པར་དག་པས་གནས་པ་དང་། རྒྱུ་དང་འབྲས་བུ་ལ་སྐུར་པ་མི་གདབ་པ་སྟེ་ཆོས་བདུན་པོ་དེ་བསྟན་པས་དེ་དག་ལ་བསླབ་པར་བྱའོ། །ཡང་། ནག་པོའི་ཆོས་བཞི་དང་། སེམས་ཅན་བློས་སྤངས་པའི་ལྟུང་བ་བྱུང་ནས་ཉིན་ཞག་གཅིག་གི་དྲུག་ཆའི་ཐུན་ཚོད་ལས་འདས་ན་སེམས་བསྐྱེད་གཏོང་བས་བཤགས་སྡོམ་བྱས་ལ་སླར་བླང་། ཐུན་ཚོད་ཀྱི་ནང་དུ་གཉེན་པོ་སྐྱེས་ན་བཤགས་དུས་སྔ་ཕྱི་འདྲ་ཞིང་། བཤགས་ཡུལ་བྱང་ཆུབ་སེམས་དཔའ་འམ། མ་རྙེད་ན་སོ་ཐར་གྱི་དགེ་བསྙེན་ཡན་ཆད་ཀྱི་མདུན་དུ་ལྟུང་བ་འདི་བྱུང་སྟེ་ཞེས་དངོས་པོ་བརྗོད་ནས་བཤགས་པར་བྱ་གསུངས་སོ། །སྨོན་པ་སེམས་བསྐྱེད་ཀྱི་སྐོར་འདི་རྒྱལ་བ་བྱམས་པ་ནས་ཇོ་བོའི་བར་དུ་སྙན་ནས་སྙན་དུ་བརྒྱུད་པའི་གདམས་པ་ཁོ་ན་ལས་བྱོན་པ་ཡིན། འདིའི་བློ་སྦྱོང་དང་། ཆོ་ག་དང་། བསླབ་བྱ་དང་། བཅས་པ་འདི་གཞུང་གཞན་ན་མི་བཞུགས་པས། འདི་དང་སྐྱབས་འགྲོ་ཁོ་ནས་ཇོ་བོ་བོད་ལ་བཀའ་དྲིན་ཆེ་བ་ཡིན། དེས་ནས་སྨོན་པ་སེམས་བསྐྱེད་སྐོར་དང་བཅས་པ་འདི་ཇོ་བོའི་གདམས་ངག་རྣམས་ཀྱི་མཆོག་ཏུ་གྱུར་པ་ཡིན་ནོ་གསུངས་ཤིང་། འདི་ལ་སློབ་མའང་ངེས་པ་མེད་པས་ཐམས་ཅད་ལ་གནང་བ་ལགས། གསུམ་པ་གཏང་རག་གི་མཆོད་པ་དབུལ་བ་ནི། དེ་ལྟར་བྱང་ཆུབ་ཀྱི་སེམས་སྐྱེས་པ་དེ་བླ་མ་དང་དཀོན་མཆོག་གི་བཀའ་དྲིན་ཡིན་པས། དེའི་དྲིན་ལན་དུ་སྔར་སྦྱོར་བའི་སྐབས་སུ་ཇི་སྐད་བཤད་པའི་དམིགས་པ་རྣམས་ཡིད་ལ་དྲན་བཞིན་པས་དངོས་སུ་བཤམས་པའི་མཆོད་པ་དང་། ལུས་དབུལ་བའི་མཆོད་པ་དང་། དེ་ལས་གཞན་ཡང་བློས་སྤྲུལ་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་བཅས་པ་རྣམས་རིམ་བཞིན་དུ་འབུལ་བར་ཞུ། ཞེས་བརྡ་སྦྱར་ལ། དངོས་སུ་བཤམས་པའི་མཆོད་པ་རྣམས་ཁ་གསོས་ལ། སློབ་དཔོན་གྱིས་སྦྱོར་པའི་སྐབས་ལྟར་བྱིན་གྱིས་བརླབས་ནས། དཔོན་སློབ་ཐུན་མོང་དུ། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་ཀྱིས་མཆོད། ལུས་འབུལ་བའི་མཆོད་པ། རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། ཤློ་ཀ་གཅིག་དང་། གཞན་ཡང་། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་བ་གདུགས་མཆོག་དང་། །སོགས་ཤློ་ཀ་གསུམ་རྣམས་ཚར་རེ་བརྗོད་དུ་གཞུག་གོ། །དེ་ལྟར་ན་དེ་རྣམས་ཀྱི་སྒོ་ནས་སྨོན་པ་སེམས་བསྐྱེད་ཀྱི་ཆོ་ག་ཡན་ལག་དང་བཅས་པ་ལེགས་པར་ཕུལ་གྲུབ་ནས། གཉིས་པ་འཇུག་པའི་སེམས་བསྐྱེད་ནི། བྱང་ཆུབ་སེམས་དཔའི་ས་ལས། བྱང་ཆུབ་སེམས་དཔའི་སྡོམ་པ་ཞེས་གསུངས་ཤིང་། དེའི་ཆོ་ག་ཡང་གསལ་བོར་གསུངས་པ་བཞིན་དུ། ཇོ་བོ་ཆེན་པོས་ཆོ་གའི་གཞུང་མཛད་པའི་ཚུལ་ལྟར། འདིར་སྡོམ་པ་འབོགས་པའི་ཆོ་ག་ལ་གསུམ་ལེན་པ་པོའི་གང་ཟག །བླང་བའི་ཡུལ། བླང་བའི་ཆོ་གའོ། །དེ་ལ་དང་པོ་ལེན་པོའི་གང་ཟག་ནི། སྨོན་པའི་སེམས་སྐྱེས་ཤིང་བྱང་ཆུབ་སེམས་དཔའི་བསླབ་པ་ཚུལ་ཁྲིམས་གསུམ་ལ་ངེས་པར་སློབ་པར་འདོད་པའི་འདུན་པ་དང་ལྡན་པ་སྟེ། བྱང་ས་ལས། དེ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པའམ། རབ་ཏུ་བྱུང་བ་བྱང་ཆུབ་སེམས་དཔའི་བསླབ་པ་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པ་གསུམ་པོ་འདི་དག་ལ་བསླབ་པར་འདོད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པས་ཞེས་གསུངས་ཤིང་། སོ་སོ་ཐར་པ་རིགས་བདུན་གང་རུང་གི་སྡོམ་པ་དང་ལྡན་དགོས་ཏེ། ཇོ་བོས། སོ་སོ་ཐར་པ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་པ་ཡོད་ཀྱི་གཞན་དུ་མིན། ཞེས་གསུངས་སོ། །གཉིས་པ་གང་ལས་བླང་བའི་ཡུལ་ནི། རང་ཉིད་བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་ཞིང་། སྡོམ་པའི་ཆོ་ག་ལ་མཁས་པ། སློབ་མས་གོ་བར་ནུས་པའི་ཚིག་གི་སྒོ་ནས་སྡོམ་པ་འབོགས་པར་ནུས་པ་སྟེ། སྡོམ་པ་ཉི་ཤུ་པ་ལས། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། ཞེས་གསུངས་སོ། །གསུམ་པ་ཇི་ལྟར་བླང་བའི་ཚུལ་ལ་སྦྱོར་བ། དངོས་གཞི། མཇུག་གི་ཆོ་གའོ། །དང་པོ་ལའང་ལྔ། གསོལ་བ་གདབ་པ་དང་། བསམ་པ་བརྟག་པ་དང་། མྱུར་དུ་སྦྱིན་པར་གསོལ་བ་གདབ་པ་དང་། བར་ཆད་དྲི་བ་དང་། བསླབ་པའི་གནས་གོ་བར་བྱས་ནས་སྤྲོ་བ་དྲི་བའོ། །དང་པོ་གསོལ་བ་གདབ་པ་ལ། ཐོག་མར་སློབ་དཔོན་ལ་སྟོན་པའི་འདུ་ཤེས་བསྐྱེད་ནས་ཕྱག་གསུམ་མཛད་པར་ཞུ། ཞེས་ཕྱག་གསུམ་འཚལ་དུ་གཞུག །དེ་ནས་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྡོམ་པ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། ཞེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག །དེ་ལྟར་མཎྜལ་ཕུལ་ནས། ཕྱག་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། སློབ་དཔོན་ཁྱོད་ལ་བདག་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ལེན་པར་འཚལ་གྱིས། དེ་ལ་གནོད་པ་མ་མཆིས་ན་བདག་ལ་ཐུགས་བརྩེ་བའི་སླད་དུ་ཅུང་ཟད་ཅིག་གསན་ཅིང་སྩལ་བའི་རིགས་སོ། །ལན་གསུམ། | |||
གཉིས་པ་བསམ་པ་བརྟག་ལ་གསུམ་ལས། དང་པོ་བློ་རྩལ་ལ་བརྟག་པ་ནི། བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་པ་ལ་ངས་མི་འགྲུབ་པའམ། མི་ནུས་པ་གང་ཡང་མེད་སྙམ་པའི་བློ་རྩལ་དགོས་པས། སྣོད་དུ་བྱེད་པའི་ཆོས་བཞི་བརྗོད་ལ་བརྟག་པར་བྱ་བར་གསུངས་པས་ངེད་ཀྱིས་དྲིས་པའི་ཚིག་འདི་རྣམས་ལ་ལན་དྲང་པོར་ཐོབ་མཛོད། ཅེས་བརྡ་སྦྱར་ལ་སློབ་དཔོན་གྱིས། འདི་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྨིན་པར་བྱེད་དགོས་ལ། དེ་ལ་བསླབ་པ་གྲངས་མེད་པ་ལ་བསླབ་དགོས་ན། སེམས་ཅན་ཐམས་ཅད་སྨིན་པར་བྱེད་པའི་བསླབ་པ་རྣམས་ལ། སློབ་པར་ནུས་སམ། ཞེས་དྲིས་ལ། སློབ་མས། ནུས་ལགས། ཞེས་བརྗོད་པས་ཁས་བླང་ངོ་། །དེ་བཞིན་དུ། སློབ་དཔོན་གྱིས། བྱང་ཆུབ་སེམས་དཔའ་ཞིང་ཁམས་གྲངས་མེད་པ་སྦྱོང་བ་དང་། སངས་རྒྱས་གྲངས་མེད་པ་མཉེས་པར་བྱ་དགོས་ན། ཞིང་ཁམས་གྲངས་མེད་པ་སྦྱོང་བ་དང་། སངས་རྒྱས་གྲངས་མེད་པ་མཉེས་པར་བྱེད་པ་ལ་སློབ་པར་ནུས་སམ། ཞེས་དྲིས་ལ། སློབ་མས། ནུས་ལགས་ཞེས་བརྗོད་པས་ཁས་བླང་ངོ་། །སློབ་དཔོན་གྱིས། བྱང་སེམས་ཀྱི་སྡོམ་པ་དེ་ཉམས་ན་སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་པར་དམ་བཅས་ནས་དེ་དག་ཐམས་ཅད་བསླུས་པར་འགྱུར་ཏེ། ཇི་སྐད་དུ། སྤྱོད་འཇུག་ལས། དངོས་པོ་ཕལ་པ་ཅུང་ཟད་ལའང་། །ཡིད་ཀྱིས་སྦྱིན་ཞེས་བསམ་བྱས་ནས། །མི་གང་སྦྱིན་པར་མི་བྱེད་པ། །དེ་ཡང་ཡི་དྭགས་རྒྱུར་གསུངས་ན། །བླ་ན་མེད་པའི་བདེ་བ་ལ། །བསམ་པ་ཐག་པས་འགྲོན་གཉེར་ནས། །འགྲོ་བ་ཐམས་ཅད་བསླུས་བྱས་ན། །བདེ་འགྲོར་ཅི་ག་འགྲོར་འགྱུར་རམ། །ཞེས་གསུངས་པས། སེམས་ཅན་ཐམས་ཅད་བསླུས་པའི་རྣམ་སྨིན་གྱིས་དམྱལ་བ་ལ་སོགས་པར་སྐྱེ་བར་འགྱུར་བའི་ཉེས་དམིགས་ཆེན་པོ་ཡོད་ན། ཉེས་དམིགས་དེས་མི་འཇིགས་སམ། ཞེས་དྲིས་པ་ལ། ཉམས་ན་ཉེས་དམིགས་ཆེ་ཡང་མ་ཉམས་པ་བྱས་པས་ཆོག་སྙམ་དུ་གོ་བ་བསྐྱེད་ལ་ལན་ཐོབ་མཛོད། ཅེས་བརྗོད་ལ། སློབ་མས་མི་འཇིགས་ལགས། ཞེས་བརྗོད་ཅིང་ཁས་བླང་ངོ་། །ཡང་སློབ་དཔོན་གྱིས། ཡང་བསླབ་པ་དེ་མ་ཉམས་པར་བསྲུངས་ན། སྤྱོད་འཇུག་ལས། །གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་བསྒྲལ་བའི་ཕྱིར། །མི་ལྡོག་པ་ཡི་སེམས་ཀྱིས་སུ། །སེམས་དེ་ཡང་དག་བླངས་གྱུར་པ། །དེང་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་འཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པ་རབ་ཏུ་འབྱུང་། །ཞེས་གསུངས་པ་ལྟར་བསོད་ནམས་རྒྱུན་མི་འཆད་པར་འབྱུང་བ་ལ་སོགས་པའི་ཕན་ཡོན་ཆེན་པོ་ཡོད་ན། ཕན་ཡོན་ཆེན་པོ་དེ་ཐོབ་པར་འདོད་པས་བསླབ་པ་དེ་ལ་བསླབ་པར་སྤྲོའམ། ཞེས་དྲིས་ལ། སློབ་མས། སྤྲོ་ལགས། ཞེས་བརྗོད་པས་ཁས་བླང་ངོ་། །གཉིས་པ་ཤེས་རབ་ལ་བརྟག་པ་ནི། སློབ་དཔོན་གྱིས། རིགས་ཀྱི་བུ་ཞེས་བརྗོད་པ་སྔོན་དུ་འགྲོ་བས། སློབ་མ་སོ་སོའི་མིང་ནས་སྨོས་ལ། མིང་འདི་ཞེས་བྱ་བ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་ཐོས་སམ། ཞེས་དྲིས་ལ། སློབ་མས། ཅུང་ཟད་ཐོས་སོ། །ཞེས་ལན་བཏབ། དེ་བཞིན་དུ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་ཤེས་སམ། ཞེས་དྲིས་ལ། ཅུང་ཟད་ཤེས་སོ། །ཞེས་ལན་བཏབ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་ལ་དད་དམ། ཞེས་དྲིས་ལ། ཤིན་ཏུ་དད་དོ། །ཞེས་ལན་བཏབ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་ལས་གསུངས་པའི་བསླབ་པའི་གཞི་རྣམས་བསྲུང་བར་ནུས་སམ། ཞེས་དྲིས་ལ། བསྲུང་བར་ནུས་ལགས། ཞེས་ཁས་བླང་དུ་གཞུག་གོ །གསུམ་པ་འདུན་པ་ལ་བརྟག་པ་ནི། ཐོག་མར་འདི་ལྟར་ངེས་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་བརྟེན་ནས། བདག་ཉིད་སངས་རྒྱས་ཐོབ་ཅིང་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པས་དེ་ལ་འཇུག་པར་བྱའོ་སྙམ་པའི་འདུན་པ་རྩེ་གཅིག་ཏུ་བསྐྱེད་ལ་ངེད་ཀྱིས་དྲིས་པའི་ཚིག་འདི་རྣམས་ལ་ལན་ཐོབ་མཛོད། ཞེས་བརྡ་སྦྱར་ལ། སློབ་དཔོན་གྱིས། རིགས་ཀྱི་བུ་ཁྱོད་ཉོན་ཅིག །ཁྱོད་འདི་ལྟར་སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་འདའ་བ་དང་། སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་འདོད་དམ། ཞེས་དྲིས་ལ། སློབ་མས། འདོད་ལགས་ཞེས་ལན་བཏབ་པ་ལ། སློབ་དཔོན་གྱིས། དེ་ལ་ཁྱེད་ཀྱིས་སེམས་བསྐྱེད་བརྟན་པ་དང་། ཡི་དམ་བརྟན་པར་བྱའོ། །ཞེས་གདམས། ཡང་སློབ་དཔོན་གྱིས། གཞན་དང་འགྲན་པའི་ཆེད་དུ་མ་ཡིན་ནམ། ཞེས་དྲིས་ལ། སློབ་མས། མ་ཡིན་ལགས། ཞེས་ལན་བཏབ་བོ། །གཞན་གྱིས་ནན་གྱིས་ལེན་དུ་བཅུག་པ་མ་ཡིན་ནམ། ཞེས་དྲིས་ལ། མ་ཡིན་ལགས། ཞེས་ལན་བཏབ་བོ། །གསུམ་པ་མྱུར་དུ་སྦྱིན་པར་གསོལ་བ་གདབ་པ་ལ། མཆོད་པ་འབུལ་བ་དང་ཕྱག་འཚལ་བ་སྔོན་དུ་འགྲོ་བའི་སྒོ་ནས་གསོལ་བ་གདབ་པར་གསུངས་པས། ཐོག་མར་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་ལ་སོགས་པའི་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་མངོན་སུམ་ལྟ་བུར་བཞུགས་པར་བསམས་ལ། དེ་རྣམས་ཀྱི་མཁྱེན་བརྩེ་ནུས་པའི་ཡོན་ཏན་ཚད་མེད་པ་རྗེས་སུ་དྲན་པས་དང་འདོད་ཡིད་ཆེས་ཀྱི་དད་པ་ཤུགས་དྲག་ཏུ་བསྐྱེད་བཞིན་པའི་ངང་། དངོས་སུ་བཤམས་པའི་མཆོད་པ་དང་། ལུས་དབུལ་བའི་མཆོད་པ་དག་རིམ་བཞིན་དུ་གནང་བར་ཞུ། ཞེས་བརྡ་སྦྱར་ལ། མཆོད་པ་གསར་དུ་བཤམས་པ་རྣམས་སློབ་དཔོན་གྱིས་སྔར་ལྟར་བྱིན་གྱིས་བརླབས། དེ་ནས་དཔོན་སློབ་ཐུན་མོང་དུ། མཆོད་ཕྲེང་ཚིགས་བཅད་དང་བཅས་རྒྱས་པར་བྱ་བའམ། བསྡུ་ན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱི་ཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། པུཥྤེ། ནས་ཤབྡའི་བར་སྦྱར་བ་དང་། རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་འབུལ་བ་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །ཤྭ་ལོ་ཀ་གཅིག་བརྗོད་དུ་གཞུག །སློབ་དཔོན་ལ་སྟོན་པའི་འདུ་ཤེས་བསྐྱེད་དེ་ཕྱག་གསུམ་མཛད་པར་ཞུ། ཞེས་ཕྱག་གསུམ་འཚལ་ཟིན་པ་དང་། རང་རང་གི་གྲལ་ལ་ཙོག་ཙོག་པུར་འཁོད་དེ་ཕྱག་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། སློབ་དཔོན་གྱིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་བདག་ལ་མྱུར་དུ་སྩལ་དུ་གསོལ། ལན་གསུམ། བཞི་པ་བར་ཆད་དྲི་བ་ནི། སྡོམ་པའི་རྟེན་དུ་བྱང་སེམས་ཀྱི་རིགས་ལ་གནས་ཤིང་སྨོན་པའི་སེམས་སྐྱེས་པ་དགོས་པས་དེ་ལྟ་བུའི་རིགས་ཅན་ཡིན་ནམ་ཞེས་དྲིས་པ་འདི་ལ་ལན་ཐོབ་མཛོད། རིགས་ཀྱི་བུ། མིང་འདི་ཞེས་བྱ་བ་ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ། ཞེས་དྲིས་ལ། ཡིན་ལགས། ཞེས་ལན་བཏབ། བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ། ཞེས་དྲིས་ལ། བཏབ་ལགས ཞེས་ལན་བཏབ་བོ། །ལྔ་པ་བསླབ་པའི་གནས་གོ་བར་བྱ་ཞིང་སྤྲོ་བ་དྲི་བ་ལ། དང་པོར་བསླབ་པའི་གནས་གོ་བར་བྱ་བ་ནི། མི་ཟད་པ་དཔག་ཏུ་མེད་པ་བླ་ན་མེད་པའི་བསོད་ནམས་ཀྱི་གཏེར། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས། བྱང་ཆུབ་སེམས་དཔའ་སྡོམ་པ་མྱུར་དུ་ཐོབ་པར་འགྱུར་རོ་སྙམ་དུ་དགའ་བ་ཁྱད་པར་ཅན་བསྐྱེད་པ་དང་བཅས་ཚིག་འདི་ལ་གསན་པས་ཁྱབ་པར་གདའ་སྟེ། མི་དགེ་བ་མཐའ་དག་སྤོང་བའི་སེམས་པ་ས་བོན་དང་བཅས་པ་སྡོམ་པའི་ཚུལ་ཁྲིམས། ཕར་ཕྱིན་དྲུག་ལ་སོགས་པའི་དགེ་བ་སྒྲུབ་འདོད་ཀྱི་སེམས་པ་ས་བོན་དང་བཅས་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་འདོད་པའི་སེམས་པ་ས་བོན་དང་བཅས་སེམས་ཅན་དོན་བྱེད་གྱི་ཚུལ་ཁྲིམས་ཡིན་ཞིང་། དེ་དག་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་དང་ཚུལ་ཁྲིམས་ཡིན་ནོ། །ཞེས་གོ་བ་བསྐྱེད་ནས། དེ་ལྟ་བུའི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་རྣམས་དང་། ཚུལ་ཁྲིམས་དེ་དག་བདག་ལས་ལེན་པར་འདོད་དམ་ཞེས་སྤྲོ་བ་དྲིས་པ་འདི་ལ་ལན་ཐོབ་མཛོད། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་རྣམས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཚུལ་ཁྲིམས་དེ་དག་ཅི་བདག་ལས་ལེན་པར་འདོད་དམ། ཞེས་དྲིས་ལ། སློབ་མས། ལེན་པར་འཚལ་ལོ། །ཞེས་ལན་བཏབ། གཉིས་པ་དངོས་གཞི་ནི། སྤྱིར་བསླབ་པ་ནོད་པར་ལན་གསུམ་དུ་ཁས་བླངས་པ་ཉིད་ཀྱིས་སྡོམ་པ་སྐྱེ་བ་ཡིན་ནའང་། ཐོག་མར་བསམ་པ་འདི་ལྟར་ངེས་པ་གལ་ཆེ་སྟེ། ཆོས་ཐམས་ཅད་དོན་དམ་པར་ཡོད་མེད་ལ་སོགས་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཞིང་། ཀུན་རྫོབ་ཏུ། མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་སྣང་བ་ཐམས་ཅད་སྣང་ཡང་བདེན་པ་མེད་པར་ཤེས་པར་བྱས་ནས། དེ་ལྟ་བུའི་དོན་མ་རྟོགས་པར། གཟུངས་འཛིན་ལ་བདེན་པར་ཞེན་པའི་དབང་གིས་ཁམས་གསུམ་གྱི་འཁོར་བའི་གནས་སུ་བདེ་བ་འདོད་བཞིན་དུ་བདེ་བ་དང་ནི་བྲལ། སྡུག་བསྔལ་མི་འདོད་བཞིན་དུ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་དང་ནི་ལྡན། བདེ་བ་བསྒྲུབ་ཅིང་སྡུག་བསྔལ་འདོར་བའི་ཐབས་མི་ཤེས་པའི་རིགས་དྲུག་གི་སེམས་ཅན་འདི་ཐམས་ཅད་ཀྱིས་ཐོག་མ་མེད་པ་ནས་ཡང་ནས་ཡང་དུ་བདག་གི་ཕ་མར་བྱས་ཏེ། ཕན་བདེ་སྒོ་དུ་མ་ནས་ནི་བསྒྲུབས། གནོད་འཚེ་ཐམས་ཅད་ལས་ནི་ཅི་ནུས་ཀྱིས་བསྐྱབས། བསམ་རྒྱུ་དང་དྲན་རྒྱུ་ནི་བདག་ལས་མེད་པ་བྱས་ཤིང་། བདག་གི་ཆེད་དུ་ལུས་སྲོག་ཀྱང་གྲངས་མེད་པར་བཏང་བའི་དྲིན་ཅན་ཤ་སྟག་ཡིན་པས། དེ་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་ཞིང་བདེ་བ་ལ་འགོད་པར་བྱ་དགོས་ནའང་། ད་ལྟ་བདག་ལ་དེའི་ནུས་པ་མེད་ཅིང་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་ཞིང་བདེ་བ་ལ་འགོད་ནུས་པ་སངས་རྒྱས་ཁོ་ན་ཡིན། དེ་བདག་གིས་ཐོབ་པར་བྱ། དེའང་རྒྱུ་མེད་པར་མི་ཐོབ་ཅིང་། དེའི་རྒྱུའི་གཙོ་བོ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ཡིན་པས། དེ་བདག་གིས་བླངས་ནས། བསླབ་པ་གསུམ་ཀ་ཡུལ་ཐམས་ཅད་དུ། དུས་ཐམས་ཅད་ཀྱི་ཚེ། ཚེ་རབས་ཐམས་ཅད་དུ་བསྲུང་བར་བྱ་སྙམ་དུ་བསམས་ནས། བླ་མ་ལ་སངས་རྒྱས་དང་། རང་ལ་སྒྱུ་མ་ལྟ་བུར་ཤེས་པ་དང་ལྡན་པས། སེམས་རྩེ་གཅིག་ཏུ་གྱིས་ལ་ལན་ཐོབ་མཛོད། ཅེས་བརྗོད་ནས། སློབ་དཔོན་གྱིས། རིགས་ཀྱི་བུ། མིང་འདི། ཞེས་བྱ་བ་ཁྱོད། བདག་བྱང་ཆུབ་སེམས་དཔའ་སློབ་དཔོན་རང་ཉིད་ཀྱི་མིང་ནས་སྨོས་ལ། མིང་འདི། ཞེས་བྱ་བ་ལས། འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང་། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང་། མ་བྱོན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང་། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང་། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང་། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པའི་བསླབ་པའི་གཞི་གང་དག་དང་། ཚུལ་ཁྲིམས་གང་དག་ལ་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབ་པར་གྱུར་པ་དང་། མ་བྱོན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་འགྱུར་པ་དང་། ཕྱོགས་བཅུ་དག་ན་ད་ལྟར་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟར་སློབ་པའི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་རྣམས་ནོད་དམ། ཞེས་བརྗོད་ལ། སློབ་མས། ནོད་ལགས། ཞེས་ཁས་བླང་ངོ་། །དེས་ཁས་བླངས་པ་དང་པོ་སོང་ནས། ལན་རེ་རེ་བཞིན་བློ་སྦྱོང་བསྒོམ་ཞིང་བྱ་བར་གསུངས་པས་བསམ་པ་འདི་བཞིན་དུ་མཛོད། མཐའ་ཡས་པའི་མར་གྱུར་སེམས་ཅད་ཐམས་ཅད་བདེ་བ་དང་ལྡན་ཞིང་། སྡུག་བསྔལ་ལས་སྒྲོལ་བའི་སླད་དུ་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་དེ་ཅི་ནས་ཀྱང་ཐོབ་པ་ཞིག་བྱ། །དེ་ཡང་རྒྱུ་མེད་རྐྱེན་མེད་ལས་མི་འབྱུང་བས། རྒྱུ་རྐྱེན་གྱི་གཙོ་བོ་དུས་གསུམ་དུ་གཤེགས་ཤིང་བཞུགས་ལ་འབྱོན་པར་འགྱུར་བའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པར་བྱ་བའི་གཞི། ཚུལ་ཁྲིམས་རྣམ་པ་གསུམ་ཡང་དག་པར་བླངས་ཏེ་ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ་བསྲུང་བར་བགྱིའོ་སྙམ་དུ་སྡོམ་པ་བཟུང་བ་ལ་མཆོག་ཏུ་སྤྲོ་བའི་ཡིད་ཀྱིས་དྲི་བ་གཉིས་པའི་ལན་ཐོབ་མཛོད། ཅེས་བརྡ་སྦྱར་ལ། དྲི་བ་དང་། ཁས་བླངས་པ། གོང་བཞིན་བྱ། སླར་ཡང་འདི་ལྟར་ངེས་པར་བྱ་སྟེ། དགེ་བའི་བཤེས་གཉེན་ལ་སྟོན་པའི་འདུ་ཤེས་བསྐྱེད་པ་དང་བཅས་ཏེ་དཀོན་མཆོག་གསུམ་ལ་མི་བསླུ་བའི་སྐྱབས་སུ་ངེས་པའི་དད་པ་ཆེན་པོ་དང་། བདག་དང་སེམས་ཅན་ཐམས་ཅད་དོན་དམ་པ་རང་བཞིན་གྱིས་མ་གྲུབ་ཀྱང་། ཀུན་རྫོབ་སྒྱུ་མ་དང་རྨི་ལམ་ལྟར་འཁྲུལ་སྣང་གི་སྡུག་བསྔལ་འབའ་ཞིག་ལ་ལོངས་སྤྱོད་པ་རྣམས་ཕན་བདེ་ལ་འགོད་པར་འདོད་པའི་བརྩེ་བ་ཆེན་པོ་དང་། དེའི་ཆེད་དུ་མཐའ་གཉིས་ལ་མི་གནས་པ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་འདོད་པའི་འདུན་པ་ཆེན་པོ་སྟེ་ཆེན་པོ་གསུམ་དང་ལྡན་པའི་སྒོ་ནས། སངས་རྒྱས་ཐོབ་པའི་རྒྱུ་ཡི་གཙོ་བོ། རྒྱལ་སྲས་རྣམས་ཀྱི་བསླབ་པར་བྱ་བའི་གཞི། བསོད་ནམས་དང་ཡོན་ཏན་མཐའ་ཡས་པའི་གཏེར་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྡོམ་པ་ཉིད་ཡང་དག་པར་བླངས་ཏེ། རྣམ་པ་ཀུན་ཏུ་བསླབ་པར་བགྱིའོ་སྙམ་པའི་འདུན་པ་རྩེ་གཅིག་པས་དྲི་བ་གསུམ་པའི་ལན་ཐོབ་མཛོད། ཅེས་བརྗོད་ལ། དྲི་བ་དང་། ཁས་བླངས་པ་སྔར་བཞིན་བྱ། དེ་ལྟར་ལན་གསུམ་གྱི་བར་དུ་དྲིས་ཤིང་ཁས་བླངས་པས་ཁྱེད་རང་རྣམས་ཀྱི་རྒྱུད་ལ་བྱང་ཆུབ་སེམས་དཔའི་སྡོམ་པའི་དངོས་གཞི་ངེས་པར་སྐྱེ་བ་ཡིན་པས་སྐྱེས་ངེས་སྙམ་དུ་ཐོབ་ཤེས་ཀྱི་དགའ་བ་ཁྱད་པར་ཅན་བསྐྱེད་མཛོད། ཅེས་བརྗོད་པར་བྱའོ། །གསུམ་པ་མཇུག་གི་ཆོ་ག་ལ། མཁྱེན་པར་གསོལ་བ་དང་། ཕན་ཡོན་བསྟན་པ་དང་། གསང་བར་གདམས་པ་དང་། བསླབ་བྱ་བསྟན་པ་དང་། གཏང་རག་དབུལ་བ་སྟེ་རྣམ་པ་ལྔར་ཡོད་པ་ལས། དང་པོ་མཁྱེན་པར་གསོལ་བ་ནི་སློབ་དཔོན་གྱིས་བགྱི་བར་གདའ་སྟེ། ཞེས་བརྡ་སྦྱར་ལ། སློབ་མ་རྣམས་ཙོག་ཙོག་པུར་འཁོད་དུ་གཞུག །སློབ་དཔོན་རང་ཉིད་ཁྲི་ལས་བབས་ཏེ། རྟེན་རྣམས་ཀྱི་དྲུང་དུ་ཞལ་ཤར་དུ་ཕྱོགས་པས་འཁོད་པའི་མདུན་དུ། མེ་ཏོག་སིལ་མས་བཀང་བའི་སྣོད་དང་། བདུག་སྤོས་ཀྱི་རེང་བུའམ་སྤོས་ཕོར་དག་བཤམས། དེ་ནས་ཤར་ཕྱོགས་སུ་ཕྱག་གསུམ་འཚལ་ལ། ཕྱག་རེ་རེ་ལ། ཤར་ཕྱོགས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཞེས་ལན་རེ་བརྗོད་པའི་མཐར་མེ་ཏོག་སྙིམ་པ་གང་ཤར་ཕྱོགས་སུ་གཏོར་ཞིང་། བདུག་སྤོས་ཀྱང་འབུལ་བའི་ཚུལ་བྱ། ཡིད་ཀྱིས་ཤར་ཕྱོགས་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་ཕྱག་འཚལ་ཞིང་མཆོད་པའི་སྤྲིན་གྱི་ཆར་ཆེན་པོ་ཕབ་པར་བསམ། ཚུལ་དེ་བཞིན་གྱིས་རིགས་འགྲེ་བས། ལྷོ་ཕྱོགས་སོགས་ཕྱོགས་ལྷག་མ་གསུམ་དང་། མཚམས་བཞི་དང་། འོག་ཕྱོགས་ཀྱི་དོད་དུ་ནུབ་དང་། སྟེང་ཕྱོགས་ཀྱི་དོད་དུ་ཤར་རྣམས་སུ་ཕྱག་དང་མཆོད་པ་འབུལ་བ་རྣམས་གོ་རིམ་མ་འཁྲུལ་བར་བྱས་པའི་མཐར། རྟེན་ལ་ཞལ་ཕྱོགས་པས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུག །མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་ཁར་སྦྱར། མདུན་དུ་སྤོས་བཏུལ་ལ་འདུན་པ་རྩེ་གཅིག་པས་མཁྱེན་པར་གསོལ་བ་ནི། བྱང་ཆུབ་སེམས་དཔའ། སློབ་མས་སོ་སོའི་མིང་ནས་སྨོས་ལ། མིང་འདི་ཞེས་བྱ་བས། བདག་བྱང་ཆུབ་སེམས་དཔའ། རང་གི་མིང་ནས་སྨོས་ལ། ཞེས་བྱ་བ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་བྱ་བ་ལ་ལན་གསུམ་གྱི་བར་དུ་ཡང་དག་པར་མནོས་པ་ལགས་ཏེ། བྱང་ཆུབ་སེམས་དཔའ། སློབ་མའི་མིང་ནས་སྨོས་ལ། ཞེས་བགྱི་བས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ། བདག །རང་གི་མིང་ནས་སྨོས་ལ། ཞེས་བགྱི་བ་དབང་དུ་གྱུར་པས། འཕགས་པའི་མཆོག་ལྐོག་ཏུ་གྱུར་ཀྱང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་མཐའ་གཏུགས་པའི་ཆོས་ཐམས་ཅད་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་ཐམས་ཅད་ལ་མཁྱེན་པར་གསོལ་ལོ། །ཞེས་མེ་ཏོག་འཐོར་བ་དང་བཅས་པས་ལན་གསུམ་དུ་བརྗོད་པ་ན་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་གཟིགས་པས་མངོན་སུམ་མཁྱེན་ཅིང་རྗེས་སུ་བརྩེ་བས་དགོངས་པར་བསམ་མོ། །དེ་ནས་སློབ་དཔོན་གྱིས། དེ་དག་གིས་མཁྱེན་པར་གསོལ་བའི་དངོས་གཞི་གྲུབ་པ་ལགས་པས། ཁྱེད་རང་རྣམས་ཀྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་གཏུགས་ཏེ་གུས་པས་ཕྱག་འཚལ་བའི་མོས་པ་དང་བཅས་སློབ་དཔོན་དང་ལྷན་ཅིག་ཏུ་ཕྱག་གསུམ་མཛད་པར་ཞུ། ཞེས་བརྡ་སྦྱར་ལ། སློབ་དཔོན་རང་ཉིད་ཀྱིས་བསྐུལ་ཏེ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། སོགས་ནས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཞེས་པའི་བར་བརྗོད་ནས་རྟེན་ལ་ཕྱག་གསུམ་བཙལ། དེ་ལྟར་ཕྱག་འཚལ་ནས། སླར་ཡང་བདག་དང་སེམས་ཅན་ཐམས་ཅད་འཁོར་བ་ལས་ལངས་པར་བསམས་ལ་ཀེར་གྱིས་ལངས་ཏེ་ཐལ་མོ་སྤྱི་བོར་སྦྱར་བར་ཞུ། ཞེས་བརྗོད་ལ་དེ་ལྟར་བྱེད་དུ་གཞུག་གོ །དེ་ནས་སློབ་དཔོན་དང་། སློབ་མ་གཉིས་ཀ་འགྲེང་བཞིན་དུ། སློབ་དཔོན་གྱིས་ཕྱག་གཡས་པ་སྐྱབས་སྦྱིན་གྱི་ཚུལ་དང་བཅས་ཏེ། འདི་སྐད་དུ། དེས་མཁྱེན་པར་གསོལ་བ་ཡན་ལག་དང་བཅས་པ་གྲུབ་ནས། གཉིས་པ་ཕན་ཡོན་བསྟན་པ་ནི། འདི་ལ་གསན་པས་ཁྱབ་པར་གདའ་སྟེ། བྱང་ཆུབ་སེམས་དཔའ་ཞེས་སྔོན་དུ་འགྲོ་བས་སློབ་མ་རྣམས་ཀྱི་མིང་ནས་སྨོས་ལ། མིང་འདི། ཞེས་བྱ་བ་ཁྱོད་ཉོན་ཅིག །འདི་ལྟར་བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ་ལས། དེ་ཚེ་དེ་ལ་དགེ་བའི་ཕྱིར། །རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །དགེ་བའི་ཐུགས་ཀྱིས་རྟག་པར་ཡང་། །བུ་སྡུག་འདྲ་བར་དགོངས་པར་འགྱུར། །ཞེས་གསུངས་པ་ལྟར། འདི་ནི་ཆོས་ཉིད་ཡིན་ཏེ། གང་གི་ཚེ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་ལེན་པའི་ལས་བརྗོད་པ་རྫོགས་པའི་ཚེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་ལྟ་བུའི་ལྟས་འབྱུང་བར་འགྱུར་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་འདི་ལྟར་སངས་རྒྱས་ཀྱི་ཞིང་འདི་ལྟ་བུ་ཞིག་ན། བྱང་ཆུབ་སེམས་དཔའ། སློབ་མའི་མིང་ནས་སྨོས་ལ། མིང་འདི། ཞེས་བྱ་བ། བྱང་ཆུབ་སེམས་དཔའ་རང་གི་མིང་ནས་སྨོས་ལ། མིང་འདི། ཞེས་བྱ་བ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་མངོན་ཤེས་ཡང་དག་པར་མཁྱེན་པར་འགྱུར་རོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་ཆོས་ཀྱི་བརྩེ་བས་བུ་དང་སྤུན་ཟླའི་ཚུལ་དུ་དགོངས་པར་མཛད་ལ། དེ་ལྟར་དགོངས་པར་མཛད་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཕེལ་བར་འགྱུར་རོ། །ཞེས་བརྗོད་པར་བྱའོ། །དེ་ནས་དཔོན་སློབ་གཉིས་ཀ་འདུག་ནས། སློབ་དཔོན་གྱིས། གསུམ་པ་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་པ་འདི་ཉིད་དད་པ་མེད་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱའོ། །ཞེས་གསང་བར་གདམས་པ་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའ། མིང་འདི། ཞེས་བྱ་བ་ཁྱོད་ཉོན་ཅིག །བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླང་བ། འདི་དད་པ་མེད་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། གང་གི་ཕྱིར་དད་པ་མེད་པ་རྣམས་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་རབ་ཏུ་བསྟན་ན། དད་པ་མེད་པའི་སེམས་ཅན་དེ་དག་གིས་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་མ་དད་པས་སྤོང་བར་བྱེད་དེ། དེས་ན་ཇི་སྲིད་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པས་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པ་དེ་སྙེད་ཀྱི་བསོད་ནམས་མ་ཡིན་པའི་ཕུང་པོའང་དེ་སྙེད་དང་ལྡན་པར་འགྱུར་རོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་བསྲུང་བར་བྱ་བ་ཡིན་པས། སྡིག་པ་ལས་བཟློག་པར་བྱ་སྟེ། དེའི་ཕྱིར་མཆོག་ཏུ་དགེ་བའི་བྱང་ཆུབ་སེམས་དཔས་གསང་བར་བྱ་བ་ཡིན་ནོ། །ཞེས་བརྗོད་པར་བྱའོ། །བཞི་པ་བསླབ་བྱ་བསྟན་པ་ནི། དེ་ལྟར་སྡོམ་པ་བླངས་པ་ཙམ་གྱིས་མི་ཆོག །དེའི་མི་མཐུན་པའི་ཕྱོགས་སྤང་བྱ་རྣམས་སྤོང་ཞིང་། མཐུན་པའི་ཕྱོགས་བསླབ་བྱ་རྣམས་ལ་སློབ་དགོས། དེའང་སྤང་བླང་གི་ཡུལ་ངོ་ཤེས་པ་ལ་རགས་ལས་པས། དེའི་ཚུལ་རྒྱས་པར་ནི། ཐེག་པ་ཆེན་པོའི་མདོ་དང་བསྟན་བཅོས་རྣམས་ལས་རྒྱ་ཆེར་འབྱུང་བ་ལྟར་ཤེས་པར་བྱ་བ་ཡིན་ནའང་། འདིར་དེ་དག་གི་སྙིང་པོ་མདོར་བསྡུས་ཏེ་གདམས་པའང་འདི་ལ་གསན་པས་ཁྱབ་པར་གདའ་སྟེ། དེ་ལ་སྤང་བྱ་ནི། སློབ་དཔོན་ཙནྡྲ་གོ་མཱིས་སྡོམ་པ་ཉི་ཤུ་པ་ལས། །རྙེད་དང་བཀུར་སྟིར་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང་། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང་། །གཞན་གྱིས་བཤད་ཀྱང་མི་ཉན་པར། །ཁྲོས་ནས་གཞན་ལ་འཚོག་པ་དང་། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་གསུངས་པའི་ཆོས་བཞི་པོ་འདི་ལ་ཀུན་ནས་དཀྲིས་པ་ཆེ་འབྲིང་ཆུང་གསུམ་དུ་ཡོད་དེ། འཕགས་པ་ཐོགས་མེད་ཀྱིས། བྱང་ས་ལས། ཕམ་པའི་གནས་ལྟ་བུ་བཞི་པོ་འདི་དག་ནི་ཀུན་ནས་དཀྲིས་པ་ཆུང་ངུ་དང་། འབྲིང་གིས་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དེ་བྱང་ཆུབ་སེམས་དཔས་བཏང་བར་མི་འགྱུར་རོ། །ཀུན་ནས་དཀྲིས་པ་ཆེན་པོས་ནི་བཏང་བར་འགྱུར་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཕམ་པའི་གནས་ལྟ་བུའི་ཆོས་བཞི་པོ་འདི་དག་རྒྱུན་མི་འཆད་པར་ཀུན་ཏུ་སྤྱད་པ་དང་། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཆུང་ངུ་ཙམ་ཡང་མི་བསྐྱེད་པ་དང་། དེས་མགུ་བར་བྱེད་ཅིང་དེ་ལ་དགའ་བ་དང་། དེ་ཉིད་ལ་ཡོན་ཏན་དུ་ལྟ་བ་ཅན་དུ་གྱུར་པ་ནི་ཀུན་ནས་དཀྲིས་པ་ཆེན་པོ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པས་ཡན་ལག་གསུམ་པོ་དེ་ཚང་ན་ཀུན་ནས་དཀྲིས་པ་ཆེན་པོ་ཞེས་བྱའོ། །ཡང་བྱང་ས་ལས། མདོར་བསྡུ་ན་རྒྱུ་གཉིས་ཁོ་ནས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བཏང་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་ཡོངས་སུ་བཏང་བ་དང་། ཕམ་པའི་གནས་ལྟ་བུའི་ཆོས་ཀུན་ནས་དཀྲིས་པ་ཆེན་པོས་ཀུན་ཏུ་སྤྱོད་པའོ། །ཞེས་གསུངས་ཤིང་། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། དེ་གཏོང་བ་ནི་མདོར་བསྡུ་ན་རྒྱུ་བཞིས་འགྱུར་ཏེ། ཡང་དག་པར་ལེན་པའི་སེམས་ཀྱིས་མི་འདྲ་བར་ངེས་པའི་སེམས་སྐྱེད་པར་བྱེད་པ་དང་། མི་བརྡ་ཕྲད་པའི་དྲུང་དུ་འབུལ་བ་དང་ལྡན་པའི་ཚིག་རྗོད་པར་བྱེད་པ་དང་། ཕམ་པའི་གནས་ལྟ་བུའི་ཆོས་བཞི་པོ་དེ་དག་ལས་ཐམས་ཅད་དམ་རེ་རེའི་ཉེས་པ་འབྱིན་པ་དང་། ཕམ་པའི་གནས་ལྟ་བུའི་ཆོས་བཞི་པོ་ཐམས་ཅད་རེ་རེ་ལ་ཀུན་ནས་དཀྲིས་པ་ཆེན་པོའི་ཉེས་པ་འབྱིན་པར་བྱེད་ན་བྱང་ཆུབ་སེམས་དཔའི་སྡོམ་པ་བཏང་བར་བརྗོད་པར་བྱའོ། །ཞེས་གསུངས་པས་སྨོན་པ་བཏང་བ་དང་། ཀུན་ནས་དཀྲིས་པ་ཆེན་པོས་ཞི་བའི་གནས་ལྟ་བུའི་ཆོས་བཞི་གང་རུང་སྤྱད་པ་དང་། ཀུན་ནས་དཀྲིས་པ་འབྲིང་པོ་ཡན་ཆད་ཀྱིས་བཞི་ཀ་ཚང་བར་སྤྱད་པ་དང་། བྱང་སེམས་ཀྱི་སྡོམ་པ་ལས་བཟློག་པའི་སྡོམ་མིན་སྐྱེས་པ་དང་། བསླབ་པ་ཕུལ་བ་དང་ལྔས་སྡོམ་པ་བཏང་བས། དེ་དག་བྱུང་ན་བཤགས་དང་བསག་སྦྱང་བྱས་ལ་སྡོམ་པ་སླར་ཡང་བླང་བར་བྱ་སྟེ། སྡོམ་པ་ཉི་ཤུ་པ་ལས་སྡོམ་པ་སླར་ཡང་བླང་བར་བྱ། ཞེས་གསུངས་སོ། །ཀུན་ནས་དཀྲིས་པ་འབྲིང་དང་ཆུང་ངུས་བཞི་པོ་གང་རུང་སྤྱད་པ་ནི། ཉེས་བྱས་སུ་གཏོགས་ལ། དེ་ཡང་ཆོས་གང་རུང་དེ་ལ་ངོ་ཚ་དང་ཁྲེལ་ཡོད་ཅུང་ཟད་སྐྱེ་ཞིང་གཞན་གྱིས་གསོལ་བ་བཏབ་ན་ལྡོག་པ་ནི་འབྲིང་ཡིན་ལ། དེ་ནི་གང་ཟག་གསུམ་ཡན་ཆད་ལ་བཤགས་པར་བྱ་སྟེ། སྔ་མ་ལས། ཟག་པ་འབྲིང་ནི་གསུམ་ལ་བཤགས། །ཞེས་སོ། །ཆོས་གང་རུང་དེ་ལ་ངོ་ཚ་ཆེར་བསྐྱེད་ཅིང་གཞན་གྱིས་མ་བཟློག་ཀྱང་རང་ཉིད་མྱུར་དུ་དེ་ལས་ལྡོག་པ་ནི་ཆུང་ངུ་ཡིན་ལ། དེ་དང་འོག་ནས་འབྱུང་བའི་ཉེས་བྱས་བཞི་བཅུ་རྩ་བཞི་པོ་རྣམས་ནི་གང་ཟག་ཅིག་ཡན་ཆད་ལ་བཤགས་པར་བྱ་སྟེ། དེ་ཉིད་ལས། གཅིག་གི་མདུན་དུ་ལྷག་མ་རྣམས། །ཞེས་སོ། །དེ་བཞིན་དུ་སྡོམ་པ་ཉི་ཤུ་པ་ལས། དཀོན་མཆོག་གསུམ་ལ་མི་མཆོད། ཅེས་པ་ལ་སོགས་པ་ཉེས་བྱས་བཞི་བཅུ་རྩ་བཞི་པོ་ཀུན་སློང་གི་དབང་གིས་ཉོན་མོངས་ཅན་དང་། ཉོན་མོངས་ཅན་མ་ཡིན་པ་དང་། ལྟུང་མེད་དུ་འགྱུར་པའང་ཡོད་ལ། དེ་དག་ནི་བཤགས་ཡུལ་མེད་ན་རང་གི་སེམས་ཀྱིས་བཤགས་པས་འདག་སྟེ། སྔ་མ་ལས། ཉོན་མོངས་མི་མོངས་བདག་སེམས་བཞིན། །ཞེས་སོ། །ཡང་བྱམས་པ་དང་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་གཞན་ལ་ཕན་པ་ཆེན་པོར་འགྱུར་ངེས་པར་མཐོང་ནས་སྤྱད་ན་ཕལ་ཆེར་ལྟུང་མེད་དུ་འགྱུར་ཏེ། དེ་ཉིད་ལས། སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་གསུངས་སོ། | |||
།བསླབ་བྱ་ནི། ཚུལ་ཁྲིམས་གསུམ་པོ་ཡིན་ཏེ། བྱང་ས་ལས། ཚུལ་ཁྲིམས་རྣམ་པ་གསུམ་པོ་དེ་དག་ཀྱང་མདོར་བསྡུ་ན། བྱང་ཆུབ་སེམས་དཔའི་བྱ་བ་རྣམ་པ་གསུམ་བྱེད་དེ། སྡོམ་པའི་ཚུལ་ཁྲིམས་ཀྱིས་ནི་གནས་པར་བྱེད་དོ། །དགེ་བའི་ཆོས་སྡུད་པས་ནི་བདག་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་དོ། །སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱིས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་བྱ་བ་ནི་གསུམ་པོ་དེ་དག་ཏུ་ཟད་དེ། འདི་ལྟ་སྟེ། ཚེ་འདི་ལ་བདེ་བར་གནས་པར་བྱ་བའི་ཕྱིར་སེམས་གནས་པར་བྱ་བ་དང་། ལུས་དང་སེམས་དུབ་པ་མེད་པར་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་བྱེད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་དེ་དག་ཏུ་ཟད་དོ། །ཞེས་གསུངས་པས། བྱང་ཆུབ་སེམས་དཔའི་བསླབ་བྱ་ཐམས་ཅད་གསུམ་པོ་དེར་འདུས་པས་གསུམ་པོ་དེ་ལ་འབད་དེ་བསླབ་པར་བྱའོ། །ཡང་རང་དང་གཞན་ལ་ཚེ་འདིར་སྡུག་བསྔལ་ཡང་ཕྱི་མ་ཕན་ཆད་དུ་ཕན་པར་འགྱུར་བའི་དགེ་བ་ནི་བསྒྲུབ་ཅིང་བསྒྲུབ་ཏུ་གཞུག་པར་བྱའོ། །འདི་དང་ཕྱི་མ་གཉིས་ཀར་ཕན་པ་དང་བདེ་བར་འགྱུར་ན་བསྒྲུབ་ཅིང་། འདིར་བདེ་ཡང་ཕྱི་མ་ཕན་ཆད་དུ་སྡུག་བསྔལ་གྱི་རྒྱུར་འགྱུར་བ་ནི་འདོར་ཞིང་འདོར་དུ་གཞུག་པར་བྱ་སྟེ། །སྡོམ་པ་ཉི་ཤུ་པ་ལས། གཞན་རྣམས་དང་ནི་བདག་ལའང་རུང་། སྡུག་བསྔལ་ཡིན་ཡང་གང་ཕན་པ། ཕན་དང་བདེ་བ་རྣམས་བྱ་སྟེ། བདེ་ཡང་མི་ཕན་མི་བྱའོ། །ཞེས་གསུངས་སོ། །དེ་ལྟར་སྤང་བྱ་དང་བསྒྲུབ་བྱ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་ས་ལ་སོགས་པ་ལས་ལེགས་པར་ཤེས་པར་བྱས་ཏེ། གནས་སྐབས་ཐམས་ཅད་དུ་དྲན་པ་དང་ཤེས་བཞིན་གྱིས་ཟིན་པར་བྱས་ནས་བསླབ་པར་བྱ་སྟེ། སློབ་དཔོན་ཆེན་པོ་ཞི་བ་ལྷས། བསླབ་པ་བསྲུང་བར་འདོད་པ་ཡིས། རབ་ཏུ་བསྒྲིམས་ཏེ་སེམས་བསྲུང་བྱ། ཞེས་པ་དང་། སེམས་བསྲུང་འདོད་པ་རྣམས་ཀྱིས་ནི། དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབ་ཀྱང་སྲུངས་ཤིག་ཅེས། །བདག་ནི་དེ་སྐད་འདོམས་པར་བྱེད། །ཅེས་གསུངས་པས་དྲན་ཤེས་བཞིན་དང་ལྡན་པས་བསླབ་པ་རྣམས་ལ་ལེགས་པར་བསླབ་པར་བྱའོ། །ལྔ་པ་གཏང་རག་འབུལ་བ་ནི། དེ་ལྟར་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླང་བ་ཐོབ་པ་དེ་ཉིད་བླ་མ་དང་དཀོན་མཆོག་གི་བཀའ་དྲིན་ལས་བྱུང་བས་ན། གཏང་རག་གི་སླད་དུ་ཕྱག་དང་། མཆོད་པས་བསྙེན་བཀུར་བ་སྐབས་སུ་བབས་པ་ཡིན་པས། ཐོག་མར་གནས་ལྔ་ས་ལ་གཏུགས་པའི་ཕྱག་དང་བཅས་ཏེ་འདི་གསུང་བར་ཞུ། ཇི་སྙེད་སུ་དག་སོགས་ཤློ་ཀ་བཞི་ཚར་གཅིག །དེ་ནས་མཆོད་པ་གསར་པ་བཟང་དུ་བཤམས་ལ། སློབ་དཔོན་གྱིས་སྔར་བཞིན་བྱིན་གྱིས་བརླབས་ཟིན་པ་དང་། དེ་ནས་མཆོད་པ་འབུལ་བ་ལ། དངོས་སུ་བཤམས་པའི་མཆོད་པ་དང་། ལུས་དབུལ་བའི་མཆོད་པ་དང་། དེ་ལས་གཞན་ཡང་མཆོད་པའི་སྤྲིན་རབ་འབྱམས་ཀྱིས་མཆོད་པ་དང་གསུམ་པོ་སྔར་ཇི་སྐད་བཤད་པའི་དམིགས་པ་རྣམས་ཡིད་ལ་དྲན་བཞིན་པའི་སྒོ་ནས་རིམ་བཞིན་དུ་འབུལ་བར་ཞུ། ཞེས་བརྡ་སྦྱར་ལ། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་སྔགས་རྐྱང་པའམ། ཚིགས་བཅད་དང་སྤེལ་བ་ཇི་ལྟར་རིགས་པས་དངོས་བཤམས། རྒྱལ་དང་དེ་སྲས་རྣམས་ལ། སོགས་ཤློ་ཀ་གཅིག་གིས་ལུས་དབུལ་བ། མེ་ཏོག་དམ་པ། སོགས་ཤློ་ཀ་གཅིག་གིས་ཡིད་སྤྲུལ་གྱི་མཆོད་པ་རྣམས་འབུལ་དུ་གཞུག་གོ། །དེ་རྣམས་ཀྱིས་སྤྱིར་བླ་མ་དང་དཀོན་མཆོག་ལ་ཕྱག་དང་མཆོད་པ་ཕུལ་ནས། ཁྱད་པར་སློབ་དཔོན་ལ་བཀའ་དྲིན་རྗེས་སུ་དྲན་པས་གུས་པའི་འདུ་ཤེས་བསྐྱེད་དེ་ཕྱག་གསུམ་མཛད་པར་ཞུ། ཞེས་ཕྱག་གསུམ་འཚལ་དུ་བཅུག་ཟིན་པ་དང་། འགྲེང་སྟེ་འདུད་པ་དང་བཅས་པས། བཀའ་དྲིན་ཆེ་ལགས། ཞེས་བརྗོད་དུ་གཞུག་གོ །སྤྱི་དོན་གསུམ་པ་རང་བཞིན་གཏན་ལ་དབབ་པ་ནི། སྨོན་འཇུག་གི་སེམས་དེ་ཉིད་གང་ལས་སྐྱེ་བའི་རྒྱུ་དང་། རང་གི་ངོ་བོ་དང་། དེ་ཡི་རབ་ཏུ་དབྱེ་བ་དང་། གནས་སྐབས་དང་མཐར་ཐུག་གི་འབྲས་བུ་འབྱིན་པའི་ཕན་ཡོན་ལ་སོགས་པ་ཡིན་ནའང་། སྔ་མ་རྣམས་ནི་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་རྣམས་དང་། རྒྱལ་བའི་སྲས་པོ་མ་ཕམ་པའི་མདོ་སྡེའི་རྒྱན་དང་། འཕགས་པ་ཐོགས་མེད་ཞབས་ཀྱི་བྱང་ཆུབ་སེམས་དཔའི་ས་དང་། སློབ་དཔོན་ཆེན་པོ་ཙཱནྡྲ་གོ་མིའི་སྡོམ་པ་ཉི་ཤུ་པ་སོགས་ལས་རྒྱ་ཆེར་གསུངས་པས་དེ་རྣམས་སུ་གཟིགས་པས་ཁྱབ་ཅིང་། ཕན་ཡོན་ནི། ཆོ་ག་ཤིན་ཏུ་རྒྱས་པར་བྱེད་ན་ཆོ་གའི་སྐབས་སུའང་བཤད་པར་བྱ་བ་ཡིན་པས། འདིར་ཅུང་ཟད་བརྗོད་པར་བྱ་སྟེ། བྱམས་པའི་སྨོན་ལམ་གྱི་མདོ་ལས། །ངན་འགྲོ་ཐམས་ཅད་བཟློག་བགྱིད་ཅིང་། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པའི། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས། དཔའ་བྱིན་གྱིས་ཞུས་པ་ལས། །བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀངས་ཏེ། །དེ་བས་ཀྱང་ནི་ལྷག་པར་འགྱུར། །གངྒཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་ཀུན་མི་གང་གིས། །རིན་ཆེན་དག་གིས་ཀུན་བཀངས་ཏེ། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བགྱིས་ཏེ། །བྱང་ཆུབ་ཏུ་ནི་སེམས་བཏུད་ནས། མཆོད་པ་དེ་ནི་ཁྱད་པར་འཕགས། །དེ་ལ་མཐའ་ནི་མ་མཆིས་སོ། །ཞེས་གསུངས་ཤིང་། དེ་ལྟར་བསོད་ནམས་མཐའ་ཡས་པ་འབྱུང་བའི་གཏན་ཚིགས་ཀྱང་། རིན་ཆེན་ཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་ལ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་གསུངས། བློ་གྲོས་རྒྱ་མཚོས་ཞུས་པ་ལས། །རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང་། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་བརྩེ་བ། །ཆོས་བཞི་འདི་དག་ཡོན་ཏན་མཐའ་མེད་དེ། །འདི་དག་མཐའ་ནི་རྒྱལ་བས་མི་གསུང་ངོ་། །ཞེས་གསུངས། སེངྒེས་ཞུས་པ་ལས། །སེམས་ཅན་ཐམས་ཅད་ཐར་བྱའི་ཕྱིར། །བྱང་ཆུབ་དོན་དུ་སེམས་བཏུད་པ། །དེས་ནི་ཆོས་རྣམས་བསྡུ་བ་ཐོབ། །དེ་ནི་དགའ་བར་ཐོབ་པར་འགྱུར། །ཞེས་གསུངས། སྡོང་པོ་བཀོད་པའི་མདོ་ལས་ཀྱང་། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་ཐམས་ཅད་རྣམ་པར་འཕེལ་བར་བྱེད་པས་ཞིང་ས་ལྟ་བུའོ། །འཇིག་རྟེན་ཐམས་ཅད་བསྟེན་པས་ས་ལྟ་བུའོ། །ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་བསྲུང་བས་ཕ་ལྟ་བུའོ། །ཞེས་བྱ་བའི་བར་དང་། དེ་བཞིན་དུ་སྦྱར་ཏེ། དབུལ་བ་ཐམས་ཅད་གཅོད་པས་རྣམ་ཐོས་ཀྱི་བུ་ལྟ་བུའོ། །དོན་ཐམས་ཅད་ཡང་དག་པར་བསྒྲུབས་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུའོ། །ཉོན་མོངས་པའི་དགྲ་ཕམ་པར་བྱེད་པས་མདུང་ཐུང་ལྟ་བུའོ། །ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་འགེབས་པས་གོ་ཆ་ལྟ་བུའོ། །ཉོན་མོངས་པའི་མགོ་ལྟུང་བར་བྱེད་པས་རལ་གྲི་ལྟ་བུའོ། །ཉོན་མོངས་པའི་ཤིང་གཅོད་པ་སྟྭ་རེ་ལྟ་བུའོ། །འཚེ་བ་ཐམས་ཅད་ལས་སྐྱོབ་པས་མཚོན་ཆ་ལྟ་བུའོ། །འཁོར་བའི་ཆུ་ནང་ན་གནས་པ་སྟེང་དུ་འབྱིན་པས་མཆིལ་པ་ལྟ་བུའོ། །སྒྲིབ་པས་ཁེབས་པའི་རྩ་ཐམས་ཅད་རྣམ་པར་འཐོར་བས་རླུང་གི་དཀྱིལ་འཁོར་ལྟ་བུའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སྨོན་ལམ་བསྡུས་པའི་ཕྱིར་མདོར་བསྟན་པ་ལྟ་བུའོ། །ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་མཆོད་རྟེན་ལྟ་བུ་སྟེ། རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་ཀྱི་སེམས་ནི་ཕན་ཡོན་དེ་དག་དང་ཡོན་ཏན་གྱི་བྱེ་བྲག་ཚད་མེད་པ་གཞན་དང་ཡང་ལྡན་ནོ། །ཞེས་གསུངས། གཞན་ཡང་། མཁས་པས་བྱང་ཆུབ་སེམས་བསྒོམས་ན། །རྒྱལ་བ་སྲས་དང་བཅས་རྣམས་མཆོད། །འདི་ནི་སྐྱོན་མེད་མེ་ཏོག་སྟེ། །རབ་ཏུ་དྲི་ཞིམ་རྣམ་པར་མཛེས། །ཐབས་འདིས་རིང་པོར་མི་ཐོགས་པར། །རྒྱལ་མཆོག་སངས་རྒྱས་ཉིད་དུ་འགྱུར། །གཞན་ཡང་འདོད་པའི་འབྲས་རྣམས་འགྲུབ། །ཅེས་གསུངས། འཕགས་པ་ཀླུ་སྒྲུབ་ཀྱིས། །བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེའི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་གསུངས། གཞན་ཡང་མདོ་ལས་འབྱུང་བའི་དོན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པར་མང་དུ་གསུངས་པ་སོགས་ལ་ངེས་ཤེས་ཁྱད་པར་ཅན་བསྐྱེད་དེ། ཇི་སྐད་བཤད་པའི་བསླབ་བྱ་རྣམས་ལ་སྤང་བླང་ཚུལ་བཞིན་དུ་བསྒྲུབས་པའི་ལེགས་བྱས་ཀྱི་སྣང་བས་རང་གཞན་རྣམས་ཀྱི་ཕན་བདེའི་པདྨོ་མཆོག་ཏུ་རྒྱས་པའི་ཐབས་ལ་བརྩོན་པར་བྱའོ། །ཞེས་བརྗོད། སྐབས་འདིར་ཕྱག་ལེན་འགའ་ཞིག་ལ་གཏང་རག་གི་མཎྜལ་སོགས་བཤད་ཀྱང་སྤྲོ་ན་འགལ་བ་མེད་མོད། སྔར་གཏོང་རག་གི་ཕྱག་མཆོད་རྒྱས་པར་གྲུབ་པའི་ཕྱིར་མ་བྱས་ཀྱང་ཆོག་གོ །དེ་ལྟར་ན་དེ་རྣམས་ཀྱི་སྒོ་ནས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ། མཐའ་ཡས་པའི་རྒྱལ་བའི་སྲས་པོ་རྣམས་ཀྱི་འཇུག་སྒོ། །སངས་རྒྱས་ཀྱི་གསུང་རབ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག །སྨོན་སེམས་དང་། འཇུག་སྡོམ་སོ་སོར་བཟུང་བའི་ཚུལ་དགེ་བའི་བཤེས་གཉེན་བརྒྱུད་པ་དང་བཅས་པའི་ཕྱག་ལེན་བཞིན་ལེགས་པར་ཕུལ་གྲུབ་པའི་སྐབས་འདིར། རང་རེ་རྣམས་ཀྱིས་ཆོས་ཉན་བཤད་བྱས་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཞིག་ཡོད་པ་དེ་དག་བར་མ་དོར་ཆུད་མི་འཛའ་བར། བྱང་ཆུབ་ཆེན་པོའི་རྒྱུར་སྨིན་པའི་སླད་ཡོངས་སུ་བསྔོ་བས་རྒྱས་གདབ་དགོས་པས་བསྔོ་བ་དང་སྨོན་ལམ་གྱི་མཐུན་འགྱུར་ཐུགས་ལ་འདོགས་པར་ཞུ། ཞེས་མཚམས་སྦྱར་ལ། སྤྱི་བསྔོ་རྒྱས་བསྡུས་ཇི་ལྟར་རིགས་པར་བྱ་བའམ། ཡང་ན། བསྔོ་བས་རྒྱས་གདབ་དགོས་པས། ཞེས་པ་ཡན་གོང་ལྟར་ལ། བསྔོ་བ་དང་སྨོན་ལམ་ལྷན་ཅིག་ཏུ་གནང་བར་ཞུ། ཞེས་དང་། འཕགས་པ་བཟང་པོ་སྤྱོད་པ་དང་། བྱམས་པའི་སྨོན་ལམ་སོགས་བསྔོ་སྨོན་རྒྱས་པར་བྱ་ཞིང་། གང་ལྟར་ཡང་། མདོ་སྡེ་ལས་འབྱུང་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་བཅས་མེ་ཏོག་གི་ཆར་སིལ་མ་དགྲམ་པར་བྱའོ། །འདིར་འཕྲོས་དོན་ཅུང་ཟད་བརྗོད་ན། གོང་དུ་བཤད་པ་བཞིན་སྨོན་སེམས་རྐྱང་པར་སོ་ཐར་རིགས་བརྒྱད་གང་རུང་སྔོན་དུ་འགྲོ་བ་དང་། སྣོད་བརྟག་པ་སོགས་གང་ཡང་མི་དགོས་པས་དོན་གཉེར་ཐམས་ཅད་ལ་སྦྱིན་དུ་རུང་བའི་ཕྱིར། སྐྱེ་བོ་མང་པོ་ཚོགས་པ་ལ་སེམས་བསྐྱེད་ན་འདིའི་སྨོན་པ་སེམས་བསྐྱེད་ཁོ་ན་བྱ། དེ་ཡང་གོང་བཤད་ཀྱི་སྐབས་སུ་སེམས་བསྐྱེད་དང་སྡོམ་པའི་ཆོ་ག་ཞེས་པ་ལ། སེམས་བསྐྱེད་ཀྱི་ཆོ་ག་ཞེས་དང་། སེམས་བསྐྱེད་དང་སྡོམ་པའི་རྟེན་ངེས་པར་བྱ་བ་ལ། སེམས་བསྐྱེད་ཀྱི་རྟེན་ངེས་པར་བྱ་བ་ཞེས་དང་། གཉིས་པ་སྦྱོར་བ་རྗེས་སུ་སྒྲུབ་པ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ལའང་གསུམ་སྟེ། སོགས་དཀྱུས་བཞིན་ལ། སྨོན་སེམས་ཀྱི་གཏོང་རག་དབུལ་བའི་བར་བྱས་ནས། དེ་རྣམས་ཀྱི་སྒོ་ནས་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་ཡན་ལག་དང་བཅས་པ་ལེགས་པར་ཕུལ་གྲུབ་པའི་སྐབས་འདིར། རང་རེ་རྣམས་ཀྱིས་ཆོས་ཉན་བཤད་བྱས་པ་ལས་བྱུང་བའི། ཞེས་སོགས་གོང་བཞིན་སྦྲེལ་ལ་དགེ་བ་བསྔོས་པས་དོན་འགྲུབ་བོ། །གལ་ཏེ་དོན་གཉེར་དམིགས་བསལ་ལ་འཇུག་སྡོམ་སྦྱིན་ན། སྤྱིར་ཡང་ལེན་པ་པོའི་གང་ཟག་གི་སྐབས་སུ་བཤད་པའི་མཚན་ཉིད་ཐམས་ཅད་ཚང་བ་དང་། ཁྱད་པར་ཐེག་པ་ཆེན་པོའི་མདོ་སྡེ་ཇི་སྙེད་པའམ། དེ་ཙམ་མ་ནུས་ཀྱང་བྱང་སའམ། བསླབ་བཏུས་ལྟ་བུ་ཉན་ནས་གོ་དོན་འཕྲོད་པ་བྱུང་ན་ཤིན་ཏུ་ལེགས། མ་མཐའ་ཡང་འཕགས་པ་དཀོན་མཆོག་སྤྲིན་ནས། ནམ་མཁའི་སྙིང་པོས་ཞུས་པ་ལྟ་བུའི་མདོ་སྡེ་ཞིག་གི་བཀླག་ལུང་ཙམ་ངེས་པ་ཐོབ་པ་གལ་ཆེ་སྟེ། སྔར་ལས་རིམ་དང་བློ་སྦྱོང་སོགས་བརྗོད་བྱ་དོན་གྱི་ཐེག་ཆེན་ཉན་པ་ཞིག་ཡིན་དུ་ཟིན་ནའང་རྗོད་བྱེད་ཚིག་གི་ཐེག་ཆེན་གྱི་མདོ་སྡེ་ཞིག་མ་ཐོས་པའི་ཐབས་མེད་དོ། །དེ་བཞིན་དུ་ཕྱག་ལེན་གྱི་རིམ་པའང་གོང་དུ་ཇི་སྐད་བཤད་པ་བཞིན་ལས་སྔགས་ཀྱི་ཆོ་གས་རྒྱས་བཀབ་པ་དང་། སླ་ཆོས་སོགས་གང་དྲན་བྱས་ན་ཆོས་ལ་དབང་ཟ་བའི་ཉེས་པ་ནི་ཚད་མེད་པའི་ཕྱིར་བག་ཡོད་པར་བྱའོ། །དེ་ལྟར་སེམས་བསྐྱེད་དང་སྡོམ་པའི་ཚུལ་ལ་གནས་པའི་གང་ཟག་གིས་ཐེག་པ་ཆེན་པོའི་ལམ་ལ་སློབ་པར་བྱ་བ་ཡིན་པས། དེ་དག་གི་བློ་གྲོས་ཀྱི་སྒོ་དབྱེ་བའི་ཕྱིར་ལམ་གྱི་རིམ་པའང་མདོར་བསྡུ་ན། མགོན་པོ་བྱམས་པས་མདོ་སྡེའི་རྒྱན་ལས། །རིགས་དང་ཆོས་ལ་མོས་པ་དང་། །དེ་བཞིན་དུ་ནི་སེམས་བསྐྱེད་དང་། །སྦྱིན་པ་ལ་སོགས་བསྒྲུབ་པ་དང་། །སེམས་ཅན་ཡོངས་སུ་སྨིན་བྱེད་དང་། །སྐྱོན་མེད་པ་ལ་འཇུག་ཉིད་དང་། །ཞིང་ནི་ཡོངས་སུ་དག་པ་དང་། །མི་གནས་མྱ་ངན་འདས་པ་དང་། །བྱང་ཆུབ་མཆོག་ལམ་སྟོན་པའོ། །ཞེས་གསུངས་པ་ལྟར། ཐོག་མར་སྐལ་བ་དང་ལྡན་པའི་གཞི་ཐེག་པ་ཆེན་པོའི་རིགས་སད་པའི་རྟགས་སུ་སྙིང་རྗེ་དང་། མོས་པ་དང་། བཟོད་པ་དང་། དགེ་བ་སོགས་ལ་མངོན་པར་སྤྲོ་བའི་གང་ཟག་གིས། ཆོས་འདི་པ་ལ་མི་ཕྱེད་པའི་མོས་པས་མཚམས་སྦྱར་ཏེ་བསྟན་པ་སྤྱིའི་འཇུག་སྒོ་སྐྱབས་འགྲོ་དང་། བྱེ་བྲག་ཐེག་ཆེན་གྱི་འཇུག་སྒོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས། རང་སྨིན་པར་བྱེད་པ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་ཅིང་། གཞན་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་བསྡུ་བའི་དངོས་པོ་བཞི་ལ་མཉམ་རྗེས་གཉིས་ཀྱི་སྒོ་ནས་ཅི་ནུས་སུ་འབད་པས་རང་ཤུགས་ཀྱིས་ཆོས་ལས་བློ་གཞན་དུ་མི་འགྲོ་ཞིང་། དད་པ་དང་། ངེས་འབྱུང་དང་། བསྒོམ་པ་སོགས་ལ་སུན་པ་མེད་པར་པདྨོའི་མཚོ་ལ་ངང་མོ་འཇུག་པ་བཞིན་སྤྲོ་བ་ངང་གིས་འཕེལ་བ་ན་ཚོགས་ལམ་ཆུང་ངུ་ཐོག་མར་རྒྱུད་ལ་སྐྱེས་པ་ཡིན་ནོ། །དེ་ནས་ཏིང་ངེ་འཛིན་སྐྱོན་མེད་པ་དང་། ཞིང་ཡོངས་སུ་དག་པ་འཕགས་པའི་ཆོས་ལ་འཇུག་པའི་སླད་དུ་ལམ་ལ་འབད་པས། བདེན་པ་བཞིའི་དོན་ལ་གསལ་སྣང་ཅུང་ཟད་རྙེད་པ་ནི་ཚོགས་ལམ་དེ་ཉིད་བསྒོམས་པའི་སྟོབས་དང་། ཚོགས་བསགས་པའི་སྟོབས་གཉིས་འཛོམས་པས་ཕུང་པོ་ལྔ་སྒྱུ་མ་ལྟ་བུ་རྟོགས་ཤིང་། ཆོས་ཀྱི་བདག་མེད་ལ་གསལ་སྣང་རིམ་གྱིས་རྙེད་པ་ནི་སྦྱོར་ལམ། བདག་མེད་གཉིས་ཀྱི་དོན་ཇི་བཞིན་པ་དང་པོར་མཐོང་བ་མཐོང་ལམ། མཐོང་ཟིན་པའི་ཏིང་ངེ་འཛིན་ཁྱད་པར་ཅན་གྱི་འཇུག་ངོགས་ལ་གོམ་པར་བྱེད་པ་བསྒོམ་ལམ། ཤེས་བྱ་དང་སྤང་བྱ་མཐར་ཕྱིན་པ་མི་སློབ་པའི་ལམ་སྟེ། དེ་ཡང་མཐོང་ལམ་གྱི་ཡེ་ཤེས་ཁོང་དུ་ཆུད་པ་དང་། ས་དང་པོ་གསར་དུ་ཐོབ་པ་དུས་མཉམ། དེ་ནས་བསྒོམ་ལམ་གྱིས་ས་དགུ་པའི་བར་བགྲོད་ནས། མི་སློབ་པའི་ལམ་དུ་ས་བཅུ་པ་ཆོས་ཀྱི་སྤྲིན་རྒྱ་མཚོར་འཇུག་པ་སྟེ། མདོར་ན་དེ་ལྟ་བུའི་ལམ་དང་ས་དེ་དག་ཀྱང་། དོན་དམ་སེམས་བསྐྱེད་ལ་བརྟེན་ནས། ཤེས་རབ་སྟོང་ཉིད་བསྒོམས་པས་ཉེར་ལེན་གྱི་རྒྱུ་དང་། ཐབས་སྙིང་རྗེ་ཆེན་པོས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་ལམ་ལྔ་འགྲུབ། ཀུན་རྫོབ་སེམས་བསྐྱེད་ལ་བརྟེན་ནས། ཐབས་སྙིང་རྗེས་ཉེར་ལེན་གྱི་རྒྱུ་དང་། ཤེས་རབ་སྟོང་པ་ཉིད་ཀྱིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་ས་བཅུ་ཐོབ་ལ། སངས་རྒྱས་པ་ན་ཡང་ལམ་མཐར་ཐུག་པ་ཆོས་སྐུ་དང་། ས་མཐར་ཐུག་པ་གཟུགས་སྐུ་ཡིན་ནོ། །དེ་ལྟར་ས་ལམ་མཐར་ཕྱིན་པའི་འབྲས་བུ་ནི། ཤེས་རབ་ཆེན་པོས་འཁོར་བ་དང་། སྙིང་རྗེ་ཆེན་པོས་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས། བྱང་ཆུབ་མཆོག་སྟེ་སངས་རྒྱས་ཀྱི་སའི་ཡོན་ཏན་མཐའ་དག་ལྷུན་གྱིས་གྲུབ། ནམ་མཁའ་ཇི་སྲིད་བར་དུ་སེམས་ཅན་གྱི་ཁམས་ལ་ལམ་སྟོན་པའི་ཕྲིན་ལས་རྒྱུན་མི་འཆད་པར་འགྱུར་བ་ནི་ངེས་པའོ། །དེ་ལྟར་ཐེག་ཆེན་ཤིན་ཏུ་རྒྱས་པའི་སེམས་བསྐྱེད་སྡོམ་པའི་ཆོ་གའི་ཚུལ། །བྱང་ཆུབ་སེམས་དཔའི་ལམ་བཟང་གང་དེ་གསལ་བར་བཤད་པའི་ལེགས་བྱས་ཀྱིས། །ཤེས་རབ་ཆེན་པོས་སྲིད་ལས་འདས་ཀྱང་སྙིང་རྗེས་ཞི་མཐར་ལྷུང་མིན་པའི། །སྐུ་དང་ཡེ་ཤེས་ཕྲིན་ལས་རྨད་བྱུང་ཀུན་མཁྱེན་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་ཡོངས་རྫོགས་བསྟན་པའི་མངའ་བདག་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། དཔལ་ས་སྐྱ་པ་འཇམ་དཔལ་གཞོན་ནུ་ངག་དབང་རྡོ་རྗེ་རིན་ཆེན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་ཐུགས་བཞེད་བསྒྲུབ་པ་དང་། དོན་གཉེར་ཅན་གཞན་ལའང་ཕན་པའི་བསམ་པ་བཟང་པོས། ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་ལས་ཐེག་པ་ཆེན་པོའི་གཞུང་ལུགས་མང་དུ་ཐོས་པའི་ཤཱཀྱའི་བཙུན་པ་རྨོངས་བརྟུལ་ཀུན་ཏུ་རྒྱུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས། རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་གྱི་གསུང་རབས་ལ་ཚིག་གི་མཐའ་བསྐྱེད་ཚུལ་མི་འགལ་བས་ཟུར་བརྒྱན་ཏེ། ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་སྦྱར་བའོ། །འདིས་ཀྱང་རང་གཞན་ཐམས་ཅད་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཅོས་མ་མ་ཡིན་པ་སྐྱེས་པའི་མཐུ་ལས། བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག །ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་བསྐྱེད་དང་སྡོམ་པ་རྣམ་པར་དག་པ་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། མགོན་པོ་བྱམས་པ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། འཕགས་པ་གྲོལ་སྡེ། བཙུན་པ་རྣམ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། སློབ་དཔོན་སེངྒེ་བཟང་པོ། ཀུ་སཱ་ལི་ཆེ་ཆུང་གཉིས། གསེར་གླིང་པ་ཆོས་ཀྱི་གྲགས་པ། ཇོ་བོ་རྗེ་དཔལ་མར་མེ་མཛད། རྒྱལ་བ་འབྲོམ་སྟོན་པ། སྤྱན་སྔ་ཚུལ་ཁྲིམས་འབར། །དགེ་བཤེས་བྱ་ཡུལ་བ། རྒྱལ་སྲས་མུས་སྨན་པའང་ཟེར། ཚར་ཆེན་པ། གྲོལ་སྟོན་བདུད་རྩི་གྲགས། སངས་རྒྱས་སྒམ་པ་སེངྒེ་སྐྱབས། མཆིམས་ནམ་མཁའ་གྲགས། མཁན་ཆེན་སེངྒེ་སྐྱབས། མཁས་བཙུན་བསོད་ནམས་ཡེ་ཤེས། བྱང་སེམས་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ། གྲུབ་ཆེན་བུདྡྷཱ་ཤྲཱི། ངོར་ཆེན་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། མཁན་ཆེན་དཀོན་མཆོག་ཚུལ་ཁྲིམས། སྒོ་རུམ་པ་ཀུན་དགའ་ལེགས་པ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ངག་དབང་ཆོས་གྲགས། འཇམ་མགོན་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག །ལྷ་ཁང་མཁན་ཆེན་དོན་གྲུབ་ལེགས་བཟང་། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། མུས་ཆེན་བསོད་ནམས་དཔལ་བཟང་། མུས་ཆེན་ཆོས་ཉིད་ཡེ་ཤེས། མུས་ཆེན་ཡེ་ཤེས་རྒྱལ་མཆོག །ཡོངས་འཛིན་རིན་པོ་ཆེ་བློ་གྲོས་རྒྱ་མཚོ། དཔལ་ས་སྐྱ་པ་འཇམ་མགོན་བླ་མ་ངག་དབང་རྡོ་རྗེ་རིན་ཆེན། དེས་བདག་ཅག་ལ་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད་པ་ཡིན་ནོ། །ཡང་ན། བྱང་སེམས་བསོད་ནམས་གྲགས་པ་ནས། བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་གྲུབ་པ་ཤེས་རབ། པཎ་ཆེན་དགེ་འདུན་གྲུབ། འདུལ་འཛིན་བློ་གྲོས་སྦས་པ། པཎ་ཆེན་ལུང་རིགས་རྒྱ་མཚོ། རྗེ་སྐྱབས་མཆོག་དཔལ། དབེན་ས་བ་བློ་བཟང་དོན་འགྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་རྒྱན། དྲུང་པ་བརྩོན་འགྲུས་རྒྱལ་མཚན། རྟ་ཕུག་པ་དམ་ཆོས་རྒྱལ་མཚན། སྒྲུབ་ཁང་པ་དགེ་ལེགས་རྒྱ་མཚོ། ཕུར་བུ་ལྕོག་ངག་དབང་བྱམས་པ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། བཤེས་གཉེན་བློ་བཟང་རྒྱལ་མཚན། རྒྱལ་སྲས་སེམས་དཔའ་རིན་པོ་ཆེ་རིན་ཆེན་བློ་གསལ་བསྟན་སྐྱོང་། དེས་བདག་ལའོ། །ཡང་ན། རྒྱལ་སྲས་ཐོགས་མེད་ནས། ལོ་ཆེན་བྱང་ཆུབ་རྩེ་མོ། དེ་དབོན་ལོ་ཆེན་གྲགས་རྒྱལ། བོ་དོང་པ་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། བྱམས་གླིང་པཎ་ཆེན་བསོད་ནམས་རྣམ་རྒྱལ། གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན། པཎ་ཆེན་དོན་ཡོད་གྲུབ་པ། རྗེ་བཙུན་ཀུན་དགའ་གྲོལ་མཆོག །མཁན་ཆེན་ལུང་རིགས་རྒྱ་མཚོ། རྗེ་བཙུན་ཀུན་དགའ་སྙིང་པོ། རྒྱལ་ཚབ་ཡེ་ཤེས་རྒྱ་མཚོ། རྗེ་ཡོན་ཏན་མགོན་པོ། གྲུབ་ཆེན་མགོན་པོ་དཔལ་འབྱོར། མཚུངས་མེད་མགོན་པོ་གྲགས་པ། གྲུབ་དབང་མགོན་པོ་རྣམ་རྒྱལ། རིག་འཛིན་འཇམ་དབྱངས་རྒྱ་མཚོ། ཀུན་གཟིགས་ཕྲིན་ལས་ཤིང་རྟ། རྨོག་ལྕོག་པ་ཀུན་དགའ་དགེ་ལེགས། ཀུན་དགའ་ལྷུན་གྲུབ་རྒྱ་མཚོ། རྗེ་བཀའ་བརྒྱུད་བསྟན་འཛིན། བླ་མ་ཀརྨ་ལྷག་མཐོང་། གྲུབ་དབང་ཀརྨ་ནོར་བུ། ངེས་པར་ཐམས་ཅད་མཁྱེན་དངོས་ངག་གི་དབང་ཕྱུག་བློ་གྲོས་མཐའ་ཡས། དེས་བདག་ལ་བཀའ་དྲིན་ཆེན་པོས་སྩལ་བའོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝ་ཏུ། ། | |||
}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 16:00, 1 June 2024
🚧 This website is under continued development. We appreciate your patience!
Wylie title | theg chen shin tu rgyas pa'i lugs kyi sems bskyed sdom chog byang chub sems dpa'i lam bzang | |
---|---|---|
Location | mkhyen brtse'i bka' 'bum Volume 10, sde tshan 6, Pages 411-493 (Folios 1a to 42a3) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Citation | 'jam dbyangs mkhyen brtse'i dbang po. theg chen shin tu rgyas pa'i lugs kyi sems bskyed sdom chog byang chub sems dpa'i lam bzang. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 10: 411-493. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |
Genre | Vows - sdom pa | |
DNZ | In the Damngak Dzö: https://dnz.tsadra.org/index.php/Wylie:Theg_chen_shin_tu_rgyas_pa%27i_sems_bskyed_dang_sdom_pa%27i_cho_ga_byang_chub_sems_dpa%27i_lam_bzang | |
Colophon |
| |
|
1 Texts in this Section (sde tshan or chos tshan)