ཐུན་མིན་སྔོན་འགྲོའི་ལུང་འདྲེན།

From Khyentse Lineage - A Tsadra Foundation Project
SPCD-KABUM-01-KA-010
Wylie title thun min sngon 'gro'i lung 'dren SPCD-KABUM-01-KA-010.pdf
Location 'phags mchog bka' 'bum
Volume 1, Text 10, Pages 636-696 (Folios 1a1 to 17a3)
Author འཕགས་མཆོག་རྡོ་རྗེ་
Less details More details
Citation 'phags mchog rdo rje. Thun min sngon 'gro'i lung 'dren. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. 1: 636-696. Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre Collections of Scriptural Citations - lung btus  ·  Preliminary Practices - sngon 'gro
[edit]

༄༅། །ཐུན་མིན་སྔོན་འགྲོའི་ལུང་འདྲེན་བཞུགས་སོ།།

༄༅། །ཇི་སྐད་དུ། དཀོན་མཆོག་གི་རྟེན་སྡིག་སྡུག་གིས་བཞེངས། ཚེ་ཕྱི་མ་རླུང་ལ་བསྐུར། ཅེས་དང་། རྒྱལ་སྲས་ཐོགས་མེད་ཀྱིས། རང་གི་སྐྱོན་ལ་རང་གིས་མ་བརྟགས་ན། །ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་སྲིད་པས། །དུས་རྣམས་ཀུན་ཏུ་རང་གི་འཁྲུལ་བ་ལ༑ །བརྟགས་ཏེ་སྤང་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་དང་། སྤྱོད་འཇུག་ལས། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ལུས་ཀྱང་ནི་ཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །ཅེས་དང་། བདག་གིས་བྱང་ཆུབ་ག་ལ་ཞེས། །སྒྱིད་ལུག་པར་ནི་མི་བྱ་སྟེ། །འདི་ལྟར་དེ་བཞིན་གཤེགས་པ་ནི། །བདེན་པ་གསུངས་པས་བདེན་འདི་གསུངས། །སྦྲང་བུ་ཤ་སྦྲང་བུང་བ་དང་། །དེ་བཞིན་སྲིན་བུར་གང་གྱུར་པ། །དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། །བྱང་ཆུབ་ཐོབ་དཀའ་བླ་མེད་འཐོབ། །བདག་ལྟ་རིགས་ཀྱིས་མིར་སྐྱེས་ལ། །ཕན་དང་གནོད་པ་ངོ་ཤེས་པས། །བྱང་ཆུབ་སྤྱོད་པ་མ་བཏང་ན། །བདག་གིས་བྱང་ཆུབ་ཅིས་མི་འཐོབ། །ཅེས་དང་། ཡུམ་བར་མ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་དག་བདག་ཀྱང་དགེ་ལ་སྤྱོད་ཅིང་། གཞན་ཡང་དེ་ལ་བསྐུལ་བ་ནི་དལ་འབྱོར་སྙིང་པོ་བྱེད་པ་སྟེ་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་སོ། །བསྟོད་དོ། །བསྐུར་རོ། །ཞེས་དང་། མདོ་ལས། བདག་གི་ནོར་ནི་བཏང་ལ་ལུས་བསྲུང་ངོ་། །ནོར་དང་ལུས་ཀྱང་བཏང་ལ་སྲོག་སྲུང་སྟེ། །ནོར་དང་ལུས་དང་དེ་བཞིན་སྲོག་རྣམས་ཀྱང་། །ཐམས་ཅད་བཏང་ལ་ཡང་དག་ཆོས་སྒྲུབས་ཤིག །ཅེས་དང་། ཇི་སྐད་དུ། བརྩོན་འགྲུས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད། །བརྩོན་འགྲུས་ལྡན་པ་ཡོན་ཏན་ཚོགས་འཕེལ་ཞིང་། །བརྩོན་འགྲུས་ལྡན་པས་བསམ་པ་མ་ལུས་འགྲུབ། །བརྩོན་འགྲུས་ལྡན་པ་མྱུར་དུ་མྱ་ངན་འདས། །ཞེས་དང་། ཐམས་ཅད་བརྩོན་འགྲུས་སྟེང་ན་གདའ། །དད་ལྡན་གཡོ་མེད་གང་ཟག་གིས། །སྒྲུབ་ལ་ནན་ཏན་གཙོར་འདོན་ན། །དེ་ཡི་ལག་ན་བྱང་ཆུབ་འདུག །ཅེས་དང་། ཆོས་བཅུ་པ་ལས། ཇི་ལྟར་བདག་སེམས་ཅན་ཐམས་ཅད་བསྒྲལ་ཕྱིར་དང་། སྒྲོལ་ཕྱིར་དང་། དུལ་བ་དང་། ཞི་བར་འགོད་པའི་ཕྱིར་བརྩོན་པར་བྱེད་ན། བདག་ཉིད་མ་དུལ་བ་དང་། མ་ཞི་བ་དང་། མ་བསྲུངས་པ་ནི་བདག་གི་ཆ་མ་ཡིན་པས། ཞི་བ་དང་། དུལ་བ་དང་། བསྲུང་བར་བྱའོ།། ༈ །།སྐྱབས་འགྲོ་ལྔ་བཅུ་པ་ལས། སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་དང་། དགོངས་འདུས་ལས། གང་འདིར་མུན་པར་འཁྱམས་པ་ལས། །བདེ་ཆེན་སྣང་བའི་ལམ་སྟོན་མཁན། །སྐྱབས་ཆེན་བླ་མ་དེ་ཉིད་ལས། །གཞན་གྱིས་སྐྱོབ་པར་ནུས་མ་ཡིན། །ཞེས་དང་། ཨོ་རྒྱན་རིན་པོ་ཆེས། འཁོར་བའི་དཔོན་ནི་ཇི་ལྟར་བཟང་ཡང་བསླུ། །སྐྱབས་གནས་དཀོན་མཆོག་གསུམ་ལ་བསླུ་བ་མེད། །ཅེས་དང་། དཀོན་བརྩེགས་ལས། དགེ་སློང་དག་ཁྱེད་ཀྱིས་རང་ངམ། གཞན་གྱི་ཕྱིར་ཡང་རུང་སྟེ། འཇིགས་པ་དང་འཆི་བ་དེ་དག་ལས་ཐར་བར་བྱ་བའི་ཕྱིར་སྐྱབས་སུ་སོང་ཞིག་དང་ཁྱེད་ཀྱི་འདོད་པའི་རེ་བ་དེ་དང་དེར་ཡོངས་སུ་རྫོགས་པར་འགྱུར་རོ། །མདོ་རྒྱལ་མཚན་དམ་པ་ལས། དགེ་སློང་དག །ཁྱེད་དགོན་པ་དང་། དུར་ཁྲོད་དང་། འབྲོག་སྟོང་ལ་སོགས་པར་འདུག་ཀྱང་རུང་། གསུམ་ལ་སྐྱབས་སུ་སོང་ཞིག་དང་། འཇིགས་པ་དང་སྡུག་བསྔལ་མེད་པར་འགྱུར་རོ། །ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག །བློ་ཐེ་ཚོམ་དང་བྲལ་ན་ཅི་བསམ་འགྲུབ། །ཅེས་དང་། ཇི་སྐད་དུ། དད་པ་འཁོར་ལོ་རིན་པོ་ཆེ། །ཉིན་མཚན་དགེ་བའི་ལམ་ལ་སྦྱོར། །དད་པ་སྔོན་འགྲོ་མ་ལྟར་སྐྱེད་པ་སྟེ། །ཆོས་རྣམས་ཀུན་གྱི་རྩ་བ་དད་པའོ། །ཨོ་རྒྱན་ཆེན་པོས། དད་མེད་ཕུག་པ་བྱང་ལྟས་ལྟ་བུ་ལ། །ཐུགས་རྗེའི་ཉི་མ་ནམ་ཡང་འཆར་དུས་མེད། །དད་མེད་ཆུ་དཀྱིལ་རྡོ་རིལ་ལྟ་བུ་ལ། །ཐུགས་རྗེའི་ལྕགས་ཀྱུས་ནམ་ཡང་ཟིན་དུས་མེད། །ཅེས་དང་། དཀོན་བརྩེགས་ལས། གང་ཞིག་རྒྱལ་བ་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །རྟག་ཏུ་བྱིན་གྱིས་རློབ་པ་དང་། །ཉེས་པ་ཀུན་ལས་རྣམ་པར་ཐར། །ཨོ་རྒྱན་ཆེན་པོས། དད་པ་ཅན་གྱི་གང་ཟག་ཕོ་མོ་ལ་སོགས་ཞེས་དང་། ངལ་གསོ་ལས། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །རྒྱལ་བ་སྲས་བཅས་རྒྱ་མཚོའི་སྤྲིན་ཕུང་བསམ། །འདི་ནི་རང་གི་དད་སྟོབས་དྲི་མེད་དང་། །མཁྱེན་བརྩེའི་དབང་ཕྱུག་རྣམས་ཀྱི་ཐུགས་རྗེ་ཡིས། །ཇི་ལྟར་བསམ་པ་དེ་བཞིན་འགྲུབ་པ་ཡིན། །དྲིན་ལན་བསབ་པའི་མདོ་ལས། ཚེ་དང་ལྡན་པ་དགའ་བོས་གསོལ་པ། སངས་རྒྱས་གང་ལ་སྐྱབས་སུ་འགྲོ་ལགས། བཀའ་སྩལ་པ། ཆོས་སྐུ་ལ་སྐྱབས་སུ་འགྲོ་ཡི་གཟུགས་ཀྱི་སྐུ་ལ་མ་ཡིན་ནོ། །གསོལ་པ་ཆོས་གང་ལ་སྐྱབས་སུ་འགྲོ་བ་ལགས། བཀའ་སྩལ་པ། དོན་དམ་པའི་ཆོས་ལ་སྐྱབས་སུ་འགྲོ་ཡི་ཀུན་རྫོབ་ཀྱི་ཆོས་ནི་མ་ཡིན་ནོ། །གསོལ་པ་དགེ་འདུན་གང་ལ་སྐྱབས་སུ་འགྲོ་བ་ལགས། བཀའ་སྩལ་པ། དོན་དམ་པའི་དགེ་འདུན་ལ་སྐྱབས་སུ་འགྲོ་ཡི་ཀུན་རྫོབ་ཀྱི་དགེ་འདུན་ལ་མ་ཡིན་ནོ། །ཞེས་དང་། ཡེ་ཤེས་གྲུབ་པ་ལས། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ཀུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག །ཡུམ་བར་མ་ལས། རབ་འབྱོར་གང་ལ་སངས་རྒྱས་ཀྱང་མི་དམིགས་པ་ཆོས་དང་དགེ་འདུན་མི་སེམས་ན། འདི་ནི་ཡང་དག་པའི་སྐྱབས་སུ་འགྲོ་བའོ། །ཞེས་དང་། རྒྱུད་བླ་མ་ལས། སྐྱབས་ནི་སངས་རྒྱས་ཉག་གཅིག་པུ། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཏེ། །ཚོགས་ཀྱང་དེ་ཡི་མཐར་ཐུག་གོ། །ཞེས་དང་། བཅོམ་ལྡན་འདས་ཀྱིས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུ་ཡང་ནི་ལྷ་གཞན་ལ། །སྐྱབས་སུ་འགྲོ་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་སོང་ནས། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །འཕགས་པའི་དགེ་འདུན་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་མི་བྱ། །ཞེས་དང་། མདོ་སྡེ་རྒྱན་ལས། རྟག་ཏུ་ཉོན་མོངས་ཚོགས་ཀུན་དང་། །ཉེས་པ་སྤྱོད་པ་ཐམས་ཅད་དང་། །དགའ་དང་འཆི་བ་དག་ལས་ཀྱང་། །སངས་རྒྱས་ཉིད་ཀྱིས་ཡོངས་སུ་སྐྱོབ། །འཆི་བ་དག་ནི་ཐམས་ཅད་དང་། །ངན་སོང་དང་ནི་གནས་མིན་དང་། །འཇིག་ཚོགས་ཐེག་པ་དམན་དག་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པའོ། །ཞེས་དང་། མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ཡང་། །དེ་ནི་དེ་བས་ལྷག་པར་འགྱུར།། ༈ །།བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་ནི་མ་བསྐྱེད་པར། །སངས་རྒྱས་ནམ་ཡང་ཐོབ་མི་འགྱུར། །འཁོར་བ་བདག་གཞན་དོན་འགྲུབ་པའི། །ཐབས་གཞན་ཡོད་པ་མ་ཡིན་ནོ། །ཞེས་དང་། ཞི་བ་ལྷས། ཐུབ་པས་གཞན་དོན་མཛད་པ་དང་། །བྱིས་པས་རང་དོན་སྒྲུབ་པ་གཉིས། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་དང་། ལུང་ལས། སྐྱེ་བོ་རྨོངས་པས་རང་གི་བདེ་དོན་གཉེར། །དེ་མ་ཐོབ་པས་རྟག་ཏུ་སྡུག་བསྔལ་རྒྱུ། །སྟོན་པས་རྟག་ཏུ་གཞན་དོན་བརྩོན་པས་ན། །གཉིས་ཀའི་དོན་དུ་མྱ་ངན་འདའ་བར་འགྱུར། །ཞེས་དང་། སྤྱོད་འཇུག་ལས། འདི་ཉིད་བདེ་བར་གཤེགས་པ་མཉེས་བྱེད་ཡིན། །རང་དོན་ཡང་དག་འགྲུབ་པའང་འདི་ཉིད་དོ། །འཇིག་རྟེན་སྡུག་བསྔལ་སེལ་བའང་འདི་ཉིད་དེ། །དེ་བས་བདག་གིས་རྟག་ཏུ་འདི་ཉིད་བྱ། །ཞེས་དང་། ཕན་པར་བསམ་པ་ཙམ་གྱིས་ཀྱང་། །སངས་རྒྱས་མཆོད་པ་ལས་འཕགས་ན། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །བདེ་དོན་བརྩོན་པ་སྨོས་ཅི་དགོས། །ཞེས་དང་། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་བྲལ་བར་བསྒྱུར་བྱེད་པས། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་ཟུང་། །ཞེས་དང་། རིག་འཛིན་འཇིགས་མེད་གླིང་པས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་དག་ལ་རག་ལས་པས། །རྒྱུན་དུ་བསམ་པ་བཟང་ལ་འབད་པར་བྱ། །ཞེས་དང་། རྒྱལ་བ་བྱམས་པས། བཀྲེན་ལ་སྙིང་བརྩེ་མ་རུངས་པ་ལ་བརྩེ། །ཀུན་འཁྲུགས་ལ་བརྩེ་བག་མེད་རྣམས་ལ་བརྩེ། །ཡུལ་གྱི་གཞན་དབང་ཅན་ལ་སྙིང་བརྩེ་ཞིང་། །ལོག་པར་མངོན་ཞེན་ཅན་ལ་སྙིང་བརྩེ་འོ། །སྤྱོད་འཇུག་ལས། བདག་ཉིད་མཐོ་བར་འདོད་པ་ཡིས། །ངན་འགྲོ་དག་དང་གླེན་པར་འགྱུར། །དེ་ཉིད་གཞན་ལ་སྤོ་བྱས་ན། །བདེ་འགྲོར་རིམ་གྲོ་ཐོབ་པར་འགྱུར། །གཞན་གྱི་དོན་དུ་བདག་སྤྱོད་ན། །རྗེ་དཔོན་ཉིད་སོགས་མྱོང་བར་འགྱུར། །ཟླ་བ་སྒྲོན་མའི་མདོ་ལས། བྱེ་བ་ཁྲག་ཁྲིག་གཏམས་པའི་ཞིང་དག་ན། །མཆོད་པ་རྣམ་མང་དཔག་མེད་ཇི་སྙེད་པས། །སྐྱེས་མཆོག་རྣམས་ལ་དེ་ཡིས་རྟག་མཆོད་ཀྱང་། །བྱམས་པའི་སེམས་ཀྱི་གྲངས་དང་ཆར་མི་ཕོད། །སྤྱོད་འཇུག་ལས། གང་ཚེ་བདག་དང་གཞན་གཉིས་ཀ །བདེ་བ་འདོད་པ་མཚུངས་པ་ལ། །བདག་དང་ཁྱད་པར་ཅི་ཡོད་ན། །གང་ཕྱིར་བདག་ཅག་བདེ་བར་བརྩོན། །གང་ཚེ་བདག་དང་གཞན་གཉིས་ཀ །སྡུག་བསྔལ་འདོར་འདོད་མཚུངས་པ་ལ། །བདག་དང་ཁྱད་པར་ཅི་ཡོད་ན། །གང་ཕྱིར་གཞན་མིན་བདག་སྲུང་བྱེད། །ཅེས་དང་། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །ཞེས་དང་། ཞེ་སྡང་བསླང་བ་ལ་ཁོང་མ་ཁྲོ། །ཞེ་སྡང་བསླང་བ་ལ་ཁོང་ཁྲོ་ན། །བཟོད་པ་བྱ་བ་དེ་ནམ་ཞིག་བསྒོམ། །ཞེས་དང་། དེ་བས་རབ་ཏུ་སྡང་སེམས་ལ། །བརྟེན་ནས་བཟོད་པ་སྐྱེ་བས་ན། །དེ་ཉིད་བསྐྱེད་པའི་རྒྱུ་ཡིན་པས། །དམ་པའི་ཆོས་བཞིན་མཆོད་པར་འོས། །ཞེས་དང་། འདི་ལྟར་ཕར་གནོད་མ་བྱས་ན། །འགའ་ཡང་གནོད་པར་མི་བྱེད་དོ། །དེ་བས་ངལ་བས་མ་བསྒྲུབས་པར། །བྱང་ཆུབ་སྤྱོད་པའི་གྲོགས་ཤེས་ནས། །བདག་གི་དགྲ་ལ་དགའ་བར་བྱེད། །གྲགས་པའི་དོན་དུ་ནོར་བཏང་ཞིང་། །བདག་ཉིད་ཀྱང་ནི་གསོད་བྱེད་ན། །ཚིག་འབྲུ་རྣམས་ཀྱིས་ཅི་ཞིག་བྱ། །ཤི་ན་དེ་ཀོ་སུ་ལ་བདེ། །བྱེ་མའི་ཁང་བུ་རྡིབ་གྱུར་ན། །བྱིས་པ་རྣམས་ནི་ག་ཆད་ངུ་། །དེ་བཞིན་བསྟོད་དང་གྲགས་ཉམས་ན། །རང་གི་སེམས་ནི་བྱིས་པ་བཞིན། །ཞེས་དང་། བདག་ནི་གྲོལ་བ་དོན་གཉེར་ན། །རྙེད་དང་བཀུར་སྟིས་འཆིང་མི་དགོས། །གང་དག་བདག་ཅིང་གྲོལ་བྱེད་པ། །དེ་ལ་བདག་ནི་ཇི་ལྟར་ཁྲོ། །གལ་ཏེ་བདག་ནི་རང་སྐྱོན་གྱིས། །འདི་ལ་བཟོད་པར་མི་བྱེད་ན། །བསོད་ནམས་རྒྱུ་ནི་ཉེར་གནས་པས། །འདི་ལ་བདག་བགེགས་བྱེད་གྱུར་ཏམ། །ཞེས་དང་། རྒྱལ་སྲས་ཐོགས་མེད་ཀྱིས། སུ་དག་འདོད་ཆེན་དབང་གིས་བདག་གི་ནོར། །ཐམས་ཅད་འཕྲོག་གམ་འཕྲོག་ཏུ་འཇུག་ན་ཡང་། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བ་རྣམས། །དེ་ལ་བསྔོ་བ་རྒྱལ་སྲས་ལག་ལེན་ཡིན། །བདག་ལ་ཉེས་པ་ཅུང་ཟད་མེད་བཞིན་དུ། །གང་དག་བདག་གི་མགོ་བོ་གཅོད་བྱེད་ནའང་། །སྙིང་རྗེ་དབང་གིས་དེ་ཡི་སྡིག་པ་རྣམས། །བདག་ལ་ལེན་པ་རྒྱལ་སྲས་ལག་ལེན་ཡིན། །འགའ་ཞིག་བདག་ལ་མི་སྙན་སྣ་ཚོགས་པ། །སྟོང་གསུམ་ཁྱབ་པར་སྒྲོགས་པར་བྱེད་ན་ཡང་། །བྱམས་པའི་སེམས་ཀྱིས་སླར་ཡང་དེ་ཉིད་ཀྱི། །ཡོན་ཏན་བརྗོད་པ་རྒྱལ་སྲས་ལག་ལེན་ཡིན། །འགྲོ་མང་འདུས་པའི་དབུས་སུ་འགའ་ཞིག་གིས། །མཚང་ནས་བྲུས་ཤིང་ཚིག་ངན་སྨྲ་ན་ཡང་། །དེ་ལ་དགེ་བའི་བཤེས་ཀྱི་འདུ་ཤེས་ཀྱིས། །གུས་པར་འདུད་པ་རྒྱལ་སྲས་ལག་ལེན་ཡིན། །བདག་གིས་བུ་བཞིན་གཅེས་པར་བསྐྱང་བའི་མིས། །བདག་ལ་དགྲ་བཞིན་ལྟ་བར་བྱེད་ན་ཡང་། །ནད་ཀྱིས་བཏབ་པའི་བུ་ལ་མ་བཞིན་དུ། །ལྷག་པར་བརྩེ་བ་རྒྱལ་སྲས་ལག་ལེན་ཡིན། །རང་དང་མཉམ་པའམ་དམན་པའི་སྐྱེ་བོ་ཡིས། །ང་རྒྱལ་དབང་གིས་བརྙས་ཐབས་བྱེད་ན་ཡང་། །བླ་མ་བཞིན་དུ་གུས་པས་བདག་ཉིད་ཀྱིས། །སྤྱི་བོར་ལེན་པ་རྒྱལ་སྲས་ལག་ལེན་ཡིན། །འཚོ་བས་ཕོངས་ཞིང་རྟག་ཏུ་མི་ཡིས་བརྙས། །ཚབས་ཆེན་ནད་དང་གདོན་གྱིས་བཏབ་ཀྱང་སླར། །འགྲོ་ཀུན་སྡིག་སྡུག་བདག་ལ་ལེན་བྱེད་ཅིང་། །ཞུམ་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན། །སྙན་པར་གྲགས་ཤིང་འགྲོ་མང་སྤྱི་བོས་བཏུད། །རྣམ་ཐོས་བུ་ཡི་ནོར་འདྲ་ཐོབ་གྱུར་ཀྱང་། །སྲིད་པའི་དཔལ་འབྱོར་སྙིང་པོ་མེད་གཟིགས་ནས། །ཁེངས་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན། །ཉོན་མོངས་དབང་གིས་རྒྱལ་སྲས་གཞན་དག་གི། །ཉེས་པ་གླེང་ན་བདག་ཉིད་ཉམས་གྱུར་པས། །ཐེག་པ་ཆེ་ལ་ཞུགས་པའི་གང་ཟག་གི། །ཉེས་པ་མི་སྨྲ་རྒྱལ་སྲས་ལག་ལེན་ཡིན། །རྙེད་བཀུར་དབང་གིས་ཕན་ཚུན་རྩོད་གྱུར་ཞིང་། །ཐོས་བསམ་སྒོམ་པའི་བྱ་བ་ཉམས་འགྱུར་བས། །མཛའ་བཤེས་ཁྱིམ་དང་སྦྱིན་བདག་ཁྱིམ་རྣམས་ལ། །ཆགས་སྡང་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །རྩུབ་མོའི་ཚིག་གིས་གཞན་སེམས་འཁྲུགས་གྱུར་ཞིང་། །རྒྱལ་བའི་སྲས་ཀྱི་སྤྱོད་ཚུལ་ཉམས་འགྱུར་བས། །དེ་ཕྱིར་གཞན་གྱི་ཡིད་དུ་མི་འོང་བའི། །ཚིག་རྩུབ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཉོན་མོངས་གོམས་ན་གཉེན་པོས་བཟློག་དཀའ་བས། །དྲན་ཤེས་སྐྱེས་བུས་གཉེན་པོའི་མཚོན་བཟུང་ནས། །ཆགས་སོགས་ཉོན་མོངས་དང་པོ་སྐྱེས་མ་ཐག །འབུར་འཇོམས་བྱེད་པ་རྒྱལ་སྲས་ལག་ལེན་ཡིན། །སྤྱོད་འཇུག་ལས། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་བྱོས། །ངལ་གསོ་ལས། སྐད་ཅིག་སྦྱོར་བས་ཁྱབ་པའི་སེམས་མཆོག་གིས། །བསྐལ་པ་མང་པོའི་ཚོགས་གཉིས་ཟླུམ་པར་གསུངས། །དེ་ལྟར་གྲངས་མེད་གསུམ་སོགས་གསུངས་པ་ཀུན། །མྱུར་དུ་རྫོགས་དང་རིང་དུ་རྫོགས་པ་དང་། །ཚེ་གཅིག་གྲོལ་བ་བློ་ཡི་སྟོབས་ལ་རག །དེ་ཡང་ཐབས་དང་ཤེས་རབ་བརྩོན་འགྲུས་མཆོག །གསུམ་གྱིས་བསྒྲུབ་ན་བླ་མེད་སྟོབས་ཆེ་འོ། །ཞེས་དང་། སྤྱོད་འཇུག་ལས། མི་ལྡོག་པ་ཡི་སེམས་འདིས་ནི། །སེམས་དེ་ཡང་དག་བླང་གྱུར་ན། །དེང་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་འབྱུང་ངོ་། །ཞེས་དང་། ཡོན་ཏན་མཛོད་ལས། སྦྱིན་སོགས་ཕ་རོལ་ཕྱིན་པ་རྣམ་ལྔ་ཡང་། །ངོ་བོ་ལུང་དུ་མ་བསྟན་ལྕགས་ཁམས་སུ། །རྣམ་པར་ཉམས་པ་ཐབས་ཤེས་གསེར་འགྱུར་རྩིས། །ཐེབ་པའི་མོད་ལ་རིན་ཐང་ཆེན་པོ་བྱེད། །ཅེས་དང་། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་པ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་ནས་མི་ཟད་འཕེལ་བར་འགྱུར། །ཞེས་དང་། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གང་དང་ལྡན་པ་དེའི་ལུས་དང་ངག་དང་། སེམས་ཀྱི་རྩོམ་པ་ཐམས་ཅད་དོན་ཡོད་པ་སྟེ། རྟག་ཏུ་དགེ་བ་འབའ་ཞིག་ཏུ་རོ་གཅིག་པར་འགྱུར་རོ།། ༈ །།བཀྲ་ཤིས་རིག་པ་ཁུག་བྱུག་གི་རྒྱུད་ལས། ཆོས་སྐུ་རོ་གཅིག་འགྲོ་དོན་བྱེད་མཉམ་སྟེ། །མོས་པའི་བློ་ལ་སོ་སོ་ཐ་དད་སྣང་། །ཡེ་ཤེས་དབྱིངས་སུ་ཕྱག་རྒྱ་ཀུན་གཅིག་ཕྱིར། །བདེ་གཤེགས་གཅིག་སྒོམ་རྒྱལ་བ་ཀུན་གྱི་ངང་། །ཞེས་དང་། རྒྱུད་གསང་སྙིང་ལས། མཁའ་དཀྱིལ་དྭངས་པའི་དབྱིངས་ཉི་ཟླར། །ཡེ་ཤེས་རྒྱལ་པོ་སྟེང་དཀྱིལ་བསྒོམ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ༑ །གང་ཟག་དེ་ཡིས་བསྒོམ་པར་འགྱུར། །ཞེས་དང་། ཨོ་རྒྱན་རིན་པོ་ཆེས། བྱིན་རླབས་དངོས་གྲུབ་ཀུན་གྱི་གེགས། །སྒྲིབ་པ་རྣམ་གཉིས་ཡིན་པའི་ཕྱིར། །དེ་དག་རབ་ཏུ་སྦྱང་བར་གཅེས། །ཞེས་དང་། དགོངས་པ་ཚིག་གསུམ་གྱི་རྒྱུད་ལས། རྡོ་རྗེ་སེམས་དཔའ་བསྒོམས་ནས་ནི། །སྔགས་ཀྱང་རབ་ཏུ་བཟླ་བྱེད་པ། །དེ་ཡི་སྡིག་སྒྲིབ་ཀུན་བྱང་ནས། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །ཞེས་དང་། ལས་རྣམ་འབྱེད་ལས། ཤིན་ཏུ་མི་ཟད་ལས་རྣམས་བྱས་པ་ཡང་། །ཁྱེད་ལ་གསོལ་བ་བཏབ་པས་བསྲབ་པར་འགྱུར། །རབ་ཏུ་བཤགས་ན་ཉེས་བྱས་ཐམས་ཅད་ཀུན། །ཤིན་ཏུ་རྩ་བ་ནས་ནི་བཏོན་པ་བཞིན། །ཞེས་དང་། སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་གྲོལ་འགྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅིའི་མི་བརྟེན། །ཞེས་དང་། ཇི་སྐད་དུ། དྲང་པོར་འདུག་ལ་ཡང་དག་ལྟོས། །འདི་ནི་འགྱོད་ཚངས་རྒྱལ་པོ་ཡིན། །ཞེས་དང་། ཆོས་ཀྱི་རྒྱལ་པོའི་མདོ་ལས། སེམས་ཅན་གཅིག་སྟེ་གཉིས་སུ་མེད་པར་ཤེས་ན། སྒྲིབ་པ་ཐམས་ཅད་རྣམ་པར་བྱང་སྟེ། དཔེར་ན་མེ་ལོང་སྟེང་དུ་ལོ་སྟོང་གི་རྡུལ་ཆགས་པའང་གོས་ཀྱིས་ཕྱིས་པས་རྡུལ་མེད་པ་དང་མཚུངས་སོ། །ཞེས་དང་། དོན་དམ་པར་འཇུག་མདོ་ལས། ལྷ་ཡི་བུ་པདྨ་དཀར་པོས་གསོལ་པ། འཇམ་དཔལ་ལས་ཀྱི་སྒྲིབ་པ་ཇི་ལྟར་བྱང་བར་བྱ་སྨྲས་པས། ལྷ་ཡི་བུ་ལས་ཀྱི་སྒྲིབ་པ་ནི་ལས་ཉིད་ཡེ་ནས་དངོས་པོ་མེད་པར་ཤེས་ན་ཚེགས་མེད་པར་འདག་པར་འགྱུར་ཏེ། དུང་ལ་སོལ་བས་གོས་པ་ན་རས་ཀྱིས་ཕྱིས་པ་དང་མཚུངས་སོ། །ཞེས་དང་། དྲི་མེད་བཤགས་རྒྱུད་ལས། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །ཡང་སྙིང་ཡི་གེ་བརྒྱ་པ་འདི། །བདུན་ནམ་ཉི་ཤུ་རྩ་གཅིག་གམ། །བརྒྱ་དང་རྩ་བརྒྱད་བརྗོད་གྱུར་ན། །མཚམས་མེད་ལྔ་ཡི་སྡིག་པ་བྱང་། །ཉམས་ཆག་ཀུན་ཀྱང་བྱང་གྱུར་ནས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྲས་ཀྱི་དམ་པར་དགོངས་པར་འགྱུར། །ཞེས་དང་། ལུང་རྣམ་འབྱེད་ལས། གང་གིས་སྡིག་པའི་ལས་བྱེད་པ། །དགེ་བ་ཡིས་ནི་མཐར་བྱེད་དོ། །ཉི་ཟླ་སྤྲིན་ལས་གྲོལ་བ་བཞིན། །འཇིག་རྟེན་འདིར་ནི་དེར་སྣང་འགྱུར། །ཞེས་དང་། བཤེས་སྤྲིངས་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱིས་ནས་བག་དང་ལྡན་པ་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཤིང་། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན།། ༈ །།མཎྜལ་གྱི་མདོ་ལས། འདི་ལ་ལུས་ཀྱི་ལས་བྱས་ན། །ཁ་དོག་སེར་ལྟར་འབྱུང་བ་དང་། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །ལྷ་དང་མི་ལས་ཆེས་ལྷག་ཅིང་། །ཟླ་བ་ལྟ་བུ་གཟི་བྱིན་ལྡན། །ནོར་དང་གསེར་སོགས་ཕུན་སུམ་ཚོགས། །རྒྱལ་པོའི་རིགས་དང་སངས་རྒྱས་པ། །མཆོག་གི་ཁྱིམ་དུ་སྐྱེ་བར་འགྱུར། །ཞེས་དང་། སློབ་དཔོན་དབྱིག་གཉེན་གྱིས། ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་སྐལ་པ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །ཡོན་ཏན་མདོ་སྡེ་དག་ལས་གསུངས། །ཞེས་དང་། རྒྱུད་ལས། ཚོགས་མ་བསགས་ལ་དངོས་གྲུབ་མེད། །བྱེ་མ་བཙིར་བས་མར་མི་འབྱུང་། །ཚོགས་བསགས་པ་ལ་དངོས་གྲུབ་འབྱུང་། །ཏིལ་ལམ་འོ་མའི་མར་བཞིན་ནོ། །ཞེས་དང་། མདོ་ལས། ཇི་སྲིད་ཚོགས་གཉིས་དམ་པ་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་རྟོགས་མི་འགྱུར། །ཞེས་དང་། གསང་འདུས་ལས། ཞིང་འདིར་རྒྱལ་སྲིད་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་འཇོ་བའི་གཞི། །ཉིན་བཞིན་ཤེས་རབ་ཅན་གྱིས་ཕུལ། །ཞེས་དང་། ཁྱེའུ་སྣང་བྱེད་ཀྱིས་ཞུས་མདོ་ལས། འཇིག་རྟེན་དག་ན་བདེ་ཞིང་སྐྱིད་པ་ཀུན། །དེ་ཀུན་དཀོན་མཆོག་མཆོད་ལས་བྱུང་བས་ན། །རྟག་ཏུ་དཀོན་མཆོག་མཆོད་ལ་བརྩོན་པར་བྱ། །དེ་ཡང་ཐབས་མཆོག་བླ་མེད་མཎྜལ་ཡིན། །ཞེས་དང་། རྒྱུད་ལས། སངས་རྒྱས་ཞིང་ཁམས་ཐམས་ཅད་ལ། །སྟོང་གསུམ་ཞིང་ཁམས་མ་ལུས་པ། །འདོད་པའི་ཡོན་ཏན་བརྒྱན་པ་ཡི། །མཆོད་པས་སངས་རྒྱས་ཡེ་ཤེས་རྫོགས། །ཞེས་དང་། རི་ཆོས་ལས། སྐྱེ་བ་འདི་ནས་ཚེ་རབས་ཀུན། །བདེ་སྐྱིད་འབྱུང་བའི་རྒྱུ་གཅིག་པུ། །བསོད་ནམས་ཚོགས་ནི་བསགས་དགོས་ཏེ། །མཐར་ཐུག་སངས་རྒྱས་ཐོབ་དུས་ཀྱང་། །མཚན་དང་དཔེ་བྱད་བརྒྱན་པའི་སྐུ། །བསོད་ནམས་ཚོགས་ལས་བྱུང་བ་ཡིན།། ༈ །།འཁོར་ལོ་བདེ་བའི་རྒྱུད་ལས། དེ་ཕྱིར་ཆོས་ཀུན་རྩ་བ་ནི། །བླ་མ་རྡོ་རྗེ་འཛིན་པ་བཤད། །བླ་མ་དག་ལས་མ་བྱུང་བའི། །དངོས་གྲུབ་རྣམས་ནི་འབྱུང་མི་སྲིད། །བླ་མ་ཉིད་ལས་མ་བྱུང་བའི། །སངས་རྒྱས་ཞེས་བྱ་འབྱུང་མི་སྲིད། །སྲིད་པའི་ཁ་ལོ་གྱེན་དུ་ནི། །བླ་མ་མཚན་ཉིད་ལྡན་པས་བསྒྱུར། །ཞེས་དང་། དགོངས་འདུས་ལས། གང་དག་མུན་པར་འཁྱམས་པ་ལ། །བདེ་ཆེན་སྣང་བའི་ལམ་སྟོན་མཁན། །སྐྱབས་ཆེན་བླ་མ་དེ་ཉིད་ལས། །གཞན་གྱིས་བསྐྱབ་པར་ནུས་མ་ཡིན། །ཞེས་དང་། སློབ་མར་གྱུར་ནས་ངན་སེམས་ཀྱིས། །དམ་པ་དེ་ལ་བརྙས་བྱེད་གང་། །སངས་རྒྱས་ཀུན་ལ་བརྙས་པས་ན། །དེ་དག་སྤྱི་གཙུག་དམྱལ་བར་འགྲོ། །བཀའ་བཅག་སྐུ་བརྙས་ཐུགས་དཀྲུགས་ན། །མི་ཟད་སྡུག་བསྔལ་མྱོང་བར་འགྱུར། །ཚེ་འདིར་རྒྱལ་པོའི་ཆད་པ་སོགས། །ཉེས་པ་ཐམས་ཅད་དེ་ལས་འབྱུང་། །ཞེས་དང་། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། གང་གིས་བླ་མའི་བྱ་བ་ལ། །མཁས་པའི་སྐལ་ལྡན་གང་ཡིན་དེ། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །བསྐལ་པ་བྱེ་བ་དྲུག་འབུམ་དུ། །ཕྱག་བྱས་པས་ནི་འདི་དོན་ཆེ། །ཞེས་དང་། གསང་བ་རོལ་པ་ལས། བླ་མ་མཆོག་ལས་རང་ཉིད་ནི། །ཆེས་མཆོག་རློམ་སེམས་སྨྲ་བའམ། །ལྐོག་འཕྱའི་སྨྲ་བ་གང་བྱེད་དང་། །རྡོ་རྗེ་དམྱལ་བ་ཉིད་དུ་ཚུད། །ཀུ་རེ་ཙམ་ཡང་སྨོས་མི་བྱེད། །ངག་གི་ཉེས་བྱས་ཡང་དག་སྡོམ། །ཞེས་དང་། དགོངས་འདུས་ལས། བཀའ་ཟུར་མ་བཅག་ཆོས་སྒྲུབ་ན། །ཆོས་སྐྱོང་སྲུང་མ་མཐུ་ཆེན་རྣམས། །བུ་བཞིན་རྟག་ཏུ་སྲུང་བྱེད་ཅིང་། །འདོད་པའི་དངོས་གྲུབ་ཐམས་ཅད་འབྱུང་། །ཞེས་དང་། དཔུང་བཟློག་པའི་རྒྱུད་ལས། བླ་མ་དང་ནི་དེ་ཡི་འཁོར། །ཁྲོ་བའི་ཞེ་འགྲས་སུན་འབྱིན་པ། །བསྐལ་པ་ཞིང་གི་རྡུལ་སྙེད་དུ། །མནར་མེད་གནས་སུ་ཚུད་པར་འགྱུར། །ཞེས་དང་། དད་པ་འཁོར་ལོ་རིན་པོ་ཆེ། །ཉིན་མཚན་དགེ་བའི་ལམ་ནས་སྦྱོར། །ས་དང་ལམ་གྱི་རིམ་པ་རྣམས། །བླ་མར་མོས་གུས་ཁོ་ནས་ཟླུམ། །ཞེས་དང་། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། ཇི་ལྟར་དགེ་སློང་ཁྲིམས་ལྡན་པ། །འབུམ་ཕྲག་དྲུག་ཅུ་རྩ་གཉིས་ལ། །སྟོན་མོ་ལན་བདུན་བྱས་པ་བས། །བླ་མའི་ཞལ་དུ་འབྲས་མཆན་འབྲུ། །རྡོག་མ་བདུན་དྲངས་བསོད་ནམས་ནི། །བརྒྱ་སྟོང་ཁྲི་འབུམ་ཆར་མི་ཕོད། །ཅེས་དང་། གསང་འདུས་ལས། ཕྱོགས་བཅུ་དུས་གསུམ་སངས་རྒྱས་མཆོད་པ་བས། བླ་མའི་བ་སྤུའི་ཁུང་བུ་གཅིག་མཆོད་པ་བསོད་ནམས་ཆེའོ། །ཞེས་དང་། དགོངས་འདུས་ལས། ཆོས་ཀུན་མི་ཤེས་མ་རྟོགས་ཀྱང་། །མཚན་ཉིད་བཟང་ལྡན་བླ་མ་ལ། །བཀུར་སྟི་རིམ་གྲོ་ཆེར་བྱས་པ། །འཁོར་བའི་རྒྱ་མཚོ་བརྒལ་བར་འགྱུར། །དཔེར་ན་ཞིང་རབ་གཤིན་པོ་ལ། །ས་བོན་གང་བཏབ་རྒྱས་འཕེལ་བཞིན། །ཞེས་དང་། དགའ་རབ་རྡོ་རྗེས། བླ་མ་མཆོག་གིས་བཀའ་སྩལ་པ། །གལ་ཏེ་ཉེས་པའི་སྐྱོན་རིག་ཀྱང་། །ཇི་སྐད་སྨྲས་པ་དེ་བཞིན་བྱ། །དེ་བཞིན་བླ་མའི་བྱ་བ་ལ། །ལུས་ཀྱི་སྡུག་བསྔལ་ཅི་བྱུང་ཡང་། །རང་གིས་གང་ནུས་འབད་པར་བྱ། །བླ་མའི་ཐུགས་ནི་སྐད་ཅིག་ཙམ། །དཀྲུགས་པར་བྱ་བ་མ་ཡིན་ཏེ། །བླ་མའི་རྫས་དང་ནོར་རྣམས་ལ། །རང་གི་སྲོག་ལ་ཕངས་པ་བཞིན། །རྣལ་འབྱོར་པས་ནི་རྟག་ཏུ་བྱ། །གལ་ཏེ་བླ་མའི་ཞིང་ཁམས་སུ། །ཆོས་བཤད་དབང་བསྐུར་རབ་གནས་དང་། །བསམ་གཏན་བསྒོམ་པར་བྱ་བ་རྣམས། །རྗེས་མ་གནང་བར་མི་བྱ་འོ། །མདོར་ན་ལུས་དང་ངག་ཡིད་ཀྱི། །བྱ་བའི་རྣམ་པ་ཅི་སྤྱད་ཀྱང་། །བླ་མར་མ་ཞུས་མ་གནང་བར། །ཅུང་ཟད་ཙམ་ཡང་མི་བྱའོ། །ཞེས་དང་། དགོངས་འདུས་ལས། སྐྱོ་དུབ་མེད་པའི་དད་པ་དང་། །གྱོང་འཁེང་མེད་པའི་མཉེན་ལྕུག་དང་། །སེར་སྣ་མེད་པའི་ཟང་ཟིང་དང་། །སོམ་ཉི་མེད་པའི་སྲི་ཞུ་དང་། །གཡོ་སྒྱུ་མེད་པའི་དྲང་སྐད་དང་། །དྲི་མ་མེད་པའི་ལྷག་བསམ་སོགས། །དམ་པ་དེ་ལ་རྫོགས་པར་འབུལ། །ཞེས་དང་། ཡོན་ཏན་མཛོད་ལས། བླ་མའི་འཁོར་དང་རྡོ་རྗེའི་སྤུན་ལ་བསྙེན། །རྫིང་བུ་མཆོག་ལ་བརྟེན་པའི་ངང་པ་དང་། །བུང་བས་མེ་ཏོག་བཅུད་ལ་རོ་མྱོང་བཞིན། །རྟག་ཏུ་འགྲོགས་པའི་སྤྱོད་པ་ངོ་མཚར་ཅན། །སྐྱོ་ངལ་མེད་པ་བླ་མའི་ཐུགས་བཟུང་ནས། །དད་པའི་ཉེ་བར་ལེན་པས་ཡོན་ཏན་འགོ། །ཞེས་དང་། བརྗོད་བྲལ་ལྷན་གཅིག་སྐྱེས་པའི་ཡེ་ཤེས་དེ། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བརྟེན་པ་རྨོངས་པ་ཤེས་པར་བྱོས། །ཞེས་དང་། ཨཱ་ལི་ཀཱ་ལིའི་རྒྱུད་ལས། དུས་རྣམ་ཀུན་ཏུ་བླ་མའི་རྣལ་འབྱོར་ལ། །ཡུན་དུ་བསྲིང་སྟེ་འབུངས་བར་མ་གཏོགས་པ། །བསྐྱེད་རྫོགས་ལ་སོགས་བྱ་བ་མང་པོས་ཀྱང་། །དག་པའི་སྣང་བ་ལམ་དུ་སློང་བ་དཀའ། །ཞེས་དང་། རྗེ་འབྲི་གུང་པས། བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབེབ་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་དང་། འཇིགས་མེད་གླིང་པས། སྒོམ་བསྲན་པ་འཇིག་རྟེན་པའི་བསམ་གཏན་ལས་ན་མི་འཕར། མོས་གུས་ཅན་གནས་ལུགས་ཀྱི་སྲང་ལ་ཐེབ་པ་ཤ་སྟག་འབྱུང་། ཞེས་དང་། བཟང་སྤྱོད་ལས། བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །སོགས་དང་། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སོགས་དང་། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །སོགས་དང་། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །སོགས་དང་། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །སོགས་དང་། མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །སོགས་དང་། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །སོགས་དང་། དཔལ་སྦས་ཀྱིས་ཞུས་མདོ་ལས། གང་གི་ཕྱོགས་བཅུའི་སངས་རྒྱས་ལ། །དམིགས་ནས་ཐལ་མོ་སྦྱར་བྱས་ནས། །ཕྱག་འཚལ་དེ་བཞིན་མཆོད་བྱེད་དམ། །བསོད་ནམས་གང་ལ་ཡི་རང་ངམ། །སྡིག་པ་དག་ཀྱང་འཆགས་པར་བགྱིད། །བསྐུལ་དང་གསོལ་བ་འདེབས་གྱུར་ན། །དེ་ཡི་བསོད་ནམས་ཕུང་པོ་ནི། །ནམ་མཁའ་གང་བར་རབ་ཏུ་གནས། །ཞེས་དང་། ཨོ་རྒྱན་ཆེན་པོས། མ་ཡེངས་ཏིང་འཛིན་ལྡན་པས་བཟླ། །གཞན་དུ་ཡེངས་པར་གྱུར་པ་ནི། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་དང་། རྔམ་གློག་ལས། སྒྲ་ཆེན་མ་ཡིན་སྒྲ་ཆུང་མིན། །མགྱོགས་པ་མ་ཡིན་བུལ་བ་ཡིན། །དྲག་པོ་མ་ཡིན་ཞན་པ་མིན། །ཡིག་འབྲུ་ཡན་ལག་ཉམས་པ་མིན། །ཡེངས་པར་མ་ཡིན་སྨྲ་བཞིན་མིན། །གླལ་སོགས་བར་དུ་ཆོད་པས་མིན། །ཞེས་དང་། དམ་ཚིག་བཀོད་རྒྱུད་ལས། རྫོགས་པའི་རིམ་པ་བསྐལ་པའི་བར་དུ་ནི། །འདུའཛིའི་གཡེང་བ་སྤངས་ཏེ་བསྒོམས་པ་བས། བླ་མ་རང་སེམས་དཀྱིལ་དུ་དར་གཅིག་ཤར་བ་ཙམ། །འབུམ་ཕྲག་ཉི་ཤུའི་ཆར་ཡང་མི་ཕོད་དོ། །ཞེས་དང་། ཀུན་འདུས་རིན་པོ་ཆེའི་རྒྱུད་ལས། གང་གི་བསྐལ་པ་འབུམ་ཕྲག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམས་པ་བས། །བླ་མ་ཅུང་ཟད་དྲན་པ་མཆོག །བསོད་ནམས་དེ་ནི་ཕ་མཐའ་ཡས།། ༈ །།རྗེ་ལྷ་རྩེ་བས། འགྲོ་དྲུག་གི་དོན་དུ་ཐུགས་བསྐྱེད་ནས། །ལས་དཀར་པོ་དགེ་བཅུའི་དུས་འདའ་བ། །དེ་འཁོར་གསུམ་ཡོངས་སུ་དག་ན་རབ། །དེ་མིན་ཀྱང་བྱང་ཆུབ་ཡོངས་བསྔོ་འཚལ། །ཞེས་དང་། རྗེ་འབྲི་གུང་པས། ཚོགས་གཉིས་ཡིད་བཞིན་ནོར་བུ་ལ། །སྨོན་ལམ་གྱིས་བྱི་དོར་མ་བྱས་ན། །དགོས་འདོད་ཀྱི་འབྲས་བུ་མི་སྨིན་པས། །རྗེས་བསྔོ་བ་འདི་ལ་ནན་ཏན་མཛོད། །ཅེས་དང་། ཕལ་པོ་ཆེ་ལས། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དག །བཟང་པོ་ཇི་བཞིན་དེ་འདྲའི་ས་དག་ལ། །ཀུན་ནས་ཀུན་ཀྱང་བཟང་པོ་རེག་གྱུར་ཅིག །ཅེས་དང་། བློ་གྲོས་རྒྱ་མཚོས་ཞུས་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཅེས་དང་། སློབ་དཔོན་དཔའ་བོས། ཇི་ལྟར་དགེ་བའི་རྩ་བ་དེ་ཀུན་ཀྱང་། །གྲགས་དང་སྙན་དང་ལྷ་མིའི་བདེ་འབྲས་དང་། །རེ་བཅས་འཁོར་བའི་སེམས་པ་ཀུན་བྲལ་ཏེ། །འཇིག་རྟེན་འདས་པ་ཉིད་ཀྱི་རྒྱུ་རུ་བསྔོ། །ཞེས་དང་། དཀོན་མཆོག་སྤྲིན་མདོ་ལས། གང་ལ་དགེ་བ་མི་དམིགས་པ་དང་། ཇི་ལྟར་བྱ་བ་མི་དམིགས་པ་དང་། ཡོངས་སུ་འབད་པ་མི་དམིགས་པའི་ཚུལ་གྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག་པར་བྱའོ། །དཀོན་བརྩེགས་ལས། ཇི་ལྟར་ཕ་རོལ་ཏུ་ཕྱིན་པའི་དགེ་བ་དྲུག་གིས་བསྡུས་པའི་དགེ་བ་གང་ལའང་བྱེད་པ་པོ་བདག་ཉིད་དང་། བྱ་བའི་ཡུལ། བྱས་པའི་དགེ་བ་གསུམ་བྱེད་དུས་ནས་བདེན་ཞེན་མེད་པ་སྤྲུལ་པ་ལྟ་བུའམ། སྒྱུ་མ་ལྟ་བུས་སྤྱད་ན་མྱུར་དུ་སངས་རྒྱས་ཐོབ་པར་འགྱུར་རོ་ཞེས་དང་། མདོ་སྡུད་པ་ལས། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལའང་དམིགས་པ་རྒྱལ་བས་དེ་སྐད་གསུངས། །ཞེས་དང་། ཅི་སྟེ་མཚན་མ་ཡོད་ན་བྱང་ཆུབ་བསྔོ་བ་མིན། །ཅི་སྟེ་མཚན་མ་མེད་ན་བྱང་ཆུ་བསྔོ་བ་ཡིན། །ཞེས་དང་། དོ་ཧ་མཛོད་ལས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་ན། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་སྒོམ་ན་ཡང་། །སྲིད་པ་འདིར་གནས་ཐར་པ་ཐོབ་མི་འགྱུར། །གལ་ཏེ་གཉིས་པོ་སྦྱོར་བར་ནུས་པ་ཡིས། །སྲིད་པར་མི་གནས་ཞི་བར་དེ་མི་གོལ། །ཞེས་དང་། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་དག་ཐམས་ཅད་འགྲུབ་པར་འགྱུར། །ཞེས་དང་། ལྟུང་བཤགས་ལས། ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་པ་དང་། ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ ཡོངས་སུ་བསྔོ་བར་འགྱུར་བ་དང་། ཇི་ལྟར་ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །ཞེས་དང་། བཟང་སྤྱོད་ལས། དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། ། སརྦ་མངྒ་ལཾ།། །།