བྱང་ཆུབ་སེམས་དཔའ་ནོར་བཟང་གིས་བསྟེན་པའི་བཤེས་གཉེན་ལྔ་བཅུ་རྩ་གཅིག་ལ་ཕྱག་འཚལ་བ།

From Khyentse Lineage - A Tsadra Foundation Project
PJCW-KABUM-06-CHA-002
Wylie title byang chub sems dpa' nor bzang gis bsten pa'i bshes gnyen lnga bcu rtsa gcig la phyag 'tshal ba
Location dpal sprul bka' 'bum
Volume 6, Text 2, Pages 11-22 (Folios 1a1 to 6b4)
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation Dpal sprul rin po che. Byang chub sems dpa' nor bzang gis bsten pa'i bshes gnyen lnga bcu rtsa gcig la phyag 'tshal ba. In Dpal sprul 'jigs med chos kyi dbang po'i gsung 'bum, Vol. 6: 11-22. Kathmandu: Tsadra Foundation and Shechen Publications, 2026.
Genre Homage - phyag 'tshal
[edit]
༄༅། །བྱང་ཆུབ་སེམས་དཔའ་ནོར་བཟང་གིས་བསྟེན་པའི་བཤེས་གཉེན་ལྔ་བཅུ་རྩ་གཅིག་ལ་ཕྱག་འཚལ་བ་བཞུགས།


༄༅། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་སློང་སྤྲིན་གྱི་དཔལ་ལ་ཕྱག་འཚལ་ལོ། །སྒོ་ཀུན་ནས་དམིགས་པ་ཐམས་ཅད་རྣམ་པར་རིག་པ་ལ་ཡང་དག་པར་གཞོལ་བའི་སངས་རྒྱས་རྗེས་སུ་དྲན་པ་ཐོབ་པར་གྱུར་ཅིག ༡ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་སློང་རྒྱ་མཚོའི་སྤྲིན་ལ་ཕྱག་འཚལ་ལོ། །ཀུན་ནས་མིག་གི་ཆོས་ཀྱི་རྣམ་གྲངས་ཤེས་པར་གྱུར་ཅིག ༢ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་སློང་ཤིན་ཏུ་བརྟན་པ་ལ་ཕྱག་འཚལ་ལོ། །རྣམ་པར་ཐར་པ་ཐོགས་པ་མེད་པའི་སྒོ་ཀུན་ཏུ་འགྲོ་བ་དེ་བཞིན་གཤེགས་པའི་མཆོད་པ་དང་རིམ་གྲོ་རབ་ཏུ་སྦྱོར་བ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་མཐུན་པ་ཐོབ་པར་གྱུར་ཅིག ༣ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲྭ་བྱི་སྤྲིན་ལ་ཕྱག་འཚལ་ལོ། །གཟུངས་སྣང་བ་དབྱངས་དང་ལྡན་པ་ཐོབ་པར་གྱུར་ཅིག ༤ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚོང་དཔོན་བཏང་བརྗོད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་རྣམ་པར་ཐར་པ་ཐོགས་པ་མེད་པའི་རྒྱན་ཐོབ་པར་གྱུར་ཅིག ༥ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་སློང་རྒྱ་མཚོའི་རྒྱལ་མཚན་ལ་ཕྱག་འཚལ་ལོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོ་ཀུན་ནས་ལྟ་བའི་བཏང་སྙོམས་ཡོངས་སུ་ཐོབ་པ་དེའི་སྣང་བ་སྒོ་ཀུན་ནས་རྣམ་པར་དག་པའི་རྒྱན་ཐོབ་པར་གྱུར་ཅིག ༦ །བྱང་ཆུབ་སེམས་མ་སེམས་མ་ཆེན་མོ་དགེ་བསྙེན་མ་ཡིད་བཞིན་ལ་ཕྱག་འཚལ་ལོ། །རྣམ་པར་ཐར་པ་མྱ་ངན་མེད་པ་བདེ་བའི་རྒྱལ་མཚན་ཐོབ་པར་གྱུར་ཅིག ༧ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲང་སྲོང་འཇིགས་མཆོག་དབྱངས་ལ་ཕྱག་འཚལ་ལོ། །རྣམ་པར་ཐར་པ་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་ཐོབ་པར་གྱུར་ཅིག ༨ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྲམ་ཟེ་རྒྱལ་བའི་དྲོད་ཀྱི་སྐྱེ་མཆེད་ལ་ཕྱག་འཚལ་ལོ། །རྣམ་པར་ཐར་པ་དཀྱིལ་འཁོར་ཡོངས་སུ་མི་ཟད་པ་ཐོབ་པར་གྱུར་ཅིག ༩ །བྱང་ཆུབ་སེམས་མ་སེམས་མ་ཆེན་མོ་བུ་མོ་བྱམས་མ་ལ་ཕྱག་འཚལ་ལོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོའི་རྒྱུད་དྲན་པས་ཀུན་ནས་རྣམ་པར་བརྒྱན་པ་ཐོབ་པར་གྱུར་ཅིག ༡༠ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་སློང་བལྟ་ན་སྡུག་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཤིན་ཏུ་ཞི་བར་མི་འབྱུང་བའི་སྒྲོན་མ་ཐོབ་པར་གྱུར་ཅིག ༡༡ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱེའུ་དབང་པོའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཡེ་ཤེས་སྣང་བའི་ཆོས་ཐམས་ཅད་ཤེས་པར་བྱ་བའི་བཟོ་མངོན་པར་ཤེས་པ་དང་ལྡན་པ་ཐོབ་པར་གྱུར་ཅིག ༡༢ །བྱང་ཆུབ་སེམས་མ་སེམས་མ་ཆེན་མོ་དགེ་བསྙེན་མ་ཕུལ་དུ་བྱུང་བ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསོད་ནམས་ཀྱི་མཛོད་མི་ཟད་པའི་རྒྱན་ཐོབ་པར་གྱུར་ཅིག ༡༣ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་བདག་མཁས་པ་ལ་ཕྱག་འཚལ་ལོ། །ཡིད་ཀྱི་མཛོད་ནས་བྱུང་བའི་བསོད་ནམས་ཀྱི་རྣམ་པར་ཐར་པ་ཐོབ་པར་གྱུར་ཅིག ༡༤ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་ཚོང་དཔོན་རིན་ཆེན་གཙུག་ཕུད་ལ་ཕྱག་འཚལ་ལོ། །སྨོན་ལམ་གྱི་དཀྱིལ་འཁོར་ཐོགས་པ་མེད་པའི་རྒྱན་ཐོབ་པར་གྱུར་ཅིག ༡༥ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚོང་དཔོན་སྤོས་འཚོང་ཀུན་ཏུ་ལྟ་བ་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་ཡོངས་སུ་ཚིམ་པར་བྱེད་པ་དང་། སྒོ་ཐམས་ཅད་ནས་སངས་རྒྱས་ལྟ་ཞིང་མཆོད་པ་དང་བསྙེན་བཀུར་བའི་སྤོས་ཀྱི་གཟུགས་ཀྱི་ཆོས་ཀྱི་སྒོ་ཐོབ་པར་གྱུར་ཅིག ༡༦ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་པོ་མེ་ལ་ཕྱག་འཚལ་ལོ། །རྣམ་པར་ཐར་པ་སྒྱུ་མའི་རྣམ་པ་ཐོབ་པར་གྱུར་ཅིག ༡༧ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་པོ་འོད་ཆེན་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་སྤྱོད་པའི་ཡེ་ཤེས་སྣང་བའི་སྒོ་བྱམས་པ་ཆེན་པོའི་རྒྱལ་མཚན་ཐོབ་པར་གྱུར་ཅིག ༡༨ །བྱང་ཆུབ་སེམས་མ་སེམས་མ་ཆེན་མོ་དགེ་བསྙེན་མ་མི་གཡོ་བ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྒོ་ཐུབ་པར་དཀའ་བའི་ཡེ་ཤེས་ཀྱི་སྙིང་པོ་ཐོབ་པར་གྱུར་ཅིག ༡༩ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་རྒྱུ་ཐམས་ཅད་དུ་འགྲོ་བ་ལ་ཕྱག་འཚལ་ལོ། །རྣམ་པར་ཐར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དུ་འགྲོ་བ་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཐོབ་པར་གྱུར་ཅིག ༢༠ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོས་འཚོང་གི་ཚོང་དཔོན་ལོངས་སྤྱོད་ཨུཏྤལ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྤོས་དང་བྱུག་པ་ཐམས་ཅད་སྦྱར་བ་ཐོབ་པར་གྱུར་ཅིག ༢༡ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཉན་པ་དཔའ་བོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་མཐོང་བ་དང་ཐོས་པ་དང་། འགྲོགས་པ་དང་། རྗེས་སུ་དྲན་པའི་ཆུ་ཀླུང་གི་དབྱངས་ཐོབ་པར་གྱུར་ཅིག །༢༢བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚོང་དཔོན་རྒྱལ་བ་དམ་པ་ལ་ཕྱག་འཚལ་ལོ། ༢༢ །བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པར་དག་པའི་སྒོ་ཐམས་ཅད་དུ་འགྲོ་བ་དངོས་པོ་མེད་པ་ལ་གནས་པས་མངོན་པར་འདུ་བྱ་བ་མེད་པའི་རྫུ་འཕྲུལ་གྱི་མཐུས་བརྒྱན་པ་ཐོབ་པར་གྱུར་ཅིག ༢༣ །བྱང་ཆུབ་སེམས་མ་སེམས་མ་ཆེན་མོ་དགེ་སློང་མ་སེང་གེ་རྣམ་པར་བསྒྱིངས་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་རློམ་སེམས་ཐམས་ཅད་ཡོངས་སུ་བཅོམ་པ་ཐོབ་པར་གྱུར་ཅིག ༢༤ །བྱང་ཆུབ་སེམས་མ་སེམས་མ་ཆེན་མོ་བཅོམ་པ་མོ་ལྷའི་བཤེས་གཉེན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་འདོད་ཆགས་དང་བྲལ་བའི་མཐར་ཕྱིན་པ་ཐོབ་པར་གྱུར་ཅིག ༢༥ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་བདག་ནན་ཞུགས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཡོངས་སུ་མྱ་ངན་ལས་མི་འདའ་བའི་མཐར་ཕྱིན་པ་ཐོབ་པར་གྱུར་ཅིག ༢༦ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་སྙིང་རྗེ་ཆེན་པོའི་སྒོ་ཐོགས་པ་མེད་པ་ཐོབ་པར་གྱུར་ཅིག ༢༧ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དུ་མི་འགྲོ་བ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྒོ་ཀུན་ཏུ་འགྲོ་བ་ཐོབ་པར་གྱུར་ཅིག ༢༨ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷ་ཆེན་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྤྲིན་གྱི་དྲྭ་བ་ཐོབ་པར་གྱུར་ཅིག ༢༩ །བྱང་ཆུབ་སེམས་མ་སེམས་མ་ཆེན་མོ་ས་ཡི་ལྷ་མོ་བསྟན་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཡེ་ཤེས་ཐུབ་པར་དཀའ་བའི་སྙིང་པོ་ཅན་ཐོབ་པར་གྱུར་ཅིག ༣༠ །བྱང་ཆུབ་སེམས་མ་སེམས་མ་ཆེན་མོ་མཚན་མོའི་ལྷ་མོ་དཔྱིད་དང་ལྡན་པ་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་ཀྱི་མུན་པ་རྣམ་པར་སེལ་བའི་ཆོས་ཀྱི་སྣང་བས་འགྲོ་བ་རྣམ་པར་འདུལ་བའི་སྒོ་ཐོབ་པར་གྱུར་ཅིག ༣༡ །བྱང་ཆུབ་སེམས་མ་སེམས་མ་ཆེན་མོ་མཚན་མོའི་ལྷ་མོ་ཀུན་ཏུ་ཟབ་པའི་དཔལ་དྲི་མ་མེད་པའི་འོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གཏན་གྱི་བདེ་བས་ཀུན་ཏུ་རྣམ་པར་གནོན་པ་ཐོབ་པར་གྱུར་ཅིག ༣༢ །བྱང་ཆུབ་སེམས་མ་སེམས་མ་ཆེན་མོ་མཚན་མོའི་ལྷ་མོ་རབ་ཏུ་དགའ་བའི་མིག་འགྲོ་བ་རྣམ་པར་སྣང་བ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཀུན་ཏུ་བཟང་པོའི་དགའ་བ་ཤིན་ཏུ་ཡངས་ཤིང་དྲི་མ་མེད་པའི་ཤུགས་ཀྱི་རྒྱལ་མཚན་ཐོབ་པར་གྱུར་ཅིག ༣༣ །བྱང་ཆུབ་སེམས་མ་སེམས་མ་ཆེན་མོ་མཚན་མོའི་ལྷ་མོ་སེམས་ཅན་ཀུན་ཏུ་སྐྱོང་བའི་གཟི་བརྗིད་དཔལ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའི་འཇིག་རྟེན་ཐམས་ཅད་མངོན་དུ་གྱུར་པས་འགྲོ་བ་རྣམ་པར་འདུལ་བ་སྟོན་པ་ཐོབ་པར་གྱུར་ཅིག ༣༤ །བྱང་ཆུབ་སེམས་མ་སེམས་མ་ཆེན་མོ་མཚན་མོའི་ལྷ་མོ་སྒྲ་རྒྱ་མཚོར་རབ་ཏུ་ཞི་བ་དང་ལྡན་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དགའ་བ་ཡངས་པའི་ཤུགས་འབྱུང་བས་སེམས་ཀྱི་སྐད་ཅིག་རྣམ་པར་བརྒྱན་པ་ཐོབ་པར་གྱུར་ཅིག ༣༥ །བྱང་ཆུབ་སེམས་མ་སེམས་མ་ཆེན་མོ་མཚན་མོའི་ལྷ་མོ་གྲོང་ཁྱེར་ཐམས་ཅད་བསྲུང་བ་འབྱུང་བའི་གཟི་བརྗིད་དཔལ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྒྲ་ཡིད་དུ་འོང་བ་དང་རྣམ་པར་འཕྲུལ་པ་ཟབ་མོ་ལ་འཇུག་པ་ཐོབ་པར་གྱུར་ཅིག ༣༦ །བྱང་ཆུབ་སེམས་མ་སེམས་མ་ཆེན་མོ་མཚན་མོའི་ལྷ་མོ་ཤིང་ཐམས་ཅད་ཀྱི་མེ་ཏོག་རྒྱས་པས་བདེ་བར་གནས་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དགའ་བའི་འོད་སྤྲོ་བ་ཡང་དག་པར་བྱུང་བ་ཐོབ་པར་གྱུར་ཅིག ༣༧ །བྱང་ཆུབ་སེམས་མ་སེམས་མ་ཆེན་མོ་མཚན་མོའི་ལྷ་མོ་འགྲོ་བ་ཐམས་ཅད་བསྲུང་བའི་སྨོན་ལམ་ལ་བརྩོན་པའི་འོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་ཡང་དག་པར་བསྐུལ་བའི་དགེ་བའི་རྩ་བ་ཡོངས་སུ་འབྱུང་བ་ཐོབ་པར་གྱུར་ཅིག ༣༨ །བྱང་ཆུབ་སེམས་མ་སེམས་མ་ཆེན་མོ་ལུམྦི་ནིའི་ནགས་ཚལ་གྱི་ལྷ་མོ་གཟི་བརྗིད་ཀྱི་དཀྱིལ་འཁོར་བཟང་པོའི་དགའ་བའི་དཔལ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསྐལ་བ་ཚད་མེད་པར་དམིགས་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྐྱེ་བས་རྣམ་པར་འཕྲུལ་པ་ཡོངས་སུ་བསྟན་པ་ཐོབ་པར་གྱུར་ཅིག ༣༩ །བྱང་ཆུབ་སེམས་མ་སེམས་མ་ཆེན་མོ་ཤཱཀྱའི་བུ་མོ་གོ་ས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྒྱ་མཚོའི་ཚུལ་ཐམས་ཅད་ལ་རྣམ་པར་ལྟ་བའི་ཡུལ་ཐོབ་པར་གྱུར་ཅིག ༤༠ །བྱང་ཆུབ་སེམས་མ་སེམས་མ་ཆེན་མོ་བྱང་ཆུབ་སེམས་དཔའི་ཡུམ་ལྷ་མོ་སྒྱུ་མ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྨོན་ལམ་ཆེན་པོ་ཡེ་ཤེས་སྒྱུ་མའི་རྣམ་པས་རྣམ་པར་བརྒྱན་པ་ཐོབ་པར་གྱུར་ཅིག ༤༡ །བྱང་ཆུབ་སེམས་མ་སེམས་མ་ཆེན་མོ་ལྷའི་བུ་མོ་ལྷ་དབང་འོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དྲན་པ་ཐོགས་པ་མེད་པ་རྣམ་པར་དག་པས་བརྒྱན་པ་ཐོབ་པར་གྱུར་ཅིག ༤༢ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱིས་པའི་སློབ་དཔོན་ཀུན་གྱི་བཤེས་གཉེན་དང་ཚོང་དཔོན་གྱི་བུ་བཟོ་མངོན་པར་ཤེས་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བཟོ་མངོན་པར་ཤེས་པ་དང་ལྡན་པ་ཐོབ་པར་གྱུར་ཅིག ༤༣ །བྱང་ཆུབ་སེམས་མ་སེམས་མ་ཆེན་མོ་དགེ་བསྙེན་མ་བཟང་མོའི་མཆོག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཆོས་ཀྱི་རྣམ་གྲངས་གནས་མེད་པའི་དཀྱིལ་འཁོར་དང་ཐོགས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཅིག ༤༤ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསེར་འཚོང་གཅེས་པ་གཏོང་བ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དྲན་པ་ཐོག་པ་མེད་པ་ལ་རྣམ་པར་དག་པས་རྣམ་པར་བརྒྱན་པ་ཐོབ་པར་གྱུར་ཅིག ༤༥ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་བདག་ཟླ་བ་བཟང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཡེ་ཤེས་དྲི་མ་མེད་པའི་འོད་ཐོབ་པར་གྱུར་ཅིག ༤༦ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་བདག་མི་ཕམ་སྡེ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་མི་ཟད་པའི་མཚན་ཉིད་ཐོབ་པར་གྱུར་ཅིག ༤༧ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྲམ་ཟེ་ཞི་འཛིན་མཆོག་ལ་ཕྱག་འཚལ་ལོ། །བདེ་བའི་བྱིན་གྱིས་རླབས་ཀྱི་སྤྱོད་པ་ཐོབ་པར་གྱུར་ཅིག ༤༨ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱེའུ་དཔལ་འབྱུང་བ་དང་བུ་མོ་དཔལ་གྱི་བློ་གྲོས་མ་གཉིས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་སྒྱུ་མའི་རྣམ་པ་ཐོབ་པར་གྱུར་ཅིག ༤༩ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་ཕྱག་འཚལ་ལོ། །དུས་གསུམ་གྱི་དམིགས་པ་ཐམས་ཅད་ལ་ཤེས་པ་རབ་ཏུ་ཞུགས་པའི་དྲན་པ་ཉམས་པ་མེད་པས་བརྒྱན་པའི་སྙིང་པོ་ཐོབ་པར་གྱུར་ཅིག ༥༠ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་རྣམ་པར་འཕྲུལ་པ་མཉམ་པ་ཉིད་ཐོབ་པར་གྱུར་ཅིག །དགེའོ། །