མཚུངས་མེད་གྲུབ་སྲས་འཕགས་མཆོག་རྡོ་རྗེའི་ཞབས་ཀྱི་རྣམ་ཐར་དད་པའི་རླབས་ཕྲེང་།

From Khyentse Lineage - A Tsadra Foundation Project
Wylie title mtshungs med grub sras 'phags mchog rdo rje'i zhabs kyi rnam thar dad pa'i rlabs phreng SPCD-KABUM-01-KA-001.pdf
Location 'phags mchog bka' 'bum
Volume 1, Text 1, Pages 1-29 (Folios 1a1 to 15a3)
Author མཁན་པོ་བཤད་སྒྲུབ་བསྟན་འཛིན་
Less details More details
Citation Khenpo Shedup Tenzin. Mtshungs med grub sras 'phags mchog rdo rje'i zhabs kyi rnam thar dad pa'i rlabs phreng. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. 1: 1-29. Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre Biographies - Hagiography - rnam thar
Colophon

།།དེ་ལྟ་བུའི་སྐྱེས་ཆེན་དེ་ཉིད་ཀྱིས་གདུལ་བྱའི་ཁམས་དབང་དང་འཚམ་པའི་གསུང་རྩོམ་ཇི་སྙེད་ཅིག་ཡོད་པ་ལས། གྲུ་རི་གསོལ་སྡེར་བཀྲ་ཤིས་སྒར་ནང་དཔར་དུ་འཁོད་པའི་གླེགས་བམ་ཐབས་ཤེས་མཚོན་བྱེད་ཨེ་ཝཾ་རྟགས་ཅན་གྱི་པོད་ཆེན་གཉིས་བཞུགས་ཡོད་འདུག་ཀྱང་། འདི་ཕྱོགས་སུ་དཔེ་རྒྱུན་ཤིན་ཏུ་དཀོན་པར་བརྟེན། སྨན་ལྗོངས་ནགས་མའི་ཚལ་གྱི་༧གྲུབ་དབང་བསོད་ནམས་བཟང་པོ་རིན་པོ་ཆེ་མཆོག་གི་ཐུགས་ཀྱི་སྲས་མཆོག །རྒྱལ་མཚན་སྤྲུལ་སྐུའམ་ཀུན་བཟང་བསྟན་པའི་རྒྱལ་མཚན་རིན་པོ་ཆེ་ཞེས་ཡོངས་སུ་གྲགས་ཤིང་སྒྲུབ་པའི་རྒྱལ་མཚན་འཛིན་པ་མཆོག་ནས། འབད་རྩོལ་ཆེན་པོས་གསུང་འབུམ་རིན་པོ་ཆེ་ཡོངས་རྫོགས་གསར་བཞེངས་དང་འབྲེལ། ཞུ་དག་དང་པར་བསྐྲུན་སོགས་ཁོ་བོ་ལ་བགྱི་འོས་ཀྱི་བཀའ་བཟང་སྤྱི་བོར་ཕེབས་པ་ལྟར། ལེགས་སོ་ཞེས་དང་བླངས་ཞུ་ཁུལ་བྱས་ཀྱང་། ཟིན་དུ་མེད་པའི་བྱ་གཞག་ཆུའི་གཉེར་མ་འདྲ་བས་མགོ་བོ་འཁོར་ཅིང་དེ་མུར་རྒྱུན་རིང་ཐལ་ཡང་། བར་ལམ་ནས་འཕགས་ཤིང་འབྲུག་དཀར་དགོན་གྱི་བླ་མ་ཕྲིན་ལས་རྣམ་རྒྱལ་མཆོག་གི་ཐུགས་བསྐྱེད་རྨད་དུ་བྱུང་བ་ལས་བལྟམས་པའི་ཤྲཱི་གཽ་ཏམ་བུདྡྷ་ཝི་ཧཱ་རའི་གསུང་རབ་རྒྱུན་སྤེལ་ཁང་དུ། དཔེ་ལུང་གི་རྒྱུན་དཀོན་རིགས་རྣམས་ཕྲན་བུ་རེ་བཞེངས་སྤེལ་བགྱི་བའི་མུར། ད་ལམ་ཡང་རྒྱལ་སྲས་འཕགས་མཆོག་རྡོ་རྗེ་མཆོག་གི་གསུང་འབུམ་རིན་པོ་ཆེའི་གླེགས་བམ་སྐུ་གསུམ་གྱི་གྲངས་ལྡན་ འདི་ཉིད་ཀྱང་། གློག་ཀླད་ཀམ་པིའུ་ཊར་ནང་གསར་དུ་བཙུད་དེ། འབྲེལ་ཡོད་རྣམས་ལ་ཆོས་སྦྱིན་དུ་སྤེལ་བའི་མཛད་པ་བདག་གིར་བཞེས་པ་ལ་ལེགས་སོའི་བསྔགས་བརྗོད་ཞུ་བ་གྱི་ཡིག་ཆ་ཞིག་ཕྲན་གྱི་སྤྱི་བོར་བསྩལ་གནང་བཀའ་དྲིན་ཆེ་བ་ལས་ཇི་ལྟར་བྱུང་བ་བཞིན་བཀོད་པའི་ཁུལ་དང་། དཀར་ཆག་དང་གོ་རིམ་སོགས་ཀྱང་མཚུངས་མེད་རྒྱལ་མཚན་སྤྲུལ་སྐུ་རིན་པོ་ཆེ་མཆོག་ནས་བསྡེབས་གནང་མཛད་འདུག་པ་ལྟར་སོར་བཞག་ཐོག །ཞུ་དག་སོགས་གང་ཐུབ་ཞུས་པའི་ཁུལ་ལགས་ན། འདི་དང་རྗེས་སུ་འབྲེལ་བའི་ཡིག་འཇུག་གི་ལས་བྱེད་པ་ལྷ་མོ་དང་། ཡོལ་མོ་བ་སེངྒེ་རྒྱལ་པོ། ཕྱག་དཔེའི་བཟོ་བཀོད་དང་ཞུ་དག་གི་འགན་བཞེས་པ། འཛི་སྒར་མཁན་པོ་འཇམ་དབྱངས་ཉི་མ་མཆོག་དང་། ཕྱག་རོགས་བླ་མ་རྡོ་རྗེ། གྲྭ་ཚེ་རིང་དབང་རྒྱལ་སོགས་ལ་ཡང་ལེགས་སོ་ཞུ་རྒྱུ་དང་། དགེ་རྩ་རྫོགས་བྱང་དུ་བསྔོ་བ་བཅས། རྣམ་དཀར་གྱི་འདུ་བྱེད་པོ་མཁན་བཤད་སྒྲུབ་བསྟན་འཛིན་མིང་པས། རབ་གནས་ཆུ་ལུག་ལོའི་ཟླ་བ་་༨ པའི་ཚེས་་༢༥ ཕྱི་ལོ་་༢༠༠༣ ཟླ་བ་་༡༠ ཚེས་ ༢༠ མཚུངས་མེད་འགྲོ་བའི་དཔལ་མགོན་ཆོས་རྗེ་རྒྱ་རས་པ་ཡེ་ཤེས་རྡོ་རྗེ་ཞེས་ས་གསུམ་ན་སྙན་པར་གྲགས་པ་དེ་ཉིད་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་ཚུལ་བསྟན་པའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན། ཤྲཱི་གཽ་ཏམ་བུདྡྷ་ཝི་ཧཱ་རའི་གསུང་རབ་རྒྱུན་སྤེལ་ཁང་ནས་དཔེ་བསྐྲུན་སྔོན་བརྗོད་ཀྱི་ཚུལ་དུ་བཀོད་པ་དགེ་ལེགས་སུ་གྱུར་ཅིག། །།པར་ཟིན་པ་ཡིན་ལགས།

//de lta bu'i skyes chen de nyid kyis gdul bya'i khams dbang dang 'tsham pa'i gsung rtsom ji snyed cig yod pa las/_gru ri gsol sder bkra shis sgar nang dpar du 'khod pa'i glegs bam thabs shes mtshon byed e waM rtags can gyi pod chen gnyis bzhugs yod 'dug kyang /_'di phyogs su dpe rgyun shin tu dkon par brten/_sman ljongs nags ma'i tshal gyi 7grub dbang bsod nams bzang po rin po che mchog gi thugs kyi sras mchog_/rgyal mtshan sprul sku'am kun bzang bstan pa'i rgyal mtshan rin po che zhes yongs su grags shing sgrub pa'i rgyal mtshan 'dzin pa mchog nas/_'bad rtsol chen pos gsung 'bum rin po che yongs rdzogs gsar bzhengs dang 'brel/_zhu dag dang par bskrun sogs kho bo la bgyi 'os kyi bka' bzang spyi bor phebs pa ltar/_legs so zhes dang blangs zhu khul byas kyang /_zin du med pa'i bya gzhag chu'i gnyer ma 'dra bas mgo bo 'khor cing de mur rgyun ring thal yang /_bar lam nas 'phags shing 'brug dkar dgon gyi bla ma phrin las rnam rgyal mchog gi thugs bskyed rmad du byung ba las bltams pa'i shrI gau tam bud+d+ha wi hA ra'i gsung rab rgyun spel khang du/_dpe lung gi rgyun dkon rigs rnams phran bu re bzhengs spel bgyi ba'i mur/_da lam yang rgyal sras 'phags mchog rdo rje mchog gi gsung 'bum rin po che'i glegs bam sku gsum gyi grangs ldan _'di nyid kyang /_glog klad kam pi'u Tar nang gsar du btsud de/_'brel yod rnams la chos sbyin du spel ba'i mdzad pa bdag gir bzhes pa la legs so'i bsngags brjod zhu ba gyi yig cha zhig phran gyi spyi bor bstsal gnang bka' drin che ba las ji ltar byung ba bzhin bkod pa'i khul dang /_dkar chag dang go rim sogs kyang mtshungs med rgyal mtshan sprul sku rin po che mchog nas bsdebs gnang mdzad 'dug pa ltar sor bzhag thog_/zhu dag sogs gang thub zhus pa'i khul lags na/_'di dang rjes su 'brel ba'i yig 'jug gi las byed pa lha mo dang /_yol mo ba seng+ge rgyal po/_phyag dpe'i bzo bkod dang zhu dag gi 'gan bzhes pa/_'dzi sgar mkhan po 'jam dbyangs nyi ma mchog dang /_phyag rogs bla ma rdo rje/_grwa tshe ring dbang rgyal sogs la yang legs so zhu rgyu dang /_dge rtsa rdzogs byang du bsngo ba bcas/_rnam dkar gyi 'du byed po mkhan bshad sgrub bstan 'dzin ming pas/_rab gnas chu lug lo'i zla ba 8_pa'i tshes 25_phyi lo 2003_zla ba 10_tshes _20_mtshungs med 'gro ba'i dpal mgon chos rje rgya ras pa ye shes rdo rje zhes sa gsum na snyan par grags pa de nyid dgongs pa chos kyi dbyings su thim tshul bstan pa'i dus chen khyad par can gyi nyin/_shrI gau tam bud+d+ha wi hA ra'i gsung rab rgyun spel khang nas dpe bskrun sngon brjod kyi tshul du bkod pa dge legs su gyur cig/___//par zin pa yin lags/

[edit]
༄༅། །མཚུངས་མེད་གྲུབ་སྲས་འཕགས་མཆོག་རྡོ་རྗེའི་ཞབས་ཀྱི་རྣམ་ཐར་དད་པའི་རླབས་ཕྲེང་ཞེས་བྱ་བ་བཞུགས་སོ།།


༄༅། །ན་མོ་གུ་རུ་བྷྱ། དེ་ཡང་མཁྱེན་བརྩེའི་ཡེ་ཤེས་བསམ་གྱིས་མི་ཁྱབ་ཅིང་སྒྲུབ་པའི་རྒྱལ་མཚན་སྒྲེང་བཞིན། གྲུབ་པའི་དབང་པོ་ཤཱཀྱ་ཤྲཱི་ཛྙཱ་ནའི་རྒྱལ་ཚབ་ལ་ངང་གིས་བྱོན་པའི་ལྷ་སྲས་འཕགས་མཆོག་རྡོ་རྗེ་ནི། གྲུ་རི་གསོལ་སྡེར་ཁ་ཞེས་པའི་གདན་སར། ཡབ་གྲུབ་ཆེན་ཤཱཀྱ་ཤྲཱི་དང་། ཡུམ་ཐོ་ཚ་བ་ཚང་ཆོས་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་མོ་སྦྲུལ། སྤྱི་ལོ་ ༡༨༩༣ ལོར་ངོ་མཚར་བའི་ལྟས་དང་བཅས་སྐུ་འཁྲུངས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྤྲུལ་པ་ལྔ་ཡོད་པ་ལས་མཁྱེན་བརྩེའི་ཐུགས་ཀྱི་སྤྲུལ་པ་ཡིན་ཞེས་མཚུངས་མེད་ཀྱི་སྐྱེས་བུ་དམ་པ་འགའ་ཡིས་གསུང་། ཡང་སྐུ་ཕྲེང་བརྩི་སྲོལ་གཅིག་ལྟར་ན། སྐུ་ཐོག་དང་པོ་ཀུན་མཁྱེན་འཇིགས་མེད་གླིང་པ། གཉིས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ། གསུམ་པ་རྒྱལ་སྲས་འཕགས་མཆོག་རྡོ་རྗེ་སྟེ་མཁྱེན་བརྩེའི་ ཡང་སྤྲུལ་གྱི་གྲས་སུའང་ངོས་བཟུང་། སྐུ་ན་གཞོན་པའི་དུས་འབྲི་ཀློག་སོགས་སློབ་གཉེར་རྒྱ་ཆེར་མ་མཛད་ཀྱང་། རང་བྱུང་གི་དགོངས་པ་ཀློང་དུ་རྡོལ་ཏེ་མཁྱེན་རབ་ཀྱི་རྩལ་ཕྱོགས་མེད་དུ་འབར་བས། འཆད་རྩོད་རྩོམ་གསུམ་སོགས་མཁས་པའི་བྱ་བ་ལ་མཐོང་ཐོས་ཀྱི་སྐྱེ་བོ་མཆོག་དམན་ཀུན་གྱིས་མངོན་པར་བསྟོད། དགུང་ལོ་ཅུང་སོན་པའི་ཚེ་ཡབ་ལས་རང་གཏེར་བླ་སྒྲུབ་གུ་རུ་བདེ་ཆེན་དང་། ཆོས་ལོངས་སྤྲུལ་གསུམ། བླ་མ་ཞི་དྲག །གྲུབ་ཆེན་གང་གི་དག་སྣང་སྙན་རྒྱུད་ཀྱི་སྐོར་སོགས་ཀྱི་སྨིན་གྲོལ་ཆ་ཚང་དང་། སྔོན་འགྲོ་སེམས་ཀྱི་སྣ་ཁྲིད་ནས། དངོས་གཞི་ཕྱག་རྫོགས་དབུ་གསུམ་གྱི་བར་ཉམས་ཁྲིད་སོགས་ཞིབ་ཆ་མཛད་དེ་བསྩལ་ནས་རྟོགས་པ་དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ། ཤར་ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོའི་དྲུང་ནས་བསྙེན་པར་རྫོགས། ཀཿཐོག་པ་ཆེན་པོས་ཀུན་མཁྱེན་གསུམ་པའི་བྱིན་གྱིས་བརླབས་པའི་རྒྱལ་སྲས་འཕགས་མཆོག་རྡོ་རྗེ་ཞེས་སྔགས་བརྗོད་དང་བཅས་སྤྱི་བོར་བསྐུར་ནས་ཕན་ཚུན་བླ་སློབ་རེས་མོས་སུ་གྱུར། ཁམས་སྤྲུལ་དྲུག་པ་བསྟན་པའི་ཉི་མ་དང་། ཆབ་མདོ་རྒྱལ་དབང་འཕགས་པ་ལྷ་ཕྲིན་ལས་རྒྱ་མཚོ། གཏེར་ཆེན་ཉི་མ་གྲགས་པ། ༧གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། ཟེ་ཆེན་རྒྱལ་ཚབ་རིན་པོ་ཆེ། སྐྱབས་མཆོག་འབྲུག་ཆེན་སྐུ་ཕྲེང་བཅུ་པ། ཨ་འཛོམ་འབྲུག་པ་རིན་པོ་ཆེ་སོགས་གསར་རྙིང་རིས་མེད་ཀྱི་དམ་པའི་སྐྱེས་བུ་མང་པོ་བསྟེན་ཅིང་། རང་རིག་དོན་གྱི་ངོ་སྤྲོད་སོགས་གདམས་ཟབ་གསང་ཆོས་མང་དུ་གསན། ཡབ་རྗེ་དམ་པའི་དགོངས་བཞེད་བཞིན་རབ་བྱུང་བཅོ་ལྔ་པའི་མེ་སྦྲུལ། སྤྱི་ལོ་ ༡༩༡༧ འཕགས་མཆོག་རྡོ་རྗེ་དགུང་ལོ་ཉེར་ལྔ་ལ་སོན་པའི་ཚེ་འཛམ་གླིང་སྤྱི་ཡི་རྟེན་སྐལ། བསོད་ནམས་བསགས་པའི་མཆོད་སྡོང་བླ་ན་མེད་པ་བལ་ཡུལ་མཆོད་རྟེན་རྣམ་གསུམ་ཉམས་གསོ་མཛད་པར་ཕེབས་པས། བལ་ཡུལ་རང་བྱུང་གི་མཆོད་རྟེན་གོ་མ་ས་ལ་གནྡྷའམ་འཕགས་པ་ཤིང་ཀུན་ཏུ་གྲགས་པ་དེ་ཉིད་ཀྱི་ཉམས་གསོ་ཁྱད་དུ་འཕགས་པ་གྲུབ་ཅིང་། རབ་ཏུ་གནས་པའི་མེ་ཏོག་འཐོར་བ་སོགས་ལེགས་པར་གྲུབ་རྗེས། ཡབ་རྗེ་གྲུབ་དབང་མཆོག་སྦས་གནས་དཔལ་གྱི་ཙ་རིའི་ནུབ་སྒོའི་གནས་ལག་སྐྱིད་ཕུག་སྒྲུབ་སྡེར། གཞན་དོན་དུ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ཕྱིར་ཉིན་ནས་བཟུང་། རྒྱལ་སྲས་འཕགས་མཆོག་རྡོ་རྗེ་ཉིད་དང་། སྐུ་མཆེད་ཚེ་དབང་འཇིགས་མེད་གཙོས་ཐུགས་སྲས་བུ་སློབ་རྣམས་ནས་བཀའ་བགྲོས་མཛད་དེ། ཁྱབ་བདག་བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་གྲུབ་དབང་རིན་པོ་ཆེའི་ཐུགས་བཞེད་ཕྲིན་ལས་ཀྱི་ལྷག་མ། བསྟན་འགྲོར་སྨན་པའི་རྡོ་རྗེའི་གསུང་། སྐྱེ་འགྲོའི་བདེ་སྐྱིད་ཐམས་ཅད་ཀྱི་འབྱུང་རྩ། སྔོན་མཁན་སློབ་ཆོས་གསུམ་ཕ་བྱ་རྫི་གསལ་བ་དང་། མ་བྱ་རྫི་མ་པུརྣ་ཞེས་བྱ་བའི་བུ་མོ་བདེ་མཆོག་གི་བུར་འཁྲུངས་པའི་ཚེ་ཐུགས་བསྐྱེད་དང་སྨོན་ལམ་གྱི་རྟེན་དུ་བཞེངས་པ། སངས་རྒྱས་འོད་སྲུང་གི་རིང་བསྲེལ་གྱིས་གཏམས་པའི་མཆོད་རྟེན་བྱ་རུང་ཁ་ཤོར་དུ་གྲགས་པ་དང་། སྟོན་པ་རྫོགས་པའི་སངས་རྒྱས་ཤཱཀྱའི་རྒྱལ་པོ་སློབ་པ་ལམ་ཞུགས་ཀྱི་སྐབས་སུ་སྟག་མོ་བཀྲེས་སྐོམ་གྱིས་ཉེན་པ་ལ་སྐུ་ལུས་སྦྱིན་པ་བཏང་བའི་རུས་བུའི་མཆོད་རྟེན་སྟག་མོ་ལུས་སྦྱིན་དུ་གྲགས་པ་གཉིས་ཉམས་གསོ་མི་བསྒྲུབ་ཐབས་མེད་ཀྱི་གྲོས་ཐམས་ཅད་མགྲིན་གཅིག་ཏུ་འགྲིགས། དེ་ལྟར་ཉམས་གསོ་ཞུ་ཆོག་མིན་གང་འགབ། ༧གོང་ས་ལྷ་མིའི་རྣམ་འདྲེན་བཅུ་གསུམ་པ་ཆེན་པོར་སྙན་ཞུ་ཕུལ་བས་ཉམས་གསོ་བྱ་དགོས་ཀྱི་བཀའ་བཟང་དང་། ཞལ་འདེབས་སློང་ཡིག་དོན་འཐུས་བཅས་སྤྱིར་སྨིན་བྱུང་འཕྲལ། ཞལ་སློབ་ཚེ་བརྟན་རྡོ་རྗེ་དང་། འགྲོ་འདྲེན་མི་འགྱུར་སྤྲུལ་སྐུ། ཐུགས་སྲས་ཆུང་བ་གསུམ་དང་། ཆོས་སྤྲུལ་སོགས་བུ་སློབ་རྣམས་རྒྱ་བལ་དབུས་གཙང་མདོ་ཁམས་བཅས་སུ་སློང་མོ་སོ་སོར་བཏང་བས་ཞལ་འདེབས་ཕྱི་སྒོར་དྲུག་ཁྲི་ལྷག་ཙམ་དང་། བོད་དངུལ་རྡིལ་ཚད་གྲངས་མང་། གསེར་ཕྱེ་དང་། བོད་ཊམ། རྒྱ་དངུལ་སོགས་བགྲང་ལས་འདས་པ་འབྱོར། ལྷོ་འབྲུག་ཆོས་རྒྱལ་ཆེན་པོ་ནས་ཕྱི་སྒོར་ཆིག་ཁྲི་སུམ་སྟོང་བདུན་བརྒྱ་དང་། འབྲུག་ཡུལ་དུ་སློང་ཡིག་བཅས་གནང་ནས་ཞལ་འདེབས་རྒྱ་ཆེར་བསྩལ། གྲུབ་དབང་མཆོག་གི་སྐུ་ཆས་དང་རྫས་གང་ཡོད་བསྡོམས་ཕྱི་སྒོར་ཁྲི་ཕྲག་གཅིག་བཅས་ཡོད་པའི་ནང་། ཕྱི་སྒོར་ཉིས་ཁྲི་སུམ་སྟོང་བཞི་བཅུའི་གསེར་རྐྱང་བསྒྲུབས། གཞན་ཡང་དངུལ་ཆུ་དང་། ཟངས། ཤིང་། རྡོ། ལྕགས། ཟ་ཆས། ཁྲུས་རྫས་སོགས་ཀྱི་རིན་དང་། ལྕགས་བཟོ། ཤིང་བཟོ། རྡོ་བཟོ། ལྷ་བཟོ། བརྩིགས་མཁན། ས་རྡོ་སྐྱེལ་འདྲེན་བྱེད་མི་སོགས་བསྡོམས་མི་གྲངས་སུམ་བརྒྱ་དང་ང་བཞི་ཙམ་ལ་ཉིན་བཞིན་གླ་ཆ། ལྟོ། གསོལ་རས་སོགས་ཕངས་སེམས་མེད་པ་ལེགས་པར་བསྩལ་བཞིན། རབ་བྱུང་བཅོ་ལྔ་པའི་ལྕགས་སྤྲེལ་སྤྱི་ལོ་ ༡༩༢༠ ལོར་དབུ་འཛུགས་ཏེ་གཞུང་ས་མཆོག་ནས། ཤར་བྱང་གི་ཆོས་རྗེ་དང་། རྒྱུད་སྟོད་སྨད་ཀྱི་བླ་གྲྭ། དོ་དམ་པ་རྩེ་དྲུང་བཅས་ཕེབས་ཏེ་ཆོས་རྗེ་སྟོན་འཁོར་ནས་ཨརྒྷའི་སྤོ་ཆོག་དང་རྒྱབ་རིམ་ཉིན་བཞིན་བར་མེད་དུ་གསུང་བ་དང་། མཆོད་རྟེན་ཆེན་པོ་ལ་ཉམས་ཆགས་དང་། འཐོར་བརླག་སོང་བའི་སྐྱོན་གང་ཡོད་རྣམས་ཕྱིར་ཞུས་ཏེ་ཉམས་གསོ་གང་དགོས་རིགས་ཕུལ་དུ་བྱུང་བ་བཟོ་བྱད་མཛེས་པར་བྱས་པ་དང་། བུམ་པ་ནས་ཆོས་འཁོར་རྩེའི་གཉྫི་ར་གོང་མའི་བར་ཐོག་བརྩེགས་ཉེར་བརྒྱད་ཡོད་པ་དེར་ཆར་བརླན་གྱིས་ཕལ་ཆེར་འཇིགས་ལ་ཉེ་བ་དེར། རྡོ་སྦྱོར་རྩི་དཀར་གྱིས་སྲ་ཞིང་བརྟན་པའི་ཉམས་གསོ་དང་། བྲེ་ཐོག་བརྩེགས་གཉིས་ཀྱི་ངོས་རེར་སྤྱན་དཀྱུས་འདོམ་ཕྱེད་གཉིས་རེ་ཡོད་པ་རྣམས་ལ་སྤྱན་འབྱེད་གསར་དུ་ཕུལ། བྲེ་ཡི་ཁར་སྔར་མེད་ཟངས་གསེར་གྱི་ནོར་བུའི་དྲྭ་ཕྱེད་འབུར་དུ་བརྐོས། ཟ་ར་ཚག་འདེགས་བྱེད་ཀྱི་ཀ་ཆེན་བཅུ་དྲུག་ཡོད་པ་སྲ་བརྟན་གང་དྲག་གི་གསར་བཟོ་དང་། གསེར་ཟངས་ཀྱིས་སྦུབ་ཤན་བྱས། དབུ་གདུགས་ཀྱི་འོག་པད་འདབ་ནང་མ་ལྔ་ལ་རིགས་ལྔའི་ས་བོན་ལཉྫ་དང་། ཕྱི་ཡི་པད་འདབ་ལ་བཀྲ་ཤིས་རྟགས་བརྒྱད། དབུ་གདུགས་ཀྱི་མཐའ་སྐོར་ཀུན་ཏུ་ཟངས་གསེར་གྱི་ཤམ་བུ་ནོར་བུའི་དྲྭ་བ་དྲྭ་ཕྱེད་ཀྱིས་མཛེས་པར་སྤྲས་པ་དང་། དབུ་རྩེའི་ཐོག་ཟངས་གསེར་གྱི་གཉྫི་ར་ཐོག་བརྩེགས་ཕྱེད་གཉིས་ལང་པ་བཅས་གསར་བསྐྲུན་བྱས་ཏེ། གཞུང་ས་ཆེན་པོ་ནས་གནང་བའི་སྐུ་གསུང་ཐུགས་རྟེན་བྱིན་ཅན་དང་། གཞན་ནས་རྟེན་རྩ་ཆེའི་རིགས་དང་། ཞལ་འདེབས་རྟེན་བཞག་ཇི་སྙེད་བྱུང་བ་རྣམས་ལྷག་ལུས་མེད་པ་ཕྱུར་བུར་བཀང་ཞིང་། མཆོད་རྟེན་གྱི་ཉེ་འཁོར་ཀུན་ཏུ་མཛེས་ཤིང་བརྗིད་ཆགས་པའི་ཡུལ་གྱི་བཀོད་བསྒྲིགས་ཚར་དུ་དངར་བར་མཛད་དེ། ཉེ་འཁོར་གྱི་གྲོང་པ་རྣམས་གཞན་དུ་སྤོ་རུ་འཇུག་པ་དང་། དེ་ཡི་མལ་དུ་སྒོ་ཆེན་ཤིན་ཏུ་ཆེ་བ་ཞིག་བསྐྲུན། ཆུ་མིག་རྣམས་རྒྱ་ཆེ་རུ་བཅུག་སྟེ་དྭངས་ཤིང་གཙང་བ་གསར་བསྐྲུན་མཛད་པ་སོགས། རྒྱུ་དངོས་དང་ས་རྡོ་ཚུན་ཆད་ཆུད་ཟོས་ཀྱི་ཉེས་གོས་མེད་པ་མཛེས་བརྗིད་སྲ་བརྟན་གྱི་ཉམས་གསོ་ཡོངས་རྫོགས་གྲུབ་པར་མཛད་ནས་དུས་ཚེས་དགེ་བའི་ཉིན། ༧གོང་ས་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོའི་གསེར་སྙན་དུ་ཐུགས་དམིགས་སྒྲོན་བསྐུལ་གྱིས་རབ་གནས་དགོངས་གཏད་ཞུས་ཤིང་། ཤར་རྩེ་ཆོས་རྗེ་རིན་པོ་ཆེ་དང་། རྒྱུད་གྲྭ་འཁོར་བཅས། སྲས་སྐུ་མཆེད་རྣམ་པ་བཅས་ནས་རབ་ཏུ་གནས་པའི་མེ་ཏོག་འཐོར་བ་དང་། ཚོགས་འཁོར་མཆོད་འབུལ་རྒྱ་ཆེར་མཛད་དེ་བསྟན་འགྲོར་འཕྲལ་ཡུན་ཀུན་ཏུ་དགེ་བའི་ཐུགས་སྨོན་ཟབ་ཅིང་རྒྱ་ཆེ་བ་མཛད། དེ་སྐབས་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་འཕེལ་གདུང་གི་ཆར་བབས་པ་གནས་བསྐོར་བ་ཀུན་གྱིས་མཐོང་བ་སོགས་ངོ་མཚར་ཁྱད་དུ་འཕགས་པ་བྱུང་ངོ་། །དེ་ལྟར་མཆོད་རྟེན་བྱ་རུང་ཁ་ཤོར་ཉམས་གསོ་གྲུབ་ནས། རྒྱལ་སྲས་རིན་པོ་ཆེ་ལྕམ་དྲལ་རྣམས་དང་། ཞལ་སློབ་འཁོར་དང་བཅས་པ་ཐུགས་བསྐྱེད་རྒྱ་ཆེན་པོའི་ངང་སྟག་མོ་ལུས་སྦྱིན་དུ་གྲགས་པའི་མཆོད་རྟེན་ཉམས་གསོ་མཛད་སར་ཕེབས། བལ་པོ་ཛ་ག་དྷ་ར་དང་། དྷརྨ་སའུ་སོགས་ནས་ཉམས་གསོ་མཐུན་འགྱུར་གྱི་རོགས་རམ་རྒྱ་ཆེན་པོ་མཛད། དེ་བཞིན་ཕྱག་ཁར་ཞལ་འདེབས་བྱུང་རིགས་རྣམས་ཕྱོགས་གཅིག་ཏུ་བསྡོམས་ནས་ཉམས་གསོ་མཛད་ཚུལ་ལ། མཆོད་རྟེན་གྱི་ཆོས་འཁོར་ཕལ་ཆེར་འཐོར་ནས་སྲོག་ཤིང་རྩ་རུལ་སོང་འདུག་པ་དེ་དག་ཐམས་ཅད་གསར་དུ་བརྗེས། བང་རིམ་དང་བུམ་པ་སོགས་འཐོར་ཞིག་སོང་བ་ཀུན་དང་། ཆག་གས་སོང་བ་གང་ཡོད་ལ་རྡོ་སྦྱོར་གྱིས་གསར་དུ་བསྐྲུན། བྲེ་ཆོས་འཁོར་བཅས་སོ་ཕག་དང་རྡོ་སྦྱོར་གྱིས་སྲ་བརྟན་ཡོང་ངེས་མཛད། ཁར་ཟངས་གསེར་གྱིས་གཡོགས། དབུ་གདུགས་འདེགས་བྱེད་ཀ་བ་དང་། ཀ་རྒྱང་། ཟ་ར་ཚག་སོགས་གསར་བསྐྲུན་མཛད་དེ། བཟོ་དབྱིབས་ཁྱད་དུ་འཕགས་པ་བཞེངས་གྲུབ་རྗེས། ཤར་རྩེ་ཆོས་རྗེ་སྟོན་འཁོར་དང་། རྒྱལ་སྲས་རིན་པོ་ཆེ་འཁོར་དང་བཅས་པས། རབ་གནས་མཆོད་འབུལ་གྱི་མངའ་གསོལ་བས། དགེ་ལེགས་ཀྱི་སྣང་བས་ས་གསུམ་ཡོངས་སུ་ཁྱབ་པར་མཛད་དོ། །སླད་ནས་ཀྱང་ཉམས་གུད་སོགས་འབྱུང་དོགས་གིས། ཕྱི་རིམ་དུ་ལྕགས་རི་དཔངས་མཐོ་བ་ཞིག་གིས་བསྐོར་ཞིང་ཤར་ལྷོ་གཉིས་སུ་སྒོ་ཆེན་རེ་འཛུགས་ཏེ་དོ་དམ་བྱ་རྒྱུ་དང་། གཞན་ཡང་འགྲིམ་ཁང་དང་ཉམས་གསོ་བྱ་རྒྱུ་སོགས་བལ་པོ་ཛ་ག་དྷ་ར་དང་། དྷརྨ་སའུ་ལྷན་འཛོམ་ཐོག་ཏུ་ལས་སྒོའི་གཏོང་ཐེབས་སུ་འཕྲོས་ལྷན་ནས་ཕྱི་སྒོར་བདུན་བརྒྱ་ཐམ་པ་ཕྱི་རྗེས་སུ་བཞག་ནས་ཉམས་གསོ་ལས་སྒོ་བགྱིད་ལུགས་སོགས་ཞིབ་པར་བསྩལ། དེ་ལྟར་ཡབ་རྗེ་གྲུབ་དབང་ཆེན་པོའི་ཐུགས་ཀྱི་དགོངས་བཞེད་ཐམས་ཅད་ལྷག་མ་མ་ལུས་པ་དོན་གཉེར་ལྷུན་གྱིས་གྲུབ་པར་མཛད། འཕྲོས་ལྷག་གསེར་གྱི་པ་ཊ་སྒོར་ལྔ་བཅུ་ང་དྲུག་གི་ལྗིད་ཡོད་པ། སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་སྤར་གཞི་གསར་བསྐྲུན་དང་། ཆོས་འཁོར་རྣམ་གསུམ་གྱི་ལྡེབ་བྲིས་གསར་བཞེངས་གནང་བའི་སྐབས། ཞལ་འདེབས་འབྲེལ་འཇོག་ཏུ་ཕུལ། ༧གོང་ས་ཆེན་པོ་སྐྱབས་མགོན་ཐུབ་བསྟན་རྒྱ་མཚོ་མཆོག་དང་། ཐུན་མོང་མ་ཡིན་པའི་བླ་སློབ་ཏུ་གྱུར་ཏེ་ཐུགས་ཡིད་ཆུ་བོ་གཅིག་འདྲེས་སུ་གྱུར། དེ་ནས་ཡབ་རྗེ་དམ་པའི་དགོངས་རྫོགས་སུ་བལ་ཡུལ་དང་འབྲས་འབྲུག་རྒྱ་གར་བཅས་ཀྱི་གནས་ཆེན་རྣམས་དང་། དབུས་གཙང་མདོ་ཁམས་སོགས་བོད་ཡུལ་གྱི་གནས་ཁྱད་འཕགས་རྣམས་སུ་ཆོས་མཇལ་མཆོད་འབུལ་དུ་མ་ཕེབས་པ་མེད་པ་ལྟ་བུ་མཛད་དེ། རང་གཞན་གྱི་དངོས་པོ་ཀུན་ཀྱང་ཆུད་ཟོས་མེད་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རླབས་པོ་ཆེ་གོང་ནས་གོང་དུ་འཕེལ་བར་འགྱུར་བའི་ཐབས་ཁོ་ན་ལ་བརྩོན་པར་མཛད། ཙ་རིའི་གནས་ལག་སྐྱིད་ཕུག་དང་། སེར་བཀྲ་ཤིས་སྟེང་བཅས་ལ་གཙུག་ལག་གསར་བཞེངས་དང་། སྒྲུབ་སྡེ་གསར་འཛུག །གྲུབ་དབང་མཆོག་གི་འདྲ་སྐུ་ཟངས་གསེར་ལས་བསྐྲུན་པ་གཟུངས་གཞུག་རབ་གནས་ཁྱད་འཕགས་ཅན་དང་། གདུང་ཁང་གི་མལ་དུ་བྱང་ཆུབ་མཆོད་རྟེན་ཐོག་བརྩེགས་ཕྱེད་གཉིས་ལང་པ་བཅས་བསྐྲུན། དེ་ནས་མདོ་ཁམས་གྲུ་གུ་གསོལ་སྡེར་ཁར་ཕེབས་ཏེ་གཙུག་ལག་ཁང་གསར་བཞེངས་དང་། གྲུབ་དབང་རིན་པོ་ཆེའི་གདུང་རྟེན་ཟངས་གསེར་གྱི་མཆོད་སྡོང་གསེར་དང་རིན་པོ་ཆེའི་ཕྲ་རྒྱན་ཅན་དང་། ཟངས་གསེར་ལས་གྲུབ་པའི་གྲུབ་དབང་ཉིད་ཀྱི་འདྲ་སྐུ་གསར་བཞེངས་མཛད་པས། ཕྱིས་འདྲ་སྐུ་ལས་དབུ་སྐྲ་ཉག་མ་མཐོ་གང་ལྷག་ཙམ་འཁྲུངས་པ་ངོ་མཚར་ཁྱད་དུ་འཕགས་པ་ཅན་བྱུང་། གསོལ་སྡེར་ཁར་ངེས་གསང་སྙིང་པོའི་སྒྲུབ་སྡེ་འཛུག་པ་སོགས་མཛད་པ་རྒྱ་ཆེར་གནང་། དེ་ནས་ཨ་འཛོམ་འབྲུག་པ་རིན་པོ་ཆེ་དང་། ཟེ་ཆེན་རྒྱལ་ཚབ། རྫོགས་ཆེན་རིན་པོ་ཆེ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་བཅས་ཀྱི་མདུན་ཕེབས་ཏེ་མན་ངག་ཟབ་དོན་གྱི་བདུད་རྩིས་ཐུགས་ཀྱི་བུམ་པ་འགེངས་པར་མཛད། རྫོང་སར་དུ་ཕེབས་སྐབས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་དང་། དིལ་མགོ་མཁྱེན་བརྩེ་བཅས་ལ་གྲུབ་དབང་དགོངས་གཏེར་དང་། མན་ངག་སྙན་རྒྱུད་ཀྱི་སྐོར་སོགས་རྫོགས་པར་ཕུལ། དེ་ནས་ལྷ་བྲག་བདེ་མཆོག་འཁོར་ལོའི་ཕོ་བྲང་། རིག་འཛིན་མཁའ་འགྲོ་འདུ་བའི་གནས་ཆེན། རིགས་གསུམ་སྒྲུབ་ཕུག་ནམ་མཁའ་ཀློང་ཡངས་སུ་མི་ལོ་བཅུ་གསུམ་བར་ངེས་དོན་སྙིང་པོའི་སྒྲུབ་པ་ཁོ་ནར་བརྩོན་པས་རྟོགས་པའི་རྩལ་ཆེན་གཅིག་ཆར་དུ་རྫོགས་ཤིང་སྒོམ་སྟོབས་ཀྱི་ཤེས་རབ་ཟབ་མོའི་ཀློང་རྡོལ། ཉིན་ཞིག་སྐུ་ཆིངས་གསོལ་སྐབས་སྐུ་རྩེད་ལྟ་བུའི་ཕྱག་མཛོད་རྒྱ་གར་བ་བློ་གྲོས་རྡོ་རྗེ་དང་། སློབ་བུ་གཉིས་ལ་སྐུ་ཆིངས་དམ་པོར་སྡོམས་གསུངས་ནས་སློབ་བུ་གཉིས་ཀྱིས་ཕར་ཚུར་འཐེན་སྐབས། སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་གྱུར་ཏེ་བར་སྣང་ལ་སྐུ་ཆིངས་མདུད་པ་ཐེབས། དེ་ལ་སོགས་པའི་རྟགས་དང་མཚན་མ་བསམ་ཡུལ་ལས་འདས་པ་རྣམས་རང་རེའི་བྱིས་བློས་གཞལ་བར་དཀའ། རྗེ་འདི་ཉིད་ཀྱི་མདུན་ནས་ཆབ་མདོ་རྒྱལ་བ་འཕགས་པ་ལྷ་ཧོ་ཐོག་ཐུ་སྐུ་ཕྲེང་བཅུ་པ་ཕྲིན་ལས་རྒྱ་མཚོ་ནས། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་རྫོགས་པར་གསན་པ་མ་ཟད། ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་ཅིག་འབྲི་དགོས་ཞེས་བཀའ་ཡི་བསྐུལ་བ་ལྟར། ངེས་དོན་ཕྱག་རྒྱ་ཆེན་པོའི་ཁྲིད་རིམ་གྱི་ཟིན་ཐུན་རྒྱལ་ཀུན་དགྱེས་པའི་གསང་མཛོད་ཅེས་བྱ་བ་གསར་རྩོམ་མཛད། མ་ཟད་ཕྱག་རྫོགས་དབུ་གསུམ་གྱི་ཟབ་ཁྲིད་གདུལ་བྱའི་ཁམས་དང་བསྟུན་པའི་མན་ངག་གི་རིགས་མང་པོ་གསར་རྩོམ་མཛད་པས་བོད་གངས་ཅན་གྱི་མཁས་གྲུབ་ཀུན་གྱིས་མངོན་པར་བསྟོད་ཅིང་བསྔགས་པའི་མེ་ཏོག་འཐོར། དེ་ནས་ཁམས་སྒར་དུ་ཕེབས་ཏེ་མདོ་ཁམས་བདུན་པ་སངས་རྒྱས་བསྟན་འཛིན་གྱི་ཡང་སྲིད། མདོ་ཁམས་བརྒྱད་པ་བསྐལ་བཟང་དོན་བརྒྱུད་ཉི་མ། རབ་བྱུང་བཅུ་དྲུག་པའི་ལྕགས་ལུག །སྤྱི་ལོ ༡༩༣༡ ལོར་ཁམས་ནང་ཆེན་དུ་སྐུ་འཁྲུངས་པ་དེ་ཉིད་དཔལ་ཕུན་ཚོགས་ཆོས་འཁོར་གླིང་གི་གདན་ས་ཆེན་པོར་མི་འཇིགས་གསེར་ཁྲིའི་སྟེང་དུ་མངའ་གསོལ་ཞིང་གདན་སར་བཀོད། མན་ངག་ཟབ་ཁྲིད། སྐུ་ཚེ་དང་འགྲོ་དོན་ཕྲིན་ལས་རྒྱས་པའི་བཀའ་དབང་ཕུལ་བ་སོགས་རྟེན་འབྲེལ་མཛད། ཕྱིས་དོན་བརྒྱུད་ཉི་མ་སྐུ་ནར་སོན་སྐབས་བཀའ་དྲིན་ཅན་གྱི་བླ་མ་ཡིན་ཞེས་གསུངས་ནས། འཕགས་མཆོག་རྡོ་རྗེའི་བླ་སྒྲུབ་ཞིག་ཀྱང་མཛད་པ་ད་ལྟ་བཀའ་འབུམ་དུ་བཞུགས། དེ་རྗེས་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་མཆོག་གསོལ་སྡེར་ཆོས་སྒར་དུ་ཕེབས་ནས་རྗེ་འདི་ཉིད་ལས། ཡབ་རྗེ་གྲུབ་དབང་རིན་པོ་ཆེའི་དགོངས་གཏེར་བླ་སྒྲུབ་གུ་རུ་བདེ་བ་ཆེན་པོ་གཙོས་པའི་ཆོས་ལོངས་སྤྲུལ་གསུམ་དང་། བླ་མ་ཞི་དྲག །སྙན་རྒྱུད་ཀྱི་སྐོར་རྣམས་གསན་བཞེས་མཛད། མཁྱེན་བརྩེ་རིན་པོ་ཆེས་ཞབས་ཏོག་ཡིན་གསུང་སྟེ། གྲུབ་དབང་རིན་པོ་ཆེའི་བཀའ་འབུམ་གྱི་དཀར་ཆག་རྡོ་རྗེ་ནོར་བུའི་ཕྲེང་བ་དང་། འོད་དཔག་མེད་ཀྱི་དབང་བསྐུར་བའི་ཆོ་ག་བདེ་ཆེན་འདྲེན་པའི་ཤིང་རྟ། འཕགས་མཆོག་རྡོ་རྗེའི་བཀའ་འབུམ་གྱི་ཆེ་བརྗོད་དཔར་བྱང་སོགས་གསར་རྩོམ་མཛད་ཅིང་ཐུགས་ཡིད་འོ་ཆུ་གཅིག་འདྲེས་སུ་གྱུར་ཏེ། གདན་ས་གསོལ་སྡེར་ཁ་ལ་ཡང་ཐུགས་བརྩེ་བའི་གཟིགས་སྐྱོང་མི་འདོར་བར་རྒྱུན་དུ་མཛད་ཅེས་ཞལ་བཞེས་གནང་། དེ་ནས་གསོལ་སྡེར་བཀྲ་ཤིས་པའི་ཆོས་སྒར་གཟིམ་སྤྱིལ་འོད་གསལ་ཀློང་ཡངས་སུ་བཞུགས་ཏེ། སྐལ་ལྡན་སྨིན་གྲོལ་ལ་བཀོད་པར་མཛད་པའི་ཞལ་སློབ་མང་དུ་བྱུང་སྟེ། གཙོ་བོ་མདོ་ཁམས་བརྒྱད་པ་དོན་བརྒྱུད་ཉི་མ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་འགོ་མཁྱེན་བརྩེ་རིན་པོ་ཆེ། གྲུ་གུ་ཆོས་རྒྱལ་རྒྱ་མཚོ། ཁམས་སྲས་ངག་དབང་བདེ་ཆེན། འབྲུག་པ་ཐུགས་སྲས་རིན་པོ་ཆེ། གཏེར་སྟོན་རིན་ཆེན་གླིང་པ། གྲུ་གུ་བླ་རྒན་སྤྲུལ་སྐུ། ཁམས་སྒར་ཡོན་དགེ་སྤྲུལ་སྐུ། གནས་མདོ་ཆགས་མེད་རིན་པོ་ཆེ། ཆབ་མདོ་རྒྱལ་དབང་འཕགས་པ་ལྷ་སྐུ་ཕྲེང་བཅུ་པ་ཕྲིན་ལས་རྒྱ་མཚོ། འཇམ་མགོན་པདྨ་བདེ་ཆེན། རྒྱ་གར་བ་བློ་གྲོས་རྡོ་རྗེ། སྔོ་ཤུལ་ཀུན་དགའ། ཨར་རྩ་སྤྲུལ་སྐུ་འཇིགས་དགའ་སོགས་དམ་པའི་སྐྱེས་བུ་བགྲང་ལས་འདས་པ་བྱུང་། བླ་མ་བསོད་ཚེའི་སྲས་ཨོ་རྒྱན་རིན་ཆེན་གླིང་པས་སྟག་ཚང་རི་ཁྲོད་དེར་ཆོས་སྡེ་གསར་འཛུགས་སོགས་གནང་ནས་གདན་ས་རྒྱ་ཆེར་བཏང་བ་མ་ཟད། བྲག་གཡབ་མངའ་རྒྱུད་ཁུལ་དུ་གོ་འདེ་རི་ཁྲོད་ཅེས་པ་དང་། ཡང་འབུས་ལྕོག་ལོ་ཞེས་པའི་ཇོ་དགོན་སོགས་ཆག་བཏབ། ཉེ་གནས་བླ་མ་སངས་རྒྱས་རྡོ་རྗེས་གོ་འཇོ་ཧ་ཚ་རུ་ལྷུ་ཆུ་དགོན་ལྷུན་གྲུབ་བདེ་ཆེན་ཆོས་གླིང་ཞེས་པའི་གྲྭ་དགོན་ཆག་བཏབ། སྐུ་ཚབ་ལ་རྡོ་ཤུལ་མཁའ་འགྲོ་པདྨ་ཆོས་མཚོ་ཞེས་པས་གོ་འཇོ་གསེར་ཁ་རུ་ཀོམ་ཆེན་ཇོ་དགོན་ཆག་བཏབ། འཕགས་མཆོག་རྡོ་རྗེ་སྐུ་ཉིད་དངོས་ཕེབས་ཀྱིས་ལྷ་ཐོག་རྒྱལ་པོའི་མངའ་ཁོངས་སུ་དངོས་རྫོང་རི་ཁྲོད་ཅེས་པའི་དགོན་གནས་གསར་འདེབས་མཛད་དེ། སྐུ་ཡི་ཚ་བོ་སྲས་ཨོ་རྒྱན་ཞེས་པ་དེར་གནང་སྟེ་འགྲོ་དོན་སྐྱོང་བར་མཛད། གཞན་ཡང་རྟོགས་པ་མཆོག་ལྡན་དང་། གཞན་དོན་ནུས་པའི་སློབ་ཚོགས་བགྲང་གིས་མི་ལངས་ཏེ། རྒྱ་བལ། འབྲས་འབྲུག །དབུས་གཙང་མདོ་ཁམས་སོགས་སུ་ས་དགེ་བཀའ་རྙིང་གི་བླ་མ་སྐྱེས་མཆོག་དུ་མ་དང་། གྲུབ་ཐོབ་རྣལ་འབྱོར་ཕོ་མོ། འདུལ་འཛིན་གྱི་དགེ་སློང་། གཞན་ཡང་ཁྱིམ་བདག་སྐྱེ་བོ་ཕོ་མོ་སོགས་ཤིན་ཏུ་མང་ཞིང་། དེ་དག་གི་ནང་ནས་རང་གཞན་གྱི་དོན་ནུས་པ་བརྒྱ་ཕྲག་དུ་མ། ཐར་པའི་ལམ་སྣ་ཟིན་པ་སྟོང་ཕྲག་དུ་མ། གསུང་གིས་འབྲེལ་པ་ཐོགས་པ་ཁྲི་ཕྲག་སོགས་བརྒལ་ཞིང་། ཆོས་སྣ་རེ་ཐོབ་ནས་བཟུང་མཆོག་ཕལ་སུ་འདྲ་ཞིག་ཡིན་རུང་། འཆི་ཁར་མི་འཇིགས་པའི་གདེང་དང་། ཐུགས་དམ་ཟིན་པ་སོགས་རྟགས་མཚན་བཟང་པོ་སྣ་རེ་མེད་པ་སུ་ཡང་མེད་པ་ཀུན་གྱི་མཐོང་ཆོས་སུ་གྱུར། སྐུ་ཚེ་གཅིག་ལ་གཙོ་བོ་ངེས་དོན་སྒྲུབ་པའི་རྒྱལ་མཚན་བཙུགས། མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས། གསོལ་སྡེར་ཁར་བཞུགས་སྐབས། མཚན་མོ་ཟླ་བའི་ངོས་སུ་ཞབས་སྐོར་ཕེབས་སྐབས་སྐུ་ལ་གྲིབ་མ་སྐྱ་ཡམ་ཙམ་ལས། གཞན་གྱི་གྲིབ་མ་ལྟ་བུ་ནག་ངམ་མེ་བ་སོགས་གཏན་ནས་མེད་པ་ཞལ་སློབ་གྲོགས་མཆེད་རྣམས་ཀྱིས་མཐོང་བ་སོགས་མཛད་པ་ལ་དཔྱད་ན། ངོ་མཚར་ཆེ་ཞིང་ཉམས་སྣང་དང་གཟིགས་སྣང་ཡང་བརྗོད་ཀྱིས་མི་ལང་། སྐུ་ཚེ་དེར་སྒྲུབ་པ་ཁོ་ན་ལ་བརྩོན་ནས་བཞུགས་པ་ལས་དཀོར་སྡུད་སོགས་གཏན་ནས་མི་མཛད་ཀྱང་། དགུང་ལོ་ལྔ་བཅུ་ཐོག་མདོ་སྨད་གོ་བྲག་ལྷ་ཆབ་སོགས་སུ་གདུལ་བྱ་རྒྱ་ཆེར་མཛད། ཁྱད་པར་དུ་གོ་འཇོ་སྤམ་མདའ་དཔོན་གྱི་ཡོན་སྦྱོར་གྱིས་མཁར་ལེར་རི་ཁྲོད་དུ་སྒྲུབ་ཆེན་བཙུགས། སྤོམ་མདའ་ལྡིང་འོག་གི་དུད་གྲངས་སུམ་བརྒྱ་ཙམ་གྱིས་ལོ་གཅིག་ལ་སྒོ་བཤས་སྤངས་ཏེ་དགེ་བའི་ལམ་ལ་འགོད་པར་མཛད། གཞན་ཡང་མདོ་སྨད་ཀྱི་སྐྱེ་བོ་བགྲང་ལས་འདས་པ་ལ་ཆོས་སྦྱིན་དང་། རྗེས་སུ་འཛིན་པའི་ཞལ་བཞེས་དང་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་བ་སོགས་བསྟན་འགྲོའི་དོན་མཛད་པ་དང་བཀའ་དྲིན་མཐའ་ཡས་པ་བསྐྱངས། དད་ལྡན་གྱི་འགྲོ་བ་ཁྲི་ཕྲག་མང་པོ་སྨིན་གྲོལ་གྱི་ལམ་ལ་བཀོད། དེ་ནས་རབ་བྱུང་བཅུ་དྲུག་པའི་ཆུ་རྟ། སྤྱི་ལོ་ ༡༩༢༤ ལོའི་ལོ་མཇུག་ནས་ཁྲག་རླུང་ལྟ་བུའི་བསྙུན་གཞི་ཞིག་གིས་སྐུ་ཁམས་མ་བདེ་བའི་སྐབས། ཉག་བླ་བྱང་ཆུབ་རྡོ་རྗེའི་སྲས་མོ་རྟ་མགྲིན་ལྷ་མོ་ཞེས་མཚན་ལྡན་གྱི་ཌཱཀྐི་མ་དེ་ཉིད། གསང་བའི་ཡུམ་དུ་རྟེན་འབྲེལ་བསྒྲིགས་ན་སྐུ་ཚེ་མཐར་ཕྱིན་ཏེ། དོན་གཉིས་ལྷུན་གྲུབ་ཏུ་འབྱུང་ཞེས་སྐྱེས་བུ་དམ་པ་འགའ་ཡིས་གསུངས་ཀྱང་། ཁོ་བོ་ནི་ལུས་རྟེན་འདིར་ཚངས་སྤྱོད་ཀྱི་སྡོམ་པ་སྲུང་བ་ལས། དེ་འདྲའི་སྔགས་སྤྱོད་སོགས་རང་འདྲ་བས་ཡོང་མི་ཐུབ་གསུངས་ནས་ཞལ་བཞེས་མ་གནང་། དེ་ནས་དགུང་གྲངས་ལྔ་བཅུ་ང་གཅིག་པ་རབ་བྱུང་བཅུ་དྲུག་པའི་ཆུ་ལུག་སྤྱི་ལོ་ ༡༩༤༣ ཧོར་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན། ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་གསོལ་སྡེར་ཆོས་སྒར་གྱི་གཟིམ་སྤྱིལ་འོད་གསལ་གླིང་དུ་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན། སྐུ་གདུང་བཞུ་སྐབས། དུ་བའི་རྩེར་འོད་དང་། ཐིག་ལེ། ཐིག་ཕྲན་བལྟར་མི་བཟོད་པ་དང་། འཇའ་འོད་ཀྱིས་ལྷ་ལམ་ཡོངས་སུ་འགེངས་པ་དེར་འདུས་ཀྱི་སྐྱེ་བོ་ཀུན་གྱིས་མཇལ་བ་དང་། གདུང་རུས་ལ་ཀུན་མཁྱེན་ཀློང་ཆེན་པའི་སྐུ་རང་བྱོན་དང་རིང་བསྲེལ་ཁ་དོག་སྣ་ཚོགས་པ་སོགས་དཔག་མེད་བྱོན་ཏེ་རྗེས་འཇུག་འགྲོ་བ་ཀུན་ལ་དད་རྟེན་དུ་འཇོག་པར་མཛད་དོ།། །།དེ་ལྟ་བུའི་སྐྱེས་ཆེན་དེ་ཉིད་ཀྱིས་གདུལ་བྱའི་ཁམས་དབང་དང་འཚམ་པའི་གསུང་རྩོམ་ཇི་སྙེད་ཅིག་ཡོད་པ་ལས། གྲུ་རི་གསོལ་སྡེར་བཀྲ་ཤིས་སྒར་ནང་དཔར་དུ་འཁོད་པའི་གླེགས་བམ་ཐབས་ཤེས་མཚོན་བྱེད་ཨེ་ཝཾ་རྟགས་ཅན་གྱི་པོད་ཆེན་གཉིས་བཞུགས་ཡོད་འདུག་ཀྱང་། འདི་ཕྱོགས་སུ་དཔེ་རྒྱུན་ཤིན་ཏུ་དཀོན་པར་བརྟེན། སྨན་ལྗོངས་ནགས་མའི་ཚལ་གྱི་༧གྲུབ་དབང་བསོད་ནམས་བཟང་པོ་རིན་པོ་ཆེ་མཆོག་གི་ཐུགས་ཀྱི་སྲས་མཆོག །རྒྱལ་མཚན་སྤྲུལ་སྐུའམ་ཀུན་བཟང་བསྟན་པའི་རྒྱལ་མཚན་རིན་པོ་ཆེ་ཞེས་ཡོངས་སུ་གྲགས་ཤིང་སྒྲུབ་པའི་རྒྱལ་མཚན་འཛིན་པ་མཆོག་ནས། འབད་རྩོལ་ཆེན་པོས་གསུང་འབུམ་རིན་པོ་ཆེ་ཡོངས་རྫོགས་གསར་བཞེངས་དང་འབྲེལ། ཞུ་དག་དང་པར་བསྐྲུན་སོགས་ཁོ་བོ་ལ་བགྱི་འོས་ཀྱི་བཀའ་བཟང་སྤྱི་བོར་ཕེབས་པ་ལྟར། ལེགས་སོ་ཞེས་དང་བླངས་ཞུ་ཁུལ་བྱས་ཀྱང་། ཟིན་དུ་མེད་པའི་བྱ་གཞག་ཆུའི་གཉེར་མ་འདྲ་བས་མགོ་བོ་འཁོར་ཅིང་དེ་མུར་རྒྱུན་རིང་ཐལ་ཡང་། བར་ལམ་ནས་འཕགས་ཤིང་འབྲུག་དཀར་དགོན་གྱི་བླ་མ་ཕྲིན་ལས་རྣམ་རྒྱལ་མཆོག་གི་ཐུགས་བསྐྱེད་རྨད་དུ་བྱུང་བ་ལས་བལྟམས་པའི་ཤྲཱི་གཽ་ཏམ་བུདྡྷ་ཝི་ཧཱ་རའི་གསུང་རབ་རྒྱུན་སྤེལ་ཁང་དུ། དཔེ་ལུང་གི་རྒྱུན་དཀོན་རིགས་རྣམས་ཕྲན་བུ་རེ་བཞེངས་སྤེལ་བགྱི་བའི་མུར། ད་ལམ་ཡང་རྒྱལ་སྲས་འཕགས་མཆོག་རྡོ་རྗེ་མཆོག་གི་གསུང་འབུམ་རིན་པོ་ཆེའི་གླེགས་བམ་སྐུ་གསུམ་གྱི་གྲངས་ལྡན་ འདི་ཉིད་ཀྱང་། གློག་ཀླད་ཀམ་པིའུ་ཊར་ནང་གསར་དུ་བཙུད་དེ། འབྲེལ་ཡོད་རྣམས་ལ་ཆོས་སྦྱིན་དུ་སྤེལ་བའི་མཛད་པ་བདག་གིར་བཞེས་པ་ལ་ལེགས་སོའི་བསྔགས་བརྗོད་ཞུ་བ་གྱི་ཡིག་ཆ་ཞིག་ཕྲན་གྱི་སྤྱི་བོར་བསྩལ་གནང་བཀའ་དྲིན་ཆེ་བ་ལས་ཇི་ལྟར་བྱུང་བ་བཞིན་བཀོད་པའི་ཁུལ་དང་། དཀར་ཆག་དང་གོ་རིམ་སོགས་ཀྱང་མཚུངས་མེད་རྒྱལ་མཚན་སྤྲུལ་སྐུ་རིན་པོ་ཆེ་མཆོག་ནས་བསྡེབས་གནང་མཛད་འདུག་པ་ལྟར་སོར་བཞག་ཐོག །ཞུ་དག་སོགས་གང་ཐུབ་ཞུས་པའི་ཁུལ་ལགས་ན། འདི་དང་རྗེས་སུ་འབྲེལ་བའི་ཡིག་འཇུག་གི་ལས་བྱེད་པ་ལྷ་མོ་དང་། ཡོལ་མོ་བ་སེངྒེ་རྒྱལ་པོ། ཕྱག་དཔེའི་བཟོ་བཀོད་དང་ཞུ་དག་གི་འགན་བཞེས་པ། འཛི་སྒར་མཁན་པོ་འཇམ་དབྱངས་ཉི་མ་མཆོག་དང་། ཕྱག་རོགས་བླ་མ་རྡོ་རྗེ། གྲྭ་ཚེ་རིང་དབང་རྒྱལ་སོགས་ལ་ཡང་ལེགས་སོ་ཞུ་རྒྱུ་དང་། དགེ་རྩ་རྫོགས་བྱང་དུ་བསྔོ་བ་བཅས། རྣམ་དཀར་གྱི་འདུ་བྱེད་པོ་མཁན་བཤད་སྒྲུབ་བསྟན་འཛིན་མིང་པས། རབ་གནས་ཆུ་ལུག་ལོའི་ཟླ་བ་་༨ པའི་ཚེས་་༢༥ ཕྱི་ལོ་་༢༠༠༣ ཟླ་བ་་༡༠ ཚེས་ ༢༠ མཚུངས་མེད་འགྲོ་བའི་དཔལ་མགོན་ཆོས་རྗེ་རྒྱ་རས་པ་ཡེ་ཤེས་རྡོ་རྗེ་ཞེས་ས་གསུམ་ན་སྙན་པར་གྲགས་པ་དེ་ཉིད་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་ཚུལ་བསྟན་པའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན། ཤྲཱི་གཽ་ཏམ་བུདྡྷ་ཝི་ཧཱ་རའི་གསུང་རབ་རྒྱུན་སྤེལ་ཁང་ནས་དཔེ་བསྐྲུན་སྔོན་བརྗོད་ཀྱི་ཚུལ་དུ་བཀོད་པ་དགེ་ལེགས་སུ་གྱུར་ཅིག། །།པར་ཟིན་པ་ཡིན་ལགས།