ཤེས་རབ་བསྡུས་འགྲེལ་ཉུང་ངུ་།

From Khyentse Lineage - A Tsadra Foundation Project
Wylie title shes rab bsdus 'grel nyung ngu
Location dpal sprul bka' 'bum
Volume 3, Text 5, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre Commentary Synoptic - bsdus don 'grel pa
[edit]
༈ ཤེས་རབ་བསྡུས་འགྲེལ་ཉུང་ངུ་བཞུགས། བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྡུས་འགྲེལ་ཅུང་ཞིག་བཀོད་ན། དང་པོ་བླ་མ་ལ་ཕྱག་འཚལ་ལོ། །ཞེས་པ་མཆོད་བརྗོད་ཡིན་ཏེ་ཆོས་ལ་གུས་པ་བསྐྱེད་པ་དང་བྱ་བ་མཐར་ཕྱིན་པའི་དགོས་པ་ཡོད་དོ། །གཉིས་པ་གཞུང་དོན་ལ། དང་པོ་མདོར་བསྟན་པ་ནི། ཐོས་དང་བསམ་དང་བསྒོམ་པའི་ཤེས་རབ་གསུམ། ཞེས་སྨྲས་ཏེ། ཇི་སྐད་དུ། མགོན་པོ་བྱམས་པས། ཤེས་རབ་མཆོག་ཡིན་དེ་གཞི་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོག །ཅེས་དང་། ཞི་བ་ལྷས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་སོགས་བསྟན་པ་ལྟར་ཕ་རོལ་དུ་ཕྱིན་པ་ཀུན་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ཡིན་ཞིང་། ཐུབ་པ་བཅོམ་ལྡན་འདས་ཀྱིས་བསྟན་པའི་ཆོས་ཐམས་ཅད་ཤེས་རབ་ཀྱི་དོན་དུ་བསྟན་ཅིང་ཤེས་རབ་ལ་འདུས་པའང་ཡིན་ལ། ཤེས་རབ་དེ་ལ་ཐོས་པའི་ཤེས་རབ། བསམ་པའི་ཤེས་རབ། བསྒོམ་པའི་ཤེས་རབ་སྟེ་གསུམ་ཡོད་པ་མདོར་བསྟན། དེ་རྒྱས་པར་བཤད་པ་ལ། དང་པོ་ཐོས་པ་བཤད་པ། ཐོས་པ་གང་ལས་གང་གིས་གང་ཞིག་སྟེ། ཞེས་གང་ལས་ཐོས་པར་བྱ་བ་སློབ་དཔོན། གང་གིས་ཐོས་པར་བྱེད་པའི་སློབ་མར། གང་ཞིག་ཐོས་པར་བྱ་བ་ཤེས་བྱའི་ཆོས་དང་གསུམ་ཡིན། གང་ལ་གང་གིས་བརྟགས་བསྟེན་དགོངས་སྤྱོད་བསླབ། ཅེས་སྨྲས་ཏེ། དང་པོ་བླ་མ་བརྟགས། བར་དུ་བླ་མ་བསྟེན། ཐ་མར་དགོངས་སྤྱོད་བསླབ་པ་དང་གསུམ་ལས། དང་པོ་སྤྱིར་ཐོས་བསམ་སྒོམ་གསུམ་དང་ལྡན་ཞིང་སྙིང་རྗེས་སློབ་མ་སྐྱོངས་པ་དང་། ཁྱད་པར་སྔགས་ཀྱི་བླ་མ་ནི། །སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་དང་བརྒྱད་འཆང་བ། །ཞེས་མཛོད་ལ་རྒྱུད་ལུང་མན་ངག་གི་མཛོད་གསུམ་དུ་བརྩིས་པས་རང་བཞིན་བརྒྱད་ལྡན་གྱི་རྡོ་རྗེ་སློབ་དཔོན་ངེས་པར་དགོས་ཤིང་། བར་དུ་རང་ལ་ནད་པ། ཆོས་ལ་སྨན། དགེ་བའི་བཤེས་གཉེན་ལ་སྨན་པ། གདམས་ངག་ཉམས་སུ་ལེན་པ་ལ་ནད་ཉེ་བར་གསོ་བའི་འདུ་ཤེས་དང་བཞི་བཞག་སྟེ། བླ་མ་བསྟེན་ཚུལ་མདོ་རྒྱུད་ནས་བཤད་པ་ལྟར་བསྟེན། ཐ་མར་བླ་མ་དེ་ཉིད་ཀྱིས་ཡང་དག་པའི་ལྟ་སྒོམ་སྤྱོད་གསུམ་ཇི་ལྟར་བསྟན་པ་ལྟར་ཉམས་སུ་བླངས་ནས་འབྲས་བུ་མངོན་དུ་བྱ་བ་སྟེ་ས་བཅད་གཉིས་ལྟར་ཡོད་ཀྱང་གཅིག་ཏུ་བསྡུས་ནས་བཀྲལ་ཏོ། །གང་ཞིག་ཤེས་ནས་སྤང་དང་བླང་བྱ་བ། །ཞེས་པ་ནི། གང་ཞིག་ཐོས་པར་བྱ་བ་ཤེས་བྱའི་ཆོས་ཡིན་ཏེ། དེ་ལ་ཤེས་ནས་སྤང་བར་བྱ་བ་ཕྱི་རོལ་མུ་སྟེགས་པ་དང་། ཤེས་ནས་ཉམས་སུ་བླང་བར་བྱ་བ་ནང་པ་སངས་རྒྱས་པ་གཉིས་ལས། དང་པོ་ཕྱི་རོལ་གྲངས་ཅན་བྱེ་བྲག་སྤྱོད། གཅེར་བུ་ཕུར་བུ་ལྔ་ཡིན། ཞེས་སྨྲས་ཏེ། ཕྱི་རོལ་པ་ལ། སྤྱིར་ལྟ་ལོག་སུམ་བརྒྱ་དྲུག་ཅུ་ལ་སོགས་དཔག་ཏུ་མེད་ཀྱང་བསྡུ་ན་ལྔ་པོ་འདིར་འདུས་ཏེ། དེ་ཡང་གྲངས་ཅན་པ་ནི་རྟག་པར་ལྟ་བ་སྤྱིའི་གཞུང་ཕྱི་མོ་ལྟ་བུ་ཡིན་ཏེ། འདིའི་ལུགས་ལ་ཤེས་བྱའི་ཆོས་ཐམས་ཅད་བདག་དང་གཙོ་བོ་གཉིས་སུ་འདུ་ཞིང་། དེ་ཡང་རྟག་གཅིག་རང་དབང་ཅན་གྱི་བདག་ཡོད་པར་འདོད་པའོ། །དབང་ཕྱུག་པ་ནི་འཇིག་རྟེན་གྱི་བྱེད་པོ་དབང་ཕྱུག་རྟག་པར་འདོད་ཅིང་དེ་མཆོད་པ་ལ་བརྩོན། ཁྱབ་འཇུག་པ་ནི། ལྷ་ཁྱབ་འཇུག་གི་ལྟེ་བ་པདྨོའི་སྐྱེ་གནས་ནས་ཚངས་པ་སྤྲུལ་ཏེ། དེས་སྣོད་བཅུད་བྱས་ཤིང་གདོང་བཞི་ལས། སྙན་ཚིག །སྲིད་སྲུང་། མཆོད་སྦྱིན། ངེས་བརྗོད་ཀྱི་རིག་བྱེད་བཞི་བྱུང་བ་ལ་ཚད་མར་བྱེད། གཅེར་བུ་པ་ནི། ལྷ་ཆེན་པོ་རྒྱལ་བ་དམ་པའི་རྗེས་སུ་འབྲང་བ། ཐར་བ་མདོག་དབྱིབས་ཅན་དང་ཤིང་སེམས་ཅན་དུ་འདོད་པ་དཀའ་ཐུབ་སྤྱོད་པ་སྟེ། རྟག་ལྟ་སྡེ་བཞི། ཕུར་བུ་པ་ནི། ཚེ་སྔ་ཕྱི། ལས་རྒྱུ་འབྲས། ཐར་བ་དང་གྲོལ་བ་མེད་པར་འདོད་ཅིང་དྲང་སྲོང་ཕུར་བུ་ལྷར་འཛིན་པ་སྟེ་ཆད་ལྟ་སྡེ་གཅིག་ཡིན་ལ་བསྡོམས་ན་ཏརྐ་སྡེ་ལྔ་ཞེས་བྱ། ཀུན་ཀྱང་བདག་ཡོད་པར་འདོད་དེ། ཡོད་པ་རྟག་པ་དང་། ཆད་པར་ལྟ་བ་ལས་བདག་མེད་མི་འདོད་དོ། །གཉིས་པ་ནང་པ་སངས་རྒྱས་པ་ནི། སྤྱིར་ཕྱི་ནང་གི་ཁྱད་པར་མང་དུ་ཡོད་ཀྱང་བསྡུ་ན། ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད། །ཅེས་པ་འདིར་འདུས། དེ་ལ། གཉིས་པ་ནི། ཐེག་དམན་བྱེ་མདོ་ཐེག་ཆེན་དབུ་སེམས་སོ། །ཞེས་སྨྲས་ཏེ། ཐེག་དམན་ལ་ཉན་རང་གཉིས་ཡོད་ཀྱང་། རང་རྒྱལ་ལྟ་བ་མདོ་སྡེ་པ་དང་མཚུངས་ཤིང་། སེམས་བསྐྱེད་དང་སྤྱོད་པ་སོགས་ཉན་ཐོས་སྤྱི་དང་ཕྱོགས་འདྲ་བས་ལོགས་སུ་མ་སྨྲོས་སོ། །ཉན་ཐོས་ལ་གཉིས་ཡིན་ཏེ། གཞུང་བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་མོ་ལ་བརྟེན་ཅིང་རྡུལ་ཕྲན་དང་། ཤེས་པ་ཆ་མེད་དོན་དམ་བདེན་གྲུབ་ཏུ་འདོད་པ་བྱེ་བྲག་སྨྲ་བ། ཕྱི་དོན་དུ་སྣང་བ་ནང་གི་དབང་པོའི་རྣམ་པ་ཙམ་ལས་ཕྱི་རོལ་ན་བདེན་གྲུབ་ཡོད་པ་མི་སྣང་བར་འདོད་ཅིང་། གཞུང་མངོན་པའི་སྡེ་སྣོད་ལ་བརྟེན་པའི་མདོ་སྡེ་པ་སྟེ་འདི་གཉིས་ཀས་གང་ཟག་གི་བདག་མེད་ལེགས་པར་འདོད་ཅིང་ཐེག་ཆེན་མེད་པར་འདོད་པ་སོགས་ཀྱང་འདྲ། ཐེག་པ་ཆེན་པོ་ལ་སྤྱིར་ཐེག་པ་ཆེ་ཆུང་ལ་ཁྱད་པར་དུ་མ་ཡོད་ཀྱང་བསྡུ་ན། གཞན་དོན་དུ་རྫོགས་བྱང་ཐོབ་པར་མི་འདོད་པ་ཆུང་ངུ་། འདོད་པ་ཆེན་པོ་ཡིན་ཏེ། ཐེག་པ་ཆེ་ཆུང་སེམས་བསྐྱེད་ཁྱད་ཟེར་བ་དེ་ཡིན། ཐེག་ཆེན་དེ་ལ་ལྟ་བའི་དབང་གིས་སེམས་ཙམ་དང་དབུ་མ་གཉིས་ལས། སེམས་ཙམ་པས་ཆོས་ཐམས་ཅད་ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་དུ་འདུས་ཤིང་། སྣང་བ་སེམས་སུ་འདོད་ཅིང་སེམས་རང་རིག་རང་གསལ་བ་བདེན་གྲུབ་ཏུ་འདོད་པས་སེམས་ཙམ་ཟེར། དབུ་མ་པ་ནི། ཆོས་ཐམས་ཅད་བདེན་པ་གཉིས་སུ་འདུས་ཤིང་། དེ་ཡང་དོན་དམ་སྤྲོས་པའི་མཐའ་བརྒྱད་དང་བྲལ་ཞིང་། ཀུན་རྫོབ་རྟེན་ཅིང་འབྲེལ་འབྱུང་སྒྱུ་མ་རྨི་ལམ་ལྟ་བུར་འདོད་པ་སྟེ་ལྟ་བ་ཐམས་ཅད་ཀྱི་རྩེ་མོ་ཡིན་ལ། དེ་བཞི་པོ་ལ་གྲུབ་མཐའ་སྨྲ་བ་བཞི་ཞེས་གྲགས་ཤིང་། ནང་གསེས་དབྱེ་བ་དུ་མ་ཡོད་དོ། །དོན་གཉིས་པ་བསམ་པའི་ཤེས་རབ་ལ་བཞི་སྟེ། བསམ་བྱ་རྙེད་དཀའ་མི་རྟག་རྒྱུ་འབྲས་དད། ཅེས་སྨྲས་ཏེ། དལ་འབྱོར་རྙེད་པར་དཀའ་བ་བསམ་པ། ཚེ་མི་རྟག་པ་བསམ་པ། ལས་རྒྱུ་འབྲས་བསམ་པ། དད་པའི་རང་བཞིན་བསམ་པ་དང་བཞིའོ། །དང་པོ་ལ། རྙེད་དཀའ་ངོ་བོ་ཁྱད་པར་དཔེ་གྲངས་བཞི། ཞེས་ངོ་བོ་དལ་བ་བསམ་པ། ཁྱད་པར་གྱི་འབྱོར་བ་བསམ་པ། རྙེད་དཀའི་དཔེ་ལ་བསམ་པ། གྲངས་ཀྱི་ཁྱད་པར་ལ་བསམ་པ་དང་བཞི་ལས། དང་པོ་ནི་ངན་སོང་གསུམ། འདུ་ཤེས་མེད་པའི་ལྷ། ཀླ་ཀློ། ལོག་ལྟ་ཅན། མུན་བསྐལ། ལྐུག་པ་སྟེ་མི་ཁོམ་བརྒྱད་དུ་མ་སྐྱེས་པས་དལ་བ་ཡིན་ལ། གཉིས་པ་ནི། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་རང་འབྱོར་ལྔའོ། །སྟོན་བྱོན་ཆོས་གསུངས་བསྟན་པ་གནས། །དེར་ཞུགས་དགེ་བའི་བཤེས་ཀྱིས་ཟིན། །ཞེས་གཞན་འབྱོར་ལྔ་ཡིན། གསུམ་པ་ནི། རྒྱ་མཚོ་ཆེར་གནས་གཉའ་ཤིང་གི། བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀར་གསུངས། །ཞེས་སོ། །བཞི་བ་ནི། འདི་ལྟར་སེམས་ཅན་ཙམ་གྱི་གྲངས་བསམ་ན། མི་ཉིད་རྙེད་པ་འཁོར་ལོས་སྒྱུར་འདྲར་གསུངས། ཞེས་སོ། །གཉིས་པ། མི་རྟག་ཕྱི་ནང་དམ་པ་སྐྱེ་དགུའི་བདག །ནམ་འཆི་ཆ་མེད་དཔེ་དོན་སྣ་ཚོགས་དྲུག །ཅེས་སྨྲས་ཏེ། ཕྱི་སྣོད་འཇིག་རྟེན་ལ་བསམ་སྟེ་མི་རྟག་པ་བསྒོམ་པ། ནང་བཅུད་ཀྱི་སེམས་ཅན་ལ་བསམ་སྟེ་མི་རྟག་པ་བསྒོམ་པ། དམ་པའི་སྐྱེས་བུ་ལ་བསམ་སྟེ་མི་རྟག་པ་བསྒོམ་པ། སྐྱེ་དགུའི་བདག་པོ་ལ་བསམ་སྟེ་མི་རྟག་པ་བསྒོམ་པ། ནམ་འཆི་ཆ་མེད་ལ་བསམ་སྟེ་མི་རྟག་པ་བསྒོམ་པ། དཔེ་དོན་སྣ་ཚོགས་ལ་བསམ་སྟེ་མི་རྟག་པ་བསྒོམ་པ་དང་དྲུག་ཡིན་ཏེ་གོ་སླའོ། །གསུམ་པ། རྒྱུ་འབྲས་དགེ་དང་མི་དགེ་སྤྱི་བྱེ་བྲག །རྒྱུ་ལ་བཅུ་སྟེ་འབྲས་སྤྱིར་མི་དགེར་དྲུག །དགེ་བར་གསུམ་ཡིན་བྱེ་བྲག་བཞི་རེའོ། །ཞེས་སྨྲས་ཏེ། འདི་ལ་རྒྱུ་དང་འབྲས་བུ་གཉིས། རྒྱུ་དགེ་བ་བཅུ་དང་མི་དགེ་བའང་བཅུ་ཡིན་ལ། དེའང་སྲོག་གཅོད་མ་བྱིན་ལེན་ལོག་གཡེམ་སྟེ་ལུས་ཀྱི་ལས་གསུམ། རྫུན་ཕྲ་མ། ཚིག་རྩུབ། ངག་འཁྱལ་ཏེ་ངག་གི་བཞི། བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་ཡིད་ཀྱི་མི་དགེ་བ་གསུམ་དང་བཅུ་ཡིན་ལ། དེ་བཅུའི་ལྡོག་ཕྱོགས་ནི་དགེ་བ་བཅུའོ། །དེའི་འབྲས་བུ་སྤྱི་དང་བྱེ་བྲག་གཉིས་ལས། སྤྱིར་མི་དགེ་བའི་འབྲས་བུ་འགྲོ་བ་རིག་དྲུག་དང་། དགེ་བ་བཅུ་ཐབས་ཀྱིས་མ་ཟིན་ན་མཐོ་རིས་གསུམ་དང་། ཟིན་ན་ཐར་པ་གསུམ་ཡིན་ལ། དེས་ན་འགྲོ་བ་རིག་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན་ཏེ། དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བླུན་རྨོངས་བཀོལ་སྤྱོད། ལྷ་མིན་འཐབ་རྩོད། ལྷ་འཕོ་ལྟུང་། མི་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ། དེ་དག་ཐམས་ཅད་ལ་འགྱུར་དང་། འདུ་བྱེད་དང་། སྡུག་བསྔལ་གྱི་སྡུག་བསྔལ་གསུམ་པོས་ཁྱབ་པ་ཡིན་ནོ། །དེ་ལ་མཐོ་རིས་གསུམ་དགེ་སྡིག་གཉིས་ཀའི་འབྲས་བུར་བཞག་པ་འདི་ཅི་ཡིན་ཞེ་ན། འདི་ནི་དགེ་སྡིག་འདྲེས་མར་སྤྱད་པའི་འབྲས་བུ་ཡིན་པས་ཤིན་ཏུ་འཐད་དེ་སྤྲོས་པས་ཆོག་གོ །ཐར་པ་ནི་ཉན་རང་སངས་རྒྱས་གསུམ་ཡིན། བྱེ་བྲག་གི་འབྲས་བུ་དགེ་སྡིག་གཉིས་ཀ་ལ་བཞི་རེ་སྟེ་རྣམ་སྨིན། རྒྱུ་མཐུན། དབང་། སྐྱེས་བུ་བྱེད་པ་དང་བཞི་ལས། རྣམ་སྨིན་སྤྱིར་བཤད་པ་དང་འདྲ་མོད། འདིར་སྤྱི་བྱེ་བྲག་གཉིས་ཀ་བཤད་པ་ཅི་ཡིན་ཞེ་ན། བཤད་ཚུལ་གྱིས་ཡིན་ཏེ་སྔ་མ་སྤྱིར་བཤད་ཅིང་། ཕྱི་མར་རེ་རེར་སྦྱར་ནས་བཤད་དོ། །རྒྱུ་མཐུན་ལ། མྱོང་བ་རྒྱུ་མཐུན། བྱེད་པ་རྒྱུ་མཐུན་གཉིས་ལས། དང་པོ་ནི་མི་དགེ་བཅུ་པོ་རིམ་བཞིན། ཚེ་ཐུང་བ། ལོངས་སྤྱོད་དབུལ། ཁྱིམ་ཐབ་མི་མཛེས། སྐུར་པ་མང་། འཁོར་གཡོག་མི་གུས། མི་སྙན་པ་ཐོས། ཚིག་མི་བཙུན། བསམ་པ་མི་འགྲུབ། འཚེ་བ་མང་། ལྟ་བ་ངན་པ་ལ་གནས་པ་དང་བཅུ་ཡིན་ལ། དགེ་བ་བཅུ་དེ་ལས་ལྡོག །བྱེད་པ་རྒྱུ་མཐུན་ལས་གང་བྱས་ཚེ་རབས་ཀུན་ཏུ་དེ་ལ་དགའ་ཞིང་སྤྱོད། དབང་གི་འབྲས་བུ་ཡུལ་ལ་སྨིན་ཏེ་མི་དགེ་བཅུ་རིམ་པ་བཞིན། ས་ཕྱོགས་ཉམས་མི་དགའ་ཞིང་རྩུབ་པ། ལོ་ཏོག་ལ་སད་སེར་མང་། འདམ་རྫབ་གཤང་གཅི་དྲི་ང་བ། འབྱོར་བ་མི་བརྟན་པ། བགྲོད་དཀའ་བ། ཡིད་མི་བདེ་བ། དུས་ཚིགས་ལོག་པ། སྡུག་བསྔལ་མང་བ། གནོད་པ་མང་བ། སྐྱབས་མེད་པའི་ཡུལ་དུ་སྐྱེ་ཞིང་། དགེ་བཅུ་དེ་ལས་ལྡོག །སྐྱེས་བུ་བྱེད་པ་ནི་དགེ་སྡིག་གང་བྱས་མང་པོར་འཕེལ་ནས་འགྲོ་བ་སྟེ་འདྲའོ། །བཞི་པ་ནི། དད་པ་དངས་དང་འདོད་པ་མི་ལྡོག་གསུམ། ཞེས་སྨྲས་ཏེ། སྤྱིར་དད་པ་ལ་ཀུན་མཁྱེན་ཆེན་པོས་དྲུག་ཏུ་གསུངས་ཀྱང་། འདིར་བླ་མའི་མན་ངག་གིས་གསུམ་དུ་བསྡུས་ཏེ། དྭངས་བའི་དད་པ། འདོད་པའི་དད་པ། མི་ལྡོག་པའི་དད་པ་དང་གསུམ་མོ། །སྤྱི་དོན་གསུམ་པ་སྒོམ་པའི་ཤེས་རབ་ནི། བསྒོམ་པ་ཐུན་མོང་ཐུན་མོང་མ་ཡིན་པ། །མཚན་ཉིད་གསང་སྔགས་གཉིས་ཡིན་རིམ་པ་བཞིན། །ཞེས་བཤད་དེ། དེ་ལ་ཐུན་མོང་པ་རྒྱུ་མཚན་ཉིད་ཀྱི་ཐེག་ཆེན་དང་བསྟུན་ཏེ། བྱང་ཆུབ་ཀྱི་སེམས་གཉིས་སྒོམ་པ་དང་ཐུན་མོང་མ་ཡིན་པ་གསང་སྔགས་རྡོ་རྗེ་ཐེག་པ་ལྟར་བསྐྱེད་རྫོགས་རིམ་གཉིས་བསྒོམ་པའོ། །དེ་གཉིས་ཀྱི། དང་པོ་ཐོབ་བྱ་ཉམས་ལེན་འབྲས་བུ་སྟེ། ཞེས་སྨྲས་ཏེ། དང་པོ་མ་ཐོབ་པར་བྱ་བ། བར་དུ་ཐོབ་པ་ཉམས་སུ་ལེན་པ། ཐ་མ་དེའི་འབྲས་བུའོ། །དང་པོ་མ་ཐོབ་པ་ཐོབ་པར་བྱ་བ་ལ། དོན་དམ་སེམས་བསྐྱེད་བསྒོམ་སྟོབས་ཀྱིས་ཐོབ་དགོས་པས་འབྲས་བུར་འདུ་ལ། ཀུན་རྫོབ་སེམས་བསྐྱེད་ཐོབ་པར་བྱ་བ་ལ། ཐོབ་བྱ་སྦྱོར་དངོས་རྗེས་ཡིན། ཞེས་སྨྲས་ཏེ། སྦྱོར་བ་དངོས་གཞི་རྗེས་དང་གསུམ་ལས། སྦྱོར་བ་ལའང་། གདམས་ངག་ཡུལ་རྟེན་ཐབས་བཞི་ཁྱད་པར་ཅན། ཞེས་སྨྲས་ཏེ། དེའང་དང་པོ་གདམས་ངག་ཁྱད་པར་ཅན་སྲིད་པའི་མཐའ་ལ་སྐྱོ་བ་བསྐྱེད། ཞི་བའི་མཐའ་ལ་ཞེན་པ་དགག །མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་སེམས་ཀྱི་ཕན་ཡོན་བརྗོད་པས་སྤྲོ་བ་བསྐྱེད། ཡུལ་ཁྱད་པར་ཅན་སློབ་དཔོན་ལ་མཎྜལ་ཕུལ་ཞིང་གསོལ་བ་གདབ་པ། རྟེན་ཁྱད་པར་ཅན་དཀོན་མཆོག་གསུམ་ལ་སྐྱེས་བུ་ཆེན་པོའི་བློས་སྐྱབས་འགྲོ་བྱ། ཐབས་ཁྱད་པར་ཅན་ཡན་ལག་བདུན་གྱིས་ཚོགས་བསགས་པ་སྟེ་སྔོན་འགྲོ་ཡིན་ནོ། །དངོས་གཞི་བློ་སྦྱངས་པ་དང་དམ་བཅའ་གཉིས། །ཞེས་སྨྲས་ཏེ། དེ་ལ་དང་པོ་ནམ་འཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕ་མར་ཤེས་པར་བྱས་ནས་བྱམས་པ། སྙིང་རྗེ། དགའ་བ། བཏང་སྙོམས་ཏེ་ཚད་མེད་བཞི་ལ་བློ་སྦྱངས། དངོས་གཞི་དགོངས་གསོལ་སྔོན་དུ་འགྲོ་བས། ཇི་ལྟར་སྔོན་གྱི་ལ་སོགས་པའི་ཚིག་ལན་གསུམ་གྱིས་དམ་བཅའ་བ་སྟེ་བརྗོད་པ་གསུམ་པའི་ཚེ། རང་རྒྱུད་ལ་བྱང་ཆུབ་ཀྱི་སེམས་ལ་ལེགས་པར་ཐོབ་པ་ནི་དངོས་གཞི་ཡིན་ནོ། །རྗེས་ལ་རང་གཞན་དགའ་བ་བསྒོམ་པའོ། །ཞེས་སྨྲས་ཏེ། དེང་དུས་བདག་ཚེ་སོགས་རང་དང་། བདག་གིས་དེ་རིང་སོགས་ཀྱིས་གཞན་དགའ་བ་བསྒོམ་དུ་འཇུག་པ་སྟེ། དང་པོ་མ་ཐོབ་པར་བྱ་བ་ཡིན་ལ། ཐོབ་ནས་ཉམས་སུ་བླང་ཚུལ་ལ། ཉམས་ལེན་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་བསླབ་ཅེས་སྨྲས་ཏེ། ལམ་ལྷག་པའི་བསླབ་པ་གསུམ་དུ་བསྡུས་ནས་ཉམས་སུ་ལེན་པར་མདོར་བསྟན། དེ་རྒྱས་པར་བཤད་པའི་དང་པོ། ཚུལ་ཁྲིམས་སྡོམ་སྡུད་དོན་བྱེད་རིམ་པ་ལྟར། །རྩ་ལྟུང་ཉི་ཤུ་ཕྱིན་དྲུག་བསྡུ་དངོས་བཞི། །ཞེས་བསྟན་ཏེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དེ་ལ། ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཏེ་གསུམ་ཡིན། དེའི་ཉེས་སྤྱོད་སྡོམ་པ་ལ་རྩ་བའི་ལྟུང་བ་ཉི་ཤུ་བསྲུང་བ་སྟེ། དེའང་དཀོན་མཆོག་གི་དཀོར་འཕྲོག་པ། ཆོས་སྤོང་གི་ལས། རབ་བྱུང་ལ་ཆད་པ་གཅོད་པ། མཚམས་མེད་པའི་ལས་བྱེད་པ། ལོག་པར་ལྟ་བ་འཛིན་པ་སྟེ་རྒྱལ་པོ་ལ་འབྱུང་ཉེ་བ་ལྔ། དེ་ལྔ་ལས་ལོག་ལྟའི་ཚབ་ཏུ། གྲོང་། ལྗོངས། གྲོང་ཁྱེར། གྲོང་རྡལ། ཡུལ་འཁོར་འཇོམས་པ་རྣམས་གཅིག་ཏུ་བརྩིས་པས་བློན་པོར་ངེས་པ་ལྔ། བློ་མ་སྦྱངས་པ་ལ་སྟོང་ཉིད་སྟོན་པ། ཐེག་ཆེན་གྱི་རིགས་ཅན་ཐེག་དམན་ལ་བཀོད་པ། སོ་སོར་ཐར་བ་འཛིན་པ་སྤང་དུ་བཅུག་ནས་ཐེག་ཆེན་སློབ་པ། ཉན་ཐོས་ཀྱི་ལམ་འབྲས་མེད་དུ་འཛིན་པ། ཕྲག་དོག་གིས་བདག་བསྟོད་གཞན་སྨོད་པ། རྙེད་བཀུར་གྱི་ཆེད་དུ་བདག་བསྟོད་པ། དགེ་སློང་གི་རྫས་དབང་པོ་ཆེ་གཞན་ལ་ཐབས་ཀྱིས་སྦྱིན་པ། སྤོང་བ་བསམ་གཏན་པའི་ལོངས་སྤྱོད་ཀློག་པ་ཁ་ཏོན་པ་ལ་སྦྱིན་པ་སྟེ་ཕལ་བ་ལ་འབྱུང་དུ་ཉེ་བ་བརྒྱད་སྨོན་འཇུག་གཏོང་བ་གཉིས་ཏེ་ཉི་ཤུའོ། །དགེ་བ་ཆོས་སྡུད་ནི། ཟང་ཟིང་མི་འཇིགས་ཆོས་ཏེ་སྦྱིན་པ་གསུམ། །ཉེས་སྤྱོད་སྡོམ་སྡུད་དོན་བྱེད་ཚུལ་ཁྲིམས་གསུམ། །ལོག་སྒྲུབ་དཀའ་སྤྱད་ཟབ་མོ་བཟོད་པ་གསུམ། །གོ་ཆ་སྦྱོར་བ་ཆོག་མེད་བརྩོན་འགྲུས་གསུམ། །བྱིས་པ་ཉེར་སྤྱོད་དོན་བྱེད་གཤེགས་དགའི་བསམ་གཏན་གསུམ། ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་སྟེ། ཕ་རོལ་ཕྱིན་པ་རྣམས་ལ་བསླབ་པའོ། །སེམས་ཅན་དོན་བྱེད་ནི། སྦྱིན་པ། སྙན་སྨྲ། དོན་སྤྱོད། དོན་མཐུན་ཏེ་བསྡུ་དངོས་བཞི་ལ་བསླབ་ནས་གཞན་དོན་བྱེད་པའོ། །ཏིང་འཛིན་བྱང་ཕྱོགས་ཤེས་རབ་འདིར་བཤད་དེ། ཞེས་པ་ནི། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལམ་གྱི་རིམ་པ་དང་སྦྱར་ནས་བསྒོམ་པ་ནི་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་ཡིན་ལ། ཤེས་རབ་ཀྱི་བསླབ་པ་ནི་འདིར་བཤད་པའི་ཤེས་རབ་གསུམ་པོ་ཐམས་ཅད་དེ། ཁྱད་པར་དུ་བདག་མེད་རྟོགས་པའི་ཤེས་རབ་ལ་བསླབ་པའོ། །དོན་གསུམ་པ་དེ་ལྟར་ཉམས་སུ་བླང་བའི་འབྲས་བུ་ནི། འབྲས་བུ་གནས་སྐབས་མཐར་ཐུག་སློབ་མི་སློབ། །ཅེས་སྨྲས་ཏེ། གནས་སྐབས་ཀྱི་འབྲས་བུ་ཚོགས་སྦྱོར་མཐོང་སྒོམ་སྟེ་སློབ་པའི་ལམ་བཞི་དང་མཐར་ཐུག་གི་འབྲས་བུ་མི་སློབ་པའི་ལམ་གྱི་སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་གོ །ཐུན་མོང་མ་ཡིན་པ་གསང་སྔགས་རྡོ་རྗེའི་ཐེག་པ་ལྟར་ཉམས་སུ་བླང་བ་ནི། ཐུན་མིན་སྔགས་ལ་སྨིན་གྲོལ་འབྲས་བུ་གསུམ། ཞེས་མདོར་བསྟན་པ་སྟེ། མ་སྨིན་པ་སྨིན་པར་བྱེད་པའི་དབང་། སྨིན་པ་གྲོལ་བར་བྱེད་པའི་བསྐྱེད་རྫོགས་རིམ་པ་གཉིས། གྲོལ་བ་མཐར་ཕྱིན་པའི་འབྲས་བུ་དང་གསུམ་ལས་དང་པོ། སྨིན་བྱེད་དངོས་དང་ཡན་ལག་གཉིས་ཡིན་ཏེ། ཞེས་སྨིན་བྱེད་ཀྱི་དབང་དངོས་དང་དེའི་ཡན་ལག་དམ་ཚིག་གཉིས་ཀྱི། དང་པོ་ཐུན་མོང་བུམ་དབང་འཁོར་བཅས་དང་། ཐུན་མིན་གསང་ཤེར་ཚིག་དབང་ཟབ་མོའོ། །ཞེས་སྨྲས་ཏེ། དང་པོ་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་རིག་པའི་དབང་ལྔ་དང་། བུམ་དབང་། འཁོར་ལྷ་དབང་དང་། བཟླས་ལུང་ལ་སོགས་པ་དང་བཅས་པ་བསྐུར་བས་ལུས་དང་སད་པའི་བག་ཆགས་སྦྱོང་ཞིང་། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་རྒྱུད་ལ་འཇོག་པ་ཡིན་ལ། ཐུན་མོང་མ་ཡིན་པ་བྷ་ག་དང་བྱང་སེམས་གཉིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་གསང་བ། ཤེས་རབ་ཡེ་ཤེས། ཚིག་དབང་སྟེ་ཟབ་མོའི་དབང་གསུམ་བསྐུར་བས་ངག་ཡིད་ཀུན་གཞིའི་ལས་དང་། རྨི་ལམ་གཉིད་སྙོམ་འཇུག་གི་སྒྲིབ་པ་སྦྱངས་སོ། །ལམ་རྫོགས་རིམ་སྒོམ་པ་ལ་དབང་། འབྲས་བུ་ལོངས་ཆོས་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་རྒྱུད་ལ་འཇོག་པ་ཡིན། ཡན་ལག་དམ་ཚིག་ཐུན་མོང་རིགས་ལྔ་དང་། ཞེས་པ་སྨོན་འཇུག་གཉིས་དང་ཚུལ་ཁྲིམས་གསུམ་སློབ་པ་སངས་རྒྱས་ཀྱི་རིགས། རྡོར་དྲིལ་ཕྱག་རྒྱ་བླ་མ་འཛིན་པ་རྡོ་རྗེ། སྦྱིན་པ་བཞི་གཏོང་བ་རིན་ཆེན། ཐེག་པ་གསུམ་འཛིན་པ་པདྨ། ལས་ཀྱི་རིམ་པ་འཛིན་པ་རལ་གྲིའི་རིགས་ཀྱི་སྡོམ་པ་སྟེ་ཐུན་མོང་རིགས་ལྔའི་སྡོམ་པ་ཡིན་ལ། ཐུན་མིན་གསར་རྙིང་ལུང་དང་མན་ངག་སྟེ། ཞེས་ས་བཅད་བཞིས་མདོར་བསྟན་པའི། དང་པོ་གསང་སྔགས་གསར་མ་སྤྱིའི་བཞེད་པ་ལྟར་ན། དང་པོ་རྩ་ལྟུང་བཅུ་བཞི་ཡན་ལག་བརྒྱད། ཅེས་སྨྲས་ཏེ། བླ་མ་སྨོད་པ། བདེ་གཤེགས་བཀའ་འདས། །མཆེད་ལ་འཁུ་བ། བྱམས་པ་གཏོང་བ། སྨོན་སེམས་གཏོང་བ། གྲུབ་མཐའ་སྨོད་པ། གསང་བ་སྒྲོག་པ། ཕུང་པོ་བརྙས་པ། རང་བཞིན་དག་པའི་ཆོས་ལ་ཐེ་ཚོམ་ཟ་བ། ཞིང་བཅུ་མི་སྒྲོལ་བ། དོན་དམ་པ་རྟོག་དཔྱོད་ཀྱི་བློས་འཇལ་བ། དད་ལྡན་གྱི་སེམས་སུན་འབྱིན་པ། སྐབས་སུ་བབས་པའི་རྫས་དང་ལོངས་སྤྱོད་མི་བསྟེན་པ། བུད་མེད་ལ་སྨོད་པ་སྟེ་རྩ་ལྟུང་བཅུ་བཞིའོ། །མ་སྨིན་པའི་རིག་མ་བསྟེན་པ། ཚོགས་འཁོར་གྱི་དུས་སུ་ཀྱལ་ཀའི་རྩོད་པ། མཚན་ཉིད་མེད་པའི་ཡུལ་ལས་བདུད་རྩི་ལེན་པ། སྣོད་ལྡན་ལ་གསང་སྔགས་མི་སྟོན་པ། དད་ལྡན་ལ་ཆོས་མི་སྟོན་པ། ཉན་ཐོས་ཀྱི་ནང་དུ་ཞག་བདུན་བསྡད་པ། ང་རྒྱལ་གྱིས་སྔགས་པར་རློམ་པ། སྣོད་མིན་ལ་ཆོས་བཤད་པ་སྟེ་ཡན་ལག་གི་ལྟུང་བ་བརྒྱད་དུ་བཞེད། གཉིས་པ་རྩ་བ་ལྔ་དང་ཡན་ལག་བཅུ་ཞེས་སྨྲས་ཏེ། གཉིས་པ་གསང་སྔགས་རྙིང་མ་རྒྱུད་མ་ཧཱ་ཡོ་ག་ལྟར་ན། བླ་མེད་མི་སྤངས་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །ཞེས་རྩ་བ་ལྔ་དང་། དུག་ལྔ་མི་སྤངས་པ་དང་། བདུད་རྩི་ལྔ་མི་འདོར་བ་སྟེ་ཡན་ལག་གི་དམ་ཚིག་བཅུ་རུ་བཞེད། གསུམ་པ་རྩ་གསུམ་ཡན་ལག་ཉི་ཤུ་ལྔ། ཞེས་གསུམ་པ་ལུང་ཨ་ནུ་ཡོ་ག་ལྟར་ན། བླ་མ་དང་མཆེད་ལ་གུས་པ་སྐུ། སྔགས་དང་ཕྱག་རྒྱ་ལ་བརྩོན་པ་གསུང་། བླ་མེད་བྱང་ཆུབ་སེམས་མི་སྤངས་ཤིང་གསང་བ་གསང་བ་ཐུགས་ཀྱི་དམ་ཚིག་སྟེ་རྩ་བ་གསུམ། ཏ་ན་ག་ན་མ་བྱིན་ལེན་རྫུན་ཚིག་བརླིང་སྟེ་སྤྱད་བྱ་ལྔ། ཆགས་སྡང་གཏི་མུག་ང་རྒྱལ་ཕྲག་དོག་སྟེ་མི་སྤང་བ་ལྔ། དྲི་ཆེན་དྲི་ཆུ་བྱང་སེམས་དཀར་དམར་མང་ས་སྟེ་དང་དུ་བླང་བ་ལྔ། ཕུང་པོ་འབྱུང་བ་ཡུལ་དབང་པོ་ཁ་དོག་རྣམས་ནི་ལྷར་ཤེས་པ་ལྔ། རིགས་ལྔ་བསྒྲུབ་པ་སྒྲུབ་བྱ་ལྔ་སྟེ་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔར་བཞེད། བཞི་པ་བསྲུང་དུ་ཡོད་དང་མེད་པའོ། །ཞེས་མན་ངག་རྫོགས་པ་ཆེན་པོ་ལྟར་ན། བསྲུང་དུ་ཡོད་པ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉི་ཤུ་རྩ་བདུན་དང་།

བསྲུང་དུ་མེད་པ་ཀ་དག་གི་དམ་ཚིག་མེད་པ་དང་ཕྱལ་བ། ལྷུན་གྲུབ་ཀྱི་དམ་ཚིག་གཅིག་པུ་ལྷུན་གྲུབ་སྟེ། དེ་དག་ཀུན་ཀྱང་བཤད་སྲོལ་གྱི་དབྱེ་བསྡུ་མ་གཏོགས་གཅིག་ཏུ་འདུའོ། །གཉིས་པ། གྲོལ་བྱེད་བསྐྱེད་རྫོགས་གཉིས་ཡིན་དང་པོ་ལ། །སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་རིམ་པ་བཞིན། །ཞེས་ཐ་མལ་མ་དག་པའི་སྣང་བ་སྦྱོང་བ་བསྐྱེད་རིམ། གྱ་ནོམ་ལྷར་ཞེན་སྦྱང་བ་རྫོགས་རིམ་དང་གཉིས། དང་པོ་བསྐྱེད་རིམ་ལ། སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་གསུམ་རིམ་པ་བཞིན་དུ་སྟོན་ཏེ། དང་པོ། འཆི་བར་སྐྱེ་དང་སྐྱེ་གནས་བཞི་སྦྱང་བྱ། ཞེས་སྨྲས་ཏེ། ལུས་ཅན་རྣམས་འཆི་བའི་ཚེ། །འབྱུང་བ་བཞི་དང་། སྣང་བ་གསུམ་རིམ་གྱིས་ཐིམ་ནས། གཞི་དུས་ཀྱི་འོད་གསལ་ལ་ནམ་མཁའ་གཡའ་དག་པ་ལྟ་བུ་ལ་སྐད་ཅིག་མར་གནས་པ་ནི་འཆི་སྲིད། དེ་ལས་དངོས་འཛིན་རིམ་གྱིས་མཆེད་དེ་བག་ཆགས་ཡིད་ལུས་ཀྱི་བར་དོར་གྲུབ་པ་བར་སྲིད། དེ་ལས་སྐྱེ་གནས་ལ་སྲེད་ལེན་གྱི་མཐུས་སྐྱེ་བ་ལེན་པ་ནི་སྐྱེ་སྲིད་ཡིན་ལ། སྐྱེ་བ་དེ་ཡང་། རྫུས་སྐྱེས། དྲོད་གཤེར་སྐྱེས། མངལ་སྐྱེས། སྒོང་སྐྱེས་ཏེ་སྐྱེ་གནས་བཞི་པོ་དག་ཏུ་འཇུག་རུང་གི་བག་ཆགས་ནི་སྦྱང་བྱ་ཡིན་ལ། གཉིས་པ། ཏིང་འཛིན་གསུམ་དང་བསྐྱེད་རིམ་བཞི་སྦྱོང་བྱེད། ཅེས་སྨྲས་ཏེ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡོད་མེད་གཉིས་འཛིན་གྱི་ཡུལ་ལས་འདས་བའི་རང་བཞིན་མཉམ་པ་ཉིད་དུ་བལྟ་བ་དེ་བཞིན་ཉིད། དེ་ལྟ་བུའི་ཆོས་ཉིད་མཉམ་པར་མ་རྟོགས་པའི་སེམས་ཅན་གྱི་ཁམས་ལ་སྒྱུ་མ་ལྟ་བུའི་སྙིང་རྗེ་འཇུག་པ་ནི་ཀུན་སྣང་གི་ཏིང་འཛིན། དེ་ལྟ་བུའི་སྣང་སྟོང་བྱང་ཆུབ་ཀྱི་སེམས་གཉིས་དབྱེར་མེད་མི་ཕྱེད་པའི་རྩལ་སྐད་ཅིག་གིས་ཡི་དམ་ལྷའི་ས་བོན་གྱི་རྣམ་པར་གསལ་བ་རྒྱུའི་ཏིང་འཛིན་དང་གསུམ། སྣོད་བཅུད་ལྷ་དང་གཞལ་ཡས་ཁང་སྐད་ཅིག་དྲན་རྫོགས་ཀྱིས་གསལ་འདེབས་པ་བསྡུས་པ། ས་བོན་ལས་སྐད་ཅིག་གིས་བསྐྱེད་པ་འབྲིང་། ས་བོན་ཕྱག་མཚན་སྐུ་སྟེ་རྡོ་རྗེའི་ཆོ་ག་གསུམ་མོ། །ཡང་ན་ཟླ་ཉི་ཕྱག་འཚན་འདྲེས་པ་སྐུ་སྟེ་མངོན་བྱང་ལྔའི་བསྒོམ་པ་རྒྱས་པ། བདག་སྲས་དང་གཞན་སྲས་གཉིས་ཀྱིས་བསྒོམ་པ་རྒྱས་པ་ཆེན་པོ་སྟེ་དབང་པོ་ལ་ལྟོས་པའི་བསྐྱེད་རིམ་བཞི་ནི་སྦྱོང་བྱེད་ཡིན། གསུམ་པ། སྐུ་གསུམ་ཕྲིན་ལས་བཅས་པ་སྦྱངས་འབྲས་སོ། །ཞེས་སྨྲས་ཏེ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དེ་དག་གི་ཡེ་ཤེས་འཕྲིན་ལས་དང་བཅས་པ་ནི་སྦྱངས་འབྲས་ཡིན་པས། དེ་དག་གི་ཚུལ་ངེས་པར་བྱས་ནས། ཏིང་འཛིན་ལྷའི་གཟེར། སྙིང་པོ་སྔགས་ཀྱི་གཟེར། དགོངས་པ་མི་འགྱུར་བའི་གཟེར། འཕྲོ་འདུ་འཕྲིན་ལས་ཀྱི་གཟེར་ཏེ་སྲོག་སྡོམ་གྱི་གཟེར་བཞི་དང་། བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་ཉམས་སུ་བླངས་པས་མར་མ་དག་པའི་སྣང་ཞེན་འཁོར་བའི་བག་ཆགས་དག་པར་བྱེད། ཡར་སངས་རྒྱས་སྐུ་གསུམ་གྱི་འབྲས་བུ་གཞི་ལ་རྫོགས་པར་བྱེད། མཐར་རྫོགས་རིམ་བླ་ན་མེད་པའི་སྨིན་བྱེད་དུ་འགྲོ་བ་སྟེ། དག་རྫོགས་སྨིན་གསུམ་ཚང་བའི་བསྐྱེད་རིམ་གྱི་ལམ་ཡིན་ནོ། ། ༈ གཉིས་པ་རྫོགས་རིམ་ལ་དམིགས་བཅས་དམིགས་མེད་དང་པོ་ལ། ཕ་རྒྱུད་རིམ་ལྔ་མ་རྒྱུད་ཆོས་དྲུག་དང་། །གཉིས་མེད་སྦྱོར་དྲུག་ཡིན་ཏེ་དང་པོ་ནི། །ཞེས་སྨྲས་པས་མདོར་བསྟན། དེ་རྒྱས་པར་བཤད་པ་ལ། སྤྱིར་རྫོགས་རིམ་དམིགས་བཅས་དམིགས་མེད་གཉིས། དམིགས་བཅས་ལ་གསུམ་དུ་ཡོད་པའི་དང་པོ་ཕ་རྒྱུད་དང་བསྟུན་པའི་རིམ་ལྔ་ནི། རྡོར་བཟླས་སེམས་ལ་དམིགས་དང་བདག་བྱིན་བརླབས། །འོད་གསལ་ཟུང་དུ་འཇུག་དང་རིམ་པ་ལྔ། །ཞེས་སྨྲས་ཏེ། རླུང་འཇུག་གནས་ལྡང་གསུམ་ཨོཾ་ཨཱཿཧཱུྃ་གསུམ་དུ་མོས་པས་གནས་པ་རྒྱུད་བསྲིང་ཞིང་བུམ་པ་ཅན་དུ་བསྒོམ་པ་རྡོ་རྗེའི་བཟླས་པ། སྙིང་གར་ཡི་གེའམ་ཕྱག་མཚན་ཕྲ་མོ་ལ་སེམས་རྩེ་གཅིག་ཏུ་འཛིན་པ་སེམས་ལ་དམིགས་པ། སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུའི་ལྷ་དང་གཞལ་ཡས་ཁང་དུ་གསལ་འདེབས་པ་བདག་བྱིན་བརླབས་པ། དེ་དག་རིམ་གྱིས་སྟོང་པར་བཅུག་ནས་སྣང་བ་གསུམ་དང་སྟོང་པ་ཆེན་པོའི་འོད་གསལ་བསྒོམ་པ་འོད་གསལ། དེ་ལས་སླར་ཡང་སྣང་སྟོང་གཉིས་སུ་མེད་པའི་ལྷའི་སྐུར་བཞེངས་པ་ནི་ཟུང་འཇུག་སྟེ་རིམ་པ་ལྔ་ཡིན། གཉིས་པ་ལམ་གྱི་རྩ་བ་གཞི་སྙིང་པོ། །དྲོད་ཚད་སུན་མ་བློ་ཆོད་རིམ་པར་ལྟར། གཏུམ་མོ་སྒྱུ་ལུས་འོད་གསལ་རྨི་བར་འཕོ། །ཞེས་སྨྲས་ཏེ། མ་རྒྱུད་ལྟར་ན། སྣང་སྟོང་སྒྱུ་མ་ལྟ་བུའི་ལུས་དང་རྩའི་སྟོང་ར་གསལ་བཏབ་ནས་ལྟེ་བའི་གཏུམ་མོ་ལས་འབར་བ་དང་། སྤྱི་བོའི་ཧཾ་ཡིག་ལས་འཛག་པའི་ཏིང་ངེ་འཛིན་བུམ་ཅན་དང་སྦྲེལ་ནས་བསྒོམ་པ་ལམ་གྱི་རྩ་བ་གཏུམ་མོ། །ཕྱི་ནང་གི་སྣང་བ་ཐམསཅད་བདེན་མེད་སྒྱུ་མ་ལྟ་བུའི་རྩལ་སྦྱངས་ཤིང་། དེ་དག་རིམ་གྱིས་སྣང་ལ་རང་བཞིན་མེད་པར་ལྷ་དང་གཞལ་ཡས་ཁང་དུ་བསྒོམ་པ་ལམ་གྱི་གཞི་མ་སྒྱུ་ལུས། ཉིན་མོ་ལམ་བསྒོམ་པའི་སྦྱངས་སྟོབས་དང་། མཚན་མོ་གཉིད་ཀྱི་ཐིམ་རིམ་ལ་བརྟེན་ནས་སྣང་བ་གསུམ་དང་སྟོང་ཆེན་གྱི་འོད་གསལ་ལ་འདྲིས་པར་བྱས་ནས། དོན་གྱི་འོད་གསལ་མངོན་དུ་བྱེད་པ་ལམ་གྱི་སྙིང་པོ་འོད་གསལ། རླུང་སྟོབས་དང་འདུན་སྟོབས་ཀྱིས་མཚན་མོའི་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱས་ནས་སྤྲུལ་བསྒྱུར་ཞིང་སྦྱོང་སོགས་བྱེད་པ་ལམ་གྱི་དྲོད་ཚད་རྨི་ལམ། རང་བཞིན་སྐྱེ་གནས་ཀྱི་བར་དོ། །བག་ཆགས་རྨི་ལམ་གྱི་བར་དོ་གཉིས་སུ་ལམ་གོམས་པར་བྱས་པའི་སྟོབས་ཀྱིས་དབང་པོ་རབ་འཆི་བའི་བར་དོར་འོད་གསལ་མངོན་དུ་བྱེད་དེ་ཆོས་སྐུར་གྲོལ། འབྲིང་སྣང་མུན་སྲིད་པའི་བར་དོར་སྒྱུ་ལུས་ལ་བརྟེན་ནས་ལོངས་སྐུར་བཞེངས། ཐ་མ་སྲེད་ལེན་སྐྱེ་གནས་ཀྱི་བར་དོར་བསྐྱེད་རིམ་ལ་བརྟེན་ནས་ལས་དག་པའི་སྐྱེ་བ་སྤྲུལ་སྐུར་འབྱོན་པ་ནི་ལམ་གྱི་སུན་མ་བར་དོ། །ལམ་གྱི་གོམས་པ་མཐར་མ་ཕྱིན་པ་དག་འདུན་པ་དང་ཏིང་ངེ་འཛིན་གྱི་སྟོབས་ལས་རྣམ་ཤེས་དག་པའི་ཞིང་དུ་འཕོ་བ་ནི་ལམ་གྱི་བློ་ཆོད་འཕོ་བ་སྟེ་མ་རྒྱུད་ལྟར་ཆོས་དྲུག་ཡིན། ༈ གསུམ་པ་སོར་བསམ་སྲོག་འཛིན་རྗེས་ཏིང་ངོ་། །ཞེས་སྨྲས་ཏེ། གསུམ་པ་གཉིས་མེད་ཀྱི་རྒྱུད་དང་བསྟུན་ནས། ཉིན་མོའི་རྣལ་འབྱོར་ནམ་མཁའ་དང་། མཚན་མོའི་རྣལ་འབྱོར་མུན་ཁང་ལ་བརྟེན་ནས་དབང་པོ་ལྔ་ཡུལ་ལ་མི་གཡེང་བར་བསྒོམ་པ་སོར་སྡུད། དེ་ལས་རྟགས་བཅུའི་སྟོང་གཟུགས་མངོན་དུ་གྱུར་ནས་ཡུལ་སེམས་གཉིས་སུ་མེད་པའི་ཉམས་གཞག་སྐྱེས་པ་བསམ་གཏན། གཡས་གཡོན་དང་སྟེང་འོག་གི་རླུང་གཅིག་ཏུ་འདྲེས་པ་སྲོག་རྩོལ། འཁོར་ལོ་བཞིའི་རླུང་སེམས་ལ་ལས་སུ་རུང་སྟེ་གཟུང་འཛིན་དབུ་མར་ཐིམ་པ་འཛིན་པ། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ཆེན་པོ་གསུམ་གང་རུང་ལ་བརྟེན་ནས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་པ་རྗེས་དྲན། མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱས་པ་ཏིང་ངེ་འཛིན་ཏེ་གཉིས་མེད་ཀྱི་རྒྱུད་དང་བསྟུན་པའི་སྦྱོར་བ་ཡན་ལག་དྲུག་ཡིན་ནོ། ། ༈ དམིགས་མེད་ཀྱི་རྫོགས་རིམ་ནི། དམིགས་མེད་རྫོགས་ཆེན་གཞི་ལམ་འབྲས་བུའོ། །ཞེས་སྨྲས་ཏེ། གཞི་ཀ་དག་དང་ལྷུན་གྲུབ་གཉིས་སུ་མེད་པའི་རིག་སྟོང་ཡེ་ཤེས་ཀྱི་ལྟ་བར་ངོ་རང་ཐོག་ཏུ་སྤྲད། ལམ་མཉམ་ཉིད་བློ་འདས་ཀྱི་སྒོམ་པ་རང་བབས་ཆུ་བོའི་རྒྱུན་གྱིས་ཐག་གཅིག་ཐོག་ཏུ་བཅད། འབྲས་བུ་ཤར་གྲོལ་རྒྱུན་མི་འཆད་པའི་སྤྱོད་པ་ཆུ་ལ་རལ་གྲིས་གདེང་གྲོལ་ཐོག་ཏུ་བཅའ་བ་སྟེ། ལེ་ལོ་ཅན་མ་བསྒོམ་པར་གྲོལ་བའི་ལམ་ཡིན་ནོ། །དེ་ལྟར་ལམ་ཉམས་སུ་བླངས་པས། འབྲས་བུ་གནས་སྐབས་རིག་འཛིན་མཐར་འབྲས་ཆོས། ། ཞེས་མདོར་བསྟན། དེ་རྒྱས་པར་བཤད་པ་ལ། དང་པོ་རྣམ་སྨིན་ཚེ་དབང་ཕྱག་རྒྱ་ཆེ། །ལྷུན་གྲུབ་བཞི་ཡིན་གཉིས་པ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་ལྔ་ལྔ་ཉེར་ལྔ་སྟེ། །ཞེས་སྨྲས། དེ་ཡང་ལྷ་དང་སྣང་བ་ཆོས་ཉིད་གསུམ་རོ་གཅིག་ཏུ་གྱུར་པའི་ཏིང་ངེ་འཛིན་ལ་གནས་ཤིང་རྣམ་སྨིན་གྱི་ལུས་དང་བཅས་པ་རྣམ་སྨིན་རིག་འཛིན། དོན་གྱི་འོད་གསལ་མཐོང་ལམ་མཆོག་གི་དངོས་གྲུབ་མངོན་དུ་མཛད་ནས་སྐྱེ་འཆིའི་འཇིགས་པ་ལས་གྲོལ་བ་ཚེ་དབང་རིག་འཛིན། ཕྱག་རྒྱ་ཆེན་པོ་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་མངོན་དུ་མཛད་ནས་སློབ་པའི་ཟུང་འཇུག་གི་ལྷར་སྐུར་བཞེངས་པ་ཕྱག་ཆེན། རིགས་བདག་དྲུག་པའི་རྒྱལ་ཚབ་ཏུ་དབང་བསྐུར་ནས་མངའ་དབང་བརྙེས་ཤིང་མཛད་པའི་ཕྲིན་ལས་སངས་རྒྱས་དང་རྗེས་སུ་མཐུན་པ་ལྷུན་གྲུབ་རིག་འཛིན་ཏེ་གནས་སྐབས་ཀྱི་འབྲས་བུ་རིག་འཛིན་བཞི། མཐར་ཐུག་རང་སྣང་འོག་མིན་གྱི་ཞིང་དུ་སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་དུ་སངས་རྒྱས་པ་ནི་འབྲས་བུའི་ཆོས་ཉི་ཤུ་རྩ་ལྔའི་རང་བཞིན་དུ་སྣང་བ་ཡིན་ཏེ། དེ་ཡང་། མངོན་བྱང་མི་འགྱུར་ཞི་བ་ཆོས་སྐུ་སྟེ་སངས་རྒྱས་རང་སྣང་གི་སྐུ་གསུམ། གདུལ་བྱའི་སྣང་ཚུལ་དང་བསྟུན་པ་ལོངས་སྤྲུལ་གཉིས་ཏེ་སྐུ་ལྔ། རིག་པ་བྱིན་རླབས་ཀྱི་གསུང་། གཉིས་མེད་རྡོ་རྗེའི་གསུང་། སྐྱེ་མེད་དོན་གྱི་གསུང་། དགོངས་པ་བརྡའི་གསུང་། ཚངས་པ་དབྱངས་ཀྱི་གསུང་སྟེ་གསུང་ལྔ། ཆོས་དབྱིངས། མེ་ལོང་། མཉམ་ཉིད། སོར་རྟོག །བྱ་གྲུབ་ཡེ་ཤེས་ཏེ་ཐུགས་ལྔ། རྣམ་པར་དག་པའི་ཞིང་ཁམས། རྒྱ་ཚད་བྲལ་བའི་གཞལ་ཡས། གསལ་ཞིང་མཛེས་པའི་འོད་ཟེར། ལྷུན་གྱིས་གྲུབ་པའི་གདན་ཁྲི། རྩོལ་བསྒྲུབ་བྲལ་བའི་རྒྱན་ཆ་སྟེ་ཡོན་ཏན་ལྔ། ཞི་རྒྱས་དབང་དྲག་མཆོག་གི་ཕྲིན་ལས་དང་ཕྲིན་ལས་ལྔ་སྟེ། འབྲས་ཆོས་ཉི་ཤུ་རྩ་ལྔའི་བདག་ཉིད་དྲུག་པ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མངོན་དུ་མཛད་པ། ཐོས་བསམ་སྒོམ་པའི་འབྲས་བུ་མཐར་ཐུག་པ་སྟེ་གཞུང་དོན་ཡོངས་སུ་རྫོགས་པའོ། །མཇུག་གི་དོན་ནི། རྒྱལ་བའི་ཆོས་མཛོད་རྒྱ་མཚོ་འདི་ཁོ་ནར། །བག་ཡང་ཤྲི་ལྷོད་པོས་བསྡུས་པ་ཡིན། །དགེའོ། །དགེའོ། །དགེའོ། །ཞེས་སྨྲས་ཏེ། རྒྱལ་བ་རྡོ་རྗེ་འཆང་སྐུ་གསུམ་གྱི་བསྟན་པ་དམ་པའི་ཆོས་ཀྱི་མཛོད་ཇི་སྙེད་པ་དོན་གྱི་གནས་འདི་དག་ཏུ་ཡེ་ནས་འདུས་པ་ཡིན་མོད། །ཚིག་ཉུང་ངུ་འདི་དག་ཏུ་བདག་གིས་བསྡུས་པ་ཡིན་པས། དེ་ལྟ་བུའི་དགེ་རྩ་འཁོར་གསུམ་ཡོངས་སུ་དག་པ་རྗེས་མཐུན་པ་དང་བཅས་པ་ཐོག་ཐ་བར་གསུམ་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག་ཅེས་བསྔོས་པའོ། །སྨྲས་པ། བླ་མའི་མན་ངག་བདུད་རྩིའི་རོ་མྱང་ནས། །གཅིག་ཏུ་ཞི་བའི་ཡིད་ནི་མཉམ་བཞག་ལ། །གཞོལ་དེར་ཐོས་མང་ཚིག་གིས་ཅི་བགྱི་སྟེ། །སྣ་ཚོགས་སྤྲོས་པའི་རྣམ་གྲངས་སྤངས་པ་ཡིན། །གཞན་དུ་བསྟན་པ་དམ་པའི་བང་མཛོད་ནི། །ལུང་དང་རྟོགས་པ་གཉིས་ཡིན་དེའི་རྣམ་གྲངས། །རྗེས་འཇུག་མཁས་པའི་ཕྲག་པས་བཟུང་མིན་ན། །རྒྱལ་བསྟན་རིན་ཆེན་གང་དུ་གནས་པར་འགྱུར། །ཀྱེ་མ་སྙིགས་མའི་མཐར་ཡང་མགོན་པོ་དེའི། །བསྟན་པ་རིན་ཆེན་འདི་ནི་སྐྱེ་དགུའི་གཉེན། །ཕན་མཛད་འདི་ལས་གཞན་དུ་ཡོད་མིན་ན། །སྐལ་བཟང་དད་པས་ཞུགས་རྣམས་བརྩོན་པར་རིག །བློ་གསལ་བློ་ཡི་ཀུན་གསལ་ཁྱོན་ཡངས་པོར། །མང་ཐོས་ཆོས་ཀྱི་ཉི་མས་བཟུང་མིན་ན། །རྣམ་རིག་སྐར་ཚོགས་བཀྲ་ཡང་སྤང་བླང་མིག །མུན་པའི་གནས་སྐབས་ཉིད་ལས་སྣང་མི་འགྱུར། །དེ་སླད་ཆོས་མཛོད་ཉི་མའི་དཀྱིལ་འཁོར་ནི། །སྐལ་བཟང་གཞོན་ནུའི་ཡིད་མཁར་ཐོགས་མེད་དུ། །འདྲེན་པའི་སྐྱ་རེངས་ཤིང་རྟ་འདི་ཡིན་པས། །གཅིག་ཏུ་བརྩོན་པས་བྲིས་པ་དོན་ཡོད་ཡིན། །དེ་ལས་རབ་དགེ་དྲི་མེད་གང་ཐོབ་དེས། །བསྟན་འདིར་གསར་བུར་གྱུར་པའི་གཞོན་ནུ་རྣམས། །ལམ་འདིས་ཐོས་པ་རྒྱ་མཚོའི་སྒོ་ཕྱེ་ནས། །མི་རིང་མཁས་པའི་ཁྲི་ལ་གནས་གྱུར་ཅིང་། །དོན་ཆུང་གཡོ་སྒྱུའི་རྣམ་རིག་བག་མེད་དུ། ཆོས་དང་རྩོད་པར་སྦྱངས་བའི་ལམ་ངན་པ། །རྒྱལ་བསྟན་མེ་ཏོག་ཚལ་འདིར་མི་འཇུག་རྣམས། །ཐོས་བསམ་སྒོམ་པའི་སྦྲང་ཆར་འཛིན་གྱུར་ཅིག །འབྲི་ཀློག་སྒྲ་དང་རིག་པའི་གཞི་བཟུང་ནས། །ཤེས་བྱའི་ཆོས་ཀུན་བློ་ཡི་བང་མཛོད་དུ། །འཛུད་པའི་གསོག་འཇོག་འདི་ལ་ཡིད་རྟོན་ཞིང་། །ཀུན་ཀྱང་ཐེག་གསུམ་ཆོས་ཀྱིས་ཕྱུག་གྱུར་ཅིག །ལང་ཚོའི་མེ་ཏོག་གསར་བའི་གཞོན་ནུ་དག །ངུར་སྨིག་རྟགས་ཀྱིས་སྤུད་པའི་དེ་མ་ཐག །ཚིག་ཉུང་དོན་བཅུད་མངར་བའི་བདུད་རྩི་འདི། །འཐུང་པས་མྱོས་གླུ་རྣ་བར་སྙན་གྱུར་ཅིག །བདག་ཀྱང་ཞི་བའི་ཡིད་ལ་རྩེ་གཅིག་ཏུ། །གཡོ་མེད་བརྟན་པ་ཐོབ་ནས་རྣམ་རྟོག་གི། གྲོང་ཁྱེར་རྡུལ་དུ་གཞིག་པའི་བག་ཡངས་དེས། །ཟིན་མེད་བྱ་བའི་མཐའ་རྣམས་སྟོངས་གྱུར་ཅིག །དགེའོ། །དགེའོ། །དགེའོ། །དགེ་ལེགས་མཆོག་གི་སྣང་བ་གཡོ་མེད་ཤོག །བཀྲ་ཤིས་པར་གྱུར་ཅིག ། །། ༈ ཨོཾ་སྭ་སྟི། རྒྱལ་བསྟན་སྙིང་པོ་བསླབ་གསུམ་སྟོན་པའི་གཞུང་། །སྡེ་མཛོད་ཚེ་དབང་རིན་ཆེན་མཆོག་གྲུབ་ཀྱིས། །སྤར་བཞེངས་དགེ་བས་བསྟན་དང་བསྟན་འཛིན་དར། །འགྲོ་རྣམས་ཚོགས་རྫོགས་ཀུན་མཁྱེན་ཐོབ་ཕྱིར་བསྔོ། །ཞེས་སྤར་བྱང་འདི་པྲཛྙཱའི་མིང་གིས་བྲིས་པ་དགེ །