གསོལ་འདེབས་རྒྱ་གར་འཕགས་ཡུལ།

From Khyentse Lineage - A Tsadra Foundation Project
Wylie title gsol 'debs rgya gar 'phags yul SPCD-KABUM-02-KHA-011.pdf
Location 'phags mchog bka' 'bum
Volume 2, Text 11, Pages 383-400 (Folios 1a1 to 9b5)
Author འཕགས་མཆོག་རྡོ་རྗེ་
Less details More details
Citation 'phags mchog rdo rje. Gsol 'debs rgya gar 'phags yul. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. 2: 383-400. Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre Supplications - gsol 'debs
Colophon

།ཅེས་པ་འདིའང་ངེས་གསང་སྙིང་པོའི་ལམ་ལ་གཞོལ་མཛད་ཁམས་པ་ཡོན་དགེ་སྤྲུལ་སྐུ་མཆོག་དང་། གྲྭ་ཀུན་དགའ་འབྲུག་རྒྱས་ཤེས་རབ་འོད་ཟེར་བཅས་ནས་ཁོ་བོའི་གསོལ་འདེབས་ཤིག་འབྲི་དགོས་ཞེས་ནན་བསྐུལ་བྱུང་རུང་། ཡོན་ཏན་བྱིན་རླབས་ཀྱི་དབུལ་བ་རང་ལྟ་བུའི་དོན་སྒོ་ཆུང་བར་བྱས་ནས། དེ་ཕྱིར་ངོ་མ་ལྡོག་ཙམ་དུ་ཡུལ་དམ་པ་རྣམས་ལ་གསོལ་བ་འདི་ལྟར་བཏབ་པའི་སྟོབས་ཀྱིས་རང་གི་བློ་རྒྱུན་མྱུར་བར་ཤུགས་དྲག་རྒྱུན་རིང་པོ་ཆོས་ལ་བསྐུལ་མ་གདབ་ཕྱིར་གྲུབ་སྲས་པ་ཨཱརྻ་བཛྲས་སུག་བྲིས་བགྱིས་པ་ཡིན་པས། དོན་ཅུང་ཟད་དང་ལྡན་པར་ཤོག་ཅིག །དགེའོ།།

/ces pa 'di'ang nges gsang snying po'i lam la gzhol mdzad khams pa yon dge sprul sku mchog dang /_grwa kun dga' 'brug rgyas shes rab 'od zer bcas nas kho bo'i gsol 'debs shig 'bri dgos zhes nan bskul byung rung /_yon tan byin rlabs kyi dbul ba rang lta bu'i don sgo chung bar byas nas/_de phyir ngo ma ldog tsam du yul dam pa rnams la gsol ba 'di ltar btab pa'i stobs kyis rang gi blo rgyun myur bar shugs drag rgyun ring po chos la bskul ma gdab phyir grub sras pa Ar+Ya badz+ras sug bris bgyis pa yin pas/_don cung zad dang ldan par shog cig_/dge'o//

[edit]

༄༅། །གསོལ་འདེབས་རྒྱ་གར་འཕགས་ཡུལ་ཞེས་བྱ་བ་བཞུགས།།

༄༅། །རྒྱ་གར་འཕགས་པའི་ཡུལ་ན། །གང་འདུལ་མཚན་མཆོག་བརྒྱད་ཀྱི། །མཁས་གྲུབ་ཡོངས་ཀྱི་དཔལ་མངའ། །མཚོ་སྐྱེས་རྡོ་རྗེ་མཁྱེན་ནོ། །བོད་ཡུལ་མུན་པའི་གླིང་དུ། །ལྷ་སྲིན་ཐམས་ཅད་དམ་བཏགས། །ཆོས་ཀྱི་ཉི་མ་སྦར་ལ། །སྒོ་གསུམ་གུས་པས་འདུད་དོ། །ངོ་མཚར་པད་སྡོང་ལས་འཁྲུངས། །མེ་དཔུང་མཚོ་རུ་བསྒྱུར་སོགས། །མཆོག་ཐུན་གྲུབ་པ་བརྙེས་ལ། །སྒོ་གསུམ་གུས་པས་འདུད་དོ། །འཇའ་ལུས་འཕོ་ཆེན་བཞེངས་ནས། །སྐལ་ལྡན་མོས་གུས་ཅན་ལ། །དངོས་གྲུབ་ཆར་ལྟར་འབེབས་ལ༑ །སྒོ་གསུམ་གུས༴ །ཁྱད་པར་ལྔ་བདོའི་སྐབས་འདིར། །རྒྱལ་བ་སྲས་བཅས་རྣམས་ལས། །ཐུགས་རྗེ་ཕྲིན་ལས་མྱུར་ཞིང་། །གདམས་པས་ས་སྟེང་བཀང་ལ། །སྒོ་གསུམ༴ །གངས་རིས་བསྐོར་བའི་ལྗོངས་འདིར། །དཀའ་སྤྱད་སྙིང་རུས་ཕུལ་ཕྱིན། །མངོན་ཤེས་རྫུ་འཕྲུལ་བརྙེས་ལ། །སྒོ་གསུམ༴ །ལུས་སྲོག་ལྟོས་པ་མེད་པར། །དཀའ་བའི་ཁུར་ཆེན་དུ་མས། །བླ་མ་མཉེས་པར་མཛད་ལ། །སྒོ་གསུམ༴ །དཀར་བརྒྱུད་འབྲུག་པ་ཡོངས་ཀྱི། །དོན་བརྒྱུད་ཉག་གཅིག་འཛིན་མཁན། །འགྲོ་བའི་སྒྲོན་མེ་ཆེན་པོར། །སྒོ་གསུམ༴ །ཉམས་རྟོགས་ཡོན་ཏན་འབུམ་བརྡལ། །ལྷ་འདྲེ་མི་སོགས་དབང་འདུས། །གྲུབ་ཆེན་མི་ལ་རས་པར། །སྒོ་གསུམ༴ །རིས་མེད་བསྟན་འཛིན་རྣམས་ཀྱང་། །རྩ་བའི་བླ་མར་འདུས་པར། །དག་སྣང་ཀུན་གྱི་མཆོག་ཡིན། །སྒོ་གསུམ༴ །རྒྱལ་བ་སྲས་དང་བཅས་པའི། །སྐུ་གསུང་ཐུགས་ཀྱི་རྣམ་རོལ། །སྙིགས་དུས་གྲུབ་པའི་དཔལ་ལ། །སྒོ་གསུམ༴ །བྱང་ཆུབ་སེམས་གཉིས་རབ་འབྱོངས། །རིམ་གཉིས་ལམ་གྱི་རྩེར་ཕྱིན། །དོན་གཉིས་ཕ་མཐའ་ཡས་ལ། །སྒོ་གསུམ༴ །བདག་སོགས་ཡོངས་ཀྱི་སྐྱབས་གཅིག །བཀའ་དྲིན་འཁོར་མཐའ་མེད་པ། །ཚེ་གཅིག་སངས་རྒྱས་སྟོན་ལ། །སྒོ་གསུམ༴ །དལ་འབྱོར་ཕུན་སུམ་ཚོགས་དུས། །སྙིང་པོ་ཆོས་ལ་འཇུག་ཅིང་། །ངེས་ཤེས་ཁྱད་འཕགས་སྐྱེས་ནས། །སྒྲུབ་རྒྱུ་ཆོས་ལས་མེད་པའི། །གུ་རུ་མཚོ་སྐྱེས་རྡོ་རྗེས། །བདག་རྒྱུད་བྱིན་གྱིས་རློབས་ཤིག །སྣོད་བཅུད་མི་རྟག་རང་བཞིན། །ཚེ་འདིའི་བློ་སྣ་ཐུང་ཞིང་། །སྐྱོ་ཤས་རྒྱུན་ཆགས་སྐྱེས་ནས། །ཉིན་མཚན་གཅིག་ཏུ་དྲིལ་བའི། །རྗེ་བཙུན་མི་ལ་རས་པས། །བདག་རྒྱུད་བྱིན་གྱིས་རློབས་ཤིག །ལས་འབྲས་བསླུ་མེད་ངེས་ནས། །དགེ་སྡིག་བླང་དོར་ཞིབ་ཅིང་། །ཉེས་བྱས་སྐྱོན་གྱིས་མ་གོས། །དགེ་བ་རླབས་ཆེན་འགྲུབ་པའི། །དྲིན་ཆེན་རྩ་བའི་བླ་མས། །བདག་རྒྱུད་བྱིན་གྱིས་རློབས་ཤིག །རིགས་དྲུག་སྡུག་བསྔལ་འདི་ལས། །ཐར་ལམ་མྱུར་དུ་བགྲོད་དེ། །མ་གྱུར་འགྲོ་བ་རྣམས་ཀྱང་། །ཕྱམ་གཅིག་འདྲེན་པར་ནུས་པའི། །གུ་རུ་མཚོ་སྐྱེས་རྡོ་རྗེས། །བདག་རྒྱུད་བྱིན་གྱིས་རློབས་ཤིག །མི་རྟག་རང་མཚང་ངོམ་བཞིན། །བློ་སྣ་རྦད་ཀྱིས་སྟུང་སྟེ། །བྱ་བ་ཟིན་མེད་ཡིན་བཞིན། །ད་ནི་སྤྲོས་པ་ཆོད་པའི། །རྗེ་བཙུན་མི་ལ་རས་པས། །བདག་རྒྱུད་བྱིན༴ །ནམ་འཆི་ཆ་མེད་ཡིན་བཞིན། །འཆི་གྲབས་ལན་གྲངས་བྱེད་དེ། །ཆོས་སྤྱོད་གོང་ནས་གོང་འཕེལ། །དགེ་བ་ཚགས་སུ་ཚུད་པའི། །དྲིན་ཆེན་རྩ་བའི་བླ་བའི་མས། །བདག་རྒྱུད་བྱིན༴ །འབྱོར་བཞིན་དབུལ་བར་མི་འདོད། །གཏན་ནོར་དམ་ཆོས་སྒྲུབ་ཅིང་། །མྱོང་བཞིན་སྐྱེ་འཆིའི་བར་འདིར། །བརྩོན་པས་རླབས་ཆེན་འགྲུབ་པའི། གུ་རུ་མཚོ་སྐྱེས་རྡོ་རྗེས། །བདག་རྒྱུད་བྱིན༴ །ཤེས་བཞིན་དུག་ཅན་མི་ཟ། །སྡིག་ལས་རིང་དུ་བྱོལ་ཏེ། །མཐོང་བཞིན་གཡང་ལ་མི་འཆོང་། །ཐར་པའི་ལམ་ལ་འཛེག་པའི། །རྗེ་བཙུན་མི་ལ་རས་པས། །བདག་རྒྱུད་བྱིན༴ །ཁ་ཟས་རྒྱབ་གོས་བྲལ་དུས། །དགོས་ངེས་དམ་ཆོས་ཉག་གཅིག །ལུས་དང་གནས་མལ་བྲལ་དུས། །དམ་པའི་ཆོས་ཤིག་དགོས་བཞིན། །དྲིན་ཆེན་རྩ་བའི་བླ་མས། །བདག་རྒྱུད་བྱིན༴ །ཚེ་འདིའི་སྣང་བ་ནུབ་དུས། །དམ་པའི་ཆོས་ལས་མགོན་མེད། །བར་དོའི་སྣང་བ་ཚེས་དུས། །མི་འཇིགས་གདེང་ཞིག་དགོས་པའི། །གུ་རུ་མཚོ་སྐྱེས་རྡོ་རྗེས། །བདག་རྒྱུད་བྱིན༴ །རྣམ་ཤེས་རླུང་ལྟར་རྒྱུ་དུས། །ངན་སོང་སྐྱེ་སྒོ་ཁེགས་ནས། །གདམས་པ་མན་ངག་ཟབ་མོས། །རང་སེམས་མངའ་དབང་འདུ་བའི། །རྗེ་བཙུན་མི་ལ་རས་པས། །བདག་རྒྱུད་བྱིན༴ །ལུས་དང་སྲོག་ལ་ཐུག་ཀྱང་། །རྣམ་ཀུན་སྡིག་ལས་ལྡོག་སྟེ། །ཤིན་ཏུ་དབེན་པའི་གནས་སུ། །སྒོ་གསུམ་ཐུགས་ཉམས་ཕབ་པའི། །དྲིན་ཆེན་རྩ་བའི་བླ་མས། །བདག་རྒྱུད་བྱིན༴ །ཆོས་དང་ཆོས་མིན་རྣམ་པ། །ཡང་དག་འབྱེད་པར་ནུས་ཏེ། །འདུ་འཛིའི་རྣམ་པར་གཡེང་བ། །ཆོས་མིན་དུག་བཞིན་འཛེམ་པའི། །གུ་རུ་མཚོ་སྐྱེས་རྡོ་རྗེས། །བདག་རྒྱུད་བྱིན༴ །མགྲོན་པོའི་ཞག་ཚུགས་ལྟ་བུར། །ཚེ་འདི་བློ་ཡིས་ཐོངས་ཞིང་། །ནོར་རྫས་སྒྱུ་མར་ཤེས་ནས། །དགོས་མེད་ཆོག་ཤེས་བརྟེན་པའི། །རྗེ་བཙུན་མི་ལ་རས་པས། །བདག་རྒྱུད་བྱིན༴ །དགྲ་གཉེན་ངེས་ངེས་མེད་བཞིན། །གཅིག་པུར་རི་ཁྲོད་ཟིན་ཅིང་། །སྒྱུ་ལུས་གཡར་པོ་མཐོང་སྟེ། །ཟས་གོས་གང་བྱུང་ཆོག་པའི། །དྲིན་ཆེན་རྩ་བའི་བླ་མས། །བདག་རྒྱུད་བྱིན༴ །ངེས་འབྱུང་སྐྱོ་ཤས་དྲག་པོས། །དཀའ་སྤྱད་སྙིང་རུས་བྱ་ཞིང་། །འཁོར་བའི་སྡུག་བསྔལ་དྲན་ནས། །སྐྱིད་སྡུག་རོ་སྙོམས་ནུས་པའི། །གུ་རུ་མཚོ་སྐྱེས་རྡོ་རྗེས། །བདག་རྒྱུད་བྱིན༴ །ཆགས་སོགས་ཉོན་མོངས་སྐྱེ་དུས། །དྲན་ཤེས་གཉེན་པོ་སླེབས་ཏེ། །སྙན་དང་མི་སྙན་རྣམ་པ། །གྲགས་སྟོང་བྲག་ཆ་རྟོགས་པའི། །རྗེ་བཙུན་མི་ལ་རས་པས། །བདག་རྒྱུད་བྱིན༴ །དབུལ་ཕོངས་ཉམ་ཐག་མཐོང་དུས། །སེར་སྣའི་མདུད་པ་གྲོལ་ཅིང་། །གཞན་ཕན་སྣ་རེའི་ཕྱིར་དུ། །དཀའ་བའི་ཁུར་ཆེན་ཐེག་པའི། །དྲིན་ཆེན་རྩ་བའི་མས། །བདག་རྒྱུད་བྱིན༴ །མོས་གུས་དག་སྣང་ཐམས་ཅད། །རྟོགས་པའི་ངོ་བོར་འདུས་ཤིང་། །སྙིང་རྗེ་དག་སྣང་ཐམས་ཅད། །རྩོལ་མེད་ངམ་ངམ་འདྲེན་པའི། །གུ་རུ་མཚོ་སྐྱེས་རྡོ་རྗེས། །བདག་རྒྱུད་བྱིན༴ །མི་ཚེ་རི་ལ་སྐྱེལ་བཞིན། །ངེས་འབྱུང་ཡང་དག་སྐྱེས་ཏེ། །དགེ་བ་རྒྱ་ཆེན་འགྲུབ་བཞིན། །བྱང་ཆུབ་སེམས་ཀྱིས་ཟིན་པའི། །རྗེ་བཙུན་མི་ལ་རས་པས། །བདག་རྒྱུད་བྱིན༴ །ཐོས་བསམ་ཕ་མཐར་སོན་བཞིན། །སྒོམ་པའི་ངང་རྒྱུན་བསྲིངས་ནས། །མཚམས་སྒྲུབ་དུས་ཀྱིས་འདའ་བཞིན། །ཉམས་རྟོགས་ཡང་དག་སྐྱེ་བའི། །དྲིན་ཆེན་རྩ་བའི་བླ་མས། །བདག་རྒྱུད་བྱིན༴ །ཆོས་དྲེད་ངན་གོམས་འདི་ལས། །བརྩོན་འགྲུས་ན་རིམ་འཕེལ་ཏེ། །རྣ་བ་བརྒྱ་ལམ་འདི་ལ། །ཐོས་པའི་གོ་རྒྱ་བསྐྱེད་པའི། །གུ་རུ་མཚོ་སྐྱེས་རྡོ་རྗེས། །བདག་རྒྱུད་བྱིན༴ །རང་སེམས་དམུས་ལོང་འདི་ལ༑ །བསམ་པའི་སྒྲོ་འདོགས་ཆོད་དེ། །སྒྱུ་ལུས་བལ་འདབ་འདི་ལ། །སྒོམ་རྒྱུན་རྡོ་ཡིས་ནོན་པའི། །རྗེ་བཙུན་མི་ལ་རས་པས། །བདག་རྒྱུད་བྱིན༴ །ཆགས་སྤྱོད་རྐུན་ཟས་ལྟར་མིན། །དམ་ཚིག་ངོ་ལྐོག་མེད་ཕྱིར། །ཆགས་སྡང་དུག་རོ་ལང་ལང་། །བག་ཆགས་རྩད་ནས་ཆོད་པའི། །དྲིན་ཆེན་རྩ་བའི་བླ་མས། །བདག་རྒྱུད་བྱིན༴ །འགྲན་སེམས་ཕྲག་དོག་སྐྱེ་དུས། །དམ་ཚིག་དཔང་པོར་ཁུར་ཏེ། །དྲན་ཤེས་བག་ཡོད་དང་བཅས། །རྟག་ཏུ་བསྲུང་ལ་མཁས་པའི། །གུ་རུ་མཚོ་སྐྱེས་རྡོ་རྗེས། །བདག་རྒྱུད་བྱིན༴ །ཆོས་བརྒྱད་རྐུན་པོ་འཇབ་ཚེ། །སྐྱོ་ཤས་དྲན་རྫི་ལང་ཞིང་། །འདི་སྣང་ཞེན་པའི་འབྲེལ་གྲགས། །བྱིན་རླབས་ཐོག་བཞིན་འབེབས་པའི། །རྗེ་བཙུན་མི་ལ་རས་པས། །བདག་རྒྱུད་བྱིན༴ །ཉེ་འབྲེལ་ཐག་པ་ཆད་ནས། །ཕྱོགས་མེད་རི་ཁྲོད་འགྲིམས་ཤིང་། །བསག་དང་སྲུང་བའི་རྒྱུ་ནོར། །གང་ཡོད་ཆོས་ཕྱོགས་གཏོང་བའི། །དྲིན་ཆེན་རྩ་བའི་བླ་མས། །བདག་རྒྱུད་བྱིན༴ །ཕལ་ཆེར་འཁྲི་བ་ཆོད་ཀྱང་། །ཡོངས་སུ་འཁྲི་བ་ཆོད་དེ། །ཆོས་དང་བླ་མར་དད་ཅིང་། །དག་སྣང་ཕྱོགས་མེད་འཆར་བའི། །གུ་རུ་མཚོ་སྐྱེས་རྡོ་རྗེས། །བདག་རྒྱུད་བྱིན༴ །བཀའ་དྲིན་འཁོར་མེད་དྲན་ནས། །བཟོད་མེད་མོས་གུས་འབར་ཞིང་། །བརྒྱུད་ལྡན་བླ་མའི་བྱིན་རླབས། །རང་རྒྱུད་འཕོ་བར་ནུས་པའི། །རྗེ་བཙུན་མི་ལ་རས་པས། །བདག་རྒྱུད་བྱིན༴ །མོས་གུས་སྙིང་རྗེ་དྲག་པོས། །གཞན་སྣང་དབང་དུ་འདུ་ཞིང་། །རང་འདོད་འཁྲི་བ་ཆོད་ནས། །ཅི་བྱས་ཆོས་སུ་འགྱུར་བའི། །དྲིན་ཆེན་རྩ་བའི་བླ་མས། །བདག་རྒྱུད་བྱིན༴ །དགེ་ཚོགས་ཀུན་གྱི་གཞི་མ། །སྡོམ་དང་དམ་ཚིག་གཙང་ཞིང་། །བཅས་དང་ལྟུང་བས་མ་གོས། །དྲན་ཤེས་བག་ཡོད་ལྡན་པའི། །གུ་རུ་མཚོ་སྐྱེས་རྡོ་རྗེས། །བདག་རྒྱུད་བྱིན༴ །མི་བརྗེད་གཟུངས་ཀྱིས་རྣམ་བརྒྱན། །གསུང་རབ་ཁོང་དུ་ཆུད་ལ། །སྤོབས་པའི་གཏེར་མཛོད་རྡོལ་ནས། །ཆོས་ཀུན་ཉམས་འོག་ཚུད་པའི། །རྗེ་བཙུན་མི་ལ་རས་པས། །བདག་རྒྱུད་བྱིན༴ །འཆད་རྩོད་རྩོམ་པ་གང་ལའང་། །བློ་གྲོས་ཕྱོགས་མེད་རྒྱས་ཤིང་། །འཁོར་ལོ་གསུམ་གྱི་བྱ་བས། །གཞན་དོན་རླབས་ཆེན་འབྱུང་བའི། །དྲིན་ཆེན་རྩ་བའི་བླ་མས། །བདག་རྒྱུད་བྱིན༴ །དགྲ་གཉེན་བར་མའི་འགྲོ་རྣམས། །ཕ་མ་དྲིན་ཆེན་ཤེས་ཏེ། །བདེ་སྡུག་ཐོབ་བྲལ་འདོད་ཅིང་། །བདག་གཞན་བརྗེ་བར་ནུས་པའི། །གུ་རུ་མཚོ་སྐྱེས་རྡོ་རྗེས། །བདག་རྒྱུད་བྱིན༴ །འདི་ཕྱིའི་དགེ་བདེའི་འབྱོར་ཚོགས། །བདག་ལས་གཞན་གཅེས་སྒྲུབ་ཅིང་། །སྙིང་རྗེའི་ཚན་ཁ་རྡོལ་ནས། །འགྲོ་དོན་ཕྱོགས་མེད་ནུས་པའི། །རྗེ་བཙུན་མི་ལ་རས་པས། །བདག་རྒྱུད་བྱིན༴ །སེམས་རྒྱུད་ཆོས་དང་འདྲེས་ཏེ། །སྣང་སྲིད་དཔེ་ཆར་ཤར་ཞིང་། །ཆོས་བརྒྱད་ཉམས་འོག་ཚུད་ནས། །སྒྲུབ་པའི་རང་ཚོ་ཐོབ་པའི། །དྲིན་ཆེན་རྩ་བའི་བླ་མས། །བདག་རྒྱུད་བྱིན༴ །འགལ་རྐྱེན་བར་ཆད་ཞི་ནས། །ཚེ་དང་སྒྲུབ་པ་མཉམ་ལ། །ཆུ་དང་འོ་མ་འདྲེས་བཞིན། །གོ་མྱོང་རྟོགས་གསུམ་འབྱེད་པའི། །གུ་རུ་མཚོ་སྐྱེས་རྡོ་རྗེས། །བདག་རྒྱུད་བྱིན༴ །རིག་ཁམས་རྣམ་པར་སྒྲིབ་བྱེད། །བྱིང་རྒོད་རྨུགས་འཐིབ་སེལ་ཞིང་། །ཞི་གནས་གོལ་ས་གསུམ་ཡང་། །ལྷག་མཐོང་ན་རིམ་འཕེལ་བའི། །རྗེ་བཙུན་མི་ལ་རས་པས། །བདག་རྒྱུད་བྱིན༴ །སྣང་བ་དགྲར་ལངས་གེགས་གསུམ། །སྤང་གཉེན་དབྱེར་མེད་རྟོགས་ཤིང་། །འཕྲལ་ཤོར་ལམ་གྱི་གེགས་རྣམས། །རྩལ་དང་རོལ་པར་ཤེས་པའི། །དྲིན་ཆེན་རྩ་བའི་བླ་མས། །བདག་རྒྱུད་བྱིན༴ །ལས་ཉོན་དལ་ཁོད་སྙོམས་ཕྱིར། །ཞི་གནས་རྒྱ་མཚོ་འཁྱིལ་བའི། །ཀུན་གཞི་རྣམ་ཤེས་དག་བྱེད། །སྤྲོས་བྲལ་ནམ་མཁའི་གོ་འབྱེད། །གུ་རུ་མཚོ་སྐྱེས་རྡོ་རྗེས། །བདག་རྒྱུད་བྱིན༴ །བཟང་ངན་སེམས་ཀྱི་ཆོ་འཕྲུལ། །སྣང་སྟོང་རོ་གཅིག་རྟོགས་ཏེ། །འཁོར་འདས་དབྱེར་མེད་གནས་ཕྱིར། །བསྒོམ་མེད་ངང་དུ་འབྱམས་པའི། །རྗེ་བཙུན་མི་ལ་རས་པས། །བདག་རྒྱུད་བྱིན༴ །གྲུ་དང་ཟམ་ལས་ཐོན་པས། །ཆུ་ཕུག་བསྐོར་ལམ་འདུམ་བཞིན། །མཚན་ཉིད་ཐེག་པའི་ས་ལམ། །ཕྱག་ཆེན་ཆིག་ཆོད་འདུམ་པའི། །དྲིན་ཆེན་རྩ་བའི་བླ་མས། །བདག་རྒྱུད་བྱིན༴ །ཉོན་མོངས་ལམ་དུ་ཁྱེར་བས། །དུག་ལྔ་ཡེ་ཤེས་ལྔ་དང་། །རྣམ་རྟོག་ལམ་དུ་ཁྱེར་བས། །རང་ཤར་རང་གྲོལ་རྟོགས་པའི། །གུ་རུ་མཚོ་སྐྱེས་རྡོ་རྗེས། །བདག་རྒྱུད་བྱིན༴ །ལྷ་འདྲེ་ལམ་དུ་ཁྱེར་བས། །བར་ཆད་དངོས་གྲུབ་འགྱུར་ཞིང་། །སྡུག་བསྔལ་ལམ་དུ་ཁྱེར་བས། །བདེ་སྡུག་གཏོང་ལེན་ནུས་པའི། །རྗེ་བཙུན་མི་ལ་རས་པས། །བདག་རྒྱུད་བྱིན༴ །ན་ཚ་ལམ་དུ་ཁྱེར་བས། །དགེ་སྦྱོར་གྲོགས་སུ་འཆར་ཞིང་། །འཆི་བ་ལམ་དུ་ཁྱེར་བས། །འོད་གསལ་མ་བུ་འཕྲོད་པའི། །དྲིན་ཆེན་རྩ་བའི་བླ་མས། །བདག་རྒྱུད་བྱིན༴ །རང་བཞིན་སྣང་སྟོང་འདི་ལས། །རྟོགས་བྱ་ཅུང་ཟད་མེད་ནས། །སེམས་ཀྱི་འཁྲུལ་འཁོར་ཞིག་པས། །དགེ་སྡིག་རོ་མཉམ་གྱུར་པའི། །གུ་རུ་མཚོ་སྐྱེས་རྡོ་རྗེས། །བདག་རྒྱུད་བྱིན༴ །ཤེས་པ་སྐད་ཅིག་སྟེང་དུ། །འཁོར་འདས་ལེགས་ཚོགས་འགྲུབ་ཅིང་། །ཉེས་དང་སྐྱོན་ཀུན་སྤངས་ནས། །རྣམ་རྟོག་མངའ་དབང་འབྱོར་བའི། །རྗེ་བཙུན་མི་ལ་རས་པས། །བདག་རྒྱུད་བྱིན༴ །བསྐལ་མང་བསགས་པའི་ལས་ངན། །སྐད་ཅིག་རང་དག་བྱེད་ཅིང་། །དགེ་འབྲས་ཚེ་འདིར་སྨིན་ནས། །ལས་ལ་མངའ་དབང་འབྱོར་བའི། །དྲིན་ཆེན་རྩ་བའི་བླ་མས། །བདག་རྒྱུད་བྱིན༴ །དུས་གསུམ་མཉམ་ཉིད་རྟོགས་པས། །བསྐལ་པ་སྐད་ཅིག་འདུས་ཤིང་། །སྐད་ཅིག་བསྐལ་པར་ཁྱབ་པས། །དུས་ལ་མངའ་དབང་འབྱོར་བའི། །གུ་རུ་མཚོ་སྐྱེས་རྡོ་རྗེས། །བདག་རྒྱུད་བྱིན༴ །ལུས་སེམས་སྣང་གསུམ་འདྲེས་ནས། །མཁའ་དང་ལག་མཐིལ་མཉམ་ཞིང་། །སྟོང་གསུམ་ཡུངས་འབྲུར་ཚུད་དེ། །སྣང་བར་མངའ་དབང་འབྱོར་བའི། །རྗེ་བཙུན་མི་ལ་རས་པས། །བདག་རྒྱུད་བྱིན༴ །མགྲིན་པའི་རྩ་ཁ་འབྱེད་ནས། །ངག་གི་དབང་ཕྱུག་འགྲུབ་ཅིང་། །ཤེས་བྱ་ཆགས་ཐོགས་མེད་པར། །ཡེ་ཤེས་མངའ་དབང་འབྱོར་བའི། །དྲིན་ཆེན་རྩ་བའི་བླ་མ། །བདག་རྒྱུད་བྱིན༴ །འབྱུང་བར་རང་དབང་ཐོབ་ཅིང་། །གཉིས་མེད་སྣ་ཚོགས་ཤར་ནས། །མངོན་ཤེས་ཡེ་ཤེས་རྫུ་འཕྲུལ། །ཕྱི་ནང་ཆོས་ལ་དབང་བའི། །ཟག་མེད་སྒྱུ་ལུས་གྲུབ་ནས། །འོག་མིན་མཁའ་སྤྱོད་ཕྱིན་པའི། །གུ་རུ་མཚོ་སྐྱེས་རྡོ་རྗེས། །བདག་རྒྱུད་བྱིན༴ །བསྐྱེད་རིམ་མངོན་དུ་གྱུར་ནས། །ཅིར་སྣང་ལྷ་སྐུར་འཆར་ཞིང་། །རྫོགས་རིམ་ཚད་དུ་ཕྱིན་ནས། །སྒྲ་གྲགས་སྔགས་སུ་ཤེས་པའི། །རྗེ་བཙུན་མི་ལ་རས་པས། །བདག་རྒྱུད་བྱིན༴ །བསྐྱེད་རྫོགས་དབྱེར་མེད་རྟོགས་ནས། །དྲན་རྟོགས་ཐུགས་སུ་ཆུབ་ཅིང་། །གསང་ལམ་ཐབས་ཀྱི་རིམ་པས། །བདེ་སྟོང་དབྱེར་མེད་རྟོགས་པའི། །དྲིན་ཆེན་རྩ་བའི་བླ་མས། །བདག་རྒྱུད་བྱིན༴ །རྣམ་རྟོག་ཤར་གྲོལ་གཉིས་ལས། །འཁོར་འདས་གཞན་མེད་ཤེས་ཏེ། །སྣང་ཞིང་སྲིད་པའི་ཆོས་རྣམས། །བཟང་ངན་སེམས་སུ་ཞི་བའི། །གུ་རུ་མཚོ་སྐྱེས་རྡོ་རྗེས། །བདག་རྒྱུད་བྱིན༴ །བདེ་སྡུག་སེམས་ཀྱི་ཆོ་འཕྲུལ། །རང་ཤར་རང་གྲོལ་རྟོགས་པས། །ཉི་ཤར་མུན་པ་སངས་བཞིན། །མ་རིག་གནས་ཀུན་སངས་པའི། །རྗེ་བཙུན་མི་ལ་རས་པས། །བདག་རྒྱུད་བྱིན༴ །ནམ་མཁའ་སྤྲིན་ཐག་ཆོད་བཞིན། །ཀུན་རྟོག་བཙལ་ཀྱང་མེད་དེ། །མཁའ་ལ་ཉི་མ་ཤར་བཞིན། །མཁྱེན་གཉིས་ཕྱོགས་མེད་རྒྱས་པའི། །དྲིན་ཆེན་རྩ་བའི་བླ་མས། །བདག་རྒྱུད་བྱིན༴ །སྒོམ་པ་བྱ་རྩོལ་བྲལ་ནས། །རང་རིག་འཕོ་འགྱུར་མེད་ཅིང་། །འཁོར་འདས་དབྱེར་མེད་ཁྱབ་བརྡལ། །ཐམས་ཅད་དབྱིངས་གཅིག་གྱུར་པའི། །གུ་རུ་མཚོ་སྐྱེས་རྡོ་རྗེས། །བདག་རྒྱུད་བྱིན༴ །ཀུན་བཏགས་བློ་ཡི་རི་མོ། །རྒྱུ་འབྲས་རྩོལ་སྒྲུབ་འདས་ཤིང་། །ས་དང་ལམ་གྱི་རིམ་པ། །བྲལ་ཐོབ་ཀུན་ལས་འདས་པའི། །རྗེ་བཙུན་མི་ལ་རས་པས། །བདག་རྒྱུད་བྱིན༴ །རང་རིག་ཟང་ཐལ་ཆོད་པས། །སྒྱུ་ལུས་རྡུལ་ཕྲན་དེངས་ཤིང་། །སྣང་ཉམས་ཚད་དུ་ཕྱིན་ནས། །འཇའ་ལུས་འོད་སྐུར་འགྲུབ་པའི། །དྲིན་ཆེན་རྩ་བའི་བླ་མས། །བདག་རྒྱུད་བྱིན༴ །བྱ་སྤྱོད་མ་བྱས་ཡེ་ཟིན། །འགྲོ་དོན་ལྷུན་གྱིས་གྲུབ་སྟེ། །གདོད་ནས་འཁོར་འདས་དབྱེར་མེད། །ད་གཟོད་བྲལ་ཐོབ་འདས་པའི། །གུ་རུ་མཚོ་སྐྱེས་རྡོ་རྗེས། །བདག་རྒྱུད་བྱིན༴ །མཆོག་གི་སྤྲུལ་སྐུ་སོགས་ཀྱིས། །གང་ལ་གང་འདུལ་སྟོན་ཅིང་། །དོན་གཉིས་མཐའ་རུ་ཕྱིན་ནས། །འཁོར་བ་དོང་སྤྲུགས་ནུས་པའི། །རྗེ་བཙུན་མི་ལ་རས་པས། །བདག་རྒྱུད་བྱིན་གྱིས་རློབས་ཤིག །དྲིན་ཆེན་རྩ་བའི་བླ་མས། །བདག་རྒྱུད་བྱིན་གྱིས་རློབས་ཤིག །ཅེས་པ་འདིའང་ངེས་གསང་སྙིང་པོའི་ལམ་ལ་གཞོལ་མཛད་ཁམས་པ་ཡོན་དགེ་སྤྲུལ་སྐུ་མཆོག་དང་། གྲྭ་ཀུན་དགའ་འབྲུག་རྒྱས་ཤེས་རབ་འོད་ཟེར་བཅས་ནས་ཁོ་བོའི་གསོལ་འདེབས་ཤིག་འབྲི་དགོས་ཞེས་ནན་བསྐུལ་བྱུང་རུང་། ཡོན་ཏན་བྱིན་རླབས་ཀྱི་དབུལ་བ་རང་ལྟ་བུའི་དོན་སྒོ་ཆུང་བར་བྱས་ནས། དེ་ཕྱིར་ངོ་མ་ལྡོག་ཙམ་དུ་ཡུལ་དམ་པ་རྣམས་ལ་གསོལ་བ་འདི་ལྟར་བཏབ་པའི་སྟོབས་ཀྱིས་རང་གི་བློ་རྒྱུན་མྱུར་བར་ཤུགས་དྲག་རྒྱུན་རིང་པོ་ཆོས་ལ་བསྐུལ་མ་གདབ་ཕྱིར་གྲུབ་སྲས་པ་ཨཱརྻ་བཛྲས་སུག་བྲིས་བགྱིས་པ་ཡིན་པས། དོན་ཅུང་ཟད་དང་ལྡན་པར་ཤོག་ཅིག །དགེའོ།། །།