ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་སྤྱི་དོན།

From Khyentse Lineage - A Tsadra Foundation Project
PJCW-KABUM-03-GA-001
Wylie title shes rab kyi pha rol tu phyin pa'i man ngag gi bstan bcos mngon par rtogs pa'i rgyan gyi spyi don
Location dpal sprul bka' 'bum
Volume 3, Text 1, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre Overviews - spyi don
[edit]
༄༅༎ ཨབྷིསམཡཨལངྐཱརནཱམཔྲཛྙཱཔརམིཏཱཨུཔདེཤཤཱསྟྲཨརྠསྱབིཧརཏིསྨ ༎


༄། ཨ བྷི ས མ ཡ ཨ ལ ངྐཱ ར ནཱ མ པྲ ཛྙཱ པ ར མི ཏཱ ཨུ པ དེ ཤ ཤཱ སྟྲ ཨ རྠ སྱ བི ཧ ར ཏི ས། །


༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་སྤྱི་དོན་བཞུགས་སོ། །


ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འདི་འཆད་པ་ལ། བཤད་བྱ་གཞུང་གི་རང་བཞིན་ངོས་བཟུང་བ་དང་། གཞུང་དོན་གཏན་ལ་དབབ་པ་གཉིས། དང་པོ་བཤད་བྱའི་གཞུང་ངོས་བཟུང་བ་ནི། འདིར་ཁམས་གསུམ་ན་རྒྱུ་བའི་འགྲོ་བ་རྣམས་ཀྱི། སྐྱབས་དང་། མགོན་དང་། དཔུང་གཉེན་གྱི་མཆོག་ཏུ་གྱུར་པའི་བདག་ཅག་གི་སྟོན་པ་དེས། སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་པའི་ཐབས་སུ་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལ། དམ་པའི་ཆོས་ཀྱི་བདུད་རྩི་ཇི་སྙེད་ཅིག་བསྩལ་བ་རྣམས་ཀྱི་ནང་ནས་ཆེས་ཤིན་ཏུ་ཟབ་པ་དང་ལྡན་པ་ནི། རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པུའི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེ་ཉིད་ཡིན་ལ། འདིའི་དགོངས་པ་འགྲེལ་བའི་བསྟན་བཅོས་ལ་དུ་མ་ཞིག་ཡོད་ཀྱང་། གཙོ་བོ་གྱུར་པ་ནི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་བཞི་ཞེས་སྔ་མ་རྣམས་ལ་གྲགས་སོ། །དེ་ཡང་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཞབས་ཀྱིས་ནི། བསྒྲུབ་བྱ་བདེན་དངོས་དང་། སྒྲུབ་བྱེད་རྟོག་གེའི་རིག་པ་འགོགས་པ་གཉིས་ཀྱི་དབང་དུ་མཛད་ནས། དབུ་མ་རིག་པའི་ཚོགས་ལྔ་ལ་སོགས་པ་མཛད་དོ། །ཟབ་མོ་དབུ་མའི་ལྟ་བའི་ཤིང་རྟའི་སྲོལ་ཆེན་པོ་འབྱེད་པར་མཛད། སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་ནི་ཡུམ་བསྡུས་པའི་གཙོ་བོའི་དོན་སོ་གཉིས་སུ་བསྡུས་ནས་འཆད་དེ། དེ་ཡང་། རྟེན་དང་དབང་དུ་བྱ་བ་དང་། །ལས་ནི་སྒོམ་པ་དང་བཅས་དང་། །རབ་དབྱེ་རྟགས་དང་ལྟུང་བ་དང་། །ཕན་ཡོན་བཅས་པར་ཡང་དག་བརྗོད། །ཅེས་པ་ལྟར་ལས། རབ་དབྱེ་ལ་སྟོང་ཉིད་བཅུ་དྲུག་དང་། སྒོམ་པ་ལ་རྣམ་གཡེང་གི་རྟོག་པ་བཅུའི་གཉེན་པོ་བཅུར་ཕྱེ་བས་གཉིས་སོ། །ཡུམ་རྒྱས་འབྲིང་གཉིས་དང་ཁྲི་བརྒྱད་སྟོང་གི་རྒྱ་ཆེར་བཤད་པ་ཡུམ་གཞུང་འགྲེལ་གནོད་འཇོམས་ལས་ནི་སྒོ་གསུམ་རྣམ་གྲངས་བཅུ་གཅིག་གི་སྒོ་ནས་ཡུམ་དོན་འགྲེལ་བར་བྱེད་དོ། །སྒོ་གསུམ་ནི། མགོ་སྨོས་པས་གོ་བ་རྣམས་ལ་བསྡུས་ཏེ་བསྟན་པའི་སྒོ། སྤྲོས་ནས་གོ་བ་རྣམས་ལ་འབྲིང་དུ་བསྟན་པའི་སྒོ། ཚིག་ལ་འཆེལ་བ་རྣམས་ཀྱི་དོན་དུ་རྒྱས་པར་བསྟན་པའི་སྒོ་དང་གསུམ། རྣམ་གྲངས་བཅུ་གཅིག་ནི། དང་པོ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ༡དེ་ནས་རབ་འབྱོར་གྱིས་བཤད་པ། ༢དེ་ནས་བརྒྱ་བྱིན་དང་། ༣རབ་འབྱོར་དང་། ༤བྱམས་པ་དང་། ༥རབ་འབྱོར་དང་། ༦བརྒྱ་བྱིན་དང་། ༧རབ་འབྱོར་དང་། ༨བྱམས་པ་དང་། ༩རབ་འབྱོར་དང་། ༡༠དེ་ནས་ཀུན་དགའ་བོ་༡༡ལ་བཀའ་སྩལ་ནས་ཡོངས་སུ་གཏད་པའོ། །རྒྱལ་བ་མ་ཕམ་པས་ཡུམ་གྱི་ལུས་དངོས་བརྒྱད་དང་དོན་བདུན་ཅུར་དྲིལ་ཏེ་རྣལ་འབྱོར་པའི་ཉམས་སུ་ལེན་པའི་རིམ་པ་དང་སྦྱར་ནས་མངོན་པར་རྟོགས་པའི་རྒྱན་མཛད་དོ། །དེ་ལྟར་ན་བཞི་པོ་འདིས་དགོངས་འགྲེལ་གཞན་ལ་མ་ལྟོས་པར་ཡུམ་གྱི་དགོངས་པར་འགྲེལ་བས་ཤིང་རྟའི་སྲོལ་འབྱེད་དོ་ཞེས་འཆད་ཀྱང་། བརྒྱད་སྟོང་དོན་བསྡུས་སུ་ནི་རྣམ་གཡེང་གི་རྟོག་པ་བཅུའི་གཉེན་པོར་སྒྲུབ་པ་ལ་གདམས་པས་མདོའི་འགྲེལ་ཚུལ་དང་། ངོ་བོ་ཉིད་གསུམ་གྱིས་མདོ་འགྲེལ་ཚུལ་རྣམས་དབུས་མཐའ་དང་ཐེག་བསྡུས་ཇི་ལྟ་བ་བཞིན་སྣང་བས། བྱམས་ཆོས་ལས་ལོགས་སུ་སྲོལ་བཏོད་པ་མིན་ལ། གཞུང་འགྲེལ་ནི། སྟོང་ཉིད་བཅུ་དྲུག་དང་། སྐྱེ་འགགས་ཀུན་བྱང་མེད་པའི་སྐབས་སུ་རྩ་ཤེའི་ལུང་དྲངས་ནས། ཀླུ་སྒྲུབ་ཞབས་ཀྱི་རིག་པ་ཇི་ལྟ་བ་བཞིན་དུ་འཆད་འདོད་པར་འདུག་པས་རིག་ཚོགས་ལས་བཤད་སྲོལ་ཟུར་དུ་བྱེད་པ་མ་ཡིན་ནོ། དེའི་ཕྱིར་སློབ་དཔོན་ཆོས་ཀྱི་བཤེས་གཉེན་བཞེད་པ་ལྟར་ཡུམ་གྱི་བརྗོད་བྱ་ལ་སྙིང་པོའི་དོན་དམ་པའི་བདེན་པ་དང་། རྒྱ་ཆེ་བ་མངོན་རྟོགས་ཀྱི་རིམ་པ་གཉིས་ཀྱི། དང་པོ་རིག་ཚོགས་དང་། གཉིས་པ་རྒྱན་གྱིས་བཀྲལ་བ་ཡིན་ཞེས་པ་ལྟར་རམ། ཡང་ན་དངོས་བསྟན་སྟོང་ཉིད་ཀྱི་དོན་རིག་ཚོགས་དང་། ཤུགས་བསྟན་སྟོང་ཉིད་བཤད་པ་ན་གདུལ་བྱའི་རྒྱུད་ལ་མངོན་རྟོགས་སྐྱེ་ཚུལ་གྱི་རིམ་པ་རྣམས་རྒྱན་གྱིས་བཀྲལ་བས། རྗེ་བཙུན་དང་ཀླུ་སྒྲུབ་ཞབས་གཉིས་ཀྱི་ཤེར་ཕྱིན་འགྲེལ་ཚུལ་གཉིས་སུ་བྱུང་ངོ་ཞེས་བྱ་བར་ཡང་གནས་སོ། །དེ་དག་ལས་མངོན་པར་རྟོགས་པའི་རྒྱན་ནི་འདིར་གང་བཤད་པར་བྱ་བའི་ཆོས་སོ། །དེ་ལྟ་བུའི་ཡུམ་གྱི་རྒྱན་དེའི་རྗེས་སུ་འབྲང་བའི་འགྲེལ་བ་ལ་ཡང་མདོ་དང་སྦྱར་བའི་འབྲེལ་བ་བཅུ་གཉིས། མ་སྦྱར་བ་དགུ་སྟེ་རྒྱ་འགྲེལ་ཉེར་གཅིག་ཡོད་ལ། མདོ་སྦྱོར་རྣམས་ཀྱིས་གང་ལ་སྦྱར་བ་རྩ་བའི་མདོ་ནི། ཡུམ་རྒྱས་པ་འབུམ། འབྲིང་པོ་ཉི་ཁྲི། བསྡུས་པ་བརྒྱད་སྟོང་པ་གསུམ། སྡུད་པ་དང་བཞི་པོ་ལ་ཅི་རིགས་པར་སྦྱར་བ་ཡིན་ལ། གཞན་དུ་སྡུད་པ་དང་སྦྱར་བས་ཁྲི་བརྒྱད་སྟོང་པར་དོན་གྱིས་སྦྱར་བར་འགྱུར་བ་ཡིན་ལ། ཤེས་རབ་ཁྲི་བ་དང་ཡང་སྦྱར་དུ་ཡོད་པར་མངོན་ནོ། །འགྲེལ་བྱེད་དེ་དག་ལས་འདིར་གང་གི་རྗེས་སུ་འབྲང་ནས་འཆད་ཅེ་ན། གཙོ་བོར་འཕགས་སེང་གཉིས་ཀྱི་རྗེས་སུ་འབྲངས་ནས་འཆད་ལ། འགྲེལ་བཤད་གཞན་ལས་ཀྱང་ལེགས་པའི་ཆ་ཅི་རིགས་པ་བླངས་ཏེ་འཆད་པར་བྱེད་དོ། །དོན་གཉིས་པ་གཞུང་དོན་གཏན་ལ་དབབ་པ་ལ་སྤྱིའི་དོན་གསུམ་སྟེ། རྗོད་བྱེད་དོན་ལྡན་གྱི་མཚན། བརྗོད་བྱ་དེ་ལྡན་གྱི་གཞུང་། གང་གིས་བསྒྱུར་བའི་འགྱུར་བྱང་བཤད་པའོ། །དང་པོ་མཚན་བཤད་པ་ལ་དངོས་དང་ཞར་ལས་བྱུང་བ་གཉིས། དང་པོ་མཚན་བཤད་པར་དངོས་ལ་གསུམ། མཚན་བསྒྱུར་བ། མཚན་བཤད་པ། མཚན་གྱི་དགོས་ཆེད་དོ། །དང་པོ་མཚན་བསྒྱུར་བ་ནི། རྒྱ་གར་ཞེས་པ་འདུལ་བ་ཚིག་ལེ་ལས། མཉན་ཡོད་གནས་བཅས་ཙམ་པ་ཀ །ཝཱ་ར་ཎཱ་སི་ཡངས་པ་ཅན། །རྒྱལ་པོའི་ཁབ་ནི་དྲུག་པ་སྟེ། །འདི་དག་གྲོང་ཁྱེར་ཆེན་པོར་ཤེས། །ཞེས་པ་ལྟར་གྲོང་ཁྱེར་ཆེན་པོ་དྲུག་གནས་པའི་ཕྱོགས་ལ་འདོད་རྒྱལ་དུ་བརྡའ་བྱས་པ་སྟེ། ཡུལ་དེ་པ་རྣམས་ཀྱི་སྐད་དུ་བསྟན་བཅོས་འདིའི་མིང་ལ། ཨ་བྷི་ནས་ཤཱསྟྲའི་བར་རོ། །དེ་བོད་ཀྱི་སྐད་དུ་བསྒྱུར་ན། ཤེས་ནས་ཞེས་བྱ་བའི་བར་རོ། །ཨ་བྷི་ས་མ་ཡ་ནི་མངོན་པར་རྟོགས་པ། ཨ་ལཾ་ཀཱ་ར་ནི་རྒྱན། ནཱ་མ་ནི་ཞེས་བྱ་བ། པྲཛྙཱ་པ་ར་མི་ཏ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི། ཨུ་པ་དེ་ཤ་ནི་མན་ངག་གི། ཤཱསྟྲ་ནི་བསྟན་བཅོས་སོ། །གཉིས་པ་མཚན་བཤད་པ་ནི། ཤེར་ཕྱིན་ནི་འདིའི་རྩ་བའི་མདོའོ། །མན་ངག་ནི་མདོའི་དོན་བདེ་བླག་ཏུ་རྟོགས་པར་བྱེད་པའོ། །བསྟན་བཅོས་ནི། འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པའོ། །མངོན་པར་རྟོགས་པ་ནི། རྒྱལ་བའི་ཡུམ་གྱི་དོན་ཟབ་མོ་རྣམས་ལ་བློ་མངོན་དུ་ཕྱོགས་པས་དོན་མ་ནོར་བར་རྟོགས་པ་སྟེ་མངོན་རྟོགས་བརྒྱད་དེ། རྒྱན་ནི། རང་བཞིན་གྱི་རྒྱན་ཡུམ་གྱི་ལུས་བཟང་པོ་ལ། མཛེས་བྱེད་ཀྱི་རྒྱན་དོན་བདུན་ཅུ་བཀྲ་བ་ཉིད། གསལ་བྱེད་ཀྱི་རྒྱན་བསྟན་བཅོས་འདིར་སྣང་བ་ན་མཁས་པ་རྣམས་དགའ་བ་བསྐྱེད་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། གཟུགས་རྒྱན་རང་བཞིན་ཡོན་ཏན་ལྡན་པ་མེ་ལོང་ནང་སོང་ན། མཐོང་བའི་དབང་གིས་མི་རྣམས་རབ་ཏུ་དགའ་བའི་མཆོག་སྐྱེད་པ། །དེ་བཞིན་ལེགས་གསུང་རྟག་ཏུ་རང་བཞིན་ཡོན་ཏན་ལྡན་པ་ཡི། །ཆོས་ཀྱང་དོན་རྣམས་ཕྱེ་བས་མཁས་རྣམས་འདི་ན་དགའ་མཆོག་སྐྱེད། །ཅེས་པ་ལྟར་རོ། །ཞེས་བྱ་བ་ནི་མིང་དོན་འབྲེལ་པ་བརྗོད་པའོ། ། གསུམ་པ་མཚན་སྐད་གཉིས་ཤན་སྦྱར་དུ་བཞག་པའི་དགོས་པ་ནི། ཆོས་ལ་ཡིད་ཆེས་སྐྱེ། སྐད་ལ་བག་ཆགས་འཇོག །རྒྱུད་ལ་བྱིན་རླབས་འབྱུང་བའོ། །ཞར་བྱུང་འགྱུར་མཐར་ཕྱིན་པའི་ཕྱིར་ཡན་ལག་འགྱུར་ཕྱག་མཛད་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། སྐྱབས་འགྲོ་བདུན་ཅུ་པ་ལས། །མ་རིག་གཉིད་ནི་རྒྱུན་བཅད་ཅིང་། །ཡང་དག་ཡེ་ཤེས་ངེས་འབྱུང་བའི། །གང་ཞིག་རྣམ་སད་དེ་སངས་རྒྱས། །སྐྱེས་བུ་གཉིད་སངས་ཇི་བཞིན་ནོ། །ཞེས་པ་ལྟར་མ་རིག་པའི་གཉིད་རྒྱུན་ཆད་པས་སངས་བ་སྟེ་གཉིད་སད་པ་ལྟ་བུ་དང་། ཤེས་བྱ་ལ་ནི་བློ་རྣམས་རྒྱས། །རྨོངས་པའི་ཟུམ་པ་བཅོམ་པས་ན། ། སངས་རྒྱས་པདྨ་ལྟར་རྣམ་རྒྱས། །ཞེས་པ་ལྟར་ཡང་དག་པའི་ཡེ་ཤེས་ཀྱིས་མི་ཤེས་པའི་ཟུམ་པ་བཅོམ་ཞིང་། ཤེས་བྱ་ལ་བློ་རྒྱས་པ་པད་འདབ་རྒྱས་པ་བཞིན་ཏེ། དེ་འདྲ་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་བའོ། །གཉིས་པ་བརྗོད་བྱ་དེ་ལྡན་གྱི་གཞུང་བཤད་པ་ལ། སྤྱིའི་ཆིངས་དང་གཞུང་དངོས་བཤད་པའོ། །དང་པོ་ནི། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འདི་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་དགོངས་པ་འགྲེལ་པ་ན་དོན་དུ་ཞིག་གིས་བཀྲལ་ཞེ་ན། དེ་ཡང་རྣམ་བཤད་རིག་པར། མདོ་དོན་སྨྲ་བ་དག་གིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་བཅས་པར་བསྙད་པར་བྱ། །ཞེས་བཤད་ཐབས་ཀྱི་ཡན་ལག་ལྔས་མདོ་བཤད་དོ། །ཞེས་འབྱུང་སྟེ། འདི་ཡང་བྱམས་པ་ཉིད་ཀྱི་མན་ངག་བརྒྱུད་པའོ། །དེ་ལྟར་རྒྱལ་བ་བྱམས་པས་ཀྱང་མདོ་འཆད་པ་ན་བཤད་ཐབས་ལྔ་ཡིས་འཆད་པར་མཛད་དེ། དགོས་འབྲེལ་གྱིས་དགོས་དོན་དང་། ལུས་རྣམ་གཞག་གིས་བསྡུས་དོན་དང་། ཡན་ལག་རྒྱས་བཤད་ཀྱིས་ཚིག་གི་དོན་དངོས་སུ་བསྟན་ཅིང་། མཚམས་སྦྱོར་ཤུགས་ལ་བསྟན་པ་དང་། བརྒལ་བ་དང་ལན་ནི་ཕལ་ཆེར་ཤུགས་ལ་བསྟན་ནོ། །དེ་ལྟར་ཡན་ལག་ལྔས་བཤད་པའི་དགོས་པ་ནི། རྣམ་བཤད་རིག་པར། མདོ་དོན་ཆེ་བ་ཉིད་ཐོས་ནས། །ཉན་པ་དང་ནི་འཛིན་པ་ལགས། །ཉན་པ་པོ་ནི་གུས་བྱེད་པས། །ཐོག་མར་དགོས་པ་བརྗོད་པར་བྱ། །དེ་འགྲུབ་དེ་ནི་བསྡུས་དོན་ལས། །བསྡུས་པའི་དོན་ནི་ཚིག་དོན་ལས། །གོ་རིམས་རིག་པ་སྔ་ཕྱི་དག །མི་འགལ་བ་ནི་གཉིས་ལས་སོ། །ཞེས་པ་ལྟར་རོ། །གཉིས་པ་གཞུང་དོན་དངོས་བཤད་པ་ལ་གསུམ། རྩོམ་པ་ལ་འཇུག་པའི་བྱ་བ། བརྩམ་བྱ་གཞུང་གི་རང་བཞིན། བརྩམ་པ་མཐར་ཕྱིན་པའི་ཚུལ་ལོ། །དང་པོ་རྩོམ་པ་ལ་འཇུག་པའི་བྱ་བ་ལ་གཉིས། གདུལ་བྱ་དང་བ་བསྐྱེད་པའི་ཡན་ལག་མཆོད་བརྗོད། རྟོག་ལྡན་བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འབྲེལ་ལོ། ། དང་པོ་མཆོད་པར་བརྗོད་པའི་དོན་འདི་བཤད་ཐབས་ལྔའི་སྒོ་ནས་བཀྲལ་ཏེ། དང་པོ་མཚམས་སྦྱོར་གྱི་དོན་ནི། བསྟན་བཅོས་འདི་ཉིད་རྩོམ་པའི་དང་པོར་འཕགས་པ་བྱམས་པས་རང་དོན་དང་གཞན་དོན་གྱི་དགོས་པ་ཁྱད་པར་ཅན་གཟིགས་ནས་སྲས་བཞིའི་ཡུམ་ལ་ཕྱག་འཚལ་བའོ། །གཉིས་པ་དགོས་པའི་དོན་ལ། རང་དོན་གྱི་དགོས་པ་དང། གཞན་དོན་གྱི་དགོས་པ་གཉིས། དང་པོ་རང་དོན་གྱི་དགོས་པ་ནི། རང་ཉིད་ཀྱི་སྤྱོད་པ་སྐྱེས་བུ་དམ་པ་རྣམས་ཀྱི་སྤྱོད་པ་དང་མཐུན་པར་སྟོན་པའི་ཕྱིར་རོ། །གཞན་དོན་གྱི་དགོས་པ་ནི། གདུལ་བྱ་གཞན་དག་ལ་རབ་ཏུ་དང་བ་བསྐྱེད་པའི་ཆེད་དུ་སྟེ། འདི་ལའང་། གནས་སྐབས་ཀྱི་དགོས་པ་དང་། མཐར་ཐུག་གི་དགོས་པ་དང་། དེ་དག་གིས་གྲུབ་པའི་དོན་དང་གསུམ། དང་པོ་གནས་སྐབས་ཀྱི་དགོས་པ་ལ་ཡང་། ཐོས་པ་དང་། དད་པ་དང་། གུས་པའི་དགོས་པའོ། ། དང་པོ་ཐོས་པའི་དགོས་པ་ནི་དང་བ་སྐྱེ་བ་སྟེ། འདི་ལ་སྐྱེ་ཚུལ་གཉིས་ལས། གང་ཟག་གཙོ་བོར་བྱས་ནས་འཇུག་པའམ་ཚིག་ཙམ་ལས་ཡིད་ཆེས་སྐྱེ་བའི་དབང་བརྟུལ་དད་པའི་རྗེས་འབྲང་རྣམས་ནི། རྒྱལ་ཡུམ་འདིས་སྲས་བཞིའི་བཞེད་པ་སྒྲུབ་པའི་ཡོན་ཏན་གྱི་བདག་ཉིད་ཐོས་ནས། ཚུལ་བརྟགས་དཔྱད་མ་བྱས་པར་ཚིག་ཐོས་མ་ཐག་ཏུ་མྱུར་དུ། ཡུལ་རྒྱལ་བའི་ཡུམ་ལ་ངོ་བོ་དང་བ་རབ་ཏུ་ཆེན་པོ་སྐྱེ་བའོ། །གཉིས་པ་ཆོས་གཙོ་བོར་བྱས་ནས་འཇུག་པའམ། དོན་ལ་བརྟགས་དཔྱད་བྱས་ནས་འཇུག་པའི་དབང་རྣོན་ཆོས་ཀྱི་རྗེས་འབྲང་རྣམས་ནི། རྒྱུ་དང་ཡུལ་སྔར་དང་འདྲ་བ་ལས་ཚུལ་དེ་ལྟར་བསྟན་པ་ལ་རིག་པ་ཡང་དག་གི་གནོད་པ་ཡོད་མེད་སྔོན་དུ་བཏང་ནས་གནོད་པ་མ་མཐོང་ན་དེའི་རྗེས་སུ། ངོ་བོ་རབ་ཏུ་མི་འཕྲོག་པའི་དང་བ་སྐྱེ་བའོ། །གཉིས་པ་དད་པའི་དགོས་པ་ནི། རྒྱུ་རབ་ཏུ་དང་བ་སྐྱེས་པ་དེ་ལས། མཁྱེན་གསུམ་དེ་ཡུམ་གྱི་བརྗོད་བྱར་བྱེད་པའི་གསུང་རབ་ཡུམ་གྱི་མདོ་དང་། མདོ་དེ་ལ་བརྟེན་པའི་གསུང་རབ་བསྟན་བཅོས་ལ། རྣམ་པ་ཐམས་ཅད་དུ། གཟུང་བ་དང་། བཅང་བ་དང་། བཀླག་པ་དང་། ཀུན་ཆུབ་པར་བྱ་བ་དང་། རྣལ་འབྱོར་དུ་བྱ་བའི་དོན་དུ་གུས་པའམ། དོན་གཉེར་གྱི་འདུན་པ་རབ་ཏུ་དྲག་པོ་སྐྱེའོ། །གསུམ་པ་གུས་པའི་དགོས་པ་ནི། དེ་ལྟར་དོན་དུ་གཉེར་བའི་རྗེས་ལ། ཐོས་པ་དང་། བསམ་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་གསུམ་རིམ་གྱིས་བསྐྱེད་ནས་འཇུག་པར་འགྱུར་རོ། །ཤེས་རབ་གསུམ་པོ་དེ་ཡང་བྱེ་སྨྲ་རྣམས། །ཐོས་སོགས་ལས་བྱུང་བློ་རྣམས་ནི། །མིང་དང་གཉིས་ཀ་དོན་ཡུལ་ཅན། །ཞེས་འདོད་ཀྱང་། དུས་གཅིག་ཏུ་མིང་དོན་གཉིས་ཀ་དམིགས་པ་མི་སྲིད་པས། བསམ་བྱུང་མེད་པར་འགྱུར་ཕྱིར་འདིར་གསུང་རབས་མཉན་པ་ལས་སྐྱེས་པའི་ཤེས་རབ་ནི་ཐོས་བྱུང་། དེ་དོན་རིག་པས་བརྟགས་པ་ལས་ངེས་པ་རྙེད་པའི་ཤེས་རབ་ནི་བསམ་བྱུང་། ངེས་པ་རྙེད་པ་དེ་ཉིད་རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་བསྒོམ་པ་ལས་བྱུང་བ་ནི་བསྒོམས་བྱུང་གི་ཤེས་རབ་ཏུ་འདོད་པར་བྱའོ། །གཉིས་པ་མཐར་ཐུག་གི་དགོས་པ་ནི། དེ་ལྟར་ཞུགས་པ་ལས་ལེགས་པའི་མཆོག་བྱང་ཆུབ་ཐོབ་པར་འགྱུར་རོ། །གསུམ་པ་དེ་དག་གི་གྲུབ་དོན་ནི། དང་བ་ལས་གུས། གུས་པ་ལས་ཞུགས། ཞུགས་པ་ལས་ལེགས་པའི་མཆོག་ཐོབ་པ་དེའི་ཕྱིར། བཅོམ་ལྡན་འདས་མ་ལ་རབ་ཏུ་དང་བ་ནི་ལེགས་པ་ཐམས་ཅད་འཐོབ་པའི་རྒྱུ་རྣམས་ཀྱི་ནང་ནས་རྒྱུའི་གཙོ་བོ་ཡིན་ ནོ། །ཞེས་གྲུབ་བོ། །གསུམ་པ་བསྡུས་པའི་དོན་ནི། སྤྱིར་མཆོད་བརྗོད་ཀྱི་ཡུལ་དང་། དེ་ལ་བསྟོད་ཚུལ་ལ་དུ་མ་ཞིག་ཡོད་ཀྱང་། འདིར་ནི་བསྟན་བཅོས་ཀྱི་བརྗོད་བྱ་བསྟོད་ཕྱག་གི་ཡུལ་ཡིན་ཞིང་། བསྟོད་ཚུལ་ཡང་ཡུམ་དེའི་སྲས་བཞིའི་ཐུན་མོང་མ་ཡིན་པའི་བཞེད་དོན་སྒྲུབ་པའི་སྒོ་ནས་བསྟོད་པ་སྟེ། དེ་ཡང་ཡུམ་མཁྱེན་པ་གསུམ་པོ་དེས་ཀྱང་། ཉན་རང་། བྱང་སེམས། སངས་རྒྱས་ཀྱི་མངོན་རྟོགས་མཐའ་དག་ཡིན་པའི་ཚུལ་གྱིས་བསྡུས་པས་མངོན་རྟོགས་བརྒྱད་ཀ་བསྟོད་ཕྱག་གི་ཡུལ་གྱི་ཡུམ་ཡིན་ནོ། །སྐབས་འདི་དག་ཏུ། ཡུམ་དང་ཤེར་ཕྱིན་ཁྱད་མེད་ལྟ་བུར་བཤད་པ་ནི། དེ་གཉིས་ཟག་མེད་ཀྱི་ཕུང་པོ་སྐྱེད་པ་དང་གསོ་བའི་སྒོ་ནས་བྱེད་ལས་མཚུངས་པ་ཙམ་དུ་བཞག་གིས། གཞན་དུ་ན། ཡུམ་མཚན་ཉིད་པའི་དོན་སྲས་ཀྱི་བཞེད་པ་སྒྲུབ་པ་ཡིན་པ་དང་། ཤེར་ཕྱིན་མཚན་ཉིད་པའི་དོན་རང་བཞིན་མེད་རྟོགས་ཀྱི་བློ་དམ་པ་ཡིན་པས་དེ་གཉིས་ཁྱད་མེད་པ་མིན་ནོ། །བཞི་པ་ཚིག་གི་དོན་ནི། རྐང་པ་དང་པོ་གསུམ། སློབ་དཔོན་ཨ་དུ་ལས་བཞེད་པ་ལྟར། རྟེན་ཐབས་འབྲས་བུ་གསུམ་དང་། དེའི་འཐད་པ་བསྣན་ནས་བཞི་རེའི་སྒོ་ནས་འཆད་དོ། །རྐང་པ་དང་པོ་ལ་རྟེན་ནི། བྱང་སེམས་ཀྱི་སྡེ་སྣོད་ལས། །ཉན་ཐོས་རྣམས་ཀྱི་རྣམ་གྲོལ་སྒྲ་ཕྱིར་འགྲོ། །རང་རྒྱལ་རྣམས་ནི་རྐྱེན་གྱི་འདུ་ཤེས་ལྡན། །ཞེས་པ་ལྟར་རང་ཉིད་ཀྱིས་ཀྱང་སྒྲ་བཅས་སུ་ཉན་དགོས་ཤིང་། གདུལ་བྱ་ལའང་སྒྲ་བཅས་སུ་ཐོས་པར་བྱེད་པའི་ཉན་ཐོས་དང་། དེའི་ཕྱོགས་སུ་བསླན་པ་རྟེན་འབྲེལ་རྟོགས་པའི་རྐྱེན་ཙམ་གྱིས་བྱང་ཆུབ་ཐོབ་ཀྱི་ཆོས་བཤད་པ་དང་ཉན་པ་སྒྲ་ལ་མི་ལྟོས་པའི་རང་སངས་རྒྱས་ཏེ་བསམ་པ། རང་ཉིད་གཅིག་པུ་ཞི་བ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པ་རྣམས་ཀྱིས་སོ། །ཐབས་ནི། བྱིས་པས་བདག་དང་བདག་གིར་འཛིན་པ་དང་། འཕགས་པས་བདག་མེད་པར་གཏན་ལ་ཕབས་ནས་བདག་འཛིན་སྤོང་བའི་གཞིར་གྱུར་པས་གཞི་སྟེ། ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད། གང་ཟག་གི་བདག་དང་། གཟུང་བས་གདོད་མ་ནས་སྟོང་པར་ཤེས་པའི་གཞི་ཤེས་པ་ཉིད་ཀྱིས་སོ། །འབྲས་བུ་ནི་ཕུང་པོ་ལྷག་མ་དང་བཅས་པ་དང་། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཉོན་མོངས་པ་དང་། སྡུག་བསྔལ་ཉེ་བར་ཞི་བའི་ཉེར་ཞི་རྣམ་པ་གཉིས་པོའོ། །འོ་ན་དེ་གཉིས་ཀྱི་ཁྱད་པར་ཅི་ལྟ་བུ་ཞེ་ན། འདིའི་མཐའ་དཔྱད་པ་ལ་གསུམ། ཉན་ཐོས་སྡེ་པ་དང་། སེམས་ཙམ་པ་དང་། དབུ་མ་པའི་ལུགས་སོ། །དང་པོ་ཉན་ཐོས་ཀྱི་ལུགས་ལ། ལྷག་མ་ཡོད་མེད་ཀྱི་དོན། མྱང་འདས་གང་ལ་འདོད་པའོ། །དང་པོ་ལྷག་བཅས་ལྷག་མེད་ཀྱི་ཁྱད་པར་ནི། ཁ་ཅིག་ཀུན་འབྱུང་མ་ལུས་པར་སྤངས་ཀྱང་སྡུག་བསྔལ་མ་སྤངས་པ་དང་། སྡུག་བསྔལ་ཡང་མ་ལུས་པར་སྤངས་བ་ནི་ཁྱད་པར་ཡིན་ཞེས་འཆད་པ་ནི་མི་འཐད་དེ། དགྲ་བཅོམ་ལ་ཡང་སྲིད་འཕེན་ངེས་ཀྱི་ལས་ཉོན་མ་ལུས་པར་ཟད་ཀྱང་། སོ་སྐྱེའི་གནས་སྐབས་ན་བྱས་པའི་ལས་དགེ་བའམ་མི་དགེ་བ་དུ་མ་ཡོད་པར་གཞུང་ཆེན་པོ་རྣམས་ལས་བཤད་པའི་ཕྱིར་རོ། །དེས་ན་ཉོན་མོངས་མ་ལུས་པར་སྤངས་ཀྱང་། ཕུང་པོའི་རྒྱུན་མ་ལོག་པ་དང་། ཕུང་པོའི་རྒྱུན་ཆད་པ་གཉིས་ཁྱད་པར་དུ་འདོད་དེ་རིག་པ་དྲུག་ཅུ་པའི་འགྲེལ་བར་ཕྱོགས་སྔར་དྲངས་བ་ལྟར་རོ། །སྡེ་པ་གཉིས་ཀས་ཀྱང་དགྲ་བཅོམ་པ་ཚེའི་འདུ་བྱེད་བཏང་ནས་རིག་པ་ཕྱི་མར་མཚམས་མི་སྦྱོར་བར་ཞི་བའི་དབྱིངས་འབའ་ཞིག་པར་འདོད་དོ། །གཉིས་པ་མྱ་ངན་ལས་འདས་པ་ནི། འདུས་བྱས་མ་བྱས་གཉིས་ལས། འདུས་མ་བྱས་པ་སྟེ། དེ་ལ་ཁ་ཆེ་བྱེ་སྨྲ་རྣམས་འགོག་པ་གཉིས་དང་ནམ་མཁའ་སྟེ་འདུས་མ་བྱས་གསུམ་དུ་འདོད། ཡུལ་དབུས་ཀྱི་བྱེ་སྨྲ་རྣམས་དེ་བཞིན་ཉིད་བསྣན་ནས་བཞིར་འདོད། དེ་ལྟར་འདུས་མ་བྱས་བཞི་ལས། གཉིས་ཀས་ཀྱང་མྱང་འདས་གཉིས་ཀ་སོ་སོར་བརྟགས་འགོག་ཏུ་འདོད་ཅིང་། ཁྱད་པར་ནི་བྱེ་སྨྲ་མ་ཡིན་དགག་གི་ངོ་བོར་འདོད་པས་རྫས་ཡོད་དང་། མདོ་སྡེ་པས་མེད་དགག་གི་ངོ་བོར་འདོད་པས་བཏགས་ཡོད་དུ་འདོད་དོ། །གཉིས་པ་སེམས་ཙམ་པའི་ལུགས་ནི། ལྷག་མ་ཡོད་མེད་ཀྱི་སྔར་དང་འདྲ་ལ། ངོ་བོ་ནི། བསྡུ་བར་ཆོས་དབྱིངས་ཤིན་ཏུ་དག་པའི་མཚན་ཉིད་དུ་བཤད་ཅིང་། བྱེ་བཤད་འགྲེལ་པར་སོ་སོར་བརྟགས་འགོག་ཏུ་བཤད་དོ། །ལུགས་འདིས་ཀྱང་ལྷག་མེད་ཀྱི་ཚེ་རིག་པ་རྒྱུན་ཆད་དུ་འདོད་ཅིང་། དེའི་ཚེ་སྒྲིབ་པ་གཉིས་ལམ་གྱིས་སྤངས་བའི་ཟད་པ་མེད་ཀྱང་། རྟེན་མེད་པས་རང་གི་ངང་གིས་དེ་དག་ལོག་པ་ཡོད་པས་ཐེག་པ་ཆེ་ཆུང་གི་མྱང་འདས་ལ་སྤངས་པའི་ཁྱད་མེད་ཀྱང་སྨོན་ལམ་གྱི་སྟོབས་དང་། རིགས་ཀྱི་ཁྱད་པར་ལས་གཞན་དོན་བྱེད་མི་བྱེད་ཀྱི་ཁྱད་པར་ཡོད་པར་འདོད་དོ། །གསུམ་པ་དབུ་མ་པའི་ལུགས་ནི། སྤྱིར་མྱང་འདས་བཞིར་གསུངས་རབ་ལས་འབྱུང་སྟེ། རང་བཞིན་དང་། མི་གནས་པ་དང་། ལྷག་བཅས་དང་། ལྷག་མེད་ཀྱི་མྱང་འདས་སོ། །དེ་ལ་དང་པོ་ནི་ཆོས་རྣམས་ཀྱི་རང་བཞིན་སྤྲོས་བ་མཐའ་དག་དང་བྲལ་བའོ། །གཉིས་པ་ནི་སངས་རྒྱས་དང་བྱང་སེམས་ཀྱི་མྱང་འདས་སོ། །ཐ་མ་གཉིས་ལ་གཉིས་ལས། ཐེག་དམན་གྱི་དབང་དུ་བྱས་པ་ནི། དགྲ་བཅོམ་པ་ཚེའི་འདུ་བྱེད་མ་བཏང་བ་ན་ཉོན་མོངས་པ་སྤངས་ཀྱང་ལས་ཉོན་གྱིས་འཕངས་པའི་སྡུག་བསྔལ་གྱི་ལྷག་མ་ཡོད་པ་ནི་ལྷག་བཅས་ཡིན་ལ། སྐུ་ཚེའི་འདུ་བྱེད་བཏང་བ་ན། སྡུག་བསྔལ་གྱི་ཕུང་པོ་རགས་པ་འདོར་ཞིང་དག་པའི་ཞིང་ཁམས་སུ་པདྨའི་སྦུབས་སུ་ཡིད་ཀྱི་ལུས་ཀྱིས་གནས་པ་ན་ལྷག་མེད་དུ་བཞེད་པར་མངོན་ནོ། ། ཐེག་ཆེན་གྱི་དབང་དུ་བྱས་པ་ནི། སྐུ་གསུམ་ལ་འཇུག་པའི་སྐོར། །ཕུང་པོར་བཅས་པའི་མྱ་ངན་འདས། །ཐུབ་སྐུ་གཉིས་ལ་བཞག་པ་ཡིན། །ཕུང་པོ་ཀུན་དང་གྲོལ་བའི་ཕྱིར། །ཆོས་ཀྱི་སྐུ་ལ་ཕུང་པོ་མེད། །ཅེས་སྐུ་གསུམ་ལ་ལྷག་བཅས་དང་ལྷག་མེད་དུ་བཞག་པ་ནི་གསེར་འོད་ཀྱི་ལུང་དོན་དང་ཡང་མཐུན་ནོ། །བཞི་པ་དེའི་འཐད་པ་ནི། གང་ཟག་གི་བདག་འཛིན་ནི་ཉོན་མོངས་དང་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ཡིན་ལ། གཞི་ཤེས་ཀྱིས་གང་ཟག་གི་བདག་མེད་རྟོགས་པས་བདག་འཛིན་འཇོམས་ཤིང་དེ་ལོག་པས་སྡུག་བསྔལ་ཀུན་ལས་གྲོལ་བའི་མྱང་འདས་ཐོབ་པ་འཐད་དོ། །རྐང་པ་གཉིས་པ་ལ་ཡང་བཞི་ལས། རྟེན་ནི། ཏིང་འཛིན་རྒྱལ་པོ་ལས། བདུད་རྩི་ཐོབ་བྱེད་ལམ་ནི་འདི་ཡིན་གྱི། །ལམ་ངན་སྤོངས་ལ་ལམ་ལ་མནོས་ཤིག་ཅེས། །ལྟ་ངན་སེམས་ཅན་མཐོང་ནས་གོ་བྱེད་དེ། །རྒྱུ་དེས་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །ཞེས་པ་ལྟར་བྱང་ཆུབ་སེམས་དཔའ་ལ་གདུལ་བྱའི་འཁོར་བ་ཇི་སྲིད་པར་འགྲོ་བའི་དོན་བྱེད་པར་འདོད་པ་རྣམས་སོ། །ཐབས་ནི། ལམ་གསུམ་པོ་ཐམས་ཅད་དོན་དམ་པར་སྐྱེ་བ་མེད་པར་དང་། ཐ་སྙད་དུ་རྒྱུ་ངོ་བོ་འབྲས་བུ་རྣམས་རྟོགས་པའི་ངོ་བོ་ཉིད་ཀྱིས་སོ། ། འབྲས་བུ་ནི། འགྲོ་བ་མཐའ་དག་གི་འདོད་པའི་དོན་མངོན་མཐོ་ངེས་ལེགས་སོ། །འཐད་པ་ནི། གཞན་ལ་ལམ་མ་ནོར་བར་སྟོན་པ་ལ་རང་གིས་ལམ་ཅི་ལྟ་བ་བཞིན་རྟོགས་པ་སྔོན་དུ་འགྲོ་དགོས་ཏེ། རྣམ་འགྲེལ་ལས། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པས། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་པ་ལྟར་རོ། །རྐང་པ་གསུམ་པ་ལ་ཡང་སྔར་ལྟར་བཞི་ལས། རྟེན་ནི། སྐུ་གསུང་ཐུགས་ཉེས་སྤྱོད་མཐའ་དག་ལས་ཡང་དག་པར་བསྡམས་པས་ཐུབ་པ་བཅོམ་ལྡན་འདས་རྣམས་སོ། །ཐབས་ནི། རྣམ་པ་ཐམས་ཅད་སྐྱེ་བ་མེད་པར་ཐུགས་སུ་ཆུད་པའི་རྣམ་མཁྱེན་གང་དང་ཡང་དག་པར་ལྡན་པ་དེ་ཡིས་སོ། །འབྲས་བུ་ནི། བརྗོད་བྱ་དོན་གྱི་རྣམ་པ་ཀུན་དང་ལྡན་ཞིང་རྗོད་བྱེད་ཚིག་གི་སྤྲོས་པ་སྣ་ཚོགས་པ་དང་བཅས་པའི་ཆོས་ཀྱི་འཁོར་ལོ་འདི་གསུངས་པའོ། །འདིར་ཆོས་འཁོར་གྱི་མཐའ་དཔྱད་པ་ལ་བཞི། ཆོས་འཁོར་གྱི་ངོ་བོ། ངེས་ཚིག །དབྱེ་བ། ཚད་དོ། །དང་པོ་ངོ་བོ་ལ། བྱེ་སྨྲ་རྣམས་མཐོང་ལམ་ཁོ་ན་ཆོས་འཁོར་དུ་འདོད་དེ། ལྔ་སྡེ་ལ་ཝཱ་ར་ཎཱ་སཱིར་ཆོས་བསྟན་པས་མཐོང་ལམ་སྐྱེས་པ་ན་གནོད་སྦྱིན་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་བསྒྲགས་པ་དང་། འཁོར་ལོ་རིན་པོ་ཆེ་དང་ཆོས་མཐུན་པ་མཐོང་ལམ་པ་ཡོད་པའི་ཕྱིར་ཏེ། མཐོང་ལམ་གྱིས་བདེན་པ་མྱུར་དུ་རྟོགས་པར་བྱེད་པས་མྱུར་དུ་འགྲོ་བ་དང་། བདེན་པ་སྔ་མའི་དམིགས་རྣམས་འདོར་བ་དང་། ཕྱི་མ་ལ་འཇུག་པ་དང་། བར་ཆད་མེད་ལམ་གྱིས་སྤང་བྱའི་ཐོབ་པ་གཅོད་པས་མ་རྒྱལ་བ་ལས་རྒྱལ་བར་བྱེད་པ་དང་། རྣམ་གྲོལ་གྱི་ལམ་གྱིས་སྤང་བྱ་དང་བྲལ་བའི་བྲལ་ཐོབ་འདྲེན་པས་རྒྱལ་བ་རྣལ་དུ་འགོད་པ་དང་། ཁམས་གོང་གི་བདེན་པ་ལ་དམིགས་པས་འཕར་བ་དང་། འོག་མའི་བདེན་པ་ལ་དམིགས་པས་འབབ་པའི་ཆོས་མཐུན་པ་ཡིན་ནོ། །ཞེས་འདོད་དོ། །བཙུན་པ་དབྱངས་སྒྲོགས་ཀྱིས། འཕགས་ལམ་ཡན་ལག་བརྒྱད་ཆོས་འཁོར་ཡིན་ཏེ། ངག་ལས་མཐའ་འཚོ་བ་གསུམ་ཚུལ་ཁྲིམས་ཡིན་པས་ཏིང་འཛིན་དང་ཤེས་རབ་ཀྱི་རྟེན་བྱེད་པས་རྟེན་པའི་ལྟེ་བ་དང་མཚུངས། ལྟ་བ་རྟོགས་པ། རྩོལ་བ་རྣམས། ཤེས་རབ་ཀྱི་བསླབ་པ་ཡིན་པས་མི་མཐུན་ཕྱོགས་གཅོད་པའི་ཕྱིར་རྩིབས་དང་ཆོས་མཚུངས། ཏིང་འཛིན་ནི། ལྟ་སོགས་རྩེ་གཅིག་པའི་ཚུལ་གྱིས་དམིགས་པ་ལ་འཛིན་པའི་ཕྱིར། སྡུད་པའི་མུ་ཁྱུད་དང་ཆོས་མཐུན་པ་ཡིན་ཏེ། དེས་ན་འཁོར་ལོ་ཆོས་མཐུན་ནོ་ཞེས་འདོད། དེ་དག་ནི་སྒྲུབ་བྱེད་ཕྱོགས་རེ་བ་ལ་འཁྲུལ་པས་ལུགས་དེ་དག་དོར་ལ་འདིར་ནི་ལུང་དང་རྟོགས་པའི་ཆོས་ཐམས་ཅད་ཆོས་འཁོར་དུ་འདོད་པར་བྱ་སྟེ། ཆོས་འཁོར་གསུམ་གྱིས་གསུང་རབ་ཐམས་ཅད་བསྡུས་པ་དང་། ལམ་ཐམས་ཅད་ལ་ཡང་ཆོས་འཁོར་གྱི་དོན་དམིགས་པའི་ཕྱིར་རོ། །གཉིས་པ་ཆོས་འཁོར་གྱི་ངེས་ཚིག་ནི། ཡང་དག་པའི་ལྟ་བ་ལ་སོགས་པའི་ཆོས་ཀྱི་རང་བཞིན་ཡིན་པ་དང་། རྒྱུད་གཅིག་ནས་གཅིག་ཏུ་བརྒྱུད་དེ་མཐུན་པར་བསྐོར་བའི་དོན་གྱིས་ཆོས་འཁོར་རོ། །གསུམ་པ་དབྱེ་བ་ནི། རྟོགས་པའི་ཆོས་འཁོར་དང་ལུང་གི་ཆོས་འཁོར་གཉིས། རྟོགས་པའི་ཆོས་འཁོར་ལ་ལམ་ལྔ། ལུང་གི་ཆོས་ལ་དབྱེ་ན་ཇི་སྐད་དུ། །མདོ་སྡེ་དབྱངས་བསྙད་ལུང་བསྟན་དང་། །ཚིགས་བཅད་ཆེད་བརྗོད་རྟོགས་པ་བརྗོད། །དེ་ལྟར་བྱུང་དང་གླེང་གཞི་དང་། །ཤིན་ཏུ་རྒྱས་པ་སྐྱེས་རབས་བཅས། །གཏན་ལ་ཕབ་རྨད་བྱུང་ཆོས་ཏེ། །དེ་ལྟར་ཡན་ལག་བཅུ་གཉིས་གསུངས། །ཞེས་པ་ལྟར་ཡན་ལག་བཅུ་གཉིས་སོ། །དེ་ཡང་བསྡུ་ན་སྡེ་སྣོད་གསུམ་དུ་འགྱུར་ཏེ། མདོ་སྡེ་སོགས་དང་པོ་ལྔ་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད། གཙོ་བོ་གླེང་གཞི། འཁོར་རྟོགས་བརྗོད། དེ་ལྟ་བུ་བྱུང་། སྐྱེས་རབས་དང་བཞི་འདུལ་བའི་སྡེ་སྣོད། དཔེ་གཅིག་ལ་སྐྱེས་རབས་ནི་ཐེག་ཆེན་གྱི་འདུལ་བའི་སྡེ་སྣོད་ཟེར་བ་འདུག །མཚམས་འདིར་གསུང་རབས་ཡན་ལག་བཅུ་གཉིས་ཆོས་བཅུའི་དབྱེ་བ་ལས་ལུང་རྟོགས་གཉིས་སུ་བསྡུ་ཚུལ་དཀའ་འབྲེལ་ལོ། །རྨད་དུ་བྱུང་བ་དང་། ཤིན་ཏུ་རྒྱས་པ་གཉིས་བྱང་སེམས་ཀྱི་མདོ་སྡེའི་སྡེ་སྣོད། གཏན་ལ་དབབ་པར་བསྟན་པའི་སྡེ་ཐེག་པ་ཆེ་ཆུང་གཉིས་ཀའི་མངོན་པའི་སྡེ་སྣོད་དོ། ། དེ་ནི་ཀུན་བཏུས་ཀྱི་ལུགས་ཡིན་ལ། གཞི་བསྡུ་བར་ནི། ཤིན་ཏུ་རྒྱས་པ་ཐེག་ཆེན་གྱི་སྡེ་སྣོད་དང་། གཞན་རྣམས་ཉན་ཐོས་དང་ལྡན་པའི་སྡེ་སྣོད་དུ་བྱས་ནས་གཉིས་ཀ་མདོ་སྡེའི་སྡེ་སྣོད་དུ་འཆད་དེ་འདི་དང་མི་མཐུན་ནོ། །དེ་ལས་གླེང་གཞི་གཙོ་འཁོར་བཞི་གཅིག་ཏུ་བྱས་ན་གསུང་རབས་ཡན་ལག་དགུ་ཡིན་པར་ལང་གཤེགས་འགྲེལ་པ་ལས་བཤད་དེ། བཞི་པ་ཚད་ནི། ཁ་ཅིག་ཤཱ་རིའི་བུས་བྱས་པའི་ཆོས་ཀྱི་ཕུང་པོ་ཞེས་པའི་བསྟན་བཅོས་ལ་ཤོ་ལོ་ཀ་དྲུག་སྟོང་ཡོད་པས་དེ་ཙམ་མོ་ཟེར། ལ་ལ་ཕུང་པོ་ཁམས་སྐྱེ་མཆེད་བདེན་པ་རྟེན་འབྲེལ་ལ་སོགས་པ་ལས་བརྩམས་ནས་གཏམ་རྒྱུད་ཚང་བ་རེ་དང་། གཞན་སྤང་བྱ་རེའི་གཉེན་པོ་རྫོགས་པ་རེ་ལ་འདོད་པ་ཡོད་ཀྱང་། འདིར་ཐེག་པ་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའི་ལུགས་གཉིས་ལས། དང་པོ་ལྟར་ན། ཆོས་ཕུང་རེ་ལ་ཤོ་ལོ་ཀ་སྟོང་ཕྲག་རེར་འདོད་དེ་ཀུན་བཏུས་འགྲེལ་པའི་ལུགས་སོ། །གཉིས་པ་ལྟར་ན། དབང་པོའི་གླང་པོ་ཆེ་རབ་བརྟན་ལ་བཀུར་བར་འོས་པའི་སྣག་ཚས་ནི་ཆོས་ཀྱི་ཕུང་པོ་གཅིག་འབྲི་བར་ནུས་སོ། །ཞེས་གསུངས་སོ། །དེ་ལྟར་བྱས་ན་དྲིན་ལན་བསབ་པ་ལས། འཕགས་པ་ལྷས་བྱིན་གྱིས། གླང་པོ་ཆེ་ལྔ་སྟོང་གིས་བཀུར་བར་བྱ་བའི་གླེགས་བམ་རྣམས་ཁ་ཏོན་དུ་རྗོད་པར་བྱེད་དོ། །ཞེས་གསུངས་པ་ཡང་རིགས་པར་འགྱུར་རོ། །ཆོས་ཕུང་དེ་སྙེད་ཡོད་ན་འཛམ་བུའི་གླིང་ན་དེ་ཙམ་མི་སྣང་བ་ཅི་ཞེ་ན། འཇིག་རྟེན་གྱི་ཁམས་གཞན་དང་། ཀླུ་རྣམས་ཀྱི་གནས་ན་ཕལ་ཆེར་ཡོད་དེ། སློབ་སྤྲིང་ལས། བསྟན་པ་རིན་ཆེན་མཆོག་ལྟར་བཟང་ལ་འཕན་མེད་པ། །རྣམ་པར་དག་ཚུལ་གང་ཡིན་ཀླུ་མགོ་གདེངས་ཀ་ཅན། །ཆེན་པོ་རྣམས་ཀྱིས་གཙུག་གི་རྒྱན་བཞིན་གུས་མཆོད་དེ། ། ས་ཡི་གཏིང་ན་གནས་པའི་རབ་རིབ་སེལ་བར་མཛད། །ཅེས་པ་ལྟར་རོ། །བཞི་པ་དེའི་འཐད་པ་ནི། ཇི་ལྟ་ཇི་སྙེད་ཀྱི་རྣམ་མཁྱེན་སྔོན་དུ་སོང་ན་གདུལ་བྱའི་ཁམས་དང་། བསམ་པ་བག་ལ་ཉལ་རྣམས་དང་རྗེས་སུ་མཐུན་པར་ཆོས་ཀྱི་འཁོར་ལོ་བསྐོར་ནུས་ལ། དེ་སྔོན་དུ་མ་སོང་ན་འདི་ལྡོག་པའི་ཕྱིར། ཆོས་འཁོར་མ་ལུས་པ་བསྐོར་བ་རྣམ་མཁྱེན་གྱི་འབྲས་བུར་གྲུབ་བོ། ། རྐང་བ་བཞི་པའི་དོན་བཤད་པ་ལ་དངོས་དང་། ཡུམ་སྲས་སུ་འགྱུར་ཚུལ་གཉིས། དང་པོ་ནི། དེ་ལྟར་ཉན་ཐོས་དང་དེའི་ཤུགས་བསྟན་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་སྟེ། དེ་དག་གིས་བསྐོར་བའི་སངས་རྒྱས་རྣམས་ཀྱི་ཡུམ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ་སངས་རྒྱས་ཀྱི་ཡུམ་ཞེས་གསུངས་པ་ནི་སྲས་ཀྱི་གཙོ་བོ་བསྟན་པར་བཞེད་ནས་ཡིན་གྱི། དོན་དུ་འཕགས་པ་བཞི་ཀའི་ཡུམ་ཡིན་ནོ། །གཉིས་པ་ཡུམ་སྲས་སུ་འགྱུར་ཚུལ་ནི། འདིར་མངོན་རྟོགས་ཡུམ་དང་། གང་ཟག་སྲས་སུ་འཇོག་པ་ནི། མ་དང་བུ་ལྟར་ངོ་བོ་བསྐྱེད་པས་ཡུམ་སྲས་སུ་འཇོག་པ་མིན་ནོ། །འོ་ན་ཅི་ཞེ་ན། འཇིག་རྟེན་ན་སྐྱེས་བུ་འགའ་ཞིག་ལ་ཕན་ཆེན་པོ་འདོགས་པ་དེ་ལ་འདི་ནི་བདག་གི་མའོ་ཞེས་བརྗོད་པ་ལྟར་གང་ཟག་གསུམ་གྱི་མངོན་རྟོགས་ཀྱིས་ཀྱང་། རང་རང་གི་མཐར་ཐུག་གི་བཞེད་དོན་གསུམ་རྫོགས་པར་སྒྲུབ་པས་གང་ཟག་དེ་དག་གི་ཡུམ་ཡིན་ནོ། །གཞན་ཡང་ཡུམ་འདིས་སྲས་དེ་དག་གི་རྒྱུད་ལ་གནས་སྐབས་ཀྱི་བཞེད་པ་ཟག་མེད་ཀྱི་ཕུང་པོ་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་ཟིན་རྒྱུན་གནས་པར་བྱེད་པའི་ཕྱིར་ཡང་ཡུམ་ཡིན་ནོ། །མཐར་ཐུག་གི་འདོད་པ་རྫོགས་པར་སྒྲུབ་པ་ལ་གནས་སྐབས་སུ་ཟག་མེད་ཀྱི་ཕུང་པོ་སྐྱེད་པ་དང་གསོ་བ་སྔོན་དུ་འགྲོ་དགོས་པའི་ཕྱིར་རོ། །དེ་ལྟར་མཐར་ཐུག་དང་། གནས་སྐབས་ཀྱི་བཞེད་པ་སྒྲུབ་ཚུལ་ལས་ཡུམ་དུ་བཞག་ཅིང་། འོན་ཀྱང་རྣམ་མཁྱེན་ནི་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་པས་སངས་རྒྱས་ཀྱི་གསོ་བའི་ཡུམ་ཙམ་དུ་རུང་ཡང་། སྐྱེད་པའི་ཡུམ་དུ་མི་གཟུང་ངོ་། །ལྔ་པ་བརྒལ་ལན་གྱི་སྒོ་ནས་འཆད་པ་ལ་དང་པོ་བརྒལ་བ་ནི། མཆོད་བརྗོད་ཀྱི་སྐབས་སུ་མཁྱེན་གསུམ་གྱི་སྒོ་ནས་བསྟོད་པས་བརྗོད་བྱ་དང་མཐུན་པའི་བསྟོད་ཕྱག་ཡིན་པའི་ཕྱིར། ཤུགས་ལ་དེ་གསུམ་བརྗོད་བྱར་བྱེད་པའི་བསྟན་བཅོས་ཤིག་བརྩམ་པར་ཁས་བླང་བ་ལ་ཁ་ཅིག་ན་རེ། མཁྱེན་གསུམ་བརྗོད་བྱར་བྱེད་པའི་བསྟན་བཅོས་ཤིག་རྩོམ་པར་བྱེད་པ་ལ། མཁྱེན་གསུམ་ངོ་བོའི་སྒོ་ནས་མཚོན་མི་ནུས་པས་ཡུལ་དང་འབྲེལ་བར་བསྟན་དགོས་ལ། དེ་ཡང་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་པའི་ཕྱིར་གཞི་ཕུང་ཁམས་སྐྱེ་མཆེད་ཀྱི་གྲངས་རབ་དབྱེ་ཙམ་དང་། མི་མཐུན་ཕྱོགས་སྤོང་བ་ཙམ་གྱི་ཕྱིར་གཉེན་པོའི་ཕྱོགས་མ་ལུས་པའམ་བྱང་ཆུབ་གསུམ་གྱི་ལམ་ཙམ་དང་། ཤེས་བྱའི་ཆོས་ཀྱི་རྣམ་གྲངས་མ་ལུས་པ་ཤེས་པའི་ཕྱིར་དུ་རྫས་བརྟགས་ལ་སོགས་པའི་རྣམ་པའི་རབ་དབྱེ་ཙམ་ཞིག་བརྗོད་བྱར་སྡུད་པ་འདི་གསུམ་ལས་གང་ཡིན། དང་པོ་ལྟར་ན། མངོན་པའི་བསྟན་བཅོས་དང་ཟློས་པར་འགྱུར་ཞིང་། གཉིས་པ་ལྟར་ན་སྤང་བྱ་གང་གི་གཉེན་པོ་གང་ཡིན་པ་མི་ཤེས་པས་བསྟན་བཅོས་བརྩམ་པ་ལ་དགོས་པ་མེད་པར་འགྱུར་ལ། གསུམ་པ་ལྟར་ན་རྣམ་པ་གཞི་བཅས་ཤིག་སྟོན་ནམ་གཞི་མེད་ཅིག་སྟོན། དང་པོ་རྣམ་པ་སྟོན་པ་ན་གཞི་ཡང་སྟོན་དགོས་པས་མངོན་པ་དང་ཟློས་པར་འགྱུར་ལ། གཉིས་པ་ལྟར་ན་གཞིའི་དོན་རྟོགས་པ་མེད་པར་ཐལ་ཏེ། རྣམ་པ་གཞི་མེད་པ་རྟོགས་པས་བཏགས་ཙམ་ཞིག་བསྡུས་པའི་ཕྱིར་རོ་ཞེ་ན། དེའི་ལན་ནི། འདིར་ནི་དེ་ལྟར་གཞི་གཉེན་རྣམ་པ་ཕྱོགས་རེ་བརྗོད་བྱར་བསྡུས་ནས་ཡུམ་ཕྱོགས་རེ་བའི་རྒྱན་དུ་བྱེད་པ་ནི་མ་ཡིན་ཏེ། གཞི་གཉེན་རྣམ་པའི་ཕྱོགས་གསུམ་ཆར་གྱི་དོན་རྣམས་བརྗོད་བྱར་བསྡུས་པའི་སྒོ་ནས་ཀྱང་མཁྱེན་པ་གསུམ་ཀའི་རྒྱན་དུ་བྱེད་པའི་ཕྱིར་བཤད་དགོས་མ་བཤད་པའི་སྐྱོན་ཡང་མེད་ལ་དགོས་པ་ཡུལ་ཅན་མཁྱེན་པ་གསུམ་ཤེས་པའི་ཆེད་དུ། ཚུལ་གོལ་ས་དང་རྒྱུ་དང་ཐོབ་བྱར་བསྟན་པས་མངོན་པའི་བསྟན་བཅོས་དང་ཟློས་པའི་སྐྱོན་ཡང་མེད་དོ། །དེ་ལྟར་མཁྱེན་པ་གསུམ་གྱི་རྒྱན་དུ་གྲུབ་ན་མཁྱེན་པ་གསུམ་གྱིས་ཉན་རང་དང་བྱང་སེམས་དང་སངས་རྒྱས་ཀྱི་མངོན་རྟོགས་མཐའ་དག་བསྡུས་པས་ཡུམ་མཐའ་དག་གི་རྒྱན་དུ་གྲུབ་པ་ཡིན་ཏེ། རྒྱལ་བའི་ཡུམ་རྒྱས་འབྲིང་བསྡུས་གསུམ་ལས་གང་ཟག་བཞིའི་མངོན་རྟོགས་རྣམས་མཁྱེན་གསུམ་གྱིས་བསྡུས་པར་བཤད་པའི་ཕྱིར་རོ། །གཉིས་པ་རྟོག་ལྡན་བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འགྲེལ་བཤད་པ་ལ་གསུམ། དགོས་པ་དང་། བསྡུས་པ་དང་། ཚིག་གི་དོན་ནོ། །དང་པོ་དགོས་པ་ནི། བསྟན་བཅོས་འདི་ལ་བརྗོད་བྱ། དགོས་པ། ཉིང་དགོས། འབྲེལ་པ་བཞི་ཕལ་ཆེར་མེད་དམ་སྙམ་པའི་དོན་མི་འགྱུར་གྱི་དོགས་པ་བཞི་བསལ་ནས། དེ་བཞི་ཕལ་ཆེར་ཡོད་ལས་ཆེ་སྙམས་པའི་དོན་འགྱུར་གྱི་ཐེ་ཚོམ་བཞི་བསྐྱེད་དེ་རྟོག་ལྡན་བསྟན་བཅོས་ལ་འཇུག་པ་སྟེ། །གང་ཕྱིར་འཇིག་རྟེན་དོན་གཉེར་ནི། །ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ། །ཞེས་པ་ལྟར་རོ། །དེ་ཡང་དབང་བརྟུལ་ལ་ངེས་པ་དང་། དབང་རྣོན་ལ་ཐེ་ཚོམ་དུ་སྐྱེ་ཞིང་། ཐེ་ཚོམ་ལས་བསྟན་བཅོས་ལ་འཇུག་པའི་ཚུལ་ཡང་། བསྟན་བཅོས་ལུས་ཀྱི་སྔོན་དུ་དགོས་འབྲེལ་གྱི་ངག་བཀོད་པ་ན་ངག་འདིས་ཇི་ལྟར་དམ་བཅས་པ་ལྟར་བསྟན་བཅོས་ལ་ཞུགས་ཏེ་ཡོད་མེད་བརྟགས་ལ་ཡོད་ན་ནི་འཇུག་ཅིང་མེད་ན་ནི་ལྡོག་པར་བྱའོ་སྙམ་དུ་བསམ་ནས་འཇུག་པར་འགྱུར་རོ། །གཉིས་པ་བསྡུས་པའི་དོན་ལ་གསུམ། དགོས་འབྲེལ་བཞི་ངོས་བཟུང་། དེ་དག་གིས་བསྟན་པའི་ཚུལ། བསྟན་བྱ་བཞིར་གྲངས་ངེས་པའོ། །དང་པོ་ལ་གསུམ། ངག་ཙམ་དང་། དགོས་འབྲེལ་ངག་དང་། བསྟན་བཅོས་ལུས་ལ་ཡོད་པའི་དགོས་འབྲེལ་ལོ། །དང་པོ་ངག་ཙམ་ལ་ཡོད་པའི་དགོས་འབྲེལ་ནི། བདེན་ཚིག་ཐམས་ཅད་ལ་དགོས་འབྲེལ་བཞི་བརྩི་རུང་སྟེ། དོན་བདེན་པ་སྟོན་པའི་ངག་གིས་བསྟན་བྱ་ནི་བརྗོད་བྱ་ཡིན་ལ། དེ་ལས་རྟོགས་པ་ནི་དགོས་པ། དེ་ལས་སྐྱེས་བུའི་དོན་གྲུབ་པ་ཉིང་དགོས། དེ་དག་སྔ་ཕྱི་འབྲེལ་པ་ནི་འབྲེལ་པའོ། ། གཉིས་པ་དགོས་འབྲེལ་ངག་ལ་ཡོད་པའི་དགོས་འབྲེལ་བཞི་ནི། བསྟན་བཅོས་ལུས་ལ་ཡོད་པའི་དགོས་འབྲེལ་ནི་བརྗོད་བྱ། ངག་ལས་རྟོག་ལྡན་ལ་ཐེ་ཚོམ་མམ་ངེས་པ་སྐྱེས་པ་དགོས་པ། དེ་ལས་བསྟན་བཅོས་ལ་འཇུག་པ་ཉིང་དགོས། དེ་དག་སྔ་མ་མེད་ན་ཕྱི་མ་མི་འབྱུང་བའི་ཆ་ནི་འབྲེལ་པའོ། །གསུམ་པ་ནི་གཞུང་དུ་སྟོན་ནོ། །གཉིས་པ་ངག་གིས་བསྟན་ཚུལ་ནི། གཙོ་ཕལ་དངོས་བསྟན་དང་། ཤུགས་བསྟན་དུ་བྱེད་ན་ཉིང་དགོས་དངོས་དང་གཞན་རྣམས་ཤུགས་ལ་བསྟན་ནོ། །སྒྲས་ཟིན་མ་ཟིན་ལ་བྱེད་ན་འབྲེལ་པ་ཤུགས་ལ་དང་། གཞན་གསུམ་དངོས་སུ་བསྟན་ཏོ། །གསུམ་པ་གྲངས་ངེས་ནི། རྟོག་ལྡན་བསྟན་བཅོས་ལ་འཇུག་པའི་གེགས་བཞི་སྟེ། འདི་ལྟར་འདི་ལ་དགོས་པ་མེད་པ་དང་། ཡོད་ཀྱང་དེ་སྒྲུབ་མི་ནུས་པ་དང་། ནུས་ཀྱང་དེ་དམ་པས་འདོད་བྱ་མིན་པའི་ཕྱིར་དང་། ཡིན་ཡང་དེ་སྒྲུབ་པའི་ཐབས་སླ་བ་གཞན་ཡོད་སྙམས་པའམ། ཡང་ན་དེ་འདི་ལ་མ་འབྲེལ་ལོ་སྙམ་པའོ། །དེ་ལ་རིམ་པ་ལྟར་བྱ་རོག་སོ་རྟོག་ལྟ་བུ་མིན་པར་སྤྱིར་དགོས་པ་ཡོད་པ་དང་། དགོས་པ་དེ་ཡང་འཇོག་པོའི་གཙུག་རྒྱན་ལེན་པའི་བསྟན་བཅོས་ལྟ་བུ་མིན་པར་སྒྲུབ་ནུས་པ་དང་། སྒྲུབ་ནུས་ཀྱི་དགོས་པ་དེ་ཡང་མ་བག་མར་ལེན་པ་ལྟ་བུ་མིན་པར་སྐྱེས་བུའི་དོན་མཆོག་དང་། དགོས་པ་མཆོག་དེ་སྒྲུབ་པའི་ཐབས་ཀྱང་བསྟན་བཅོས་ལ་མ་འབྲེལ་བ་མཐོ་རིས་ཀྱི་དོན་དུ་ཕྱུགས་ཀྱི་མཆོད་སྦྱིན་བྱེད་པ་ལྟ་བུ་མིན་པར་བསྟན་བཅོས་འདི་ལ་འབྲེལ་པར་མཐོང་བ་ཙམ་གྱིས་འཇུག་པས་བཞིར་གྲངས་ངེས་ཏེ། དེ་ལས་མང་མི་དགོས་ལ་ཉུང་ན་མི་ཐུས་པས་སོ། །ཁ་ཅིག་ན་རེ། བདེ་མཆོག་སྟོད་འགྲེལ་དུ་རྗོད་བྱེད་ཕུན་སུམ་ཚོགས་པ་དང་ལྔ་གསུངས་པ་དང་ཀ་ཤིས་བརྗོད་བྱ། དགོས་པ་འབྲེལ་པ་གསུམ་དུ་བསྟན་པས་མང་ཉུང་ཁེག་པའི་གྲངས་ངེས་མིན་ཞེས་འཆད་ཀྱང་། མི་འཐད་དེ། རྟོགས་ལྡན་གྱི་འཇུག་པ་ལ་རྗོད་བྱེད་སྒྲིགས་ལེགས་པ་ཙམ་གཙོ་བོ་མིན་པ་དང་། གསུམ་དུ་བསྟན་པ་ནི་དགོས་པ་གཉིས་བསྡུས་ནས་བསྟན་པར་འདོད་པའི་ཕྱིར་ རོ། །གསུམ་པ་ཚིག་དོན་ལ་གསུམ། དགོས་སོགས་བཞི་དང་ལྡན་པའི་བསྟན་བཅོས་ཀྱི་རང་བཞིན། དེའི་སྒྲ་བཤད། ཚིག་དོན་དངོས་སོ། །དང་པོ་བསྟན་བཅོས་ཀྱི་རང་བཞིན་ལ་ལུགས་གཞན་བསྟན་པ་དང་། འཐད་ཕྱོགས་ངོས་བཟུང་བ་གཉིས། དང་པོ་ནི། མཛོད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་དང་འདུ་བྱེད་དག་ཏུ་འདུས། །ཞེས་པའི་དོན་ཚོགས་གསུམ་བཀའི་རང་བཞིན་དུ་འདོད་པ་བྱེ་མདོ་གཉིས་ཀ་མཐུན་ཡང་མདོ་སྡེ་པས་ཚོགས་གསུམ་སྒྲ་སྤྱིའི་ཕྲེང་བར་འདོད་པས་ལྡན་མིན་དང་། བྱེ་སྨྲས་དེ་གསུམ་ངག་གི་རིག་བྱེད་ཀྱི་སྒྲ་རང་མཚན་ལ་འདོད་པས་གཟུགས་ཀྱིས་བསྡུས་པར་འདོད་པས་ལུགས་དེ་གཉིས་ཀྱིས་ནི་བསྟན་བཅོས་བེམ་པོའི་ངོ་བོར་འདོད་ལ། རྟོག་གེ་པ་རྣམས་ནི། དངོས་ཀྱི་རྗོད་བྱེད་སྒྲ་སྤྱི་དང་། ཞེན་པའི་རྗོད་བྱེད་སྒྲ་རང་མཚན་པར་འདོད་དོ། །གཉིས་པ་ལ་གཉིས། བཀའ་དང་བསྟན་བཅོས་ཀྱི་མཚན་གཞིའོ། །དང་པོ་ནི། ཆོས་སྟོན་པ་པོར་སྣང་བ་གཟུགས་སྐུ་གཉིས་དང་། དེས་བསྟན་པར་སྣང་བ་གསུང་རབ་ཡན་ལག་བཅུ་གཉིས་ལྟ་བུ་ནི། གདུལ་བྱའི་གཞན་སྣང་འབའ་ཞིག་ལ་འཇོག་པས་བཀའ་ཐམས་ཅད་ཀྱང་། སངས་རྒྱས་ཀྱི་ཡེ་ཤེས་སྒྱུ་མ་ལྟ་བུས་བདག་རྐྱེན་དང་གདུལ་བྱའི་རྒྱུད་དག་པས་རྒྱུའི་རྐྱེན་བྱས་པ་ལ་བརྟེན་ནས་གདུལ་བྱ་དེའི་ཤེས་པ་མིང་ཚིག་ཡི་གེའི་རྣམ་པ་དེ་དང་དེར་སྣང་བ་ཡིན་པའི་ཕྱིར། ཉན་པ་པོའི་རྒྱུད་དང་འབྲེལ་གྱིས། སངས་རྒྱས་ཀྱི་རྒྱུད་དང་མ་འབྲེལ་སྟེ། གཞན་དུ་ན་སངས་རྒྱས་ལ་ནང་གི་ཤེས་པ་ཕྱི་རོལ་གྱི་སྒྲར་ཞེན་པའི་མ་རིག་པ་ཡོད་པས་སྒྲིབ་པ་མ་ལུས་པ་སྤངས་པ་མི་སྲིད་པས་སོ། །ཉན་པ་པོའི་རྣམ་རིག་དེ་ཡང་སངས་རྒྱས་ཀྱི་མཐུ་ལས་བྱུང་བའི་ཕྱིར་དེས་བྱས་པར་བཞག་སྟེ། དཔེར་ན་རྨི་ལམ་ན་སྔགས་ལ་སོགས་པ་ལྷའི་མཐུས་རྙེད་པའི་རྣམ་རིག་ཉིད་རང་གི་ཤེས་པ་ཡིན་ཡང་ལྷས་བྱས་ཞེས་བརྗོད་པ་བཞིན་ནོ། །དེས་ན་བཤད་སྦྱར་དང་། རྒྱན་སྣང་དང་། ཉི་ཤུ་པའི་འགྲེལ་བཤད་དང་། རྒྱུད་གཞན་གྲུབ་པའི་འགྲེལ་པ་སོགས་ལས་བཤད་པ་ལྟར་མིང་ཚིག་ཡི་གེའི་རྣམ་པར་སྣང་བའི་ཤེས་པ་ཉན་པ་པོའི་རྒྱུད་ཀྱིས་བསྡུས་པ་ཉིད་ལུང་དུ་འདོད་པར་བྱའོ། ། གཉིས་པ་བསྟན་བཅོས་ཀྱི་མཚན་གཞི་ནི། དབུས་མཐའི་འགྲེལ་བཤད་ལས། མིང་དང་ཚིག་དང་ཡི་གེའི་ཚོགས་སུ་སྣང་བའི་རྣམ་པར་རིག་པ་རྣམས་ནི་བསྟན་བཅོས་སོ། །ཡང་ན་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོབ་པར་བྱེད་པའི་སྒྲའི་ཁྱད་པར་དུ་སྣང་བའི་རྣམ་པར་རིག་པ་རྣམས་ནི་བསྟན་བཅོས་སོ། །ཞེས་གཉིས་འབྱུང་བའི་སྔ་མ་ནི་བསྟན་བཅོས་ཙམ་ཞིག་དང་། ཕྱི་མ་ནི་ཁྱད་པར་ཅན་གྱི་ངོས་འཛིན་ནོ། །དེ་ཡང་སོ་སྐྱེ་དང་ས་བཅུ་པ་ལ་ཐུག་གི་འཕགས་པ་ལ་ནི་གདུལ་བྱ་དང་གཉིས་ཀའི་སྣང་བ་ལ་བསྟན་བཅོས་བཞག་སྟེ། ས་བཅུ་པ་ལ་ཡང་རང་གི་ཤེས་པ་ཉིད་ལོངས་སྐུར་སྣང་བ་ལ་ཕྱི་རོལ་གྱི་སངས་རྒྱས་དང་མིང་ཚིག་སོགས་སུ་སྣང་བ་ལ་ཕྱི་རོལ་གྱི་དེ་བཞིན་གཤེགས་པའི་གསུང་དུ་ཞེན་པ་ཡོད་པས། ཞེན་པ་ཕྲ་མོ་ཡོད་པ་དེ་སྲིད་དུ་ཉན་པ་པོ་ལ་མིང་ཚིག་ཇི་ལྟར་སྣང་བ་ལྟར་འཆད་པ་པོ་ལ་ཡང་དེ་དང་རྗེས་སུ་མཐུན་པར་འབྱུང་བས་སོ། །དེས་ན་སྒྲ་སྤྱིའི་ཕྲེང་བ་ལ་འདོད་ན་བསྟན་བཅོས་དངོས་མེད་དུ་འགྱུར་བས་སྐྱེས་བུས་མ་བྱས་པར་འགྱུར་བས་རིག་བྱེད་པའི་སྨྲ་བ་ཁས་བླང་དགོས་སོ། །ངག་གི་སྒྲ་རང་མཚན་པ་ལ་འདོད་ན་ཡང་། ངག་ཏུ་མ་ཐོན་བསྟན་བཅོས་མ་བརྩམ་པ་དང་། བསེ་རུ་ལྟ་བུས་ཀྱང་གདུལ་བྱ་ལ་ཆོས་མ་བསྟན་པར་འགྱུར་རོ། །གཉིས་པ་སྒྲ་བཤད་པ་ནི། ཅིའི་ཕྱིར་བསྟན་བཅོས་ཞེས་བྱ་ཞེ་ན། སློབ་མའི་རྒྱུད་འཆོས་པའི་ཕྱིར་ཏེ། དེ་ཡང་སློབ་མའི་རྒྱུད་ལ་བསླབ་པ་གསུམ་བསྐྱེད་ནས་ལུས་ངག་ཡིད་གསུམ་ཚོགས་པར་དབྱུང་དུ་མི་རུང་བ་ལས་བཟློག་པ་དང་། དབྱུང་དུ་རུང་བའི་ལས་ལ་འཇུག་པར་བྱེད་པའོ། །དེ་ལྟར་ན་ཕུང་རྣམ་འབྱེད་དང་། རྣམ་བཤད་རིག་པར་ཡང་བཤད་པ་ལྟར། ངེས་ཚིག་འདི་དག་ཚང་བས་ན་རྒྱལ་བའི་བཀའ་ཡང་བསྟན་བཅོས་སུ་འདོད་པར་བྱའོ། །གསུམ་པ་ཚིག་གི་དོན་ལ་བཞི་ལས། བརྗོད་བྱ་ནི། སྟོན་པ་སངས་རྒྱས་ཀྱིས་ཡུམ་འདི་ལས་བཤད་པའི་རྣམ་མཁྱེན་སངས་རྒྱས་ཁོ་ནའི་ལམ་ཡིན་པ་གང་དང་། དེས་མཚོན་པའི་ལྷག་མ་བདུན་དང་བཅས་པའོ། །ཉིང་དགོས་ནི། བྱང་སེམས་ལས་གཞན་གྱིས་མྱོང་བ་མ་ཡིན་པའི་རྣམ་མཁྱེན་དེ་བློ་དང་ལྡན་པ་བྱང་སེམས་ཀྱིས་ཡུམ་གྱིས་མདོ་ཡི་དོན་དངོས་བརྒྱད་ཇི་བཞིན་དུ་ངེས་པའི་བདག་ཉིད་བྱང་ཆུབ་ཀྱི་སེམས་དང་། ཆོས་སྒྲུབ་པའི་སྤྱོད་པ་ཕར་ཕྱིན་བཅུ་ཤེས་བཞིན་དང་བཅས་པའི་དྲན་པ་ལ་བཞག་ནས་ས་བཅུ་བགྲོད་དེ་མཐོང་བ་སྟེ་མངོན་དུ་བྱེད་པར་འགྱུར་བའོ། །དགོས་པ་ནི། ཉིང་དགོས་ཀྱི་ཕྱིར་དུ་མདོ་ཡི་བརྗོད་བྱ་རྣམས་རྒྱན་ལ་བརྟེན་ནས་བདེ་བླག་ཏུ་སྟེ་ཚེགས་ཆུང་ངུས་རྟོགས་པ་ཞེས་བྱ་བ་ནི་རྒྱན་རྩོམ་པའི་དགོས་པ་ཡིན་ནོ། །འབྲེལ་པ་ནི་ཤུགས་ཀྱིས་ཏེ་དེ་ཡང་རྩོམ་པའི་དགོས་པ་ཞེས་པས། དགོས་པ་དང་བསྟན་བཅོས་འབྲེལ་པ་དང་། ཕྱིར་ཞེས་པས་དགོས་པ་གཉིས་འབྲེལ་པར་འཕངས་སོ། །གཉིས་པ་བརྩམ་བྱ་གཞུང་གི་རང་བཞིན་བཤད་པ་ལ་གསུམ། རྒྱས་པ་ལ་དད་པ་ལ་བརྒྱད། འབྲིང་ལ་དད་པ་ལ་དྲུག །བསྡུས་པ་ལ་དད་པ་ལ་གསུམ་དུ་དབྱེ་བའོ། །དང་པོ་རྒྱས་པ་ལ་དད་པ་ལ་བརྒྱད་དུ་དབྱེ་བ་ལ་གཉིས། ལུས་རྣམ་པར་བཞག་པ་དང་། ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལུས་རྣམ་པར་བཞག་པ་ལ་གཉིས་ཏེ། སྤྱིའི་དོན་དང་། ཡན་ལག་གི་དོན་ནོ། །སྤྱིའི་དོན་ལ་བཞི་སྟེ། དགོས་པ། མཚན་ཉིད། དབྱེ་བ། ངེས་ཚིག་གོ །དང་པོ་དགོས་པ་ནི། འཆད་ཉན་སླ་བའི་ཕྱིར་ཏེ་དེ་ཡང་དཀྱུས་བརྟན་པའི་རྟ་ཚམ་ཚོམ་མེད་པར་རྒྱུག་པ་ལྟར་ཉན་པའི་གདུལ་བྱ་རྣམས་ཀྱིས་རྒྱས་བཤད་ཀྱི་དོན་ཚན་རྣམས་མ་འཛིང་བའི་སྒོ་ནས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་དང་། དཀྱུས་མཐོང་བའི་ཁ་ལོ་བས་རྟ་ལེགས་པར་ཚར་གཅོད་ནུས་པ་ལྟར། རྒྱས་བཤད་དུ་བསྟན་བཅོས་ཀྱི་དོན་རྣམ་པར་དབྱེ་བར་བྱས་པས་མ་འཛིངས་པའམ་མ་འཁྲུགས་པ་ཉིད་ཀྱིས་འཆད་པ་པོས་བཤད་པར་བྱ་སླ་བར་བྱམས་པས་གཟིགས་ནས་སོ། །གཉིས་པ་ལུས་ཀྱི་མཚན་ཉིད་ནི། ཡན་ལག་དུ་མ་ཚོགས་པ་སྟེ། ཇི་སྐད་དུ། ཚོགས་དང་ལུས་དང་འདུས་པ་ནི། རྣམ་གྲངས་དག་སྟེ། ཞེས་པ་ལྟར་རོ། །གསུམ་པ་དབྱེ་བ་ནི། ཚིགས་སུ་བཅད་པ་བཅོ་ལྔ་ནི་རྗོད་བྱེད་སྒྲའི་ལུས་དང་། དངོས་བརྒྱད་དམ་དོན་བདུན་ཅུ་ནི་བརྗོད་བྱ་དོན་གྱི་ལུས་སོ། །བཞི་པ་ངེས་ཚིག་ནི། ངོ་བོ་ཉིད་དུ་གྲུབ་པ་དང་། བསགས་པ་དང་། ཡན་ལག་ལ་ཁྱབ་པ་དང་། དེའི་རྟེན་བྱེད་པས་ལུས་སོ། །གཉིས་པ་ཡན་ལག་གི་དོན་ལ། ལུས་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་མདོར་བསྟན་པ་ལ་ཡང་གཉིས་ཏེ། གྲངས་ཀྱི་སྒོ་ནས་ཡུམ་གྱི་དབྱེ་བ། དབྱེ་བ་མིང་གིས་ཁྱད་པར་དུ་བྱས་པའི་ཚུལ་ལོ། །དང་པོ་གྲངས་ཀྱི་སྒོ་ནས་ཡུམ་གྱི་དབྱེ་བ་ལ་གསུམ། ཚིག་གི་དོན་བཤད། བརྒྱད་ཚན་གསུམ་གྱི་ཁྱད་པར་དཔྱད། ཤེར་ཕྱིན་གྱི་དངོས་བཏགས་བསྟན་པའོ། །དང་པོ་ནི། མཆོད་བརྗོད་དུ་བརྗོད་བྱ་ལ་བསྟོད་ཕྱག་བྱས་པའི་ཤེར་ཕྱིན་དེ་ཇི་ལྟར་བྱས་པས་འཆད་ཅེ་ན། ཤེར་ཕྱིན་དོན་དངོས་པོ་བརྒྱད་དུ་ཕྱེ་བའི་ཚུལ་གྱིས་སོ། །གཉིས་པ་བརྒྱད་ཚན་གསུམ་གྱི་ཁྱད་པར་ནི། དོན་བསྡུས་སྒྲོན་མེར། མངོན་རྟོགས་ཤེས་རྒྱུད་རིམ་པ་སྟེ། །དངོས་པོ་བརྒྱད་ནི་བརྗོད་བྱ་ལ། །སྐབས་ནི་རྗོད་བྱེད་ཤཱནྟི་གསུངས། ། ཞེས་པ་ཤཱནྟི་པའི་གཞུང་ལ་གསལ་ཁ་མི་སྣང་ཡང་། དེ་བཞིན་དུ་འདོད་པར་བྱའོ། །གསུམ་པ་ཤེར་ཕྱིན་གྱི་དངོས་བཏགས་དཔྱད་པ་ལ་གཉིས། འདོད་པ་དགོད་པ་དང་། དེའི་འཐད་ཕྱོགས་བསྟན་པའོ། །དང་པོ་འདོད་པ་དགོད་པ་ནི། སྤྱིར་འདི་ལ་བཞེད་པ་མི་འདྲ་བ་ལྔ་སྟེ། ཡུམ་གསུམ་གནོད་འཇོམས་ལས་ནི། སངས་རྒྱས་ཀྱི་སའི་མཉམ་གཞག་རྡོར་ཏིང་སྣང་མེད་ནི་ཤེར་ཕྱིན་དངོས་དང་། རྗེས་ཐོབ་སྣང་བཅས་ཀྱི་ངོ་བོ་རྟོག་བཅས་དང་རྟོག་མེད་ཀྱི་ཡེ་ཤེས་བཞི་ནི་ཤེར་ཕྱིན་བཏགས་པ་བ་དང་། ཉན་རང་དགྲ་བཅོམ་པའི་ཡེ་ཤེས་རྣམས་ཤེར་ཕྱིན་གྱི་འབྲས་བུ་དང་གཞུང་རྣམས་རྒྱུ་ཡིན་པས་བཏགས་པ་བ་དང་། མོས་སྤྱོད་དང་ས་བཅུའི་རྟོག་པ་ཐམས་ཅད་ཀྱང་ཤེར་ཕྱིན་གྱི་མིང་ཙམ་འཇུག་པས་བཏགས་པ་བར་བཞེད། སློབ་དཔོན་ཕྱོགས་གླང་གི་ཞལ་སྔ་ནས་ནི། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་དེ་སྒྲ་ཡིན། །ཞེས་བཤད་དེ། འདིའི་དོན་སྔ་རབས་པ་ཕལ་ཆེར། སངས་རྒྱས་རྣམས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ནི་དངོས་དང་། གཞུང་ལམ་གཉིས་བཏགས་པ་བར་འདོད། དག་ལྡན་ལས་ནི། ས་བཅུའི་མཉམ་གཞག་རྣམས་ཤེར་ཕྱིན་མཚན་ཉིད་པ་དང་། སོ་སྐྱེས་དང་སངས་རྒྱས་ཀྱི་ས་གཉིས་དེའི་རྒྱུ་དང་འབྲས་བུ་ཡིན་པས་བཏགས་པ་བར་བཞེད། དེ་ལྟར་བཞེད་པའི་རྒྱུ་མཚན་ཡང་ཡུམ་མདོ་ལས། རྣམ་གཡེང་གི་རྟོག་པ་བཅུའི་གཉེན་པོ་བྱེད་པ་ཞིག་ཤེར་ཕྱིན་ལ་བརྩོན་པར་གསུངས་པས། མོས་སྤྱོད་ཀྱིས་དེའི་གཉེན་པོ་བྱེད་མི་ནུས་ཤིང་། སངས་རྒྱས་ལ་ཡང་གཉེན་པོའི་བྱ་བ་དང་བྲལ་བས་བཏགས་པ་བའོ་སྙམ་དུ་དགོངས་སོ། །ཡེ་ཤེས་ཞབས་ཀྱིས་ནི། ཤེས་རབ་ནི་ཆོས་རབ་ཏུ་རྣམ་འབྱེད་དང་། ཕ་རོལ་ནི། མོས་སྤྱོད་ཀྱི་དུས་ན་བདག་མེད་པར་ཡིད་ཆེས་པ་དང་། ས་ཐོབ་ལ་རྟོག་པ་ཐམས་ཅད་ཀྱིས་དབེན་པ་ལ་གསུང་ངོ་། །བི་མ་ལ་མི་ཏྲས་ནི། དོན་དམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཀྱི་སྐུ་དང་། སེམས་བསྐྱེད་པ་ནས་ངེས་འབྱུང་སྒྲུབ་པའི་མཚན་ཉིད་ཀྱི་བར་ནི་རྒྱུ་ཡི་ཤེར་ཕྱིན་ཏུ་བཞེད་དོ། ། གཉིས་པ་དེའི་འཐད་ཕྱོགས་བསྟན་པ་ནི། སློབ་དཔོན་ཕྱོགས་ཀྱི་གླང་པོའི་གསུང་དེ་དགོངས་པ་བཙལ་ན། རྒྱན་སྣང་དང་། བརྒྱད་སྟོང་དོན་བསྡུས་ཀྱི་འགྲེལ་པ་ལས་བཤད་པ་ལྟར་གཙོ་བོ་དང་ཕལ་བ་ལ་བཞེད་པར་སྣང་ལ། དེ་ལྟ་ན་ཡང་། གཞུང་སྟོང་ཕྲག་བརྒྱ་པ་ལྟ་བུ་ནི། སྔར་བཤད་པ་ལྟར་གདུལ་བྱའི་རྒྱུད་ཀྱི་རྣམ་རིག་མིང་ཚིག་ཏུ་སྣང་བ་ཙམ་ཡིན་པས་ཤེར་ཕྱིན་མཚན་ཉིད་པ་མིན་ནོ། །དེས་ན་ལམ་ནི་ཕལ་པ་ཡིན་ཡང་མཚན་ཉིད་པར་མི་འགལ་ཏེ་མི་ཕལ་པ་བཞིན་ནོ། །འོ་ན་ལམ་ཇི་ལྟ་བུ་ཞིག་ལ་འདོད་ཅེ་ན། འདི་ལ་བཞི། མཚན་གཞི། མཚན་ཉིད། ས་མཚམས། ངེས་ཚིག་གོ །དང་པོ་ནི། ཐེག་ཆེན་འཕགས་ལམ་གསུམ་གྱིས་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ཆ་རྣམས་མཚན་གཞི། གཉིས་པ་ནི། ཆོས་ཐམས་ཅད་སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་མཁྱེན་པ་གང་མི་གནས་པའི་མྱང་འདས་སུ་ཕྱིན་པའམ་ཕྱིན་བྱེད་དོ། །གསུམ་པ་ས་མཚམས་ནི། མཚན་ཉིད་པ་ཐེག་ཆེན་འཕགས་ལམ་གསུམ་ན་ཡོད་ལ་བཏགས་པ་བ་ཚོགས་སྦྱོར་ནས་ཡོད་དོ། །བཞི་པ་ངེས་ཚིག་ནི། ཤེས་པ་ཐམས་ཅད་ཀྱི་རབ་ཡིན་པས་ན་ཤེས་རབ་སྟེ་དོན་དམ་པ་ལ་དམིགས་པའི་ཕྱིར་དང་། ཤེས་རབ་ཐམས་ཅད་ཀྱི་དམ་པ་ཡིན་པས་ན་ཕ་རོལ་ཏུ་ཕྱིན་པ་སྟེ་མི་གནས་པའི་མྱང་འདས་སུ་ཕྱིན་པའམ་ཕྱིན་བྱེད་ཡིན་པའི་ཕྱིར་རོ། །གཉིས་པ་དབྱེ་བ་མིང་གིས་ཁྱད་པར་དུ་བྱས་པའི་ཚུལ་ལ་ལྔ། དངོས་བརྒྱད་ཀྱི་མཚན་ཉིད། གྲངས་ངེས་པ། གོ་རིམ་ངེས་པ། ས་མཚམས། ཟློས་པ་སྤོང་བའོ། །དང་པོ་ནི། ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་མ་ལུས་པ་སྐད་ཅིག་མ་གཅིག་ལ་མངོན་སུམ་མཁྱེན་པ་རྣམ་མཁྱེན་གྱི་མཚན་ཉིད། དབྱེ་ན་ཇི་ལྟ་ཇི་སྙེད་ཀྱི་རྣམ་མཁྱེན་གཉིས། ལམ་གསུམ་རང་བཞིན་མེད་པར་རྟོགས་ཤིང་རྫོགས་སྨིན་སྦྱངས་ནས་ཡང་དག་མཐའ་མངོན་དུ་བྱེད་པའི་སློབ་ལམ་ལམ་ཤེས་ཀྱི་མཚན་ཉིད། འདིའི་སྐབས་སུ་རྫོགས་པ་ནི་སྨོན་ལམ་རྫོགས་པ་དང་། སྨིན་པ་ནི་གདུལ་བྱའི་རྒྱུད་སྨིན་པ། སྦྱོང་བ་ནི་སངས་རྒྱས་ཀྱི་ཞིང་སྦྱོང་བ་གསུམ་ཡིན་ལ། ཡང་དག་མཐའ་ནི། དབུས་མཐའ་དང་། ཀུན་བཏུས་དང་། ཡུམ་མདོ་དང་། རྒྱན་སྣང་རྣམས་ལས་དེ་བཞིན་ཉིད་དམ་ཆོས་ཀྱི་དབྱིངས་ཀྱི་མིང་གི་རྣམ་གྲངས་སུ་བཤད་ལ། རྒྱུད་བླ་ལས། ཡང་དག་མཐའ་ནི་འདུས་བྱས་ཀྱི་རྣམ་པ་ཐམས་ཅད་དབེན་པ་སྟེ། ཞེས་འབྱུང་བའི་ཕྱིར་སྤྲོས་པ་དང་མཚན་མ་ཐམས་ཅད་ཀྱིས་སྟོང་པའི་ཞི་བའི་དབྱིངས་མྱང་འདས་ཙམ་ལ་བྱའོ། །དེ་མངོན་དུ་བྱས་པའི་དོན་ཡང་ཟབ་མོ་བརྒྱད་ཀྱི་གསུམ་པར་བཤད་པ་ལྟར་ཞི་བ་ཕྱོགས་གཅིག་པ་དེ་ཉིད་ལ་ཆེད་ཆེར་བྱས་ནས་རྟག་ཏུ་དེ་ལ་མཉམ་པར་གཞག་ནས་གནས་པ་ཡིན་གྱི་དེ་མངོན་དུ་བྱས་པ་ཙམ་ལ་མ་ཡིན་ནོ། །སློབ་ལམ་དུ་དེ་ལྟར་ཞུགས་ན་ཆད་པའི་མཐར་ལྷུང་སྟེ་ཚོགས་ཡོངས་སུ་མ་རྫོགས་པར་རང་ཉིད་ཞི་བའི་དབྱིངས་སུ་རྟག་ཏུ་གནས་པ་ན། རྗེས་ཐོབ་ལ་གཟུགས་སྐུ་སྣང་ནས་དོན་མཛད་པ་མེད་པའི་ཕྱིར་རོ། །རྫོགས་སྨིན་སྦྱངས་ན་ནི་ཞི་བའི་དབྱིངས་ལ་རྟག་ཏུ་གནས་ཀྱང་ལྷུན་གྲུབ་ཏུ་གཟུགས་སྐུ་གཉིས་ཀྱིས་གཞན་དོན་མཛད་པའི་ཕྱིར་ཞི་བར་མི་ལྟུང་ངོ་། །དེས་ན་ས་བརྒྱད་པ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་མ་བསྐུལ་ན་མྱ་ངན་ལས་འདའ་བར་གསུངས་པ་ཡང་དེ་ལ་དགོངས་སོ། །ལམ་ཤེས་ལ་དབྱེ་ན་ལམ་ཤེས་གསུམ། གཞི་ཐམས་ཅད་གང་ཟག་གི་བདག་གིས་སྟོང་པར་རྟོགས་པའི་ཉི་ཚེ་བའི་མཁྱེན་པ་གཞི་ཤེས་ཀྱི་མཚན་ཉིད། དབྱེ་ན་ཉན་རང་གི་གཞི་ཤེས་གཉིས། མཁྱེན་གསུམ་གྱི་རྟོགས་པ་ལ་རང་དབང་ཐོབ་པར་བྱ་བའི་ཕྱིར་སྐྱེ་མེད་གསུམ་བསྡུས་ཏེ་སྒོམ་པའི་སེམས་དཔའི་རྣལ་འབྱོར་རྣམ་རྫོགས་སྦྱོར་བའི་མཚན་ཉིད། དབྱེ་ན་སྦྱོར་བ་ཉི་ཤུ། རྣམ་རྫོགས་སྦྱོར་བ་ལ་བརྟེན་ནས་སྐྱེ་མེད་གསུམ་བསྡུས་ཏེ་སྒོམ་པ་ལ་དབང་དུ་གྱུར་པའི་སེམས་དཔའི་རྣལ་འབྱོར་རྩེ་མོའི་སྦྱོར་བའི་མཚན་ཉིད། དབྱེ་ན་བདུན། མཁྱེན་གསུམ་གྱི་ཤེས་རྣམ་ཅིག་ཆར་དུ་སྐྱེ་བའི་རྟོགས་པ་བརྟན་པོར་བྱ་བའི་ཕྱིར་མཁྱེན་གསུམ་གྱི་རྣམ་པ་རྣམས་རིམ་གྱིས་སྒོམ་པའི་སེམས་དཔའི་རྣལ་འབྱོར་མཐར་གྱིས་པའི་མཚན་ཉིད། དབྱེ་ན་བཅུ་གསུམ། མཁྱེན་གསུམ་རིམ་གྱིས་སྒོམ་པ་མཐར་ཐུག་པའི་སེམས་དཔའི་རྣལ་འབྱོར་སྐད་ཅིག་མའི་མཚན་ཉིད། ལྡོག་པས་དབྱེ་ན་བཞི། སྦྱོར་བ་བསྒོམ་པའི་འབྲས་བུ་མཐར་ཐུག་ཟག་མེད་ཀྱི་ཡན་ལག་དུ་མ་དང་ལྡན་པ་ཆོས་སྐུའི་མཚན་ཉིད། དབྱེ་ན་སྐུ་བཞིའོ། །གཉིས་པ་གྲངས་ངེས་པ་ནི། གང་ཟག་གཅིག་འཚང་རྒྱ་བ་ལ་ཤེས་པར་བྱ་བའི་ཡུལ་དང་། ཉམས་སུ་ལེན་པའི་ལམ་དང་། ཐོབ་པར་བྱ་བའི་འབྲས་བུ་གསུམ་དུ་གྲངས་ངེས་པས་དང་པོ་ལ་མཁྱེན་གསུམ། གཉིས་པ་ལ་སྦྱོར་བཞི། གསུམ་པ་ལ་ཆོས་སྐུར་ངེས། ཤེས་བྱ་མཁྱེན་གསུམ་དུ་ངེས་པ་ཡང་། ཚོང་པ་ཚོང་གི་ཁེ་ཐོས་ན་དེའི་ཐབས་ལ་འཇུག་པ་ལྟར། དང་པོ་འབྲས་བུ་ལ་བྲོད་པ་སྐྱེད་པའི་དོན་དུ་རང་གཞན་གྱི་དོན་གཉིས་དང་ལྡན་པའི་རྣམ་མཁྱེན་བསྟན། དེ་ཤེས་ན་དེའི་ཐབས་ལ་འཇུག་པས་དེའི་ཐབས་ལ་ལམ་ཤེས་དང་། དེའི་གོལ་ས་ཤེས་པ་ཡང་གཞི་ཤེས་ལ་རག་ལས་པས་དེ་ནས་གཞི་ཤེས་བསྟན་ཏོ། །ཉམས་ལེན་སྦྱོར་བ་བཞིར་ངེས་པ་ནི། མཁྱེན་གསུམ་གཏན་ལ་ཕབ་པ་ཙམ་གྱིས་མི་ཆོག་པས་དེ་ཉམས་སུ་ལེན་དགོས་ལ། དེ་ལ་ཡང་ལམ་གྱི་རྟོགས་པ་རང་རྒྱུད་ལ་མ་སྐྱེས་པ་སྐྱེད་པར་བྱེད་པ་དང་། སྐྱེས་ཟིན་ཁྱད་པར་དུ་བྱེད་པ་གཉིས་སུ་ཡོད་པས་བཞིར་གྲངས་ངེས་ཏེ། རྣམ་ཀུན་ནི་མ་ཐོབ་པ་ཐོབ་བྱེད་དང་། རྩེ་མོ་ནི་ཐོབ་པའི་སྐབས་དང་། མཐར་གྱིས་པ་ནི་ཐོབ་ཟིན་ཁྱད་པར་དུ་སྐྱེད་བྱེད་དང་། སྐད་ཅིག་མ་ནི་དེ་གྲུབ་པའི་སྐབས་ཙམ་ཡིན་པས་སོ། །འོ་ན་རྒྱུ་འབྲས་སྐོར་གཅིག་གིས་ཆོག་མོད། གཉིས་ཀྱིས་ཅི་བྱ་ཞེ་ན། དབང་དུ་བྱེད་པ་རྒྱུ་འབྲས་མེད་ན་འབད་མེད་ལྷུན་གྲུབ་ཀྱི་ཆོས་སྐུ་མི་འཐོབ་ལ། བརྟན་པ་རྒྱུ་འབྲས་མེད་ན་ཆོས་གཅིག་མངོན་དུ་བྱས་པ་ན་ཆོས་ཐམས་ཅད་མངོན་དུ་བྱེད་པའི་རྣམ་མཁྱེན་མི་ཐོབ་པས་གཉིས་ཀ་དགོས་སོ། །མཐར་གྱིས་པས་མཁྱེན་གསུམ་རིམ་གྱིས་སྒོམ་པའི་དོན་ནི། སྦྱིན་པ་ལྟ་བུ་གཅིག་ཀྱང་ཚུལ་ཁྲིམས་ལ་སོགས་པའི་དཀར་ཆོས་གཞན་དང་རིམ་པ་ལྟར་སྦྲེལ་ནས་ཉམས་སུ་ལེན་པའོ། །སྐད་ཅིག་མ་ནི། དེ་ལྟར་ཡིད་ལ་བྱེད་པ་རིང་དུ་འདྲིས་པས་ཟག་མེད་གཅིག་མངོན་དུ་བྱས་པ་ན། ཐམས་ཅད་མངོན་དུ་བྱེད་ནུས་པ་སྟེ་མཐར་ཐུག་པའི་སྐབས་སོ། །རྣམ་ཀུན་ནི། གཙོ་བོར་མཉམ་གཞག་ནི་སྙིང་པོའི་དོན་ལ་གོམས་པར་བྱས་ནས་མངོན་རྟོགས་སྐྱེད་བྱེད་ཡིན་ལ། མཐར་གྱིས་པ་ནི་གཙོ་བོར་རྗེས་ཐོབ་ན་སྐྱེས་པ་དང་མ་སྐྱེས་པའི་མངོན་རྟོགས་ཡིད་ལ་བྱེད་པའི་སྒོམ་ཡིན་ནོ། །དེ་ལྟར་ཐོས་བསམ་གྱིས་གཏན་ལ་ཕབ་ནས་སྦྱོར་བས་ཉམས་སུ་བླང་པའི་འབྲས་བུ་ནི་ཆོས་སྐུ་གཅིག་པར་ཟད་པས་གྲངས་ངེས་སོ། །གསུམ་པ་གོ་རིམ་ངེས་པ་ནི། མཁྱེན་གསུམ་ནི་དེ་ལྟར་བཤད་ན་ཉན་པ་པོས་རྟོགས་སླ་བས་བཤད་པའི་གོ་རིམ་ཡིན་ལ། སྦྱོར་བཞི་ནི་རྒྱུ་འབྲས་དོན་གྱི་གོ་རིམ་ཡིན་ནོ། །བཞི་པ་ས་མཚམས་ནི། མཁྱེན་གསུམ་ནི་རྟེན་ངེས་པ་ཅན་ཡིན་པས། སངས་རྒྱས་བྱང་སེམས་ཉན་རང་རྣམས་ལ་སོ་སོར་ཡོད། དེ་ཡང་གཞི་ཤེས་ལམ་ཤེས་གཉིས་ནི་ཚོགས་ལམ་ནས་མི་སློབ་པའི་བར་ན་ཡོད་དོ། །རྣམ་ཀུན་ཚོགས་ལམ་ཆུང་ངུ་ནས་ས་བཅུ་རྒྱུན་མཐའི་བར་ན་ཡོད། རྩེ་མོ་དྲོད་ནས་རྒྱུན་མཐའི་བར་ན་ཡོད། རིམ་གྱིས་པ་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད། དེ་ཡང་ཐོས་བསམ་གྱིས་ཡུལ་དུ་བྱས་པའི་མངོན་རྟོགས་རིམ་གྱིས་ཡིད་ལ་བྱེད་པའི་རིམ་གྱིས་པ་ནི་ཚོགས་ལམ་ནས་གཙོ་ཆེ་བར་ཡོད་ལ། བསྒོམས་བྱུང་གིས་ཉམས་སུ་མྱོང་བའི་མངོན་རྟོགས་ཡིད་ལ་བྱེད་པའི་མཐར་གྱིས་པ་ནི་དྲོད་ནས་ཡིན་ནོ། ། སྐད་ཅིག་མ་ནི་ས་བཅུའི་ཐ་མ་ན་ཡོད། ཆོས་སྐུ་ནི་སངས་རྒྱས་ཀྱི་ས་ཁོ་ན་ན་ཡོད་དོ། །ལྔ་པ་ཟློས་སྤོང་ལ་བཞི་སྟེ། དང་པོ་མཁྱེན་གསུམ་དང་རྣམ་ཀུན་ཏུ་བཤད་པའི་མཁྱེན་གསུམ་གྱི་སྦྱོར་བ་ཟློས་སོ་ཞེ་ན། དེ་ནི་རྒྱུ་མཚན་གསུམ་གྱིས་མི་ཟློས་ཏེ། མཁྱེན་གསུམ་ནི་རྣམ་པ་སོ་སོར་ངེས་པ་དང་། རྣམ་ཀུན་གྱི་རྣམ་པ་མ་ལུས་པའི་ཡུལ་ཅན་ཡིན་པའི་ཕྱིར་དང་། མཁྱེན་གསུམ་ནི་མཚོན་བྱེད་དང་མཚོན་བྱའི་སྒོ་ནས་ཤེས་བྱར་བསྟན་པས་མཚན་ཉིད་པ་དང་། རྣམ་ཀུན་ནི་ཉམས་ལེན་གྱི་སྒོ་ནས་བསྟན་པས་སྦྱོར་བ་ཡིན་པའི་ཕྱིར་དང་། མཁྱེན་གསུམ་དུ་བཤད་པ་ནི་ཐོས་བསམ་གྱི་ཡུལ་དུ་བསྟན་པ་ཡིན་ལ། རྣམ་ཀུན་ཏུ་བཤད་པ་ནི་དྲི་མ་སྤོང་བའི་གཉེན་པོའི་ཕྱིར་སྐྱེད་པ་ཡིན་པས་མི་ཟློས་སོ། །གཉིས་པ་ལམ་ཤེས་དང་། རྣམ་མཁྱེན་ཟློས་པར་འགྱུར་ཏེ། སའི་ཚོགས་ལ་སོགས་པར་མཐོང་སྒོམ་གཉིས་བཤད་པ་དེ་ཉིད་ལམ་ཤེས་སུ་ཡང་བཤད་པའི་ཕྱིར་ཞེ་ན། རྣམ་མཁྱེན་དུ་བཤད་པ་ནི། རྒྱུ་དང་འབྲས་བུའི་ཆོས་མ་ལུས་པ་མཁྱེན་པ་གཅིག་རྣམ་མཁྱེན་ཡིན་ནོ། །ཞེས་དེ་མཚོན་པའི་དོན་དུ་ཡིན་ལ། ལམ་ཤེས་སུ་བཤད་པ་ནི། རྒྱལ་སྲས་རྣམས་ཀྱི་ལམ་ཤེས་ནི་རྣམ་མཁྱེན་དུ་བཤད་པ་ཉིད་མ་ཡིན་ནོ་སྙམ་པའི་དོགས་པ་བསལ་བ་དང་། ལམ་གསུམ་ཤེས་པའི་ལམ་ཤེས་ཡུལ་གྱིས་མཚོན་ནས་བསྟན་པའི་ཕྱིར་མི་ཟློས་སོ། །གསུམ་པ་ནི། ལམ་ཤེས་དང་གཞི་ཤེས་ཟློས་ཏེ། སྐབས་གཉིས་པར་ཉན་རང་གི་ལམ་ཡང་བསྟན་པའི་ཕྱིར་ཞེ་ན། སྐབས་གཉིས་པར་བཤད་པ་ནི་ཡུལ་ཅན་ལམ་ཤེས་མཚོན་པའི་དོན་དུ་ཡིན་ལ། གསུམ་པར་བཤད་པ་ནི། མི་རྟག་པ་ལ་སོགས་པའི་སྒྲོ་འདོགས་དང་བྲལ་བ་གཉེན་པོ་གཞི་ཤེས་སུ་བསྟན་པས། དེས་འཕང་བའི་ཟློག་ཕྱོགས་རྣམས་ཉན་རང་གི་ལམ་ཡིན་པར་བསྟན་པ་དང་། དེའི་ལམ་ལོགས་སུ་རང་དབང་དུ་བསྟན་པའི་ཕྱིར་མི་ཟློས་སོ། །བཞི་པ་ནི་རྣམ་མཁྱེན་དང་ཆོས་སྐུ་ཟློས་ཏེ། གཉིས་ཀར་གཉིས་ཀ་བསྟན་པའི་ཕྱིར་ཞེ་ན། མི་ཟློས་ཏེ། དང་པོར་ནི་ཡུལ་དང་བརྒྱད་པར་ནི་འབྲས་བུའི་སྒོ་ནས་བཤད་པའི་ཕྱིར་དང་། ཡང་མཚོན་བྱེད་དང་ངོ་བོའི་སྒོ་ནས་བསྟན་པ་ཡིན་པས་སོ། །གཉིས་པ་ལུས་རྒྱས་པར་བཤད་པ་ལ་བརྒྱད། དང་པོ་རྣམ་མཁྱེན་རྒྱས་པར་བཤད་པ་ལ། རྒྱུས་འབྲས་བུའམ། ཡུལ་གྱིས་ཡུལ་ཅན་ནམ། ཤེས་བྱ་གཙོ་བོའི་སྒོ་ནས་མཚོན་པར་བྱེད་པའི་མཚོན་བྱེད་ཀྱི་ཆོས་བཅུ་སྟེ། དང་པོ་སེམས་བསྐྱེད་ཀྱི་མཚན་ཉིད་དང་ས་མཚམས་འོག་ཏུ་འཆད། ཐེག་ཆེན་སེམས་བསྐྱེད་ཀྱི་དོན་དུ་གཉེར་བྱ་ཐོབ་པའི་ཐབས་མ་ནོར་བར་འདོམས་པའི་རྗོད་བྱེད་གདམས་ངག་གི་མཚན་ཉིད། ས་མཚམས་འོག་ཏུ་འཆད། ཐེག་ཆེན་ཚོགས་ལམ་གྱི་རྗེས་སུ་སྐྱེས་པའི་མངོན་རྟོགས་གང་མོས་སྤྱོད་ཀྱི་སས་བསྡུས་པ་ཐེག་ཆེན་ངེས་འབྱེད་ཡན་ལག་གི་མཚན་ཉིད། དབྱིངས་གང་འདིར་སྨོས་སྒྲུབ་པའི་རྟེན་གཞི་བྱེད་པ་རིགས་ཀྱི་མཚན་ཉིད། སྒྲུབ་པོའི་ཤེས་བྱར་གྱུར་པ་དམིགས་པའི་མཚན་ཉིད། གང་གི་དབང་དུ་བྱས་ནས་ཀྱང་སེམས་སྒྲུབ་པ་ལ་འཇུག་པར་འགྱུར་བའི་འབྲས་བུ་མཐར་ཐུག་ཆེད་དུ་བྱ་བའི་མཚན་ཉིད། ཐེག་ཆེན་སེམས་བསྐྱེད་ལ་བརྟེན་ནས་བླ་མེད་བྱང་ཆུབ་ཀྱི་ཆེད་དུ་དོན་གཉིས་སྒྲུབ་པའི་བྱ་བ་བསྒྲུབ་པ་སྤྱིའི་མཚན་ཉིད་དེ། དེ་ཀུན་ལ་སྦྱར་ནས། དེ་གང་ཞིག །ཕར་ཕྱིན་རེ་རེའི་ནང་དུ་དྲུག་དྲུག་ཚང་བར་བསྡུས་ནས་ཉམས་སུ་ལེན་པ་གོ་སྒྲུབ་ཀྱི་མཚན་ཉིད། སྒོམ་བྱུང་གཙོ་བོར་གྱུར་པའི་སྒོ་ནས་ཐེག་ཆེན་ལ་འཇུག་པའི་བྱ་བ་འཇུག་སྒྲུབ་ཀྱི་མཚན་ཉིད། བྱང་ཆུབ་ཆེན་པོར་དངོས་སུ་འབྱིན་པ་ཚོགས་སྒྲུབ་ཀྱི་མཚན་ཉིད། འབྱུང་ས་མཐར་ཐུག་ཏུ་གདོན་མི་ཟ་བར་འབྱིན་བྱེད་ངེས་འབྱུང་སྒྲུབ་པའི་མཚན་ཉིད་དོ། །དེ་དག་གི་དབྱེ་བ་དང་ས་མཚམས་ནི། ངེས་འབྱེད་བཞི་སྦྱོར་ལམ་དུ་ཡོད། རིགས་ལ་རྟེན་ཆོས་ཀྱིས་དབྱེ་ན་བཅུ་གསུམ་དྲོད་ནས་རྒྱུན་མཐའི་བར། དམིགས་པ་བཅུ་གཅིག་ལ་ས་མཚམས་མེད། ཆེད་དུ་བྱ་བ་གསུམ་སངས་རྒྱས་ཀྱི་ས་ན། གོ་སྒྲུབ་དྲུག་ཚོགས་ལམ་ནས་རྒྱུན་མཐའི་བར། འཇུག་སྒྲུབ་དགུ་དྲོད་ནས་རྒྱུན་མཐའི་བར། ཚོགས་སྒྲུབ་བཅུ་བདུན་ལས་བཅོ་ལྔ་སྦྱོར་ལམ་མཆོས་མཆོག་དང་། ས་དང་གཉེན་པོའི་ཚོགས་གཉིས་མཐོང་ལམ་དང་སྒོམ་ལམ་དུ། ངེས་སྒྲུབ་བརྒྱད་ས་བཅུ་པའི་ཁྱད་པར་ལམ་ན་ཡོད་དོ། །གཉིས་པ་ལམ་ཤེས་ཀྱི་ལུས་རྒྱས་པར་བཤད་པ་ལ། ལམ་ཤེས་མཚོན་པའི་ཆོས་བཅུ་གཅིག་སྟེ། ལམ་ཤེས་སྐྱེ་རུང་གི་རྟེན་ང་རྒྱལ་བཅོམ་པ། སྐྱེ་བའི་ཡུལ་ངེས་པ་དང་མ་ངེས། རང་བཞིན་འཁོར་བ་མི་འདོར་བ། བྱེད་ལས་གཞན་འཁོར་དུ་སྡུད་པ་སོགས་ཏེ་ལམ་ཤེས་ཀྱི་ཡན་ལག་བཞི། གང་ཟག་གི་བདག་མེད་ཙམ་རྟོགས་པའི་ཉི་ཚེ་བའི་མཁྱེན་པ་སློབ་མ་ཉན་ཐོས་ཀྱི་ལམ་གྱི་མཚན་ཉིད། དབྱེ་ན་འཕགས་ལམ་དང་སྦྱོར་ལམ་གཉིས། བདག་མེད་ཕྱེད་དང་གཉིས་རྟོགས་པའི་ཉི་ཚེ་བའི་མཁྱེན་པ་བསེ་རུ་རང་རྒྱལ་གྱི་ལམ་གྱི་མཚན་ཉིད་དབྱེ་བ་སྔར་དང་འདྲ། ཟག་མེད་བསྒོམ་ལམ་མ་སྐྱེས་གོང་གི་བདག་མེད་གཉིས་རྟོགས་པའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐེག་ཆེན་མཐོང་ལམ་གྱི་མཚན་ཉིད། དབྱེ་ན་བཅུ་དྲུག །སྒོམ་ལམ་གྱི་འབྲས་བུར་གྱུར་པའི་ཕན་ཡོན་སྒོམ་ལམ་བྱེད་པའི་མཚན་ཉིད། དབྱེ་ན་དྲུག །ཟག་བཅས་སྒོམ་ལམ་གང་ཡུམ་ཡོན་ཏན་ཅན་ཡིན་པ་ལ་དེ་ལྟར་ངེས་པའི་ཚུལ་གྱིས་འཛིན་པ་མོས་པ་སྒོམ་ལམ་གྱི་མཚན་ཉིད། དབྱེ་ན་ཉེར་བདུན། མོས་པ་གསུམ་སྒོམ་པའི་བྱང་སེམས་ལ་སངས་རྒྱས་བྱང་སེམས་གོང་མ་རྣམས་ཐུགས་དགྱེས་པའི་ཆ་དང་དེའི་དོན་གནས་ཀྱི་ཡོན་ཏན་བརྗོད་པའི་ཆ་གང་རུང་བསྟོད་བཀུར་བསྔགས་གསུམ་གྱི་མཚན་ཉིད། དབྱེ་ན་ཉེར་བདུན། ཟག་བཅས་སྒོམ་ལམ་གང་གཞན་དོན་དུ་དགེ་བ་རྫོགས་པའི་བྱང་ཆུབ་ཀྱི་ཡན་ལག་ཏུ་བྱེད་པ་བསྔོ་བ་སྒོམ་ལམ་གྱི་མཚན་ཉིད། དབྱེ་ན་བཅུ་གཉིས། ཟག་བཅས་སྒོམ་ལམ་གང་རང་གཞན་གྱི་དགེ་བ་ལ་མངོན་པར་དགའ་བ་ཡི་རང་སྒོམ་ལམ་གྱི་མཚན་ཉིད། དབྱེ་ན་ཀུན་རྫོབ་དང་དོན་དམ་ཡུལ་ཅན་གྱི་ཡི་རང་གཉིས། ཟག་མེད་སྒོམ་ལམ་གང་རྟོགས་པ་མཐར་ཐུག་གི་རྒྱུར་གྱུར་བསྒྲུབ་པ་སྒོམ་ལམ་གྱི་མཚན་ཉིད། དབྱེ་ན་ལྔ། ཐེག་ཆེན་ཟག་མེད་སྒོམ་ལམ་གང་སྤང་བ་མཐར་ཐུག་གི་རྒྱུར་གྱུར་པ་རྣམ་དག་སྒོམ་ལམ་གྱི་མཚན་ཉིད། དབྱེ་ན་སྒོམ་སྤང་དགུའི་གཉེན་པོ་དགུའོ། །གསུམ་པ་གཞི་ཤེས་ཀྱི་ལུས་རྒྱས་པར་བཤད་པ་ལ་གཞི་ཤེས་མཚོན་པའི་ཆོས་དགུ་སྟེ། རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱིས་སྲིད་པའི་རྒུད་པ་བཟློག་བའི་མཁྱེན་པ་ཤེས་པས་སྲིད་ལ་མི་གནས་པའི་གཞི་ཤེས་ཀྱི་མཚན་ཉིད། སེམས་བསྐྱེད་ཁྱད་ཅན་གྱི་སྟོབས་ཀྱིས་ཞི་བའི་རྒུད་པ་བཟློག་པའི་མཁྱེན་པ་སྙིང་རྗེས་ཞི་ལ་མི་གནས་པའི་གཞི་ཤེས་ཀྱི་མཚན་ཉིད། ཤེས་བྱ་ལམ་འབྲས་གསུམ་ལ་མཚན་མར་འཛིན་པས་བཅིངས་ཤིང་དེའི་གཉེན་པོ་བྱེད་མི་ནུས་པའི་གཞི་ཤེས་ཐབས་མ་ཡིན་པས་རིང་བའི་གཞི་ཤེས་ཀྱི་མཚན་ཉིད། ཐབས་ཤེས་ཁྱད་ཅན་དང་ལྡན་པའི་མཁྱེན་པ་ཐབས་ཀྱིས་རིང་བ་མ་ཡིན་པའི་གཞི་ཤེས་ཀྱི་མཚན་ཉིད། གཞིའི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་འཛིན་པས་བཅིངས་པས་བྱང་སེམས་ཀྱི་སྤང་བྱར་གནས་པའི་གཞི་ཤེས་མི་མཐུན་ཕྱོགས་ཀྱི་མཚན་ཉིད། གཞི་རང་བཞིན་མེད་པར་རྟོགས་པས་དེ་ལ་མཚན་མར་འཛིན་པའི་གཉེན་པོ་བྱེད་ནུས་པའི་མཁྱེན་པ་གཉེན་པོ་གཞི་ཤེས་ཀྱི་མཚན་ཉིད། གཞི་གཟུགས་སོགས་ལ་ཞེན་པ་བཀག་ནས་སྒོམ་པའི་ལམ་གང་ཉན་རང་གི་སྦྱོར་བ་ཤུགས་ལ་འཕེན་བྱེད་གཞི་ཤེས་སྦྱོར་བའི་མཚན་ཉིད། དབྱེ་ན་བཅུ། གཞི་ཤེས་ཀྱི་སྦྱོར་བ་སྒོམ་པའི་རྣམ་པ་གང་ཡུལ་དང་ཡུལ་ཅན་དུ་རློམ་པ་ལ་འགོག་བྱེད་སྦྱོར་བ་དེའི་མཉམ་ཉིད་ཀྱི་མཚན་ཉིད། དབྱེ་ན་བཞི་བཅུ། སྒྲོ་འདོགས་སོ་གཉིས་དང་བྲལ་བའི་བདེན་པ་གསར་མཐོང་གང་ཐེག་དམན་གྱི་མཐོང་ལམ་ཤུགས་ལ་འཕེན་བྱེད་མཐོང་ལམ་གྱི་མཚན་ཉིད་དོ། །བཞི་པ་རྣམ་ཀུན་མཚོན་པར་བྱེད་པའི་ཆོས་བཅུ་གཅིག་སྟེ། ཡུལ་ལམ་མཁྱེན་པའི་ཁྱད་པར་གང་སྦྱོར་བའི་བསྒོམ་བྱར་གྱུར་པ་རྣམ་པའི་མཚན་ཉིད། དབྱེ་ན་བརྒྱ་དང་དོན་གསུམ། དབང་དུ་བྱ་བའི་ཕྱིར་མཁྱེན་གསུམ་བསྡུས་ཏེ་སྒོམ་པའི་སེམས་དཔའི་རྣམ་འབྱོར་སྦྱོར་བའི་མཚན་ཉིད། དབྱེ་ན་ཉི་ཤུ། སྦྱོར་བ་བསྒོམ་པས་གནས་སྐབས་དང་མཐར་ཐུག་ཏུ་ཐོབ་བྱ་ཡོན་ཏན་གྱི་མཚན་ཉིད། དབྱེ་ན་བཅུ་བཞི། སྦྱོར་བ་སྐྱེས་པ་དང་ཁྱད་པར་དུ་འགྲོ་བ་ལ་བར་དུ་གཅོད་པའི་བདུད་ལས་སྐྱོན་གྱི་མཚན་ཉིད། དབྱེ་ན་ཞེ་དྲུག །སྦྱོར་བའི་ངོ་བོའམ་ནུས་པ་མཚོན་བྱེད་ཀྱི་མཁྱེན་པ་མཚན་ཉིད་ཀྱི་མཚན་ཉིད། དབྱེ་ན་གོ་གཅིག །བྲལ་བའི་ཁྱད་པར་ལ་ཕན་འདོགས་བྱེད་གང་རྣམ་བྱང་དབང་པོའི་ངོ་བོར་མ་གྱུར་པའི་གནས་སྐབས་ཀྱི་ལམ་ཐར་པ་ཆ་མཐུན་གྱི་མཚན་ཉིད། བྱེ་བྲག་ཏུ་ཐེག་ཆེན་གྱི་ནི། བླ་མེད་བྱང་ཆུབ་ཏུ་བགྲོད་པའི་གོ་སྐབས་ཕྱེ་ཤུལ་ཞེས་སྦྱར། སེམས་ཅན་ལ་དམིགས་པའི་རྣམ་པ་ཁྱད་པར་བ་དང་ལྡན་ཞིང་བསྒོམས་བྱུང་གཙོ་བོར་གྱུར་པའི་མོས་སྤྱོད་ཀྱི་ཡེ་ཤེས་ངེས་འབྱེད་ཆ་མཐུན་གྱི་མཚན་ཉིད། སྲིད་ཞི་གང་དུ་ཡང་མི་ལྷུང་བར་ངེས་པའི་རྟགས་དང་ལྡན་པའི་སེམས་དཔའ་ཕྱིར་མི་ལྡོག་པའི་མཚན་ཉིད། དབྱེ་ན་སྦྱོར་མཐོང་སྒོམ་གསུམ་ལ་གནས་པ་གསུམ། འཁོར་འདས་གཉིས་རང་བཞིན་མེད་པར་རྟོགས་ནས་སྒོམ་པའི་སྦྱོར་བ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བའི་མཚན་ཉིད། རང་གི་སྣོད་བཅུད་ཀྱི་ཞིང་གཉིས་ཉེས་པ་དང་བྲལ་བར་བྱེད་པའི་སྦྱོར་བ་ཞིང་དག་སྦྱོར་གྱི་མཚན་ཉིད། དབྱེ་ན་སྣོད་བཅུད་ཀྱི་ཞིང་དག་སྦྱོར་གཉིས། ཐབས་མཁས་ཀྱི་ཡུལ་བཅུ་མངོན་དུ་བྱ་བ་ལ་དུས་དང་དུས་མིན་ཤེས་པའི་སྦྱོར་བ་ཐབས་མཁས་སྦྱོར་བའི་མཚན་ཉིད། ལྔ་པ་རྩེ་མོ་ཆོས་བརྒྱད་དེ། བསྡུས་སྒོམ་རབ་ཏུ་གྱུར་པར་མཚོན་བྱེད་གང་དྲོད་ཀྱིས་བསྡུས་པ་རྟགས་ཀྱི་མཚན་ཉིད། དབྱེ་ན་བཅུ་གཉིས། བསྡུས་སྒོམ་རབ་ཏུ་གྱུར་པ་འཕེལ་བའི་ཆ་གང་སྦྱོར་ལམ་རྩེ་མོས་བསྡུས་པ་རྣམ་འཕེལ་གྱི་མཚན་ཉིད། དབྱེ་ན་བཅུ་དྲུག །མཁྱེན་གསུམ་གྱི་རྟོགས་པ་ཅི་རིག་པ་དང་སེམས་ཅན་གྱི་དོན་མི་གཏོང་བ་ལ་བརྟན་པ་ཐོབ་པའི་རྩེ་མོ་གང་བཟོད་པས་བསྡུས་པ་ངེས་བརྟན་གྱི་མཚན་ཉིད། དབྱེ་ན་བརྟན་པ་གཉིས། བྱང་སེམས་བཞིའི་སེམས་བསྐྱེད་ལ་ཡི་རང་བའི་དོན་ལ་སེམས་རྩེ་གཅིག་ཏུ་གནས་པའི་རྩེ་མོ་གང་ཆོས་མཆོག་གིས་བསྡུས་པ་སེམས་ཀུན་ཏུ་གནས་པའི་མཚན་ཉིད། བསྡུས་སྒོམ་རབ་གྱུར་གང་མཐོང་སྤང་རྟོགས་པའི་ཐུན་མོང་མ་ཡིན་པའི་གཉེན་པོ་བྱེད་པ་མཐོང་ལམ་རྩེ་མོའི་མཚན་ཉིད། བསྡུས་སྒོམ་རབ་གྱུར་གང་སྒོམ་སྤང་རྟོགས་པའི་ཐུན་མོང་མ་ཡིན་པའི་གཉེན་པོ་བྱེད་པ་སྒོམ་ལམ་རྩེ་མོའི་མཚན་ཉིད། དབྱེ་ན་རྣམ་པ་བཞི་བཞི། བསྡུས་སྒོམ་རབ་གྱུར་གང་རྣམ་མཁྱེན་གྱི་དངོས་རྒྱུར་གྱུར་པ་བར་ཆད་མེད་རྩེའི་མཚན་ཉིད། བདེན་གཉིས་འགལ་བར་འཛིན་པའི་མི་ཤེས་པ་ལོག་སྒྲུབ་ཀྱི་མཚན་ཉིད། དབྱེ་ན་བཅུ་དྲུག་གོ །དྲུག་པ་མཐར་གྱིས་པའི་ཆོས་བཅུ་གསུམ་སྟེ། མཐར་གྱིས་པ་སྤྱིའི་མཚན་ཉིད་སྦྱར་ནས། སྦྱིན་པ་རིམ་ལྡན་དུ་སྒོམ་པ་སྦྱིན་པའི་མཐར་གྱིས་པའི་མཚན་ཉིད། དེ་བཞིན་དུ་གཞན་ལྔ་ལ་ཡང་འགྲེ། དེ་བཞིན་གཤེགས་པའི་ཡོན་ཏན། དོན་དམ་པར་མི་དམིགས་ཤིང་ཀུན་རྫོབ་ཏུ་ཕྱིན་ཅི་མ་ལོག་པར་རིམ་ལྡན་དུ་དྲན་པས་སངས་རྒྱས་རྗེས་སུ་དྲན་པའི་མཚན་ཉིད། དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡོན་ཏན་ཞེས་པའི་གནས་སུ། དགེ་མི་དགེ་ལུང་མ་བསྟན་གྱི་ཆོས་དང་། སློབ་པ་ཕྱིར་མི་ལྡོག་པའི་ཚོགས་དང་། སྡོམ་པ་གསུམ་དང་། ཆོས་དང་ཟང་ཟིང་གི་སྦྱིན་པ་དང་། ལྷར་སྐྱེས་པའི་འཕགས་པ་ཞེས་སྦྱར་བ། ཆོས་དང་། དགེ་འདུན་དང་། ཚུལ་ཁྲིམས་དང་། གཏོང་བ་དང་། ལྷ་རྗེས་སུ་དྲན་པའི་མཐར་གྱིས་པ་རྣམས་ཀྱི་མཚན་ཉིད། ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པར་རྟོགས་ནས་རིམ་གྱིས་སྒོམ་པ་དངོས་མེད་ངོ་བོ་ཉིད་ཀྱི་མཐར་གྱིས་པའི་མཚན་ཉིད་ཡིན་ནོ། །བདུན་པ་སྐད་ཅིག་མ་ལ་ལྡོག་པས་ཕྱེ་ན་རྣམ་པ་བཞི་སྟེ། རྣམ་པར་སྨིན་པ་མིན་པའི་ཆོས་ཐམས་ཅད་དང་། རྣམ་སྨིན་གྱི་ཆོས་ཐམས་ཅད་དང་། ཆོས་ཐམས་ཅད་མཚན་ཉིད་མེད་པ་དང་། ཆོས་ཐམས་ཅད་གཉིས་སུ་མེད་པར་སྐད་ཅིག་མ་གཅིག་ལ་རྟོགས་པ་བཞིའོ། །བརྒྱད་པ་ཆོས་སྐུའི་ཆོས་བཞི་ནི། དབྱིངས་རང་བཞིན་གྱིས་དག་པ་ལ་གློ་བུར་གྱི་དྲི་མ་མ་ལུས་པས་ཀྱང་དག་པ་ངོ་བོ་ཉིད་སྐུའི་མཚན་ཉིད། གདུལ་བྱའི་ནང་ནས་བྱང་སེམས་འབའ་ཞིག་ལ་སྣང་བའི་གཟུགས་སྐུ་གང་སྤྲུལ་སྐུའི་བདག་རྐྱེན་དུ་གྱུར་པ་ལོངས་སྐུའི་མཚན་ཉིད། ལོངས་སྐུའི་བདག་རྐྱེན་ལས་གྱུར་པའི་སྐུ་གང་དག་པ་དང་མ་དག་པའི་འགྲོ་བ་དུ་མའི་འདུལ་བྱེད་སྤྲུལ་སྐུའི་མཚན་ཉིད། སངས་རྒྱས་ཀྱི་གནས་ཡོངས་སུ་གྱུར་པའི་མཐར་ཐུག་པ་ཡེ་ཤེས་ཆོས་སྐུའི་མཚན་ཉིད་། ཆོས་སྐུའི་བདག་རྐྱེན་བྱས་པ་ལས་བྱུང་བའི་རྣམ་པར་དཀར་བའི་ཡོན་ཏན་མཛད་པའི་མཚན་ཉིད་དེ། དེ་ཡན་གྱིས་ལུས་རྣམ་པར་བཞག་པ་དེ་སོང་ངོ་། །གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ་གསུམ། ཤེས་བྱ་མཁྱེན་པ་གསུམ། ཉམས་ལེན་སྦྱོར་བ་བཞི། འབྲས་བུ་ཆོས་སྐུའི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ཤེས་བྱ་མཁྱེན་པ་གསུམ་བཤད་པ་ལ་གསུམ། ཐོབ་བྱ་རྣམ་མཁྱེན། ཐོབ་བྱེད་ལམ་ཤེས། སྤང་བྱ་གཞི་ཤེས་ཀྱི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་རྣམ་མཁྱེན་བཤད་པ་ལ་བཞི། ལམ་གྱི་རང་བཞིན་སེམས་བསྐྱེད་པ། སེམས་བསྐྱེད་དག་བྱེད་གདམས་ངག་ནོད་པ། གདམས་པའི་འབྲས་བུ་ངེས་འབྱེད་ཡན་ལག །གདམས་པའི་དོན་ཕྱིན་ཅི་མ་ལོག་པར་སྒྲུབ་པའོ། །དང་པོ་ལམ་གྱི་རང་བཞིན་སེམས་བསྐྱེད་པ་ལ་གསུམ། སེམས་བསྐྱེད་སྐྱེ་བའི་རྟེན། བརྟེན་པ་སེམས་བསྐྱེད་ཀྱི་རང་བཞིན། རང་བཞིན་དེས་བསྐྱེད་ཀྱི་ཕན་ཡོན་ནོ། །དང་པོ་རྟེན་ལ་ལུས་རྟེན་དང་སེམས་རྟེན་གཉིས། དང་པོ་ལུས་རྟེན་ནི་ལམ་ཤེས་ཀྱི་མདོ་ལས་ལྷའི་བུ་དུ་མས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས་ཀླུ་ཉི་ཁྲི་ཆིག་སྟོང་གིས་སེམས་བསྐྱེད་པར་བཤད་པ་ལྟར་ཡིན་པས་སོ་ཐར་རྟེན་དང་། མི་ཁོམས་པ་ཐམས་ཅད་དང་བྲལ་བ་དགོས་པ་མིན་ནོ། །སེམས་རྟེན་ནི། རྒྱལ་བ་ལ་དམིགས་པའི་དད་པ། སེམས་ཅན་ལ་དམིགས་པའི་སྙིང་རྗེ། བྱང་སེམས་ཀྱི་ཕན་ཡོན་ཐོས་པ་དང་གསུམ་ཡིན་ཏེ། དཀོན་མཆོག་སྒྲོན་མེར། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང་། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་པ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ན། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེ་འོ། །ཞེས་དང་། རྒྱན་ལས། དེ་ཡི་རྩ་བ་སྙིང་རྗེར་འདོད། ཅེས་པ་ལྟར་རོ། །གཉིས་པ་བརྟེན་པ་སེམས་བསྐྱེད་ཀྱི་རང་བཞིན་ལ། མཚན་གཞི། མཚན་ཉིད། རབ་དབྱེའོ། །དང་པོ་མཚན་གཞི་ལ་བཞེད་ཚུལ་ལྔ་སྟེ། སློབ་དཔོན་ཐོགས་མེད་ནི་སྨོན་ལམ་སེམས་བསྐྱེད་ཀྱི་ངོ་བོར་བཞེད་དེ། བྱང་ས་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་མཆོག་ནི་སེམས་བསྐྱེད་པའོ། །ཞེས་འབྱུང་། སློབ་དཔོན་དབྱིག་གཉེན་ནི། སེམས་བསྐྱེད་ཀྱི་ངོ་བོ་སེམས་པ་ལ་བཞེད་དེ་རྒྱན་འགྲེལ་ལས་དེ་ལྟར་གསུངས། འོན་ཀྱང་རྒྱན་ལས། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པ་སྟེ། །ཞེས་གྲོགས་འདུན་པ་དང་བཅས་པའི་སེམས་པ་སྨོན་ལམ་དུ་གསུངས་པས་སྐུ་མཆེད་དགོངས་པ་གཅིག་ཏུ་འབབ་པའོ། །སློབ་དཔོན་འཕགས་པས་ནི། སེམས་བསྐྱེད་པ་ཞེས་བྱ་བ་ལ་སེམས་ནི་རྣམ་པར་ཤེས་པ་སྟེ་ཞེས་ངོ་བོ་སེམས་ལ་བཞེད་ཅིང་དེ་ཡང་། སྒོ་ལྔའི་རྣམ་ཤེས་ཁ་ཕྱིར་བལྟས་འབའ་ཞིག་ཡིན་པ་དང་། ཀུན་གཞི་དང་། ཉོན་ཡིད་ལུང་མ་བསྟན་ཡིན་པ་ལ་དགོངས་ནས། དེ་དག་ལམ་བཞག་པར་དཀར་ཆོས་ཀུན་གྱི་རྟེན་དུ་རུང་བ་ཡིད་ཀྱི་རྣམ་ཤེས་ལ་མཚན་གཞིར་བཤད་དོ། །དེ་བཞིན་དུ་སློབ་དཔོན་སེང་གེ་བཟང་པོས་ཀྱང་། མདོ་སྡེ་རྒྱན་ལས་སེམས་བསྐྱེད་ཀྱི་མཚན་ཉིད་སྟོན་པ་ན། སྤྲོ་བ་ཆེད་དང་རྩོམ་པ་ཆེ། །དོན་ཆེ་བ་དང་འབྱུང་བ་ཆེ། །དོན་གཉིས་ལྡན་པའི་སེམས་འབྱུང་བ། །ཞེས་པའི་རྐང་པ་ཐ་མས་སེམས་སུ་བཤད་པར་འདུག་སྙམ་དུ་དགོངས་ཤིང་དེ་ཡང་སེམས་པ་གྲོགས་སུ་ཡོད་པའི་སེམས་ཤིག་བསྐྱེད་དུ་བསྟན་སྙམ་དུ་དགོངས་སོ། །དེ་ལ་སྤྲོ་བ་ཆེ་བ་ནི་གོ་ཆའི་བརྩོན་འགྲུས་ཀྱིས་ཡུན་རིང་པོར་དཀའ་བ་སྤྱོད་པ་ལ་མི་སྐྱོ་བའོ། །རྩོམ་པ་ཆེ་བ་ནི་སྦྱོར་བའི་བརྩོན་འགྲུས་ཀྱིས་གོ་ཆ་ཇི་བཞིན་དུ་སྒྲུབ་པའོ། །དོན་ཆེ་བ་ནི་བདག་གཞན་ལ་ཕན་པའི་ཆེད་དོ། །འབྱུང་བ་ཆེ་བ་ནི་བྱང་ཆུབ་ཆེན་པོ་འགྲུབ་པའོ། །དེ་ཡང་ཚིག་དང་པོ་གཉིས་ཀྱིས་སྐྱེས་བུ་བྱེད་པ་དང་། དེའི་འོག་མ་གཉིས་ཀྱིས་དོན་བྱེད་པ་དང་། འབྲས་བུ་ཡོངས་སུ་འཛིན་པའི་ཡོན་ཏན་བསྟན་ཏོ། །དོན་གཉིས་ནི་བྱང་ཆུབ་དང་གཞན་དོན་ལ་དམིགས་པའོ། །སློབ་དཔོན་བུངྡྷ་ཤྲཱི་ནི་དོན་གཉེར་གྱི་འདུན་པ་ཉིད་སེམས་བསྐྱེད་དུ་འདོད་ཅིང་སེམས་དང་སེམས་བྱུང་རྫས་གཅིག་ཏུ་འདོད་དོ། །སློབ་དཔོན་ཤཱནྟི་པ་ནི་ཡིད་དང་འདུན་པ་གཉིས་ཆར་ལ་འདོད་དེ། དག་ལྡན་ལས། སེམས་བསྐྱེད་པའི་དངོས་པོ་ཞེས་བྱ་བ་ལ་སེམས་ནི་ཡིད་དང་འདོད་པ་སྟེ། ཞེས་སོ། །གཉིས་པ་མཚན་ཉིད་ནི། གཞན་དོན་དུ་རྫོགས་པའི་བྱང་ཆུབ་འདོད་པ་དང་མཚུངས་ལྡན་དུ་འགྱུར་བའི་སེམས་སོ། །གསུམ་པ་རབ་དབྱེ་ལ་བཞི་སྟེ། ངོ་བོ། སྐྱེ་ཚུལ། ས་མཚམས། བཞེད་ཚུལ་གྱི་སྒོ་ནས་དབྱེ་བའོ། །དང་པོ་ངོ་བོའི་སྒོ་ནས་དབྱེ་ན་སྨོན་པ་དང་། འཇུག་པའི་བྱང་ཆུབ་ཀྱི་སེམས་གཉིས། འདི་ལ་གཉིས། ལུགས་གཞན་དགོངས་པ་དང་། འཐད་ཕྱོགས་བསྟན་པའོ། །དང་པོ་ལ་བཞེད་ཚུལ་མི་འདྲ་བ་བཞི་སྟེ། ཡེ་ཤེས་ཞབས་ནི། སྨོན་པ་བྱང་ཆུབ་ཀྱི་སེམས་ནི་འཇིག་རྟེན་པ་ཐམས་ཅད་ཀྱི་ཡིན་ལ། འཇུག་པ་བྱང་ཆུབ་ཀྱི་སེམས་ནི་རབ་ཏུ་དགའ་བ་ནས་བརྩམས་ཏེའོ། །ཞེས་ས་ཐོབ་མ་ཐོབ་ལ་འདོད་ཅིང་། ཚིག་གསལ་ལས་ཆོ་གས་བླངས་མ་བླངས་བཤད་ཅིང་། གཞན་ཡང་ཕྱིར་མི་ལྡོག་ཐོབ་མ་ཐོབ་དང་། འབྲས་བུ་དང་རྒྱུ་ལ་དམ་བཅའ་བ་ལ་འདོད་པ་རྣམས་སོ། །གཉིས་པ་འཐད་ཕྱོགས་བསྟན་པ་ནི། བསླབ་བཏུས་སུ། བྱང་ཆུབ་ཀྱི་སེམས་དེ་ནི་རྣམ་པ་གཉིས་ཏེ་བྱང་ཆུབ་ཏུ་སྨོན་པའི་སེམས་དང་། བྱང་ཆུབ་ཏུ་འཇུག་པའི་སེམས་སོ། །སྡོང་པོ་བཀོད་པའི་མདོ་ལས་གསུངས་པ། རིགས་ཀྱི་བུ་སེམས་ཅན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྨོན་པ་དེ་དག་ཀྱང་དཀོན་ནོ། །དེ་བས་ཀྱང་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཆས་པའི་སེམས་ཅན་ཤིན་ཏུ་དཀོན་ནོ། །ཞེས་འབྱུང་བ་ལྟ་བུའོ། །ཞེས་དང་། སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་གསུངས་པ་རྣམས་དགོངས་པ་གཅིག་པས་དེ་ལྟར་དུ་བཤད་དོ། །དེ་ཡང་ཤེར་འབྱུང་གིས་ལུང་འདི་དྲངས་ནས་གཞན་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ལས་མི་འདའ་ཡང་། ལུས་དང་ངག་དང་ཡིད་ཀྱི་ལས་ཡོད་པ་དང་མེད་པ་ལས་མཚན་ཉིད་ཐ་དད་པར་རྟོགས་པར་བྱ་ཞེས་པ་ལྟར་ཡིན་པས། དང་པོར་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་སྐྱེ་ལ། དེ་ལ་བརྟེན་ནས་འདི་མཐའ་དག་སྲིད་པ་ལས་བསྒྲལ་བའི་ཕྱིར་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་བསམ་པ་རྐྱང་པ་སྐྱེས་པ་སྨོན་པ་དང་། དེ་ནས་སྡོམ་པ་བཟུང་བ་ལ་སོགས་པས་བླ་ན་མེད་པའི་བྱང་ཆུབ་ཀྱི་སྤྱོད་པ་ཕྱིན་དྲུག་སྣ་གཅིག་ལ་ཞུགས་ན་ཡང་འཇུག་པའི་གོ་ཆོད་དོ། །དེས་ན་སྨོན་འཇུག་གཉིས་ངོ་བོ་གཞན་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་བསམ་པ་ཅན་དུ་མཚུངས་ཀྱང་བྱང་ཆུབ་སྒྲུབ་པའི་བྱ་བས་ཟིན་མ་ཟིན་ཡོད་པས་འདི་གཉིས་འགལ་ཏེ། དཔེར་ན་ཡུལ་དེར་འགྲོ་འདོད་པའི་བློ་སྐྱེས་པ་ཙམ་དང་། དེའི་རྗེས་སུ་ལམ་དུ་ཞུགས་ནས་འགྲོ་བའི་བྱ་བས་ཟིན་པ་ལྟ་བུའོ། །དེའི་ཕྱིར་སྨོན་པ་ནི་དང་པོའི་སེམས་ཁོ་ནའོ། །དེ་ལྟར་ཡང་བསྒོམ་རིམ་དང་པོ་ལས། འགྲོ་བ་དེ་དག་ལ་ཕན་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག་ཅེས་གང་ཐོག་མར་དོན་དུ་གཉེར་བ་དེ་ནི་སྨོན་པའི་སེམས་སོ། ། གང་ཕན་ཆད་སྡོམ་པ་བཟུང་བ་སྟེ་ཚོགས་རྣམས་ལ་ཞུགས་པ་དེ་ནི་འཇུག་སེམས་སོ། །ཞེས་གསུངས་སོ། །གཉིས་པ་སྐྱེ་ཚུལ་གྱི་དབྱེ་བ་ནི། བརྡའ་ལས་བྱུང་བ་དང་། སྒོམ་སྟོབས་ཀྱིས་སྐྱེས་པ་གཉིས་སོ། །དང་པོ་ནི། རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་སོ། །དེ་ལ་གཞན་གྱིས་བསྟན་ཅིང་གཞན་གྱི་ངག་གི་རིག་བྱེད་ལས་སེམས་བསྐྱེད་པ་གང་ཡིན་པ་དེ་ནི་བླང་བ་བརྡའ་ལས་བྱུང་བའི་སེམས་བསྐྱེད་ཡིན་ལ། དེ་སྐྱེ་བ་ལ་ཡང་རྣམ་པ་མང་སྟེ། གྲོགས་སྟོབས་ལས་སྐྱེ་བ་ནི་དགེ་བའི་བཤེས་གཉེན་ལས་ སོ། །རྒྱུ་སྟོབས་ལས་ནི་རིགས་ཀྱི་མཐུ་དང་། དགེ་རྩའི་སྟོབས་ལས་ཏེ་རིགས་རྒྱས་པ་ལས་དང་། མང་དུ་ཐོས་པའི་སྟོབས་དང་། དགེ་བ་གོམས་པའི་སྟོབས་ལས་ཏེ་ཚེ་འདི་ལ་རྟག་ཏུ་ཉན་འཛིན་འཆད་པ་ལ་སོགས་པ་ལས་སྐྱེ་བ་ཡང་ཡོད་དོ། །དེ་ཡང་དང་པོ་མི་བརྟན་ལ་ལྷག་མ་བཞི་བརྟན་པའོ། །གཉིས་པ་ནི། རྒྱན་ལས། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། ། བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཆོས་དང་སེམས་ཅན་རྣམས་དང་ནི། །དེ་ཡི་བྱ་བ་སངས་རྒྱས་ཉིད། ། མཆོག་ལ་སེམས་མཉམ་རྙེད་པའི་ཕྱིར། །དེ་ཡིས་རབ་དགའ་ཁྱད་པར་འཕགས། །ཞེས་སོ། ། དེ་ལ་ཚིགས་བཅད་དང་པོའི་རྐང་བ་དང་པོས་ལུང་དམ་པ་མནོས་པ་དང་། གཉིས་པས་རྒྱུ་དམ་པ་བསྒྲུབ་པ་དང་། གསུམ་པས་ཁོང་དུ་ཆུད་པ་དམ་པ་རྟོགས་པའི་ཁྱད་པར་བསྟན་ཏེ། ཁྱད་པར་དེ་གསུམ་གྱིས་སེམས་བསྐྱེད་པ་དོན་དམ་པ་ཉིད་དུ་སྟོན་ཏོ། །དེ་ཡང་ས་རབ་ཏུ་དགའ་བ་ཐོབ་པས་དེའི་རབ་དགའ་ཁྱད་པར་དུ་འཕགས་པའི་རྒྱུ་སྟོན་ཏེ། དེ་ལ་ཆོས་དང་། སེམས་ཅན་དང་། སངས་རྒྱས་དང་སེམས་ཅན་གྱི་བྱ་བ་སེམས་མཉམ་པ་རྣམས་ནི་རིམ་པ་ལྟར་ཆོས་བདག་མེད་པ་དང་། བདག་གཞན་མཉམ་པ་ཉིད་དང་། སངས་རྒྱས་དང་རང་གི་ཆོས་དབྱིངས་དབྱེར་མེད་པར་རྟོགས་པ་དང་། བདག་གི་སྡུག་བསྔལ་དང་འདྲ་བར་གཞན་གྱི་སྡུག་བསྔལ་ཡང་ཟད་པར་འདོད་པའི་ཕྱིར་རོ། །གསུམ་པ་ས་མཚམས་ཀྱི་དབྱེ་བ་ནི། མོས་སྤྱོད་ཀྱིས་ས་ལ་མོས་པས་བྱུང་བ་དང་། ས་དང་པོ་བདུན་ལ་ལྷག་བསམ་དག་པ་དང་། ས་བརྒྱད་པ་སོགས་གསུམ་ལ་རྣམ་པར་སྨིན་པ་དང་། སངས་རྒྱས་ཀྱི་ས་ལ་སྒྲིབ་པ་སྤངས་པའི་སེམས་བསྐྱེད་དོ། །ཁ་ཅིག་སངས་རྒྱས་ལ་སེམས་བསྐྱེད་མེད་དེ། ཡོད་ན་སྤྲིན་ལྟ་བུ་ཡོད་དགོས་པ་ལ་དེ་མེད་དེ། རྒྱན་ལས། རྒྱལ་སྲས་རྣམས་ཀྱི་སེམས་བསྐྱེད་པ། །སྤྲིན་དང་འདྲ་བར་བཤད་པ་ཡིན། །ཞེས་བཤད་པས་ཤེ་ན་ཉེས་པ་མེད་དེ། རྒྱལ་སྲས་ལ་ཡོད་པས་སངས་རྒྱས་ལ་ཡོད་པ་མི་ཁེག་ལ། རྒྱལ་སྲས་རྣམས་ཀྱིས་ཐོབ་པར་བྱ་བའི་སེམས་བསྐྱེད་ཅེས་ཀྱང་དགོངས་པ་བརྟགས་ནུས་ཏེ། དེ་ལྟ་མིན་ན་སྔར་གྱི་ས་མཚམས་དང་འགལ་ཞིང་དོན་དམ་སེམས་བསྐྱེད་ཀྱང་མེད་པར་ཧ་ཅང་ཐལ་ལོ། །འོ་ན་སངས་རྒྱས་ལ་འདོད་པ་ཡོད་པར་འགྱུར་ལ། དེ་ལྟ་ན་དེ་རྟོག་པ་ཡིན་པས་མི་རིགས་ཤེ་ན། དེ་ལ་ཡང་ཉེས་པ་མེད་དེ། ཟླ་འོད་ལས། སངས་རྒྱས་ལ་དོན་དུ་གཉེར་བྱེད་ཀྱི་སེམས་རྟོག་བཅས་མེད་ཀྱང་། དོན་དུ་གཉེར་བྱའི་སེམས་རྟོག་མེད་ཡོད་པ་དང་ཡང་ན་འདུན་པ་སློབ་ལམ་དུ་རྟོགས་པ་ཡིན་ཀྱང་སངས་རྒྱས་ཀྱི་སར་རྟོག་མེད་ཡིན་ནོ་ཞེས་བཤད་པ་གཉིས་གང་ལྟར་ཡང་ཁས་བླང་རུང་བས་མི་འགལ་ལོ། ། བཞི་པ་བཞེད་ཚུལ་གྱི་དབྱེ་བ་ནི། སེམས་ཅན་ཐམས་ཅད་སངས་རྒྱས་ལ་བཀོད་ནས་རང་ཉིད་སངས་རྒྱ་བར་འདོད་པ་ཕྱུགས་རྫི་ལྟ་བུ་དང་། བདག་གཞན་ཐམས་ཅད་དུས་མཉམ་དུ་སངས་རྒྱ་བར་འདོད་པ་མཉན་པ་ལྟ་བུ་དང་། རང་ཉིད་སངས་རྒྱས་ནས་གཞན་གྲོལ་བར་འདོད་པ་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་དང་གསུམ་མོ། །གསུམ་པ་ཕན་ཡོན་ནི། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་བའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་དང་། སེམས་འགྲེལ་ལས། བྱང་ཆུབ་སེམས་ནི་མ་བསྐྱེད་པར། །སངས་རྒྱས་ནམ་ཡང་མི་ཐོབ་ཅིང་། །འཁོར་བར་གཞན་དོན་སྒྲུབ་པ་ཡི། ། ཐབས་གཞན་ཡོད་པ་མ་ཡིན་ནོ། །ཞེས་བཤད་པས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་དང་མདོར་ན་དཔའ་བྱིན་གྱིས་ཞུས་པར། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས་པ་རྣམས་སོ། །གཉིས་པ་སེམས་བསྐྱེད་དག་བྱེད་གདམས་ངག་ནོད་པ་ལ་ལྔ། ནོད་པའི་རྟེན། རྒྱུ་གང་ལས་ནོད་པ། ཡུལ་གང་ལ་ནོད་པ། ནོད་བྱའི་ངོ་བོ། ས་མཚམས་སོ། །དང་པོ་ནི་སྤྱིར་གདམས་ངག་ཉན་པ་ཙམ་ཞིག་ཉན་རང་ལ་ཡང་ཡོད་ལ། བྱེ་བྲག་ཐེག་པ་ཆེན་པོའི་གདམས་ངག་ལ་ཡང་ཕལ་པ་དང་ཁྱད་པར་ཅན་གཉིས་ལས་འདིར་བསྟན་པ་ནི་ཕྱི་མ་སྟེ། དེ་ཡང་སངས་རྒྱས་དངོས་ལས་ཉན་ན་ཚོགས་ལམ་ཆེན་པོར་སོན་པ་ཞིག་དགོས་སྟེ། རྒྱན་ལས། བསམ་གཏན་ལས་ཐོབ་མངོན་པར་ཤེས། །མངོན་པར་བསྒྲུབས་པའི་སྒོ་ནས་ཏེ། །སངས་རྒྱས་དཔག་ཏུ་མེད་པ་ལ། །མཆོད་པའི་ཕྱིར་དང་མཉན་པའི་ཕྱིར། ། འཇིག་རྟེན་ཁམས་ནི་རྣམས་སུ་འགྲོ། །ཞེས་སོ། །གཉིས་པ་རྒྱུ་གང་ལས་ནོད་པ་ནི། རྒྱན་ལས། དེ་ཚེ་ཆོས་ཀྱི་རྒྱུན་ལས་ནི། །སངས་རྒྱས་རྣམས་ལས་ཞི་གནས་དང་། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ཆེན་རྙེད་པར་འགྱུར། །ཞེས་པ་ལྟར་ཆོས་རྒྱུན་ཏིང་ངེ་འཛིན་ལ་བརྟེན་ནས་སོ། །འདི་ལ་གསུམ་ལས། དང་པོ་མཚན་ཉིད་ནི། གང་ལ་མཉམ་པར་བཞག་ན་རྒྱལ་བ་རྣམས་ལས་གསུང་རབ་ཀྱི་ཚིག་དོན་བགྲངས་པ་ལས་འདས་པ་འཛིན་པར་ནུས་པའི་དྲན་ཤེས་དང་ཏིང་ངེ་འཛིན་མཚུངས་ལྡན་ནོ། །གཉིས་པ་སྒྲ་བཤད་པ་ནི། ཆོས་གསུང་རབ་ཀྱི་ཚིག་དོན་རྒྱུན་ནམ་བར་མ་ཆད་དུ་འཛིན་པར་ནུས་པའོ། །གསུམ་པ་ས་མཚམས་ནི། ཁྱད་པར་ཅན་ཆོས་མཆོག་ན་ཡོད་ལ་སྤྱིར་ཚོགས་ལམ་ཆེན་པོ་ན་ཡོད་དོ། ། གསུམ་པ་ཡུལ་གང་ལས་ནོད་པ་ནི། ཁ་ཅིག་སངས་རྒྱས་ཁོ་ན་ཞེས་འདོད་པ་ཡོད་ཀྱང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ་སོགས་པ་ཞེས་པ་ལྟར། སངས་རྒྱས་དང་ཐེག་ཆེན་གདམས་ངག་སྟོན་ནུས་ཀྱི་དགེ་བཤེས་ཀྱིས་ཀྱང་ཆོག་སྟེ། ཡུམ་གྱི་མདོ་ལྟ་བུའི་གདམས་པ་ལྟར་སྒྲུབ་པ་ཐེག་ཆེན་གྱི་གདམས་ངག་ལ་ཡང་སྟོན་པ་པོ་ཉན་ཐོས་ཀྱང་དུ་མ་ཡོད་པའི་ཕྱིར་རོ། །བཞི་པ་ནོད་བྱའི་ངོ་བོ་ནི། ཁ་ཅིག་སངས་རྒྱས་ཀྱིས་དངོས་སུ་འདོམས་པའི་ངག་ཅེས་པ་མི་འཐད་དེ། གདམས་ངག་ཁྱད་ཅན་ལ་ཡང་སྟོན་པ་པོ་སངས་རྒྱས་སུ་མ་ངེས་པ་སྔར་བསྟན་ལ། སྤྱིར་བཀའ་ཡིན་པར་ཡང་མ་ངེས་ཏེ། མངོན་རྟོགས་རྒྱན་ལྟ་བུ་ལ་ཡང་གདམས་ངག་ཁྱད་ཅན་གྱི་དོན་ལེགས་པར་ཚང་བའི་ཕྱིར་རོ། །དེའི་ཕྱིར་ཐེག་ཆེན་གྱི་རིགས་ཅན་འཚང་རྒྱ་བའི་ལམ་ཆ་ཚང་སྟོན་པའི་མདོ་དང་བསྟན་བཅོས་ཐམས་ཅད་གདམས་ངག་ཁྱད་ཅན་ཡིན་ནོ། །འདི་ལ་ཁ་ཅིག་འདོམས་པའི་ངག་དང་གདམས་པ་ལྟར་སྒྲུབ་པ་གཉིས་ཀ་ཡང་གདམས་ངག་ཏུ་འདོད་པ་ཡོད་ཀྱང་གདམས་ངག་ནི་རྗོད་བྱེད་མཚན་ཉིད་པ་ཡིན་ལ་བསྟན་པ་ལྟར་སྒྲུབ་པ་ནི་གདམས་ངག་གི་འབྲས་བུ་ཡིན་ནོ། །ལྔ་པ་ས་མཚམས་ནི། ལས་དང་པོ་པའི་ས་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་པར་ཤེར་འབྱུང་གིས་བཤད་ལ། ཚིག་གསལ་ལས་བར་ཆད་མེད་ལམ་ལ་དེ་དོན་དུ་གཉེར་བ་མེད་དེ། རང་བྱུང་གི་ཡེ་ཤེས་སྐྱེད་ནུས་པའི་ཕྱིར་རོ། །ཞེས་བཤད་ཀྱང་། གདམས་ངག་ངེས་པར་ཉན་དགོས་པའི་དབང་དུ་བྱས་ན་ཕྱི་མ་ལྟར་དང་། སྟོན་པ་པོའི་ས་མཚམས་འཛིན་ན་སྔ་མ་ལྟར་རོ། །དེ་ལྟ་བུའི་གདམས་ངག་གི་དོན་དེ་ལ་ཡང་། གདམས་ངག་དངོས་བསྟན་པ་དང་། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་གཉིས། གདམས་ངག་དངོས་ལ་བཞི། སྒྲུབ་པ་རང་གི་ངོ་བོ། དམིགས་ཡུལ་བདེན་པ་བཞི། རྟེན་དཀོན་མཆོག་གསུམ། སྒྲུབ་པ་ཕུན་ཚོགས་ཀྱི་རྒྱུ་ལ་གདམས་པའོ། །དང་པོ་སྒྲུབ་པ་རང་གི་ངོ་བོ་ནི། སྦྱོར་བ་ཕྱིན་དྲུག་གིས་ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ། རྟོགས་བྱ་ཆོས་སྐུ་ཐོབ་པར་བྱེད་པའི་ཕྱིར་སེམས་བསྐྱེད་ཀྱི་སྐབས་སུ་མདོ་ལས་བཤད་པའི་དཀར་ཆོས་རྣམས་སྒྲུབ་པའི་ཐབས་ཡིན་པས་ཉན་ཐོས་དང་རང་རྒྱལ་རྣམས་དང་ཐུན་མོང་མ་ཡིན་པ། དེ་དག་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། མདོ་ལས། ཤཱ་རིའི་བུ་གལ་ཏེ་འཛམ་བུའི་གླིང་འདི་དགེ་སློང་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་ལྟ་བུ་ཤ་སྟག་གིས་འདི་ལྟ་སྟེ་དཔེར་ན། འདམ་བུའམ། འོད་མ་འམ། བུར་ཤིང་ངམ། སྨྱུག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་། དེ་དག་གི་ཤེས་རབ་དེས་ནི་བྱང་ཆེན་ཡུམ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་། བརྒྱ་སྟོང་ནས་བྱེ་བ་བརྒྱ་སྟོང་གི་ཆ་དང་། གྲངས་སུ་དང་ཆར་ཡང་བགྲང་བར་ཡང་། རྒྱུར་ཡང་། དཔེར་ཡང་ཉེ་བར་མི་འགྲོའོ། །ཤཱ་རིའི་བུ་དེ་ལྟར་ཡུམ་ལ་སྤྱོད་པའི་བྱང་ཆེན་གྱིས་ཤེས་རབ་ཉིན་གཅིག་བསྒོམས་པ་གང་ཡིན་པ་དེས་ནི་ཉན་རང་ཐམས་ཅད་ཀྱི་ཤེས་རབ་ཟིལ་གྱིས་གནོན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ། འདི་ལྟར་བྱང་ཆེན་གྱི་ཤེས་རབ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་དོན་དུ་ཉེ་བར་གནས་པ་ཡིན་ཏེ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ནི་དེ་ལྟ་མ་ཡིན་ནོ། །ཞེས་སོ། །གཉིས་པ་དམིགས་ཡུལ་བདེན་པ་བཞི་བཤད་པ་ལ་ལྔ། སྒྲ་བཤད། རང་བཞིན། གཅིག་ཐ་དད། གྲངས་ངེས་པ། གོ་རིམ་ངེས་པའོ། །དང་པོ་བདེན་པའི་སྒྲ་དོན་ནི། བསྡུ་བ་ལས། བདེན་པའི་དོན་གང་ཞེ་ན་སྨྲས་པ། བསྟན་པ་དང་མི་མཐུན་པ་མེད་པའི་མཚན་ཉིད་ཀྱི་དོན་དང་། དེ་མཐོང་ན་རྣམ་པར་དག་པའི་རྒྱུར་འགྱུར་བའི་དོན་ནི་བདེན་པའི་དོན་ནོ། །ཞེས་སོ། །དེ་ལ་དང་པོའི་དོན་ནི། དེ་བཞིན་གཤེགས་པས་མི་རྟག་སོགས་སུ་ཇི་ལྟར་དུ་བསྟན་པ་དེ་ལྟར་དུ་གནས་པས་བདེན་པ་ཞེས་པ་སྟེ་ཡུལ་དང་། ཕྱི་མ་ནི་ཇི་ལྟར་གནས་པ་དེ་ལྟར་མཐོང་ན། བློ་ཕྱིན་ཅི་མ་ལོག་པ་བསྐྱེད་པ་ཞེས་པ་སྟེ་ཡུལ་ཅན་གྱི་སྟེང་ནས་ཡིན་ཏེ་འདི་ནི་བདེན་པ་ཙམ་གྱི་སྒྲ་དོན་ནོ། །འཕགས་པའི་བདེན་པ་ཞེས་པའི་དོན་ནི། འཕགས་པ་རྣམས་ཀྱིས་བདེན་པ་རྣམས་ཇི་ལྟར་བདེན་པ་དེ་ལྟར་གཟིགས་པས་བློ་དང་དོན་གཉིས་ཀས་བདེན་པའི་ཕྱིར་འཕགས་པའི་ཡིན་ལ། བྱིས་པ་རྣམས་ལ་དོན་ལ་བདེན་ཡང་བློ་ངོར་དེ་ལྟར་མ་རྟོགས་པས་དེའི་བདེན་པར་མ་བཞག་གོ །དོན་དེ་ཡང་མཛོད་འགྲེལ་ལས། འཕགས་པས་བདེ་བར་གང་གསུངས་པ། །དེ་ནི་གཞན་གྱི་སྡུག་བསྔལ་རིག །གཞན་གྱིས་བདེ་བར་གང་འཛིན་པ། །དེ་ནི་འཕགས་པས་སྡུག་བསྔལ་རིག །ཅེས་སོ། །གཉིས་པ་རང་བཞིན་ལ་མཚན་གཞི་དང་། མཚན་ཉིད་དོ། །དང་པོ་མཚན་གཞི་ནི། མ་དག་པའི་སྣོད་བཅུད་ཀྱི་འཇིག་རྟེན་གཉིས་ནི་སྡུག་བདེན་དང་། ཟག་བཅས་ཀྱི་ལས་ཉོན་ཐམས་ཅད་ཀུན་འབྱུང་གི་མཚན་གཞི། འགོག་བདེན་གྱི་མཚན་གཞི་ནི། ཀུན་བཏུས་ལས་དུ་མ་ཞིག་བཤད་ཀྱང་བསྡུ་ན་བརྡའ་དང་དོན་དམ་པའི་འགོག་པ་གཉིས་སོ། །དེ་གཉིས་ཀྱི་དོན་ཡང་བརྡས་ཅི་ལྟ་བུ་ཞེ་ན། འཇིག་རྟེན་པའི་ལམ་གྱིས་ས་བོན་ཉམས་སྨད་པས་འགོག་པ་གང་ཡིན་པ་སྟེ་ཞེས་དང་། དོན་དམ་པས་ཅི་ལྟ་བུ་ཞེ་ན། འཕགས་པའི་ཤེས་རབ་ཀྱིས་ས་བོན་ཀུན་ཏུ་བཅོམ་པའི་འགོག་པ་གང་ཡིན་པའོ། །ཞེས་གསུངས་པས་སོ་སྐྱེ་ལ་སྤངས་པ་ཙམ་ཡོད་ཀྱང་འགོག་བདེན་བཏགས་པ་བ་ལས་མེད་དེ་ས་བོན་དྲུང་མ་ཕྱུང་བས་སོ། །ཁ་ཅིག་འགོག་བདེན་ལ་དེ་བཞིན་ཉིད་ཀྱིས་ཁྱབ་པར་འདོད་ཅིང་། གཞན་དག་བཟློག་སྟེ་འདོད་པ་ནི་གཉིས་ཀས་ཀྱང་ཞིབ་ཏུ་བརྟགས་པ་སྟེ། ཀུན་བཏུས་ལས། མཚན་ཉིད་ཀྱིས་ཅི་ལྟ་བུ་ཞེ་ན། དེ་བཞིན་ཉིད་དང་ལམ་དང་ཉོན་མོངས་པ་མི་འབྱུང་བ་སྟེ་གང་དུ་འགོག་པ་དང་། གང་གིས་འགོག་པ་དང་། གང་འགོག་པ་ཞེས་དེ་བཞིན་ཉིད་དགག་གཞི། སྤང་བྱ་ལམ་གྱིས་བཅོམ་པའི་ཆ་གང་འགོག་པའི་རང་བཞིན་ཡིན་པར་བཤད་པ་དང་། ཡང་དེ་ཉིད་ལས་རྣམ་གྲངས་འདིས་ནི་དེ་བཞིན་ཉིད་ལ་དམིགས་པ་གང་དུ་ཟག་པ་དང་བཅས་པའི་དངོས་པོ་འགགས་པ་དེ་འགོག་པའི་མཚན་ཉིད་དོ། །ཞེས་སྤང་བྱ་ལམ་གྱིས་བཀག་ཆ་ལ་ཡང་འགོག་བདེན་དུ་བཤད་པས་མེད་དགག་སོ་སོར་བརྟགས་འགོག་གི་རང་བཞིན་ཡང་དེར་འདོད་དགོས་པ་ཡིན་ཏེ། དཔེར་ན་བུམ་པས་དབེན་པའི་ས་ཕྱོགས་དང་དེའི་སྟེང་གི་བུམ་པ་བཀག་ཆ་གཉིས་ཀ་བུམ་མེད་ཡིན་པ་ལྟར། འཕགས་རྒྱུད་ཀྱི་དེ་བཞིན་ཉིད་དང་། དེའི་སྟེང་དུ་ལམ་གྱིས་སྤང་བྱ་བཀག་ཆ་གཉིས་ཀའང་འགོག་བདེན་ཡིན་པས། འགོག་བདེན་ལ་དེ་བཞིན་ཉིད་ཀྱིས་མ་ཁྱབ་ཅིང་། འགོག་བདེན་མཚན་ཉིད་པ་ཡིན་ན་འདས་ལམ་གྱིས་སྤང་བྱའི་ས་བོན་དྲུང་ཕྱུང་བ་དགོས་ཀྱི་འཇིག་རྟེན་པའི་ལམ་གྱིས་སྤང་བྱའི་ས་བོན་ཉམས་སྨད་པ་ཡང་འགོག་བདེན་བཏགས་པ་བར་གསུངས་པའི་ཕྱིར་དེ་བཞིན་ཉིད་ལ་འགོག་བདེན་གྱིས་མ་ཁྱབ་བོ། །གཞན་ཡང་རྒྱུད་བླ་ལས་གསུངས་པ་ལྟར་སེམས་ཀྱི་རང་བཞིན་དྲི་བྲལ་དུ་གནས་གྱུར་པའང་འགོག་བདེན་དུ་འདོད་དགོས་སོ། །ལམ་བདེན་ནི། ཀུན་བཏུས་ལས། ལམ་གང་གིས་སྡུག་བསྔལ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་བ་སྤོང་བ་དང་། འགོག་པ་མངོན་དུ་བྱེད་པ་དང་ལམ་སྒོམ་པ་སྟེ་འདི་ནི་ལམ་གྱི་མཚན་ཉིད་མདོར་བསྡུས་པའོ། ། ཡང་ལམ་ལྔ་སྟེ། ཚོགས་ཀྱི་ལམ་དང་། སྦྱོར་བའི་ལམ་དང་། མཐོང་བའི་ལམ་དང་། སྒོམ་པའི་ལམ་དང་། མཐར་ཕྱིན་པའི་ལམ་མོ་ཞེས་པའི་རྗེས་སུ་འབྲངས་ནས་ལམ་ལྔ་ཀ་ལ་ལམ་བདེན་དུ་འདོད་ལ། ཁ་ཅིག་ཚོགས་སྦྱོར་ནི་ལམ་བདེན་གྱི་འཁོར་ཙམ་ཡིན་པ་ལ་དགོངས་ནས་དེ་སྐད་དུ་གསུངས་ཏེ། ཀུན་བཏུས་འགྲེལ་བར། རབ་ཏུ་དབྱེ་བ་འདི་ཡང་ལམ་གྱི་བདེན་པ་འཁོར་དང་བཅས་པའི་སྐབས་ཀྱིས་རིག་པར་བྱའོ། །ཞེས་སོ། །གཞན་དག་ལམ་གྱི་ཆོས་བཞི་དང་། དག་གསལ་གཉེན་པོའི་ཕྱོགས་རྣམས་མ་ཚང་བས་མི་སློབ་ལམ་དང་ཚོགས་སྦྱོར་ལམ་གྱི་འབྲས་བུ་དང་རྒྱུ་ཡིན་པའི་ཕྱིར་ལམ་མཚན་ཉིད་པ་མིན་པས་མཐོང་སྒོམ་གཉིས་ཁོ་ན་ལམ་མཚན་ཉིད་པའོ། །ཞེས་སྨྲ་བ་ཡང་ལྷ་དགའ་བར་བྱེད་པ་སྟེ། རྒྱུད་བླ་མའི་འགྲེལ་པར། འདིས་ནི་སྔར་བཤད་པའི་ཚུལ་གྱིས་སྐྱེ་བ་མེད་པ་དང་། འགག་པ་མེད་པས་རབ་ཏུ་ཕྱེ་བའི་ཐུབ་པ་རྣམ་པར་བྱང་བའི་བདེན་པ་གཉིས་ཀྱི་མཚན་ཉིད་འདོད་ཆགས་དང་བྲལ་བའི་ཆོས་ཀྱི་སྐུ་ཅན་ཞེས་གསུངས་པའི་ཕྱིར་དང་། གཞན་ཡང་སངས་རྒྱས་ཀྱིས་འདུས་བྱས་རྟོགས་པ་དེ་དག་ལམ་མིན་ན་བདེན་པ་བཞི་གང་དུ་ཡང་བཞག་ཏུ་མེད་པས། བདེན་བཞི་གང་ཡང་མིན་པའི་འཕགས་པའི་མངོན་རྟོགས་ཡོད་པར་འགྱུར་བ་དང་། སངས་རྒྱས་ཀྱི་སར་སྤང་བྱ་དངོས་སུ་སྤོང་བ་དང་དེ་ལས་གང་དུ་འགྲོར་མེད་ཀྱང་། སྤང་བྱ་འཇོམས་པའི་མཐུ་ཐོགས་པ་མེད་པ་མངའ་ཞིང་། གདུལ་བྱ་ཐར་པར་འབྱིན་པའི་མཐུ་ཕུན་ཚོགས་ཀྱི་མཁྱེན་པ་དང་། སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པ་ཡོད་ལ། ཐེག་པ་དང་ལམ་གཉིས་ཀ་ལ་ཆེན་པོ་དག་གིས་འགྲོ་བ་དང་འདིར་འགྲོ་བ་གཉིས་གསུངས་པ་དང་། འདིར་ཡང་རྣམ་པ་སོ་དགུ་ལམ་བདེན་དུ་གསུངས་པས་མི་སློབ་ལམ་ལམ་བདེན་དུ་འཐད་ལ། ཚོགས་སྦྱོར་ནི་ཐེག་པ་རང་རང་གི་བྱང་ཆུབ་ཏུ་བགྲོད་པར་བྱེད་པའི་མངོན་རྟོགས་བདག་མེད་རྟོགས་པའི་རྣལ་འབྱོར་ཡིན་པས་ལམ་མཚན་ཉིད་པ་ཡིན་ནོ། །གལ་ཏེ་དེ་དག་གིས་སྤང་བྱའི་ས་བོན་དྲུང་འབྱིན་མི་ནུས་ཤིང་བདག་མེད་དོན་སྤྱི་ཙམ་དུ་འཇལ་བའི་ཕྱིར་ལམ་མིན་ཞེ་ན། དེ་ལྟ་ན་མངོན་གྱུར་ཡིན་ན་སྤང་བྱ་མ་ཡིན་དགོས་ཏེ། གཉེན་པོ་ཡིན་ན་ས་བོན་འབའ་ཞིག་འཇོམས་དགོས་པས་སོ། །ལྐོག་གྱུར་ཡིན་ན་མ་རྟོགས་པས་ཁྱབ་དགོས་ཏེ། དོན་སྤྱིའི་ཚུལ་དུ་རྟོགས་པ་ལ་དེ་མ་རྟོགས་པས་ཁྱབ་པས་སོ། །དེའི་ཕྱིར་རྒྱང་འཕེན་པ་བཞིན་ཡུལ་རྟོགས་བྱེད་ཀྱི་ཚད་མ་ལ་མངོན་སུམ་གཅིག་པུ་ལས་མེད་པ་དང་། གཞན་ཡང་སོ་སྐྱེས་ལ་ལམ་ཞུགས་དང་། ཐབས་ཤེས་ཟུང་འབྲེལ་གྱི་ཉམས་ལེན་དང་། རྫོགས་བྱང་ལས་ཕྱིར་མི་ལྡོག་ཀྱང་མེད་པར་ཁས་བླང་དགོས་པར་འགྱུར་རོ། །གཉིས་པ་མཚན་ཉིད་ནི། བདེན་པ་རེ་རེ་ལ་རྣམ་པ་བཞི་བཞི་སྟེ་བཅུ་དྲུག་གོ །དེ་ཡང་གང་ཞེ་ན། བདེན་པ་དང་པོ་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའོ། །གཉིས་པ་ལ་རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་ནོ། །གསུམ་པ་ལ། འགོག་པ་དང་། ཞི་བ་དང་། གྱ་ནོམ་པ་དང་། ངེས་འབྱུང་ངོ་། །བཞི་པ་ལ་ལམ་དང་། རིག་པ་དང་། སྒྲུབ་པ་དང་། ངེས་འབྱིན་ནོ། །བཅུ་དྲུག་པོ་འདི་ཡི་སོ་སོའི་ངོས་འཛིན་ནི་གཞུང་ལས་འཆད་པས་མི་བརྗོད་དོ། །འོ་ན་བཅུ་དྲུག་ཏུ་འཇོག་པ་ཅི་ཞེ་ན། རྟག་པ་དང་། བདེ་བ་དང་། བདག་གི་བ་དང་། བདག་ཏུ་ལྟ་བ་སྤྱོད་པ་རྣམས་ཀྱི་གཉེན་པོར་རིམ་པ་བཞིན་དང་པོ་བཞིའོ། །རྒྱུ་མེད་པ་དང་། རྒྱུ་གཅིག་པུ་དང་། འགྱུར་བ་དང་། བློ་སྔར་བཏང་བ་ལྟ་བ་སྤྱོད་པ་རྣམས་ཀྱི་གཉེན་པོར་གཉིས་པའི་བཞིའོ། །ཐར་པ་མེད་པ་དང་། སྡུག་བསྔལ་ལ་ཐར་པ་ཡིན་པ་དང་། བསམ་གཏན་གྱི་བདེ་བ་གྱ་ནོམ་པ་ཡིན་པ་དང་། ཐར་བ་ནི་གཏན་དུ་མི་ལྡོག་པ་མིན་ནོ་སྙམ་དུ་ལྟ་བ་སྤྱོད་པ་རྣམས་ཀྱི་གཉེན་པོར་གསུམ་པའི་བཞིའོ། །ལམ་མེད་པ་དང་། ལམ་འདི་ངན་པ་དང་། གཞན་ཡང་ལམ་ཡིན་པ་དང་། ལམ་འདི་ཡང་ལྡོག་གོ་སྙམ་དུ་ལྟ་བ་སྤྱོད་པ་རྣམས་ཀྱི་གཉེན་པོར་བཞི་བའི་བཞིའོ། ། དེས་ན་ལྟ་བ་སྤྱོད་པ་བཅུ་དྲུག་པོ་དེ་དག་གི་ཕྱིར་དུ་རྣམ་པ་བཅུ་དྲུག་གོ །གཞན་ཡང་ཉོན་མོངས་པ་ལས་བྱུང་བའི་འདུ་བྱེད་སྡུག་བསྔལ་གྱི་མཚན་ཉིད། སྡུག་བསྔལ་གྱི་བདེན་པ་སྐྱེད་པ་ཀུན་འབྱུང་གི་མཚན་ཉིད། དེ་གཉིས་ཀ་ཉེ་བར་ཞི་བ་འགོག་པའི་མཚན་ཉིད། དོན་གསུམ་པོ་སྒྲུབ་པ་ལམ་གྱི་མཚན་ཉིད། ཅེས་ཀྱང་བསྡུ་བ་ལས་བཤད་དོ། །གསུམ་པ་གཅིག་ཐ་དད་ནི། འགོག་བདེན་དང་གཞན་གསུམ་གཅིག་པ་བཀག་པའི་ཐ་དད་ཡིན་ལ། གཞན་གསུམ་ནི་འཕགས་པའི་མཉམ་གཞག་གི་ལམ་བདེན་དང་སྡུག་ཀུན་གཉིས་རྫས་ཐ་དད་ལ། རྗེས་ཐོབ་ཀྱི་ལམ་བདེན་ནི་སྡུག་བདེན་དང་མི་འགལ་ལོ། །སྡུག་ཀུན་གཉིས་ཀྱང་ཀུན་འབྱུང་ལ་སྡུག་བདེན་གྱིས་ཁྱབ་ལ་སྡུག་བདེན་ལ་དེས་མ་ཁྱབ་སྟེ་དེ་དཔེར་ན་ཀུན་གཞི་དང་། སྣོད་ཀྱི་འཇིག་རྟེན་དང་། དབང་པོ་ལྔ་དང་། གཞན་ཡང་མ་བསྒྲིབས་ལུང་མ་བསྟན་ཟག་བཅས་རྣམས་ལྟ་བུའོ། །བཞི་པ་གྲངས་ངེས་པ་ནི། ཅིའི་ཕྱིར་བདེན་པ་བཞིར་གྲངས་ངེས་ཤེ་ན། རྟོག་ལྡན་གྱིས་བླང་དོར་བྱ་བའི་ཡན་ལག་ལ་ནག་ཕྱོགས་དང་དཀར་ཕྱོགས་གཉིས་སུ་ངེས་ལ་དེ་རེ་རེ་ལ་ཡང་རྒྱུ་འབྲས་གཉིས་གཉིས་སུ་ངེས་པའི་ཕྱིར་རོ། །དེ་ཡང་ཤེས་བྱ་ཐམས་ཅད་བདེན་བཞིར་འདུས་པ་ནི་མ་ཡིན་ཏེ། དེ་བཞིན་ཉིད་བདེན་བཞིར་མ་འདུས་པར་བཤད་ཅིང་། སོ་སོར་བརྟག་མིན་གྱི་འགོག་པ་འདུ་བྱེད་ཉེ་བར་ཞི་བ་ཡིན་ཀྱང་འགོག་བདེན་མིན་པར་བཤད་ལ་གཞན་དུ་ཡང་མ་འདུས་པས་སོ། །ལྔ་པ་ནི། དང་པོར་ལམ་སྒོམ་པ་པོའི་ཇི་ལྟར་གཏན་ལ་འབེབས་པའི་རིམ་པ་དང་བསྟུན་པ་སྟེ། རྒྱུད་བླ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རེག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་སོ། ། གསུམ་པ་རྟེན་དཀོན་མཆོག་གསུམ་བཤད་པ་ལ་བཞི། སྐྱབས་གསུམ་སོ་སོའི་ངོ་བོ། གནས་སྐབས་ཀྱི་སྐྱབས་གསུམ། མཐར་ཐུག་གི་སྐྱབས་གཅིག །དཀོན་མཆོག་གི་སྒྲ་བཤད་པའོ། ། དང་པོ་སྐྱབས་གསུམ་སོ་སོའི་ངོ་བོ་ལ་གཉིས། ཉན་ཐོས་སྡེ་པ་དང་། ཐེག་ཆེན་པའི་ལུགས་སོ། །དང་པོ་ཉན་ཐོས་པའི་ལུགས་ནི་མཛོད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་དེ། ། སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་པ་ལྟར། སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ནི་སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པ་ལ་སྐྱབས་སུ་འགྲོ་བ་ཡིན་ཏེ་སངས་རྒྱས་ཀྱིས་ཟད་པ་དང་མི་སྐྱེ་བ་ཤེས་པ་ཡིན་ལ་འཁོར་དང་བཅས་ན་ཟག་མེད་ཀྱི་ཕུང་པོ་ལྔའོ། །དགེ་འདུན་ལ་སྐྱབས་སུ་འགྲོ་བ་ནི། དགེ་འདུན་དུ་བྱེད་པའི་ཆོས་སློབ་པ་དང་སངས་རྒྱས་མ་གཏོགས་པའི་མི་སློབ་པ་ལ་ཡིན་ཏེ། དེ་ཡང་གང་ཞིག་ཐོབ་པས་གང་ཟག་བརྒྱད་པོ་ལྷ་དང་བཅས་པས་ཀྱང་ལམ་ལས་མི་ཕྱེད་པས་དགེ་འདུན་ཞེས་བརྗོད་པ་སྟེ། གང་ཟག་བརྒྱད་པོའི་རྒྱུད་ཀྱི་ཟག་མེད་ཀྱི་ཕུང་པོ་ལྔའོ། ། ཆོས་ལ་སྐྱབས་སུ་འགྲོ་བ་ནི། སོ་སོར་བརྟགས་འགོག་མྱང་འདས་ལ་ཡིན་ཏེ་འཕགས་པ་རྣམས་ཀྱི་མྱང་འདས་གཉིས་སོ། །དེ་ལ་བྱེ་སྨྲའི་ལུགས་ཀྱིས་སངས་རྒྱས་དང་དགེ་འདུན་གཉིས་ཀའི་རྟེན་ལུས་ནི་སྡུག་བདེན་ཡིན་པས་སངས་རྒྱས་དང་དགེ་འདུན་མིན་པར་འདོད་ལ། འོ་ན་སངས་རྒྱས་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བས་མཚམས་མེད་དུ་མི་འགྱུར་ཞེས་སྨྲ་བ་ལ། རྟེན་ལ་གནོད་པ་བྱས་པས་བརྟེན་པ་ལ་ཡང་གནོད་པས་མཚམས་མེད་དུ་འགྱུར་ཞེས་ལན་འདེབས་ཤིང་། སློབ་དཔོན་གྱིས་བསྟན་བཅོས་ལས་སངས་རྒྱས་དང་སངས་རྒྱས་སུ་བྱེད་པའི་ཆོས་ཞེས་འབྱུང་བས་མི་སློབ་པ་ཁོ་ན་སངས་རྒྱས་ཞེས་མི་འབྱུང་ཞིང་། རྟེན་སངས་རྒྱས་སུ་མ་བཀག་པས་དེ་བསྟན་བཅོས་ལ་ཀླན་ཀར་མི་རུང་བར་གསུངས་སོ། །བསྟན་བཅོས་ཀྱི་དགོངས་པ་དེ་ལྟ་མིན་ན། སངས་རྒྱས་དང་དགེ་འདུན་གྱི་འཇིག་རྟེན་པའི་ཡིད་མངོན་དུ་བྱས་པ་ན་སངས་རྒྱས་དང་དགེ་འདུན་མིན་པར་འགྱུར་ཏེ་སློབ་པ་དང་མི་སློབ་པ་ཟག་མེད་ཡིན་པས་དེ་འཇིག་རྟེན་པའི་ཡིད་གཉིས་མངོན་གྱུར་དུ་ལྷན་ཅིག་ཏུ་མི་གནས་པས་དེའི་ཚེ་སློབ་མི་སློབ་མེད་ལ་རྟེན་ཡང་དེ་དག་མིན་པས་སོ། །ཞེས་སོ། །དེས་ན་སློབ་དཔོན་གྱིས་རྟེན་སངས་རྒྱས་སུ་བཤད་པ་ནི་མདོ་སྡེ་པས་ཀྱང་འདོད་པར་མངོན་པས་ཁྱད་དེ་ཙམ་མ་གཏོགས་མཐུན་ནོ། །གཉིས་པ་ཐེག་ཆེན་པའི་ལུགས་ལ་གསུམ་ལས། དང་པོ་སངས་རྒྱས་ནི། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པས། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་སོ། །དེ་ཡང་རིམ་པ་ལྟར། སྐྱེ་འཇིག་གནས་གསུམ་གྱིས་སྟོང་པ། འབད་རྩོལ་དང་རྣམ་རྟོག་ཐམས་ཅད་ཉེ་བར་ཞི་བ། སྒྲ་དང་རྟགས་ལ་སོགས་པའི་གཞན་རྐྱེན་གྱིས་རྟོགས་པ་མིན་གྱི་སངས་རྒྱས་ཉིད་ཀྱི་རང་བྱུང་གི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་སྟེ་གསུམ་དང་། གསུམ་པོ་དེ་ཇི་ལྟ་བ་བཞིན་དུ་མཁྱེན་པ་དང་། མཁྱེན་པ་ལྟར་གཞན་ལ་སྟོན་པའི་བརྩེ་བ་དང་། བསྟན་པས་གདུལ་བྱའི་འབྲས་བུ་སྡུག་བསྔལ་དང་རྒྱུ་ཉོན་མོངས་གཉིས་སྤོང་བའི་ནུས་པ་སྟེ་གསུམ་ལས། དང་པོ་གསུམ་རང་དོན། ཕྱི་མ་གསུམ་གཞན་དོན་ཏེ་དབྱེ་གཞི་གཉིས་ཀྱང་བགྲང་བས་བརྒྱད་དོ། ། གཉིས་པ་ཆོས་ནི། རྒྱུད་བླ་ལས། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱི། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང་། །ལམ་གྱི་བདེན་པ་དག་གིས་བསྡུས། །གོ་རིམ་ཇི་བཞིན་དེ་དག་ཀྱང་། །ཡོན་ཏན་གསུམ་གསུམ་གྱིས་རིག་བྱ། །ཞེས་སོ། །དེ་ཡང་རིམ་པ་ལྟར་། སྒྲ་རྟོག་གི་ཡུལ་མིན་ཞིང་འཕགས་པའི་མཉམ་གཞག་གི་ཡུལ་ཡིན་པ་དང་། ཟག་བཅས་ཀྱི་ལས་ཉོན་ཅི་རིགས་པ་སྤོང་བ། དེ་གཉིས་ཀྱི་རྒྱུ་གཙང་བདེ་རྟག་བདག་སོགས་སུ་སྒྲོ་འདོགས་པའི་བློ་སྤང་བ་གསུམ་ལས་སྔ་མ་རང་བཞིན་རྣམ་དག་དང་། ཕྱི་མ་གཉིས་གློ་བུར་དྲི་བྲལ་གྱི་ཆའོ། །ཡང་ལམ་གྱི་ངོ་བོ་ཉོན་མོངས་དང་ཉེ་ཉོན་གྱིས་དག་པ། ཤེས་བྱའི་དེ་ཁོ་ན་ཉིད་གསལ་བར་བྱེད་པ། དུག་གསུམ་ལ་སོགས་པའི་མུན་པ་རྣམས་རྣམ་པར་འཇོམས་པ་གསུམ་མོ། །དེ་ལྟར་གསུམ་ཚན་གཉིས་ལས་དང་པོ་འགོག་བདེན་དང་ཕྱི་མ་ལམ་བདེན་ཡིན་ལ་དབྱེ་བ་དྲུག་དབྱེ་གཞི་གཉིས་དང་བརྒྱད་དོ། །འདིར་འགོག་ལམ་ནི་ཐེག་ཆེན་གྱི་འགོག་ལམ་ལ་བཟུང་དགོས་ལ་ལམ་བདེན་ཡང་ཐེག་ཆེན་གྱི་མཐོང་སྒོམ་གཉིས་ཁོ་ནར་འགྲེལ་པ་ལས་བཤད་དོ། །གསུམ་པ་དགེ་འདུན་ནི། རྒྱུད་བླ་ལས། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། ཅེས་སོ། །དེ་ཡང་རིམ་པ་ལྟར། ཆོས་དང་གང་ཟག་ཞེས་བྱ་བའི་འགྲོ་བ་རྣམས་ཀྱི་བདག་གཉིས་ཉེ་བར་ཞི་བའི་བདག་མེད་པའི་མཐའ་རྟོགས་པའི་ཇི་ལྟ་བ་རིག་པ། བདག་གཉིས་ཀྱིས་སྟོང་པའི་དེ་བཞིན་ཉིད་དེ་སེམས་ཅན་ཐམས་ཅད་ལ་ཁྱབ་པར་མཐོང་བའི་ཇི་སྙེད་པ་རིག་པ། ཡེ་ཤེས་དེ་གཉིས་རང་རིག་པའི་ཚུལ་གྱིས་རྟོགས་པའི་ནང་གི་ཡེ་ཤེས་གཟིགས་པའི་རིག་པ། ཆགས་པ་ཉོན་སྒྲིབ་དང་། ཐོགས་པ་ཤེས་སྒྲིབ་གཉིས་ཅི་རིགས་པར་དག་པའི་གཟིགས་པ་དེ་དག་པའི་ཡོན་ཏན་དང་བཞི་ལྡན་ནོ། །གཉིས་པ་གནས་སྐབས་ཀྱི་སྐྱབས་གསུམ་ནི། རྒྱུད་བླ་ལས། སྟོན་པ་བསྟན་པ་སློབ་དོན་གྱིས། །ཐེག་པ་གསུམ་དང་བྱེད་གསུམ་ལ། མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། ། ཞེས་པ་ལྟར་ཐུན་མོང་གི་མདོ་ལས་དགོས་པ་གསུམ་གྱི་ཕྱིར། གང་ཟག་དྲུག་གི་དབང་དུ་བྱས་ནས། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་དང་། འདོད་ཆགས་དང་བྲལ་བའི་མཆོག་མྱང་འདས་ལ་ཆོས་དང་། ཚོགས་རྣམས་ཀྱི་མཆོག་སྐྱེས་བུ་ཟུང་བཞི་ལ་དགེ་འདུན་དུ་བཞག་གོ །དེ་ཡང་དགོས་པ་གསུམ་ནི་སྐྱབས་གསུམ་གྱི་ཡོན་ཏན་བསྟན་པའི་ཕྱིར་ཡིན་ལ། གང་ཟག་དྲུག་ནི་སྐྱབས་གསུམ་གྱི་ནང་ནས་རིམ་བཞིན་སངས་རྒྱས་ཆོས་དགེ་འདུན་ལ་བྱ་བ་བྱེད་པར་འདོད་པའི་གང་ཟག་དང་ཐེག་ཆེན་རང་རྒྱལ་ཉན་ཐོས་ཀྱི་རིགས་ཅན་གསུམ་མོ། །དེ་ཡང་རྒྱུའི་སྐྱབས་འགྲོའི་དབང་དུ་བྱས་ན་རིགས་ཅན་རེ་རེས་ཀྱང་གསུམ་ཀ་ལ་སྐྱབས་སུ་བྱེད་ཀྱང་འདི་ནི་རང་རང་གི་ཐུན་མོང་མ་ཡིན་པའི་ཐོབ་བྱ་འབྲས་བུའི་སྐྱབས་འགྲོའི་དབང་དུ་བྱས་པའི་ཕྱིར་རོ། །དེ་ལྟར་ན་ཚུལ་འདི་ནི་ཐེག་པ་གསུམ་ལ་གནས་པ་རྣམས་རིམ་གྱིས་ཐེག་ཆེན་ལ་དྲང་བའི་ཆེད་ཡིན་པས་དྲང་དོན་ནོ། །གསུམ་པ་མཐར་ཐུག་གི་སྐྱབས་གཅིག་ནི་སངས་རྒྱས་ཁོ་ན་ཡིན་ཏེ། རྒྱུད་བླ་ལས། །དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཞེས་སོ། །འོ་ན་མཐར་ཐུག་གི་སྐྱབས་ལ་སྐྱབས་གསུམ་མ་ཚང་བར་འགྱུར་ཞེ་ན། ཉེས་པ་མེད་དེ། སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་འགོག་ལམ་ཆོས་ཡིན་ལ། ཆོས་ཀྱི་སྐུ་ཐོབ་པ་ན་ཐེག་གསུམ་གྱི་ཚོགས་ཀྱང་མཐར་ཕྱིན་པར་འགྱུར་བའི་ཕྱིར། རྒྱུད་བླ་ལས། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་སོ། །བཞི་པ་དཀོན་མཆོག་གི་སྒྲ་བཤད་པ་ནི། རྒྱུད་བླ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཉིད་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་སོ། །བཞི་པ་སྒྲུབ་པ་ཕུན་ཚོགས་ཀྱི་རྒྱུ་ལ་གདམས་པ་ལ་བཞི། སྒྲུབ་པའི་མི་མཐུན་ཕྱོགས་སྤོང་བ་དང་། སྒྲུབ་པ་ལ་གཞན་དྲིང་མི་འཇོག་པ་དང་། སྒྲུབ་པའི་ཡོན་ཏན་ཐམས་ཅད་རྫོགས་པ་དང་། སྒྲུབ་པ་མཐར་ཐུག་པའི་རྒྱུ་ལ་གདམས་པའོ། །དང་པོ་ནི་སྒྲུབ་པའི་གཙོ་བོ་བརྩོན་འགྲུས་ཡིན་ལ། དེའི་སྤང་བྱ་ཡང་། སྤྱོད་འཇུག་ལས། ལེ་ལོ་ངན་ལ་ཞེན་པ་དང་། །སྒྱིད་ལུག་བདག་ཉིད་བརྙས་པའོ། །ཞེས་པ་ལྟར་གསུམ་ལས། དང་པོ་སྙོམ་ལས་འཛིན་པ་སྤོང་བྱེད་མ་ཞེན་པའི་བརྩོན་འགྲུས་ལ་གདམས་པ། གཉིས་པ་སྒྱིད་ལུག་པའི་ལེ་ལོ་སྤོང་བྱེད་མི་ངལ་བའི་བརྩོན་འགྲུས་ལ་གདམས་པ། གསུམ་པ་བདག་ཉིད་བརྙས་པའི་ལེ་ལོ་སྤོང་བྱེད་ལམ་ཡོངས་སུ་འཛིན་པའི་བརྩོན་འགྲུས་ལ་གདམས་པ་དང་གསུམ་མོ། །གཉིས་པ་སྒྲུབ་པ་ལ་གཞན་དྲིང་མི་འཇོག་པ་སྤྱན་ལྔ་བརྗོད་བྱར་བྱས་པ་ལ་འདོམས་ཏེ་འདི་ལ་བཞི། མཚན་ཉིད། ས་མཚམས། རྒྱུ། དགོས་པའོ། །དང་པོ་མཚན་ཉིད་ནི། དཔག་ཚད་བརྒྱ་ནས་སྟོང་གསུམ་ཚུན་ཆད་ཀྱི་དངོས་པོ་རྣམས་སོ་སོར་ངེས་པའི་ཡུལ་ཅན་ཤའི་སྤྱན། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་འདི་ནས་གཞན་དུ་འཆི་འཕོ་བ་དང་གཞན་ནས་འདིར་སྐྱེ་བ་མཐོང་བའི་ཡུལ་ཅན་ལྷའི་སྤྱན། འདུས་བྱས་མ་བྱས་ཀྱི་ཆོས་ཐམས་ཅད་ལ་ཅིར་ཡང་མི་རྟོག་པའི་ཡུལ་ཅན་ཤེས་རབ་ཀྱི་སྤྱན། འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་པོ་རྣོ་རྟུལ་ལ་སོགས་པ་རྣམས་རྟོགས་པའི་ཡུལ་ཅན་ཆོས་ཀྱི་སྤྱན། ཇི་ལྟ་བ་དང་ཇི་སྙེད་ཀྱི་ཆོས་ཐམས་ཅད་མངོན་དུ་ཕྱོགས་པར་རྫོགས་པར་བྱང་ཆུབ་པ་སྟེ་རྟོགས་པའི་ཡུལ་ཅན་སངས་རྒྱས་ཀྱི་སྤྱན་ནོ། ། སྤྱན་དང་པོའི་ཡུལ་སྟོང་གསུམ་ཚུན་ཆད་དུ་ངེས་སམ་ཞེ་ན། ཉི་སྣང་ལས། དེ་ནི་རྣམ་པར་སྨིན་པ་ལས་བྱུང་བ་ཉིད་ཀྱིས་ཡུལ་སོ་སོར་ངེས་པ་ཉིད་ཡིན་པའི་ཕྱིར་རོ། །ཤའི་མིག་ནི་བདག་པོའི་འབྲས་བུའི་ཡུལ་ཅན་ཡིན་ལ་དེ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱིས་བསྡུས་པ་ཡིན་པའི་ཕྱིར་རོ། །ཞེས་ཡུལ་ངེས་པར་གསུངས་སོ། །འདི་ལྟར་ན་ཤའི་སྤྱན་ནི་ལས་ཀྱི་རྣམ་སྨིན་ལས་བྱུང་བའི་མིག་དབང་ཁྱད་པར་ཅན་ཞིག་ལ་འདོད་ཅིང་། ལྷའི་སྤྱན་ཀྱང་དགེ་བའི་ལས་ཀྱི་རྣམ་སྨིན་ཙམ་ལས་བྱུང་བར་བཞེད་དེ་འདི་ནི་འཕགས་པ་དང་སློབ་དཔོན་གྱི་བཞེད་པའོ། །གསུམ་གྱི་གནོད་འཇོམས་ལས་ནི། གཟུགས་ཐམས་ཅད་ལ་འཇུག་པའི་ཤེས་པ་ནི་ཤའི་མིག །ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ཤེས་པ་ནི་ལྷའི་མིག །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཤེས་རབ་ཀྱི་མིག །གནས་དང་གནས་མ་ཡིན་པ་མཁྱེན་པ་མ་རྟོགས་པའི་ཤེས་པ་དགུ་བོ་ནི་ཆོས་ཀྱི་མིག །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ནི་སངས་རྒྱས་ཀྱི་སྤྱན་ཡིན་ནོ་ཞེས་གསུངས། འགྲེལ་ཆེན་ལས། རྫུ་འཕྲུལ་གྱི་རྐང་པ་བསྒོམས་པའི་མཐུས་སྟོང་གསུམ་གྱི་གཟུགས་ཆེ་ཆུང་ཐམས་ཅད་མཐོང་བའི་རྣམ་སྨིན་གྱི་མིག་གྲུབ་པ་ཤའི་སྤྱན། བསམ་གཏན་དང་པོ་ལ་སོགས་པ་བསྒོམས་པས་གྲུབ་པ་ཕྱོགས་བཅུ་དུས་གསུམ་གྱི་གཟུགས་ཆེ་ཆུང་ཐམས་ཅད་མཐོང་བ་འཕྲུལ་གྱི་སྤྱན་ནམ་ལྷའི་སྤྱན། རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཤེས་རབ་ཀྱི་སྤྱན། གསུང་རབ་ཡན་ལག་བཅུ་གཉིས་ལ་ཐོགས་མེད་དུ་འཇུག་པ་ནི་ཆོས་ཀྱི་སྤྱན། ཟག་བཅས་ཟག་མེད་ལ་སོགས་པའི་ཆོས་ཐམས་ཅད་ཐུགས་སུ་ཆུད་པ་ནི་སངས་རྒྱས་ཀྱི་སྤྱན་ནོ་ཞེས་འཆད། གཞན་ཡང་འགྲེལ་ཆེན་ལས། འཕྲུལ་གྱི་སྤྱན་ལ་ལས་དང་བསྒོམས་པའི་འབྲས་བུའོ། །དང་པོ་ནི་ལྷ་རྣམས་ལ་རང་གི་ལས་ཀྱི་མཐུས་དབང་པོ་དྭངས་པའི་མིག་ཐོབ་ནས་གཟུགས་ཐོགས་མེད་དུ་མཐོང་བའོ། །གཉིས་པ་ནི་རྣལ་འབྱོར་པས་ཏིང་ངེ་འཛིན་བསྒོམས་པའི་མཐུས་ཐོབ་པ་སྟེ་དེས་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་མཐོང་བར་ཡང་བཤད་དོ། །འདིར་འཕྲུལ་གྱི་སྤྱན་ནི་ལྷའི་སྤྱན་ནོ། །ཀ་ཤིས་མདོར་བསྡུ་ན་སྤྱན་རྣམ་པ་བཞི་སྟེ། གཟུགས་འཛིན་པ་དང་། དོན་དམ་པའི་བདེན་པ་འཛིན་པ་དང་། ཀུན་རྫོབ་ཀྱི་བདེན་པ་འཛིན་པ་དང་། རྣམ་པ་ཐམས་ཅད་དུ་ཤེས་བྱ་འཛིན་པའོ། །གཟུགས་འཛིན་པའང་རྣམ་པ་གཉིས་ཏེ་ལས་ཀྱི་འབྲས་བུ་དང་བསྒོམས་པའི་འབྲས་བུའོ། །ཞེས་སོ། །གཉིས་པ་ས་མཚམས་ནི། དང་པོ་གཉིས་ཚོགས་ལམ་ནས་ཡོད། གསུམ་པ་མཐོང་ལམ་མཉམ་གཞག །བཞི་པ་མཐོང་ལམ་རྗེས་ཐོབ། །ལྔ་པ་ལ་རྗེས་མཐུན་པ་ས་བདུན་པ་ནས་དང་། མཚན་ཉིད་པ་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་དོ། །གསུམ་པ་རྒྱུ་ནི། ཕྱིན་དྲུག་ལ་སློབ་པ་དང་རྫུ་འཕྲུལ་གྱི་རྐང་པ་སྒོམ་པའོ། །བཞི་པ་འབྲས་བུ་ནི། མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བ་དང་། གནས་སྐབས་སུ་གཞན་དོན་སྒྲུབ་པ་ན་རང་ཉིད་ཀྱིས་དེའི་ཐབས་རྣམས་ཤེས་པས་གཞན་ལ་རག་མ་ལས་པའོ། །གསུམ་པ་སྒྲུབ་པའི་ཡོན་ཏན་ཐམས་ཅད་རྫོགས་པ་མངོན་པར་ཤེས་པ་དྲུག་ལ་གདམས་པ་སྟེ། འདི་ལ་ལྔ། རྟེན་གྱི་ས། བརྟེན་པའི་མཚན་ཉིད། ཁྱད་པར། ས་མཚམས། དགོས་པའོ། །དང་པོ་རྟེན་གྱི་ས་ནི། མངོན་ཤེས་དང་པོ་ལྔ་བསམ་གཏན་བཞིའི་དངོས་གཞི་དག་པ་གང་རུང་ལ་བརྟེན་ནས་སྒྲུབ་ལ་དྲུག་པ་ནི་རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་པ་ལ་བརྟེན་ནས་སྒྲུབ་བོ། །དེ་ཡང་ཀུན་བཏུས་པའི་ལུགས་ཀྱི་བསམ་གཟུགས་བརྒྱད་ཀའི་དངོས་གཞི་ལས་ཡོན་ཏན་ཁྱད་པར་ཅན་གྱི་རྟེན་དུ་རུང་བ་ཐམས་ཅད་ལ་རབ་མཐའི་བསམ་གཏན་དང་གཟུགས་མེད་དུ་འདོད་དོ། ། མཛོད་ལས། ཟག་ཟད་མངོན་ཤེས་སྟོབས་བཞིན་ནོ། །ཞེས་ཟག་པ་ཟད་པའི་སྟོབས་དང་ཟག་ཟད་ཀྱི་མངོན་ཤེས་འདྲ་བར་ས་ཐམས་ཅད་པར་བཤད་པ་ནི་བྱེ་སྨྲའི་ལུགས་ཡིན་པས་མི་གནོད་དོ། །དེའི་ཕྱིར་མདོ་སྡེ་རྒྱན་ལས། བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་ནས། །མི་རྟོག་ཡེ་ཤེས་ཡོངས་སུ་བཟུང་བ་དང་། །ཇི་ལྟར་རྣམ་གནས་ཡིད་ལ་བྱེད་པ་ལས། །མཐུ་གྲུབ་པ་ཡི་དམ་པ་ཐོབ་པར་འགྱུར། །ཞེས་རྟེན་བསམ་གཏན་བཞི་པ་དང་གནས་ཡེ་ཤེས་མི་རྟོག་པ་དང་ནི་ལྡན། ཇི་ལྟར་རྣམ་པར་བཞག་པའི་ཆོས་ཡིད་ལ་བྱས་ན་མཐུ་འགྲུབ་པར་གསུངས་སོ། ། འོ་ན་མངོན་ཤེས་སྒྲུབ་པའི་རྣམ་གནས་སམ་ཡིད་བྱེད་གང་ཞེ་ན། དང་པོའི་རྣམ་གནས་ནི་ལུས་ཡང་བ་དང་། གཉིས་པ་ནི་སྒྲས་ཁྱབ་པ་དང་། གསུམ་པ་ནི་བདག་ལུས་འདི་འདྲ་བ་ལ་སེམས་འདི་ལྟ་བུ་སྣང་བས་གཞན་ལ་ཡང་ལུས་འདི་ལྟ་བུ་དང་ལྡན་པས་སེམས་འདི་འདྲ་བར་ཡོད་ཅེས་མོས་པའོ། །བཞི་པ་ནི་ཡིད་ཤེས་འགགས་མ་ཐག་པའི་མཚན་མ་བཟུང་ནས་ལུགས་བཟློག་ཏུ་ཉིང་མཚམས་སྦྱོར་བའི་བར་རྣམས་ཡིད་ལ་བྱེད་པའོ། །ལྔ་པ་ནི་ཕྱོགས་རྣམས་སྣང་བས་ཁྱབ་པ་དང་། དྲུག་པ་ནི་ཆོས་རྣམས་ལ་བདག་མེད་དོ་ཞེས་ཡིད་ལ་བྱེད་པའོ། །འོ་ན་རྟེན་དང་བརྟེན་པར་འགྱུར་ཚུལ་ཇི་ལྟ་བུ་ཞེ་ན། འདི་ནི་མཁར་གཞོང་ལ་རྒྱ་ཤུག་བརྟེན་པ་དང་། ས་བོན་ལས་མྱུ་གུ་སྐྱེ་བ་ལ་དེ་ལ་བརྟེན་ཞེས་པ་ལྟ་བུ་ཡང་མིན་ནོ། །འོ་ན་ཅི་ཞེ་ན། བརྟེན་པ་རབ་བཤད་པ་དེ་རྣམས་ས་གང་དང་གང་གི་ངོ་བོར་སྐྱེས་པ་ལ་བརྟེན་པའི་ཐ་སྙད་བྱས་པ་སྟེ། ཚུལ་འདི་ནི་ལམ་གྱི་སེམས་རྟེན་ཐམས་ཅད་ལ་རིག་པར་བྱ་སྟེ་ཆོས་མངོན་པ་བའི་ཐུན་མོང་མ་ཡིན་པའི་བརྡའོ། །གཉིས་པ་བརྟེན་པའི་མཚན་ཉིད་ནི། ས་གཡོ་བ་དང་། གཅིག་ཏུ་གྱུར་ནས་མང་པོ་དང་། མང་པོར་གྱུར་ནས་གཅིག་ཏུ་འགྱུར་བ་ལ་སོགས་པ་ཡུལ་དང་། དེ་དག་ཇི་ལྟ་བ་བཞིན་དུ་སྟོན་པར་བྱེད་པའི་སྒོམ་བྱུང་གི་ཏིང་ངེ་འཛིན་དང་ཤེས་རབ་ནི་མངོན་ཤེས་ཡིན་ཏེ་རྫུ་འཕྲུལ་གྱི་མངོན་ཤེས་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སྒྲ་ཆུང་ངུ་དང་ཆེན་པོ་ཐམས་ཅད་ཐོས་པར་བྱེད་པའི་བསྒོམས་བྱུང་གི་ཏིང་འཛིན་དང་ཤེས་རབ་ནི་ལྷའི་རྣ་བའི་མངོན་ཤེས། སེམས་ཅན་གཞན་གྱི་སེམས་འདོད་ཆགས་དང་བཅས་པ་དང་ཆགས་པ་དང་བྲལ་བ་སོགས་ཤེས་པའི་བསྒོམས་བྱུང་གི་ཏིང་ངེ་འཛིན་དང་ཤེས་རབ་གཞན་སེམས་ཤེས་པའི་མངོན་ཤེས། རང་གཞན་གྱི་ཚེ་རབས་དཔག་ཏུ་མེད་པ་རྗེས་སུ་དྲན་པའི་སྒོམ་བྱུང་གི་ཏིང་ངེ་འཛིན་དང་ཤེས་རབ་སྔོན་གནས་རྗེས་དྲན་གྱི་མངོན་ཤེས། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་དང་སྐྱེ་བ་དང་དེ་དག་གི་གཟུགས་མཆོག་དམན་འབྲིང་ཐམས་ཅད་མཐོང་བར་བྱེད་པའི་སྒོམ་བྱུང་གི་ཏིང་ངེ་འཛིན་དང་ཤེས་རབ་ལྷའི་མིག་གི་མངོན་ཤེས། ཆགས་སོགས་ཉོན་མོངས་པ་དང་གཟུང་འཛིན་དུ་རྟོག་བའི་ཤེས་སྒྲིབ་སོགས་ཀྱི་ས་བོན་སྤངས་བའམ་སྤོང་བར་བྱེད་པའི་སྒོམ་བྱུང་གི་ཏིང་ངེ་འཛིན་དང་ཤེས་རབ་ཟག་པ་ཟད་པའི་མངོན་ཤེས་ཡིན་ནོ། །ལྷའི་རྣ་བའི་སྐབས་སུ་མདོ་ལས་མིའི་ལས་འདས་པ་ཞེས་པ་ནི་བསམ་གཏན་གྱིས་བསྒྲུབ་པ་ལ་རྒྱ་མཚོ་སྤྲིན་གྱིས་བཤད། གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་སེམས་བྱུང་ཡང་ཤེས་ཀྱང་དང་པོ་སྒོམ་དུས་ཀྱི་འཕེན་པ་ལ་ལྟོས་ནས་སེམས་ཤེས་ཞེས་བཤད། སྤྱན་ལྔའི་ནང་ཚན་ལྷའི་མིག་དང་མིག་གི་མངོན་ཤེས་གཉིས་སྔ་མ་སྔོན་གྱི་ལས་དང་ཕྱི་མ་ཚེ་འདིར་བསམ་གཏན་བསྒོམས་པ་ལས་བྱུང་བའི་ཁྱད་ཡིན་པར་འཕགས་སེང་བཞེད། མཛོད་ལས། མིག་དང་རྣ་བའི་མངོན་ཤེས་ནི། །ལུང་དུ་མ་བསྟན་ལྷག་རྣམས་དགེ། ཞེས་གསུངས་ལ། ཀུན་བཏུས་ལས་དྲུག་ཀ་ཡང་ངོ་བོ་ཤེས་རབ་ཏིང་ངེ་འཛིན་དུ་བཞེད། མིག་རྣ་གཉིས་དབང་པོ་དང་ལྷག་མ་བཞི་ཡིད་ལ་བརྟེན་ནོ། །གསུམ་པ་ཁྱད་པར་ནི། འཇིག་རྟེན་པ་དང་ཉན་རང་གི་མངོན་ཤེས་ནི་རང་དང་མཚུངས་པ་དང་། རང་བས་དམའ་བ་རྣམས་ཀྱི་སེམས་ལ་སོགས་པ་ཤེས་པར་ཟད་ཀྱིས། བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པ་རྣམས་ཀྱི་མངོན་པར་ཤེས་པས་ནི་སངས་རྒྱས་བཅོམ་ལྡན་འདས་སོགས་གོང་མ་རྣམས་ཀྱི་ཐུགས་ལ་སོགས་པ་ཤེས་སོ་ཞེས་གནོད་འཇོམས་ལས་གསུངས་ཤིང་། སྤྱིར་མངོན་ཤེས་རྣམས་ས་གང་ལ་བརྟེན་པའི་ས་དེ་དང་འོག་སར་རྫུ་འཕྲུལ་སོགས་སྟོན་ནུས་ཀྱི་གོང་སར་མི་ནུས་ཞེས་མཛོད་ལས་གསུངས་སོ། །བཞི་པ་ས་མཚམས་ནི། མངོན་ཤེས་དང་པོ་ལྔ་ཕྱི་རོལ་བ་དང་ཡང་ཐུན་མོང་ཡིན་ལ་ཐེག་ཆེན་གྱི་ཚོགས་ལམ་ཆེན་པོ་ནས་ཅི་རིགས་པར་ཡོད་དོ། །ཟག་ཟད་ཀྱི་མངོན་ཤེས་ནི་སྤྱིར་ཉན་རང་ལ་ཡང་མཚན་ཉིད་པ་ཡོད་ཀྱང་འདི་ནི་སྒྲིབ་པ་གཉིས་ཀའི་ཟག་པ་ཟད་པ་ཡིན་པར་འགྲེལ་པས་བཤད་ཅིང་། སངས་རྒྱས་ཀྱི་སྤྱན་དང་ཟག་ཟད་ཀྱི་མངོན་ཤེས་ཀྱང་ས་བརྒྱད་པ་ལ་འཐོབ་ཅིང་སངས་རྒྱས་ཀྱི་སར་ཡོངས་སུ་རྫོགས་པར་དག་ལྡན་ལས་བཤད་དོ། །ལྔ་པ་དགོས་པ་ནི། སེམས་ཅན་རྣམས་ཆོས་མཉམ་པ་ཉིད་ལ་དགོད་པ་དང་། འཕགས་པའི་སྐྱེ་བོ་ཐམས་ཅད་བྱམས་པ་དང་། ཡིད་དུ་འོང་བའི་ཡུལ་དང་འཕྲད་པ་དང་། ལྷ་རྣམས་ཀྱིས་ཕྱག་བྱ་བར་འོས་པ་དང་། ལུང་བསྟན་པ་ཐོབ་པའོ་ཞེས་མདོའི་དོན་འཕགས་པས་གསུངས་སོ། །བཞི་པ་སྒྲུབ་པ་མཐར་ཐུག་པའི་རྒྱུ་ལ་གདམས་པ་ནི། མཐོང་ལམ་དང་སྒོམ་ལམ་གཉིས་ལ་གདམས་པ་གཉིས་ཏེ་ལམ་འདི་གཉིས་ཀྱང་སྤང་པ་ལ་ཁྱད་ཡོད་ཀྱི་ཆོས་ཉིད་རྟོགས་ཚུལ་ལ་ཁྱད་མེད་དེ་དཔེར་ན་བཀྲུ་བཤལ་གྱི་ཆུ་སྔ་ཕྱི་གཉིས་ཆུའི་ངོས་ནས་ཁྱད་མེད་ཀྱང་དྲི་མ་དག་ཚུལ་ལ་ཁྱད་ཡོད་པ་བཞིན་ནོ། །གཉིས་པ་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་ནི། རྟེན་དཀོན་མཆོག་ལ་གདམས་པའི་སྐབས་སུ་དགེ་འདུན་དཀོན་མཆོག་གི་མདོར་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་དབྱེ་བ་མང་པོ་ཞིག་གསུངས་བ་དེ་དག་ཤེས་སླ་བའི་ཕྱིར་བཤད་པ་སྟེ་འདི་ལ་གཉིས། མཚོན་བྱེད་དཔེའི་དགེ་འདུན་དང་། མཚོན་བྱ་དོན་གྱི་དགེ་འདུན་ནོ། །དང་པོ་མཚོན་བྱེད་དཔེའི་དགེ་འདུན་ལ་གསུམ། སྤྱིའི་རྣམ་པར་བཞག་པ། སོ་སོའི་རང་བཞིན་བསྟན་པ། འབྲས་བུ་བཞིར་འཇོག་བའི་རྒྱུ་མཚན་ནོ། །དང་པོ་སྤྱིའི་རྣམ་པར་བཞག་པ་ལ་བཞི། དགེ་འདུན་གྱི་གྲངས། བརྡའ་སྦྱོར་བའི་ཚུལ། ཞུགས་གནས་གང་ལ་བཞག །འབྲས་བུ་རྣམས་འཐོབ་པའི་ཚུལ་ལོ། །དང་པོ་དགེ་འདུན་གྱི་གྲངས་ནི། སྐྱེས་བུ་ཟུང་བཞིའམ་གང་ཟག་ཡ་བརྒྱད་དེ། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་བཞི་ལ་རེ་རེར་ཞུགས་པ་དང་གནས་པ་གཉིས་རེ་ཕྱེ་ན་བརྒྱད་ དོ། །གཉིས་པ་བརྡའ་སྦྱོར་ཚུལ་ནི། འབྲས་བུ་ཐོད་རྒལ་བ་དང་། རིམ་གྱིས་པ་དང་། སྤང་བྱ་ཅིག་ཆར་བའོ། །འབྲས་བུ་ཐོད་རྒལ་བ་འདི་ལ་འབྲས་བུ་ཐོབ་ཚུལ་གྱི་སྒོ་ནས་ཐོད་རྒལ་བ་ཞེས་བྱ་བ་ལ། སྤང་བྱ་སྤོང་ཚུལ་གྱི་སྒོ་ནས་ཆགས་བྲལ་སྔོན་སོང་ཞེས་བྱའོ། །རིམ་གྱིས་པ་ནི། སྤང་བྱ་སྤོང་ཚུལ་དང་འབྲས་བུ་ཐོབ་ཚུལ་གཉིས་ཀ་རིམ་གྱིས་པ་ཡིན་ནོ། །ཅིག་ཆར་བ་ནི་སྤང་བྱ་སྤོང་ཚུལ་གྱི་སྒོ་ནས་ཅིག་ཆར་བར་བཞག་གོ །གསུམ་པ་ཞུགས་གནས་གང་ལ་བཞག་པ་ནི། ཐོད་རྒལ་བ་ལ་འབྲས་བུ་བར་གཉིས་ཀྱི་ཞུགས་གནས་བཞི་སྲིད་ཀྱི། གཞན་མི་སྲིད་དོ། །རིམ་གྱིས་པ་ནི་ཞུགས་གནས་བརྒྱད་ཀ་ལས་བཞག་གོ །ཅིག་ཆར་བ་ནི། རྒྱུན་ཞུགས་དགྲ་བཅོམ་གཉིས་ལ་གདགས་པར་ཀུན་བཏུས་རྩ་འགྲེལ་ལས་བཤད་ལ། དེ་གཉིས་ཀྱི་ཞུགས་པ་ལ་ཡང་བརྩིས་ན་སྦྱར་རུང་ངོ་། །བཞི་པ་འབྲས་བུ་རྣམས་ཐོབ་ཚུལ་ལ་གསུམ། འབྲས་བུ་དེ་དག་ལམ་གང་གིས་དང་། དུས་ནམ་གྱི་ཚེ་དང་། ས་གང་ལ་བརྟེན་ནས་འཐོབ་པའོ། །དང་པོ་ལམ་གང་གིས་འཐོབ་པ་ནི། འབྲས་བུ་དང་མཐའ་གཉིས་ཐོབ་བྱེད་ཀྱི་ལམ་ཡིན་ན་འདས་ལམ་ཡིན་པས་ཁྱབ། འབྲས་བུ་བར་པ་གཉིས་ཐོད་རྒལ་བས་འདས་ལམ་གྱིས་ཐོབ་ཅིང་། རིམ་གྱིས་པས་འཇིག་རྟེན་པའི་ལམ་དང་འདས་ལམ་གཉིས་ཀས་ཐོབ་བོ། ། གཉིས་པ་དུས་ནམ་གྱི་ཚེ་ཐོབ་པ་ནི་རྒྱུན་ཞུགས་དང་ཐོད་རྒལ་བའི་འབྲས་བུ་གཉིས་བཅུ་དྲུག་པ་ཐོབ་པ་དང་མཉམ་དུ་ཐོབ་པས་ཁྱབ། མཐར་གྱིས་པའི་འབྲས་བུ་བར་པ་གཉིས་བཅུ་དྲུག་པ་ཐོབ་རྗེས་སུ་མངོན་དུ་བྱེད་པས་ཁྱབ་བོ། །གསུམ་པ་ས་གང་ལ་བརྟེན་པ་ནི། རྒྱུན་ཞུགས་དང་ཕྱིར་འོང་ཐོབ་བྱེད་ཀྱི་ལམ་ཡིན་ན་བསམ་གཏན་དང་པོའི་ཉེར་བསྡོགས་ལ་བརྟེན་པས་ཁྱབ་ལ་མཐར་གྱིས་པའི་ཕྱིར་མི་འོང་ཡང་དེ་དང་འདྲ། ཐོད་རྒལ་བའི་ཕྱིར་མི་འོང་ཐོབ་བྱེད་ཀྱི་ལམ་ནི་བསམ་གཏན་ས་དྲུག་གང་རུང་ལ་བརྟེན་ཅིང་། དགྲ་བཅོམ་པའི་འབྲས་བུ་ནི་ཟག་མེད་ས་དགུ་གང་རུང་ལ་བརྟེན་ནས་མངོན་དུ་བྱེད་དོ། །གཉིས་པ་སོ་སོའི་རང་བཞིན་བསྟན་པ་ལ་གསུམ། ཐོད་རྒལ་བ། རིམ་གྱིས་པ། ཅིག་ཆར་བའོ། །དང་པོ་ཐོད་རྒལ་བ་ལ་ཞུགས་པ་དང་གནས་པའོ། །དང་པོ་ཞུགས་པ་ལ་གཉིས་ལས་ཕྱིར་འོང་ཞུགས་པ་ནི། མཐོང་ལམ་གྱི་སྔོན་དུ་འཇིག་རྟེན་པའི་ལམ་གྱིས་འདོད་པའི་སྒོམ་སྤང་དྲུག་པ་སྤངས་ལ་བདུན་བརྒྱད་སྤངས་པའམ་མ་སྤངས་ཀྱང་རུང་། དགུ་པ་མ་སྤངས་པ་དང་། སྡུག་བསྔལ་ལ་ཆོས་བཟོད་ནས་ལམ་རྗེས་བཟོད་ཀྱི་བར་གང་ཡང་རུང་བ་ལ་གནས་པ་རྟོགས་པའི་ཁྱད་པར་ཏེ་སྤང་རྟོགས་དེ་གཉིས་དང་ལྡན་པའོ། །གཉིས་པ་ཕྱིར་མི་འོང་ཞུགས་པ་ནི། མཐོང་ལམ་གྱི་སྔོན་དུ་འདོད་པའི་སྒོམ་སྤང་དགུ་པ་སྤངས་ལ། བསམ་གཏན་དང་པོ་ནས་གོང་མ་ཅི་ཡང་མན་ཆད་ལ་ཆགས་པ་དང་བྲལ་བའམ་མ་བྲལ་ཡང་རུང་བའི་སྤངས་པ་དང་། རྟོགས་པའི་ཁྱད་པར་སྔ་མ་ལྟ་བུ་དང་ལྡན་པའོ། །ཁ་ཅིག་ཀུན་བཏུས་སུ་ཞུགས་པ་དང་པོ་སྦྱོར་ལམ་ནས་བཟུང་བའི་རིག་པ་འདི་ལ་ཡང་བསྒྲེས་ནས་སྦྱོར་ལམ་ནས་དང་པོའི་མཚམས་འཛིན་པའང་ཡོད་དོ། ། གཉིས་པ་གནས་པ་ནི། སྔར་གྱི་ཞུགས་པ་དེས་ཕྱིས་བཅུ་དྲུག་པ་ཐོབ་པ་དང་ཕྱིར་འོང་དང་ཕྱིར་མི་འོང་འབྲས་གནས་སུ་འགྱུར་ཞིང་སྔར་གྱི་ཞུགས་པ་དབང་བརྟུལ་དད་པ་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲང་གཉིས་ལ། ཕྱིས་འབྲས་བུ་ཐོབ་པ་ན་དད་མོས་དང་། མཐོང་ཐོབ་ཅེས་པའི་ཐ་སྙད་དང་ལྡན་པར་འགྱུར་རོ། །གཉིས་པ་རིམ་གྱིས་པ་ལ་བཞི། རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་མོ། །དང་པོ་རྒྱུན་ཞུགས་ལ། ཞུགས་པ་དང་གནས་པ་གཉིས་ལས། དང་པོ་ཞུགས་པ་ནི། མཛོད་ལྟར་ན་སྡུག་བསྔལ་ལ་ཆོས་བཟོད་ནས་ལམ་རྗེས་བཟོད་ཀྱི་བར་ལ་གནས་པ་དང་། ཀུན་བཏུས་ལྟར་ན་སྦྱོར་ལམ་ནས་ལམ་རྗེས་བཟོད་ཀྱི་བར་ལ་གནས་པ་སྟེ་གང་ལྟར་ཡང་འདོད་ཉོན་དྲུག་པ་མ་སྤངས་པའོ། །དེ་ལ་དབྱེ་ན་མཐོང་ལམ་གྱི་སྔོན་དུ་སྒོམ་སྤང་གཅིག་ཀྱང་མ་སྤངས་པ་དང་། གཅིག་ནས་ལྔའི་བར་གང་རུང་སྤངས་བ་གཉིས་སོ། །གཉིས་པ་གནས་པ་ནི། སྔར་གྱི་སྤངས་བ་དེ་ཉིད་དང་ལྡན་པའི་སྟེང་དུ་བཅུ་དྲུག་པ་ཐོབ་པའི་ཉན་ཐོས་སོ། །དེའི་ཁྱད་པར་ལ་དེ་ལྟར་ཐོགས་ན་ལན་བདུན་པ་དང་། རིགས་ནས་རིགས་སྐྱེ་གཉིས་སོ། །དང་པོ་ནི། སྤངས་པའི་ཁྱད་པར་འདོད་བའི་སྒོམ་སྤང་གཅིག་ཀྱང་མ་སྤངས་པ། རྟོགས་པའི་ཁྱད་པར་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་ལ། སྐྱེ་བའི་ཁྱད་པར་འདོད་པར་སྐྱེ་བ་བདུན་ལེན་པའོ། །སྐྱེ་བ་ལེན་ཚུལ་ཡང་མིའི་རྟེན་ལ་རྒྱུན་ཞུགས་ཐོབ་ན་མིར་ལན་དྲུག་ལྷར་ལན་བདུན་བླངས་ཤིང་མཐར་མིར་སྐྱེས་ནས་འདའ་ལ། ལྷའི་རྟེན་ལ་ཐོབ་ནའང་ལྷར་ལན་དྲུག་མིར་ལན་བདུན་སྐྱེས་ནས་མཐར་ལྷའི་རྟེན་ལ་འདའོ། ། དེ་ལྟར་ན་ལྷ་མིའི་སྐྱེ་སྲིད་བཅུ་བཞི་བར་སྲིད་བཅུ་བཞི་སྟེ་ཉེར་བརྒྱད་ལེན་ཡང་བདུན་ཚན་དུ་འདྲ་བའི་ཕྱིར་ལན་བདུན་པ་ཞེས་བྱ་སྟེ། གནས་བདུན་ལ་མཁས་པའི་དགེ་སློང་དང་ཤིང་འདབ་མ་བདུན་པ་བཞིན་ནོ། །གཉིས་པ་རིགས་ནས་རིགས་སྐྱེ་ཡང་ཁྱད་པར་གསུམ་ལྡན་ཏེ། འདོད་ཉོན་གསུམ་མམ་བཞི་སྤངས་ལ་ལྔ་པ་མ་སྤངས་པའི་སྤང་བ་དང་། དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པའི་རྟོགས་པ་དང་། འདོད་པའི་ལྷ་མི་རིགས་མཐུན་གཅིག་ཏུ་སྐྱེ་བ་གཉིས་སམ་གསུམ་ལེན་པའོ། །ལྔ་པ་མ་སྤངས་པ་ནི། ལྔ་པ་སྤངས་ན་ཁམས་ལས་འདའ་མི་དགོས་པས་དྲུག་པ་ཡང་སྤང་བར་འགྱུར་ལ། དེ་ལྟ་ན་ཕྱིར་འོང་དུ་འགྱུར་བའི་ཕྱིར་རོ། ། འདིས་སྒོམ་སྤངས་སྤངས་པ་རྣམས་བཅུ་དྲུག་པའི་སྔོན་དུ་སྤངས་པ་དང་རྗེས་སུ་སྤངས་པ་གཉིས་ཀ་ཡོད་དོ། །གཉིས་པ་ཕྱིར་འོང་ལ་ཞུགས་གནས་གཉིས། ཞུགས་པ་ནི་རྒྱུན་ཞུགས་འབྲས་གནས་དེས་ཕྱིར་འོང་ཐོབ་ཕྱིར་བརྩོན་པ་ན་སྒོམ་སྤང་ལྔའི་བར་གང་ཡང་མ་སྤངས་པའམ་དྲུག་པ་སྤོང་བ་ལ་བརྩོན་པའི་བར་རོ། །གཉིས་པ་ཕྱིར་འོང་གནས་པ་ནི། ཞུགས་པ་དེས་འདོད་ཉོན་དྲུག་པ་སྤངས་པ་ན་ཕྱིར་འོང་བ་ཡིན་ལ། དེ་ཡང་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་བཞིན་པ་ན་འབྲས་གནས་ཙམ་དང་། དགུ་པའི་བར་སྤོང་བ་ལ་བརྩོན་ན་ཁྱད་པར་ཅན་ནོ། །ཕྱི་མའི་ཁྱད་པར་ཚེ་གཅིག་བར་ཆད་གཅིག་པ་ནི། ཉོན་མོངས་པ་བདུན་པ་དང་བརྒྱད་པ་སྤངས། དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ། སྐྱེ་བ་ལྷག་མ་གཅིག་ལུས་པའོ། །གསུམ་པ་ཕྱིར་མི་འོང་ལ། ཞུགས་པ་དང་གནས་པ་གཉིས། དང་པོ་ཞུགས་པ་ནི། ཕྱིར་འོང་དེ་ཉིན་བདུན་པ་ནས་དགུ་བའི་བར་སྤོང་བ་ལ་བརྩོན་པའོ། །གཉིས་པ་གནས་པ་ནི། ཞུགས་པ་དེས་སྒོམ་སྤང་དགུ་པ་སྤངས་པ་ན་ཕྱིར་མི་འོང་ཡིན་ཏེ། འདི་ལ་ཁམས་གོང་མར་འགྲོ་བ་དང་། རྟེན་དེ་ཉིད་ལ་འདའ་བ་དང་གཉིས། དང་པོ་ལ་གསུམ། གཟུགས་དང་། གཟུགས་མེད་དུ་ཉེར་འགྲོ་དང་། དེ་དག་གི་རྟེན་བསམ་པའོ། །དང་པོ་གཟུགས་སུ་ཉེར་འགྲོ་ལ། བར་དོར་དང་། སྐྱེས་ནས་འདའ་བ་དང་། གོང་དུ་འཕོ་བ་སྟེ་གསུམ་མོ། །དང་པོ་ནི་ཚངས་ཆེན་མ་གཏོགས་པའི་གཟུགས་ཀྱི་བར་དོ་བཅུ་དྲུག་གང་རུང་དུ་སྐྱེས་ནས་རྟེན་དེ་ལ་འདའ་བའི་ཕྱིར་མི་འོང་སྟེ་འདི་ལ་བར་སྲིད་གྲུབ་མ་ཐག་དང་། གྲུབ་ནས་སྐྱེ་སྲིད་འཚོལ་བའི་སྣང་བ་མ་བྱུང་ཙམ་དང་། སྐྱེ་སྲིད་དུ་འགྲོ་བར་སེམས་པའི་ཚེ་ལྷག་མེད་དུ་འདའ་བ་གསུམ་མོ། །གཉིས་པ་སྐྱེས་ནས་འདའ་བ་ནི། གཟུགས་ཀྱི་གནས་རིགས་བཅུ་དྲུག་གི་སྐྱེ་སྲིད་དུ་ཉིང་མཚམས་སྦྱར་ནས་རྟེན་དེ་ལ་ལྷག་བཅས་སུ་འདའ་བའི་ཕྱིར་མི་འོང་སྟེ། འདི་ལ་སྐྱེས་ཙམ་ནས་འདའ་བ་དང་། མངོན་པར་འདུ་བྱེད་པ་མེད་པས་འདའ་བ་དང་། མངོན་པར་འདུ་བྱེད་པ་གང་རུང་དུ་དང་བཅས་པས་འདའ་བ་གསུམ་མོ། །དེ་ལ་ཕྱི་མ་གཉིས་ཀྱི་ཁྱད་པར་ནི་འབད་མི་དགོས་པར་ལམ་ངང་གིས་འབྱུང་བ་དང་། མི་འབྱུང་བའི་ཁྱད་ཡིན་ལ། དང་པོ་ནི་ལམ་ཆེས་ངང་གིས་འབྱུང་ཞིང་ཕྲ་རྒྱས་ཆེས་ཆུང་བ་ཡིན་པས་གཉིས་པ་དང་། ཁྱད་པར་ཡོད་ཅེས་སློབ་དཔོན་བཞེད་དེ་ཀུན་བཏུས་ཀྱང་དེ་ལྟར་རོ། །གནས་གཙང་ལྔར་སྐྱེས་པའི་སྐྱེས་འདའ་བ་ནི་སྤེལ་མ་རྣམས་བསྒོམ་དགོས་སོ། །གསུམ་པ་གོང་དུ་འཕོ་བ་ནི། གཟུགས་ཁམས་ཀྱི་སྐྱེ་སྲིད་དུ་ལན་གཉིས་བརྒྱུད་ནས་འདའ་བའི་ཕྱིར་མི་འོང་སྟེ། འདི་ལ་རྒྱུའི་སྒོ་ནས་བསམ་གཏན་སྤེལ་མ་སྤེལ་དང་། འབྲས་བུའི་སྒོ་ནས་འོག་མིན་དང་སྲིད་རྩེར་འགྲོ་བ་གཉིས་སོ། ། དང་པོ་ནི་གཟུགས་ཀྱི་སྐྱེ་སྲིད་དུ་སྐྱེ་བ་གཉིས་བརྒྱུད་ནས་འོག་མིན་གྱི་རྟེན་ལ་འདའ་བའི་ཕྱིར་མི་འོང་སྟེ། འདི་ལ་འཕར་བ། ཕྱེད་འཕར། གནས་ཐམས་ཅད་དུ་འཆི་འཕོ་བ་གསུམ། དེ་ལ་འཕར་བ་ནི་སྤེལ་མ་ལྔ་བསྒོམས་པས་གྲུབ་པའི་ཚེ་བསམ་གཏན་དང་པོའི་རོ་མྱང་སྟེ་བསམ་གཏན་ཕྱི་མ་གསུམ་ལས་ཉམས་པ་ཚངས་རིས་སུ་སྐྱེས་ནས་སྔོན་གོམས་པའི་མཐུས་བསམ་གཏན་བཞི་པ་སྤེལ་ནས་བར་པ་རྣམས་དོར་ཏེ། འོག་མིན་དུ་སྐྱེས་ནས་འདའ་བའོ། ། ཕྱེད་དུ་འཕར་བ་ནི་སྔར་ལྟར་ཚངས་རིས་སུ་སྐྱེས་ནས་བར་པ་རྣམས་དོར་ཏེ་གནས་གཙང་རྣམས་སུ་སྐྱེས་ནས་གཞན་འགའ་ཞིག་དོར་ཏེ་འོག་མིན་དུ་འདའ་བའོ། །གནས་ཐམས་ཅད་དུ་འཆི་འཕོ་བ་ནི། སྔར་ལྟར་ཚངས་རིས་སུ་སྐྱེས་ནས་ཚངས་ཆེན་མ་གཏོགས་པའི་གནས་གཞན་ཐམས་ཅད་དུ་བརྒྱུད་ནས་འོག་མིན་དུ་འདའ་བའོ། །གཙོ་བོ་གཅིག་ཏུ་ཟད་པས་འགྲན་ཟླ་མེད་པའི་ལས་བསགས་པ་དང་། ལོག་ལྟའི་གནས་ཡིན་པའི་ཕྱིར་ཚངས་ཆེན་དུ་འཕགས་པ་མི་སྐྱེའོ་ཞེས་མཛོད་འགྲེལ་ལས་བཤད་དོ། །ཐེག་ཆེན་པ་ལྟར་ན་རྒྱུ་མཚན་དེ་མ་ངེས་ཏེ། མ་ཐོབ་པའི་བྱང་ཆེན་གྱི་རྣམ་སྨིན་གྱི་སྐྱེ་བ་འཆད་པར་འགྱུར་བས་ཤེས་སོ། །འདི་དག་གནས་གཙང་དུ་སྐྱེ་བའི་རྒྱུ་སྤེལ་མ་སྒོམ་ཚུལ་ཇི་ལྟ་བུ་ཞེ་ན། འདིའི་མཐའ་དཔྱད་པ་ལ་གཉིས། སྒོམ་པའི་རྟེན། བརྟེན་པའི་སྒོམ་མོ། །དང་པོ་སྒོམ་པའི་རྟེན་ནི། དགྲ་བཅོམ་དང་ཕྱིར་མི་འོང་བསམ་གཏན་བཞི་པའི་སེམས་ཐོབ་པས་སྒོམ་ལ། དེ་ཡང་དང་པོར་འདོད་པའི་ཁམས་སུ་གླིང་གསུམ་དག་ཏུ་སྤེལ་བར་བྱེད་ལ། ཕྱིས་ནི་ཡོངས་སུ་ཉམས་པ་གཟུགས་ཁམས་སུ་སྤེལ་བར་བྱེད་དོ། །གཉིས་པ་བརྟེན་པའི་སྒོམ་ལ་གསུམ། སྤེལ་བའི་སྦྱོར་བ། གྲུབ་པའི་ཚད། སྤེལ་མ་དངོས་སོ། །དང་པོ་ནི་ཟག་མེད་ཀྱི་བསམ་གཏན་བཞི་པ་རྒྱུན་ལྡན་དང་། དེ་ནས་དེ་ཉིད་ཟག་བཅས་རྒྱུན་ལྡན་དང་། དེ་ནས་ཟག་མེད་རྒྱུན་ལྡན་ལ་འཇུག་ལ། དེ་ནས་རྒྱུན་ཕྲི་ནས་སྐད་ཅིག་མ་གཉིས་ལ་སྤེལ་ལོ། །དེ་ལྟར་དང་པོ་བཞི་པ་སྤེལ་བ་ནི་བཞི་པ་དེ་ཡང་། རྟོག་དཔྱོད་ཡིད་བདེ་མི་བདེ་དབུགས་འབྱུང་རྔུབ་བདེ་སྡུག །སྐྱོན་བརྒྱད་ལས་གྲོལ་བས་ལས་སུ་རུང་ཞིང་ཏིང་ངེ་འཛིན་གསལ་བའི་ཕྱིར་རོ། །གཉིས་པ་གྲུབ་པའི་ཚད་ནི། བྱེ་སྨྲའི་ལུགས་སྐད་ཅིག་མ་ལ་བརྟེན་ནས་གྲུབ། ཅེས་བཤད་ཀྱང་། སློབ་དཔོན་གྱི་རང་འགྲེལ་ལས། སངས་རྒྱས་མ་གཏོགས་སྐད་ཅིག་སྤེལ་མི་ནུས་པས། རྒྱུན་ཆགས་གསུམ་ལ་ཇི་སྲིད་འདོད་པར་སྙོམ་པར་འཇུག་པའི་སྒོ་ནས་རྫོགས་པ་ཡིན་ནོ། །ཞེས་སོ། །དེ་ལྟར་དང་པོར་བསམ་གཏན་བཞི་པ་སྤེལ་ནས་ཕྱིས་ནི་བསམ་གཏན་གཞན་དང་ཡང་སྤེལ་ལོ། །གསུམ་པ་སྤེལ་བ་དངོས་ནི། འབྲས་བུ་གནས་གཙང་ལྔར་སྐྱེ་བའི་རྒྱུ་སྤེལ་མ་སྒོམ་པ་ལྔ་སྟེ། གསུམ་སྤེལ་ནས་བཅོ་ལྔ་སྤེལ་གྱི་བར་རོ། །སྤེལ་སྒོམ་ལ་འདི་ལྔར་ངེས་པ་ནི་མ་ཡིན་ཏེ། འདི་ལྔ་བཞི་པ་ཁོ་ན་སྤེལ་བ་ཡིན་ལ་གཞན་དང་ཡང་སྤེལ་བར་བཤད་པས་སོ། །འདི་དག་གི་སྤེལ་ཚུལ་ནི། ཟག་མེད་གཉིས་ཀྱི་བར་དུ་ཟག་བཅས་གཅིག་ཆུད་པ་གསུམ་སྤེལ། དེ་ནས་དེ་འདྲ་བ་བསྐྱར་བས་འབྲིང་དྲུག་སྤེལ། ཆེན་པོ་དགུ་སྤེལ། ཤིན་ཏུ་ཆེ་བ་བཅུ་གཉིས་སྤེལ། ཤིན་ཏུ་ཆེས་ཆེ་བ་བཅོ་ལྔ་སྤེལ་ལོ། ། དེ་ལྟར་ན་ལྷག་མ་རྣམས་ལའང་སྤེལ་ལུགས་ཁྱད་མེད་པས་གསུམ་སྤེལ་ནུས་ན་ཐམས་ཅད་ནུས་པར་འགྱུར་སྙམ་ན། དཀྱུས་ཐོག་རེ་ལ་གསུམ་སྤེལ་ལ་སོགས་པ་ཚན་པ་རེ་སྤེལ་ནུས་ཀྱང་གཞན་སྤེལ་མི་ནུས་པས་ཉེས་པ་མེད་དོ། །དེ་ལ་གནས་གཙང་དུ་སྐྱེ་བའི་རྒྱུ་ནི་ཟག་བཅས་ཡིན་ཏེ། ཟག་མེད་ནི་སྲིད་པ་གཅོད་པས་སོ། །ཟག་བཅས་ཟག་མེད་ནི། ཟག་མེད་བདེན་པའི་རྣམ་པ་ཅན་དང་། ཟག་བཅས་འཇིག་རྟེན་པའི་དགེ་བ་དག་པ་བ་ཡིན་པ་ཙམ་མོ། ། གཉིས་པ་སྲིད་རྩེར་འགྲོ་ནི། སྙོམས་འཇུག་རྣམས་ཀྱི་རོ་མྱང་ཞིང་འབྲས་བུ་ཆེའི་བར་དུ་སྐྱེ་ཞིང་གནས་གཙང་བོར་ཏེ་གཟུགས་མེད་དུ་རིམ་གྱིས་སྐྱེས་ནས་སྲིད་རྩེར་འདའ་བའོ། ། གཉིས་པ་གཟུགས་མེད་ཉེར་འགྲོ་ནི། གཟུགས་ཀྱི་ཀུན་སྦྱོར་ཟད་པའི་མཐུས་འདི་ནས་གཟུགས་སུ་མི་འགྲོ་བར་གཟུགས་མེད་དུ་སྐྱེ་བ་ལེན་པའོ། །འདིར་སྐྱེ་བ་ལ་བར་དོ་མེད་པས། སྐྱེས་ཙམ་ནས་འདའ་བ་དང་། བྱེད་བཅས་དང་། བྱེད་མེད་དང་། གོང་འཕོ་དང་བཞི་ཡོད་དོ། ། དབྱེ་བ་འདི་དག་འདོད་པར་ཚེ་གྱུར་གྱི་ཕྱིར་མི་འོང་ལ་མི་རུང་སྟེ། འདོད་པར་ཚེ་གྱུར་ཞེས་པ་ནི་ཚེ་སྔ་མ་ལ་འབྲས་བུ་དང་པོ་གཉིས་གང་རུང་ཐོབ་ནས་འདིར་ཕྱིར་མི་འོང་ཐོབ་པའོ། ། གསུམ་པ་དེ་དག་གི་རྟེན་བསམ་པ་ནི། གཟུགས་སུ་ཉེར་འགྲོ་ལྔ་དང་གཟུགས་མེད་ཉེར་འགྲོ་བཞི་པོ་དེ་འདོད་ཁམས་དང་ཁམས་གོང་མ་གང་གི་རྟེན་བྱེད་ཅེ་ན་འདི་དག་གི་རྩོམ་པ་དང་པོ་འདོད་རྟེན་པ་ལ་བྱེད་དགོས་སོ། །གཉིས་པ་རྟེན་དེ་ཉིད་ལ་འདའ་བ་ནི། གཟུགས་དང་གཟུགས་མེད་དུ་ཉེར་འགྲོ་ལས་གཞན་པའི་ཕྱིར་མི་འོང་སྟེ། འདི་ཁམས་གོང་མར་མི་སྐྱེ་ཞིང་ཕྱིར་མི་འོང་ཡིན་པས་འདོད་པར་ཡང་མ་སྐྱེ་བས་སོ། །འདིས་འགོག་པའི་སྙོམས་འཇུག་ཐོབ་ན་ཕྱིར་མི་འོང་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཞེས་བྱའོ། །བཞི་པ་དགྲ་བཅོམ་པ་ལ་གཉིས། དང་པོ་ཞུགས་པ་ནི། ཕྱིར་མི་འོང་འབྲས་གནས་ཀྱིས་གཟུགས་ཀྱི་སྒོམ་སྤང་དང་པོ་སྤངས་པ་ལ་བརྩོན་པ་ནས་སྲིད་རྩེའི་དགུ་པའི་བར་སྤོང་བ་ལ་བརྩོན་པའོ། །གཉིས་པ་འབྲས་གནས་ནི། ཞུགས་པ་དེས་སྲིད་རྩེའི་སྒོམ་སྤང་དགུ་པ་སྤང་བ་ན་དགྲ་བཅོམ་པ་ཡིན་ལ། འདི་ལ་སྒྲིབ་པ་སྤོང་ཚུལ་གྱིས་ཕྱེ་ན། ཉོན་མོངས་དང་སྙོམས་འཇུག་སྒྲིབ་པ་གཉིས་ཀ་ལས་གྲོལ་ན་གཉིས་ཀའི་ཆ་ལས་རྣམ་གྲོལ་དང་། ཉོན་སྒྲིབ་ཁོ་ན་ལས་གྲོལ་བ་ཤེས་རབ་ཀྱི་ཆ་ལས་རྣམ་གྲོལ་ལོ། །དེ་གཉིས་ལ་རྒྱན་ཅན་དང་། རྒྱན་མེད་ཅེས་ཀྱང་ཟེར་རོ། །དབང་པོས་ཕྱེ་ན་དད་མོས་དང་མཐོང་ཐོས་གཉིས་ཏེ། བྱེ་བྲག་སྨྲ་བ་རྣམས་དབང་རྟུལ་འདི་དགྲ་བཅོམ་ལས་ཉམས་ནས་རྒྱུན་ཞུགས་བར་དུ་འགྲོ་བར་ཡོད་པར་འདོད་ལ། མདོ་སྡེ་པས་དགྲ་བཅོམ་ལས་ཉམས་མི་སྲིད་ཅིང་མཐོང་ཆོས་ལ་བདེ་གནས་ཙམ་ལས་ཉམས་པ་ཡོད་པར་འདོད་དེ། སློབ་དཔོན་སྐུ་མཆེད་ཀྱང་དེ་ཉིད་ལེགས་པར་མཛད་དོ། །གསུམ་པ་གཅིག་ཆར་བ་ནི། བསམ་གཏན་གྱི་སེམས་མ་ཐོབ་གོང་དུ་མཐོང་ལམ་མངོན་དུ་བྱས་ནས་ཉེར་བསྡོགས་དང་པོ་ལ་བརྟེན་པའི་འདས་ལམ་གྱིས་ཁམས་གསུམ་གྱི་སྒོམ་སྤང་རྣམས་དགུར་དྲིལ་ནས་སྤོང་བའོ། ། དེ་ཡང་འཆི་དུས་ཀྱི་སྔོན་ནམ་དེ་ལ་ཉེ་བའི་ཚེ་ཕལ་ཆེར་དགྲ་བཅོམ་དུ་འགྱུར་ལ། དེ་མ་ཐོབ་ན་འདོད་པར་སྐྱེས་པའི་རྟེན་ལ་འདའ་ཞིང་། ལུང་གི་བསྟན་པ་ནུབ་པ་དང་འདོམས་ན་སྲིད་པ་ཐ་མའི་ཚེ་སློབ་དཔོན་ལ་མ་ལྟོས་པར་བྱང་ཆུབ་ཐོབ་ནས་རང་རྒྱལ་དུ་འགྱུར་ཏེ་སློབ་པའི་དུས་ནའང་ཉན་ཐོབ་ཀྱིས་མ་ཁྱབ་པ་འདིས་ཤེས་པར་བྱའོ། །གསུམ་པ་འབྲས་བུ་བཞིར་ངེས་པའི་རྒྱུ་མཚན་ནི། མཐོང་སྤང་སྤངས་ཙམ་གྱིས་རྒྱུན་ཞུགས་དང་། སྒོམ་སྤང་ལ་གཉིས་ལས་འདོད་པའི་སྒོམ་སྤངས་དྲུག་པ་ཕྱིར་འོང་དང་། དགུ་པ་སྤངས་པ་ཕྱིར་མི་འོང་དུ་བཞག་གོ །གོང་མའི་སྒོམ་སྤང་སྤངས་པ་ནི་དགྲ་བཅོམ་ཡིན་ལ། འདོད་པ་ལ་གཉིས་བཞག་པ་ནི་དེ་ལས་མྱུར་དུ་འདའ་བའི་ཕྱིར་རོ། །འབྲས་བུ་འདི་དག་དང་པོར་ཁམས་གང་དུ་ཐོབ་ཚུལ་ཡང་མཛོད་ལས། འདོད་པར་གསུམ་ཐོབ་ཐ་མ་ནི། གསུམ་དུའོ་ཞེས་སོ། །གཉིས་པ་མཚོན་བྱ་དོན་གྱི་དགེ་འདུན་བཤད་པ་ལ་ལྔ། གང་ལས་དབྱེ་བའི་གཞི། ཇི་ལྟར་ཕྱེ་བའི་གྲངས། ཕྱེ་བ་སོ་སོའི་རང་བཞིན། དེ་དག་གི་མཚོན་བསམ་པ། ཁྱད་པར་གྱི་ཆོས་གཞན་བསྟན་པའོ། །དང་པོ་ནི་འཕགས་པའི་དགེ་འདུན་ནོ། །གཉིས་པ་ཇི་ལྟར་ཕྱེ་བའི་གྲངས་ལ། སྤྱིར་མདོ་ལས་རྒྱལ་སྲས་ཞེ་བརྒྱད་གསུངས་ཀྱང་མདོ་དང་རྒྱན་སྦྱར་བའི་དབང་དུ་ན་དགེ་འདུན་ཉི་ཤུ་འདྲེན་ཏེ། འདི་ལ་སྒྲ་ཇི་བཞིན་པ་དང་། ཇི་བཞིན་མ་ཡིན་པར་འདྲེན་པ་གཉིས། དང་པོ་ནི། བུངྡྷ་ཤྲཱི་དང་ཤཱནྟི་པ་སྟེ་རྩ་བའི་སྒྲ་ཇི་བཞིན་དུ་ཉི་ཤུ་འདྲེན་པས་སོ། །གཉིས་པ་ལ་གཉིས། འཕགས་པ་དང་། སློབ་དཔོན་གྱི་ལུགས་སོ། །འདི་གཉིས་ནི་ས་བཅད་གསུམ་པའི་སྐབས་སུ་འཆད་པར་འགྱུར་རོ། །གསུམ་པ་ཕྱེ་བ་སོ་སོའི་རང་བཞིན་ནི། སློབ་དཔོན་འཕགས་པའི་རྗེས་སུ་འབྲང་ནས་འཆད་ན་འདི་ལ་བཞི། བརྒྱད་པ། ཆགས་བྲལ་སྔོན་སོང་། མཐར་གྱིས་པ། རང་རྒྱལ་མིང་ཅན་གྱི་བྱང་སེམས་སོ། །དང་པོ་བརྒྱད་པ་ལ་གཉིས་ལས་དང་པོ་ནི། ལམ་ཤེས་ཀྱི་མཐོང་ལམ་སྐད་ཅིག་དང་པོ་བཅོ་ལྔ་གང་རུང་ལ་གནས་པའི་བྱང་སེམས་དབང་རྟུལ་དད་པའི་ལམ་གྱི་རྗེས་སུ་འབྲང་བ་གཞན་དོན་གྱི་དབང་གིས་བསམ་བཞིན་དུ་སྐྱེས་པ་མ་ཡིན་པར་ལས་དང་བསོད་ནམས་ཀྱི་དབང་གིས་མི་རྣམས་ཀྱི་ནང་དུ་སྐྱེས་པའོ། །གཉིས་པ་རྟོགས་པ་སྔ་མ་ལྟ་བུའི་དབང་རྣོན་ཤེས་རབ་ཀྱི་ལམ་གྱི་རྗེས་སུ་འབྲང་བ་ནི་སངས་རྒྱས་ཀྱི་ཞིང་གཞན་དང་། དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ནས་འདིར་སྐྱེས་པའོ། །གཉིས་པ་ཆགས་བྲལ་སྔོན་སོང་ལ། ཞུགས་པ་དང་གནས་པ་གཉིས། དང་པོ་ཕྱིར་འོང་དང་ཕྱིར་མི་འོང་ལ་ཞུགས་པ་དད་མོས་དང་། རིགས་མཚུངས་པའི་དབང་རྟུལ་ནི། བྱང་ཆེན་ཐབས་མི་མཁས་པས་བསམ་གཏན་དང་ཕར་ཕྱིན་སྒྲུབ་ཅིང་ལྷ་ཚེ་རིང་པོར་སྐྱེས་ནས་དེ་ནས་འདོད་པའི་ཁམས་ཀྱི་ལྷ་དང་མིར་སྐྱེས་པའོ། །གཉིས་པ་འབྲས་བུ་བར་པ་གཉིས་ལ་ཞུགས་པ་མཐོང་ཐོབ་དང་རིགས་མཚུངས་པའི་དབང་རྣོན་ནི། ཐབས་ལ་མཁས་པའི་སྒོ་ནས་བསམ་གཟུགས་ལ་སྙོམ་པར་འཇུག་ཅིང་བསམ་གཏན་གྱི་དབང་གིས་མ་ཡིན་པར། གང་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་དེ་དག་ཏུ་སྐྱེ་བར་འགྱུར་ཞིང་བསྐལ་པ་བཟང་པོ་འདི་ལ་བླ་མེད་རྫོགས་བྱང་དུ་འཚང་རྒྱ་བའོ། །འདིར་ཞུགས་པ་བཞི་དབང་པོའི་སྒོ་ནས་བསྲེས་ཏེ་གཉིས་གཉིས་སུ་བགྲང་བ་ནི། དབང་པོ་རྣོ་རྟུལ་གྱི་མདོ་རེ་རེ་ལས་མེད་པས་སོ། །གཉིས་པ་འབྲས་གནས་ལ་གཉིས། དང་པོ་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་དང་ཐོབ་གཉིས་ཀྱི་སེམས་དཔའ་ནི། བྱང་ཆེན་ཚེ་གཅིག་གིས་ཐོགས་པ་བསམ་གཟུགས་ཚད་མེད་སོགས་ལ་སྙོམས་པར་འཇུག་ཅིང་། སངས་རྒྱས་བཞུགས་པའི་རྣམས་སུ་སྐྱེས་ནས། སླར་ཡང་དགའ་ལྡན་གྱི་ལྷ་དང་སྐལ་བ་མཉམ་པར་སྐྱེས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སངས་རྒྱས་པ་སྟེ། འདི་ནི་འཇིག་རྟེན་འདིར་ལན་གཅིག་འོང་ནས་སངས་རྒྱས་ཀྱི་ཞིང་གཞན་དུ་མྱ་ངན་ལས་འདའ་བས་ལན་ཅིག་ཕྱིར་འོང་ངོ་། ། གཉིས་པ་དེའི་ཕྱིར་མི་འོང་འབྲས་གནས་དང་ཐོབ་གཉིས་ཀྱི་སེམས་དཔའ་ནི། བྱང་ཆེན་མངོན་ཤེས་དྲུག་ཐོབ་པ་གང་དག་གཟུགས་དང་གཟུགས་མེད་དུ་མི་སྐྱེ་ཞིང་། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་སངས་རྒྱས་རྣམས་མཉེས་པར་བྱེད་པ་སྟེ་འདི་གང་དུ་སྐྱེས་པ་དེར་མི་འོང་བས་ཕྱིར་མི་འོང་ངོ་། །གསུམ་པ་མཐར་གྱིས་པའི་མིང་ཅན་གྱི་བྱང་སེམས་ལ་གསུམ། རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་གི་མིང་ཅན་གྱི་དགེ་འདུན་ནོ། །དང་པོ་རྒྱུན་ཞུགས་ཀྱི་མིང་ཅན་ལ་གཉིས། རྒྱུན་ཞུགས་འབྲས་གནས་མིའི་རིགས་སྐྱེའི་སེམས་དཔའ་ནི། བསམ་གཟུགས་ཚད་མེད་རྣམས་བསྐྱེད་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། རྒྱལ་རིགས་བྲམ་ཟེ་ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུ་སྐྱེ་བའོ། །ལྷའི་རིགས་ནས་རིགས་སྐྱེའི་སེམས་དཔའ་ནི་སྔར་ལྟར་ལས་རྒྱལ་ཆེན་རིགས་བཞི་ནས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེ་བའོ། །གཉིས་པ་ཕྱིར་འོང་གི་མིང་ཅན་བར་ཆད་གཅིག་པའི་སེམས་དཔའ་ནི། བྱང་ཆེན་བསམ་གཏན་བཞི་ཐོབ་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་ཐོབ་ནུས། འཕགས་པའི་བདེན་པ་བཞི་པོ་རྣམས་ཐོབ་པ་ཡིན་ཡང་དེ་དག་མངོན་དུ་མི་བྱེད་པ་ཚེ་གཅིག་གིས་ཐོགས་པའོ། །གསུམ་པ་ཕྱིར་མི་འོང་གི་མིང་ཅན་ལ་བརྒྱད་ལས། དང་པོ་ཕྱིར་མི་འོང་བར་དོར་འདའ་བའི་སེམས་དཔའ་ནི། བྱང་ཆེན་བསམ་གཟུགས་མི་འཇིགས་སོགས་ནས་མ་འདྲེས་པའི་བར་ཐོབ་པ་གང་དག་ཚངས་རིས་ནས་འོག་མིན་གྱི་ལྷའི་བར་དུ་སྐྱེ་བར་འགྱུར་ཞིང་། དེར་སངས་རྒྱས་ནས་སེམས་ཅན་གྱི་དོན་བྱེད་པའོ། །འདི་ཁམས་གསུམ་གྱི་བར་པ་གཟུགས་ཁམས་ཀྱི་གནས་གང་རུང་གཅིག་ཏུ་སངས་རྒྱས་ནས་འདིར་བྱང་ཆུབ་པ་སོགས་སྟོན་པའི་ཕྱིར་བར་དོར་འདའ་བའོ། ། གཉིས་པ་སྐྱེས་ནས་འདའ་བའི་སེམས་དཔའ་ནི། བྱང་ཆེན་གང་དག་སེམས་དང་པོ་བསྐྱེད་པ་ཉིད་ཀྱིས་བྱང་ཆུབ་ཏུ་འཚང་རྒྱ་ཞིང་ཞེས་སོགས་གསུང་སྟེ། འོག་མིན་ནས་དགའ་ལྡན་དུ་དེ་ནས་འཛམ་བུའི་གླིང་དུ་གཤེགས་ནས་ཁྱིམ་ནས་ངེས་པར་འབྱུང་སྟེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྐྱིལ་ཀྲུང་བཅས་མ་ཐག་ཏུ་སེམས་བསྐྱེད་པ་སྟེ་ཕུང་པོ་ལྷག་བཅས་ཀྱིས་འདའོ། །གསུམ་པ་འདུ་བྱེད་དང་བཅས་པས་འདའ་བ་ནི། བྱང་ཆེན་ཕྱིན་དྲུག་ལ་སྤྱོད་པ་འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་འདོང་ཞིང་སེམས་ཅན་གྱི་དོན་ལ་རྟག་ཏུ་བརྩོན་པའོ། །འདི་སེམས་ཅན་གྱི་དོན་ལ་བརྩོན་པའི་ཕྱིར་འདུ་བྱེད་དང་བཅས་ཏེ་འདའ་བའོ། །བཞི་པ་འདུ་བྱེད་མེད་པར་འདའ་བའི་སེམས་དཔའ་ནི། བྱང་ཆེན་སེམས་དང་པོ་བསྐྱེད་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལས་ཡང་དག་པར་འདའ་ཞིང་། ཕྱིར་མི་ལྡོག་པའི་ས་ལ་ཡང་ངེས་པར་གནས་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྐྲུན་པར་བྱེད་པའོ། །འདི་རིགས་ཀྱི་ཁྱད་པར་ལས་ཆེས་མྱུར་བར་བྱང་ཆུབ་པའི་ཕྱིར་བྱེད་མེད་དུ་འདའ་བའོ། །ལྔ་པ་ལ་གཟུགས་སུ་ཉེར་འགྲོ་ལ་གཉིས་ཀྱི་དང་པོ་འོག་མིན་འགྲོ་ལ་འཕར་བ་གསུམ་ལས། དང་པོ་འཕར་བའི་སེམས་དཔའ་ནི། བྱང་ཆེན་བསམ་གཏན་བཞི་བསྒྲུབས་ཏེ་བསམ་གཏན་ལས་ཡོངས་སུ་ཉམས་ནས་བསམ་གཏན་དང་པོ་བསྒྲུབས་ཏེ་ཚངས་རིས་ཀྱི་ལྷ་རྣམས་སུ་སྐྱེ་ཞིང་བསམ་གཏན་རྣམས་བསྒྲུབས་ནས་འོག་མིན་ཉིད་དུ་སངས་རྒྱས་ནས་ཞིང་སྣ་ཚོགས་སུ་བླ་མེད་རྫོགས་བྱང་དུ་འཚང་རྒྱ་བའོ། །ཕྱེད་དུ་འཕར་བའི་སེམས་དཔའ་ནི། ཚངས་པའི་འཇིག་རྟེན་ནས་ཤི་འཕོས་ནས་གནས་གཙང་གཅིག་གམ་གཉིས་ལས་བརྒལ་ཏེ་འོག་མིན་དུ་སྐྱེས་ནས་སོགས་སྔར་ལྟར་རོ། །གནས་ཐམས་ཅད་དུ་འཆི་འཕོ་བའི་སེམས་དཔའ་ནི། བྱང་ཆེན་གང་དག་བདག་ཉིད་ཀྱི་ལུས་དེ་བཞིན་གཤེགས་པའི་སྐུ་ལྟ་བུར་བསྟན་ནས་དགའ་ལྡན་གྱི་གནས་སྦྱངས་ནས་ཚངས་རིས་ནས་འོག་མིན་ལྷའི་བར་དུ་སྐྱེས་ཏེ་ཐབས་ལ་མཁས་པས་ངན་སོང་གི་འགྲོ་བ་ལ་ཆོས་སྟོན་པའོ། །གཉིས་པ་སྲིད་རྩེའི་མཐར་ཐུག་འགྲོ་བའི་སེམས་དཔའ་ནི། བྱང་ཆེན་བསམ་གཟུགས་སྒྲུབ་པར་བྱེད་པ་དག་ཚངས་རིས་ནས་དགེ་རྒྱས་ཀྱི་བར་དང་། ནམ་མཁའ་མཐའ་ཡས་ནས་སྲིད་རྩེའི་བར་དུ་སྐྱེ་ཞིང་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སྐྱེ་བར་འགྱུར་བའོ། །དྲུག་པ་གཟུགས་ཀྱི་ཆགས་བཅོམ་གཟུགས་མེད་ཉེར་འགྲོའི་སེམས་དཔའ་ནི། བྱང་ཆེན་བསམ་གཟུགས་ལ་སྙོམས་པར་འཇུག་ཅིང་ནམ་མཁའ་མཐའ་ཡས་ནས་སྲིད་རྩེའི་བར་དུ་སྐྱེ་ཞིང་། སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སྐྱེ་བའོ། །འདི་ནི་འདི་ནས་ཤི་འཕོས་ནས་གཟུགས་སུ་མ་སོང་བར་གཟུགས་མེད་དུ་སྐྱེའོ། །བདུན་པ་མཐོང་ཆོས་ཚེ་འདི་ལ་ཞི་བ་མྱ་ངན་ལས་འདའ་བའི་སེམས་དཔའ་ནི། བྱང་ཆེན་ཕྱིན་དྲུག་ལ་སྤྱོད་པའི་ཚེ་ལུས་ལ་སྐྱེས་བུ་ཆེན་པོའི་མཚན་སོ་གཉིས་ཀྱིས་བརྒྱན་ཞིང་དབང་པོ་ཡོངས་སུ་དག་པ་བླ་ན་མེད་པ་དང་ལྡན་ཏེ། ནམ་ཡང་ངན་སོང་སོགས་སུ་མི་སྐྱེ་ཞིང་། སེམས་ཅན་གང་གིས་བྱང་ཆེན་དེ་མཐོང་བ་དེ་དག་ཀྱང་སེམས་རབ་ཏུ་དང་བ་དེ་ཉིད་ཀྱིས་རིམ་གྱིས་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པའོ། །འདི་བྱང་ཆེན་དེ་གང་གིས་མཐོང་བ་དེ་མྱ་ངན་ལས་འདའ་བས་མཐོང་ཆོས་ཞིའོ། །བརྒྱད་པ་ལུས་མངོན་བྱེད་ཀྱི་སེམས་དཔའ་ནི། བྱང་ཆེན་ཡུམ་ལ་བརྩོན་པ་གང་བསམ་གཟུགས་ཚད་མེད་ནས་འགོག་པའི་བར་ལ་སྙོམས་པར་འཇུག་ཅིང་ཐོད་རྒལ་ལ་སྙོམས་པར་ཞུགས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་འཚང་རྒྱ་བའོ། །ཅིའི་ཕྱིར་ལུས་མངོན་བྱེད་ཅེས་བྱ་ཞེ་ན། མྱང་འདས་དང་འདྲ་བའི་འགོག་སྙོམས་སེམས་མེད་པའི་ལུས་ལ་བརྟེན་ཏེ་སྐྱེད་པས་སོ་ཞེས་འཆད་དེ་བྱེ་སྨྲ་དང་མཐུན་ནོ། །སློབ་དཔོན་དབྱིག་གཉེན་ནི། འགོག་པ་ལས་ལང་བ་ན་འགོག་པ་ནི་མྱང་འདས་དང་འདྲ་བར་ཆེས་ཞི་བ་ཡིན་ནོ། །སྙམ་དུ་སེམས་པས་རྣམ་ཤེས་དང་བཅས་པའི་ལུས་ཉོན་མོངས་ཞི་བ་སྔོན་མ་ཐོབ་ཐོབ་པས་ལུས་མངོན་བྱེད་དོ། །ཞེས་བཞེད་དོ། །བཞི་པ་བསེ་རུ་ལྟ་བུའི་བྱང་སེམས་ནི། བྱང་ཆེན་གང་དག་སངས་རྒྱས་མི་བཞུགས་ཤིང་ཉན་ཐོས་རྣམས་ཀྱང་མེད་པའི་འཇིག་རྟེན་གྱི་ཁམས་སུ་རང་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་སེམས་ཅན་དཔག་ཏུ་མེད་པ་ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར་བྱས་ནས་བླ་མེད་རྫོགས་བྱང་དུ་འཚང་རྒྱ་བའོ། །ཞེས་སོ། ། དེ་ལྟར་ན་དབང་པོ་རྟུལ་དང་རྣོན་པོ་དག་ཅེས་པས་ཞུགས་པ་དང་པོ་ཆགས་བྲལ་སྔོན་སོང་གི་ཞུགས་པ་གཉིས་དང་གསུམ་བསྟན་ཅིང་། དད་དང་མཐོང་ཐོབ་ཅེས་པས་ཆགས་བྲལ་སྔོན་སོང་གིས་འབྲས་གནས་གཉིས་ཀ་བསྟན་ལ། འོག་མིན་འགྲོ་འཕར་གསུམ་གྱི་དབྱེ་གཞི་ཡིན་པས་དོར་ལ་གཞན་རྣམས་སྒྲ་ཇི་བཞིན་དུ་བགྲང་ངོ་། །སློབ་དཔོན་སེང་གེ་བཟང་པོའི་བཞེད་པ་ལྟར་ན། རྒྱུན་ཞུགས་ལ་ཞུགས་གནས་གཉིས། ཞུགས་པ་ལ་དབང་པོ་རྣོ་རྟུལ་གཉིས། གནས་པ་ལ་ཙམ་ཁྱད་གཉིས། ཁྱད་པར་ཅན་ལ་རིགས་སྐྱེ་གཉིས། ཕྱིར་འོང་ལ་ཞུགས་གནས་གཉིས། གནས་པ་ལ་ཙམ་ཁྱད་གཉིས། ཕྱིར་མི་འོང་ལ་ཞུགས་གནས་གཉིས། གནས་པ་ལ་བར་དོར་སྐྱེས་ནས་བྱེད་བཅས། བྱེད་མེད་ཀྱིས་འདའ་བ་བཞི། གོང་འཕོ་དང་ལྔ། གོང་འཕོ་ལ་འོག་མིན་འགྲོ་དང་། སྲིད་རྩེར་འགྲོ་བའི་གཟུགས་ཀྱི་ཆགས་བཅོམ་གཉིས། འོག་མིན་འགྲོ་ལ་འཕར་བ་གསུམ། གཟུགས་ཀྱི་ཆགས་བཅོམ་ལ་མཐོང་ཆོས་ཞི་དང་ལུས་མངོན་བྱེད་གཉིས་སོ། །དེ་ལྟར་ན་རྒྱུན་ཞུགས་ལ་ལྔ། ཕྱིར་འོང་གསུམ། ཕྱིར་མི་འོང་བཅུ། དེའི་སྟེང་དུ་དགྲ་བཅོམ་ཞུགས་པ། རང་རྒྱལ་དང་ཉི་ཤུའོ། །དེ་ཡང་རྩ་བར་བསྟན་པ་བཅུ་བདུན་ཁ་བསྐང་རྒྱུན་ཞུགས་འབྲས་གནས་ཙམ་པོ་བ། ཕྱིར་འོང་འབྲས་གནས་ཙམ་པོ་བ། དགྲ་བཅོམ་ཞུགས་པ། གསུམ་བྱེད་པ་འགྲེལ་བ་དོན་གསལ་དང་རྒྱན་སྣང་གི་དགོངས་པའོ། ། འདིའི་སྲིད་རྩེར་འགྲོ་བའི་དབྱེ་བ་ལ་མཐོང་ཆོས་ཞི་དང་། ལུས་མངོན་བྱེད་བྱས་པ་རྒྱུན་ཞུགས་འབྲས་གནས་ཙམ་ལོག །ཕྱིར་འོང་འབྲས་གནས་ཙམ་ལོག །དགྲ་བཅོམ་ཞུགས་པ། འགལ་ལོ་ཞེ་ན། ཉན་ཐོས་ཀྱི་དབང་དུ་བྱས་ན་བདེན་ལ། བྱང་སེམས་ནི་བསམ་གཟུགས་བརྒྱད་ཀ་བསྒོམས་པས་སྲིད་རྩེ་མཐར་ཐུག་འགྲོ་ཞེས་བྱ་ལ། གཟུགས་མེད་ཀྱི་ཏིང་འཛིན་ལ་འཇུག་ནུས་པས་གཟུགས་ཀྱི་ཆགས་བཅོམ་ཞེས་བཤད་པ་ཙམ་ཡིན་པས་མི་འགལ་ལོ་ཞེས་འབུམ་ཕྲག་གསུམ་པ་གསུང་བར་བྱང་ཡེ་འཆད་དོ། །བཞི་པ་དེ་དག་གིས་མཚོན་བསམ་པ་ནི། དགེ་འདུན་འདི་དག་འདྲ་བ་རྒྱུ་མཚན་དུ་བྱས་ནས་ཐེག་ཆེན་ལ་ཐེག་དམན་གྱི་མིང་གིས་བཏགས་ནས་བསྟན་ན་གང་དཔེར་བྱེད་ཅེ་ན། འཕགས་པས་ནི་ཐོད་རྒལ་བ་དང་རིམ་གྱིས་པ་གཉིས་དང་མཚུངས་པར་བཤད་ཅིང་། སློབ་དཔོན་གྱིས་ཐམས་ཅད་རིམ་གྱིས་པ་དང་མཚུངས་པར་བཤད་ལ། ཅིག་ཆར་བ་དང་སྦྱར་བ་ནི་འགྲེལ་པ་སུས་ཀྱང་མ་བཤད་དོ། །འོ་ན་དེ་དག་དང་ཆོས་མཚུངས་དུ་ཞིག་གིས་སྦྱར་ཞེ་ན། སྤངས་རྟོགས་དང་སྐྱེ་བ་ལེན་ཚུལ་དང་གསུམ་གྱིས་སྦྱར་རོ། །འོན་ཀྱང་སྤང་བ་ལ་ལྟོས་ནས་བྱང་སེམས་ཉན་ཐོས་ཀྱི་རྒྱུན་ཞུགས་དང་ཕྱིར་འོང་ལ་སོགས་པར་བཞག་པ་ནི། དེ་དག་ལ་དེ་དག་གི་མིང་གིས་འདོགས་པའི་ཆོས་མཐུན་པའི་རྒྱུ་མཚན་ཁྱད་པར་ཅན་བསྟན་པར་འདོད་ནས་རྣམ་བཞག་བྱས་པ་ཙམ་ཡིན་གྱི་ཉན་ཐོས་ཀྱི་སྤངས་བའི་རིམ་པ་ཇི་བཞིན་དུ་འདོད་ནས་བཞག་པ་མ་ཡིན་པར་ངེས་སོ་ཞེས་བདག་ཉིད་ཆེན་པོས་གསུངས་པ་ལྟར་རོ། །ལྔ་པ་ཁྱད་པར་གྱི་ཆོས་གཞན་བསྟན་པ་ལ་གསུམ། མདོའི་དཀའ་གནས། དགེ་འདུན་གྱི་ས་མཚམས། མཚན་ཉིད་པ་དང་བཏགས་པ་བ་བསམ་པའོ། །དང་པོ་ནི་བྱང་སེམས་འཕགས་པ་ལྷ་ཚེ་རིང་པོར་སྐྱེ་བ་མི་འཐད་ཅེ་ན། དེ་ནི་ཚེ་སྔ་མ་ཞིག་ལ་དེར་སྐྱེས་ཕྱིས་མིའི་ནང་དུ་འཕགས་ལམ་ཐོབ་པ་ན་དེ་དབང་རྟུལ་དུ་བཞག་པས་སོ། །ཡང་སྲིད་རྩེར་འགྲོ་དང་གཟུགས་ཀྱི་ཆགས་བཅོམ་གཟུགས་མེད་དུ་སྐྱེ་བར་བཤད་པ་དང། སྡུད་པ་སོགས་ལས་བྱང་སེམས་གཟུགས་མེད་དུ་མི་སྐྱེ་བར་བཤད་པ་འགལ་ཞེ་ན། ཉེས་པ་མེད་དེ། སྐྱེ་བར་གསུངས་པ་དེར་སྐྱེ་བའི་རྒྱུ་གཟུགས་མེད་ཀྱི་སྙོམས་འཇུག་ཐོབ་པ་ཙམ་ལ་དགོངས་པའོ། །ཡང་འཕར་བ་གསུམ་གྱི་སྐབས་སུ། བསམ་གཏན་དང་པོའི་རོ་མྱང་ནས་ཕྱི་མ་གསུམ་ཉམས་པ་དང་། བསམ་གཏན་གྱི་དབང་གིས་ལྷ་གནས་རྣམས་སུ་སྐྱེ་བར་བཤད་པ་མི་འཐད་དེ། ས་མཐོན་པོར་ཆུད་པའི་བྱང་སེམས་ལ་དེ་དག་འགལ་ལོ་ཞེ་ན། ཉེས་པ་མེད་དེ། དང་པོ་བྱང་འཕགས་དབང་བརྟུལ་ཐབས་མི་མཁས་པ་འགའ་ཞིག་ལ་བསམ་པའམ། ཡང་ན་སོ་སྐྱེའི་དུས་སུ་རོ་མྱང་བ་ལ་དགོངས་ལ། གཉིས་པ་ནི་འདོད་བཞིན་དུ་སྙོམ་འཇུག་གི་སེམས་དེ་དག་ལ་བརྟེན་ནས་སྐྱེ་བས་སོ། །གཉིས་པ་ས་མཚམས་ནི། འཕགས་པའི་བཞེད་པས་རྗེས་འབྲང་གཉིས་མཐོང་ལམ་པ་དང་། ལྷག་མ་རྣམས་སྒོམ་ལམ་པ་ཡིན་ལ་ཁྱད་པར་དུ་ཞུགས་པ་བཞི་པ་ས་བཅུ་པ་ལས་གསུངས་སོ། །སློབ་དཔོན་ནི་རྒྱུན་ཞུགས་ཙམ་པོ་མཐོང་ལམ་དང་། ལྷག་མ་རྣམས་བསྒོམ་ལམ་པར་བཞེད་དོ། ། གོང་ལྟར་ཡང་འདི་དག་ས་རིམ་ཅན་ལ་སྦྱོར་བ་མི་འཐད་པར་གོ་སྟེ། ཆོས་འབྲང་དང་བར་ཆད་གཅིག་པའི་སྐབས་སུ་ཡང་མདོ་ལས་དེ་དག་སྐྱེ་བ་གཅིག་གིས་ཐོགས་པར་བཤད་པས་སོ། །གསུམ་པ་མཚན་བཏགས་བསམ་པ་ནི། འོ་ན་འདིར་རྒྱུན་ཞུགས་སོགས་བཤད་པ་འདི་དངོས་ཀྱི་སྒྲའམ་འོན་ཏེ་བཏགས་པ་བ་ཡིན་ཞེ་ན་བཏགས་པ་བ་ཡིན་ཏེ། དགོངས་གཞི་ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས་གསུང་བ་ལྟར་རྒྱུན་ཞུགས་སོགས་ཀྱི་སྒྲ་ཙམ་འཇུག་པའི་རྒྱུ་མཚན་ལ་དགོངས་ནས། དགོས་པ་དགེ་འདུན་ནི། ཉན་ཐོས་ཀྱི་སྐྱེས་བུ་ཟུང་བཞི་ཁོ་ནའོ་སྙམས་ནས་བྱང་སེམས་ལ་དགེ་འདུན་དུ་མི་མོས་པ་ཡོད་པ་དེ་བཟློག་པའི་ཕྱིར་དུ་སྐྱེས་བུ་ཟུང་བཞིའི་བརྡའ་མཛད་དོ། །དངོས་ལ་གནོད་བྱེད་ནི། བྱང་སེམས་ཡིན་པའི་ཉན་རང་དང་དགྲ་བཅོམ་མཚན་ཉིད་པ་ཡོད་པར་འགྱུར་ལ། དེའི་ཕྱིར་ཐེག་པ་གསུམ་འཚོལ་བར་འགྱུར་རོ། །དེ་ཡན་གྱིས་གདམས་ངག་བཤད་པའི་རིམ་པ་དེ་སོང་ངོ་། །གསུམ་པ་གདམས་པའི་འབྲས་བུ་ངེས་འབྱེད་ཡན་ལག་ལ་གཉིས། སྦྱོར་ལམ་སྐྱེ་བའི་རྟེན། བརྟེན་པ་སྦྱོར་བའི་ལམ་མོ། །དང་པོ་ལུས་རྟེན་ནི། རང་འགྲེལ་ལས། གསུམ་ནི་མི་དག་གི་ནང་ཁོ་ན་དང་གླིང་གསུམ་དུ་སྐྱེད་པར་བྱེད་དོ། །སྔོན་བསྐྱེད་པ་རྣམས་ནི་ལྷ་དག་གི་ནང་དུའང་མངོན་དུ་བྱེད་དོ། །བཞི་པ་ནི། ལྷ་རྣམས་ཀྱི་ནང་དུ་ཡང་སྐྱེད་པར་བྱེད་དོ། །ཞེས་བཤད་དོ། །དེས་ན་མཐོང་ལམ་སྐྱེ་བའི་རྟེན་ལ་སྐྱེ་དགོས་སོ། །སེམས་རྟེན་ནི། གཙོ་བོར་བསམ་གཏན་ས་དྲུག་གང་ཡང་རུང་བ་ལ་བརྟེན་ནོ། །གཉིས་པ་བརྟེན་པ་སྦྱོར་བའི་ལམ་ལ་བཞི། ངོ་བོ། དབྱེ་བ། ཕྱེ་བའི་བློ་གང་ཡིན་བརྟགས་པ། ཁྱད་པར་རོ། །དང་པོ་ངོ་བོ་ལ་གཉིས། ཐུན་མོང་དང་། སོ་སོའི་ངོ་བོའོ། ། དང་པོ་ཐུན་མོང་གི་ངོ་བོ་ནི། ཐོས་པ་དང་བསམ་པ་དང་བསྒོམ་པས་ངེས་པར་རྟོགས་པ་སྟེ། དེ་ཡང་སྒོམ་བྱུང་གཙོ་ཆེ་བའོ། །གཉིས་པ་སོ་སོའི་ངོ་བོ་ནི། བྱང་སེམས་མཉམ་པར་བཞག་པས་ཡིད་ཀྱི་བརྗོད་པ་ལས་མ་གཏོགས་པར་གཟུགས་ལ་སོགས་པའི་དོན་རྣམས་མ་མཐོང་གི་ཡིད་ཀྱིས་བརྗོད་པ་ཁོ་ན་རང་སྤྱིའི་མཚན་ཉིད་དུ་སྣང་བར་མཐོང་བ་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ནམ་ཆོས་ལ་ངེས་རྟོག་གི་བཟོད་པ་དང་པོ་ནི་དྲོད་དོ། །དྲོད་དུ་ཐོབ་པའི་ཆོས་ཀྱི་སྣང་བ་དེ་ཉིད་ཇེ་ཆེར་འཕེལ་བར་བྱ་བའི་ཕྱིར་མི་གནས་པའི་བྱེད་པས་བརྩོན་འགྲུས་བརྟན་པོ་རྩོམ་པ་ནི་སྣང་བ་མཆེད་པའི་ཏིང་ངེ་འཛིན་ཏེ་རྩེ་མོའོ། །དེ་ལྟར་བརྩོན་འགྲུས་བརྩམས་པས་ཆོས་ཀྱི་སྣང་བ་ཤས་ཆེར་འཕེལ་ནས་སེམས་ཙམ་ལ་གནས་ཏེ་ཡུལ་དུ་སྣང་བ་འདི་ནི་ནང་གི་སེམས་ཁོ་ནར་ཟད་དོ་ཞེས་རྟོགས་པའོ། །དེ་ནས་དོན་དུ་སྣང་བ་རྣམས་ནི་སེམས་ཁོ་ནར་ཟད་ཀྱིས་སེམས་ལས་གཞན་མིན་ནོ། །ཞེས་མཐོང་སྟེ་དེའི་ཚེ་ནི་གཟུང་བའི་གཡེང་བ་སྤངས་ལ་འཛིན་པའི་གཡེང་བ་འབའ་ཞིག་ལུས་སོ། །འདི་ནི་གཟུང་མེད་ཀྱི་ཕྱོགས་གཅིག་ལ་ཞུགས་པ་དང་། འཛིན་པ་མེད་པའི་རྗེས་སུ་སོང་བའི་ཕྱིར་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་མ་བཟོད་པའོ། །དེ་ལྟར་གཟུང་བའི་གཡེང་བ་སྤངས་ནས་འཛིན་པའི་གཡེང་བ་ཙམ་ལ་གནས་པ་དེ་ཡང་འདི་སྙམ་དུ་དེ་ལྟར་གཟུང་བ་མེད་ན་འཛིན་པ་ཡང་ཡོད་པར་མི་རིགས་སོ་ཞེས་འཛིན་པའི་གཡེང་བ་ལ་ཆགས་པ་ཡང་དེ་མ་ཐག་ཏུ་སྤངས་ནས་དེ་མ་ཐག་པའི་ཏིང་ངེ་འཛིན་ལ་རེག་པར་བྱེད་དེ་འདི་ནི་དེ་མ་ཐག་པའི་ཏིང་ངེ་འཛིན་ཞེས་བྱའོ། །འདི་ནི་འདིའི་མཇུག་དེ་མ་ཐག་ཏུ་ས་དང་པོར་འཇུག་པས་དེ་མ་ཐག་པའི་ཏིང་ངེ་འཛིན་ཞེས་བྱ་སྟེ་ཆོས་མཆོག་གོ །དེ་ལྟར་ན་དང་པོ་གསུམ་གྱིས་གཟུང་མེད་ལ་སྒོམ་བྱུང་གི་ངེས་པ་རྙེད་ཀྱང་སེམས་ཙམ་དུ་ཞེན་པས་འཛིན་པའི་གཡེང་བ་མ་ཞི་ལ། བཞི་པས་ནི་སེམས་ཙམ་དུ་ཡང་མི་འཛིན་པས་འཛིན་མེད་ལ་སྒོམ་བྱུང་གི་ངེས་པ་རྙེད་དོ། །དེ་ལྟར་བཞི་པོ་འདི་དག་ནི་བདག་མེད་པའི་དོན་ལ་ལྷག་པར་མོས་པས་མོས་སྤྱོད་ཀྱི་ས་ཞེས་ཀྱང་བྱའོ། །གཉིས་པ་དབྱེ་བ་ནི། ངོ་བོས་ཕྱེ་ན་དྲོད་རྩེ་བཟོད་མཆོག་བཞི་ཡོད་ལ། ཆེ་འབྲིང་གིས་ཕྱེ་ན་བཅུ་གཉིས་ཏེ་རེ་རེ་ལ་གསུམ་གསུམ་ཡོད་པས་སོ། །གཞན་ཡང་དྲོད་རྩེ་གཉིས་དང་། བཟོད་པ་དང་ཆོས་མཆོག་ལ་ཆོས་ལ་ངེས་སེམས་ཀྱི་བཟོད་པ་ཆེ་འབྲིང་ཆུང་གསུམ་དུ་བཤད་དོ། །གསུམ་པ་ཕྱེ་བའི་བློ་གང་ཡིན་བརྟགས་པ་ནི། སྦྱོར་ལམ་མཉམ་བཞག་བདག་མེད་པའི་དོན་ལ་མངོན་སུམ་དུ་ནི་མི་འདོད་དེ། སོ་སྐྱེའི་རྒྱུད་ལ་ཉོན་ཡིད་མངོན་གྱུར་དུ་མི་འཇུག་པའི་སྐབས་སྲིད་པར་ཐལ་བའི་ཕྱིར་ཏེ། བདག་མེད་མངོན་སུམ་དུ་རྟོགས་པའི་བློ་མངོན་དུ་གྱུར་པའི་ཚེ་བདག་ལྟ་མངོན་དུ་གྱུར་པ་འགལ་བས་སོ། །དེས་ན་སྦྱོར་ལམ་དུ་བདག་མེད་པ་ལ་དམིགས་པ་ནི་བདག་མེད་ཀྱི་དོན་སྤྱི་རང་ལ་སྣང་བ་ལ་དེར་མོས་ནས་འཛིན་པའི་དོན་སྤྱི་འཇལ་བའི་བློ་ཡིན་པའི་ཕྱིར་སྒྲ་དོན་སྣང་བའི་རྟོག་པ་ཡིན་ལ། ཚོགས་ལམ་དུ་བདེན་བཞིའི་དོན་རིག་པའི་ངེས་པའི་འདུ་བྱེད་མ་ཉམས་པ་ལ་དེ་ལྟར་དྲན་པའི་བཅད་ཤེས་ཀྱང་ཡོད་ཅིང་། བདག་མེད་ཀྱི་ཁྱད་པར་འགའ་ཞིག་ལ་རྗེས་སྦྱོར་ལམ་དེ་གཅིག་ཏུ་བྲལ་སོགས་ཀྱི་རྟགས་ལ་བརྟེན་པའི་རྗེས་དཔག་ཡིན་ཟེར་བ་ཡོད་དོ། །དཔག་ཀྱང་ཡོད་དོ། །དེ་ལྟར་ན་སྦྱོར་ལམ་རང་གི་ངོ་བོ་འཁྲུལ་ཤེས་ཡིན་ཡང་ཐ་མལ་བའི་བློ་ལྟར་རྣམ་པ་ཐམས་ཅད་དུ་འཁྲུལ་ཤེས་མ་ཡིན་ཏེ། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རྒྱུ་སྦྱོར་ལམ་དེ་གཅིག་དུ་བྲལ་སོགས་ཀྱི་རྟགས་ལ་བརྟེན་པའི་རྗེས་དཔག་ཡིན་ཟེར་བ་ཡོད་དོ། །མཐུན་པ་ཐོས་པའི་བག་ཆགས་བརྟས་པས་བསྐྱེད་པའི་ཕྱིར་རོ། ། དོན་གྱི་དབང་འདི་གཟིགས་ནས། རྗེས་སུ་མཐུན་ལ་ཕྱིན་ཅི་ལོག །རྗེས་སུ་འབྲེལ་བཅས་བཟློག་པ་དང་། ཕྱིན་ཅི་མ་ལོག་ཕྱིན་ཅི་ལོག །རྗེས་སུ་འབྲེལ་མེད་སྒོམ་པའོ། །ཞེས་རྗེ་བཙུན་གྱིས་གསུངས་པའི་དོན་འགྲེལ་པ་ན་མཁས་མཆོག་དབྱིག་གཉེན་གྱིས་མ་འཁྲུལ་པའི་རྗེས་སུ་མཐུན་པའི་འཁྲུལ་ཤེས་ནི་སོ་སྐྱེ་རྣམས་ཀྱི་སྒོམ་ལམ་དང་། ཕྱིན་ཅི་ལོག་གི་སྒོམ་སྤང་དང་འབྲེལ་བ་རང་གི་ངོ་བོ་མ་འཁྲུལ་པ་ནི་འཕགས་པ་སློབ་པའི་སྒོམ་ལམ་དང་། ཕྱིན་ཅི་ལོག་གི་དང་རྗེས་འབྲེལ་གཉིས་ཀ་མེད་པ་ནི་མི་སློབ་པའི་སྒོམ་ལམ་ལ་གསུངས་ཤིང་། འགྲེལ་བཤད་དུ་ཡང་དང་པོ་དྲན་ཉེ་ནས་སྟོབས་སྒོམ་པའི་བར་དང་། གཉིས་པ་བྱང་ཆུབ་ཡན་ལག་བདུན་དང་ལམ་གྱི་ཡན་ལག་སྒོམ་པའི་བར་ལ་གསུང་ངོ་། །དེས་ན་ཚུར་མཐོང་གིས་ཆོས་ཉིད་མངོན་སུམ་གྱིས་རྟོགས་པ་ཡོད་པར་འདོད་པར་ནི་མཁས་པ་རྣམས་ཀྱིས་མཉན་པ་ཙམ་ཡང་སྤངས་ཏེ། ཐམས་ཅད་མཁྱེན་པ་ཞི་བ་འཚོས། །ཚུལ་རོལ་མཐོང་བ་ཐམས་ཅད་ཀྱི། །སེམས་ནི་དེ་ལ་ནོར་བའི་ཕྱིར། །ཡང་དག་དངོས་པོ་ཅུང་ཟད་ཀྱང་། །མངོན་སུམ་དག་གིས་གྲུབ་པ་མེད། །ཅེས་དང་། རྒྱལ་བའི་རྒྱལ་ཚབས་ཀྱིས། ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཕྱིར། །དོན་དམ་ཡིན་ཕྱིར་བསམ་བྱ་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། ། སྒོམ་པ་ལ་སོགས་ཡུལ་མ་ཡིན། །གང་ཕྱིར་གཟུགས་ལ་དམུས་ལོང་བཞིན། །བྱིས་པས་དེ་སྔོན་མཐོང་མ་མྱོང་། །ཞེས་པ་ལྟར་ཁས་བླང་ངོ་། །བཞི་པ་ཐེག་ཆེན་སྦྱོར་ལམ་གྱི་ཁྱད་པར་ལ་གསུམ། དམིགས་རྣམ་རྒྱུ་གསུམ། མཚུངས་ལྡན་ངེས་འབྱེད་བཞིའི་གྲངས་བཞིན་སྤང་བྱ་རྟོག་པ། ཡོངས་འཛིན་དགེ་བའི་བཤེས་ཀྱི་ཁྱད་པར་རོ། །དང་པོ་དམིགས་རྣམ་རྒྱུ་གསུམ་གྱི་ཁྱད་པར་ནི། དམིགས་པ་མི་རྟག་སོགས་ཀྱིས་ཁྱད་པར་དུ་བྱས་པའི་བདེན་བཞི་རྣམ་པ་མངོན་པར་ཞེན་པ་ཐམས་ཅད་འགོག་པ་སྟེ་ཆོས་ཀྱི་བདག་མེད་དང་མཐུན་པའི་རྣམ་པ། རྒྱུ་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཚང་བར་བསྐྱེད་པའི་རྒྱུའོ། །གཉིས་པ་མཚུངས་ལྡན་རྟོག་པའི་ཁྱད་པར་ལ་གཉིས། སྤང་བྱ་རྟོག་པ། སྤོང་བྱེད་གཉེན་པོའོ། །དང་པོ་སྤང་བྱ་རྟོག་པ་བཤད་པ་ལ་བདུན། གང་གིས་རྟོག་པའི་ངོ་བོ། གང་ལ་རྟོག་པའི་ཡུལ། ཇི་ལྟར་རྟོག་པའི་ཚུལ། རྟོག་པ་དེའི་རབ་དབྱེ། གྲངས་ངེས་པ། གོ་རིམ་ངེས་པ། མུ་བརྩི་བའོ། །དང་པོ་ལ་གཉིས། སྤྱི་དང་། བྱེ་བྲག་ཏུ་བསམ་པའོ། །དང་པོ་སྤྱིར་བསམ་པ་ནི། མཛོད་ལས། རྟོག་དང་དཔྱོད་པ་རྩིང་ཞིབ་ཉིད། །ཅེས་རྩིང་པའི་རྣམ་པ་ཅན་དང་། རྣམ་འགྲེལ་ལས། ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པ་ཡིན། །ཞེས་མིང་དོན་འདྲེས་རུང་དུ་འཛིན་པ་དང་། དབུས་མཐའ་ལས། ཡང་དག་མ་ཡིན་ཀུན་རྟོག་ནི། སེམས་དང་སེམས་བྱུང་ཁམས་གསུམ་པ། ཞེས་གཉིས་སུ་སྣང་བའི་ཁམས་གསུམ་པའི་བློ་ཐམས་ཅད་ལ་རྟོག་པར་བཤད་པ་རྣམས་ལས་འདི་བར་པ་ཡིན་ནོ། །གཉིས་པ་བྱེ་བྲག་ཏུ་བསམ་པ་ནི། འོ་ན་རྟོག་པ་འདི་དག་དགག་པའམ་སྒྲུབ་པའི་རྣམ་པ་ཅན་གང་ཡིན་ཞེ་ན། སྔ་རབས་པ་ཕལ་མོ་ཆེ་དགག་རྟོག་ཏུ་འདོད་ཀྱང་རྩ་འགྲེལ་གང་ལས་ཀྱང་དགག་རྟོག་ཏུ་བསྟན་པ་མེད་པས་སྒྲུབ་རྟོག་ཏུ་འདོད་པར་བྱའོ། །དགག་རྟོག་མིན་ན་འདི་ཁྱད་པར་བྱེད་ཆོས་སུ་ཇི་ལྟར་འགྱུར་ཞེ་ན། རྟོག་པ་བྱེད་ཆོས་སུ་འགྲོ་བ་དགག་པའི་རྣམ་པ་ཅན་ཡིན་པས་མིན་གྱི་རང་གིས་སྐྱེད་པའི་མཐོང་སྒོམ་གྱི་ལམ་གྱིས་ཟད་པར་བྱ་ནུས་པས་རང་འབྲས་ཀྱི་སྤང་བྱར་ལྡན་པའི་སྒོ་ནས་ཡིན་ནོ། །གཉིས་པ་གང་ལ་རྟོག་པའི་ཡུལ་ནི། གཟུང་བ་དང་། འཛིན་པ་གཉིས་ཡིན་ནོ། །འོ་ན་འདིའི་གཟུང་འཛིན་གང་ལ་བྱེད་ཅེ་ན། སྤྱིར་སངས་རྒྱས་པ་ལ་གཟུང་འཛིན་གྱི་འཇོག་ཚུལ་གསུམ་སྟེ། སྐྱེ་མཆེད་དང་། ཤེས་དང་ཤེས་བྱ་དང་། བདག་དང་བདག་གི་དབང་དུ་བྱས་པའོ། །དང་པོ་ལྟར་ན་ཡུལ་དྲུག་གཟུང་བ་དང་། དབང་པོ་དྲུག་འཛིན་པ་ཡིན་ལ། གཉིས་པ་ལྟར་ན་བེམ་པོ་ཐམས་ཅད་གཟུང་བ་དང་། ཤེས་པ་ཐམས་ཅད་འཛིན་པའོ། །གསུམ་པ་ལྟར་ན་བདག་ནི་འཛིན་པ་དང་བདག་གི་བ་ནི་གཟུང་བའོ། །དེ་ལ་འདིར་ནི་ཕྱི་མའི་དབང་དུ་བྱས་པ་སྟེ་གཟུང་བ་ནི་རྫས་བཏག་གི་བདག་གིས་སྤྱད་པར་བྱ་བ་སྟེ་བཟའ་བྱའོ། །འཛིན་པ་ནི་དེ་ལ་སྤྱོད་པར་བྱེད་པ་པོ་སྟེ་ཟ་བ་པོའོ། །ཕྱི་མ་འདི་བདག་གམ་སེམས་ཅན་དུ་རྟོག་པར་བཤད་ཀྱང་དེ་དག་དངོས་མིན་གྱི་དེ་དག་ཏུ་སྒྲོ་བཏགས་པའི་གཞི་ཕུང་པོ་ཁམས་སྐྱེ་མཆེད་ཀྱི་ཆོས་ཙམ་ཞིག་ལ་བཟུང་ངོ་། །དེ་ཡང་རྟག་གཅིག་རང་དབང་ཅན་གྱི་གང་ཟག་ཡུལ་ལ་འཛིན་པ་པོར་མི་ཞེན་ཀྱང་བདག་དེས་དབེན་པའི་ཆོས་ཙམ་ཞིག་ལ་འཛིན་པ་པོ་སྒྲོ་འདོགས་སྐྱེ་ལ། ཆོས་དེ་ལ་ཡང་དོན་དམ་རྫས་གྲུབ་ཀྱི་དངོས་པོར་བཟུང་ནས་ཞེན་པ་དང་། དོན་ལ་མ་གྲུབ་པའི་བཏགས་པ་ཙམ་དུ་བཟུང་ནས་དེ་ལྟར་རྟོག་པ་གཉིས་སུ་འགྱུར་རོ། །གསུམ་པ་ཇི་ལྟར་རྟོག་པའི་ཚུལ་ནི། ཡུལ་དེ་དག་ལ་རྟོག་པས་ཇི་ལྟར་ཞེན་ཞེ་ན། ཀུན་བྱང་གི་གཟུང་བ་ལ་དམིགས་ནས་རིམ་པ་ལྟར་འདི་ནི་མཐའ་གཅིག་ཏུ་དོར་བྱའི་གཟུང་བའོ་སྙམ་དུ་མི་མཐུན་པར་འཛིན་པ་དང་། འདི་ནི་མཐའ་གཅིག་ཏུ་བླང་བྱའི་གཟུང་བའོ་སྙམ་དུ་མཐུན་པར་འཛིན་པ་གཟུང་རྟོག་དང་པོའི་ཞེན་ཚུལ་ལོ། །འདི་ནི་ཐེག་དམན་གྱི་ལམ་ཡིན་པས་འདི་ལས་ལྡོག་པ་དང་། འདི་ནི་ཐེག་ཆེན་གྱི་ལམ་ཡིན་པས་འདི་ལ་འཇུག་པར་བྱའོ་སྙམ་དུ་ཞེན་པ་ནི་གཟུང་རྟོག་གི་གཉིས་པའི་ཞེན་ཚུལ་ རྩེ་མོའི་སྐབས་ཀྱིས་སོ་ལོ། །གང་ཟག་ཏུ་བཏགས་པའི་གཞི་རྫས་སུ་གྲུབ་པ་དང་། དེར་བཏགས་པའི་གཞི་བཏགས་པ་ཙམ་འདི་ནི་ཡུལ་རྣམས་ཀྱི་འཛིན་པ་པོའམ། ལོངས་སྤྱོད་པ་པོའོ། །སྙམ་དུ་ཞེན་པ་ནི་འཛིན་རྟོག་གཉིས་ཀྱི་ཞེན་ཚུལ་ལོ། །དེ་ལྟར་ན་འདིར་སེམས་ཅན་དང་སྐྱེས་བུ་ཞེས་པ་ནི་ཆོས་དང་གང་ཟག་གཉིས་ཀྱི་ནང་ནས་གང་ཟག་འབའ་ཞིག་ལ་བསམ་པ་ནི་མིན་གྱི་ཡུལ་འཛིན་པ་པོ་ཙམ་གྱི་མཚོན་བྱེད་དོ། །བཞི་པ་རྟོག་པ་དེའི་རབ་དབྱེ་ནི། རྩ་བ་གཟུང་རྟོག་དང་འཛིན་རྟོག་གཉིས། གཟུང་རྟོག་ལ་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་གཟུང་རྟོག་དང་། རྣམ་བྱང་ཕྱོགས་ཀྱི་གཟུང་རྟོག་གཉིས། འཛིན་རྟོག་ལ་རྫས་འཛིན་རྟོག་པ་དང་། བཏགས་འཛིན་རྟོག་པ་གཉིས། དེ་བཞི་པོ་རེ་རེ་ལ་ཡང་དགུ་རེ་སྟེ། ལས་རྒྱུ་འབྲས་དང་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་དང་། མ་རིག་པས་ཀུན་ནས་བསླང་བའི་ལས་ཀྱིས་བསྐྱེད་པའི་གཟུགས་སོགས་ཟག་བཅས་ཀྱི་ཕུང་པོ་དང་། མིང་བཞི་གཟུགས་དང་བཅས་པ་ལ་བདག་དང་བདག་གི་བར་ཞེན་པ་དང་། འཇིག་ལྟས་ཞེན་པའི་ཡུལ་ལ་མཐར་ལྟས་རྟག་ཆད་ཀྱི་མཐའ་གཉིས་སུ་ཞེན་པ་དང་། དེ་ལྟར་ཞེན་པས་ཀུན་ཉོན་དང་རྣམ་བྱང་གི་སྐྱོན་ཡོན་མི་ཤེས་པ་དང་། དེ་ལྟར་མ་ཤེས་པས་སྦྱིན་པ་ནས་མ་འདྲེས་པའི་བར་གྱི་འཕགས་ལམ་ལ་མི་གནས་པ་དང་། དེ་ལྟར་ལམ་ལས་གོལ་བས་ཆོས་རྣམས་ལ་ཕྱིན་ཅི་ལོག་ཏུ་དམིགས་པ་དང་། དེ་ལྟར་ཕྱིན་ཅི་ལོག་ཏུ་དམིགས་པས་བདག་གི་ཆ་ལ་ཆགས་པ་དང་གཞན་གྱི་ཆ་ལ་སྡང་བ་དང་། རྣམ་པར་དག་པ་མྱང་འདས་བརྒྱུད་ནས་བསྐྱེད་པའི་སྡུག་བསྔལ་ཏེ་མཐོ་རིས་སྐྱེད་པའི་ཟག་བཅས་རྣམས་ཀྱང་སྐྱེ་བའི་རྒྱུ་ཡིན་པ་དགུ་གཟུང་རྟོག་དང་པོའི་ཞེན་ཡུལ་ལོ། །རྣམ་བྱང་དུ་མ་སྤུང་བའི་ཕུང་པོ་དང་། སྐྱེ་བའི་སྒོའི་དོན་སྐྱེ་མཆེད་དང་། རིགས་ཀྱི་དོན་ཁམས་དང་། སྐྱེ་བའི་དོན་རྟེན་འབྲེལ་མ་བྱུང་བ་ལས་བྱུང་བ་སྟེ་ལུགས་ལྡོག་དང་། ཟབ་མོ་སྤྲོས་པ་དང་བྲལ་བའི་སྟོང་ཉིད་དང་། དོན་གཉིས་ཕུན་ཚོགས་ཀྱི་ཕ་རོལ་ཏུ་ཕྱིན་བྱེད་ཕར་ཕྱིན་དང་། མཐོང་སྤང་གི་སྤང་བྱ་དང་འབྲལ་བར་བྱེད་པ་མཐོང་ལམ་དང་། བསམ་གཟུགས་ཀྱི་ངོ་བོ་སྒོམ་ལམ་དང་། བསླབ་པ་ཡོངས་སུ་རྫོགས་པའི་མི་སློབ་པའི་ལམ་དང་དགུ་ནི་གཟུང་རྟོག་གཉིས་པའི་ཞེན་ཡུལ་ལོ། །བདག་སྟེ་ཡུལ་གྱི་འཛིན་པ་པོ་གཞན་ལ་མ་ལྟོས་པའི་རང་དབང་ཅན་དང་། བདག་ཟླ་མེད་པའི་གཅིག་པུ་དང་། བདག་རྣམ་ཤེས་ཀྱི་གོ་འབྱེད་པའི་རྒྱུ་དང་། བདག་ལྟ་བ་པོ་ནས་ཤེས་པ་པོའི་རྫས་དང་། བདག་མ་རིག་པ་ནས་རྒ་ཤིའི་བར་གྱི་ཀུན་ནས་ཉོན་མོངས་པ་གསུམ་དང་། བདག་འཇིག་རྟེན་པའི་བསམ་གཟུགས་ཀྱི་འགོག་པ་ལས་འདོད་ཆགས་བྲལ་བ་དང་། བདག་བདེན་བཞིའི་མཚན་ཉིད་མངོན་དུ་མཐོང་བའི་མཐོང་ལམ་དང་། བདག་རྣམ་ཐར་མཐར་གནས་ཀྱི་ངོ་བོར་གྱུར་པའི་སྒོམ་ལམ་དང་། བདག་དེ་ཡང་དག་པར་དགོས་པ་བསྒྲུབས་ཟིན་པའི་མི་སློབ་ལམ་གྱི་རྟེན་གྱི་རྫས་སུ་རྟོག་པ་ནི་འཛིན་རྟོག་དང་པོ་དགུའོ། ། གཟུགས་སོགས་ཀྱི་ཕུང་པོ། མིག་སོགས་ཀྱི་སྐྱེ་མཆེད། གཟུགས་ཀྱི་ཁམས་སོགས་ཁམས་བཅོ་བརྒྱད། མ་རིག་སོགས་རྟེན་འབྲེལ་བཅུ་གཉིས། ཕྱོགས་མཐུན་སོ་བདུན་གྱི་རྣམ་བྱང་། རྣམ་ཐར་སྒོ་གསུམ་གྱི་ངོ་བོ་མཐོང་ལམ། བསམ་གཏན་གཟུགས་མེད་ཀྱི་སྒོམ་ལམ། ཉན་ཐོས་སོགས་ལས་ཕུལ་དུ་བྱུང་བའི་སྟོང་ཉིད་རྟོགས་པའི་ཁྱད་པར་གྱི་ལམ། སྟོབས་ལ་སོགས་པ་མི་སློབ་པའི་ལམ་རྣམས་ཀྱི་རྟེན་བཏགས་པ་ཙམ་གྱི་འཛིན་པའོ། །སྙམ་དུ་ཞེན་པ་དང་དགུ་ནི་འཛིན་རྟོག་གཉིས་པའོ། །དེ་ལྟར་རྟོག་པ་སུམ་ཅུ་རྩ་དྲུག་པོ་དེ་ཁམས་ཀྱིས་དབྱེ་ན་ཁམས་གསུམ་རེ་རེ་ལ་སོ་དྲུག་རེ་བརྩིས་པས་བརྒྱ་དང་བརྒྱད་དོ། །ལྔ་པ་གྲངས་ངེས་པ་ནི། བརྟག་བྱ་ལ་གཟུང་འཛིན་གཉིས་སུ་གྲངས་ངེས་པས་དེ་ལ་རྟོག་པ་ཡང་གཉིས་ཡིན་ལ། གཟུང་བ་ལ་ཡང་ཀུན་བྱང་ངམ་ཐེག་པ་ཆེ་ཆུང་གི་རྣམ་བྱང་གཉིས་སུ་ངེས་པས་གཟུང་རྟོག་གཉིས་དང་། འཛིན་པར་ཞེན་པའི་ཡུལ་ལ་ཡང་རྫས་བཏགས་སུ་ངེས་པའི་དེའི་ཡུལ་ཅན་གྱི་རྟོག་པ་གཉིས་སུ་གྲངས་ངེས་སོ། །རེ་རེ་ལ་དགུ་དགུར་ཕྱེ་བ་ནི་གདུལ་བྱ་འཁོར་དུ་ཉེ་བའི་བསམ་པ་ཅན་ལ་བསྟན་པ་ཡིན་གྱི་དངོས་པོ་ལ་གནས་པའི་གྲངས་ངེས་མིན་ནོ། །དྲུག་པ་གོ་རིམ་ངེས་པ་ནི། རྩ་བའི་རྟོག་པ་ནི་ངེས་འབྱེད་བཞིའི་གོ་རིམ་དང་བསྟུན་ལ་ཡན་ལག་དགུ་དགུར་ཕྱེ་བ་བརྗོད་འདོད་ཙམ་དུ་ཟད་ཀྱི་རྒྱུ་མཚན་མེད་དོ། །བདུན་པ་མུ་བཞི་བརྩི་བ་ནི། གཟུང་རྟོག་ཡིན་ལ་འཛིན་རྟོག་མ་ཡིན་པའི་མུ་ཡུལ་དྲུག །འཛིན་རྟོག་ཡིན་ལ་གཟུང་རྟོག་མ་ཡིན་པ་སྐད་ཅིག་མ་གཅིག་དང་ལྡན་པའི་རྣམ་རིག །གཉིས་ཀ་ཡིན་པ་སྐད་ཅིག་མ་གཞན་གྱི་རྣམ་རིག །གཉིས་ཀ་མ་ཡིན་པ་རྣམ་པ་དེ་དག་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཡང་མུ་དང་པོ་ནི་སེམས་བྱུང་མ་གཏོགས་པའི་ཆོས་དང་བཅས་པའི་ཡུལ་དྲུག་ལ་རྟོག་པ་ཡིན་ལ། གཉིས་པ་དང་གསུམ་པའི་ཁྱད་ནི་རྗེས་སུ་སྐྱེས་པའི་ངེས་ཤེས་ཀྱི་ཡུལ་དུ་མ་བྱས་པ་དང་བྱས་པའོ། ། འདི་ནི་ཉི་སྣང་ལས་འབྱུང་བ་ལྟར་བཀོད་པ་སྟེ། གཟུང་འཛིན་གྱི་རྟོག་པ་བཤད་པའི་ཞར་ལ་སྤྱི་སྐད་ལ་གྲགས་ཚོད་ཀྱི་གཟུང་འཛིན་ལ་མུ་བརྩིས་པ་ཡིན་ཏེ་སྐབས་འདིའི་གཟུང་འཛིན་དང་མི་གཅིག་གོ །གཉིས་པ་སྤོང་བྱེད་གཉེན་པོ་ནི་རྩེ་སྦྱོར་དུ་འཆད་དོ། །གསུམ་པ་ཡོངས་འཛིན་དགེ་བའི་བཤེས་ཀྱི་ཁྱད་པར་ནི། སློབ་དཔོན་འཕགས་པའི་བཞེད་པ་ལྟར་བཤད་ན། རྩ་བའི་རྐང་པ་དང་པོས་ནང་གི་ཡོངས་འཛིན་ཐབས་མཁས་དང་། གཉིས་པས་ཕྱིའི་ཡོངས་འཛིན་དགེ་བའི་བཤེས་གཉེན་དང་། གསུམ་པས་དེ་གཉིས་ཀའི་མི་མཐུན་ཕྱོགས་བསྟན་ཏེ། དང་པོ་ནི། སྐྲག་པ་དང་། དངངས་པ་དང་། ཤིན་ཏུ་དངངས་པ་སྟེ་སྐྲག་པ་ཆུང་འབྲིང་ཆེ་གསུམ་གྱི་གཉེན་པོར། སེམས་མི་འགོང་། ཡང་དག་པར་མི་འགོང་། ཡང་དག་པར་འགོང་བར་མི་འགྱུར་བའི་རྒྱུ་རྣམ་མཁྱེན་ཡིད་བྱེད་དང་ལྡན་པས། ཕུང་སོགས་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་དུ་མི་དམིགས་པའི་ཚུལ་གྱིས་རྟོགས་ཤིང་གཞན་ལ་སྟོན་པའི་སྦྱིན་པ། དེ་ལྟར་རྟོགས་པ་ལ་མཆོག་འཛིན་མེད་པའི་ཚུལ་ཁྲིམས། དེ་ལྟར་འདོད་ཅིང་བཟོད་ལ་སོ་སོར་རྟོག་པའི་བཟོད་པ། དེ་ལྟར་རྟོག་ཅིང་རྣམ་མཁྱེན་ཡིད་བྱེད་མི་འདོར་བའི་བརྩོན་འགྲུས། ཐེག་དམན་ཡིད་བྱེད་ཀྱི་སྐབས་མི་འབྱེད་པ་བསམ་གཏན། ཕུང་པོ་ནས་མ་འདྲེས་པའི་བར་གྱི་ཆོས་རྣམས་རང་རང་གི་སྟོང་ཉིད་ཀྱིས་མི་སྟོང་ཞིང་སྟོང་པ་ཉིད་དང་དབྱེར་མེད་པར་ཤེས་པའི་ཤེས་རབ་རྣམས་སོ། །གཉིས་པ་ཕྱིའི་ཡོངས་འཛིན་ནི། གཟུགས་ནས་མ་འདྲེས་པའི་བར་གྱི་ཆོས་རྣམས་ངོ་བོ་ཉིད་མེད་པར་སྟོན་པ་དང་། ཐབས་ལ་མཁས་པ་དང་། བདུད་ཀྱི་ལས་རྣམས་སྟོན་པ་དང་། དགེ་རྩ་རྣམས་ཉན་རང་གི་སར་བསྔོར་མི་འཇུག་པའི་དགེ་བའི་བཤེས་གཉེན་ནོ། །གསུམ་པ་དེ་གཉིས་ཀའི་མི་མཐུན་ཕྱོགས་ནི། ནང་གི་ཡོངས་འཛིན་ཐབས་མཁས་ཀྱི་མི་མཐུན་ཕྱོགས་རྣམ་མཁྱེན་ཡིད་བྱེད་དང་བྲལ་བས་ཕར་ཕྱིན་ནས་མ་འདྲེས་པའི་བར་རྣམས་སྒོམ་པ་ན་དེ་དག་ཏུ་རློམ་པས་དངངས་བ་སོགས་སུ་འགྱུར་བའོ། །ཕྱིའི་ཡོངས་འཛིན་དགེ་བཤེས་ཀྱི་མི་མཐུན་ཕྱོགས་ནི། ཕྱིན་དྲུག་སྟོན་པའི་གཞུང་ལ་འདི་ནི་སངས་རྒྱས་ཀྱི་གསུང་པ་མ་ཡིན་གྱི་སྙན་དངགས་མཁན་གྱི་རང་བཟོའོ་ཞེས་གཞུང་སྤོང་བ་དང་། ཕྱིན་དྲུག་ལས་བཟློག་ནས་ཉན་ཐོས་ཀྱི་སྡེ་སྣོད་ལ་སྦྱོར་བར་བྱེད་པ་ལམ་སྤོང་བ་དང་། གཟུགས་ནས་རྣམ་མཁྱེན་གྱི་བར་རྣམས་བདག་དང་བདག་གིས་སྟོང་ན་སངས་རྒྱས་ནས་ཅི་བྱ་ཞེས་འབྲས་བུ་སྤོང་བའི་སྡིག་གྲོགས་སོ། །དེས་ན་མི་མཐུན་ཕྱོགས་དེ་གཉིས་བོར་བ་ནི་ཡོངས་འཛིན་ཡིན་ནོ། །བཞི་པ་གདམས་པའི་དོན་ཕྱིན་ཅི་མ་ལོག་པར་སྒྲུབ་པ་ལ་བཞི། སྒྲུབ་པའི་རྟེན། སྒྲུབ་པའི་དམིགས་པ། སྒྲུབ་པའི་ཆེད་དུ་བྱ་བ། སྒྲུབ་པ་རང་གི་ངོ་བོའོ། །དང་པོ་སྒྲུབ་པའི་རྟེན་ལ་གཉིས། རྟེན་རིགས་དང་བརྟེན་ཆོས་སྒྲུབ་པ་བཅུ་གསུམ་མོ། །དང་པོ་ལ་བཞི། རིགས་ཀྱི་ངོ་བོ། རིགས་སུ་འགྱུར་ཚུལ། རིགས་ཀྱི་རབ་དབྱེ། རིགས་ཀྱི་ངེས་ཚིག་གོ །དང་པོ་ལ་གསུམ། ཉན་ཐོས་སྡེ་པ། སེམས་ཙམ་པ། དབུ་མ་པའི་ལུགས་སོ། །དང་པོ་ཉན་ཐོས་པའི་ལུགས་ནི། འདུལ་བ་ལས། ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་ངན་ངོན་གྱིས་ཆོག་ཤེས་པ་འཕགས་པའི་རིགས། སྤང་བ་དང་། སྒོམ་པ་ལ་དགའ་བ་འཕགས་པའི་རིགས་ཏེ་བཞི་བཀའ་སྩལ་ལ། ངོ་བོ་ནི་སེམས་བྱུང་འདོད་ཆགས་མེད་པའོ། །དེ་ཡང་དང་པོ་གསུམ་གྱིས་ལམ་སྒྲུབ་པའི་ཚུལ་བསྟན་ལ། ཕྱི་མས་ལམ་དངོས་བསྟན་ཞིང་དེ་གཉིས་ཀྱིས་རིམ་བཞིན་སྔ་མས་བདག་གི་བའི་དངོས་པོ་ལ་སྲེད་པ་དེའི་ཚེ་ཞི་བར་བྱེད་ལ། ཕྱི་མས་བདག་དང་བདག་གི་བ་གཉིས་ཀ་ལ་སྲེད་པ་གཏན་དུ་ཞི་བར་བྱེད་དོ། །དེ་དག་རིགས་སུ་འགྱུར་ཚུལ་ནི། རང་འགྲེལ་ལས། འདི་དག་ལས་འཕགས་པ་རྣམས་སྐྱེ་བས་ན་འཕགས་པའི་རིགས་ཏེ་ཞེས་སོ། །དབང་པོ་རྣོ་རྟུལ་གྱི་ཁྱད་པར་ལ་ཡང་རིགས་སུ་འཇོག་སྟེ། མཛོད་ལས། ཁ་ཅིག་དང་པོ་ནས་དེའི་རིགས། །ཁ་ཅིག་སྦྱངས་པ་ལས་གྱུར་ཏོ། །ཞེས་སོ། །དེ་ལྟར་རིགས་ཙམ་ཞིག་གྲགས་ཀྱང་རིགས་གཉིས་ཀྱི་རྣམ་བཞག་བྱས་པ་ནི་མེད་དོ། །གཉིས་པ་སེམས་ཙམ་པའི་ལུགས་ལ་འདུས་བྱས་ལ་རིགས་སུ་འདོད་པ་དང་། ཆོས་ཉིད་ལ་རིགས་སུ་འདོད་པ་གཉིས། འདུས་བྱས་ལ་རིགས་སུ་འདོད་པ་ལ་ཀུན་གཞི་རྣམ་པར་བཞག་པ་དང་མ་བཞག་པ་གཉིས་ཡོད། དང་པོ་ཀུན་གཞི་རྣམ་པར་བཞག་པའི་རིགས་ནི། དོན་གསང་ལས། ཡོངས་སུ་གྱུར་པ་ཡང་རྣམ་པ་གཉིས་ཏེ་རྟག་པ་དང་མི་རྟག་པའོ། །མི་རྟག་པ་གང་ཡིན་པ་དེ་ནི་རྣམ་པ་གཉིས་ཏེ། ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་དང་ས་བོན་གྱི་བདག་ཉིད་དོ། །ས་བོན་གྱི་བདག་ཉིད་ཀྱང་རང་བཞིན་དུ་གནས་པ་དང་། ཡང་དག་པར་བསྒྲུབས་པ་གཉིས་ཏེ་ཞེས་རང་བཞིན་གནས་རིགས་ཀུན་གཞིའི་སྟེང་གི་ཟག་མེད་སྐྱེད་པའི་ནུས་པ་ལ་གསུངས་པ་དང་། ཐེག་བསྡུས་ལས་ཀྱང་། དེ་ལ་ཐོས་པའི་བག་ཆགས་ཀྱི་ས་བོན་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཡང་ཆོས་ཀྱི་སྐུའི་ས་བོན་དུ་བལྟ་སྟེ། ཀུན་གཞི་རྣམ་པར་ཤེས་པའི་གཉེན་པོ་ཡིན་པས་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་མ་ཡིན། ཞེས་ཀུན་གཞི་ལ་འོ་ཆུ་བཞིན་ལྷན་ཅིག་གནས་པ་དེ་ཅི་ཙམ་འཕེལ་བ་དེ་ཙམ་གྱིས་ས་བོན་རྣམས་ཟད་ནས་གནས་འགྱུར་བར་གསུངས་སོ། །གཞན་ཡང་མདོ་རྒྱན་དང་བསྡུ་བ་ལས་ཀྱང་གསུངས་པ་ལྟར། ཀུན་གཞིའི་སྟེང་གི་ཟག་མེད་བསྐྱེད་ནུས་ཀྱི་ས་བོན་ལ་རིགས་སུ་བཞེད། ཀུན་གཞི་རྣམ་པར་མ་བཞག་པ་ནི། བྱང་ས་ལས། དེ་ལ་རིགས་གང་ཞེ་ན། མདོར་བསྡུ་ན་རྣམ་པ་གཉིས་ཏེ་རང་བཞིན་གྱིས་གནས་པ་དང་ཡང་དག་པར་བསྒྲུབས་པའོ། །དེ་ལ་རང་བཞིན་གྱིས་གནས་པའི་རིགས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ། དེ་ནི་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོང་བ་ཐོག་མ་མེད་པའི་དུས་ཅན་ཆོས་ཉིད་ཀྱིས་ཐོབ་པ་དེ་ཡིན་ནོ། ། དེ་ལ་ཡང་དག་པར་བསྒྲུབས་པའི་རིགས་ནི་སྔོན་དགེ་བའི་རྩ་བ་གོམས་པར་བྱས་པ་ལས་ཐོབ་པ་གང་ཡིན་པ་སྟེ། ཞེས་པ་ལྟར་ཡིན་ལ་འདིའི་སྐྱེ་མཆེད་དྲུག་གི་ཁྱད་པར་ཞེས་པ་ནི། སེམས་ཅན་གྱི་ཤེས་རྒྱུད་ཁམས་དང་སྐྱེ་གནས་སོགས་གང་དུ་ཡང་བར་མ་ཆད་དུ་འཇུག་པའི་སྟེང་གི་བྱང་ཆུབ་ཐོབ་པའི་ནུས་པ་དོན་བྱེད་པའི་རྫས་སུ་ཡོད་ཀྱང་། གུད་དུ་རང་རྐྱ་ཐུབ་པའི་རྫས་ཡོད་མིན་པས་གདགས་གཞི་དང་དེ་ཉིད་དང་གཞན་གང་དུ་ཡང་བརྗོད་དུ་མེད་པ་ཞིག་ལ་འདོད་པས་སྐྱེ་མཆེད་དྲུག་ཉིད་ཀྱང་རིགས་མིན་ལ་དེ་ལས་གཞན་པ་ཡང་མིན་ནོ། །རྒྱས་འགྱུར་གྱི་རིགས་ནི་རང་བཞིན་དུ་གནས་པའི་རིགས་དེ་ཉིད་ཐོས་བསམ་སྒོམ་གསུམ་ཀྱིས་བརྟས་པར་བྱས་པས་ན་མིང་གཞན་རྒྱས་འགྱུར་ཞེས་བཏགས་པ་ཙམ་མོ། །གཞན་ཡང་རྒྱ་མཚོ་སྤྲིན་ལས་ངེས་མ་ངེས་དང་། དམན་ལམ་སྔོན་དུ་མ་སོང་བ་དང་སོང་བའི་རིགས་ལ་ཡང་རང་བཞིན་དང་རྒྱས་པར་བཤད་པ་ཡོད་དོ། །ཆོས་ཉིད་ལ་རིགས་སུ་འདོད་པ་ནི། རྒྱན་འདིར་ཆོས་ཉིད་རིགས་སུ་བསྟན་པ་ལ་ཤཱནྟི་པས་ཀྱང་དེ་ལ་རིགས་སུ་བཤད་པ་བཞིན་ནོ། ། གསུམ་པ་དབུ་མ་པའི་ལུགས་ནི། ཆོས་བཅུ་པའི་མདོ་ལས། དུ་བ་ལས་ནི་མེར་ཤེས་དང་། ། ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་པ་དང་མཐུན་པར་དབུ་མ་ལ་འཇུག་པ་ལས། སོ་སོའི་སྐྱེ་བོ་དུས་ནའང་སྟོང་ཉིད་ཐོས། །ནང་གི་དགའ་བ་ཡང་དང་ཡང་དུ་ལྡང་། །དགའ་བ་ལས་བྱུང་མིག་ནི་མཆི་མས་བརླན། །ལུས་ཀྱི་སྤུ་ལྡང་བ་ཡང་སྐྱེ་བར་འགྱུར། །དེ་ལ་རྫོགས་སངས་རྒྱས་བློའི་ས་བོན་ཡོད། །ཞེས་ལུས་ཀྱི་མཚན་མ་དེ་དག་གི་རྒྱུ་ལ་བཤད་པ་དང་། ཕལ་པོ་ཆེ་ལས། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་རིགས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ལྷུར་ལེན་པ་ནམ་མཁའ་ལྟར་ཡངས་པ་རང་བཞིན་གྱིས་འོད་གསལ་བ་སྟེ། ཞེས་པ་དང་མཐུན་པར་རྒྱན་འདིར་ནི་ཆོས་ཀྱི་དབྱིངས་ལ་རིགས་སུ་གསུངས་སོ། །དེ་བཞིན་དུ་རྒྱུད་བླར་ཡང་། སྤྱིར་རིགས་ལ། དཀོན་མཆོག་གསུམ་པོ་འདི་ཡི་རིགས། །ཐམས་ཅད་གཟིགས་པ་རྣམས་ཀྱི་ཡུལ། །དེ་ཡང་རྣམ་བཞི། ཞེས་ཁམས་བྱང་ཆུབ་ཡོན་ཏན་ཕྲིན་ལས་བཞི་ཀ་རིགས་སུ་བཤད་པ་ཡང་ཡོད་ལ། བྱེ་བྲག་ཏུ། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང་། །ཡང་དག་བླང་བ་མཆོག་ཉིད་དོ། །ཞེས་རིགས་གཉིས་སུ་གསུངས་པའི་གཏེར་གྱི་དཔེས་མཚོན་པའི་རང་བཞིན་གནས་རིགས་ནི། དེ་བཞིན་ཡིད་ཀྱི་ནང་ཆུད་རིན་ཆེན་གཏེར། །དྲི་མེད་བསལ་དང་བཞག་མེད་ཆོས་ཉིད་ཀྱང་། །མ་རྟོགས་པས་ན་དབུལ་བའི་སྡུག་བསྔལ་ནི། །རྣམ་མང་རྒྱུན་དུ་སྐྱེ་རྒུ་འདིས་མྱོང་ངོ་། །ཞེས་བསལ་བཞག་དང་བྲལ་བའི་ཆོས་ཉིད་ལ་གསལ་བར་གསུངས་སོ། །གཉིས་པ་རིགས་སུ་འགྱུར་ཚུལ་ནི། སྤྱིར་སེམས་ཅན་གྱི་ཤེས་རྒྱུད་ལ་ཡོན་ཏན་སྐྱེ་རུང་ཞིང་། སྒྲིབ་པ་སྤང་དུ་རུང་བའི་རྒྱུ་ཙམ་ཞིག་ལ་རིགས་སུ་འཇོག་པར་དབུ་སེམས་གཉིས་ཀ་མཐུན་ཞིང་སྤང་དུ་རུང་ཡང་དྲི་མ་གློ་བུར་བར་སོང་བས་ཡིན་ལ། གློ་བུར་བའི་དོན་ལ་མི་མཐུན་ཏེ་འདི་ལྟར་དབུ་མ་པ་རྣམས་ནི་དྲི་མ་ཞེས་པ་བློས་བཏགས་ནས་བཞག་པ་ཙམ་ཡིན་གྱི་དོན་ལ་རྫས་སུ་མ་གྲུབ་པའི་སྟོང་ཉིད་ཡིན་པས་གློ་བུར་བར་འཇོག་གོ །སེམས་ཙམ་པ་རྣམས་ནི་དྲི་མ་ནི་སེམས་དང་སེམས་ལས་བྱུང་བ་གཞན་དབང་གི་ངོ་བོ་ཡིན་པས། རྫས་སུ་བདེན་ཡང་། ཕུང་པོའི་གནས་ལུགས་ལ་གོལ་བའི་གཙང་བདེ་རྟག་བདག་ཏུ་འཛིན་པའི་ཚུལ་མིན་ཡིད་བྱེད་ཀྱིས་བསྐྱེད་པས་དེ་ཡུལ་སུན་ཕྱུང་བའི་སྒོ་ནས་བཟློག་པར་ནུས་ལ། དེ་ལོག་པ་ན་འབྲས་བུར་གྱུར་བའི་ཆགས་སོགས་ཀྱང་རང་གི་ངང་གིས་ལྡོག་པར་འགྱུར་བའི་ཕྱིར་འབྲལ་རུང་ཡིན་པས་གློ་བུར་བར་འདོད་དོ། །དེས་ན་དབུ་མ་པ་ནི་སེམས་ཀྱི་རང་བཞིན་གཤིས་ལ་ཅིར་ཡང་མ་གྲུབ་པའི་སྟོང་ཉིད་དེ་རྟོགས་པ་ན་ཐ་སྙད་དུ་སྒྱུ་མ་ལྟ་བུའི་འཛིན་པ་མཐའ་དག་ཞི་བར་འགྱུར་ཞིང་། སྒྱུ་མ་ལྟ་བུའི་གཉེན་པོ་མཐའ་དག་སྐྱེ་བར་འགྱུར་བས། སེམས་ཀྱི་རང་བཞིན་དེ་ཉིད་ལ་ཀུན་རྫོབ་ཀྱི་ངོས་ནས་སྒྲོ་བཏགས་ཏེ་འདི་ནི་རང་བཞིན་དུ་གནས་པའི་རིགས་སོ་ཞེས་འཇོག་གོ །སེམས་ཙམ་པ་ནི་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་གཤིས་ལ་རང་གི་ངོ་བོས་དུས་ཐམས་ཅད་དུ་གྲུབ་ཅིང་དྲི་མ་དེ་དག་དེ་ལ་གཉེན་པོས་འབྲལ་དུ་རུང་ལ། ཅི་ཙམ་བྲལ་བ་དེ་ཙམ་དུ་ཡོན་ཏན་མཐའ་དག་སྐྱེད་པར་འགྱུར་བས་དེ་གཉིས་ཀྱི་གཞི་བྱེད་པས་ཆོས་ཉིད་རིགས་སུ་འདོད་དོ། ། དེ་ལྟ་ན་ཆོས་ཉིད་རིགས་སུ་འདོད་པར་མཚུངས་ཀྱང་དྲི་མའི་སྦྱང་གཞི་བདེན་པར་འདོད་མི་འདོད་མི་འདྲ་བའི་རིགས་སུ་འཇོག་པའི་རྒྱུ་མཚན་མི་མཚུངས་སོ། །དེས་ན་སེམས་ཙམ་གྱི་སྐབས་སུ་དྲི་མ་གདོད་ནས་ཟད་པར་གསུང་བ་རྣམས་ཕྱིན་ཅི་ལོག་གི་རྒྱུ་མཚན་གྱིས་བསྐྱེད་པས་གནས་ལུགས་ལ་མ་ཞུགས་པ་ཙམ་ལ་བཤད་ཀྱི། ངོ་བོ་ཉིད་མེད་པར་སྨྲ་བ་ལྟར་བློས་བཏགས་པའི་མིང་ཙམ་དུ་མི་བཤད་དེ་འདྲེས་པར་འགྱུར་བའི་ཕྱིར་རོ། །དྲི་མ་ཟད་མེད་སྐྱེ་མེད་ཀྱང་ལུགས་ཕྱི་མ་འདིའི་ཁྱད་ཆོས་ཡིན་པས་འདི་ལྟར་ན་སྤང་བྱ་རང་བཞིན་མེད་པར་ཤེས་པ་ཙམ་ལ་སྤངས་པའི་ཐ་སྙད་འདོགས་ཀྱི་སྤང་གཉེན་རྫས་ཐ་དད་དུ་བདེན་པར་མི་འདོད་དེ། སྒྱུ་མའི་གླང་པོས་སྒྱུ་མའི་གླང་པོ་གཞན་ཞིག་ཕམ་པར་བྱས་པ་ལྟར་རོ། །གཞན་ཡང་འདུས་བྱས་ལ་རིགས་སུ་འཇོག་པ་ནི་དེས་ཟག་མེད་སྐྱེད་པས་ཡིན་ལ་ཆོས་ཉིད་རིགས་སུ་འཆད་པ་ནི། དེ་ལ་དམིགས་པས་ཡོན་ཏན་སྐྱེད་པ་ཙམ་ལ་རིགས་སུ་འཇོག་གོ །དེ་ལྟར་དམིགས་རྐྱེན་དང་རྒྱུའི་རྐྱེན་གཉིས་ཀྱི་སྒོ་ནས་རིགས་སུ་འགྱུར་རོ། །གསུམ་པ་རིགས་ཀྱི་རབ་དབྱེ་ནི། ཐེག་པ་གསུམ་གྱི་རིགས་དང་མ་ངེས་པའི་རིགས་དང་རིགས་ཆད་པ་ལྔར་ལང་གཤེགས་ལས་གསུངས་ཏེ། ཕྱི་མ་ནི་གྲོལ་དཀའ་བ་ཙམ་ལ་དགོངས་ཀྱི་རིགས་གཏན་ཆད་མི་སྲིད་དེ། དྲི་མ་སྤང་དུ་མི་རུང་ན་སེམས་ཀྱི་རང་བཞིན་དུ་ཐལ་བར་འགྱུར་ལ། དེ་ལྟ་ན་སྲིད་པ་ལས་བརྒལ་བ་མི་སྲིད་པར་འགྱུར་ཏེ་མེ་ལ་མེའི་ཚ་བ་བཞིན་ནོ། །བཞི་བ་རིགས་ཀྱི་ངེས་ཚིག་ནི། རྒྱན་ལས། ཡོན་ཏན་ནི། སྒྲོལ་བའི་དོན་དུ་ཤེས་ས་བརྒྱད་པའི་དབང་དུ་བྱས་ནས་པར་བྱ། ཞེས་པ་ལྟར་འདི་ལས་ཡོན་ཏན་དག་སྐྱེ་ཞིང་འབྱུང་བས་རིགས་སོ། །མིང་གི་རྣམ་གྲངས་ནི། བྱང་ས་ལས། རིགས་དེ་ནི་གཞི་ཞེས་ཀྱང་བྱ། སྟོན་པ་དང་། རྒྱུ་དང་། རྟེན་དང་། ཉེར་གནས་དང་། སྔོན་དུ་འགྲོ་བ་དང་། གནས་ཞེས་ཀྱང་བྱའོ། །ཞེས་སོ། །གཉིས་པ་བརྟེན་ཆོས་སྒྲུབ་པ་བཅུ་གསུམ་བཤད་པ་ལ་གཉིས། སྒྲུབ་པ་བཅུ་གསུམ་སྤྱིར་བསྟན་པ་དང་། སྒྲུབ་པ་བཅུ་གཉིས་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་སྒྲུབ་པ་བཅུ་གསུམ་སྤྱིར་བསྟན་པ་ནི། བདག་མེད་པ་རྟོགས་པའི་ཆོས་ངེས་འབྱེད་བཞི་དང་། མཐོང་སྒོམ་གཉིས་ཏེ་རྟོགས་པའི་ཆོས་དྲུག་དང་། གཉེན་པོ་བར་ཆད་མེད་ལམ་དང་། སྤོང་བ་རྣམ་གྲོལ་གྱི་ལམ་དང་། སྤང་གཉེན་གྱི་རྣམ་རྟོག་དེ་དག་ཡོངས་སུ་གཏུགས་པ་སྟེ་སྤོང་བ་དང་། སྲིད་ཞི་གཉིས་ཀར་མི་གནས་པར་བྱེད་པའི་ཤེས་རབ་སྙིང་རྗེར་བཅས་པ་དང་། སློབ་མ་ཉན་ཐོས་དང་ཐུན་མོང་མིན་པའི་ལམ་དང་དགུ་བ་དང་། སྐལ་བཅུ་བའི་རྗེས་ཐོབ་བ་དང་འཚམ་པར་གཞན་དོན་གོ་རིམ་བཞིན་སྒྲུབ་པ་དང་། ཡེ་ཤེས་རྩོལ་བ་མི་མངའ་བར་འཇུག་པ་དང་བཅུ་གསུམ་གྱི་རྟེན་ལ་རིགས་ཞེས་བྱའོ། །གཉིས་པ་སྒྲུབ་པ་བཅུ་གཉིས་པ་བྱེ་བྲག་ཏུ་བཤད་པ་ནི། གཞན་དོན་གོ་རིམ་བཞིན་རྒྱུན་མཐའི་སྒྲུབ་པ་ནི་རང་རང་གི་སྐལ་བ་མཐུན་པར་ཐེག་པ་གསུམ་གྱི་ལམ་ལ་འགོད་པ་ཡིན་ལ། དེ་ཐབས་གང་གིས་འགོད་ན། ལྡེམ་དགོངས་བཞི་དང་དགོངས་པ་བཞིའི་སྒོ་ནས་སོ། །འདིའི་མཐའ་དཔྱད་པ་ལ་གསུམ། དགོངས་ལྡེམ་དགོངས་ཀྱི་ངོ་བོ། དེ་གཉིས་ཀྱི་ཁྱད་པར། དྲང་ངེས་གང་ཡིན་བསམ་པའོ། །དང་པོ་ལ་གཉིས། དགོངས་པ་དང་། ལྡེམ་དགོངས་སོ། །དང་པོ་ནི་མདོ་སྡེ་རྒྱན་ལས། མཉམ་པ་ཉིད་དང་དོན་གཞན་དང་། །དེ་བཞིན་དུ་ནི་དུས་གཞན་དང་། །གང་ཟག་གི་ནི་བསམ་པ་ལ། །དགོངས་པ་རྣམ་པ་བཞིར་ཤེས་བྱ། །ཞེས་པ་ལྟར་བཞི་ལས། མཉམ་པ་ཉིད་ལ་དགོངས་པ་ནི། ང་ཉིད་དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ། །ཞེས་པ་ལྟ་བུ་སྟེ། ཆོས་ཀྱི་སྐུ་མཉམ་པའོ། །དོན་གཞན་ལ་དགོངས་པ་ནི། ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་མ་སྐྱེས་པའོ་ཞེས་སོགས་གསུངས་པ་ལྟ་བུ་སྟེ། སྒྲ་ཇི་བཞིན་མ་ཡིན་པས་སོ། །དུས་གཞན་ལ་དགོངས་པ་ནི། གང་དག་བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་འདེབས་པ་དེ་དག་དེར་སྐྱེ་བར་འགྱུར་རོ་ཞེས་པ་ལྟ་བུ་སྟེ་ཤི་འཕོས་མ་ཐག་མི་སྐྱེ་ཡང་དུས་གཞན་ནའོ་སྙམ་དུ་དགོངས་པའོ། །གང་ཟག་གི་བསམ་པ་ལ་དགོངས་པ་ནི། དགེ་རྩ་འགའ་ཞིག་ཁ་ཅིག་ལ་ནི་བསྔགས་ལ། ཆུང་ངུས་ཆོག་ཤེས་པ་ཁ་ཅིག་ལ་ནི་སྨད་པ་ལྟ་བུའོ། །གཉིས་པ་ལྡེམ་དགོངས་ནི། རྒྱན་ལས། གཞུག་པ་ལྡེམ་པོར་དགོངས་པ་དང་། ། མཚན་ཉིད་ལྡེམ་པོར་དགོངས་པ་གཞན། །གཉེན་པོ་ལྡེམ་པོར་དགོངས་པ་དང་། །བསྒྱུར་བ་ལྡེམ་པོར་དགོངས་པ་སྟེ། །ཞེས་པ་ལྟར་བཞི་ལས། དང་པོ་གཞུག་པ་ལྡེམ་དགོངས་ནི། ཉན་ཐོས་རྣམས་བསྟན་པ་ལ་གཞུག་པའི་དོན་དུ་སྐྲག་པ་སྤང་བའི་ཕྱིར་གཟུགས་སོགས་ཡོད་པར་བསྟན་པའོ། །གཉིས་པ་མཚན་ཉིད་ལྡེམ་པོར་དགོངས་པ་ནི། མཚན་ཉིད་གསུམ་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་སོགས་སུ་བསྟན་པའོ། །དེ་ཡང་། ཀུན་བཏགས་རྫས་སུ་མེད་པས་མཚན་ཉིད་དང་། གཞན་དབང་རང་ལས་མི་སྐྱེ་གཞན་ལས་སྐྱེ་བས་སྐྱེ་བ་དང་། ཡོངས་གྲུབ་དོན་དམ་པ་མི་རྟོག་ཡེ་ཤེས་ཀྱི་དོན་ནམ་དམིགས་པ་ཡིན་ཞིང་གཞན་དབང་ལས་སོགས་སུ་མེད་པའི་ཕྱིར་དོན་དམ་ངོ་བོ་ཉིད་མེད་པ་ལ་དགོངས་ནས་ངོ་བོ་ཉིད་མེད་པར་བཤད་པ་ལྟར་རོ། །གསུམ་པ་གཉེན་པོ་ལྡེམ་པོར་དགོངས་པ་ནི། རྒྱན་ལས། སངས་རྒྱས་ཆོས་ལ་བརྙས་པ་དང་། །ལེ་ལོ་ཅུང་ཟད་ཆོག་འཛིན་དང་། །ང་རྒྱལ་འདོད་ཆགས་སྤྱོད་པ་དང་། ། འགྱོད་དང་མ་ངེས་ལྡོག་པ་ནི། །སེམས་ཅན་རྣམས་ཀྱི་སྒྲིབ་པ་སྟེ། །དེ་ཡི་གཉེན་པོར་ཐེག་མཆོག་གསུངས། །ཞེས་པ་ལྟར། ཉེས་པ་བརྒྱད་གདུལ་བའི་ཕྱིར་དུ་བསྟན་པ་ལྟ་བུ་སྟེ། སངས་རྒྱས་ལ་བརྙས་པའི་གཉེན་པོར་དགོངས་པ་དང་པོ་བཤད་པ་དང་། ལུང་གི་ཆོས་ལ་བརྙས་པའི་གཉེན་པོར་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སངས་རྒྱས་ལ་བསྙེན་བཀུར་བྱས་ན་གཟོད་ཐེག་ཆེན་གྱི་རྟོགས་པ་སྐྱེའོ་ཞེས་གསུངས་པ་ལྟ་བུའོ། །འདི་ཐེག་བསྡུས་སུ་དོན་གཞན་ལ་དགོངས་པར་བཤད་ལ། དེའི་དོན་བཤད་སྦྱར་དུ་ལུང་ལས་དོན་གཞན་ཐེག་ཆེན་གྱི་རྟོགས་པའི་ཆོས་ལ་དགོངས་ནས་གསུངས་པར་བཤད་དོ། །ལེ་ལོའི་སྒྲིབ་པའི་གཉེན་པོར་ནི་དུས་གཞན་ལ་དགོངས་པར་བཤད་པ་དང་། དེ་བཞིན་གཤེགས་པ་ཟླ་འོད་དྲི་མེད་ཀྱི་མཚན་སྨོས་པ་ཙམ་གྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པ་ཡིན་ནོ། །ཞེས་པ་ལྟ་བུའོ། །ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་གཉེན་པོར་ནི། ལ་ལར་སྦྱིན་སོགས་སྨད་ལ་གཞན་བསྔགས་པར་ལྟ་བུའོ། །ང་རྒྱལ་ལ་སྤྱོད་པའི་གཉེན་པོར་སངས་རྒྱས་ལ་ལའི་ཕུན་ཚོགས་བསྔགས་པ་ལྟ་བུའོ། །འདོད་ཆགས་ལ་སྤྱོད་པའི་གཉེན་པོར་སངས་རྒྱས་ཀྱི་ཞིང་གི་འབྱོར་བ་བསྔགས་པ་ལྟ་བུའོ། །འགྱོད་པའི་གཉེན་པོར་གང་དག་སངས་རྒྱས་བྱང་སེམས་ལ་གནོད་པ་བྱེད་པ་དེ་དག་མཐོ་རིས་སུ་འགྲོའོ་ཞེས་པ་ལྟ་བུའོ། །མ་ངེས་པ་ལྡོག་པའི་སྒྲིབ་པའི་གཉེན་པོར་ཉན་ཐོས་རྣམས་ལུང་བསྟན་པ་དང་། ཐེག་པ་གཅིག་ཏུ་བཤད་པ་ལྟ་བུའོ། །འདི་དང་དགོངས་པ་དང་། ལྡེམ་དགོངས་གཉིས་པ་རྣམས་སེམས་ཙམ་ཁོ་ནའི་འདོད་པའོ། །བཞི་པ་བསྒྱུར་བ་ལྡེམ་དགོངས་ནི། བརྗོད་བྱ་ཟབ་མོ་གཞན་དུ་འདྲེན་པ་ལ་བལྟ་སྟེ། ཇི་སྐད་དུ། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་ལེགས་པར་གནས། །ཉོན་མོངས་པས་ནི་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་པ་ལྟ་བུའོ། །སྙིང་པོ་ནི་སེམས་ཀྱི་རྣམ་གཡེང་ངོ་། །དེ་མེད་པ་ནི་སྙིང་པོ་མེད་པའོ། །ཕྱིན་ཅི་ལོག་ནི་གཙང་བདེ་རྟག་བདག་ལས་ལོག་པའོ། །ཉོན་མོངས་པ་ནི་ཡུན་རིང་བོར་དཀའ་སྤྱད་ཀྱིས་ངལ་བའོ། །དེ་དག་ནི་རྒྱན་ལས། ཉན་ཐོས་དང་ནི་ངོ་བོ་ཉིད། །དེ་བཞིན་ཉེས་པ་གདུལ་བ་དང་། །བརྗོད་པ་ཟབ་པ་ཉིད་ལ་ནི། །ལྡེམ་པོར་དགོངས་པ་རྣམ་པ་བཞི། །ཞེས་པ་ལྟར་རོ། །གཉིས་པ་དེ་གཉིས་ཀྱི་ཁྱད་པར་ནི། བཤད་སྦྱར་དུ། དགོངས་པ་ནི་ཡིད་ལ་བཞག་པ་ཙམ་ཡིན་གྱིས་ཕ་རོལ་ལ་ལྟོས་པར་ནི་ཁས་མི་ལེན་ཏོ། །ལྡེམ་པོར་དགོངས་པ་ནི། དེ་ཉིད་ཕ་རོལ་གཟུང་བ་ལ་ལྟོས་པའོ། །ཞེས་པ་ལྟར་སྒྲས་ཟིན་ཚོད་དེ་ཚིག་དེའི་དགོངས་པ་མིན་པར་ལོགས་སུ་བཤད་ནས་འདི་ལ་བསམས་ཏེ་གསུངས་སོ་ཞེས་སྨྲ་བ་པོའི་བསམ་པ་སྟོན་པའི་ཆ་ནས་དགོངས་པ་ཡིན་ལ། ཐད་ཀར་མི་སྟོན་པར་འཁྱོག་པོའི་ངག་གིས་བསྟན་པའི་དགོས་པ་འདིའོ་ཞེས་དགོས་པ་སྟོན་པའི་ཆ་ནས་ལྡེམ་པོར་དགོངས་པ་སྟེ། ལྡེམ་པོའམ་ལྡེའུའི་ངག་ནི་འཁྱོག་པོ་ཡིན་པས་སོ། །དེས་ན་དགོངས་ལྡེམ་དགོངས་གཉིས། དྲང་དོན་གྱི་གཞུང་གཅིག་ལ་འཇོག་ཚུལ་ཐ་དད་པས་བཞག་པ་ཡིན་ཏེ། དེ་ཡང་འདི་ལ་དགོངས་ནས་སོ། །ཞེས་དང་། འདིའི་ཆེད་དུ་གསུངས་སོ། །ཞེས་པ་གཉིས་སོ། །དགོངས་པ་ལ་ཕ་རོལ་གཟུང་བ་མི་ལྟོས་ཞེས་པ་ནི་དེའི་ཆ་ནས་དགོངས་པར་མི་འཇོག་ཅེས་པ་ཡིན་ལ། ལྡེམ་དགོངས་ལ་དེ་ཉིད་ཅེས་པས་གཉིས་ཀ་གཞི་གཅིག་ལ་བརྩི་བ་ཡིན་ཏེ་དགོངས་པ་དང་པོ་དང་ཐ་མ་གཉིས་གཉེན་པོ་ལྡེམ་དགོངས་སུ་བཤད་པ་ལྟ་བུའོ། ། གསུམ་པ་དྲང་ངེས་གང་ཡིན་བསམ་པ་ནི། འདི་དག་ཐམས་ཅད་དྲང་དོན་ཡིན་ཏེ། དགོངས་པ་ནི་སྒྲས་ཟིན་ལས་དགོངས་པ་གཞན་དུ་བཙལ་དགོངས་ལ། ལྡེམ་དགོངས་ནི་སྒྲ་ཇི་བཞིན་པ་མིན་པའི་ངག་ཡིན་པའི་ཕྱིར་རོ། །འོ་ན་ཐམས་ཅད་བསྒྱུར་བ་ལྡེམ་དགོངས་སུ་འགྱུར་ཞེ་ན། འདོད་པ་ཡིན་ཏེ་འདི་དག་ལྡོག་པས་ཕྱེ་བ་ཙམ་ཡིན་པའི་ཕྱིར་རོ། །འདི་དག་ཐམས་ཅད་དྲང་དོན་ཡིན་ན་ཐེག་བསྡུས་ལས། གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི་གང་དུ་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་བསྟན་པའོ། །ཞེས་གསུངས་པས་བཀའ་ཐམས་ཅད་དྲང་དོན་དུ་འགྱུར་ཞེ་ན། དེ་ནི་འདོད་ཆགས་དང་ཞེ་སྡང་དང་ང་རྒྱལ་དང་། རྣམ་རྟོག་ལ་སོགས་པའི་གཉེན་པོར་རིམ་པ་ལྟར་མི་སྡུག་ལ། བྱམས་པ། ཁམས་ཀྱི་རབ་དབྱེ། དབུགས་འབྱུང་རྔུབ་བགྲང་སོགས་ཀྱི་གཉེན་པོས་རྫོགས་པར་སྤངས་པར་བསྟན་པ་རྣམས་སྒྲ་ཇི་བཞིན་པ་མིན་ཏེ་དེ་དག་རེ་རེས་མ་ལུས་པ་སྤང་མི་ནུས་པས་སོ། །དེས་ན་དབང་པོ་གདུལ་དཀའ་བ་རྣམས་གཉེན་པོ་ཉི་ཚེ་བ་སྒོམ་པ་ལ་གཞུགས་པའི་ཕྱིར་དེ་ལ་དགོངས་པ་ཡིན་གྱི་བཀའ་ཐམས་ཅད་གཉེན་པོ་ལྡེམ་དགོངས་སུ་བསྟན་པ་མིན་ནོ། །གཉེན་པོ་ལ་ལྡེམ་དགོངས་མི་སྡུག་པ་སྒོམ་པ་སོགས་ལ་རྒྱན་གྱི་བཤད་སྦྱར་དང་དེའི་འགྲེལ་ཆེན་གཉིས་ཀྱིས་བཤད་དོ། །གཉིས་པ་སྒྲུབ་པའི་དམིགས་པ་ལ། རབ་དབྱེ་དང་ཇི་ལྟར་དམིགས་པའི་ཚུལ་གཉིས། དང་པོ་རབ་ཏུ་དབྱེ་བ་ནི་བཅུ་གཅིག་སྟེ། དགེ་སྦྱོང་གི་ཚུལ་ཟག་མེད་བར་ཆད་མེད་ལམ་དང་ཚུལ་ཁྲིམས་སོགས་དགེ་བ། སྲོག་གཅོད་པ་ལ་སོགས་མི་དགེ་བ། དགེ་མི་དགེ་གང་ཡང་མ་ཡིན་པའི་སྒོ་གསུམ་གྱི་ལས་དང་འབྱུང་བཞི་དབང་པོ་ལྔ་སོགས་ལུང་མ་བསྟན་དང་གསུམ། བྱིས་པའི་སྐྱེ་བོ་ཐམས་ཅད་ཀྱི་རྒྱུད་དང་འབྲེལ་བའི་ཕུང་ཁམས་སྐྱེ་མཆེད་དགེ་བཅུ་བསམ་གཟུགས་ཚད་མེད་མངོན་ཤེས་རྣམས་འཇིག་རྟེན་པའི་ལམ་དང་། འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱི་རྒྱུད་ཀྱིས་བསྡུས་པའི་བསམ་གཏན་བྱང་ཕྱོགས་རྣམ་ཐར་སྒོ་གསུམ། དབང་པོ་གསུམ། ཏིང་ངེ་འཛིན་གསུམ། རྣམ་ཐར་མཐར་གནས་སོགས་འཇིག་རྟེན་ལས་འདས་པའི་ལམ་མོ། །འཇིག་རྟེན་ལས་འདས་མ་འདས་འདི་ལ་སྤྱིར་ཞི་རགས་དང་བདེན་པའི་རྣམ་པ་ཅན་དང་། སྣང་བཅས་སྣང་མེད་དང་། ས་ཐོབ་མ་ཐོབ་ལ་བཤད་པ་ཡོད་ཀྱང་འདིར་ནི་རྒྱུད་དབང་བཙན་དུ་བྱས་པ་ཡིན་ནོ། །གང་ཟག་གི་བདག་ཏུ་ལྟ་བའི་གཉེན་པོ་བྱེད་ནུས་པ་མ་ཡིན་པ་མ་འོངས་པའི་ཕུང་པོ་ལ་འདུན་པ་དང་། ད་ལྟ་བའི་ཕུང་པོ་ལ་ལྷག་པར་ཆགས་པའི་ཕུང་པོ་ཁམས་སྐྱེ་མཆེད་བསམ་གཟུགས་ཚད་མེད་རྣམས་ཟག་བཅས་དང་། གང་ཟག་གི་བདག་དེར་ལྟ་བའི་གཉེན་པོ་དྲན་པ་ཉེར་བཞག་སོགས་ཟག་མེད་དོ། །ཟག་བཅས་ཟག་མེད་ཀྱི་དོན་ལ་ཡང་ཀུན་བཏུས་ལས། ཟག་པ་དེའི་བདག་ཉིད་དང་ཟག་པ་དང་འབྲེལ་བ་དང་། ཟག་པས་བཅིངས་པ་དང་། ཟག་པའི་རྗེས་སུ་འབྲེལ་བ་དང་། ཟག་པའི་རྗེས་སུ་མཐུན་པ་དང་། ཟག་པའི་རྒྱུ་ལས་བྱུང་བའི་ཕྱིར་ཟག་པ་དང་བཅས་པར་ལྟའོ། །ཞེས་ཟག་པའི་སྒོ་དྲུག་དང་འབྲེལ་མ་འབྲེལ་དང་། མཛོད་ནས་དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཟག་པ་རྒྱས་མི་རྒྱས་ལ་ཟག་བཅས་ཟག་མེད་དུ་བཤད་པ་ཡོད་ཀྱང་འདིར་ནི་ཟག་པའི་གཉེན་པོ་བྱེད་མི་བྱེད་ལ་བཞག་པས་མི་མཐུན་ནོ། །རྒྱུ་རྐྱེན་ལ་རག་ལས་པ་ཁམས་གསུམ་དང་། བྱང་ཕྱོགས་ནས་མ་འདྲེས་པའི་བར་འདུས་བྱས་དང་། རྒྱུ་ལ་མི་ལྟོས་པ་དེ་བཞིན་ཉིད་དང་འགོག་པ་གཉིས་ནམ་མཁའ་རྣམས་འདུས་མ་བྱས་དང་། འཕགས་པའི་སྐྱེ་བོ་ཕལ་ཆེ་བའི་རྒྱུད་ལས་འབྱུང་བའི་བསམ་གཟུགས་མངོན་ཤེས་སོགས་ཐུན་མོང་བ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྒྱུད་ལས་འབྱུང་བའི་སྟོབས་བཅུ་སོགས་ཐུན་མོང་མ་ཡིན་པའོ། །ཐུན་མོང་ཡིན་མིན་འདི་ལ་ཡང་ཆོས་དང་རྒྱུད་དབང་བཙན་དུ་བྱས་པ་གཉིས་ལས། ཆོས་ཀྱི་དབང་དུ་བྱས་ན་སྟོབས་དང་མ་འདྲེས་པ་སོགས་སངས་རྒྱས་ཁོ་ན་ལ་ཡོད་པ་རྣམས་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པ་དང་། རྒྱུད་ཀྱི་དབང་དུ་བྱས་ན་སྒྲིབ་པ་མ་ལུས་པ་དག་པའི་རྒྱུད་ལ་ཡོད་པའི་ཕྱིར་སངས་རྒྱས་ཀྱི་སའི་སྤྱན་དང་མངོན་ཤེས་སོགས་ཐམས་ཅད་ཀྱང་ཐུན་མོང་མ་ཡིན་པ་ཡིན་པས་འདིར་རྒྱུད་ཀྱི་དབང་དུ་བྱས་པར་ཉི་སྣང་ལས་བཤད་དོ། །གཉིས་པ་ཇི་ལྟར་དམིགས་ཚུལ་ནི། དང་པོར་བྱང་སེམས་ལ་བདག་གི་བླང་བྱ་དོར་བྱ་བཏང་སྙོམས་སུ་བྱ་བ་གང་ཡིན་སྙམ་པའི་བློ་སྐྱེ་བས། དེ་ལ་ལྟོས་ཏེ་དང་པོ་གསུམ་མོ། །དེ་ནས་བླང་བྱ་ཉེ་བར་བཟུང་ནས་དེ་ལ་ཡང་དང་པོ་དང་ཕྱིས་བླང་བྱ་གང་སྙམ་པ་ལས་འཇིག་རྟེན་པའི་ལམ་དང་འདས་པ་གཉིས་སོ། །དེ་ནས་ཕྱི་མ་དེའི་སྤང་བྱ་དང་ངོ་བོ་གང་སྙམ་པས་ཟག་པ་ཡོད་མེད་དོ། །ཟག་མེད་དེའི་དམིགས་པ་གང་སྙམ་པས་འདུས་བྱས་ཀུན་རྫོབ་དང་འདུས་མ་བྱས་དོན་དམ་མོ། །དེ་ནས་འདུས་བྱས་བཞག་ནས་འདུས་མ་བྱས་ལ་དམིགས་པའི་འབྲས་བུ་ལ་ཐུན་མོང་ཡིན་མིན་གཉིས་སོ། །འདུས་བྱས་ལ་དམིགས་པ་ལ་ཡང་འབྲས་བུ་ཡོད་མོད་ཀྱིས་འཕགས་པའི་གང་ཟག་རྣམས་ནི་འདུས་མ་བྱས་རྟོགས་ཚུལ་གྱིས་རབ་ཏུ་ཕྱེ་བ་ཡིན་པས་འདུས་བྱས་ལ་དམིགས་པའི་འབྲས་བུ་མ་བསྟན་ནོ། །གསུམ་པ་སྒྲུབ་པའི་ཆེད་དུ་བྱ་བ་ནི་ཆེན་པོ་གསུམ་སྟེ། འདི་ལ་ཟླ་འོད་དང་དག་ལྡན་གྱི་དགོངས་པ་ལྟར་ན། རྡོ་རྗེ་ལྟ་བུ་ལ་སོགས་པ་སེམས་ཆེན་པོ། ལྟ་བ་ཐམས་ཅད་སྤང་བའི་དོན་དུ་ཆོས་སྟོན་པ་སྤོང་བ་ཆེན་པོ། བྱང་ཆུབ་ཀྱི་སེམས་ལ་སོགས་པ་ལ་ཞེན་པ་མེད་པ་རྟོགས་པ་ཆེན་པོའོ། །འདི་ལྟར་ན་ཆེན་པོ་གསུམ་བྱང་སེམས་ཀྱིས་བྱས་ནས་མཆོག་ཉིད་ཆེན་པོ་སངས་རྒྱས་ལ་འདོད་དོ། །འཕགས་པའི་བཞེད་པ་ལྟར་ན་བསྒྲུབ་བྱ་དང་། སྒྲུབ་བྱེད་གཉིས་ལས། དང་པོ་ནི། སེམས་ཅན་གྱི་ཕུང་པོ་ཆེན་པོ་དང་། སེམས་ཅན་གྱི་སྡེ་ཆེན་པོ་ཉིད་ཀྱི་མཆོག་ཏུ་གྱུར་པ་མཆོག་ཆེན་པོ། སྒྲིབ་གཉིས་མ་ལུས་པར་སྤངས་པ་སྤང་པ་ཆེན་པོ། ཇི་ལྟ་དང་ཇི་སྙེད་ཐམས་ཅད་རྟོགས་པས་ཡུལ་གང་ལ་ཡང་ཆགས་པ་དང་བྲལ་བའི་རྟོགས་པ་ཆེན་པོའོ། །དེ་ལ་སེམས་ཅན་གྱི་ཕུང་པོ་ནི་སྤྱི་དང་སྡེ་ནི་རིགས་ལ་སོགས་པ་ཁྱད་པར་རོ། །གཉིས་པ་དེ་སྒྲུབ་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡོད་པ་སྟེ། སེམས་ཅན་ཀུན་གྱི་མཆོག་ཉིད་དུ་བྱེད་པའི་སེམས་རྣམ་པ་དྲུག་དང་། ལྟ་བ་ཐམས་ཅད་སྤང་བའི་སླད་དུ་མི་དམིགས་པའི་ཚུལ་གྱིས་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་ཞིང་ཁམས་གསུམ་དུ་མ་གཏོགས་པའི་བྱང་ཆུབ་ཀྱི་སེམས་ཆགས་པ་མེད་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་འཇོག་པའི་རྒྱུ་གསུམ་མོ། །དེ་ལ་སེམས་རྣམ་པ་དྲུག་ནི། རྡོ་རྗེ་ལྟ་བུའི་སེམས་དང་། རླབས་པོ་ཆེའི་སེམས་དང་། མི་སྒུལ་བའི་སེམས་དང་། ཕན་པའི་སེམས་དང་། ཆོས་ལ་ཀུན་དགའ་བས་ཡུམ་གྱི་རྣལ་འབྱོར་ལ་བརྩོན་པའི་སེམས་དང་། རྣམ་བྱང་གི་ཆོས་ཐམས་ཅད་ལ་གནས་ནས་སེམས་ཅན་ཀུན་གྱི་མཆོག་ཏུ་འགྱུར་བར་བྱ་བའི་སེམས་སོ། །དང་པོ་ནི། སེམས་ཅན་ཀུན་གྱི་དོན་དུ་སྲིད་པ་ཇི་སྲིད་པར་གོས་གྱོན་ཏེ་ལུས་དཔག་ཏུ་མེད་པ་འཛིན་ཅིང་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། སེམས་ཅན་ལ་སེམས་མཉམ་ཞིང་ཐེག་གསུམ་གྱིས་མྱ་ངན་ལས་འདས་ཀྱང་ཆོས་ཐམས་ཅད་སྐྱེ་མེད་དུ་ཤེས་པས་འདས་པ་མེད་པར་རྟོགས་པ་དང་། ཉན་རང་གི་ཡིད་དང་མ་འདྲེས་པའི་སེམས་ཀྱིས་ཕྱིན་དྲུག་ལ་སྤྱད་དེ་ཆོས་རྣམས་ཚུལ་གཅིག་ཏུ་རྟོགས་པར་བྱེད་པ་དང་། སེམས་ཅན་རེ་རེའི་དོན་དུ་ཡང་དེ་རྣམས་མྱ་ངན་ལས་མ་འདས་ཀྱི་བར་དུ་དེ་དག་གི་སྡུག་བསྔལ་མྱང་བར་བྱའོ་ཞེས་ཁས་བླངས་ནས་ཕྱིས་རང་གི་ཚོགས་ཡོངས་སུ་རྫོགས་པར་བྱ་སྟེ་བྱང་ཆུབ་འདོད་པའོ། །གཉིས་པ་ནི། སེམས་དང་པོ་བསྐྱེད་ཕྱིན་ཆད་ཆགས་སོགས་དང་ཉན་རང་གི་སེམས་མི་བསྐྱེད་པའོ། །གསུམ་པ་ནི། ཐེག་ཆེན་སེམས་བསྐྱེད་ཀྱིས་རློམ་པ་མེད་པའོ། །བཞི་པ་ནི། སེམས་ཅན་སྐྱོབ་ཅིང་མི་གཏོང་ལ་དེས་རློམ་པ་མེད་པའོ། །ལྔ་པ་ནི། ཆོས་ཐམས་ཅད་ཀྱི་དབྱེར་མེད་པའི་དེ་བཞིན་ཉིད་ལ་ལན་མང་དུ་ཡིད་ལ་བྱེད་པའོ། །དྲུག་པ་ནི། སྟོང་པ་ཉིད་ཆོས་སོ་བདུན་སྟོབས་མི་འཇིགས་པ་སོ་སོ་ཡང་དག་པར་རིག་པ་མ་འདྲེས་པ་དང་། རྡོ་རྗེ་ལྟ་བུ་ནས་ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པའི་ཏིང་ངེ་འཛིན་གྱི་བར་ལ་གནས་པའོ། །དེ་ལ་ཆེད་དུ་བྱ་བ་དངོས་ནི་བསྒྲུབ་བྱ་སངས་རྒྱས་ཀྱི་ས་ན་ཡོད་པ་ཉིད་ཡིན་ནོ། །བཞི་པ་སྒྲུབ་པ་རང་གི་ངོ་བོ་ལ་གཉིས། སྤྱིའི་ངོ་བོ་དང་། སོ་སོའི་དོན་ནོ། །དང་པོ་ལ་གཉིས། ཡུལ་དང་སྦྱོར་བའི་སྒྲུབ་པའོ། ། དང་པོ་ནི། མཁྱེན་གསུམ་གྱི་ཡུལ་ལ་ཐོས་བསམ་གྱིས་ཉམས་སུ་ལེན་པའི་སྤྱིའི་སྒྲུབ་པ་སྟེ་སྦྱིན་སོགས་སུ་མགོ་མིག་མ་བཏོད་པའི་སྤྱིའི་སྒྲུབ་པའོ། །གཉིས་པ་ནི། རྣམ་ཀུན་ལ་སོགས་པ་མངོན་རྟོགས་སྦྱོར་བ་བཞི་སོ་སོར་ཕར་ཕྱིན་དྲུག་གི་རྟེན་ཅན་དུ་སྒྲུབ་པའོ། །དེ་ཡང་ཕྱིན་དྲུག་ལ་འབད་རྩོལ་གྱིས་གོམས་པར་བྱེད་པའི་བྱ་བ་ནི་རྣམ་ཀུན། དེ་དྲུག་ལ་འབད་རྩོལ་ཞི་བའི་རྣམ་པས་སྒོམ་པའི་བྱ་བ་ནི་རྩེ་མོ། དེ་དྲུག་ལ་ནུས་པ་མཐར་ཐུག་ཐོབ་པའི་དོན་དུ་དཀར་ཆོས་གཞན་དང་སྦྲེལ་ཞིང་རིམ་ཅན་དུ་སྒོམ་པ་རིམ་གྱིས། དེ་དག་རེ་རེས་རྟོགས་པར་བྱེད་པའི་སྒོམ་པའི་བྱ་བ་སྐད་ཅིག་མའི་སྒྲུབ་པའོ། །ཆོས་སྐུ་ནི་བྱ་བ་ཡོངས་སུ་ཆད་པའི་གནས་སྐབས་ཡིན་པས་བྱ་བའི་ཡུལ་མ་ཡིན་ནོ། །གཉིས་པ་སོ་སོའི་དོན་ལ་བཞི། ཐེག་ཆེན་ལ་གོ་བགོས་པ་དང་། ཞུགས་པ་དང་། ཞུགས་པ་མཐར་ཕྱིན་བྱེད་དང་། མཐར་ཕྱིན་པའི་སྒྲུབ་པའོ། ། དང་པོ་ནི། གོ་ཆའི་སྒྲུབ་པ་ཡིན་ཏེ། འདི་ལ་དྲུག །ཕྱིན་དྲུག་གི་རང་བཞིན། གྲངས་ངེས་པ། གོ་རིམ་ངེས་པ། སྒྲུབས་པའི་ཚུལ། བསྒྲུབ་པའི་འབྲས་བུ། སྒྲ་བཤད་པའོ། །དང་པོ་ལ་སྦྱིན་པ་ནི། གཏོང་བའི་སེམས་དཔའ་ཆོས་བཞི་ལྡན་ནོ། །ཆོས་བཞི་ནི། མི་མཐུན་ཕྱོགས་སེར་སྣ་ཉམས་པ་དང་། ཆོས་ཀྱི་བདག་མེད་རྟོགས་པས་རྣམ་པར་མི་རྟོག་པ་དང་ལྡན་པ་དང་། གང་འདོད་པ་བྱིན་པས་འདོད་པ་རྫོགས་པར་བྱེད་པ་དང་། སྦྱིན་པས་བསྡུས་ནས་ཐེག་གསུམ་གྱི་སྐལ་བ་ཇི་ལྟ་བ་བཞིན་དུ་སྨིན་པར་བྱེད་པའོ། །དེ་བཞིན་དུ་སྤོང་སེམས་དང་། མི་འཁྲུགས་པ་དང་། དགེ་བ་ལ་སྤྲོ་བ་དང་། སེམས་རྩེ་གཅིག་པ་དང་། ཆོས་རབ་ཏུ་རྣམ་འབྱེད་ཆོས་བཞི་ལྡན་ནོ། །དེ་ལ་མི་མཐུན་ཕྱོགས་ནི་རང་རང་གི་སྐབས་ཀྱི་ཡིན་ལ། འདོད་པ་རྫོགས་པར་བྱེད་པ་ནི། རིམ་པ་ལྟར་ལུས་ངག་གི་སྒོ་ནས་གཞན་ལ་གནོད་པ་བསྡམ་པ་དང་། གཞན་གྱི་གནོད་པར་བྱས་པ་བཟོད་པས་དང་། སེམས་ཅན་རྣམས་ཀྱི་ལས་སུ་བྱ་བ་གང་དང་གང་གི་གྲོགས་བྱེད་པས་དང་། སྤྲུལ་པ་བྱས་ནས་སེམས་ཅན་གྱི་ཡིད་བཞིན་དུ་སྤྲུལ་པས་དང་། སེམས་ཅན་གྱི་ཐེ་ཚོམ་གཅོད་པས་འདོད་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་དག་རེ་རེ་ཡང་གསུམ་གསུམ་དུ་ཕྱེ་བས་བཅོ་བརྒྱད་དུ་འགྱུར་བ་ནི། དང་པོ་ལ་ཆོས། ཟང་ཟིང་། མི་འཇིགས་པའོ། ། གཉིས་པ་ལ་སེམས་ཅན་དོན་བྱེད་དགེ་བ་ཆོས་སྡུད་སྡོམ་པའོ། །གསུམ་པ་ལ་གནོད་པ་ལ་ཇི་མི་སྙམ་པ། སྡུག་བསྔལ་དང་ལེན། ཆོས་ལ་ངེས་སེམས་སོ། །བཞི་པ་ལ་གོ་ཆ་སྦྱོར་བ་སེམས་ཅན་གྱི་དོན་བྱ་བའོ། །ལྔ་པ་ལ་མཐོང་ཆོས་བདེར་གནས། ཡོན་ཏན་མངོན་པར་སྒྲུབ་པ། སེམས་ཅན་གྱི་དོན་བྱ་བའོ། །དྲུག་པ་ལ་ཀུན་རྫོབ་རྣམ་པར་མི་རྟོག་པའི་སྦྱོར་བ། དངོས་གཞི་རྗེས་ལ་ཐོབ་པའི་ཤེས་རབ་བོ། །དོན་དམ་སེམས་ཅན་ལ་དམིགས་པའོ། །གཉིས་པ་གྲངས་ངེས་པ་ནི། བསླབ་གསུམ་རྒྱུད་ལ་བསྐྱེད་པ་ལ་དྲུག་དགོས་པའི་ཕྱིར་ཏེ། ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ལེན་ཞིང་། དེ་གཤེ་བ་ལ་སླར་མི་གཤེ་བ་སོགས་ཀྱི་བཟོད་པས་སྲུང་བའི་ཚུལ་ཁྲིམས་སྒྲུབ་པ་ལ་དང་པོ་གསུམ་མོ། །ཐ་མ་གཉིས་ཀྱིས་སེམས་དང་ཤེས་རབ་ཀྱི་བསླབ་པ་རྣམ་པ་གཉིས་བསྡུས་སོ། །བརྩོན་འགྲུས་ནི་ཐམས་ཅད་ཀྱི་གྲོགས་ཡིན་པས་གསུམ་ཆར་ལ་གཏོགས་སོ། ། གསུམ་པ་གོ་རིམ་ངེས་པ་ནི། རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྟེ། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། །ཞེས་སོ། །དེ་ལ་སྐྱེ་བའི་རིམ་པ་ནི། ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ལེན་ནོ། །ཚུལ་ཁྲིམས་དང་ལྡན་ན་བཟོད་དོ། །བཟོད་པ་དང་ལྡན་ན་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་བརྩམས་ན་ཏིང་ངེ་འཛིན་སྐྱེའོ། །སེམས་མཉམ་པར་བཞག་ན་ཇི་ལྟ་བ་བཞིན་ཤེས་སོ། །དམན་མཆོག་ནི་སྔ་མ་རྣམས་དམན་ལ་ཕྱི་མ་རྣམས་བཟང་བའོ། །རགས་ཕྲའི་རིམ་པ་ནི་སྔ་མ་རྣམས་ལ་འཇུག་པ་དང་བྱ་སླ་ལ་ཕྱི་མ་རྣམས་ལ་དེ་དག་ཆེས་དཀའ་བའོ། །བཞི་པ་སྒྲུབ་ཚུལ་ནི། རྒྱན་ལས། རེ་བ་མེད་པའི་སྦྱིན་པ་དང་། །ཡང་སྲིད་མི་འདོད་ཚུལ་ཁྲིམས་དང་། །ཐམས་ཅད་ལ་ནི་བཟོད་པ་དང་། །ཡོན་ཏན་ཀུན་འབྱུང་བརྩོན་འགྲུས་དང་། །དེ་བཞིན་བསམ་གཏན་གཟུགས་མེད་མིན། །ཤེས་རབ་ཐབས་དང་ལྡན་པ་ཡིས། །ཕ་རོལ་ཕྱིན་པ་དྲུག་པོ་ལ། ། བརྟན་པ་རྣམས་ཀྱིས་ཡང་དག་སྦྱོར། །ཞེས་པ་བཞིན་ཡིན་ལ། ཡང་ན་ཐེག་བསྡུས་ལས། བྱང་ཆུབ་ཀྱི་སེམས་ལ་བརྟེན་པས་རྟེན་དམ་པ། དངོས་པོ་ཐམས་ཅད་སྤྱོད་པས་དངོས་པོ་དམ་པ། སེམས་ཅན་གྱི་དོན་དུ་སྤྱོད་པས་ཆེད་དུ་བྱ་བ་དམ་པ། འཁོར་གསུམ་དུ་མི་རྟོག་པས་ཟིན་པས་ཐབས་ལ་མཁས་པ་དམ་པ། བྱང་ཆུབ་ཏུ་བསྔོས་པས་བསྔོ་བ་དམ་པ། སྒྲིབ་པ་གཉིས་དག་པར་བྱས་པའི་དག་པ་དམ་པ་སྟེ་རེ་རེ་ཡང་དམ་པ་དྲུག་ལྡན་དུ་སྒྲུབ་པར་བཤད་པ་ལྟར་རོ། །འདིར་གོ་སྒྲུབ་དངོས་ཀྱི་དབང་དུ་བྱས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རེ་རེ་ལ་ཡང་དྲུག་དྲུག་ཚང་བར་ཉམས་སུ་ལེན་པ་སྟེ། འདིའི་སྐབས་སུ་སྦྱིན་པའི་གོ་ཆ་ནི། གནོད་འཇོམས་གཉིས། ལེ་བརྒྱད་མ། ཁྲི་བརྒྱད་སྟོང་པ་རྣམས་ལས། དགེ་རྩ་སེམས་ཅན་དང་ཐུན་མོང་དུ་བྱས་ཏེ་བྱང་ཆུབ་ཏུ་བསྔོ་བ་ལ་བཤད་ལ། རང་དེ་ལ་གནས་གཞན་དེ་ལ་འགོད་པར་བཤད་པ་ཡང་ཡོད་དོ། །ཚུལ་ཁྲིམས་ཀྱི་གོ་ཆ་ནི། ཉན་རང་གི་བློ་དང་མ་འདྲེས་པ་ལ་ཐམས་ཅད་བཞེད་དོ། །བཟོད་པ་ནི། གནོད་འཇོམས་གཉིས་སུ་འཁོར་གསུམ་མི་དམིགས་པ་ལ་བཤད་ཅིང་། གཞན་རྣམས་སྐྱེ་བོ་ཐམས་ཅད་ཀྱིས་གཤེ་བ་སོགས་ལ་ཁོང་མི་ཁྲོ་བ་ལ་བཞེད་དོ། །བརྩོན་འགྲུས་ནི། གནོད་འཇོམས་ལས་སེམས་ཅན་གྱི་དོན་དུ་བསྔོས་པས་དགེ་བ་ལ་བརྩོན་པ་འཕེལ་བ་དང་། གཞན་རྣམས་དགེ་བ་འདོད་པའི་འདུན་པ་དྲག་པོ་བསྐྱེད་པ་ལ་བཞེད་དོ། །བསམ་གཏན་གྱི་གོ་ཆ་ནི། ཉི་སྣང་དང་རྒྱན་སྣང་དུ་ཐེག་པ་གཞན་དང་མ་འདྲེས་པས་དགེ་རྩ་བསྔོ་བ་ལ་བཤད་ཅིང་ལེ་བརྒྱད་མ་དང་ཁྲི་བརྒྱད་སྟོང་པར་ཡང་དེ་བཞིན་བཤད། གཞན་རྣམས་རྣམ་མཁྱེན་ལ་སེམས་རྩེ་གཅིག་པ་ཙམ་ལ་བཞེད་དོ། །ཤེས་རབ་ནི། ཉི་སྣང་དང་རྒྱན་སྣང་དུ་སྒྱུ་མའི་འདུ་ཤེས་ཉེ་བར་གནས་པས་འཁོར་གསུམ་མི་དམིགས་པ་དང་། གནོད་འཇོམས་ལས་ཀུན་རྫོབ་ལ་བརྟེན་ནས་བྱང་ཆུབ་ཏུ་བསྔོ་བ་དང་དོན་དམ་ལ་བརྟེན་ནས་འཁོར་གསུམ་མི་དམིགས་པ་ལ་བཤད་དེ་འདི་གཉིས་འདྲ་ལ། ལེ་བརྒྱད་མར་དགེ་རྩས་རློམ་སེམས་སུ་མི་བྱེད་ཅིང་མི་དམིགས་པ་རྐྱང་བ་དང་། ཁྲི་བརྒྱད་སྟོང་པ་ལས་བསྔོ་བ་ལ་ཤེས་རབ་ཏུ་བཤད་དོ། །ལྔ་པ་བསྒྲུབས་པའི་འབྲས་བུ་ནི། རིན་ཆེན་ཕྲེང་བ་ལས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པས་མདངས་ལྡན་བརྩོན་པས་བརྗིད། །བསམ་གཏན་གྱིས་ཞི་བློ་ཡིས་གྲོལ། །སྙིང་བརྩེ་བས་ནི་དོན་ཀུན་འགྲུབ། །བདུན་པོ་འདི་དག་མ་ལུས་པ། །ཅིག་ཆར་ཕ་རོལ་ཕྱིན་པ་ཡིས། །ཡེ་ཤེས་བསམ་མི་ཁྱབ་པའི་ཡུལ། །རྣམ་པ་ཐམས་ཅད་མཁྱེན་ཉིད་ཐོབ། །ཅེས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་གསུངས་པ་ལྟར་རོ། ། དྲུག་པ་སྒྲ་བཤད་པ་ནི། རྒྱན་ལས། དབུལ་བ་འདོར་བར་བྱེད་པ་དང་། །བསིལ་བ་ཐོབ་དང་ཁྲོ་བཟོད་དང་། །མཆོག་སྦྱོར་བ་དང་ཡིད་འཛིན་དང་། །དོན་དམ་ཤེས་པའི་ཕྱིར་བཤད་དོ། ། ཞེས་པ་ལྟར་རོ། །གཉིས་པ་འཇུག་པའི་སྒྲུབ་པ་ལ་གཉིས། འཇུག་སྒྲུབ་དངོས་བཤད་པ་དང་། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་འཇུག་སྒྲུབ་དགུ་སྟེ། རྣམ་རྟགས་མཚན་མ་རྣམས་ནམ་མཁའ་དང་འདྲ་བར་མི་དམིགས་པར་ཡིད་ལ་བྱེད་པའི་བསམ་གཟུགས་སྒོམ་པ་དང་། འདིའི་རྣམ་རྟགས་མཚན་མ་གསུམ་ནི། སྤང་གཉེན་ཕན་ཡོན་གསུམ་མམ། ཞི་རགས་ཚོར་བ་རོ་མྱང་གསུམ་མོ། །ཉན་རང་ཡིད་བྱེད་དང་བྲལ་ཞིང་རྣམ་མཁྱེན་ལ་དམིགས་པའི་ཕྱིན་དྲུག །བྱང་ཕྱོགས་ནས་མ་འདྲེས་པའི་བར་སྒོམ་པའི་ལམ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཚད་མེད། སྟོང་ཉིད་བཅོ་བརྒྱད་ཀྱི་རང་བཞིན་དམིགས་མེད། སྦྱིན་པ་སྦྱིན་པོ་སྦྱིན་ཡུལ་སོགས་དམིགས་པ་མེད་པའི་འཁོར་གསུམ་རྣམ་དག །བྱང་ཕྱོགས་སོགས་ལམ་གྱི་ཆོས་ལ་མངོན་ཞེན་མ་ལུས་པར་འགག་པའི་ཆེད་དུ་བྱ་བ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་མངོན་ཤེས། ལྷ་དང་བཅས་པས་བསྐོར་བར་མི་ནུས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྒྱུ་རྣམ་མཁྱེན་ཏེ་འཇུག་ཡུལ་ཐེག་ཆེན་དགུ་ལ་འཇུག་པའི་སྒྲུབ་པ་དགུའོ། །གཉིས་པ་རྟོགས་དཀའ་བྱེ་བྲག་ཏུ་བཤད་པ་ལ། བསམ་གཏན་གཟུགས་མེད་དང་། ཚད་མེད་བྱེ་བྲག་ཏུ་བཤད་པའོ། །དང་པོ་བསམ་གཟུགས་བཤད་པ་ལ་བཞི། གང་གིས་ཐོབ་བྱེད་ཀྱི་རྒྱུ། གང་ཞིག་ཐོབ་བྱའི་ངོ་བོ། དེ་ལྟར་ཐོབ་པའི་རྟགས། ཐོབ་པ་པོའི་གང་ཟག་གོ །དང་པོ་གང་གིས་ཐོབ་བྱེད་ཀྱི་རྒྱུ་ལ་གསུམ། བསམ་གཏན་དང་པོའི་ཐོབ་བྱེད་བཤད་པ། ལྷག་མ་དེ་དང་མཚུངས་པར་བསྟན། ལམ་དགུ་པ་གང་དུ་གཏོགས་བསམ་པའོ། །དང་པོ་བསམ་གཏན་དང་པོའི་ཐོབ་བྱེད་ནི། ཡིད་བྱེད་བདུན་ཏེ། དང་པོར་འདོད་པ་ནི་སྡུག་བསྔལ་ཆེས་རྒྱས་ཤིང་མ་ཞི་བ་དང་། ཆེས་ཚེ་ཐུང་ལ་བསམ་གཏན་དང་པོ་ནི་དེ་ལས་བཟློག་པས་རགས་པ་དང་ཞི་བའོ། ། ཞེས་ཐོས་བསམ་འདྲེས་མར་ཡིད་ལ་བྱེད་པ་ནི་ཁམས་གོང་འོག་གི་མཚན་ཉིད་སོ་སོར་གཅོད་པས་མཚན་ཉིད་རབ་ཏུ་རིག་པའི་ཡིད་བྱེད་དོ། །དེ་ལྟར་གོང་འོག་ལ་ཞི་རགས་སུ་མོས་པར་བྱས་པ་ལས་ཐོས་བསམ་ལས་འདས་ནས་ཞི་གནས་དང་ལྷག་མཐོང་དུ་སོན་པ་ནི་མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པའོ། །དེ་ཡུན་རིང་དུ་འདྲེས་པར་བྱས་པའི་མཐུས་ཐོག་མ་ཁོ་ནར་འདོད་པའི་ཉོན་མོངས་ཆེན་པོ་གསུམ་སྤོང་བའི་ལམ་སྐྱེ་བར་འགྱུར་ཞིང་སྐྱེས་པའི་ལམ་དེ་དང་ལྡན་པའི་ཡིད་བྱེད་ནི་རབ་ཏུ་དབེན་པའི་ཡིད་བྱེད་དོ། །དེས་འདོད་པའི་ཉོན་མོངས་དང་དེའི་ཕྱོགས་ཀྱི་གནས་ངན་ལེན་དང་བྲལ་བར་བྱས་པ་ན་དེ་ནས་ཉོན་མོངས་སྤོང་བ་དང་དེས་དབེན་པ་ལ་དགའ་བར་འགྱུར་ཞིང་། དེ་གཉིས་ལ་ཕན་ཡོན་དུ་མཐོང་ནས་དབེན་པ་ལས་སྐྱེས་པའི་དགའ་བདེ་ཆུང་ངུས་རེག་པ་ན། གཉིད་རྨུགས་དང་རྒོད་པ་དང་བྲལ་བར་བྱ་བའི་ཕྱིར་དུས་དུས་སུ་རབ་ཏུ་དྭངས་པར་འགྱུར་བའི་ཡིད་བྱེད་ཀྱིས་དང་བར་བྱེད་ཅིང་། སྐྱོ་བར་འགྱུར་བའི་ཡིད་བྱེད་ཀྱིས་སྐྱོ་བར་བྱེད་པ་ནི་དགའ་བ་སྡུད་པའི་ཡིད་བྱེད་དེ་ཉོན་མོངས་པ་འབྲིང་གསུམ་སྤོང་བའི་གནས་སྐབས་སོ། །རབ་ཏུ་དང་བ་དང་སྐྱོ་བར་འགྱུར་བའི་ཡིད་བྱེད་ནི་རིམ་པ་ལྟར། སྤོང་བ་ལ་འདོད་པ་དང་། མ་སྤང་བ་ལ་ཉེས་དམིགས་ཀྱི་རྣམ་པར་སྒོམ་པའོ། ། དེ་ལྟར་སྤོང་བ་ལ་བརྩོན་པ་ན་རྒྱུའམ་གནས་ཀྱང་རུང་སྟེ་དགེ་བ་ལ་སྦྱོར་བའི་གེགས་བྱེད་པའི་འདོད་པའི་ཀུན་དཀྲིས་མི་འབྱུང་བ་ན་འདི་སྙམ་དུ། ཅི་འདི་བདག་ལ་ཡོད་བཞིན་དུ་མི་མྱོང་ངམ། འོན་ཏེ་མེད་པས་མི་མྱོང་སྙམ་ནས་སྡུག་པའི་རྣམ་པ་ཡིད་ལ་བྱས་པས་འདོད་པ་ལ་འདུན་པ་འབྱུང་བ་ན། འདི་སྙམ་དུ་བདག་གི་སེམས་འདོད་པ་ལ་ཆགས་པ་དང་མ་བྲལ་ལོ་སྙམ་དེས་སྤང་བྱ་ལྷག་མ་སྤང་བའི་ཕྱིར་ཞི་རགས་སུ་སྒོམ་པ་ནི་དཔྱོད་པའི་ཡིད་བྱེད་དོ། །དེ་ལྟར་དུས་དུས་སུ་སྤང་མ་སྤངས་དཔྱོད་པ་ན་སྤང་བའི་ཕྱིར་འདོད་པའི་ཉོན་མོངས་ཆུང་ངུ་གསུམ་གྱི་གཉེན་པོ་སྐྱེས་པ་ནི། སྦྱོར་བ་མཐར་ཐུག་པའི་ཡིད་བྱེད་དེ། དེ་ཡང་རེ་ཞིག་ཙམ་སྤང་བ་ཡིན་གྱི། གཏན་སྤངས་པ་ནི་མིན་ཏེ། ས་བོན་དྲུང་མ་ཕྱུང་བའི་ཕྱིར་ཏེ། འཇིག་རྟེན་པའི་ལམ་ལ་དེའི་ནུས་པ་མེད་པས་སོ། །དེའི་མཇུག་ཐོགས་སུ་དེ་མཐུས་བསམ་གཏན་དང་པོའི་དངོས་གཞི་ལ་འཇུག་ཅིང་དངོས་གཞི་དང་ལྡན་པའི་ཡིད་བྱེད་སྐྱེས་པ་ནི་སྦྱོར་བའི་འབྲས་བུ་ཡིད་ལ་བྱེད་པའོ། །དེ་ལྟར་ཡིད་བྱེད་པའོ། །དེ་ལྟར་ཡིད་བྱེད་བདུན་དུ་གྲངས་ངེས་པ་ཡང་། ཉེར་བསྡོགས་ཀྱིས་ས་འོག་མའི་སྤང་བྱ་མ་སྤངས་ཤིང་གོང་མའི་ཐོབ་བྱ་མ་ཐོབ་ན་དངོས་གཞི་མི་ཐོབ་པས་དེའི་ཕྱིར་བདུན་དུ་བཞག་སྟེ། འདི་ལྟར་ཉེར་བསྡོགས་ཀྱི་ལམ་གྱི་རྒྱུ་དང་། ངོ་བོ་དང་འབྲས་བུ་གསུམ་ལས་དང་པོ་མ་སྐྱེས་པ་སྐྱེད་པར་བྱེད་པ་ལ་ཡིད་བྱེད་དང་པོ་གཉིས་ཏེ། དང་པོས་སྤང་བྱ་ཐོབ་བྱ་ཤེས་པར་བྱས་ནས་སེམས་གཏོད་པར་བྱེད་ཅིང་། གཉིས་པས་དེའི་དོན་དུ་བརྩོན་འགྲུས་རྩོམ་པས་སོ། །སྐྱེས་ཟིན་ཁྱད་པར་དུ་བྱེད་པ་ཡིད་བྱེད་ལྔ་པ་སྟེ། དེས་སྤངས་མ་སྤང་བརྟགས་ནས་སྤང་བྱ་ལྷག་མ་མཐར་འབྱིན་པར་བྱེད་པས་སོ། །དེ་གསུམ་ནི་རྒྱུའོ། །གཉིས་པ་ངོ་བོ་ནི། གསུམ་པ་བཞི་པ་དྲུག་པ་སྟེ་ས་འོག་མའི་ཉོན་མོངས་ཆེ་འབྲིང་ཆུང་གསུམ་འཇོམས་པས་སོ། །གསུམ་པ་འབྲས་བུ་ནི་ཡིད་བྱེད་བདུན་པའོ། །གཉིས་པ་ལྷག་མ་དེ་དང་མཚུངས་པར་བསྟན་པ་ནི། བསམ་གཏན་དང་པོ་ལ་ཇི་ལྟ་བར་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་ཡང་དེ་བཞིན་ནོ། །འོན་ཀྱང་མངོན་པའི་སྤྱི་སྐད་ལ་ཁམས་གོང་མ་ན་སེམས་པར་རྩོམ་པའི་ཚེ་སེམས་ལོང་མེད་པར་ཏིང་ངེ་འཛིན་དུ་འགྲོ་བས་གོང་མའི་ས་ལ་བསམ་བྱུང་དང་གཟུགས་མེད་ན་ཐོས་བྱུང་མེད་པར་བཤད་པས། དེའི་ལྟར་ན་གཟུགས་མེད་ཀྱི་རྟེན་ལ་སྒོམ་ན་ཡིད་བྱེད་དང་པོ་ལ་ཐོས་བསམ་གཉིས་ཀ་དང་། གཟུགས་ཀྱི་རྟེན་ལ་སྒོམ་ན་བསམ་བྱུང་མེད་དོ། །གཞན་ཡང་བསམ་གཏན་བཞི་པའི་ཉེར་བསྡོགས་ནས་སྲིད་རྩེའི་ཉེར་བསྡོགས་ཀྱི་བར་ལས་དེར་ཚོར་བའི་དགའ་བདེ་མེད་པས་དགའ་བ་སྡུད་པའི་ཡིད་བྱེད་ཀྱི་དོན་སྤོང་བ་ལ་ཡོན་ཏན་དུ་མཐོང་བ་ཙམ་ལ་བཤད་དོ། །བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་ཡིད་བྱེད་དང་པོ་འདི་འདོད་པ་ཡིན་གྱི་གོང་སར་མི་གཏོགས་ལ་འདིའི་རིག་པ་ལྷག་མ་རྣམས་ལའང་ཤེས་པར་བྱའོ། །གསུམ་པ་ལམ་དགུ་པ་གང་དུ་གཏོགས་བསམ་པ་ནི། སྦྱོར་བའི་མཐའི་འབྲས་བུ་ཡིད་བྱེད་དངོས་གཞིར་འདོད་པ་ལྟར་ན་ཉེར་བསྡོགས་ཀྱི་རྣམ་གྲོལ་ལམ་དགུ་པ་ལ་དངོས་གཞིས་ཁྱབ་པར་མངོན་ལ། མཛོད་པ་ནི་བསམ་གཏན་དང་པོ་གསུམ་གྱི་རྣམ་གྲོལ་ལམ་དགུ་པ་ལ་ཉེར་བསྡོགས་དང་དངོས་གཞིའི་ངོ་བོར་སྐྱེ་བ་གཉིས་འདོད་ལ། བཞི་པ་ཡན་ཆད་ལ་ནི་དངོས་གཞིས་ཁྱབ་པར་འདོད་དོ། །དེ་ཡང་མཛོད་དུ་ཉེར་བསྡོགས་ཀྱི་ཚོར་བ་བཏང་སྙོམས་ཁོ་ནར་འདོད་པས་བསམ་གཏན་དང་པོ་གསུམ་གྱི་ཉེར་བསྡོགས་དང་དངོས་གཞི་ལ་ཚོར་བའི་དབང་པོ་རིགས་མི་འདྲ་བ་ཡོད་པས་དབང་པོ་འཕོ་དཀའ་ལ། ལྷག་མ་རྣམས་ལ་བཏང་སྙོམས་ཁོ་ནར་ངེས་པས་དབང་པོ་འཕོ་མི་དཀའོ་སྙམ་དུ་བསམས་སོ། །དེ་ལྟར་ཉེར་བསྡོགས་ཀྱི་ཡིད་བྱེད་དྲུག་གི་ངོས་འཛིན་དེ་ནི། འཇིག་རྟེན་པའི་ལམ་གྱིས་འོག་ས་ལས་འདོད་ཆགས་དང་བྲལ་བའི་དབང་དུ་བྱས་ཀྱིས་དྲུག་པོ་དེར་གྲངས་ངེས་པ་ནི་མིན་ཏེ། མཐོང་ལམ་དང་སྒོམ་ལམ་ཟག་མེད་རྣམས་དང་པོའི་ཉེར་བསྡོགས་ལ་བརྟེན་པ་ཡོད་ཅིང་། དེ་གཉིས་ཞི་རགས་ཀྱི་རྣམ་པ་ཅན་དུ་འགལ་ལ། ཁྱད་པར་དུ་མཐོང་ལམ་འདོད་པའི་སྒོམ་སྤང་གི་གཉེན་པོར་མི་རུང་བས་སོ། །སྤྱིར་ཞི་རགས་སུ་ལྟ་བའི་ལམ་འདིས་འདོད་པ་ལྟ་བུའི་ཉོན་མོངས་མངོན་གྱུར་མ་ལུས་པ་སྤང་བར་འདོད་པ་ལ། བྱེ་སྨྲ་རྣམས་ཅི་ཡང་མན་ཆད་ཀྱི་མཐོང་སྤང་དང་སྒོམ་སྤང་གཉིས་ཀ་དང་། མདོ་སྡེ་པ་རྣམས་སྒོམ་སྤང་རྣམས་སྤོང་བར་འདོད་དོ། །འོན་ཀྱང་ཞིབ་ཏུ་དཔྱད་ན་བྱིས་པས་ཞི་རགས་སུ་སྒོམ་པའི་ལམ་གྱིས་འདོད་པའི་སྒོམ་སྤང་གི་ཉོན་མོངས་ཀྱང་མངོན་གྱུར་མ་ལུས་པ་སྤོང་མི་ནུས་ཏེ། འདོད་པའི་རྟེན་ཅན་གྱི་ཉོན་ཡིད་འཕགས་ལམ་མ་ཐོབ་པར་ལྡོག་པ་མི་སྲིད་ལ། དེ་འདོད་པའི་སར་གཏོགས་པའི་སྒོམ་སྤང་གི་ཉོན་མོངས་ཡིན་པས་སོ། །ཉེར་བསྡོགས་བརྒྱད་པོ་དེ་ཡང་དང་པོ་མ་གཏོགས་པ་རྣམས་དག་པ་བ་ཁོ་ན་དང་། དང་པོ་ལ་དག་པ་བ་དང་ཟག་མེད་གཉིས་ཡོད་ལ་ཁ་ཅིག་རོ་མྱོང་ཅན་དང་གསུམ་ཡོད་དེ། དངོས་གཞི་ལ་འགྲན་འཛུག་པས་སོ་ཞེས་འདོད་དོ། །གཉིས་པ་གང་ཞིག་ཐོབ་བྱའི་ངོ་བོ་ལ་གསུམ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ལམ་དང་། དེ་དག་གི་རྣམ་བཞག་དཔྱད་པའོ། །དང་པོ་འཇིག་རྟེན་པའི་ལམ་ལ་གཉིས། ཉོན་མོངས་ཅན་དང་། དག་པ་བའོ། །དང་པོ་ཉོན་མོངས་ཅན་ནི། གང་ཉོན་མོངས་པར་བྱ་བའི་གཞི་དང་། གང་གིས་ཉོན་མོངས་པར་བྱེད་པའི་ཆོས་དང་། ཇི་ལྟར་ཉོན་མོངས་པར་བྱེད་པའི་ཚུལ་དང་གསུམ་མོ། །དང་པོ་གང་ཉོན་མོངས་པར་བྱ་ན། བསམ་གཏན་དང་གཟུགས་མེད་པའི་དངོས་གཞི་དག་པ་བའོ། །གང་གིས་ཉོན་མོངས་པར་བྱེད་ན། རྩ་ཉོན་གྱི་ནང་ནས་ཁོང་ཁྲོ་ནི་ཁམས་གོང་གི་སེམས་ལ་མེད་པས་དེ་བོར་བའི་ལྷག་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སྲེད་ལྟ་ང་རྒྱལ་མ་རིག་པ་བཞི་ཡིན་ལ་དེ་ཡང་གོང་མ་གཉིས་ཀྱི་ས་པའོ། ། ཇི་ལྟར་ཉོན་མོངས་པར་བྱེད་ན། དག་པ་བའི་སྙོམས་འཇུག་དེ་དག་ལ་མཉམ་པར་བཞག་པ་ན་དེ་ལ་འདོད་ཆགས་སྐྱེས་ནས་སྔར་དགེ་བ་ཡིན་ཡང་ཕྱིས་ཉོན་མོངས་དང་མཚུངས་ལྡན་པ་དང་། དེ་བཞིན་དུ་བདག་གིས་འདི་ཐོབ་ཀྱིས་གཞན་གྱིས་མིན་ནོ། །ཞེས་ང་རྒྱལ་དང་། ལམ་དང་ལམ་མིན་ལ་རྨོངས་པའི་མཐུས་འདི་དག་ནི་ཐར་ལམ་ཡིན་ལས་ཆེ་སྙམ་པ་དང་། ཐར་ལམ་ཡིན་པ་ལ་དེ་ལས་བཟློག་པར་ཐེ་ཚོམ་ཟོས་ནས་དེ་དང་ལྡན་པ་དང་། སྙོམས་འཇུག་དེ་དག་ལ་བརྟེན་ནས་མངོན་ཤེས་ཀྱིས་སྔོན་དང་ཕྱི་མའི་མཐའ་འགའ་ཞིག་མཐོང་བ་ན་དེ་ལ་འཇིག་རྟེན་རྟག་སོགས་སུ་ལོག་ལྟ་སྐྱེས་པས་དེ་དང་ལྡན་པར་སོང་བའོ། །འོ་ན་གཟུགས་མེད་མངོན་ཤེས་ཀྱི་རྟེན་མིན་པས་དེ་ལ་ལྟ་བས་ཉོན་མོངས་པར་བྱེད་ཚུལ་གང་ཞེ་ན། བདེན་མོད་ཀྱི་འོན་ཀྱང་གཟུགས་མེད་ལ་ནི་སྔར་ལྟ་ལོག་རྒྱུད་ལ་ལྡན་བཞིན་དུ་སྙོམས་འཇུག་དག་ཐོབ་པ་ན་བདག་གི་ལྟ་བ་འདི་ནི་མཆོག་སྟེ་འདིའི་མཐུས་ཏིང་འཛིན་འདི་ཐོབ་པས་སོ། །ཞེས་ལྟ་ངན་ལ་མཆོག་འཛིན་གྱི་ལྟ་བ་སྐྱེས་པས་ཉོན་མོངས་པ་ཅན་དུ་བྱེད་དོ། །ཉོན་མོངས་པ་བཞིར་བྱེད་པ་ནི་ཉི་འོག་བྱེ་སྨྲ་དང་མཐུན་ལ་ཁ་ཆེ་བྱེ་སྨྲ་ནི་ཉོན་མོངས་ཅན་ལ་སྲེད་པ་ཤས་ཆེ་རོ་མྱོང་ཅན་གཅིག་པུ་འདོད་དོ། །འདི་དག་སྙོམས་འཇུག་མཚན་ཉིད་པ་མ་ཡིན་ཡང་སྔར་སྙོམས་འཇུག་གི་རྫས་ཡིན་པ་ཙམ་ལ་བསམས་ནས། སྙོམས་འཇུག་གི་དབྱེ་བ་ལ་བགྲངས་ཏེ་ས་བོན་རུལ་བ་བཞིན་ནོ། །གཞན་ཡང་འདི་ལུང་མ་བསྟན་པ་དང་། འདི་ལ་དེའི་ཡན་ལག་རྣམས་ཀྱང་མི་ལྡན་པའི་ཕྱིར་རོ། །གཉིས་པ་དག་པ་ནི། བསམ་གཏན་དང་གཟུགས་མེད་འཇིག་རྟེན་པའི་དགེ་བ་སྟེ། རང་སའི་ཀུན་དཀྲིས་དང་བྲལ་བས་དག་པ་པའམ་རྣམ་བྱང་ཞེས་བྱའོ། །དེ་ལ་དབྱེ་ན་ཉམས་པ་དང་། གནས་པ་དང་། ཁྱད་པར་དང་། ངེས་འབྱེད་ཆ་མཐུན་བཞི་ཡོད་དེ། རིམ་པ་ལྟར་རང་གི་མཇུག་ཐོགས་སུ་རགས་པའི་ཉོན་མོངས་དང་། རང་དང་གོང་སའི་དག་པ་བ་དང་ཟག་མེད་ཀྱི་ལམ་སྐྱེ་བ་དང་རྗེས་སུ་མཐུན་པའོ། །སྲིད་རྩེ་ལ་གོང་ས་མེད་པས་ཁྱད་པར་ཆ་མཐུན་དོར་རོ། །གཉིས་པ་འཇིག་རྟེན་ལས་འདས་པ་ནི། བསམ་གཏན་བཞི་དང་གཟུགས་མེད་དང་པོ་གསུམ་སྟེ་བདུན་ལ་འཇིག་རྟེན་ལས་འདས་པའི་ལམ་རྟེན་གྱི་སྲིད་རྩེ་ལ་མིན་ཏེ་ཟག་མེད་ཀྱི་ལམ་ནི་རང་ཡུལ་གསལ་བར་གཅོད་ལ། ས་འདི་ནི་འདུ་ཤེས་ཀྱི་རྒྱུ་བ་ཤིན་ཏུ་མི་གསལ་བའི་ཕྱིར་རོ། །ཞེས་མངོན་པ་གོང་འོག་ནས་བཤད་ཀྱང་། སློབ་དཔོན་སེང་གེ་བཟང་པོ་ནི་ཉན་ཐོས་ཀྱིས་སྒོམ་པ་ན་ཐབས་མི་མཁས་པས་དེ་ལྟར་ཡིན་ཡང་། བྱང་སེམས་ཀྱིས་འདི་སྒོམ་པ་ན་ཐབས་ལ་མཁས་པས་ཟག་མེད་དུ་འགྱུར་བར་བཤད་དོ། །སྤྱིར་ན་དང་པོའི་ཉེར་བསྡོགས་དང་དངོས་གཞི་ལ་ཙམ་ཁྱད་གཉིས་སུ་བྱས་ནས་ཟག་མེད་དགུར་བཤད་དོ། །གསུམ་པ་དེ་དག་གི་རྣམ་བཞག་བཤད་པ་ལ་གསུམ། བསམ་གཏན་གྱི་ཡན་ལག་དང་། གཟུགས་མེད་ཀྱི་དམིགས་རྣམ་དཔྱད་པ་དང་། དེ་དག་བསྒོམས་པའི་འབྲས་བུ་བཤད་པའོ། །དང་པོ་བསམ་གཏན་གྱི་ཡན་ལག་ལ་གསུམ། རྫས་བཏགས་ཀྱི་ཁྱད་པར། ཡན་ལག་གི་ངོ་བོ། གྲངས་ངེས་པའི་ཚུལ་ལོ། །དང་པོ་ནི། སྤྱིར་བསམ་གཏན་གྱི་ཡན་ལག་ལ་མིང་གི་སྒོ་ནས་བཅོ་བརྒྱད་ཡོད་དེ། མཛོད་ལས། དང་པོ་ལ་ལྔ་རྟོག་དཔྱོད་དང་། ། དགའ་དང་བདེ་དང་ཏིང་འཛིན་རྣམས། །གཉིས་པ་ལ་ནི་ཡན་ལག་བཞི། །རབ་དང་དང་ནི་དགའ་བ་སོགས། །གསུམ་པ་ལ་ལྔ་བཏང་སྙོམས་དང་། །དྲན་དང་ཤེས་བཞིན་བདེ་དང་གནས། །མཐའ་ན་བཞི་དྲན་བཏང་སྙོམས་དང་། །བདེ་མིན་སྡུག་མིན་ཏིང་འཛིན་རྣམས། ། ཞེས་པ་ལྟར་རོ། །དེ་དག་བྱེ་སྨྲ་རྣམས་རྫས་བཅུ་གཅིག་ཏུ་འདོད་དེ། རྟོག་དཔྱོད་དགའ་བདེ་ཚོར་བ་སེམས་བདེ་ཏིང་འཛིན་རབ་དང་དྲན་ཤེས་བཞིན་འདུ་བྱེད་བཏང་སྙོམས་ཚོར་བ་བཏང་སྙོམས་ཀྱི་རྫས་སོ། །གོང་མ་ལྟར་ན་དགའ་བདེ་གཉིས་རྫས་གཅིག་ཡིན་ཞིང་། རབ་དང་ནི་དྲན་ཤེས་བཞིན་བཏང་སྙོམས་གསུམ་གྱི་ངོ་བོ་ཡིན་པས་རྫས་དགུ་དང་ལྷག་མ་བཏགས་ཡོད་དུ་འདོད་དོ། །ཡང་ན་བདེ་བ་རྣམས་ཀྱང་ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པར་གཅིག་པས་རྫས་གཅིག་ཏུ་བགྲངས་ནས་བརྒྱད་དུ་བྱའོ། །གཉིས་པ་ཡན་ལག་གི་ངོ་བོ་ལ་བཞི། དང་པོ་བསམ་གཏན་དང་པོའི་ཡན་ལག་ལྔ་ལས་རྟོག་པ་ནི་ངོ་བོ་ཙམ་ཚོལ་བའོ། ། དཔྱོད་པ་ནི་ཞིབ་ཏུ་དཔྱོད་པ་སྟེ་གཉིས་ཀ་ཡང་ནང་གི་བརྗོད་པ་དག་ཀུན་ནས་སློང་བའོ། ། འདི་གཉིས་བསམ་གཏན་གཞན་གསུམ་ལ་ཡང་སས་བསྡུས་པའི་ཚུལ་གྱིས་མེད་ཀྱིས་ཀུན་འབྱུང་བའི་སྒོ་ནས་ཡོད་པར་རྟོག་དཔྱོད་ཀྱི་ས་ལས་བཤད་དོ། །དེ་གཉིས་ཆར་ཡང་སེམས་པ་དང་ཤེས་རབ་གཉིས་ཆར་ལ་བཏགས་པའོ། །དགའ་བདེ་ནི་རིམ་པ་ལྟར་ཚོར་བ་ཡིད་བདེ་དང་སེམས་བྱུང་ཤིན་སྦྱང་གི་བདེ་བ་ལ་བྱེ་སྨྲ་རྣམས་འདོད། དེ་ལྟར་འདོད་པའི་རྒྱུ་མཚན་ཡང་བདེ་བ་ལུས་ཚོར་ཡིན་ན་དབང་ཤེས་ཀྱི་ས་པ་ཡིན་ལ་དབང་ཤེས་ནི་ཕྱི་རོལ་ཏུ་གཡེང་བས་བསམ་གཏན་ལ་མེད་ལ། ཡིད་ཤེས་འཁོར་གྱི་ཚོར་བར་མི་རུང་སྟེ། དགའ་བ་ཡང་ཚོར་བ་ཡིད་བདེ་ཡིན་པས་དེ་གཉིས་ཅིག་ཆར་འབྱུང་ན་རྫས་མཚུངས་ཉམས་ལ། རིམ་གྱིས་འོང་ན་བསམ་གཏན་དང་པོ་དང་གཉིས་པ་གཉིས་ཡན་ལག་ལྔ་པ་དང་བཞི་པར་མི་འགྱུར་ཏེ། ཡན་ལག་རྣམས་ནི་ཅིག་ཆར་འབྱུང་བས་སོ་སྙམ་དུ་བསམ་པའོ། །ཡང་མཛོད་ལས། གཞན་དག་ན་རེ། སེམས་ལས་བྱུང་བའི་བདེ་བའི་ཤིན་སྦྱང་གི་བདེ་བ་དབང་པོ་ནི་བདེ་བ་ཁོ་ན་སྟེ་བསམ་གཏན་གསུམ་ཆར་ན་ཡང་ལུས་ཀྱི་བདེ་བ་ཁོ་ན་ཡན་ལག་ཏུ་བཞག་གོ །ཞེས་ཟེར་རོ། །ཞེས་བསམ་གཏན་དང་པོ་གསུམ་གྱི་བདེ་བ་ཤིན་སྦྱངས་ཙམ་དུ་མིན་ཏེ་བདེ་བའི་ཁྱད་པར་བྱའོ། །ནི་ལུས་ཚོར་ཁོ་ན་ཡིན་ཏེ་ཤིན་སྦྱངས་ནི་བསམ་གཏན་བཞི་པ་ལ་ཡང་ཡོད་ལ། བསམ་གཏན་གསུམ་པའི་མདོར། བདེ་བ་ལུས་ཀྱིས་མྱོང་ལ་ཞེས་རང་གི་སྒྲས་གསུངས་པའི་ཕྱིར་ལུས་ཚོར་རོ་ཞེས་འདོད་དོ། །ཉན་ས་ལས། གཟུགས་ལུས་ཀྱིས་ཤིན་སྦྱངས་དང་ཡིད་ལུས་ཀྱིས་ཚོར་བའི་བདེ་བ་མྱོང་བར་བཤད། ཀུན་བཏུས་འགྲེལ་པར། བསམ་གཏན་དང་པོ་གཉིས་ནས་ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པར་མྱོང་བ་ཉིད་ཀྱིས་དབང་པོ་རྟེན་བཅས་ཀྱི་ལུས་ལས་སུ་རུང་བར་བྱས་པས་ལུས་དང་། རང་དང་མཚུངས་ལྡན་གྱི་ཡིད་ཤེས་འཁོར་བཅས་དགའ་རྣམས་ཀྱིས་ཚིམ་པར་བྱས་པས་སེམས་ལ་ཕན་འདོགས་པའི་བྱ་བ་གཉིས་བྱེད་པས་རིམ་པ་ལྟར་བདེ་བ་དང་དགའ་བ་ཞེས་འཇོག་གོ་ཞེས་བཤད་དེ་ཕྱི་མ་གཉིས་མཐུན་ལ་འདི་གཉིས་མཛོད་རྩ་འགྲེལ་དང་མི་མཐུན་ནོ། །ཏིང་ངེ་འཛིན་ནི་རང་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་རྣམས་དམིགས་པ་གཅིག་ལ་སྡུད་པར་བྱེད་པའོ། །དེ་ལྔ་ལས་རྟོག་པ་ཆེས་རགས་པས་དེ་ལ་སྐྱོན་དུ་བལྟས་ནས་བསྒོམ་པས་དེ་གཅིག་པུ་ལ་ཆགས་པ་དང་བྲལ་བ་ལ་དང་པོའི་དངོས་གཞི་ཁྱད་པར་ཅན་ནོ་ཞེས་མཛོད་པ་རྣམས་འཆད་དོ། །གཉིས་པ་བསམ་གཏན་གཉིས་པའི་ཡན་ལག་བཞི་ལས། རབ་ཏུ་དང་བ་ནི། མཛོད་ལས། མཉམ་གཞག་གིས་བསམ་གཏན་དང་པོ་ལས་ངེས་པར་འབྱུང་བ་ལ་ཆེས་དད་པའོ་ཞེས་འདོད་ཀྱང་། བསྡུ་བ་ལས་དྲན་ཤེས་བཞིན་བཏང་སྙོམས་ཀྱི་ངོ་བོ་ཉིད་དུ་འདོད། ཡན་ལག་ལྷག་མ་རྣམས་ནི་སྔར་ལྟར་རོ། །འདི་རྟོག་དཔྱོད་གཉིས་ཆར་དང་བྲལ་བར་མངོན་པ་གོང་འོག་དང་ཡུམ་མདོ་རྣམས་སུ་གསུངས་སོ། ། གསུམ་པ་བསམ་གཏན་གསུམ་པའི་ཡན་ལག་ལྔ་ལས་བདེ་བ་ནི། ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པ་དེ་ཉིད་དགའ་བའི་གཡོ་བ་དང་བྲལ་བར་གྱུར་པ་ཙམ་མོ། །དྲན་པ་དང་ཤེས་བཞིན་དགའ་བའི་ཀུན་དཀྲིས་ཟློག་པའི་དམིགས་རྣམ་འཛིན་པ་དང་དེ་ལྡན་མི་ལྡན་གྱི་བྱ་ར་བྱེད་པའོ། །བཏང་སྙོམས་ནི་རྟོག་དཔྱོད་དང་དགའ་བའི་སྐྱོན་དང་བྲལ་བས་དེ་དག་གིས་མི་མཉམ་པ་མེད་པའོ། །དེ་ལྟར་ན་དྲན་ཤེས་བཏང་སྙོམས་གསུམ་དང་པོར་ཡོད་ཀྱང་རྟོག་དཔྱོད་ཀྱིས་བསླད་པ་དང་། གཉིས་པར་ཡང་དག་དགའ་བའི་སྐྱོན་གྱིས་བསྒྲིབས་པས་རབ་དང་ཞེས་སྨོས་སོ། །བཞི་པ་བསམ་གཏན་བཞི་པའི་ཡན་ལག་ནི། རྟོག་དཔྱོད་ཡིད་བདེ་མི་བདེ། དབུགས་འབྱུང་རྔུབ་བདེ་སྡུག་གི་སྐྱོན་བརྒྱད་དང་བྲལ་བས་དེ་དག་གིས་ཡོངས་སུ་དག་པའོ། ། རྟོག་དཔྱོད་དང་དགའ་བདེ་འདི་དག་ཀྱང་། བཞི་པར་ལྟོས་ནས་གཡོ་བའི་སྐྱོན་དུ་བཤད་ཀྱིས་རང་ས་ལ་ལྟོས་ན་སྐྱོན་མིན་ཏེ། ཏིང་ངེ་འཛིན་ལ་ཕན་འདོགས་པའི་ཕྱིར་རོ། །བསམ་གཏན་དེ་དག་གི་ཁྱད་པར་ཡང་རིམ་པ་བཞིན་ཏིང་ངེ་འཛིན་དང་། ཕན་འདོགས་པ་དང་། ཡོངས་སུ་དག་པ་རྣམས་ཡོངས་སུ་རྫོགས་མ་རྫོགས་ཀྱི་ཁྱད་པར་རོ། །གསུམ་པ་གྲངས་ངེས་པ་ནི། བསམ་གཏན་གྱི་ཡན་ལག་འདི་རྣམས་གཉེན་པོ་དང་། ཕན་ཡོན་དང་། དེ་གཉིས་ཀྱི་གནས་ཀྱི་སྒོ་ནས་བཞག་སྟེ། རྟོག་དཔྱོད་རབ་དང་། དྲན་ཤེས་བཏང་སྙོམས་གསུམ། དྲན་དང་བཏང་སྙོམས་ཡོངས་སུ་དག་པ་རྣམས་གཉེན་པོའི་ཡན་ལག་སྟེ་འོག་སའི་ཉོན་མོངས་རྣམས་སྤོང་བས་སོ། །དེ་ཡང་ཉེར་བསྡོགས་ཀྱི་སྐབས་ཀྱི་གཉེན་པོས་རྒྱུན་ཡིན་ལ་དངོས་གཞིའི་ཚེ་ན་ནི་འོག་སའི་ཐག་སྲིང་བྱེད་ཙམ་ཡིན་གྱི་སྤང་གཉེན་དངོས་མིན་ནོ། །དགའ་བདེ་ཟུང་དང་པོ་དང་གཉིས་པར་གཉིས་དང་བདེ་བ་དང་ཚོར་བ་གསུམ་པར་བཏང་སྙོམས་རྣམས་ནི་འོག་ས་ལས་གཉེན་པོ་རྒྱལ་བ་ན་ཐོབ་པའི་ཕན་ཡོན་གྱི་ཡན་ལག་གོ །ཐམས་ཅད་ཀྱི་གནས་ཀྱི་ཡན་ལག་ཏིང་ངེ་འཛིན་ཏེ། དེས་གཉེན་པོ་དང་ཕན་ཡོན་རྣམས་སྐྱེད་པས་སོ། །དེས་ན་དེ་གསུམ་གྱི་དབང་དུ་བྱས་ཏེ་ཡན་ལག་དེ་རྣམས་སུ་གྲངས་ངེས་ཀྱི་ཡན་ལག་དེ་དག་གང་ཡང་མིན་པའི་སྙོམས་འཇུག་གི་བསམ་གཏན་མེད་པ་ནི་མ་ཡིན་ཏེ། གཞན་དུ་ན་ཡན་ལག་དེ་དག་དང་མཚུངས་པར་ལྡན་པའི་སེམས་པ་དང་འདུ་ཤེས་ལ་སོགས་པའི་སེམས་སེམས་བྱུང་རྣམས་ས་དགུ་པོ་གང་ཡང་མིན་པར་འགྱུར་ཏེ། བསམ་གཏན་གྱི་སྙོམས་འཇུག་ནི་མིན་ལ་གཞན་ཡིན་པར་ཡང་མི་རུང་པའི་ཕྱིར་རོ། །དེ་ལྟར་རྟོག་དཔྱོད་སྤང་བས་གཉིས་པ་དང་། དགའ་བ་སྤང་བས་གསུམ་པ་དང་། བདེ་བ་སྤང་བས་བཞི་པར་འཇོག་པའི་ཕྱིར་བསམ་གཏན་རྣམས་ལ་ཡན་ལག་གི་སྒོ་ནས་འོག་ས་ལས་འདའ་བ་ཞེས་བྱའོ། །གཉིས་པ་གཟུགས་མེད་ཀྱི་དམིགས་རྣམས་བཤད་པ་ལ། དང་པོ་ནམ་མཁའ་མཐའ་ཡས་ནི་བསམ་གཏན་བཞི་པ་ཐོབ་པའི་རྣམ་འབྱོར་པ་དེས་གཟུགས་ལ་སྐྱོན་དང་གཟུགས་མེད་ལ་ཡོན་ཏན་དུ་མཐོང་ནས་གཟུགས་ཀྱི་འདུ་ཤེས་བཟློག་པའི་ཕྱིར། ཁ་དོག་དང་དབྱིབས་དང་རེག་བྱ་སོགས་ཀྱི་མཚན་མ་དང་བྲལ་བའི་ནམ་མཁའི་འདུ་ཤེས་ཁོ་ན་བསྒོམ་པ་ན། སྔོ་སེར་སོགས་སུ་སྣང་བའི་གཟུགས་དང་། གྱང་དང་རྩིག་པ་སོགས་སུ་སྣང་བའི་ཐོགས་པ་དང་། གོས་རྒྱན་སྐྱེད་མོས་ཚལ་རི་ལ་སོགས་པར་སྣང་བའི་སྣ་ཚོགས་པའི་འདུ་ཤེས་རྣམས་ནུབ་སྟེ། དེ་དག་ལ་ཡིད་གཏད་ཀྱང་ཐམས་ཅད་ནས་ཐམས་ཅད་དུ་མི་འབྱུང་བའོ། །དེ་བཞིན་དུ་འོག་མ་གསུམ་ལ་ཡང་། སྔ་མའི་འདུ་ཤེས་རྣམས་རགས་པར་མཐོང་ནས་དེ་བཟློག་པའི་ཕྱིར། རིམ་བཞིན་ནམ་མཁའི་ཡུལ་ཅན་གྱི་རྣམ་ཤེས་ཀྱིས་ཐམས་ཅད་ཁྱབ་པར་མོས་པ་དང་། གཟུགས་ཅན་དང་གཟུགས་མེད་ཀྱི་དམིགས་པ་བཙལ་བ་ན་ཅི་ཡང་མ་རྙེད་ནས་དམིགས་པ་ཅི་ཡང་མེད་དོ་སྙམ་དུ་མོས་པ་དང་། འདུ་ཤེས་རགས་པ་ནི་ཡོད་པ་མ་ཡིན་ཕྲ་བ་ནི་མེད་པ་མིན་ནོ་སྙམ་དུ་མོས་པའོ། །འདི་དག་བསམ་གཏན་བཞིན་དུ་ཡན་ལག་རྣམ་པར་བཞག་ཏུ་མེད་པས་དམིགས་པའི་སྒོ་ནས་འོག་ས་ལས་འདའ་བ་ཞེས་བྱའོ། །གསུམ་པ་དེ་དག་བསྒོམས་པའི་འབྲས་བུ་བཤད་པ་ནི། ཀུན་བཏུས་ལས། བསམ་གཏན་དང་པོ་ལ་ཆུང་འབྲིང་ཆེན་པོར་བསྒོམས་པས་བསམ་གཏན་དང་པོའི་སྐྱེ་བ་གསུམ་མོ། །བསམ་གཏན་དང་པོ་ལ་ཇི་ལྟ་བར་ལྷག་མ་རྣམས་ལ་ཡང་དེ་བཞིན་ནོ། ། ཞེས་པ་ལྟར་དང་། གཟུགས་མེད་རྣམས་ལ་ཡང་གཟུགས་མེད་པས་བླ་འོག་གིས་ཕྱེ་བའི་གནས་མེད་ཀྱང་ཚེ་རིང་ཐུང་གིས་སྐྱེ་བ་མཐོ་དམའ་དང་ཉོན་མོངས་མང་ཉུང་གིས་བཟང་ངན་ཡོད་དོ། །འོ་ན་ཆུང་འབྲིང་ཆེན་པོར་བསྒོམས་པའི་དོན་གང་ཞེ་ན། གུས་སྦྱོར་དང་རྒྱུན་སྦྱོར་གཉིས་ཀ་མེད་ན་ཆུང་ངུ་དང་། གང་རུང་གཅིག་ཡོད་ན་འབྲིང་དང་། གཉིས་ཀ་ཡོད་ན་ཆེན་པོའོ། །ཞེས་འཆད་དོ། །གསུམ་པ་དེ་ལྟར་ཐོབ་པའི་རྟགས་ནི། བསམ་གཏན་ཐོབ་པའི་ཚེ་ལུས་སའི་འོག་ཏུ་བྱིང་བར་སྣང་བ་ལྟ་བུ་དང་། གཟུགས་མེད་ལ་ལུས་ནམ་མཁའ་ལ་འཕུར་བ་ལྟ་བུའི་རྟགས་འབྱུང་ངོ་། །བཞི་པ་ཐོབ་པ་པོའི་གང་ཟག་ནི། བསམ་གཏན་གཟུགས་མེད་རང་ས་དང་། །འོག་སའི་རྟེན་ཅན་འོག་གོང་མེད། །ཅེས་སྤྱིར་བཏང་དང་། སྲིད་རྩེའི་འཕགས་པ་ཅི་ཡང་མེད། །མངོན་སུམ་བྱས་ནས་ཟག་པ་ཟད། །ཅེས་དམིགས་བསལ་གསུང་བ་ལྟར་རོ། །གཉིས་པ་ཚད་མེད་བཤད་པ་ལ་བཞི། རྒྱུ། ངོ་བོ། དབྱེ་བ། སྒྲ་བཤད་པའོ། ། དང་པོ་རྒྱུ་ནི། རྒྱན་ལས། བདེ་དང་སྡུག་བསྔལ་དེ་རྒྱུ་ལས། །བྱང་ཆུབ་སེམས་དཔའི་སྙིང་རྗེ་སྟེ། །རྒྱུ་དང་བཤེས་གཉེན་རང་བཞིན་ལས། །བྱང་ཆུབ་སེམས་དཔའི་སྙིང་རྗེའོ། །ཞེས་སོ། ། དེ་ལ་ཕྱེད་སྔ་མས་ཚོར་བ་བདེ་སྡུག་གཉིས་དང་། དེ་གཉིས་འདྲེན་བྱེད་ཚོར་བ་བཏང་སྙོམས་ཏེ། ཚོར་བ་གསུམ་ལ་དམིགས་ནས་སྡུག་བསྔལ་གསུམ་དང་བྲལ་བར་འདོད་པའི་སྙིང་རྗེ་བར་བྱེད་པའི་ཕྱིར་སྙིང་རྗེའི་དམིགས་པ་བསྟན་ཏོ། །ཕྱེད་ཕྱི་མས་རྐྱེན་ལྷག་མ་གསུམ་བསྟན་ཏེ། རྒྱུ་ནི་རྒྱུའི་རྐྱེན་ཏེ་ཀུན་གཞིའི་སྟེང་གི་ཟག་མེད་ཀྱི་ས་བོན་ནོ། །བཤེས་གཉེན་ནི་བདག་པོའི་རྐྱེན་ཏེ་ཚད་མེད་སྟོན་པ་པོའོ། །རང་བཞིན་དེ་མ་ཐག་རྐྱེན་དེ་སྔ་ལོགས་ཀྱི་རིག་པའོ། ། རྐྱེན་ལྷག་མ་འདི་གསུམ་ནི་བཞི་ག་ལ་སྦྱར་ལ། རྐྱེན་དང་པོ་ནི་ངོ་བོའི་སྐབས་སུ་འཆད་དོ། ། གཉིས་པ་ངོ་བོ་ལ། སྤྱི་དང་བྱེ་བྲག་གཉིས། དང་པོ་ནི་རྒྱན་ལས། བརྟན་པའི་ཚངས་པ་མི་མཐུན་སྤངས། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །དམིགས་པ་རྣམ་པ་གསུམ་ལ་འཇུག ། སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། །ཅེས་ཁྱད་པར་བཞི་དང་ལྡན་པར་བསྟན་ཏེ། མི་མཐུན་ཕྱོགས་སྤངས་པའི་ཁྱད་པར་ནི་རིམ་པ་ལྟར། གནོད་སེམས་དང་། རྣམ་འཚེ་དང་། མི་དགའ་བ་དང་། གནོད་སེམས་དང་འདོད་ཆགས་རྣམས་སྤངས་པའོ། །གཉེན་པོའི་ཁྱད་པར་ནི་དེ་དག་གི་གཉེན་པོ་ཐོབ་པའོ། །དམིགས་པའི་ཁྱད་པར་ནི་སེམས་ཅན་དང་ཆོས་དང་དམིགས་པ་མེད་པ་ལ་དམིགས་པའོ། །བྱེད་ལས་ཀྱི་ཁྱད་པར་ནི་སེམས་ཅན་སྨིན་པར་བྱེད་པའོ། །གཉིས་པ་བྱེ་བྲག་གི་ངོ་བོ་ནི། ཀུན་བཏུས་སུ་བྱམས་པ་གང་ཞེ་ན་བསམ་གཏན་ལ་བརྟེན་ཏེ་སེམས་ཅན་རྣམས་ལ་བདེ་བ་དང་ཕྲད་པར་ཤོག་ཅིག་པའི་བསམ་པའི་གནས་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང་ཤེས་རབ་གང་ཡིན་པ་དང་། དེ་དག་དང་མཚུངས་པར་ལྡན་པའི་སེམས་པ་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་ཐོག་མཐའ་འདྲ་བ་ལས། སྡུག་བསྔལ་དང་བྲལ་བར་ཤོག་ཅིག་པའི། བདེ་དང་མི་འབྲལ་བར་ཤོག་ཅིག་པའི། ཕན་པའི་བསམ་པ་གནས་པ་ཡང་དག་པར་འབྱོར་པའི་ཞེས་གསུངས་སོ། །དེ་དག་གིས་ཀྱང་གནས་དང་། དམིགས་པ་དང་། རྣམ་པ་དང་། ངོ་བོ་དང་། གྲོགས་བསྟན་ཏེ། དང་པོ་ནི་བསམ་གཏན་བཞིའི་དངོས་གཞི་དག་པ་བ་གང་རུང་ངོ་། ། གཉིས་པ་སེམས་ཅན་ཐམས་ཅད་ཡིན་ལ་ཁྱད་པར་ཅུང་ཟད་ཕྱེ་ན། བདེ་བ་དང་མི་ལྡན་པ། སྡུག་བསྔལ་དང་ལྡན་པ། བདེ་བ་དང་ལྡན་པ། ཉེ་རིང་དུ་གཅོད་པའི་རྒྱུ་ཆགས་སྡང་དང་ལྡན་པའི་སེམས་ཅན་ནོ། །གསུམ་པ་ནི་འཕྲད་པར་འདོད་པ་བསགས་སོ། །བཞི་པ་ནི་ཏིང་ངེ་འཛིན་དང་ཤེས་རབ་བོ། །ལྔ་པ་ནི་སེམས་དང་སེམས་བྱུང་ངོ་། །གསུམ་པ་དབྱེ་བ་ནི། སེམས་ཅན་དང་ཆོས་དང་དམིགས་པ་མེད་པ་ལ་དམིགས་པའི་བྱམས་སོགས་གསུམ་མོ། །དེ་ལ་དང་པོ་ནི། བྱམས་སོགས་སྐྱེ་བའི་ཡུལ་སེམས་ཅན་ནམ་གང་ཟག་གི་རྫས་ཀྱི་ངོ་བོར་གྱུར་པ་གཅིག་དམིགས་ནས་སྙིང་རྗེ་སོགས་སྐྱེ་བའོ། །གཉིས་པ་ནི། སྡུག་བསྔལ་བ་པོའི་སེམས་ཅན་གྱི་རྫས་མ་གྲུབ་ཀྱང་། ཆོས་ཙམ་ཞིག་གི་ངོ་བོའི་སྡུག་བསྔལ་བ་པོ་དམིགས་ནས་བྱམས་སོགས་སྐྱེ་བའོ། །གསུམ་པ་ནི། ཆོས་ཙམ་དུ་ཡང་མི་དམིགས་པ་གཟུང་འཛིན་དང་བྲལ་བའི་དེ་བཞིན་ཉིད་དུ་དམིགས་པའི་བྱམས་སོགས་སོ། །ཡང་ན་འདི་དག་གི་ཡུལ་བདེ་བ་དང་ཕྲད་པར་འདོད་པ་དང་། སྡུག་བསྔལ་གྱིས་ཉམ་ཐག་པ་དང་། བདེ་བ་དང་མི་འབྲལ་བར་འདོད་པ་དང་། ཉོན་མོངས་ཅན་གྱི་སེམས་ཅན་ནི་དང་པོའི་ཡུལ་དང་། ཚད་མེད་སྟོན་པའི་བསྟན་བཅོས་དང་། དེ་བཞིན་ཉིད་ནི་ཐ་མ་གཉིས་ཀྱི་ཡུལ་ཏེ། རྒྱན་ལས། བརྟན་པ་རྣམས་ཀྱིས་དེ་དག་བདེ་འདོད་དང་། །སྡུག་བསྔལ་གྱིས་ཉམ་ཐག་དང་བདེ་བ་དང་། །ཉོམས་མོངས་ཅན་དང་དེ་དག་བསྟན་ཆོས་དང་། །དེ་ཡི་དེ་བཞིན་ཉིད་ལ་རབ་ཏུ་འཇུག །ཅེས་སོ། །དང་པོ་མུ་སྟེགས་པ་དང་ཐུན་མོང་པ་སོ་སྐྱེ་དང་། གཉིས་པ་ནི་ཉན་རང་ཐུན་མོང་པ་དང་། གསུམ་པ་ནི་སངས་རྒྱས་བྱང་སེམས་ཀྱིའོ། །ཞེས་ཤཱཀྱ་བློས་བཤད་ལ། བློ་གྲོས་མི་ཟད་པའི་མདོ་ལས། ཐོག་མ་སེམས་བསྐྱེད་པ་དང་། སྤྱོད་པ་ལ་ཞུགས་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བའི་བྱང་སེམས་གསུམ་གྱི་བྱམས་སོགས་ལ་རིམ་པ་བཞིན་བཤད་དོ། །བཞི་པ་སྒྲ་བཤད་ནི་གནོད་འཇོམས་སུ། སེམས་ཅན་ཚད་མེད་པ་ལ་དམིགས་པ་དང་། ཚོགས་ཚད་མེད་པའི་རྒྱུར་གྱུར་པ་དང་། ཆོས་ཚད་མེད་པ་ཐོབ་པའི་རྒྱུར་གྱུར་པ་དང་། ཡེ་ཤེས་ཚད་མེད་པའི་སྤྱོད་ཡུལ་དུ་གྱུར་པའི་ཕྱིར་ཚད་མེད་པ་ཞེས་བྱའོ། །ཞེས་བཤད་པ་ནི་སོ་སོའི་སྒྲ་བཤད་ཡིན་ལ། འདི་དག་བསྒོམས་པས་ལྷ་ཚངས་པར་སྐྱེ་བས་ཚངས་པའི་གནས་པ་ཞེས་ཀྱང་བྱའོ། །གསུམ་པ་ཚོགས་ཀྱི་སྒྲུབ་པ་ལ་གཉིས། སྤྱིར་བསྟན་པ་དང་། རྟོགས་དཀའ་བྱེ་བྲག་ཏུ་བཤད་པའོ། ། དང་པོ་སྤྱིར་བསྟན་པ་ནི། ཚོགས་ཀྱི་སྒྲུབ་པ་ལ་དབྱེ་ན་བཅུ་བདུན་ཏེ། སེམས་ཅན་རྣམས་སྡུག་བསྔལ་དང་བྲལ་འདོད་ཀྱི་རྣམ་པ་ཅན་སྙིང་རྗེ། རང་ཡང་ཕར་ཕྱིན་ལ་གནས་ཤིང་། གཞན་ཡང་ཕར་ཕྱིན་ལ་འགོད་པའི་ཕར་ཕྱིན་དྲུག །གཞན་དོན་ལ་རྩེ་གཅིག་ཏུ་གནས་པའི་ཞི་གནས། ཆོས་རྣམས་སྒྱུ་མ་ལྟར་རྟོགས་པའི་ལྷག་མཐོང་། ཤེས་རབ་ཀྱི་མཐུས་སྲིད་པར་མི་འཆིང་ཞིང་། སྙིང་རྗེའི་མཐུས་སྲེད་པ་སྤངས་པའི་གྲོལ་བ་མི་གཉེར་བ་ཟུང་འཇུག་གོ །རྣམ་མཁྱེན་ཡིད་བྱེད་ཀྱི་ཕྱིན་དྲུག་ལ་སྤྱོད་ཅིང་མི་དམིགས་པའི་ཚུལ་གྱིས་སེམས་ཅན་རྣམས་དང་ཐུན་མོང་དུ་བྱས་ཏེ་རྫོགས་བྱང་དུ་བསྔོ་བའི་ཐབས་མཁས། ཡུལ་སྟོང་ཉིད་ཉི་ཤུ་མངོན་དུ་བྱེད་པའི་ཡེ་ཤེས། དཔའ་བར་འགྲོ་བ་ནས་བཟུང་སྟེ་ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པའི་ཏིང་ངེ་འཛིན་གྱི་བར་ཏིང་ངེ་འཛིན་བརྒྱ་རྩ་གཅིག་ནི་བསོད་ནམས་ཀྱི་ཚོགས། དྲན་པ་ཉེར་བཞག་ནས་མ་འདྲེས་པའི་བར་གྱི་ཐེག་པ་ཆེན་པོ་ལ་སློབ་པ་ལམ་གྱི་ཚོགས། དྲན་ཤེས་ཀྱིས་ཆོས་ཀྱི་ཚིག་དོན་འཛིན་པ་གཟུངས་ཀྱི་ཚོགས། ཡོན་ཏན་གྱི་རྟེན་བྱེད་པ་སའི་ཚོགས། ཉེས་པ་སེལ་བའི་གཉེན་པོའི་ཚོགས་རྣམས་སོ། །གཉིས་པ་རྟོགས་དཀའ་བྱེ་བྲག་ཏུ་བཤད་པ་ལ། གཟུངས་དང་། ཡེ་ཤེས་དང་། ས་དང་། གཉེན་པོའི་ཚོགས་བྱེ་བྲག་ཏུ་བཤད་པ་བཞི། དང་པོ་གཟུངས་ཀྱི་ཚོགས་བྱེ་བྲག་ཏུ་བཤད་པ་ལ་བཞི། ངོ་བོ། དབྱེ་བ། བྱེད་ལས། ས་མཚམས་སོ། །དང་པོ་ངོ་བོ་ལ་གཉིས་ལས། ཐུན་མོང་གི་ངོ་བོ་ནི། དྲན་པ་དང་ཤེས་རབ་ཁྱད་པར་ཅན་ནོ། །ཐུན་མོང་མིན་པའི་ངོ་བོ་ལ། བཟོད་པ་ཐོབ་པའི་རྒྱུར་གྱུར་པ་དང་། གསང་སྔགས་དང་། ཚིག་གམ་ཆོས་དང་། དོན་གྱི་གཟུངས་སྟེ་བཞིའོ། ། དང་པོ་ནི་ཨ་ར་པ་ཙ་ན་ལ་སོགས་པའི་ཡི་གེ་དེ་དག་སྐྱེ་འགག་དང་འབྱུང་བ་དང་དངོས་པོ་མེད་པ་ལ་སོགས་པའི་དོན་དུ་མོས་ནས་བསྒོམ་པ་ཡོངས་སུ་རྫོགས་པ་ན། དེའི་དོན་ལ་མི་སྐྲག་པའི་བཟོད་པ་སྐྱེ་སྟེ་དེའི་རྒྱུར་འགྱུར་བའི་དྲན་ཤེས་ནི་བཟོད་པའི་གཟུངས་སོ། །དེས་ན་བཟོད་པ་ཉིད་ལ་མི་བྱ་བར་དེའི་རྒྱུ་ལ་བྱའོ། །གཉིས་པ་ནི་བྱང་སེམས་ཏིང་ངེ་འཛིན་ལ་དབང་ཐོབ་པས་སེམས་ཅན་གྱི་ཡམས་དང་ཉེར་འཚེ་འཁྲུགས་པ་སྡིག་པ་ལ་སོགས་པ་ཟད་པའི་ཆེད་དུ་ཆོ་གའི་ཁྱད་པར་འདི་ལྟ་བུས་དོན་དེ་འགྲུབ་པར་གྱུར་ཅིག །ཅེས་ཏིང་ངེ་འཛིན་དང་སྨོན་ལམ་གྱི་མཐུས་བྱིན་གྱིས་རློབས་ཤིང་བརླབ་པ་ལྟར་དུ་དོན་དེ་སྒྲུབ་པ་ལ་རིང་དུ་གནས་པ་སྟེ། དེ་ཡང་དེ་ལྟར་སྒྲུབ་པའི་དྲན་ཤེས་ནི་གཟུངས་མཚན་ཉིད་པ་ཡིན་ལ་སྔགས་ཀྱི་ཡི་གེ་རྣམས་ཡུལ་ལ་ཡུལ་ཅན་ནམ་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་ནས་སྔགས་ཀྱི་གཟུངས་ཞེས་བྱའོ། །ཡང་མནྟྲའི་མ་ན་ཤེས་པ་དང་། ཏྲ་ཡ་སྐྱོབ་པ་སྟེ་ཡེ་ཤེས་དང་སྙིང་རྗེ་ནི། ཉིད་ཤེས་པ་དང་། འགྲོ་བ་སྐྱོབ་པས་གསང་སྔགས་སོ། །རྣམ་མཁྱེན་གྱི་གཞིར་གྱུར་པས་གསང་སྔགས་ཀྱི་གཞི་ཞེས་ཀྱང་བྱའོ། །གསུམ་པ་ནི། ས་ཐོབ་ནས་ཕྱོགས་བཅུའི་སངས་རྒྱས་ཀྱིས་སྔོན་མ་ཐོས་པའི་ཆོས་ཀྱི་རྣམ་གྲངས་གྲངས་མེད་པ་བསྟན་པ་རྣམས་དུས་གཅིག་ལ་འཛིན་པར་ནུས་པའོ། ། བཞི་པ་ནི་རིམ་པ་དེ་ལྟ་བུས་ཆོས་ཀྱི་དོན་འཛིན་པར་ནུས་པའོ། །དེ་ལྟར་ཨ་ལ་སོགས་པའི་ཡི་གེ་དེ་དག་ལ་བརྟེན་ནས་ཆོས་དེ་དག་ལ་རྟོག་པར་བྱེད་པ་ན། དྲན་ཤེས་ཀྱི་གཟུངས་དེ་དག་སྐྱེ་བས་དེ་དག་གཟུངས་ཀྱི་སྒོ་ཞེས་བྱའོ། །གཉིས་པ་དབྱེ་བ་ནི། ཚེ་འདིར་ཆེད་དུ་མ་བཙལ་ཀྱང་སྐྱེ་བ་སྔ་མར་སྦྱངས་པའི་རྣམ་སྨིན་གྱིས་ཐོབ་པ་དང་། འདིར་ཐོས་བསམ་ལ་འབད་པས་ཆོས་ཀྱི་ཚིག་དོན་དུ་མ་མྱུར་བར་འཛིན་ནུས་པ་དང་། སྒོམ་བྱུང་གི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འཛིན་པར་ནུས་པའི་གཟུངས་གསུམ་ལས། དང་པོ་གཉིས་ནི་ཆུང་ངུ་དང་ཕྱི་མ་ནི་ཆེན་པོ་ཡིན་ལ། དེ་ལ་ཡང་ས་ལ་མ་ཞུགས་པ་མོས་པ་སྤྱོད་པ་རྣམས་ཀྱི་ཆུང་ངུ་། མ་དག་ས་བདུན་གྱི་འབྲིང་། དག་པ་ས་གསུམ་གྱི་ཆེན་པོའོ། །གསུམ་པ་བྱེད་ལས་ནི། ཆོས་རང་གིས་འཛིན་ཅིང་གཞན་ལ་སྟོན་པའོ། །བཞི་པ་ས་མཚམས་ནི། གནོད་འཇོམས་ལས། བཟོད་པའི་གཟུངས་མོས་སྤྱོད་དང་། ལྷག་མ་རྣམས་ས་དང་པོ་སོགས་ལ་ཐོབ་པར་བཤད་ལ། ཕྱི་མ་འདི་ཏིང་ངེ་འཛིན་གྱིས་ཐོབ་པའི་གཟུངས་ཀྱི་དབང་དུ་བྱས་ལ། མོས་སྤྱོད་ནི་ཚོགས་སྦྱོར་གཉིས་ཀ་ལ་བྱས་ནས་སྔ་མ་ལ་བཟོད་པའི་རྒྱུ་ཉིད་དང་། ཕྱི་མ་ལ་བཟོད་པ་ཉིད་ཐོབ་བོ། རྣམ་སྨིན་དང་ཐོས་པ་ལ་གོམས་པ་ནི་ལམ་དུ་མ་ཞུགས་པ་ལ་ཡང་ཡོད་དོ། །གཉིས་པ་ཡེ་ཤེས་ཀྱི་ཚོགས་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་ལ་གཉིས། ཡུལ་སྟོང་ཉིད་དང་ཡུལ་ཅན་ཡེ་ཤེས་བཤད་པའོ། །དང་པོ་ཡུལ་སྟོང་ཉིད་བཤད་པ་ལ་གཉིས། སྤྱི་དང་ཡན་ལག་གི་དོན་ནོ། །དང་པོ་སྤྱིའི་དོན་ལ་གཉིས། དོན་སྨྲ་དང་། ཐེག་ཆེན་པའི་ལུགས་སོ། །དང་པོ་ནི་ཕུང་ཁམས་སྐྱེ་མཆེད་ནི་སྟོང་གཞི་ཡིན་ལ། མུ་སྟེགས་བྱེད་ཀྱིས་ཀུན་བརྟགས་པའི་རྟག་པ་དང་གཅིག་པུའི་བདག་ནི་དགག་བྱའོ། །དེ་ལྟར་ན་གང་ཟག་གི་བདག་ནི་མེད་ཀྱི་དེའི་བདག་མེད་ནི་ཡོད་ལ་དེ་ཡང་དགག་གཞི་ཕུང་སོགས་གསུམ་མམ་བདེན་པ་བཞིའི་ཁྱད་པར་དུ་བྱས་པའི་དགག་པ་སྟེ། མདོ་ལས། འདི་ན་བདག་དང་སེམས་ཅན་མེད། །ཆོས་འདི་རྒྱུ་དང་བཅས་ལས་བྱུང་། །ཞེས་སོ། །གཉིས་པ་ལ་གཉིས། རྣམ་པར་ཤེས་པར་སྨྲ་བ་དང་། ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་སོ། །དང་པོ་ནི། གཞན་དབང་ནི་དགག་གཞི་དང་། བདག་གཉིས་སུ་ཀུན་བརྟགས་པའི་ཆ་ནི་དགག་བྱ་དང་། གཞན་དབང་ཀུན་བརྟགས་ཀྱིས་གདོད་མ་ནས་སྟོང་པའི་ཆ་ཡོངས་གྲུབ་ཏུ་འདོད་དེ། གྲུབ་ནི་དེ་ལ་སྔ་མའོ། །རྟག་ཏུ་མེད་པར་གྱུར་པ་གང་། ཞེས་སོ། །དེས་ན་ཀུན་བརྟགས་རང་གི་ངོ་བོའམ་མཚན་ཉིད་ཀྱིས་སྟོང་ལ་གཞན་དབང་དང་། ཡོངས་གྲུབ་ནི་བཏགས་པས་སྟོང་གི་རང་གི་ངོ་བོས་ནམ་ཡང་སྟོང་བར་མི་འདོད་དོ། །མདོར་ན་འདིའི་ལུགས་ཀྱི་ཐུན་མོང་མ་ཡིན་པའི་དགག་བྱ་ནི་ཆོས་བདག་ཡིན་ལ། དེ་ཡང་ཀུན་བརྟགས་འབའ་ཞིག་ལ་འདོད་ཅིང་མཚན་ཉིད་གཞན་གཉིས་ཐོགས་མེད་སྐུ་མཆེད་ཀྱི་གཞུང་རྩོད་མེད་གང་དུའང་རང་སྟོང་དུ་སྒྲུབ་པ་མེད་དོ། །གཉིས་པ་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་ནི། འདུས་བྱས་བཀག་ནས་འདུས་མ་བྱས་པ་དང་། དེ་བཞིན་དུ་དངོས་པོ་བཀག་ནས་དངོས་མེད་དང་། ཡོད་པ་བཀག་ནས་མེད་པ་དང་། གཞན་དངོས་བཀག་ནས་རང་དངོས་དང་། སྟོང་པ་བཀག་ནས་མི་སྟོང་པ་ཤུལ་དུ་སྒྲུབ་པ། མདོར་ན་ཆ་འགའ་ཞིག་འགོག །འགའ་ཞིག་སྒྲུབ་པ་བླང་དོར་ལས་མ་འདས་པ་ཉི་ཚེ་སྟོང་པ་མ་ཡིན་གྱི། སྤྲོས་པའི་དྲ་བ་མཐའ་དག་གཅོད་པར་བྱེད་པའི་སྟོང་པ་ཉིད། ཆོས་གང་ཡང་མ་བརྟགས་ན་ཉམས་དགའ་བ་སྒྱུ་མ་ལྟ་བུར་འཁྲུལ་ངོར་སྣང་ཡང་དོན་དམ་པར་གདོད་མ་ནས་རང་གི་ངོ་བོས་སྟོང་པས་ཅིའི་ངོ་བོར་ཡང་མི་དམིགས་པ་ཡིན་ཏེ། དབུ་མ་རྩ་བ་ལས། འདུས་བྱས་གྲུབ་པར་མ་གྱུར་ན། །འདུས་མ་བྱས་ལ་ཅི་ཞིག་འགྲུབ། །ཅེས་སོ། །གཉིས་པ་ཡན་ལག་གི་དོན་ལ། སྟོང་པ་ཉིད་ནི་དབྱེ་གཞི། དབྱེ་བའི་ངོ་བོ་གྲངས་ཉི་ཤུར་འདོད་དེ། དང་པོ་ནང་སྟོང་པ་ཉིད་ནི་མདོ་ལས། ནང་སྟོང་པ་ཉིད་གང་ཞེ་ན། ནང་གི་ཆོས་རྣམས་ཞེས་བྱ་བ་ནི། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ལ་བརྗོད་དོ། །དེ་ལ་ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར་མིག་ནི་མིག་གིས་སྟོང་ངོ་། །ཞེས་གསུངས་ཏེ། འདི་ལ་སྟོང་པའི་གཞི། སྟོང་པའི་ཚུལ། སྟོང་པའི་ཐ་སྙད། ཐ་སྙད་ཀྱི་རྒྱུ་མཚན་དང་བཞིས་བསྟན་ཏོ། །དང་པོ་ནི་དབང་པོ་དྲུག་གོ །གཉིས་པ་སྟོང་ཚུལ་ལ་ཐེར་ཟུག་གི་དོན་ལ་འཇུག་པའི་སྒོ་ནི་གནས་པའི་དོན་ཡིན་ལ་དེ་ལས་བཀག་པས་རྒྱུ་རྐྱེན་ཚོགས་པར་གནས་པ་མེད་ལ་དེ་ལ་སྐྱེ་བ་མེད་པས་འཇིག་པ་ཡང་མེད་དོ། །དེས་ན་སྐྱེ་འགགས་མེད་པའི་ཕྱིར་མིག་སོགས་དེ་ངེས་སྟོང་ཞེས་པའོ། །འཇུག་པའི་འགྲེལ་བཤད་དུ། ཐེར་ཟུག་ཏུ་གནས་པའི་དོན་རྣམ་པར་མི་འགྱུར་བ་ལ་བཤད་ནས། དེས་འགྱུར་བ་བཀག་པ་ན་རེ་ཞིག་གནས་ནས་ཕྱིས་འཇིག་གམ་སྙམ་པ་བཟློག་པའི་ཕྱིར་འཇིག་པ་མ་ཡིན་ཞེས་སྨོས་པས་སོ། །ཞེས་སོ། །འབུམ་གྱི་གནོད་འཇོམས་ལས། དེ་གཉིས་མེད་པའི་དོན་རྟག་པ་དང་། མི་རྟག་པར་མེད་དེ་དེའི་ཕྱིར་དབང་པོ་དྲུག་ལ་དོན་དམ་པར་དངོས་པོ་མེད་དེ་གཞན་དུ་ན་དེ་གཉིས་ཀྱི་དངོས་པོར་འགྱུར་དགོས་པས་སོ། །ཞེས་གསུངས་ཏེ་སྟོང་ཚུལ་འདི་ཀུན་ལ་འདྲའོ། །གསུམ་པ་སྟོང་པའི་ཐ་སྙད་ནི། ནང་སྟོང་པ་ཉིད་ཅེས་པའོ། །ཐ་སྙད་འདོགས་པའི་རྒྱུ་མཚན་ནི། མིག་སོགས་ནང་གི་ཆོས་ཡིན་པས་སོ། །གཉིས་པའི་སྟོང་གཞི་ནི་ཡུལ་ལྔའོ། ། ཐ་སྙད་ནི་ཕྱི་སྟོང་པ་ཉིད་ཅེས་པའོ། །ཐ་སྙད་འདོགས་པའི་རྒྱུ་མཚན་ནི། སེམས་ཀྱིས་མ་ཟིན་པའི་ཕྱིར་རོ། །གསུམ་པའི་སྟོང་གཞི་དབང་པོ་རྟེན་གྱིས་བསྡུས་པའི་ཡུལ་ལྔའོ། །ཐ་སྙད་ནི་ཕྱི་ནང་སྟོང་པ་ཉིད་ཅེས་པའོ། །རྒྱུ་མཚན་སེམས་ཀྱིས་ཟིན་པ་དང་དབང་པོས་མ་བསྡུས་པའི་ཕྱིར་རོ། །བཞི་པའི་སྟོང་གཞི་ནི། ཆོས་ཐམས་ཅད་སྟོང་ཉིད་དུ་ཤེས་པའམ། འཇུག་པ་ལྟར་ན་ཆོས་རྣམས་རང་བཞིན་མེད་པ་ཉིད་དོ། །ཐ་སྙད་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །རྒྱུ་མཚན་འདིས་སྟོང་པ་ཉིད་དུ་འཛིན་པ་ཞི་བར་བྱེད་པའོ། །ལྔ་པའི་སྟོང་གཞི་ནི་ཤར་ལ་སོགས་པ་ཕྱོགས་བཅུའོ། །ཐ་སྙད་ནི་ཆེན་པོ་སྟོང་པ་ཉིད་དོ། །རྒྱུ་མཚན་དབྱིབས་ཤིན་ཏུ་ཆེ་བས་སོ། ། དྲུག་པའི་སྟོང་གཞི་མྱང་འདས་དང་ལམ་གཞི་མཐུན་པའོ། །ཐ་སྙད་ནི་དོན་དམ་པ་སྟོང་པ་ཉིད་དོ། །རྒྱུ་མཚན་ཐོབ་བྱའི་དོན་མཆོག་ཡིན་པས་སོ། །བདུན་པའི་སྟོང་གཞི་རྐྱེན་ལས་སྐྱེས་པ་ཁམས་གསུམ་མོ། །ཐ་སྙད་འདུས་བྱས་སྟོང་པ་ཉིད་དོ། །རྒྱུ་མཚན་མཐའ་གཅིག་ཏུ་གྲུབ་པས་གཉེན་པོས་བསྒྱུར་ནུས་པའོ། །བརྒྱད་པའི་སྟོང་གཞི་ནི་མ་སྐྱེས་པ་སྐྱེ་འགག་གནས་པ་ལས་གཞན་དུ་འགྱུར་བ་མེད་པའོ། །ཐ་སྙད་ནི་འདུས་མ་བྱས་སྟོང་པ་ཉིད་དོ། །རྒྱུ་མཚན་སྐྱེ་བ་སོགས་ཀྱིས་དབེན་པའོ། །དགུ་པའི་སྟོང་གཞི་རྟག་ཆད་ཀྱི་མཐས་སྟོང་པའི་མཐའ་འདས་སོ། །ཐ་སྙད་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །རྒྱུ་མཚན་མཐའམ་ཆར་འཇོག་པའི་རྒྱུ་མཚན་དབུས་ན་ཅུང་ཟད་ཀྱང་མ་གྲུབ་པའོ། །འདི་དག་ལྡན་དུ་ལོངས་སྐུ་ལ་བཤད་དོ། །བཅུ་པའི་སྟོང་གཞི་ཐོག་མཐའ་དབུས་དང་བྲལ་བར་འཁོར་བའོ། །ཐ་སྙད་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །རྒྱུ་མཚན་ཐོག་མ་ལ་སོགས་པ་ཆོས་ཉིད་ཀྱི་རྗེས་སུ་སྐྱེས་པའམ་ཆོས་ཉིད་ཇི་ལྟ་བ་བཞིན་གྱུར་པའོ། །བཅུ་གཅིག་པའི་སྟོང་གཞི་ནི། འཁོར་བ་དེ་དག་པའི་ཕྱོགས་སམ་དག་ལྡན་ལས། དོར་བྱ་མ་ཡིན་པའི་ཐེག་ཆེན་ལ་བཤད་པ་དང་། གནོད་འཇོམས་གཉིས་སུ་དོར་བ་ཕུང་པོ་ཡིན་ལ་དེ་མེད་པ་ལྷག་མེད་ཀྱི་མྱང་འདས་དེ། འོད་སྲུང་གི་གསུང་རབ་ལས་ཕུང་པོ་ལ་དོར་བ་ཞེས་འབྱུང་ལ། སྔར་གྱི་མྱང་འདས་ལྷག་བཅས་མྱང་འདས་ཡིན་པས་མི་ཟློས་སོ། །ཞེས་འཆད་དོ། །ཐ་སྙད་དོར་བ་མེད་པ་སྟོང་པ་ཉིད་དོ། །བཅུ་གཉིས་པའི་སྟོང་གཞི་འདུས་མ་བྱས་ཀྱི་སྟོང་ཉིད་དོ། །ཐ་སྙད་རང་བཞིན་སྟོང་པ་ཉིད་དོ། །རྒྱུ་མཚན་ཡེ་ནས་སྟོང་པས་དེ་སྟོང་པར་འཕགས་པ་གང་གིས་ཀྱང་མ་བྱས་པས་འདུས་བྱས་འགྱུར་བ་དང་། འདུས་མ་བྱས་མི་འགྱུར་བས་གནོད་པར་མི་ནུས་པའོ། །བཅུ་གསུམ་པའི་སྟོང་གཞི། ཕུང་ཁམས་སྐྱེ་མཆེད་རེག་པ་ཚོར་བ་གཟུགས་ཡོད་མེད་འདུས་བྱས་འདུས་མ་བྱས་སོ། །ཐ་སྙད་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །རྒྱུ་མཚན་དེས་ཆོས་ཀུན་བསྡུས་པས་སོ། །བཅུ་བཞི་པའི་སྟོང་གཞི་སྐྱེ་བ་དང་འགགས་པས་སོགས་དང་། གཟུགས་སུ་རུང་བ་ཉམས་སུ་མྱོང་བ་སོགས་སོ། །ཐ་སྙད་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །རྒྱུ་མཚན་སྤྱི་དང་ཁྱད་པར་གྱི་མཚན་ཉིད་ཡིན་པའོ། །བཅོ་ལྔ་པའི་སྟོང་གཞི་འདས་སོགས་དུས་གསུམ་མོ། །ཐ་སྙད་མི་དམིགས་པ་སྟོང་པ་ཉིད་དོ། །རྒྱུ་མཚན་དེ་དག་རེ་རེ་ལ་གཞན་གཉིས་མི་དམིགས་པའོ། །བཅུ་དྲུག་པའི་སྟོང་གཞི་རྒྱུ་རྐྱེན་དུ་མ་སྦྱོར་བའམ་འདུས་པ། ཐ་སྙད་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །རྒྱུ་མཚན་འདུས་པའི་སྤྱི་ཚོགས་ཙམ་ཡང་དངོས་པོར་མེད་པས་སོ། །བཅུ་བདུན་པའི་སྟོང་གཞི་ཕུང་པོ་ལྔའོ། །ཐ་སྙད་དངོས་པོ་སྟོང་པ་ཉིད་དོ། རྒྱུ་མཚན་ཉེར་ལེན་གྱི་དངོས་པོ་ཡིན་པའོ། །བཅོ་བརྒྱད་པའི་སྟོང་གཞི་ནམ་མཁའ་དང་འགོག་པ་གཉིས་དང་དེ་བཞིན་ཉིད་དོ། །ཐ་སྙད་དངོས་མེད་སྟོང་པ་ཉིད། རྒྱུ་མཚན་དེ་དག་དངོས་མེད་ཡིན་པའོ། །འདིར་མཚན་གཞི་དང་གོང་དུ་མཚན་ཉིད་ཀྱི་ངོས་ནས་བསྟན་པས་འདུས་མ་བྱས་སྟོང་པ་ཉིད་དང་མི་ཟློས་སོ། །བཅུ་དགུ་པའི་སྟོང་གཞི་ཆོས་རྣམས་ཀྱི་ཕྱིན་ཅི་མ་ལོག་པའི་ངོ་བོའོ། །ཐ་སྙད་རང་གི་ངོ་བོ་སྟོང་པ་ཉིད་དོ། །རྒྱུ་མཚན་འཕགས་པ་རྣམས་ཀྱི་ཤེས་པ་དང་མཐོང་བས་གསར་དུ་མ་བྱས་པའོ། །ཤེས་པ་དང་མཐོང་བའི་དོན། གནོད་འཇོམས་ལས། ཤེས་པ་མི་རྟོག་ཡེ་ཤེས་དང་། མཐོང་བ་དེའི་རྗེས་ཐོབ་ལ་བཤད། ཉི་སྣང་ལས། རྗེས་དཔག་དང་འཁྲུལ་པ་བསལ་བའི་ཕྱིར་མཐོང་བ་དང་ཤེས་པ་སྨོས་ཞེས། མངོན་སུམ་པ་དང་མ་འཁྲུལ་པ་ལ་བཤད་དོ། །འདི་ནི་རང་བཞིན་སྟོང་པ་ཉིད་དང་མི་ཟློས་པ་ནི་མདོར་བསྡུས་པ་དང་། རྒྱས་པར་ཕྱེ་བ་ཐ་དད་པས་སོ། །ཉི་ཤུ་པའི་སྟོང་གཞི་ནི། ཆོས་གཞན་གྱི་ངོ་བོའོ། །ཐ་སྙད་གཞན་གྱི་ངོ་བོ་སྟོང་པ་ཉིད་དོ། །རྒྱུ་མཚན་ནི་ཆོས་རྣམས་ཀྱི་མཆོག་གམ། ཡང་ན་གཞན་ནི་ཕུལ་དུ་བྱུང་བའི་ཡེ་ཤེས་དང་ངོ་བོ་ནི་དེའི་ཡུལ་ལམ། ཡང་ན་འཁོར་བ་ལས་གཞན་ནམ་ཕ་རོལ་ཡང་དག་པའི་མཐའོ་ཞེས་འཇུག་འགྲེལ་ལས་བཤད་ལ། དག་ལྡན་ལས། འདི་ནི་དམ་པ་ཡིན་པའི་ཕྱིར་གཞན་ཡང་ཡིན་ལ་གཞན་གྱིས་མ་བྱས་པའི་ངོ་བོ་ཉིད་ཡིན་པས་འདི་ནི་གཞན་གྱི་ངོ་བོ་སྟེ་དེ་བཞིན་ཉིད་དོ་ཞེས་སོ། །འདིར་ནི་གཞན་དུ་འཇོག་ཚུལ་དེ་ལྟར་བྱས་ནས་དེ་སྟོང་པ་ཉིད་དུ་བཤད་པ་སྔ་མར་འཕགས་པ་རྣམས་ཀྱིས་མ་བྱས་པའི་རང་གི་ངོ་བོ་ཉིད་དུ་བཤད་ནས། དེ་སྟོང་ཉིད་དུ་བཤད་པ་ཙམ་འདི་གཉིས་ཀྱི་ཁྱད་པར་རོ། །གཉིས་པ་ཡུལ་ཅན་ཡེ་ཤེས་ནི། ཡུལ་སྟོང་ཉིད་ཉི་ཤུས་ཤུགས་ཀྱིས་འཕང་བ་ཡིན་ཏེ། སྟོང་ཉིད་དང་པོ་གསུམ་གྱིས་ཚོགས་ལམ་དང་ངེས་འབྱེད་དང་པོ་གསུམ་དང་། བཞི་པས་ཆོས་མཆོག་འཕངས་སོ། །ལྔ་པ་དང་དྲུག་པས་ས་དང་པོ་དང་གཉིས་པ་འཕེན་ཏེ། དེ་གཉིས་ཀྱིས་ཆོས་དབྱིངས་ཀུན་ཏུ་འགྲོ་བ་དང་མཆོག་གི་དོན་དུ་རྟོགས་པ་ན། ཆོས་དབྱིངས་དེ་སྟོང་པར་རྟོགས་ལ་དེའི་ཚེ་རང་བཞིན་ཅན་ཕྱོགས་བཅུ་དང་མྱང་འདས་ཀྱང་སྟོང་པར་རྟོགས་སོ། །འདུས་བྱས་མ་བྱས་སྟོང་པ་ཉིད་ཀྱིས་ས་གསུམ་པ་དང་བཞི་པ་འཕེན་ཏེ། དེ་གཉིས་ཀྱིས་ཆོས་དབྱིངས་རྒྱུ་མཐུན་པའི་དོན་གྱི་མཆོག་དང་ཡོངས་སུ་འཛིན་པ་མེད་པའི་དོན་དུ་རྟོགས་པ་ན་དེ་སྟོང་པར་རྟོགས་ལ། དེའི་ཚེ་རང་བཞིན་ཅན་འདུས་བྱས་འཁོར་བ་དང་ཡོངས་སུ་འཛིན་པ་མེད་པའི་འདུས་མ་བྱས་ཀྱང་སྟོང་པར་རྟོགས་སོ། །མཐའ་འདས་དང་ཐོག་མཐའ་མེད་པ་སྟོང་པ་ཉིད་གཉིས་ཀྱིས་ས་ལྔ་པ་དང་དྲུག་པ་འཕེན་ཏེ། དེ་གཉིས་ཀྱིས་ཆོས་དབྱིངས་རྒྱུད་དང་ཐ་དད་པ་མེད་པ་དང་། ཀུན་ནས་ཉོན་མོངས་དང་རྣམ་དག་མེད་པའི་དོན་དུ་རྟོགས་པ་ན་དེ་སྟོང་པར་རྟོགས་ལ། དེ་ལྟ་ན་དེའི་རང་བཞིན་ཅན་རྟག་ཆད་ཀྱི་མཐའ་དང་བྲལ་བ་དབུས་ཀྱི་རང་བཞིན་དང་། འཁོར་བ་ཆོས་དབྱིངས་ཀྱི་རྗེས་སུ་སྐྱེས་ཀྱང་སྟོང་པར་རྟོགས་སོ། །དོར་བ་མེད་པ་སྟོང་པ་ཉིད་ཀྱིས་ས་བདུན་པ་འཕེན་ཏེ་ཆོས་དབྱིངས་མདོ་སོགས་ཀྱི་མཚན་མ་ཐ་དད་མེད་པའི་དོན་དུ་རྟོགས་པ་ན་སྟོང་པར་རྟོགས་ལ། དེའི་རང་བཞིན་ཅན་དོར་བ་མེད་པ་ཡང་སྟོང་པ་ཉིད་དུ་རྟོགས་སོ། ། རང་བཞིན་དང་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ས་བརྒྱད་པ་འཕེན་ཏེ། དེ་ཆོས་དབྱིངས་བྲི་འཕེལ་མེད་པ་དང་རྣམ་པར་མི་རྟོག་པ་དང་། ཞིང་དག་པ་ལ་དབང་བའི་རྟེན་དུ་རྟོགས་པ་ན་དེ་སྟོང་ཉིད་དུ་རྟོགས་ལ། དེ་ལྟ་ན་དེའི་རང་བཞིན་ཅན་རང་གི་ངོ་བོ་རང་བཞིན་དང་རྣམ་འགྱུར་ཆོས་ཐམས་ཅད་སྟོང་པར་རྟོགས་པས་སོ། །རང་གི་མཚན་ཉིད་དང་མི་དམིགས་པ་སྟོང་པ་ཉིད་ཀྱིས་ས་དགུ་པ་འཕེན་ཏེ། དེས་ཆོས་དབྱིངས་ཡེ་ཤེས་ལ་དབང་བའི་གནས་ཉིད་དུ་རྟོགས་ལ་དེ་ལྟ་ན་དེའི་མཚན་ཉིད་མཐའ་དག་དུས་ཐམས་ཅད་དུ་ཤེས་པའི་ཡེ་ཤེས་ཀྱི་རྟེན་དུ་གྱུར་པ་མཚན་ཉིད་དང་དུས་རྣམས་སྟོང་པར་རྟོགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་དངོས་པོ་སྟོང་པ་ཉིད་ཀྱིས་ས་བཅུ་བ་འཕེན་ཏེ། དེས་ཆོས་དབྱིངས་ལས་ལ་དབང་པའི་གནས་སུ་སྟོང་པར་རྟོགས་ལ། དེ་ལྟ་ན་དེའི་རིགས་ཅན་ཚོགས་པ་དང་ཡན་ལག་གི་རྟེན་ཀྱང་སྟོང་པར་རྟོགས་སོ། །དངོས་པོ་མེད་པ་དང་རང་གི་ངོ་བོ་དང་གཞན་གྱི་ངོ་བོ་སྟོང་པ་ཉིད་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་འཕེན་ཏེ། དེས་ཉོན་སྒྲིབ་དང་ཤེས་སྒྲིབ་བག་ཆགས་དང་བཅས་པ་སྤང་བ་དང་། རང་བྱུང་ཉིད་ཐོབ་པ་ན་དེ་སྟོང་པར་རྟོགས་ལ། དེ་ལྟ་ན་དེའི་རང་བཞིན་ཅན་ཆགས་པ་དང་གནོད་པར་བྱེད་པ་ལ་སོགས་པའི་ཉོན་མོངས་ཀྱིས་སྟོང་པའི་ནམ་མཁའ་དང་། གཟུང་འཛིན་ཤེས་སྒྲིབ་དང་བྲལ་བའི་སྟོང་ཉིད་དང་། གཞན་ལ་མི་ལྟོས་པའི་བྱེད་པ་པོ་སྟོང་པར་རྟོགས་པས་སོ། །དེ་ལྟར་ས་མཚམས་སོ་སོར་མཛད་པ་ཡང་རྗེས་ཀྱི་ཚེ་ཆོས་ཅན་གྱི་དེ་དང་དེ་དག་ལ་ངེས་པ་འདྲེན་ཚུལ་རེ་ཡོད་པ་གཙོ་ཆེ་བས་ཡིན་གྱི་ངེས་ནས་ནི་མིན་ནོ། །གསུམ་པ་སའི་ཚོགས་རྟོགས་དཀའ་བ་བཤད་པ་ལ་གསུམ། ཁྱད་པར་གྱི་གཞི་སའི་ངོ་བོ། ཁྱད་པར་གྱི་ཆོས་སའི་རྣམ་བཞག །ཁྱད་པར་དེ་ལྡན་གྱི་སའི་ངེས་ཚིག་གོ །དང་པོ་ངོ་བོ་ལ་གཉིས། རང་བཞིན་དངོས་དང་དབྱེ་བའོ། །དང་པོ་སའི་རང་བཞིན་ནི། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྙིང་རྗེ་ཁྱད་པར་ཅན་གྱིས་ཟིན་པའི་རྟོགས་པ་གང་ཡོན་ཏན་གྱི་རྟེན་དུ་གྱུར་པ་ནི་སྐབས་འདིའི་སའི་ངོ་བོའོ། །གཉིས་པ་དབྱེ་བ་ནི། དབྱེ་གཞི་བྱང་འཕགས་ཀྱི་ས་ཙམ་ཞིག་གོ །དབྱེ་ངོ་བཅུའོ། །ཕྱེ་བའི་ཐ་དད་ནི་དངོས་པོ་ཐ་དད་དེ་སྔ་ཕྱི་རྒྱུ་འབྲས་ཡིན་པས་སོ། །གྲངས་ངེས་ནི་ཡོངས་སྦྱོང་མི་འདྲ་བ་བཅུ་ཡོད་པས་ཡིན་ཞེས་རྒྱན་སྣང་ལས་གསུངས་སོ། །བཅུ་ནི་ཁྱད་པར་ཅན་གྱི་དབང་དུ་བྱས་པ་ཡིན་ལ་ཕལ་པ་ནི་དད་པ་དང་མོས་སྤྱོད་ཀྱི་ས་ཡང་ཡོད་དོ། །གཉིས་པ་ཁྱད་པར་གྱི་ཆོས་སའི་རྣམ་བཞག་ལ་བདུན། ཤས་ཆེ་བ་དང་། ཀུན་རྫོབ་པའི་ཡོན་ཏན་དང་། སྐྱེ་བ་འཛིན་པའི་ཚུལ་དང་། གཉེན་པོ་རྟོགས་པ་དང་། སྤང་བྱ་མི་མཐུན་ཕྱོགས་དང་། ས་ཐོབ་པའི་རྟགས་དང་། འབྲས་བུའི་ཁྱད་པར་རོ། །དང་པོར་ཤས་ཆེ་བ་ནི། ས་བཅུ་པོ་རེ་རེ་ལ་ཕར་ཕྱིན་བཅུ་རིམ་པ་བཞིན་ཤས་ཆེ་བ་ནི་ཁྱད་པར་ཅན་དང་། དེ་རེ་རེ་ལ་ཐམས་ཅད་ཀྱང་སྒྲུབ་པ་ནི་ཁྱད་པར་མེད་པའོ། །གཞན་ཡང་ས་དང་པོར་ཆོས་ཉིད་རྟོགས་ནས་གཉིས་པར་ཚུལ་ཁྲིམས་དང་། གསུམ་པར་ཏིང་ངེ་འཛིན་དང་། བཞི་པར་ཕྱོགས་མཐུན་ལ་མཁས་པའི་ཤེས་རབ། ལྔ་པར་ཆོས་ཀྱི་དེ་ཉིད་བདེན་བཞི་ལ་མཁས་པའི་ཤེས་རབ། དྲུག་པར་རྟེན་འབྲེལ་ལུགས་འབྱུང་ལྡོག་ལ་མཁས་པའི་ཤེས་རབ་ལ་སློབ་ཅིང་། ས་ལྷག་མ་བཞིར་བསླབ་པ་གསུམ་ལ་བསླབ་པའི་འབྲས་བུ། བདུན་པར་མཚན་མེད་འདུ་བྱེད་དང་བཅས་པ་ལ་གནས། བརྒྱད་པར་མཚན་མེད་མངོན་པར་འདུ་བྱེད་མེད་པ་དང་། ཞིང་དག་པ་ལ་དབང་། དགུ་པར་སེམས་ཅན་ཡོངས་སུ་སྨིན་པ་འགྲུབ། བཅུ་པར་ཏིང་ངེ་འཛིན་དང་གཟུངས་རྣམས་འགྲུབ་པ་ནི་བསླབ་པ་གསུམ་ལ་སློབ་ཚུལ་ལོ། །ཡང་ས་དང་པོ་ཟག་མེད་ཀྱི་ཕུང་པོའི་རྟེན་ཆོས་ཉིད་རྟོགས་ནས་གཉིས་པར་ཚུལ་ཁྲིམས། གསུམ་པར་ཏིང་འཛིན་བཞི་པ་ལྔ་པ་དྲུག་པ་རྣམས་སུ་ཤེས་རབ་ཀྱི་ཕུང་པོ་སྤྱོད་ལ། ས་ལྷག་མ་བཞིར་འབྲས་བུ་བཞིའི་གེགས་བཞི་དང་། སངས་རྒྱས་ཀྱི་ས་ལ་ཐོགས་སྒྲིབ་སྦྱོང་བས་རིམ་པ་ལྟར་རྣམ་པར་གྲོལ་བ་དང་། གྲོལ་བའི་ཡེ་ཤེས་གཉིས་སྦྱོང་བར་གསུངས་པ་ནི་ཟག་མེད་ཀྱི་ཕུང་པོ་སྦྱོང་ཚུལ་ལོ། ། གཉིས་པ་ཀུན་རྫོབ་པའི་ཡོན་ཏན་ནི། ས་དང་པོ་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སྐད་ཅིག་ལ་ཐོབ་སྟེ། ཏིང་ངེ་འཛིན་བརྒྱ་ཐོབ་ཅིང་དེ་དག་ལ་འཇུག་པ་དང་། སངས་རྒྱས་བརྒྱ་མཐོང་བ་དང་། དེ་རྣམས་ཀྱི་བྱིན་རླབས་ཀྱང་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་བྱེད་པ་དང་། ཞིང་བརྒྱར་ཡང་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱེད་པ་དང་། སེམས་ཅན་བརྒྱ་སྨིན་པར་བྱེད་པ་དང་། བསྐལ་པ་བརྒྱར་གནས་པར་བྱེད་པ་དང་། བསྐལ་པ་བརྒྱ་ལ་སྔོན་དང་ཕྱི་མའི་མཐར་འཇུག་པ་དང་། ཆོས་ཀྱི་སྒོ་བརྒྱ་འབྱེད་པ་དང་། ལུས་བརྒྱ་ཀུན་ཏུ་སྟོན་པ་དང་། ལུས་རེ་རེ་ལ་འཁོར་བྱང་ཆུབ་སེམས་དཔའ་བརྒྱ་བརྒྱ་དང་ལྡན་པར་སྟོན་པའོ། །འདི་ནི་འཇུག་པར་གསུངས་པ་ཡིན་ལ། ཡོན་ཏན་དང་པོ་ལ་འཇུག་པར། ཏིང་ངེ་འཛིན་ལ་འཇུག་ལྡང་བྱེད་པར་བཤད། ཡོན་ཏན་དགུ་པ་ནི་བྱང་ས་ལས། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་བསྐལ་པ་བརྒྱར་ཡང་ཡེ་ཤེས་མཐོང་བས་འཇུག་པར་བྱེད་དོ། །ཞེས་པ་ལྟར་རོ། ། དེ་ལ་གཡོ་བས་ནི་གདུལ་བྱར་འདུན་པར་བྱེད་ལ། འགྲོ་བ་དང་སྣང་བས་ནི་གདུལ་བྱའི་གནས་སུ་སོང་སྟེ་མཐོང་ནས་སྨིན་པར་བྱེད་དོ། །སྔོན་དང་ཕྱི་མཐའ་ལ་འཇུག་པ་ནི། སེམས་ཅན་གྱི་སྡིག་པ་དང་འབྲལ་བའི་ཆེད་དུ་ལས་ཀྱིས་འཁོར་བར་འགྲོ་བའི་ཚུལ་སྟོན་ནོ། །ཆོས་སྒོ་བརྒྱ་འབྱེད་པ་ནི་རང་གི་བློ་གྲོས་སྨིན་པའི་ཆེད་དུ་ཆོས་ཀྱི་རྣམ་གྲངས་ཀྱི་དོན་སེམས་པའོ། ། དེ་བཞིན་དུ་ས་གཉིས་པ་ལ་ཡོན་ཏན་དེ་དག་སྟོང་ཕྲག་བཅུ་གཉིས་དང་། གསུམ་པ་ལ་འབུམ་ཕྲག་བཅུ་གཉིས། བཞི་པ་ལ་བྱེ་བ་ཕྲག་བརྒྱ་དང་བཅུ་གཉིས་དང་། ལྔ་པ་ལ་བྱེ་བ་ཕྲག་སྟོང་དང་བཅུ་གཉིས་དང་། དྲུག་པ་ལ་བྱེ་བ་བརྒྱ་ཕྲག་སྟོང་དང་བཅུ་གཉིས་དང་། བདུན་པ་ལ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུ་གཉིས་ཐོབ་བོ། བརྒྱད་པ་ལ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་འབུམ་གྱི་རྡུལ་དང་མཉམ་པ་དང་། དགུ་པ་ལ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་པ་དེ་སྙེད་དང་། བཅུ་པ་ལ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དང་མཉམ་པའི་ཡོན་ཏན་ཐོབ་བོ། །གསུམ་པ་སྐྱེ་བ་འཛིན་ཚུལ་ལ་གཉིས། དབང་དང་རྣམ་སྨིན་གྱི་སྐྱེ་བའོ། །དང་པོ་ནི་མོས་སྤྱོད་པ་རྣམས་འདོད་པར་སྐྱེ་བ་ལས་དང་། ས་ཐོབ་པ་རྣམས་དུད་འགྲོ་སོགས་དམན་གནས་སུ་སྐྱེ་བ་སྨོན་ལམ་དང་། བསམ་གཏན་གྱི་དབང་གིས་གཟུགས་ཁམས་སུ་སྐྱེ་བ་བཟློག་ནས་འདོད་པར་སྐྱེ་བ་ཏིང་ངེ་འཛིན་དང་། སྤྲུལ་པས་དགའ་ལྡན་གྱི་གནས་ལ་སོགས་པར་སྐྱེ་བ་དབང་འབྱོར་པའི་དབང་གིས་སྐྱེ་བའོ། །གཉིས་པ་རྣམ་སྨིན་གྱི་སྐྱེ་བ་ནི། ས་བཅུ་ལ་གནས་པ་རྣམས་རིམ་བཞིན། ཕལ་ཆེར་འཛམ་བུའི་གླིང་དང་། གླིང་བཞི་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་རྒྱལ་པོ་དང་། སྟོང་གི་བདག་པོ་ཚངས་པ་དང་། སྟོང་གསུམ་གྱི་བདག་པོ་ཚངས་པ་ཆེན་པོ་དང་། གནས་གཙང་མའི་ལྷའི་རྒྱལ་པོ་རྣམས་སུ་སྐྱེ་བ་འཛིན་ཏོ། ། བཞི་པ་གཉེན་པོ་རྟོགས་པ་ལ་གཉིས། རྟོགས་ཚུལ་དང་། དེ་མཉམ་རྗེས་གང་ཡིན་བསྟན་པའོ། །དང་པོ་རྟོགས་ཚུལ་ནི། ས་དང་པོར་ཆོས་དབྱིངས་རྒྱུད་ཐམས་ཅད་ལ་ཁྱད་པར་མེད་པར་ཀུན་ཏུ་འགྲོ་བའི་དོན་དུ་དང་། ས་གཉིས་པར་དེ་སྒྲིབ་པ་སྤང་རུང་དུ་རྟོགས་པས་མཆོག་གི་དོན་དང་། ས་གསུམ་པར་ཐོས་པ་ཚོལ་བ་ནི་ཆོས་ཉིད་རྟོགས་པའི་རྒྱུ་མཐུན་པ་སྟེ་རྒྱུའི་མཆོག་ཏུ་རིག་པས་རྒྱུ་མཐུན་པ་དོན་གྱི་མཆོག་ཏུ་དང་། ས་བཞི་པར་ཆོས་ལ་སྲེད་པ་ཡང་ལོག་པས་ཆོས་ཉིད་ཡོངས་སུ་འཛིན་པ་མེད་པའི་དོན་དུ་དང་། ས་ལྔ་པར་བདག་གཞན་ཐམས་ཅད་ཀྱི་རང་བཞིན་ཆོས་ཉིད་དུ་རྟོགས་པས་དེ་རྒྱུད་ཐ་དད་པ་མེད་པའི་དོན་དུ་དང་། ས་དྲུག་པར་རྟེན་འབྲེལ་གྱི་ཆོས་ཉིད་ལ་ཉོན་མོངས་རྣམ་བྱང་དུ་འགྱུར་བའི་ཆོས་གང་ཡང་མེད་པར་རྟོགས་པས་དེ་ཉོན་མོངས་དང་རྣམ་དག་མིན་པའི་དོན་དུ་དང་། ས་བདུན་པར་ཆོས་དབྱིངས་ལ་མདོ་ལ་སོགས་པའི་ཆོས་ཀྱི་མཚན་མ་ཐ་དད་པ་མི་འབྱུང་བས་དེ་ཐ་དད་མེད་པའི་དོན་དུ་དང་། ས་བརྒྱད་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ཀུན་བྱང་བྲི་འཕེལ་མེད་པར་རྟོགས་པས་དེ་བྲི་མེད་འཕེལ་མེད་ཀྱི་དོན་དང་། ཉོན་ཡིད་དང་སྒོ་ལྔའི་ཤེས་པ་ཡུལ་དང་བཅས་པ་གནས་གྱུར་པས་རིམ་པ་ལྟར་ཆོས་ཉིད་མི་རྟོག་ཡེ་ཤེས་དང་ཞིང་དག་པ་ལ་དབང་བའི་གནས་སུ་དང་། ས་དགུ་པར་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པས་ཆོས་ཉིད་དེ་ཡེ་ཤེས་ལ་དབང་བའི་གནས་སུ་དང་། ས་བཅུ་པར་ཇི་ལྟར་བཞེད་པ་བཞིན་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པས་ཆོས་ཉིད་ལས་ལ་དབང་བའི་གནས་ཉིད་དུ་རྟོགས་ཏེ། དབང་དེ་གཉིས་ནི་རྣམ་པར་རྟོག་པ་ཡིད་ཤེས་གནས་གྱུར་པ་ལས་འབྱུང་བའོ། །དེ་ལྟར་ཆོས་དབྱིངས་བཅུ་ལ་སྒྲིབ་པའི་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་ཤེས་སྒྲིབ་བཅུ་ཡང་གཉེན་པོ་ས་བཅུས་རིམ་པ་ལྟར་སྤོང་སྟེ་དེ་དག་གི་མི་མཐུན་ཕྱོགས་ཡིན་པས་སོ། །གཉིས་པ་དེ་མཉམ་རྗེས་གང་ཡིན་བསྟན་པ་ལ་གཉིས། འཐད་པའི་ཕྱོགས་དགོད། དེ་མི་འཐད་པར་འདོད་པ་དགག་པའོ། །དང་པོ་འཐད་ཕྱོགས་དགོད་པ་ནི། དབུས་མཐར་བཤད་པའི་རྟོགས་ཚུལ་དེ་དག་མཉམ་གཞག་དང་རྗེས་ཐོབ་ཀྱི་རྟོགས་ཚུལ་གང་ཡིན་ཞེ་ན། རྗེས་ཐོབ་ཀྱི་ངེས་པ་འདྲེན་ཚུལ་ཐ་དད་པ་རེ་ཡོད་པས་དེའི་རྟོགས་ཚུལ་ཡིན་ནོ། །མཉམ་གཞག་ཏུ་ཆོས་ཉིད་རྟོགས་པའི་ཚུལ་ལ་ནི་མི་འདྲ་བ་ཁས་བླང་དུ་མི་རུང་སྟེ་དབྱེ་བ་དང་ཆོས་ཉིད་ལ་ཡོད་ན་ནི་ཆོས་ཉིད་ཆ་དུ་མའི་བདག་ཉིད་དུ་འགྱུར་ཞིང་། ཆོས་ཅན་ལ་མ་ལྟོས་པར་ཆོས་ཉིད་ལ་དབྱེ་བ་མེད་པར་བཤད་པ་རྣམས་དང་འགལ་ལ། ཆོས་ཉིད་ལ་དབྱེ་བ་མེད་ཀྱང་མཉམ་གཞག་གིས་དེ་ལྟར་རྟོགས་ན་ནི་ཐེག་ཆེན་འཕགས་པའི་མཉམ་གཞག་དེ་ཆོས་ཉིད་ལ་འཁྲུལ་ཤེས་སུ་འགྱུར་ཏེ་ཟླ་བ་གཉིས་སྣང་གི་ཤེས་པ་བཞིན་ནོ། །འོ་ན་མཉམ་གཞག་གི་ཡུལ་གང་ཞེ་ན། འདི་ལ་མཉམ་གཞག་སྣང་མེད་དུ་འདོད་པ་དང་། སྣང་བཅས་སུ་འདོད་པ་གཉིས་ལས། དང་པོ་ནི། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པ་ལྟར། ཡུལ་དེ་ལ་ཤེས་པ་མི་སྐྱེ་བའི་དོན་ཏེ་མཐོང་བ་མེད་པ་ཁོ་ནའི་སྒོམ་པ་ནི་མཐོང་བའོ་ཞེས་བརྗོད་དོ། །གཉིས་པ་ནི། འཕགས་གྲོལ་དང་སློབ་དཔོན་གཉིས་ཀྱིས། ཆོས་ཉིད་ཙམ་མཉམ་གཞག་གི་ཡུལ་ཡིན་པ་དང་། མཉམ་གཞག་གཟུང་འཛིན་གྱི་རྣམ་པ་ཅན་དང་། ཡུལ་དང་བྲལ་བའི་ལུགས་རྣམས་བཀག་ནས། བདེན་དངོས་མེད་པའི་རྟེན་འབྲེལ་སྒྱུ་མ་ལྟ་བུ་མ་ཡིན་དགག་མཉམ་གཞག་གི་དམིགས་པར་བཤད་ཅིང་། དེ་ཡང་ཡུལ་ཡུལ་ཅན་ཐ་དད་པ་ནི་མ་ཡིན་གྱི་མཉམ་གཞག་རང་རིག་གི་ཚུལ་གྱིས་ཉམས་སུ་མྱོང་བའི་སྣང་བ་རང་བཞིན་གྱིས་སྟོང་པ་ཡིན་ནོ། །ཆོས་ཉིད་ལ་ལྟོས་ནས་ནི་སྣང་བ་གྲུབ་པ་ཡང་མི་བཞེད་དོ། །དེ་གཉིས་ལས་རེ་ཞིག་ལུགས་ཕྱི་མ་འདི་ཉིད་ཁས་བླང་བར་བྱའོ། །གཉིས་པ་དེ་མི་འཐད་པར་འདོད་པ་དགག་པ་ལ་གཉིས། ལྟར་སྣང་གི་རྩོད་པ་དགོད། ཡང་དག་གི་ལན་གྱིས་དགག་པའོ། །དང་པོ་རྩོད་པ་ནི། ཐེག་ཆེན་འཕགས་པའི་རྟོགས་པ་མི་འཐད་པར་འགྱུར་ཏེ། ཆོས་ཉིད་རྟོགས་པ་མེད་པའི་ཕྱིར། གཞན་ཡང་ཤེས་སྒྲིབ་མ་ལུས་པ་སྤངས་པའི་སྤངས་པ་མི་འཐད་པར་འགྱུར་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་བྲལ་རྟོགས་པ་མེད་པའི་ཕྱིར། གཞན་ཡང་རང་བཞིན་གནས་རིགས་ཐེག་གསུམ་གྱི་རྟོགས་པ་གོང་ནས་གོང་དུ་བགྲོད་པའི་རྟེན་དུ་མི་འཐད་དེ་ཆོས་ཉིད་ལ་རྟེན་དང་བརྟེན་པ་མེད་པའི་ཕྱིར། མཉམ་གཞག་གི་ཡུལ་གྱི་སྣང་བ་སྒྱུ་མ་ལྟ་བུ་དེ་དོན་དམ་དུ་ཡོད་པར་འགྱུར་ཏེ། ཐེག་ཆེན་འཕགས་པའི་མཉམ་གཞག་གི་ཡུལ་ན་ཡོད་པས་སོ། །ཁྱབ་པ་ཡོད་དེ། དེ་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་མཐར་ཐུག་ཡིན་པས་སོ། །ཆོས་ཉིད་དེ་ས་བཅུ་བྱང་ཆུབ་སེམས་དཔས་ཀྱང་ཕྱོགས་རེ་ལས་མི་རྟོགས་ཤིང་སངས་རྒྱས་ཁོ་ནས་མཐའ་དག་རྟོགས་པར་བཤད་པ་རྣམས་ཀྱང་མི་འཐད་དེ། ས་དང་པོ་ནས་ཇི་ལྟ་བ་རྟོགས་པ་རྫོགས་པས་སོ་ཞེ་ན། །གཉིས་པ་ལན་ནི། ཐལ་བ་དང་པོ་གཉིས་ཀྱིས་ཆོས་ཉིད་མ་རྟོགས་ཞེས་པའི་དོན་ནི། ཆོས་ཉིད་མཉམ་གཞག་གིས་གཉིས་སྣང་དུ་མ་གྲུབ་པའི་དོན་ལ་བྱེད་ན་ནི། ཁྱབ་པ་མ་ངེས་ཏེ། ཆོས་ཉིད་རྟོགས་པའི་དོན་སྤྲོས་པའི་ཆོས་གང་ཡང་མ་གཟིགས་པ་ལ་འདོད་པས་སོ། །འོན་ཏེ་མཉམ་གཞག་སྤྲོས་པ་མཐའ་དག་ཉེ་བར་ཞི་བའི་ཚུལ་གྱིས་མ་རྟོགས་པ་ལ་བྱེད་ན་གཏན་ཚིགས་མ་གྲུབ་བོ། །མདོར་ན་གཤིས་ལུགས་དང་། ཆོས་ཉིད་དང་། རང་བཞིན་སྤྲོས་བྲལ་རྣམས་རྟོགས་ཞེས་པའི་དོན་ཡེ་ཤེས་ལ་འཛིན་པ་མཐའ་དག་ཉེ་བར་ཞི་བས་དེ་རྣམས་ལ་དམིགས་པའི་ཤེས་པ་མི་སྐྱེ་བ་ལ་བྱེད་ཀྱི། དངོས་སུ་ན་འགའ་ཞིག་འགའ་ཞིག་གིས་དམིགས་བྱ་དམིགས་བྱེད་དུ་བྱས་པ་མིན་ནོ། །དཔེར་ན་ཤེས་པ་ཡུལ་ཇི་ལྟ་བ་དེའི་རྣམ་པར་སྐྱེས་པ་ན་རང་དུས་ལ་ཡུལ་དེ་མེད་ཀྱང་རྟོགས་པར་འཇོག་པ་དང་འདྲ་བར་མཉམ་གཞག་གིས་ཆོས་ཉིད་མཐའ་གང་དུ་ཡང་མི་གནས་པ་དང་མཐུན་པར་མཐའ་གང་དུ་ཡང་མི་འཛིན་པ་ན་དེ་དང་དེ་རྟོགས་པར་ཐ་སྙད་བྱས་པ་སྟེ། དབུ་མ་ལ་འཇུག་པ་ལས། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཚེ་དེ་རྣམས་བསྟེན་ལས་དེ་ཡིས་དེ་ཉིད་རྟོགས་པར་བརྗོད་བྱ་སྟེ། །ཇི་ལྟར་སེམས་ནི་གང་གི་རྣམ་པ་ཅན་དུ་གྱུར་པ་དེ་ཡི་ཡུལ། །དེ་ཡང་ཤེས་པ་དེ་བཞིན་ཐ་སྙད་ཉེ་བར་བརྟེན་ནས་རིག་པ་ཡིན། །ཞེས་སོ། །རང་བཞིན་གནས་རིགས་མི་འཐད་པར་ཐལ་བ་ཡང་མེད་དེ། ཆོས་ཉིད་ནི་རང་བཞིན་སྤྲོས་བྲལ་ཡིན་ལ་དེ་ཡང་སྤྲོས་པ་མ་གཟིགས་པའི་ཚུལ་གྱིས་མཁྱེན་པས་ཐེག་གསུམ་གྱི་ཡོན་ཏན་རྣམས་གོང་དུ་འཕེལ་བ་ཙམ་ལ་བསམ་ནས་རྟེན་དང་བརྟེན་པར་བཤད་ཀྱི་རྟེན་བརྟེན་པ་མཚན་ཉིད་པ་མིན་ནོ། །སྣང་བ་ཐེག་ཆེན་འཕགས་པའི་མཉམ་གཞག་གི་ཡུལ་དུ་ཡོད་ཀྱང་དོན་དམ་དུ་གྲུབ་པར་མི་འགྱུར་ཏེ། དེས་དེ་བདེན་པར་མ་གཞལ་གྱིས་བདེན་མེད་དུ་གཞལ་བའི་ཕྱིར་རོ། །དེ་ལྟ་མིན་ན་ཐུབ་པའི་མཁྱེན་པ་ལ་ཡུལ་མེད་དགོས་ཏེ་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་མཐར་ཐུག་ཡིན་པའི་ཕྱིར་རོ། ། དེའི་ཡུལ་ཡིན་ན་དོན་དམ་དུ་གྲུབ་པར་ཐལ་ལོ། །མདོ་དག་ལས་ཆོས་ཉིད་ཕྱོགས་རེ་བ་དང་ཡོངས་རྫོགས་རྟོགས་པའི་ཁྱད་གསུངས་པ་ཡང་། དམན་པའི་རིགས་ཅན་ཁ་ཅིག་ཐེག་པ་ལ་དྲངས་པའི་ཕྱིར་ཆོས་དེ་རྟོགས་དཀའ་བ་དང་། རྟོགས་པའི་ཕན་ཡོན་སོགས་བཤད་ཀྱི་སྒྲ་ཇི་བཞིན་པ་མིན་ནོ། །དེ་ལྟར་ཆོས་ཉིད་ནི་ཀུན་རྫོབ་པའི་ངོས་ནས་ཡེ་ཤེས་ཀྱི་ཡུལ་དུ་གྲུབ་པ་དང་། དེ་རྟོགས་སོ་ཞེས་ཉེ་བར་གདགས་ཀྱི་དོན་དམ་པར་ནི་དེ་ལྟར་མིན་པར་མདོ་དང་བསྟན་བཅོས་དུ་མ་ལས་གསུངས་སོ། །ལྔ་པ་སྤང་བྱ་མི་མཐུན་ཕྱོགས་ལ། ཤེས་སྒྲིབ་ཕལ་ཆེ་བ་དང་། ཉོན་སྒྲིབ་ཀྱི་དབང་དུ་བྱས་པའོ། །དང་པོ་ཤེས་སྒྲིབ་ལ་ཐུན་མོང་བ་ནི། འཆད་པར་འགྱུར་བའི་གཟུང་འཛིན་གྱི་རྣམ་རྟོག་བརྒྱ་རྩ་བརྒྱད་རྣམས་སོ། །ཐུན་མོང་མ་ཡིན་པ་ནི། ས་བཅུ་བོ་རེ་རེ་ལ་ཤིན་ཏུ་རྨོངས་པ་གཉིས་གཉིས་དང་། དེའི་གནས་ངན་ལེན་མི་མཐུན་ཕྱོགས་རེ་རེ་སྟེ། འདི་ལྟར་ས་དང་པོ་ལ་གང་ཟག་དང་ཆོས་ལ་མངོན་ཞེན་༡དང་ངན་སོང་བའི་ཉོན་མོངས་པ་༣དང་། གཉིས་པ་ལ་ལྟུང་བ་ཕྲ་མོའི་འཁྲུལ་པ་༡དང་། ལས་ཀྱི་རྣམ་པ་སྣ་ཚོགས་པ་༣དང་། གསུམ་པ་ལ་འདོད་པའི། འདོད་ཆགས་ཀྱིས་ཀུན་ཏུ་རྨོངས་པ། དང་༡། ཐོས་པའི་གཟུངས་ཡོངས་སུ་རྫོགས་པ་ལ་༡༢ཀུན་ཏུ་རྨོངས་པ་དང་། བཞི་པ་ལ་སྙོམས་འཇུག་ལ་སྲེད་པ་དང་༡། ཆོས་ལ་སྲེད་པ་༣དང་། ལྔ་པ་ལ་འཁོར་བ་ལ་གཅིག་ཏུ་མི་ཕྱོགས་ཤིང་མངོན་དུ་ཕྱོགས་པ་ཡིད་ལ་བྱེད་པ་༡ཀུན་ཏུ་རྨོངས་པ། དང་། མྱང་འདས་ལ་གཅིག་ཏུ་ཕྱོགས་ཅིང་མངོན་དུ་ཕྱོགས་པ་ཡིད་ལ་༢བྱེད་པ་དང་། དྲུག་པ་ལ་འདུ་བྱེད་ཀྱི་འཇུག་པ་མངོན་སུམ་དུ་བྱ་བ་༡ལ་དང་། མཚན་མ་མང་པོ་ཀུན་ཏུ་འབྱུང་བ་༢ཀུན་ཏུ་རྨོངས་པ། དང་། བདུན་པ་ལ་མཚན་མ་ཕྲ་མོ་འབྱུང་བ་༢དང་། མཚན་མ་པ་གཅིག་ཏུ། མེད་པ་ཡིད་ལ་བྱེད་པས་ཐབས་ལ་ཀུན་ཏུ་རྨོངས་པ། པའི་ཐབས་མཁས་༢དང་། བརྒྱད་པ་མཚན་མ་མེད་པ་བཅོམ་པ་ཀུན་ཏུ་རྨོངས་པ་དང་། ལ་མཚན་མེད་ལ་རྩོལ་བ་དང་། མཚན་མ་རྣམས་ལ་མི་དབང་བ་༢དང་། དགུ་པ་ལ་ཆོས་བསྟན་པ་དང་ཆོས་ཀྱི་ཚིག་དང་ཡི་གེ་དཔག་ཏུ་མེད་པ་དང་། གོང་ནས་གོང་དུ་ཤེས་རབ་དང་། སྤོབས་པ་ལ་གཟུངས་ཀྱི་དབང་ལ་ཀུན་ཏུ་རྨོངས་པ་དང་། ༡ དང་། སྤོབས་པའི་ཀུན་ཏུ་རྨོངས་པ། དབང་ལ་༢དང་། བཅུ་པ་ལ་མངོན་ཤེས་ཆེན་པོ་ལ་དང་༡། གསང་བ་ཕྲ་མོ་ལ་འཇུག་པ་ལ་༢དང་། བཅུ་གཅིག་པ་ལ་ཤེས་བྱ་ཐམས་ཅད་ལ་ཆགས་པ་ཤིན་ཏུ་༡ཕྲ་མོ་དང་། ཐོགས་པ་ཤིན་ཏུ་རྨོངས་༢པ་གཉིས་སོ། །གཉིས་པ་ཉོན་སྒྲིབ་ཀྱི་དབང་དུ་བྱས་པ་ལ་བཞི། མཐོང་སྤང་ལོགས་ཞུགས་དང་། སྒོམ་སྤང་སའི་སྒོ་ནས་དབྱེ། དེ་ལྟར་ཕྱེ་བའི་རྣམ་བཞག་དཔྱད། ཇི་ལྟར་སྤོང་ཚུལ་ལོ། །དང་པོ་ལ་གཉིས། སྤྱིའི་གྲངས་དང་། ལོག་པར་འཇུག་ཚུལ་ལོ། །དང་པོ་སྤྱིའི་གྲངས་ལ་བཤད་ཚུལ་གསུམ་ལས། ཀུན་བཏུས་སུ་ནི། ཁམས་གོང་གི་རྟེན་ལ་ཁོང་ཁྲོའི་ས་བོན་ཡོད་ཀྱང་མངོན་དུ་རྒྱུ་མེད་པའམ། ས་བོན་དེ་འཇོག་བྱེད་འདོད་པའི་སར་གཏོགས་ཁོ་ན་ཡིན་ཞིང་དེའི་རྣམ་སྨིན་ཡང་འདོད་པ་ཁོ་ནར་མྱོང་བ་ལ་དགོངས་ནས་གོང་མའི་ས་ལ་ཁོང་ཁྲོ་བོར་ནས་འདོད་པ་དང་ཁམས་གོང་གི་ས་ལ་ཡོད་པའི་ཕྲ་རྒྱས་བཅུ་དང་དགུ་རྣམས་བདེན་པ་བཞི་ཀ་ལ་ཁྱད་མེད་པར་ལོག་ཞུགས་སུ་བཤད་དེ་བརྒྱ་དང་བཅུ་གཉིས་སོ། །རྣམ་པར་གཏན་ལ་དབབ་པ་བསྡུ་བར་ཁམས་གསུམ་ཀའི་སྡུག་བསྔལ་མ་གཏོགས་པའི་བདེན་པ་ལྷག་མ་གསུམ་ལ་ལྟ་བ་དང་པོ་གཉིས་འཇུག་པ་དོར་བས་གོ་བཞིའོ། །མཛོད་ལས་ནི། འདོད་པ་ན་སྡུག་བསྔལ་ལ་བཅུ་དང་། ཀུན་འབྱུང་འགོག་པ་གཉིས་ལ་ལྟ་བ་དང་པོ་གཉིས་དང་། མཆོག་འཛིན་ཐ་མ་སྟེ་གསུམ་དང་ལམ་ལ་ལྟ་བ་དང་པོ་གཉིས་ཁོ་ན་དོར་བས་བདེན་བཞི་ལ་རིམ་པ་ལྟར་བཅུ་དང་བདུན་བདུན་བརྒྱད་ཡིན་ལ་གོང་མར་ཁོང་ཁྲོ་ཡང་དོར་བས་དགུ་དང་དྲུག་དྲུག་བདུན་ལོག་པར་འཇུག་པས་སྤྱིར་གྱ་བརྒྱད་དོ། །གཉིས་པ་ལོག་པར་འཇུག་ཚུལ་ནི། གལ་ཏེ་མཐོང་སྤང་རྣམས་ལོག་ཞུགས་གྱི་སྒོ་ནས་འཆད་ན། འཇུག་མཁན་ནི་དུ། འཇུག་ཡུལ་ནི་གང་། འཇུག་ཚུལ་ནི་ཇི་ལྟ་བུ་ཞེ་ན། འཇུག་པ་པོ་ནི། རྩ་ཉོན་དང་མཚུངས་ལྡན་དུ་འབྱུང་བའི་ཉེ་ཉོན་དང་། དེ་ལས་གཞན་པའི་སེམས་བྱུང་གཙོ་སེམས་དང་བཅས་པ་མཐའ་ལས་ཀྱང་གཙོ་བོ་དང་རིགས་བསྡུ་ན་བཅུ་སྟེ། འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ་ཐེ་ཚོམ་འཇིག་ལྟ་མཐར་ལྟ་ལྟ་བ་མཆོག་འཛིན་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ལོག་ལྟ་སྟེ་མདོར་ན་ལྟ་མིན་ལྔ་དང་ལྟ་བ་ལྔའོ། ། འཇུག་པའི་ཡུལ་ཡང་གསལ་བའི་དབྱེ་བ་མཐའ་ཡས་ཀྱང་བདེན་པ་བཞིའོ། །འཇུག་ཚུལ་བདེན་བཞིའི་ཐུན་མོང་གི་མཚན་ཉིད་གང་ཟག་གི་བདག་གིས་སྟོང་པ་དེ་ཇི་སྲིད་མངོན་སུམ་དུ་མ་བྱས་པ་དེ་སྲིད་དུ་བཅུ་པོ་འདིས་ཟག་བཅས་ཀྱི་ལས་དངོས་སུ་སྐྱེད་ཅིང་རང་གི་རིགས་འདྲ་སྔ་མས་ཕྱི་མ་རྣམས་བསྐྱེད་པ་དང་། ཕྱི་མའི་རྣམ་སྨིན་འཕེན་པ་དང་འགྲུབ་པར་བྱེད་པས་སྡུག་བསྔལ་འཕེན་པར་བྱེད་པའི་ཕྱིར། སྡུག་ཀུན་གཉིས་ཀྱི་རྒྱུ་དང་། དེ་གཉིས་ལ་དམིགས་ནས་ཀྱང་འདི་དག་འཕེལ་བར་འགྱུར་བའི་ཕྱིར་དེ་གཉིས་ཀྱང་བཅུ་པོ་འདིའི་རྒྱུ་དང་གཞི་བྱེད་ལ་གང་གི་ཚེ་བདེན་པ་བཞི་གང་ཟག་གི་བདག་གིས་སྟོང་པར་མངོན་དུ་བྱས་པ་དེའི་ཚེ་དེ་དག་གིས་ཕན་ཚུན་དུ་འཕེལ་བར་བྱེད་པ་ལྡོག་པའི་ཕྱིར་བཅུ་པོ་འདི་སྡུག་ཀུན་ལ་ལོག་པར་ཞུགས་པ་ཡིན་ཏེ། དེ་གཉིས་ཀྱི་རང་བཞིན་མཐོང་བས་སྤོང་བའི་ཕྱིར་རོ། །དེ་བཞིན་དུ་བདེན་བཞིའི་བདག་མེད་པར་མ་མཐོང་ན་འཁོར་བ་ལ་མངོན་པར་དགའ་བའི་དབང་གིས་ཐར་བ་རྒྱུ་འབྲས་ལ་གཡང་སར་འདུ་ཤེས་ནས་སྐྲག་པར་འགྱུར་ལ། མཐོང་བ་ན་སྐྲག་པ་དེ་ཡང་ཉོན་མོངས་པ་བཅུ་སྤོང་བའི་སྒོ་ནས་ལྡོག་པའི་ཕྱིར་འགོག་ལམ་སྐྲག་པའི་གནས་མ་ཡིན་པ་ལ་སྐྲག་ཏེ་སྤོང་བའི་ཉོན་མོངས་པ་བཅུ་དེ་གཉིས་ལ་ལོག་པར་ཞུགས་པའོ། །དེ་ཡང་དངོས་སུ་དང་། བརྒྱུད་ནས་སེམས་ལོག་པ་ལ་དང་། དབང་གིས་ལོག་ཞུགས་གསུམ་གྱིས་རིག་པ་བྱའོ། །དེ་ལ་དངོས་སུ་ལོག་ཞུགས་ནི་ལྟ་བ་དང་པོ་གཉིས་དང་ལྟ་བ་ཐ་མ་སྟེ་གསུམ་དང་། མ་རིག་པ་དང་ཐེ་ཚོམ་སྟེ་ལྟ་མིན་གཉིས་དང་ལྔ་ནི་བདེན་པ་ལ་དངོས་སུ་ལོག་ཞུགས་ཏེ། རིམ་པ་ལྟར་བདེན་པ་ལ་བདག་དང་བདག་གི་བར་འཛིན་པ་དང་། རྟག་པ་དང་ཆད་པར་འཛིན་པ་དང་། བདེན་པའི་རྣམ་པ་དེ་དག་མེད་དོ་ཞེས་སྐུར་པའམ་དེ་དག་གིས་ཇི་ལྟར་གསུངས་པ་ལས་གཞན་པའི་རྣམ་པར་སྒྲོ་འདོགས་པ་དང་། བདེན་པའི་རང་བཞིན་ལ་རྨོངས་པ་དང་། དེ་དག་དེ་ལས་བསྟན་པ་ལྟར་ཡིན་མིན་ཡིད་གཉིས་ཟ་བས་བདེན་པ་ལ་ཉོན་མོངས་པ་གཞན་གྱིས་བར་མ་ཆོད་པར་ཕྱིན་ཅི་ལོག་ཏུ་འཛིན་པའི་ཕྱིར་རོ། །ཀུན་བཏུས་ལས། ཐེ་ཚོམ་གཉེན་པོ་ལ་ལོག་ཞུགས་སུ་བཤད་པ་ནི་བདེན་བཞི་གཉེན་པོའི་ཡུལ་ཡིན་པ་ལ་དགོངས་སོ། །གཉིས་པ་ནི་ལྟ་བ་ལ་མཆོག་འཛིན་གཉིས་དང་། ལྟ་མིན་ལ་འདོད་ཆགས་ང་རྒྱལ་གཉིས་ཏེ་བཞི་ནི་བརྒྱུད་ནས་ལོག་ཞུགས་ཡིན་ཏེ། རིམ་པ་ལྟར་དངོས་སུ་ལོག་ཞུགས་ཀྱི་ལྟ་བ་ལ་མཆོག་ཏུ་སྒྲོ་འདོགས་པ་དང་། ལྟ་ངན་དང་འབྲེལ་བའི་སྤྱོད་ངན་ལ་དག་གྲོལ་ངེས་འབྱིན་དུ་ལྟ་བ་དང་། ལྟ་ངན་གྱིས་སེམས་ཁེངས་པ་དང་། ལྟ་ངན་ལ་སྲེད་པར་བྱེད་པས་བདེན་པ་དང་བར་དུ་དམིགས་ཚུལ་གཞན་གྱིས་ཆོད་པའི་ཉོན་མོངས་ལ་ཕྱིན་ཅི་ལོག་ཏུ་དམིགས་པའི་ཕྱིར་རོ། །གསུམ་པ་ནི། ཁོང་ཁྲོ་ནི་དབང་གི་ལོག་ཞུགས་ཡིན་ཏེ་རང་གི་ལྟ་བ་དང་མི་མཐུན་པའི་ལྟ་བ་ལ་ཀུན་ནས་མནར་སེམས་པའི་དབང་གིས་ལོག་པར་ཞུགས་པའི་ཕྱིར་རོ། །གཉིས་པ་སྒོམ་སྤང་ལ་སའི་སྒོ་ནས་དབྱེ་བ་ལ་གཉིས། མཚན་ཉིད་དང་དབྱེ་བའོ། ། དང་པོ་སྤྱིའི་མཚན་ཉིད་ནི། མི་ཤེས་པ་གང་ཞིག་སྒོམ་ལམ་གྱི་གཞོམ་བྱར་གྱུར་པའོ། །དེའི་ཉོན་སྒྲིབ་དང་ཤེས་སྒྲིབ་ཀྱི་མཚན་ཉིད་ནི། རིམ་པ་ལྟར་ཉོན་མོངས་དང་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་གང་ཞིག་སྒོམ་ལམ་གྱིས་གཞོམ་བྱར་གྱུར་པའོ། །གཉིས་པ་ལ་འཆད་ཚུལ་གཉིས་ལས། དང་པོ་ཀུན་བཏུས་ཀྱི་ལུགས་ལ། འདོད་ཁམས་ན་སྒོམ་སྤང་དྲུག་སྟེ། འཇིག་ལྟ་མཐར་ལྟ། འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པའོ། །ཁམས་གོང་ན་ཁོང་ཁྲོ་མ་གཏོགས་པ་ལྔའོ། །དེ་ལ་སས་ཕྱེ་ན་ཞེ་དྲུག་སྟེ་འདོད་པ་ན་དྲུག །བསམ་གཟུགས་བརྒྱད་ན་བཞི་བཅུའོ། །ས་དང་ཆེ་འབྲིང་གིས་ཕྱེ་ན་ས་དགུ་པོ་རེ་རེ་ལ་ཁོང་ཁྲོ་མ་གཏོགས་པ་ལྔ་ལ་དགུ་དགུར་ཕྱེ་ནས་གྱ་གཅིག་པ་ལྔ་དང་། འདོད་པར་ཁོང་ཁྲོ་དགུར་ཕྱེ་བས་བཞི་བརྒྱ་དང་བཅུ་བཞིའོ། །གཉིས་པ་མཛོད་ཀྱི་ལུགས་ལ། ངོ་བོའི་སྒོ་ནས་ཕྱེ་ན་འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ་བཞི། གོང་མར་ཁོང་ཁྲོ་བོར་བས་གསུམ་གསུམ་སྟེ་ཁམས་ཀྱིས་ཕྱེ་ན་བཅུའོ། ། དེ་ས་དང་ཆེ་འབྲིང་གིས་ཕྱེ་ན་ཉིས་བརྒྱ་དང་ང་གཉིས་སོ། །འདི་ནི་བྱེ་སྨྲ་ལྟ་བ་གཉིས་མཐོང་སྤང་ཁོ་ནར་འདོད་པའི་ལུགས་ཡིན་ལ། སྔ་མ་ནི་ཕུང་པོ་ལྔའི་རབ་བྱེད་ཀྱི་འགྲེལ་པར་ལྟ་བ་ཐ་མ་གསུམ་དང་། ཐེ་ཚོམ་ནི་ཀུན་བཏགས་པ་ཁོ་ན་ཡིན་ལ། །ལྷག་མ་རྣམས་ནི་ཀུན་བཏགས་ལྷན་སྐྱེས་གཉིས་ཀ་ཡིན་ནོ། །ཞེས་པ་ལྟར་དེ་མདོ་སྡེ་པ་ཡང་དེ་ལྟར་རོ། །གསུམ་པ་དེ་ལྟར་ཕྱེ་བའི་རྣམ་བཞག་དཔྱད་པ་ནི། མཐོང་སྤང་ནི་གྲུབ་མཐའ་ངན་པས་ཡིད་བསླད་པས་བསྐྱེད་པའི་རགས་པའི་ཆ་ཡིན་པས་བདེན་པ་མངོན་སུམ་དུ་མཐོང་བ་ཙམ་གྱིས་སྤོང་བའི་ཕྱིར་བདེན་པའི་རྣམ་པ་ལ་ལོག་ཞུགས་ཀྱི་སྒོ་ནས་བཤད་ལ། སྒོམ་སྤང་ནི་གྲུབ་མཐའ་ངན་པས་ཀུན་བཏགས་པ་ལས་མ་བྱུང་ཡང་ཐོག་མ་མེད་པ་ནས་རྗེས་སུ་ཞུགས་པ་ལྷན་སྐྱེས་ཀྱི་ཆ་ཕྲ་བ་ཡིན་པས་བདེན་པ་མཐོང་བ་གོམས་པས་ཆེ་འབྲིང་ནས་སྤང་དགོས་ཀྱི་མཐོང་ཙམ་ནས་སྤང་མི་ནུས་པའི་ཕྱིར་སའི་སྒོ་ནས་ཆེ་འབྲིང་དུ་བཞག་གོ །མཐོང་སྤང་དང་སྒོམ་སྤང་ལ་ཀུན་བཏགས་དང་ལྷན་སྐྱེས་ཞེས་པའི་དོན་ནི། ཕྱི་རོལ་པའི་གྲུབ་མཐས་བློ་མ་བསྒྱུར་བ་དང་བསྒྱུར་བ་ལ་བྱའི་མངོན་གྱུར་དང་བག་ཉལ་ལ་མི་བྱའོ། །དེ་ལྟར་ན་མཐོང་སྤང་བདེན་པ་དང་། སྒོམ་སྤང་ཡུལ་ལ་ལོག་ཞུགས་ཡིན་ནོ། །བསྡུ་བ་དང་ཀུན་བཏུས་སུ་མཐོང་སྤང་མི་འདྲ་བ་གཉིས་བཞག་པ་ནི། རགས་ཞིབ་ཀྱི་དབང་གིས་ཡིན་ལ། ཐེག་ཆེན་སྐབས་སུ་མཐོང་སྤང་དང་སྒོམ་སྤང་གཉིས་ཀ་ཀུན་བཏུས་ཀྱི་ལུགས་ཁས་བླང་བར་བྱའོ། །བཞི་པ་ཇི་ལྟར་སྤོང་ཚུལ་ལ་གཉིས་ལས། མཐོང་སྤང་ཇི་ལྟར་སྤོང་ཚུལ་ནི། བསྡུ་བ་དང་མཛོད་ལས། འདོད་པའི་སྡུག་བསྔལ་མཐོང་སྤང་སྡུག་བསྔལ་ལ་ཆོས་བཟོད་ཆོས་ཤེས་གཉིས་དང་། ཁམས་གོང་གི་སྡུག་བསྔལ་ལས་མཐོང་སྤང་སྡུག་བསྔལ་ལ་རྗེས་བཟོད་རྗེས་ཤེས་གཉིས་ཀྱིས་སྤོང་ལ། བདེན་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་ཏེ་ཁམས་གོང་འོག་གཉིས་ཀྱི་གཉེན་པོ་རྣམས་ཐ་དད་པར་བཤད་དོ། །དེ་ནི་ཉན་ཐོས་ཀྱི་ཡིན་པར་འབྲེ་བཞེད་དོ། །ཀུན་བཏུས་ཀྱི་ལུགས་ནི་འོག་ཏུ་འཆད་པར་འགྱུར་རོ། །གཉིས་པ་སྒོམ་སྤང་སྤོང་ཚུལ་ལ་གསུམ། ཆོས་མངོན་པ་ནས་གསུངས་པའི་ཚུལ། དེའི་དགོངས་པ་གང་ཡིན་བརྟགས་པ། སྤང་གཉེན་གྱི་ཁྱད་པར་གཞན་བསྟན་པའོ། །དང་པོ་ནི། ཉོན་མོངས་པ་རྣམས་ལ་སྤོང་བའི་ཚུལ་གཉིས་ཏེ། ཞི་རགས་ཀྱི་རྣམ་པའི་སྒོ་ནས་སྤོང་བ་དང་། བདག་མེད་པའི་རྣམ་པའི་སྒོ་ནས་སྤོང་བ་གཉིས་སོ། །དེ་ཡང་ས་དགུ་ལ་སྒོམ་སྤང་དགུ་དགུར་དབྱེ་བའི་གཉེན་པོ་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་སྒོམ་ལམ་ཡང་རྫས་དེ་སྙེད་དེ་འོན་ཀྱང་སྲིད་རྩེའི་སྤང་བྱ་དགུ་པ་ནི་འཇིག་རྟེན་པའི་སྒོམ་ལམ་གྱིས་སྤོང་བ་མེད་དོ། །དེ་ཡང་དང་པོས་མངོན་གྱུར་དང་གཉིས་པས་བག་ལ་ཉལ་སྤོང་ཞིང་དང་པོ་ནི་མུ་སྟེགས་དང་ཡང་ཐུན་མོང་པ་དང་། གཉིས་པ་ནི་ཆོས་འདི་པའི་ཐུན་མོང་མ་ཡིན་པའི་ལམ་མོ། །འཇིག་རྟེན་ལས་འདས་པའི་སྒོམ་ལམ་གྱིས་སྤང་བྱ་སྤོང་ཚུལ་ཡང་གཉིས་ཏེ་ཉན་ཐོས་འགའ་ཞིག་གིས་ཁམས་དང་ས་མ་ཕྱེ་བར་བསྡོམས་ནས་གང་ཟག་གི་བདག་མེད་པར་བསྒོམས་པས་ཁམས་གསུམ་གྱི་ཉོན་མོངས་ཆུང་འབྲིང་ཆེན་པོ་རྣམས་ཅིག་ཆར་དུ་སྤོང་བ་དང་། ཕྱེ་སྟེ་ས་རྣམས་ལ་རིམ་ཅན་དུ་བསྒོམས་པས་རིམ་གྱིས་སྤོང་བའི་ཚུལ་གཉིས་གསུངས་ནས་ཐེག་ཆེན་ལ་མི་འདྲ་བའི་ཁྱད་པར་མ་མཛད་དོ། །གཉིས་པ་དེའི་དགོངས་པ་གང་ཡིན་བརྟགས་པ་ནི། ཞི་རགས་ཀྱི་རྣམ་པ་ཅན་གྱིས་ལམ་གྱིས་ཁམས་རྣམས་ལས་འདའ་བར་གསུངས་པ་ནི། གདུལ་བྱ་དབང་བརྟུལ་སྲིད་པ་ལ་ཡོན་ཏན་དུ་ལྟ་ཞིང་། སྤོང་བའི་བློ་མི་འཇུག་པ་རེ་ཞིག་བདག་མེད་བསྟན་པའི་སྣོད་དུ་མ་གྱུར་པ་རྣམས་བདག་མེད་པའི་དོན་ལ་རིམ་གྱིས་དྲང་བའི་ཐབས་སུ་གསུང་བ་ཙམ་ཡིན་པས་ལམ་དེས་ནི་ས་དེ་དག་ཏུ་ཉོན་མོངས་མངོན་གྱུར་པ་ཡང་ཐམས་ཅད་ལྟ་ཞོག །ས་དེ་དག་ལ་སྲེད་པའི་སྒོ་ནས་མཆོག་ཏུ་ལྟ་བ་ཙམ་ཞིག་ཉམས་སྨོད་པར་བྱེད་ཀྱི་སྲེད་པ་ཡང་མངོན་གྱུར་བ་ཐམས་ཅད་འགོག་པར་མི་ནུས་ཏེ། དེས་དེའི་རྒྱུ་བདག་དང་བདག་གིར་འཛིན་པ་ལ་མི་གནོད་པའི་ཕྱིར། དེས་ན་ཞི་རགས་ཀྱི་རྣམ་པ་ཅན་ནི་རྒྱུད་སྣོད་རུང་དུ་བྱེད་པ་ཙམ་ཡིན་ལ། ཐེག་པ་གསུམ་ཀའི་ཉོན་མོངས་ལས་གྲོལ་བར་བྱེད་པའི་ལམ་ནི་བདག་མེད་པའི་རྣམ་པ་ཅན་ཡིན་ཏེ་ཉོན་མོངས་མངོན་གྱུར་དང་བག་ལ་ཉལ་གཉིས་ཀ་ཡང་གང་ཟག་གི་བདག་མེད་མོས་པ་ཡིད་བྱེད་དང་དེ་ཁོ་ན་ཉིད་ཡིད་བྱེད་ཀྱིས་སྤོང་བར་ཤེས་པར་བྱའོ། །གསུམ་པ་སྤང་གཉེན་གྱི་ཁྱད་པར་གཞན་བསྟན་པ་ལ་གསུམ། རིམ་དང་ཅིག་ཆར་དུ་སྤོང་བ། སྤང་བྱའི་ངོ་བོ། སྤངས་ཤིང་གྲོལ་བའི་དོན་གང་ཡིན་བརྟགས་པའོ། །དང་པོ་རིམ་དང་ཅིག་ཆར་ནི། དེ་ཡང་ཁམས་གསུམ་ལ་མ་ཕྱེ་བར་སྒོམ་སྤང་རྣམ་རྟོག་ལ་སྤང་དཀའ་སླ་དགུ་ཡོད་པས་གཉེན་པོ་ཆེ་ཆུང་དགུས་སྤོང་བའོ། ། འདི་དག་ཀྱང་བྱང་སེམས་ཀྱིས་ཁམས་གསུམ་གྱི་ཆུང་འབྲིང་ཆེན་པོ་རྣམས་ཐད་སོ་ཐད་སོར་དྲིལ་ཏེ་ཅིག་ཆར་དུ་སྤོང་སྟེ་ཁམས་གསུམ་གྱི་ཆོས་ཐམས་ཅད་བདག་གཉིས་གྱིས་སྟོང་པའི་སྤྲོས་པ་དང་བྲལ་བར་བསྒོམས་པས་དངོས་པོར་མངོན་པར་ཞེན་པ་ཟློག་ལ་དེ་ལོག་པ་ན་དེའི་རྒྱུ་ཅན་གྱི་ཁམས་གསུམ་གྱི་གཟུང་འཛིན་གྱི་རྟོག་པ་མཐའ་དག་ཀྱང་འགག་པར་འགྱུར་ཏེ་བུད་ཤིང་ཟད་པའི་མེ་བཞིན་ནོ། །གཉིས་པ་སྤང་བྱའི་ངོ་བོ་ནི། ཉོན་མོངས་མངོན་གྱུར་དང་བག་ལ་ཉལ་གཉིས་ལས་བག་ལ་ཉལ་སྤོང་བ་གཙོ་བོར་བྱེད་དེ། གཏན་ལ་དབབ་པ་བསྡུ་བ་ལས། ཀུན་ནས་དཀྲིས་པ་ལས་སྤངས་ལ་བག་ལ་ཉལ་ལས་མ་སྤངས་ན་ནི་ཡང་དང་ཡང་དུ་ཀུན་ནས་དཀྲིས་པ་འབྱུང་བར་འགྱུར་གྱི། བག་ལ་ཉལ་ལས་སྤངས་ན་ནི་བག་ལ་ཉལ་དང་། ཀུན་ནས་དཀྲིས་པ་གཉིས་ཀ་གཏན་འབྱུང་བར་མི་འགྱུར་བའི་ཕྱིར་རོ། །ཞེས་པ་ལྟར་རོ། ། གསུམ་པ་སྤངས་ཤིང་གྲོལ་བའི་དོན་ནི། གཉེན་པོ་ནུས་ལྡན་རྒྱུད་ལ་སྐྱེས་སྟོབས་ཀྱིས་ཤེས་རྒྱུད་སྔར་སྤང་བྱ་དེའི་སྣོད་དུ་གྱུར་པ་ལ་སྣོད་མ་ཡིན་པར་གནས་གྱུར་ནས་སྤང་བྱ་དེའི་རྒྱུན་སྐྱེ་བའི་སྐབས་མེད་པར་བྱས་པའོ། །དྲུག་པ་ས་ཐོབ་པའི་རྟགས་ནི། ས་དང་པོ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གཏེར་བྱེ་བ་ཁྲག་ཁྲིག་སྟོང་གིས་ཡོངས་སུ་གང་བ་དང་། གཉིས་པ་ལ་འཇིག་རྟེན་དེ་ལག་མཐིལ་ལྟ་བུར་གྱུར་པ་ལ་རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ལེགས་པར་བརྒྱན་པ་དང་། གསུམ་པ་ལ་བདག་ཉིད་དཔའ་ཞིང་ལག་ན་གོ་ཆ་སྲ་བ་ཐོགས་ནས་ཕས་ཀྱི་རྒོལ་བ་ཐམས་ཅད་འདུལ་བ་དང་། བཞི་པ་ལ་ཕྱོགས་བཞི་ནས་རླུང་གི་དཀྱིལ་འཁོར་བཞིས་ཐམས་ཅད་དང་ལྡན་པའི་ས་ཆེན་པོ་ལ་མེ་ཏོག་སྣ་ཚོགས་ཀྱིས་མངོན་པར་འཐོར་བ་དང་། ལྔ་པ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་བུད་མེད་ཀྱི་མགོ་ལ་མེ་ཏོག་ཙམ་པ་ཀའི་ཕྲེང་བ་འདོགས་པ་དང་། དྲུག་པ་ལ་ཐེམ་སྐས་བཞི་དང་ལྡན་པའི་རྫིང་གསེར་གྱི་བྱེ་མ་བརྡལ་བ་དྭངས་ཤིང་རྙོག་པ་མེད་པ་ལ་ཆུ་ཡན་ལག་བརྒྱད་དང་ལྡན་པས་ཡོངས་སུ་གང་བ། མེ་ཏོག་ཨུཏྤལ་དང་། ཀུ་མུ་ད་དང་། པདྨ་དཀར་པོས་བརྒྱན་པའི་ཆུ་མཐོང་ནས་དེ་ལ་བདག་ཉིད་རྩེ་དགའ་བས་ལོངས་སྤྱོད་པར་མཐོང་ངོ་། །བདུན་པ་ལ་ངོས་གཡས་གཡོན་གཉིས་ན་སེམས་ཅན་དམྱལ་བའི་གཡང་ས་མཐོང་སྟེ། དེ་ལ་བདག་ཉིད་མ་སྨས་མ་ཉམས་པར་སླར་ལྡོག་པ་དང་། བརྒྱད་པ་ལ་ཕྲག་པ་གཉིས་ན་རི་དྭགས་ཀྱི་རྒྱལ་པོ་སེངྒེ་རལ་པ་ཅན་ཅོད་པན་ཐོགས་པ་གཅན་གཟན་ཕྲ་མོ་ཐམས་ཅད་སྐྲག་པར་བྱེད་ཅིང་གནས་པ་དང་། དགུ་པ་ལ་འཁོར་ལོ་སྒྱུར་བའི་རྒྱལ་པོ་མཐོང་སྟེ་སྐྱེ་བོ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཞིང་མདུན་གྱིས་བལྟས་ཏེ་མགོ་བོའི་སྟེང་ན་རིན་པོ་ཆེ་རྣམ་པ་སྣ་ཚོགས་པས་སྤྲས་པའི་གདུགས་དཀར་པོ་འཛིན་པ་དང་། བཅུ་པ་ལ་དེ་བཞིན་གཤེགས་པའི་སྐུ་མཐོང་སྟེ་གསེར་ལྟ་བུ་འོད་འདོམ་གང་བ་ཚངས་པ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཞིང་མདུན་གྱིས་བལྟས་ནས་ཆོས་སྟོན་པར་རྨི་ལམ་ན་མཐོང་ངོ་། །ལྟས་འདི་དག་ཀྱང་ས་བཅུ་ལ་ཕར་ཕྱིན་བཅུ་ཤས་ཆེ་བ་དང་བསྟུན་པའི་ལྟས་སུ་ཤེས་པར་བྱ་ཞིང་། ས་དྲུག་པའི་ལྟས་ལ་རྫིང་སངས་རྒྱས་ཀྱི་བསྟན་པ། ཐེམ་སྐས་བཞི་ནི་དེ་ལ་འཇུག་པའི་སྒོ་གྲུབ་མཐའ་བཞི། གསེར་གྱི་བྱེ་མ་བརྡལ་བ་གཞི་རིགས་དྭངས་ཤིང་རྙོག་པ་མེད་པར་རང་བཞིན་དང་གློ་བུར་རྣམ་དག །ཇི་སྐད་དུ། བསིལ་དང་ཞིམ་དང་ཡང་དང་འཇམ། །དྭངས་དང་དྲི་མ་མེད་པ་དང་། །འཐུང་ན་ལྟོ་ལ་མི་གནོད་དང་། །མགྲིན་པ་ལ་ནི་མི་གནོད་པའོ། །ཞེས་པའི་ཡན་ལག་བརྒྱད་ཀྱི་ཆུས་གང་བ་ནི་འཕགས་ལམ་ཡན་ལག་བརྒྱད་དོ། །མེ་ཏོག་རིགས་གསུམ་གྱིས་གང་ཟག་རིགས་གསུམ་མཚོན་ཏེ། ཨུཏྤལ་ནི་ཉི་མས་ཀྱང་འབྱེད་ལ་གཞན་གྱི་ཚེ་ཡང་འབྱེད་སྲིད་པས་ཉན་ཐོས་དང་། ཀུ་མུ་ད་ཉི་མས་ཟུམ་པ་དང་ཟླ་བས་འབྱེད་པར་བྱེད་པས་ཉི་མ་ལྟ་བུའི་སངས་རྒྱས་མ་བྱོན་པའི་ཚེ་འབྱུང་བས་དེ་རང་རྒྱལ་དང་པདྨ་དཀར་པོ་ལྟ་བུའི་བྱང་སེམས་ནི་བྱང་སེམས་མཆོག་ཡིན་ནོ་ཞེས་འཆད་དོ། །འདི་དག་རྨི་ལྟས་ཀྱི་རྟགས་ཡིན་ན་དྲོད་ནས་གཉིད་ལ་སོགས་པའི་སྒྲིབ་པ་ལྔ་དང་མི་འགྲོགས་པ་ཅི་ཞེ་ན། གཉིད་ལ་ཡུལ་ལ་འཇུག་པའི་ཤེས་པ་རང་དབང་མེད་པར་བྱེད་པ་ཉོན་མོངས་ཅན་དང་། ལུས་རྟས་པར་བྱེད་པ་དགེ་བར་བགྲངས་པའི་གཉིད་གཉིས་ཡོང་བས་སྔ་མ་མེད་ཀྱང་ཕྱི་མ་ཡོད་པས་སྐྱོན་མེད་དོ། །མཚན་མ་འདི་དག་སྐབས་མ་ཡིན་པར་བྱུང་ན་སྔགས་སམ་བདུད་ཀྱི་མཐུར་ཤེས་པར་བྱའོ། །བདུན་པ་འབྲས་བུ་ནི། མཐར་ཐུག་པའི་འབྲས་བུ་སངས་རྒྱས་ཀྱི་ས་དང་། གནས་སྐབས་ཀྱི་འབྲས་བུ་ནི་ས་ཕྱི་མ་རྣམས་སོ། ། གསུམ་པ་ཁྱད་པར་དེ་ལྡན་གྱི་སའི་ངེས་ཚིག་ནི། བྱང་ཆུབ་ལ་ནི་ཉེ་བ་དང་། །སེམས་ཅན་དོན་སྒྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། ། ཞེས་པ་དང་པོ་དང་། གཉིས་པ་ནི། འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། །ཞེས་ཏེ། རྩོལ་བའི་དྲི་མ་ནི་ཐེག་པ་གཞན་ཡིད་ལ་བྱེད་པའོ། །གསུམ་པ་ནི། ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པ། །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཆོས་ཚད་མེད་ཚོལ་བའི་ཕྱིར་གཞན་དག་ལ་ཆོས་ཀྱི་སྣང་བ་ཆེན་པོ་བྱེད་པར་གསུངས་པའི་ཕྱིར་རོ། ། བཞི་པ་ནི། འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་སྲེག་པས་འོད་འཕྲོ་ཅན། །ཞེས་ཕྱོགས་མཐུན་གྱི་བདག་ཉིད་ཀྱི་ཤེས་རབ་དེས་སྒྲིབ་གཉིས་སྲེག་པ་ཉེ་བར་གནས་པའོ། །ལྔ་པ་ནི། སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང་། །རང་གི་སེམས་ཀྱང་སྲུང་བའི་ཕྱིར། །བློ་ལྡན་རྣམས་ཀྱིས་སྦྱངས་དཀའ་བ། །དེ་ཕྱིར་སྦྱངས་དཀའ་ཞེས་བྱའོ། །ཞེས་སེམས་ཅན་སྨིན་པ་ལ་བརྩོན་པ་དང་དེའི་ལོག་སྒྲུབ་ཀྱིས་རང་གི་སེམས་ཉོན་མོངས་པར་མི་འགྱུར་བ་སྟེ་བྱ་བ་གཉིས་བྱེད་པར་གསུངས་པས་སོ། །དྲུག་པ་ནི། འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བཤད། ཅེས་ཡུམ་ལ་བརྟེན་ནས་སྲིད་ཞིའི་མཐར་མི་གནས་པའི་འཁོར་འདས་མཉམ་པ་ཉིད་མངོན་དུ་གྱུར་པར་གསུངས་པས་སོ། །བདུན་པ་ནི། བགྲོད་གཅིག་ལམ་དང་འབྲེལ་བའི་ཕྱིར། །རིང་དུ་སོང་བའི་སར་འདོད་དེ། །ཞེས་བགྲོད་པ་གཅིག་པའི་ལམ་ས་བརྒྱད་པ་ལ་བར་མ་ཆད་དུ་འབྲེལ་བས་འབད་རྩོལ་གྱིས་འདུ་བྱེད་པའི་སྦྱོར་བའི་མཐར་ཕྱིན་པའི་ཕྱིར་རོ། །བརྒྱད་པ་ནི། འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཞེས་ངེས་པར་བརྗོད། །ཅེས་མཚན་མ་དང་མཚན་མེད་གཉིས་ལ་རྩོལ་བའི་འདུ་ཤེས་ཀྱིས་མི་གཡོ་བར་གསུངས་སོ། །དགུ་པ་ནི། སོ་སོ་ཡང་དག་རིག་བློ་བཟང་། །ས་དེ་ལེགས་པའི་བློ་གྲོས་ཡིན། །ཞེས་སོ། །བཅུ་པ་ནི། སྤྲིན་བཞིན་གཉིས་ཀྱིས་ནམ་མཁའི་ཆོས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་ཏིང་ངེ་འཛིན་དང་གཟུངས་གྱི་སྤྲིན་གྱིས་ཐོབ་པའི་རྟེན་ནམ་མཁའ་ལྟ་བུ་ལ་ཁྱབ་པས་ཆོས་ཀྱི་སྤྲིན་ནོ། །ས་འདི་དག་གི་ཡོངས་སྦྱོང་མི་བསམ་དང་ཕན་པའི་དངོས་ཉིད་དང་། ཞེས་པ་ལ་སོགས་གཞུང་ལས་བཤད་པ་རྣམས་ཏེ་ས་བཞི་པའི་ཡོངས་སྦྱོང་གི་སྐབས་སུ་བཤད་པའི་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཅུང་ཟད་བཤད་པ་ལ། སོ་སོའི་དབྱེ་བ་དང་ཐུན་མོང་གི་སྒྲ་བཤད་པ་གཉིས། དང་པོ་ནི་བསོད་སྙོམས་དང་། ཆོས་གོས་དང་། གནས་མལ་གྱི་དབང་དུ་བྱས་པ་གསུམ་དང་། གསུམ་དང་དྲུག་སྟེ། ཟས་བཟང་པོ་ལ་ཆགས་པའི་གཉེན་པོར་འདྲེས་པའི་ཁྱིམ་ན་ཇི་རྙེད་པ་ཙམ་ཟ་བས་རྙེད་པས་ཆོག་པ་དང་། ཁྱིམ་རྣམས་སུ་མཐར་གྱིས་བླངས་ཤིང་བརྒྱུས་ཏེ་ཇི་ཐོབ་པ་ཟའི་བདག་གིས་ཁྱིམ་འདི་ནས་ཇི་ཙམ་འདོད་པའི་བཟའ་བཅའ་འཐོབ་བོ་སྙམ་ནས་མགོ་འཕང་བསྟོད་དེ་མི་འགྲོ་བ་མཐར་གྱིས་སློང་བའི་བསོད་སྙོམས་པ་སྟེ་འདི་གཉིས་ཕྱེ་ན་སྦྱངས་པའི་ཡོན་ཏན་བཅུ་གསུམ་དང་མ་ཕྱེ་ན་བཅུ་གཉིས་སོ། །ཟས་མང་པོ་ལ་ཆགས་པའི་གཉེན་པོར་སྟན་གཅིག་ལ་འདུག་ནས་ཟའི་དེ་ལས་ལངས་ནས་མ་ཡིན་པའི་སྟན་གཅིག་པ་དང་། ཟས་ཀྱི་ཕྱིར་འདུག་ནས་ཇི་ཙམ་གྱིས་བདག་འཚོ་བའི་ཟས་ཐམས་ཅད་མ་བླང་བའི་བར་དུ་མི་ཟ་ཞིང་འདིས་འཚོའོ་སྙམ་དུ་དང་། དེའི་འོག་ཏུ་ཐམས་ཅད་ཅིག་ཆར་བླང་ནས་ཟ་བའི་ཕྱིས་མི་ལེན་པ་གཉིས་སོ། །གོས་མང་པོ་ལ་ཆགས་པའི་གཉེན་པོར་སྣམ་སྦྱར་བླ་གོས་མཐང་གོས་གསུམ་གྱིས་འཚོ་བར་བྱེད་ཅིང་དེ་ལས་ལྷག་པའི་གོས་མི་འཆང་བའི་ཆོས་གོས་གསུམ་པ་དང་། ཆོས་གོས་གསུམ་དང་གོས་ལྷག་ཅི་འཆང་བ་ཐམས་ཅད་བལ་ལས་བྱས་པ་ཤ་སྟག་འཆང་བའི་ཕྱིང་པ་བའམ། ཟླ་འོད་དུ་བལ་གྱི་དང་གསོ་མ་ལ་སོགས་པ་གྱོན་པ་ཕྱིང་པ་པའོ། །ཞེས་པ་ལྟ་བུ་དང་། ཕྱག་དར་ཁྲོད་དུ་བོར་བའི་གོས་གཤང་གཅི་སོགས་ཀྱིས་གོས་པའི་མི་གཙང་བ་རྣམས་བོར་ནས་ཐག་གི་བླང་ནས་བཀྲུས་ཤིང་དྲུབས་ཏེ་ཁ་དོག་བསྒྱུར་ནས་འཆང་བའི་ཕྱག་དར་ཁྲོད་པའོ། །འདི་གཉིས་ནི་ཆོས་གོས་འཇམ་པོ་དང་བཟང་པོ་ལ་ཆགས་པ་སྤང་བའི་ཕྱིར་རོ། །འདུ་འཛི་ལ་ཆགས་པ་སྤང་བའི་ཕྱིར་གྲོང་ལས་རྒྱང་གྲགས་ཀྱིས་བཅད་པར་གནས་པའི་དགོན་པ་དང་། ཤིང་དྲུང་ན་གནས་འཆའ་བའི་ཤིང་དྲུང་པ་དང་། སྟེང་མ་གཡོགས་པར་གནས་པའི་བླ་གབ་མེད་པ་དང་། སྐྱེ་བོ་ཤི་འོ་ཅོག་འདོར་བའི་གནས་སུ་གནས་འཆའ་བའི་དུར་ཁྲོད་པ་སྟེ་དེ་བཞི་ནི་གནས་མལ་ལ་ཆགས་པ་སྤང་བར་བྱ་བའི་ཕྱིར་རོ། །གློས་འབེབས་པ་ཉལ་བའི་བདེ་བ་ལ་ཆགས་པའི་གཉེན་པོར་ཁྲིའམ་ཁྲིའུའམ་རྩྭ་བཏིང་བ་ལ་ཙོག་པུར་བསྡད་ནས་དུས་ཡོལ་བར་བྱེད་ཅིང་རྒྱབ་བམ་གློས་མི་བརྟེན་པའི་ཙོག་པུ་བ་དང་། ལན་ཅིག་རྩྭ་དང་ལོ་མ་ཇི་ལྟར་བཏིང་བ་ལམ་ལ་འཆའ་བར་བྱེད་ཀྱི་ཡང་ཡང་མི་བརྗེ་མི་འཆོས་པའི་གཞི་ཇི་བཞིན་པ་ནི་སྟན་དང་གདིང་བ་དང་དགབ་པ་ལ་ཆགས་པ་སྤང་བའི་ཆེད་དོ། །འདི་དག་ནི་ཉན་ས་དང་ཟླ་འོད་ལྟར་རོ། །ཁ་ཅིག་ཕྱི་མ་འདི་གཉིས་སྤྱོད་ལམ་གྱི་དབང་དུ་བྱས་པར་མཛད་ནས་གནས་མལ་གྱི་དབང་དུ་བྱས་པ་བཞིར་འཆད་དོ། །གཉིས་པ་ཐུན་མོང་གི་སྒྲ་བཤད་པ་ནི། དཔེར་ན་བལ་མ་བཤིག་མ་སྨེལ་བ་ན་སྐུད་པར་མི་རུང་ལ། དེ་ལས་ཟློག་པ་ནི་རུང་བ་བཞིན་དུ་བསོད་སྙོམས་ཆོས་གོས་གནས་མལ་ལ་ཆགས་པ་ན། སེམས་ལས་སུ་མི་རུང་བ་ལས། ཡོན་ཏན་འདི་དག་གིས་ཚངས་སྤྱོད་གནས་པར་བྱ་བའི་ཕྱིར་སེམས་ལས་རུང་དུ་སྦྱོང་བས་སྦྱངས་པའི་ཡོན་ཏན་ཞེས་བྱའོ། །གསུམ་པ་གཉེན་པོའི་ཚོགས་རྟོགས་དཀའ་བ་ནི། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་ཚན་གཉིས་ཉིད་ཞི་བར་བྱེད་པའི་གཉེན་པོ་མཐོང་སྒོམ་མཉམ་གཞག་གི་རྟོགས་པ་བརྒྱད་ནི་གཉེན་པོའི་ཚོགས་ཡིན་ནོ། །གལ་ཏེ་གཉེན་པོའི་ཚོགས་ལམ་གཉིས་ཀྱི་བདག་ཉིད་དུ་སྟོན་པ་ན་སའི་ཚོགས་སུ་འདུས་པས་དེ་ལས་ལོགས་སུ་བཤད་པ་དོན་མེད་ཅེ་ན། གཉེན་པོའི་ཚོགས་ལམ་གཉིས་ཀྱི་བདག་ཉིད་དུ་གྱུར་པར་མ་བསྟན་ན་དེ་གཉིས་ལས་ལོག་ན་ཡོད་དམ་སྙམ་པའི་དོགས་པ་སྲིད་པས་དེ་སྤང་བར་བྱ་བའི་ཕྱིར་ཡིན་ནོ། །བཞི་པ་ངེས་འབྱུང་སྒྲུབ་པ་ནི། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་གཟུང་འཛིན་མེད་བཞིན་དུ་དེར་ལོག་པར་སྣང་བའི་རང་བཞིན་ཁམས་གསུམ་པའི་འཇིག་རྟེན་རྣམས་བདེན་མེད་དུ་རྟོགས་པས་ཟིལ་གྱིས་མནན་ཏེ་བགྲོད་བྱའི་གནས་ཆེན་པོ་གསུམ་དུ་ངེས་པར་འབྱུང་བ་ཆེད་དུ་བྱ་བ་དང་། ནམ་མཁའ་ལྟ་བུའི་མཉམ་པ་ཉིད་ཀྱི་སྟོང་ཉིད་རྟོགས་པའི་ཡེ་ཤེས་དྲི་མེད་ཀྱིས་ཤེས་བྱ་མཐའ་དག་ལ་ཁྱབ་པར་བྱེད་པའི་མཉམ་ཉིད་དང་། སེམས་ཅན་ཚད་མེད་པ་ཐར་པའི་ལམ་དུ་ཁྲིད་པར་བྱེད་པ་སེམས་ཅན་ཐམས་ཅད་ཀྱི་ཐོབ་བྱའི་དོན་དང་། ནམ་མཁའ་དང་འདྲ་བར་འགྲོ་འོང་གི་འབད་རྩོལ་དང་བྲལ་བ་འབད་མེད་ལྷུན་གྲུབ་གྱི་ངེས་འབྱུང་དང་། སྔོན་མཐའ་རྟག་པ་དང་། ཕྱི་མཐའ་ཆད་པ་དང་། དེ་གཉིས་ཀྱིས་བཞག་པའི་དབུས་ཀྱང་མེད་པ་མཐའ་འདས་མི་གནས་པའི་མྱང་འདས་སུ་ངེས་པར་འབྱུང་བ་དང་། ཐེག་ཆེན་ལ་བསླབ་པས་དུས་གསུམ་གྱི་འཕགས་པས་རྣམ་མཁྱེན་ཐོབ་པའི་ཕྱིར་ཐེག་གསུམ་སོ་སོའི་ཡོན་ཏན་གྱི་རིགས་རྫོགས་པའི་གནས་སྐབས་ཁྱད་པར་ཅན་ཐོབ་པའི་མཚན་ཉིད་ངེས་འབྱུང་དང་། ཆོས་ཀྱི་རྣམ་པ་ཐམས་ཅད་མཁྱེན་ཡང་ཞེན་པ་མེད་པ་རྣམ་པ་ཐམས་ཅད་མཁྱེན་པ་ངེས་འབྱུང་དང་། འཁོར་གསུམ་དུ་དམིགས་པ་དང་བྲལ་བའི་ཕྱིན་དྲུག་གིས་བསྡུས་པའི་ཁྱད་པར་གྱི་ལམ་གྱི་ཡུལ་ཅན་ངེས་འབྱུང་སྟེ། དེ་ལྟར་མི་སློབ་པའི་ལམ་ན་བདུན་དང་། སློབ་ལམ་ན་གཅིག་སྟེ་མཐར་ཐུག་གི་ངེས་པར་འབྱུང་ས་བརྒྱད་དུ་འབྱིན་པར་བྱེད་པ་ནི་ངེས་འབྱུང་སྒྲུབ་པ་བརྒྱད་དེ་ཆོས་ཐམས་ཅད་དམིགས་སུ་མེད་པའི་ཚུལ་ཅན་ནོ། །ཞེན་མེད་བྱང་ཆུབ་སེམས་ཀྱིས་གཞི་བཟུང་ནས། །ཞེན་མེད་གདམས་ངག་ཉན་ཞིང་སྒྲུབ་ལ་ཞུགས། །ཞེན་མེད་འབྱུང་བ་བརྒྱད་དུ་ངེས་འབྱུང་བ། །རྣམ་མཁྱེན་ལམ་བཟང་ཡིན་ཞེས་འདིར་བཤད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱིས་རྣམ་མཁྱེན་གྱི་སྐབས་ཏེ་སྐབས་དང་པོའི་སྤྱི་དོན་རྫོགས་སོ།། །། གཉིས་པ་ཐོབ་བྱེད་ལམ་ཤེས་ཀྱི་ཡན་ལག་རྒྱས་པར་བཤད་པ་ལ་གཉིས། ལམ་གྱི་ཡན་ལག་དང་། ཡན་ལག་ཅན་གྱི་ལམ་མོ། །དང་པོ་ལམ་གྱི་ཡན་ལག་ལ་གཉིས། ལམ་ཤེས་སྐྱེ་བའི་རྟེན་དང་། བརྟེན་པ་ལམ་ཤེས་ཀྱི་ཁྱད་པར་རོ། །དང་པོ་ལམ་ཤེས་སྐྱེ་བའི་རྟེན་ནི། ལམ་ཤེས་ཀྱི་མདོ་འཆད་པའི་སྐབས་སུ་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས་ལྷ་རྣམས་ཀྱི་འོད་མོག་མོག་པོར་མཛད་པས་ང་རྒྱལ་བཅོམ་ནས་ལམ་ཤེས་སྐྱེ་བའི་སྣོད་རུང་དུ་མཛད་ཅིང་དེས་མཚོན་ནས་ང་རྒྱལ་བཅོམ་པ་ཉིད་ལམ་ཤེས་ཀྱི་སྣོད་ཡིན་པ་ཤེས་པར་མཛད་པ་དང་། མངོན་འབྱུང་གི་མདོ་ལས། ང་རྒྱལ་དང་ཞུམ་པ་གཉིས་ཀ་དང་བྲལ་དགོས་པར་གསུངས་པས་དེ་ལྟར་རོ། །གཉིས་པ་བརྟེན་པ་ལམ་ཤེས་ཀྱི་ཁྱད་པར་ལ་གསུམ། སྐྱེ་ཚུལ་དང་ངོ་བོ་དང་བྱེད་ལས་ཀྱི་ཁྱད་པར་རོ། །དང་པོ་སྐྱེ་ཚུལ་གྱི་ཁྱད་པར་ནི། ཡུམ་མདོ་ལས། ལྷའི་བུ་གང་དག་གིས་བླ་མེད་རྫོགས་བྱང་དུ་སེམས་མ་བསྐྱེད་པ་དེ་དག་གིས་ཀྱང་བླ་མེད་རྫོགས་བྱང་དུ་སེམས་བསྐྱེད་པར་བྱའོ། །གང་ཡང་དག་པར་སྐྱོན་མེད་པ་ལ་ཞུགས་པ་དེ་དག་ལ་ནི་བླ་མེད་རྫོགས་བྱང་དུ་སེམས་བསྐྱེད་པའི་མཐུ་མེད་དེ། དེ་དག་གིས་འཁོར་བའི་རྒྱུད་ཀྱིས་ས་མཚམས་བཅད་པའི་ཕྱིར་རོ། །ཞེས་དང་། འོན་ཀྱང་དེ་དག་བླ་མེད་རྫོགས་བྱང་དུ་སེམས་བསྐྱེད་ན་དེ་དག་ལ་ཡང་རྗེས་སུ་ཡི་རང་བར་བྱའོ། །ཞེས་མདོ་སྔ་ཕྱི་གཉིས་གསུང་པའི་དོན་གནས་སྐབས་ངེས་པ་སེམས་བསྐྱེད་པའི་རྒྱུད་ཁོ་ན་ལ་ལམ་ཤེས་སྐྱེ་བ་དང་། མཐར་ཐུག་མ་ངེས་པ་རིགས་ཅན་གསུམ་གྱི་གདུལ་བྱ་གང་ཡང་སེམས་བསྐྱེད་ནས་བླ་མེད་རྫོགས་བྱང་དུ་འགྱུར་བར་བསྟན་པའོ། །དེ་ལ་མདོ་སྔ་མ་ནི། ཡང་དག་པ་ཉིད་དུ་ངེས་པའི་དོན་ཉན་ཐོས་ཀྱི་ལམ་ཐམས་ཅད་དུ་རྟོགས་པ་དང་། ས་མཚམས་བཅད་པའི་དོན། ཉོན་མོངས་མ་ལུས་པར་སྤངས་པས་འཁོར་བར་སྐྱེ་བའི་རྒྱུ་ལོག་པ་ལ་བཤད་དོ། །ཕྱི་མ་ནི་ཉན་རང་དགྲ་བཅོམ་སོགས་ཀྱང་བླ་མེད་རྫོགས་བྱང་དུ་འགྱུར་བར་བསྟན་པ་སྟེ། འདིའི་མཐའ་དཔྱད་པ་ལ་གསུམ། ཐེག་གསུམ་ལ་དྲང་ངེས་སུ་འདོད་ཚུལ། ཉན་རང་ཐེག་ཆེན་དུ་གང་ནས་འཇུག་པ། འཁོར་བ་ལ་མཐའ་ཡོད་མེད་དོ། །དང་པོ་ལ་གཉིས། ངེས་དོན་དང་དྲང་དོན་དུ་འདོད་པའི་ལུགས་སོ། །དང་པོ་ཐེག་གསུམ་ངེས་དོན་དུ་འདོད་པ་ལ་གཉིས། མདོ་གང་གི་རྗེས་སུ་འབྲང་བ་དང་། དེའི་དོན་ཇི་ལྟར་བཤད་པའོ། །དང་པོ་མདོ་གང་གི་རྗེས་སུ་འབྲང་བ་ནི། དགོངས་པ་ངེས་པར་འགྲེལ་པ་ལས་ཉན་ཐོས་ཞི་བ་བགྲོད་པ་ཐེག་ཆེན་དུ་ལྡོག་མི་སྲིད་པ་དང་། ཡོངས་སུ་འགྱུར་བ་ཐེག་ཆེན་དུ་ལྡོག་སྲིད་པ་དང་། ཐེག་གཅིག་དྲང་དོན་དང་། ཐེག་གསུམ་ངེས་དོན་དུ་གསུངས་པ་དང་། ཆོས་བཅུ་པ་དང་དཀོན་མཆོག་སྤྲིན་གྱི་མདོ་རྣམས་ཀྱི་རྗེས་སུ་འབྲངས་བར་འཆད་དོ། །གཉིས་པ་དེའི་དོན་ཇི་ལྟར་བཤད་པ་ལ་གསུམ། རང་གི་ལུགས་དགོད་པ། དེ་ལ་ནང་འགལ་སྤང་བ། མདོ་གཞན་དང་འགལ་བ་སྤང་བའོ། །དང་པོ་རང་ལུགས་དགོད་པ་ནི། བསྡུ་བར། ཉན་ཐོས་ལྷག་མེད་ནས་ཐེག་ཆེན་དུ་ལྡོག་མི་སྲིད་པ་དང་། ལྷག་བཅས་ནས་ལྡོག་པར་བཤད་ཅིང་ལྡོག་ཚུལ་ཡང་། རྫུ་འཕྲུལ་གྱི་མཐུས་ཚེ་བསྲིངས་ནས་བྱང་ཆུབ་སྒྲུབ་ལ། རང་གི་ལུས་མྱ་ངན་ལས་མི་འདའ་བར་བྱིན་གྱིས་རློབ་ཅིང་སྤྲུལ་པའི་ལུས་ཀྱིས་གཞན་ངོར་ལྷག་མེད་དུ་འདའ་ཚུལ་བསྟན་ནས་ལུས་སྔ་མ་ལྷ་རྣམས་ཀྱིས་ཀྱང་མི་མཐོང་བར་དབེན་པར་གནས་ཏེ་ཚོགས་ཡོངས་སུ་རྫོགས་པར་བྱེད་དོ། །དེའི་ཚེ་རང་དོན་ལ་དགའ་བས་ལམ་སྒོམ་པ་ལ་བག་མེད་པར་གྱུར་པ་དང་སངས་རྒྱས་བྱང་སེམས་ཀྱིས་བསྐུལ་བར་བཤད་ཅིང་། ལྷག་མེད་ན་རིག་པ་ཕྱི་མ་མཚམས་མི་སྦྱོར་བས་འདུས་མ་བྱས་ཀྱི་དབྱིངས་དྲི་མ་མེད་པ་འབའ་ཞིག་ལུས་ལ་སྒྲིབ་པ་མ་ལུས་པ་ལོག་པར་དེ་བཞིན་གཤེགས་པ་དང་། ཁྱད་པར་མེད་ཀྱང་སྔོན་སྨོན་ལམ་མ་བཏབ་པ་དང་། ལྡང་བའི་བསམ་པ་མེད་པར་མྱ་ངན་ལས་འདས་པས་དེ་བཞིན་གཤེགས་པའི་མཛད་པ་ནི་མི་བྱེད་དོ། །ཞེས་འདུས་བྱས་རྒྱུན་ཆད་དུ་བཤད་ཅིང་། ཤཱནྟི་པས་ཀྱང་། ཐེག་གསུམ་ངེས་དོན་ཡིན་པར་སྒྲུབ་བྱེད་དུ་མས་སྒྲུབ་པར་བྱེད་དོ། །འོ་ན་ངེས་དོན་ཡིན་པའི་སྒྲུབ་བྱེད་གང་ཞེ་ན། ལུང་དང་རིགས་པ་གཉིས་ལས། ལུང་ནི་སྔར་བཤད་པའི་དགོངས་འགྲེལ་དུ་གསུངས་པ་དང་། ལང་གཤེགས་ལས་རིགས་ལྔར་གསུངས་པ་དང་། བློ་གྲོས་མི་ཟད་པར་བསྟན་པ་ལས་ཀྱང་། གསུམ་པོ་འདི་དག་ངེས་པར་འབྱིན་པར་བྱེད་པའི་ཐེག་པ་ཡིན་ནོ། །ཞེས་དང་། ཁམས་སྣ་ཚོགས་པའི་མདོ་ལས་ཀྱང་། སེམས་ཅན་རྣམས་ཁམས་སྣ་ཚོགས་པར་བསྟན་པ་དང་། དེ་བཞིན་དུ་མདོ་སྡེ་གཞན་ལས་ཀྱང་། ཐེག་གསུམ་སོ་སོར་གསུངས་པ་རྣམས་ཡིན་ནོ། །གཉིས་པ་རིག་པ་ནི། སེམས་ཅན་ཁ་ཅིག་ནི་གཞན་ལ་ཕན་པའི་བསམ་པ་ཅན་དང་། གཞན་དག་ནི་ཕ་རོལ་པོ་སྡུག་བསྔལ་བ་ལ་དགའ་བ་དང་། དེ་བཞིན་དུ་ཁ་ཅིག་ནི་སྲིད་པའི་བདེ་བ་ཙམ་འདོད་ཅིང་བསོད་ནམས་བྱེད་ལ། གཞན་དག་ནི་དེ་ལས་བཟློག་ནས་བདག་ཐར་པར་བྱ་བའི་ཕྱིར་བརྩོན་པ་དང་། ལ་ལ་ནི་གཞན་ཁོ་ན་གྲོལ་བར་བྱ་བར་སེམས་ཤིང་རྫོགས་བྱང་གི་རྒྱུར་སྦྱིན་སོགས་སྒྲུབ་པ་ཡོད་ལ། དེས་ན་སེམས་ཅན་ལ་རྒྱུ་འདོད་པ་ཐ་དད་པ་ཡོད་པར་དཔོག་སྟེ། འབྲས་བུ་གཅིག་ཐ་དད་ནི་རྒྱུ་དེས་བྱས་པའི་ཕྱིར་རོ། །འདོད་པ་ཐ་དད་པ་དེ་ཡང་རིགས་ཀྱི་བྱེ་བྲག་མེད་ན། མེད་པས་རིགས་ཐ་དད་པར་གྲུབ་ལ། དེ་ལྟར་ན་འབྲས་བུ་ཐེག་པ་ཡང་སྣ་ཚོགས་པ་ཡིན་ནོ། །ཞེས་པ་དང་། དགྲ་བཅོམ་པས་སྲིད་པའི་ཀུན་སྦྱོར་མ་ལུས་པ་སྤངས་པས་དེར་སྐྱེ་བ་མི་ལེན་ལ། དེའི་ཕྱིར་སྐྱེ་བ་དུ་མ་བརྒྱུད་ནས་ཐོབ་པར་འདོད་པའི་བྱང་ཆུབ་ཐོབ་པ་མི་སྲིད་ཅེས་པའོ། །གཉིས་པ་དེ་ལ་ནང་འགལ་སྤངས་པ་ནི། བསྡུ་བར་དགྲ་བཅོམ་སྐྱེ་བ་མི་ལེན་པ་དང་། མཐར་ཐུག་རིགས་ཐ་དད་པར་བཤད་པ། རྒྱུད་བླའི་འགྲེལ་བར། དཔལ་ཕྲེང་གི་མདོ་དྲངས་ནས་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་དང་སྐྱེ་བ་ཡོད་པར་བསྟན་པ་དང་། ཐེག་པ་གཉིས་རེ་ཞིག་པའི་ལམ་དུ་བསྟན་པ་དང་། དམ་ཆོས་པད་དཀར་གྱི་ལུང་དྲངས་ནས་ཉན་ཐོས་རྣམས་དེ་བཞིན་གཤེགས་པས་བསྐུལ་ནས་ཐེག་ཆེན་ལ་འཛུད་པར་གསུངས་པ་རྣམས་དང་འགལ་ཞེ་ན། དང་པོ་དང་མི་འགལ་ཏེ། རྒྱུད་བླར་བཤད་པ། འགྱུར་བའི་ཉན་ཐོས་དབང་པོའི་ལུས་ཀྱིས་དབེན་པར་གནས་པ་ལ། ཁམས་གསུམ་པའི་སྐྱེ་འཆི་ལས་འདས་ཀྱང་ཤེས་སྒྲིབ་ཀྱི་རྟེན་བག་ལ་ཉལ་དང་། དེས་ཀུན་ནས་བསླང་བའི་ལས་དང་། དེ་གཉིས་ལ་བརྟེན་པའི་ཡིད་ལུས་ཡོད་པ་ལ་དགོངས་ནས་མ་རིག་བག་ཆགས་ཀྱི་ས་དང་། ཟག་མེད་ཀྱིས་ལས་ཀྱི་རྒྱུ་རྐྱེན་བྱས་པའི་ཡིད་ལུས་ཀྱིས་སྐྱེ་བ་ལེན་པར་བཤད་ཀྱི། དགྲ་བཅོམ་པ་ཤི་ནས་རིག་པ་ཕྱི་མར་མཚམས་སྦྱོར་བ་མིན་ནོ། །གཉིས་པ་ཡང་མི་འགལ་ཏེ། ཉན་རང་གི་འབྲས་བུ་འབྲོག་དགོན་པའི་དབུས་སུ་གྲོང་ཁྱེར་སྤྲུལ་པ་ལྟར་རེ་ཞིག་བར་བཤད་པ། ཉན་རང་ལ་སྤང་བ་ཉི་ཚེ་བ་ལས་མེད་པས། མྱང་འདས་མཚན་ཉིད་པ་ཡོད་པ་དྲང་དོན་དུ་བསྟན་གྱི་ཉན་རང་ཐམས་ཅད་ཐེག་ཆེན་དུ་ཟློག་པའི་སྒོ་ནས་ཐེག་གསུམ་དྲང་དོན་དུ་བསྟན་པ་མིན་ནོ། །གསུམ་པ་ཡང་མི་འགལ་ཏེ། དགོངས་འགྲེལ་དང་། བསྡུ་བ་གཉིས་ཀར་དེ་བཞིན་གཤེགས་པས་ཐེག་ཆེན་ལ་བསྐུལ་བའི་ཉན་ཐོས་ནི་ཡོངས་སུ་འགྱུར་བ་ལ་བཤད་ཀྱི་ཞི་བགྲོད་ལ་མིན་པ་དང་། འདིར་ཡང་དམིགས་བསལ་མེད་པའི་ཕྱིར་རོ། །ཞེས་སོ། ། གསུམ་པ་མདོ་གཞན་དང་འགལ་བ་སྤོང་བ་ནི། གལ་ཏེ་ཐེག་གསུམ་ངེས་དོན་ཡིན་ན་པད་དཀར་སོགས་ལས་ཐེག་པ་ནི་གཅིག་ཁོ་ནའོ། །ཞེས་ཐེག་གཅིག་ངེས་དོན་དང་། ཐེག་པ་གསུམ་དྲང་དོན་དུ་གསུངས་པ་དང་། ཤཱ་རིའི་བུ་ལ་སོགས་པ་ཉན་ཐོས་ཆེན་པོ་རྣམས་སངས་རྒྱས་སུ་འགྱུར་བར་གསུངས་པ་རྣམས་ཇི་ལྟར་དྲང་ཞེ་ན། མདོ་སྡེ་རྒྱན་ལས། ཆོས་དང་བདག་མེད་གྲོལ་བ་རྣམས། །མཚུངས་ཕྱིར་རིགས་ནི་ཐ་དད་ཕྱིར། །བསམ་གཉིས་ཐོབ་ཕྱིར་སྤྲུལ་པའི་ཕྱིར། །མཐར་ཐུག་ཕྱིར་ན་ཐེག་གཅིག་ཉིད། །ཅེས་པ་འདིའི་སྒོ་ནས་འགལ་བ་སྤོང་བར་བྱེད་དེ། དེ་ལ་ཐེག་པ་གཅིག་ཏུ་གསུངས་པ་ནི་དགོངས་གཞི་བདུན་པོ་འདི་ལ་དགོངས་ནས་ཡིན་ཏེ། བདུན་ནི་བགྲོད་བྱའི་ཐེག་པའང་གང་ཟག་གསུམ་གྱི་ཆོས་ཀྱི་དབྱིངས་ནམ་མཁའ་ལྟར་ཐ་དད་མེད་པར་མཚུངས་པ་དང་། བགྲོད་པ་པོའི་ཐེག་པ་གང་ཟག་གསུམ་བདག་མེད་པར་མཚུངས་པ་དང་། གང་གི་ཆེད་དུ་བགྲོད་པའི་ཐེག་པ་འབྲས་བུ་རྣམ་གྲོལ་རྣམས་མཚུངས་པ་དང་། རིག་ཐ་དད་པར་མཚུངས་པ་ནི། ཉན་ཐོས་ཀྱི་རིགས་མ་ངེས་པ་རྣམས་ཐེག་ཆེན་དུ་ཞུགས་ནས་སངས་རྒྱ་བར་འགྱུར་བས་རིགས་ཐ་དད་པ་གཉིས་ཀྱང་ལམ་གཅིག་ཏུ་ཞུགས་པ་དང་། བསམ་པ་གཉིས་ཐོབ་པ་ནི། དེ་བཞིན་གཤེགས་པས་ས་དང་པོ་ནས་བདག་དང་སེམས་ཅན་གྱི་རང་བཞིན་ལ་གཉིས་སུ་མེད་པ་མཉམ་པ་ཉིད་བརྙེས་པ་དང་། ཉན་ཐོས་སུ་རིགས་ངེས་པ་ཁ་ཅིག་རེ་ཞིག་བྱང་སེམས་ཀྱི་སྤྱད་པ་སྤྱོད་པ་ན། དེ་བཏང་ནས་ཉན་ཐོས་ཀྱི་ཐེག་པར་ཞུགས་དེའི་མྱང་འདས་ཐོབ་པ་ན། དེ་བཞིན་གཤེགས་པས་སྔོན་བདག་གིས་བྱང་སེམས་ཀྱི་སྤྱོད་པ་སྤྱད་པས་སངས་རྒྱས་སོ། །ཞེས་དགོངས་པ་བཞིན་དུ་དེ་ལ་ཡང་སངས་རྒྱས་ཀྱི་མཐུས་བདག་སྔོན་བྱང་སེམས་ཀྱི་སྤྱོད་པ་སྤྱད་པས་འཚང་རྒྱ་བར་འགྱུར་རོ་སྙམ་པའི་བསམ་པ་མཚུངས་པ་ཐང་ཅིག་ཙམ་རྙེད་པ་དང་། སྤྲུལ་པ་ནི་གདུལ་བའི་དོན་དུ་ཉན་ཐོས་ཀྱི་ཐེག་པས་ལན་དུ་མར་མྱ་ངན་ལས་འདའ་ཚུལ་བསྟན་པ་དང་། མཐར་ཐུག་པ་ནི་ཐེག་ཆེན་དེ་ལས་ཁྱད་པར་དུ་འཕགས་པའི་ཆོས་མེད་པ་སྟེ་ངེས་ན་བདུན་པོ་དེ་ལ་དགོངས་ནས་ཐེག་པ་གཅིག་ཏུ་ངེས་པར་གསུངས་པའི་དགོས་པ་ནི། དེ་ཉིད་ལས། ཁ་ཅིག་དག་ནི་དྲང་ཕྱིར་དང་། ། གཞན་དག་རྗེས་སུ་བཟུང་བའི་ཕྱིར། །མ་ངེས་རྣམས་ལ་ཐེག་གཅིག་བསྟན། །ཞེས་པ་སྟེ། ཁ་ཅིག་ནི། ཉན་ཐོས་དང་། གཞན་དག་ནི་བྱང་སེམས་རིགས་མ་ངེས་པའོ། །ཉན་ཐོས་སངས་རྒྱས་སུ་ལུང་བསྟན་པ་དང་མི་འགལ་ཏེ། དེ་ནི་སྤྲུལ་པའི་ཉན་ཐོས་སམ་ཡོངས་སུ་འགྱུར་བའི་ཉན་ཐོས་ལ་དགོངས་པའི་ཕྱིར་རོ། །ཞེས་ཟེར་རོ། །གཞན་ཡང་འདི་དག་གིས་ཡུལ་ངེས་ཀྱི་མདོ་ངེས་དོན་དང་། ཁྱབ་པའི་མདོ་དྲང་དོན་དང་། དེའི་དོན་རིགས་ཀྱིས་ཁྱབ་པ་ལ་འདོད་པར་བཤད་དོ། །གཉིས་པ་ཐེག་གསུམ་དྲང་དོན་དུ་འདོད་པ་ལ་གཉིས། མདོ་གང་གི་རྗེས་སུ་འབྲང་བ་དང་། ཇི་ལྟར་རྣམ་བཞག་བྱས་པའི་ཚུལ་ལོ། །དང་པོ་ནི། ལང་གཤེགས་ལས། ཇི་སྲིད་སེམས་ནི་འབྱུང་གི་བར། །ཐེག་པ་རྣམས་ལ་ཐུག་པ་མེད། །སེམས་ནི་ཡོངས་སུ་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་བ་མེད། །ཐེག་པའི་རྣམ་བཞག་ཡོད་མིན་ཉིད། །ཐེག་པ་གཅིག་ཏུ་ང་སྨྲའོ། །བྱིས་པ་རྣམས་ཀྱང་དྲང་དོན་དུ། །ཐེག་པ་ཐ་དད་ང་སྨྲའོ། །ཞེས་དང་། པད་དཀར་བདེན་པ་པོའི་ལེའུ་ལ་སོགས་པའི་མདོ་རྣམས་ཀྱི་རྗེས་སུ་འབྲང་ངོ་། །གཉིས་པ་ཇི་ལྟར་རྣམ་བཞག་བྱས་པའི་ཚུལ་ལ། སློབ་དཔོན་གྱིས་མདོའི་དོན་ཇི་ལྟར་བཤད་པ་དང་། རྗེས་འཇུག་གིས་དེ་ལ་རྩོད་པ་སྤོང་བའི་ཚུལ་ལོ། །དང་པོ་ནི་སེམས་འགྲེལ་ལས། ཐེག་པ་གཉིས་པོ་དག་ཀྱང་ནི། །ཐེག་པ་ཆེན་པོར་འབྱུང་བས་ན། །སྲིད་པའི་ལམ་གྱིས་དུབ་པ་རྣམས། །ངལ་གསོའི་དོན་དེ་དེ་ཉིད་མིན། །ཞེས་དང་། དཔེ་མེད་པར་བསྟོད་པ་ལས་ཀྱང་། ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོའི་ཐེག་དབྱེར་མ་མཆིས་ཀྱང་། །ཁྱོད་ཀྱི་སེམས་ཅན་གཞུག་ཕྱིར་དུ། །ཐེག་པ་གསུམ་དུ་གསུངས་པའོ། །ཞེས་སོ། །དེ་ལ་སྔ་མ་ནི་ཉན་རང་རྣམས་མཐར་ཐེག་ཆེན་དུ་འཇུག་དགོས་པས་ཐེག་གསུམ་དྲང་དོན་དང་། ཕྱི་མས་ནི་དེ་ཁོ་ན་ཉིད་ཀྱི་དོན་མ་རྟོགས་ན་སྲིད་པ་ལས་འདའ་བའི་ཐེག་པ་མཚན་ཉིད་པར་མི་རུང་ལ། དེ་ཁོ་ན་ཉིད་ལ་དབྱེར་མེད་པས་དེ་རྟོགས་པའི་བློ་ལ་ཡང་རྟོགས་ཚུལ་ཐ་དད་མེད་པའི་ཕྱིར། ཐེག་དམན་དང་ཐེག་ཆེན་གཉིས་རྟོགས་ཚུལ་ཐ་དད་པའི་སྒོ་ནས་ཐེག་གསུམ་དུ་གསུངས་པ་དྲང་དོན་དུ་བསྟན་ཏེ་དྲང་དོན་དུ་འཇོག་ཚུལ་གཉིས་གསུངས་སོ། །ཕྱི་མ་འདི་ཉན་རང་གི་ཐེག་པས་ཆོས་རང་བཞིན་མེད་པར་རྟོགས་པའི་ཁུངས་སུ་ཡང་འགྱུར་རོ། །གཉིས་པ་རྗེས་འཇུག་གིས་དེ་ལ་རྩོད་པ་སྤང་བ་ནི། རྣམ་རིག་པ་རྣམས་ཀྱིས་དྲངས་བའི་ལུང་གནོད་བྱེད་དུ་མི་འགྱུར་ཏེ། ཐང་ཅིག་ཙམ་རིགས་སོ་སོར་ངེས་པ་ལ་དགོངས་ནས་ཐེག་གསུམ་དུ་གསུངས་ཀྱི་གཏན་དུ་ངེས་པའི་རྒྱུ་མཚན་གྱིས་མིན་པའི་ཕྱིར་ཏེ། ལང་གཤེགས་ལས། རིགས་མེད་པར་གསུངས་པ་ལ་ཡང་ནམ་ཞིག་སངས་རྒྱས་ཀྱི་མཐུས་དགེ་རྩ་སློང་བར་གསུངས་པའི་ཕྱིར་རོ། །རིག་པས་ཀྱང་སྒྲུབ་པར་མི་ནུས་ཏེ། སྒྲུབ་པ་དང་མོས་པ་ཐ་དད་པའི་སྒོ་ནས་ཐེག་གསུམ་དུ་ངེས་པར་འདོད་ན། སེམས་རྣམས་ལ་སྒྲུབ་ཚུལ་དང་མོས་ཚུལ་བགྲང་བ་ལས་འདས་པ་ཡོད་པས་ཐེག་པའི་གྲངས་ཀྱང་དེ་སྙེད་དུ་འགྱུར་ལ། སྒྲུབ་ཚུལ་དང་འདོད་པའི་བྱེ་བྲག་ངེས་པ་ཡང་མ་གྲུབ་སྟེ། གཞན་ལ་ཕན་པར་འདོད་པའི་བསམ་པ་ཅན་ཁ་ཅིག་སྡིག་གྲོགས་དང་འཕྲད་པ་ལ་སོགས་པའི་སྒོ་ནས་གཞན་སྡུག་བསྔལ་བ་ལ་མངོན་པར་དགའ་བ་ཅན་དུ་འགྱུར་བར་སྣང་ལ། གཞན་སྡུག་བསྔལ་བ་ལ་དགའ་བ་དེ་དག་ཀྱང་དགེ་བའི་བཤེས་གཉེན་དང་ཕྲད་པ་ལ་སོགས་པའི་དབང་གིས་དེ་ལས་བཟློག་པ་ཉིད་དུ་འགྱུར་བའི་ཕྱིར། འདོད་པ་ཐ་དད་པ་ལས་རིགས་དང་དེ་ལས་གསུམ་དུ་ངེས་པ་ཡང་མི་འགྲུབ་བོ། །དགྲ་བཅོམ་པའི་སྐྱེ་བ་ཆད་པར་འདོད་པ་ལ་མི་རིགས་ཏེ་ཡུམ་དང་དཔལ་ཕྲེང་དུ། ལས་ཉོན་གྱི་སྐྱེ་འཆི་ཆད་ཀྱང་བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་སྐྱེ་འཆི་ཡོད་པ་དང་། དེ་དག་གི་ཟད་པ་དང་མི་སྐྱེ་བ་ཤེས་པ་ཡང་དྲང་དོན་དུ་གསུངས་པའི་ཕྱིར་རོ། །དེས་ན་སྲིད་པ་གསུམ་གྱི་ཉོན་མོངས་སྤངས་པས་ཁམས་གསུམ་དུ་སྐྱེ་བ་ལྡོག་གི་དག་པའི་ཞིང་གི་པད་མའི་སྦུབས་སུ་བརྫུས་ཏེ་སྐྱེས་ནས་ཟག་མེད་ཀྱི་དབྱིངས་ལ་གནས་པ་ནི་མི་ལྡོག་གོ །གཉིས་པ་ཉན་རང་ཐེག་ཆེན་དུ་གང་ནས་འཇུག་པ་ནི། དགོངས་འགྲེལ་གྱི་འགྲེལ་པ་རྒྱ་ནག་མ་ལས་ས་བརྒྱད་པར་འཇུག་པར་བཤད་པ་ཡོད་ཀྱང་མཁས་པ་ཕལ་མོ་ཆེ་ཚོགས་ལམ་ནས་འཇུག་པ་འཐད་པར་བཞེད་དོ། །འདི་དག་ཟག་མེད་ཀྱི་དབྱིངས་ལས་ལྡང་ཚུལ་ནི། ལང་གཤེགས་ལས། ཏིང་ངེ་འཛིན་གྱི་ལུས་ཐོབ་ནས། །བསྐལ་པའི་བར་དུ་མི་སད་དོ། །དཔེར་ན་སྐྱེས་བུ་མྱོས་པ་ནི། ། མྱོས་འགྱུར་མེད་ན་སངས་པ་ལྟར། །དེ་བཞིན་དེ་དག་ང་ཡི་སྐུ། །སངས་རྒྱས་ཆོས་ཤེས་བྱ་བ་ཐོབ། །ཅེས་པ་ལྟར་རོ། །དུས་ཇི་ཙམ་གྱིས་བྱང་ཆུབ་ཐོབ་ཅེ་ན། ཁ་ཅིག་བསྐལ་པ་གྲངས་མེད་པ་གཅིག་དང་། ཁ་ཅིག་གྲངས་མེད་བཞི་བཅུས་བྱང་སེམས་གཞན་ལས་བུལ་བར་འདོད་དོ། །གསུམ་པ་འཁོར་བ་ལ་མཐའ་ཡོད་མེད་ནི། འཁོར་བའི་རང་བཞིན་མཐའ་ཡས་ཤིང་ནམ་མཁའ་ལྟར་ཟད་པ་མེད་པའི་ཕྱིར་མཐའ་མེད་དོ་ཞེས་འདོད་པ་དང་། གསེར་གྱི་གཡའ་ལྟར་གཉེན་པོའི་ཕྱོགས་ཀྱིས་ཟད་པར་ནུས་པའི་ཕྱིར་མཐའ་ཡོད་དོ། །ཞེས་འདོད་པ་གཉིས་ལས་སློབ་དཔོན་ཀྱང་ཕྱི་མར་བཞེད་པར་མངོན་ཞིང་། ཨ་བྷ་ཡས་ལུང་རིག་གཉིས་ཀའི་སྒོ་ནས་མཐའ་ཡོད་དུ་སྒྲུབ་པར་བྱེད་ཀྱང་། སྤྱིར་འཁོར་བ་ལ་མཐའ་ཡོད་མེད་གཉིས་ཀ་བཅོམ་ལྡན་འདས་གསུང་ཞིང་། གཉིས་ཀ་ལ་སྒྲུབ་བྱེད་ཡོད་མོད་ཀྱང་། འབྲས་བུ་འབྱུང་རུང་ཡིན་ཡང་འབྱུང་ངེས་ལ་འཁྲུལ་བའི་ཕྱིར་དང་། སེམས་ཅན་གྱི་ཁམས་ལ་ནམ་མཁའ་ལྟར་མང་ཉུང་གི་ཚད་མ་གྲུབ་པས་འགྲིབ་པ་མི་མངོན་པའི་ཕྱིར་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་སྟོང་རྒྱུ་ཆོས་ཅན་འཁོར་བ་ལ་བཤད་པས་རེ་ཞིག་མཐའ་མེད་ཀྱི་ལུགས་བསྐྱོན་པ་དེ་ཡང་ལུང་དུ་བསྟན་པར་མི་བྱ་བ་ཡིན་པས་དོ་གལ་མི་ཆེའོ། །གཉིས་པ་ངོ་བོའི་ཁྱད་པར་ནི། བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས། ཉོན་མོངས་པ་རྣམས་ལ་རང་དབང་ཐོབ་པར་བྱས་ནས་དུས་ཡུན་རིང་པོར་བྱང་ཆུབ་སྒྲུབ་པར་བྱེད་དེ། འཁོར་བར་སྐྱེ་བ་ལེན་པའི་རྒྱུ་ཉོན་མོངས་པ་ལམ་གྱི་གནས་སྐབས་ཀྱི་རྣམ་པ་ཐམས་ཅད་དུ་མི་སྤོང་བ་ཡིན་ཏེ། འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་པར་ཞུགས་པ་ཉིད་ཀྱི་ཕྱིར་རོ། །འོ་ན་མི་སྤང་བའི་ཉོན་མོངས་དེ་གང་ཞེ་ན། འདིའི་ལན་ལ་གཉིས། སྐྱེ་བ་ལེན་པའི་རྒྱུ་བསྟན། དེ་བརྒལ་ལན་གྱི་གཏན་ལ་ཕབ་པའོ། །དང་པོ་སྐྱེ་བ་ལེན་པའི་རྒྱུ་བསྟན་པ་ལ་གཉིས་ལས། བསྟན་བཅོས་ལས་བཤད་པ་ནི། ཉི་སྣང་ལས། བྱང་ཆུབ་སེམས་དཔའ་ལ་མ་རིག་པ་དང་ལྟ་བའི་ཟག་པ་བག་ཉལ་ཙམ་ཡང་མེད་ལ། འདོད་པ་དང་སྲིད་པའི་སྲེད་པས་བསྡུས་པའི་བག་ལ་ཉལ་ཡོད་པར་གསུངས་ཤིང་། དེའི་སྒྲུབ་བྱེད་དུ་བསམ་བཞིན་དུ་སྲིད་པ་ལེན་པ་བཀོད་དོ། །དེ་གཉིས་ནི་འདོད་པ་དང་ཁམས་གོང་གི་འདོད་ཆགས་ཀྱི་གནས་ངན་ལེན་ལ་བཤད་པས་དེ་ལྟར་འདོད་དགོས་སོ། །གཉིས་པ་མདོ་ནས་བཤད་པ་ལ་ཡང་གཉིས་ལས། བློ་གྲོས་རྒྱ་མཚོའི་མདོ་ལས་བཤད་པ་ནི། ཇི་སྐད་དུ། དེ་དག་གི་འཁོར་བའི་རྒྱུ་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་གང་ཞེ་ན། འདི་ལྟ་སྟེ། བསོད་ནམས་ཀྱི་ཚོགས་ཡོངས་སུ་བཙལ་བས་མི་ངོམ་པ་དང་། བསམ་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་དང་། སངས་རྒྱས་དང་འཕྲད་པ་དོན་དུ་གཉེར་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བས་མི་སྐྱོ་བ་དང་། དམ་པའི་ཆོས་འཛིན་པ་ལ་བརྩོན་པ་དང་། སེམས་ཅན་གྱི་བྱ་བ་ཅི་ཡོད་པ་ལ་འགྲུས་པ་དང་། ཆོས་ལ་ཆགས་པའི་བྱ་བ་དང་མ་བྲལ་བ་དང་། ཕ་རོལ་ཏུ་ཕྱིན་པའི་ཀུན་ཏུ་སྤྱོར་བ་རྣམས་མི་འདོར་བ་སྟེ། ཞེས་པ་འདི་བརྒྱད་དོ། །འདི་དག་ནི་དགེ་རྩ་ཡིན་ན་ཉོན་མོངས་མིན་པས་དགེ་རྩ་དང་མཚུངས་ལྡན་གྱི་ཉོན་མོངས་ཞེས་པ་མི་འཐད་པར་དྲིས་པ་ནི་དེ་ཉིད་ལས། བཅོམ་ལྡན་འདས་གང་གི་ཚེ་དེ་དག་དགེ་བའི་རྩ་བ་ལགས་ན་དེ་རྒྱུ་ཅིའི་སླད་དུ་ཉོན་མོངས་པ་ཞེས་བགྱི་ཞེས་པའོ། །ལན་དུ་ཉོན་མོངས་དངོས་མིན་ཡང་དེའི་མིང་གིས་འདོགས་པའི་རྒྱུ་མཚན་ནི་དེ་དང་བྱེད་ལས་མཚུངས་པས་ཡིན་ཏེ། ཉོན་མོངས་པས་ཁམས་གསུམ་དུ་སྦྱོར་བ་འདིས་ཀྱང་དེར་སྦྱོར་བས་སོ། །དངོས་ལ་གནོད་བྱེད་ནི། སེམས་ཉེ་བར་ཉོན་མོངས་པར་བྱེད་མི་ནུས་པས་སོ། །ཞེས་གསུངས་པ་ནི། བློ་གྲོས་རྒྱ་མཚོ་འདི་ལྟར་དེ་ལྟར་དེ་ལྟ་བུའི་རང་བཞིན་གྱི་ཉོན་མོངས་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་ཁམས་གསུམ་དུ་ཀུན་ཏུ་སྦྱོར་ལ། ཁམས་གསུམ་པ་ཡང་ཉོན་མོངས་པ་ལས་ཀུན་ཏུ་བྱུང་བ་ཡིན་ནོ། །ཞེས་དང་། ཇི་སྲིད་ཁམས་གསུམ་པར་ཀུན་ཏུ་སྦྱོར་བས་ཡིན་གྱིས་སེམས་ཉེ་བར་ཉོན་མོངས་པས་ནི་མ་ཡིན་ནོ། །ཞེས་སོ། །བཏགས་པའི་དགོས་པ་ནི། མདོ་ལས་མ་ཟིན་ཀྱང་བྱང་སེམས་ནི་གཞན་དོན་ལྷུར་ལེན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཡིན་ཏེ། གཞན་དོན་དུ་སྲིད་པར་ཉིང་མཚམས་སྦྱོར་བའི་ཕྱིར་རང་དོན་དུ་ཉོན་མོངས་པ་ཡང་མི་སྤོང་བར་ཤེས་པའོ། །གཉིས་པ་དཔལ་ཕྲེང་གི་མདོ་ལས་འབྱུང་བ་ནི། ཇི་སྐད་དུ། བཅོམ་ལྡན་འདས་དཔེར་ན་ལེན་པའི་རྐྱེན་གྱིས་ཟག་པ་དང་བཅས་པའི་རྒྱུ་ལས་སྲིད་པ་གསུམ་འབྱུང་བ་དེ་བཞིན་དུ། བཅོམ་ལྡན་འདས་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་གྱིས་ཟག་པ་མེད་པའི་ལས་ཀྱི་རྒྱུ་ལས་བྱུང་བ། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་འབྱུང་སྟེ། ཞེས་པ་སྟེ། འདིས་ཀྱང་ཟག་བཅས་ཀྱི་ལས་ཉོན་ལ་མི་འདོད་དོ། །དེ་ལ་མ་རིག་པའི་བག་ཆགས་ཀྱི་ས་ནི། བསྡུ་བ་ལས། དེ་བཞིན་གཤེགས་པའི་ཡེ་ཤེས་ཉག་གཅིག་གིས་སྤོང་བར་བཤད་པའི་ཟག་བཅས་ཀྱི་གནས་ངན་ལེན་ཕྲ་མོ་སྟེ། དེའི་དཔེ་ལ་སྔ་རབས་པ་དག །གླ་རྩི་བླུགས་པའི་སྣོད་ན་དེ་མེད་ཀྱང་དྲི་མནམ་པ་བཞིན་དུ་ཉོན་མོངས་དང་། ཉེ་ཉོན་རྣམས་སྤངས་ཀྱང་དེ་དག་གི་རྟེན་བྱས་པའི་བག་ལ་ཉལ་ལོ་ཞེས་འཆད་དོ། །ཟག་མེད་ཀྱི་ལས་ནི། ཉོན་མོངས་དང་མ་འདྲེས་ལ་སྲིད་པའི་རྒྱུར་གྱུར་པའི་སེམས་པ་སྟེ་སྔར་བསྟན་པ་བརྒྱད་པོ་ལྟ་བུར་མངོན་ནོ། །གཉིས་པ་དེ་བརྒལ་ལན་གྱིས་གཏན་ལ་དབབ་པ་ལ་གཉིས། བཏགས་པའི་མཐའ་དགག །གནས་པའི་དོན་དགོད་པའོ། །དང་པོ་བཏགས་པའི་མཐའ་དགག་པ་ནི། བོད་སྔ་རབས་པ་ཁ་ཅིག་ཉོན་མོངས་མི་སྤོང་བའི་དོན། བྱང་སེམས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་ལ་སྲིད་པར་སྐྱེ་བ་ལེན་དགོས་ལ། དེ་ལ་ཡང་རྒྱུ་ཉོན་མོངས་དགོས་པས་དེ་རྩབས་དང་རུ་མ་བཞིན་དུ་འཇོག་པ་ཡིན་ནོ་ཞེས་ཟེར་བ་དང་། ཨ་དུ་ལ་ངྷ་ཤ་ནི། ཉོན་མོངས་པ་ལ་སྡུག་བསྔལ་བ་བསྐྱེད་པ་དང་། གཉེན་པོ་སྐྱེ་བའི་གེགས་བྱེད་པ་དང་། སྲིད་པར་སྐྱེ་བ་ལེན་པ་དང་། རང་གི་རིགས་འདྲ་སྐྱེད་པའི་ནུས་པ་བཞི་ཡོད་པ་ལས། དང་པོ་གཉིས་སྤོངས་ཤིང་ཕྱི་མ་གཉིས་མི་སྤོང་ཞེས་འདོད་པ་ལ། ཉན་ཐོས་ཀྱིས་དེ་གང་གིས་སྤོང་། ཉོན་མོངས་ཀྱི་རྩ་བ་མ་རིག་པ་དང་འཛིན་སྟངས་འགལ་བའི་གང་ཟག་གི་བདག་མེད་ལ་གོམས་པས་ཤེ་ན། འོ་ན་བྱང་སེམས་ཀྱིས་དེའི་སྟེང་དུ་ཆོས་ཀྱི་བདག་མེད་ལ་ཡང་གོམས་པར་བྱས་པས་ཉོན་མོངས་འཇོག་པར་འདོད་ཀྱང་སྤང་དགོས་ཏེ། འགལ་བ་སྟོབས་ལྡན་གྲུབ་པས་སོ། །གཞན་ཡང་ལམ་ཤེས་ཟག་བཅས་སུ་བཤད་པའི་ཟག་པ་དེ་ཡང་མ་རིག་པ་དང་སྲེད་པ་སོགས་ལ་འདོད་དགོས་པས་སངས་རྒྱས་ལ་ཡང་འདོད་དགོས་ཏེ། དེ་ལམ་ཤེས་ཀྱིས་ནི་རྣམ་པ་ཐམས་ཅད་དུ་མི་སྤོང་ལ་གཉེན་པོ་གཞན་ཡང་མེད་པས་སོ། །གཞན་ཡང་སྐྱེ་བ་ལེན་པ་ལ་རྒྱུ་མ་རིག་པ་དང་། སྲེད་པ་སོགས་དགོས་ན། ཉན་རང་དགྲ་བཅོམ་ཐེག་ཆེན་དུ་ཞུགས་པས་སྲིད་པ་ཇི་ལྟར་འཛིན། མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་ཀྱིས་སོ་ཞེ་ན། བྱང་སེམས་ལ་དེ་གར་སོང་། དེས་ན་བྱང་སེམས་ཀྱི་དེ་ནི་སྙིང་རྗེ་དང་སྨོན་ལམ་དང་སེམས་བསྐྱེད་སོགས་ཀྱི་དགེ་རྩ་ཉིད་ཡིན་ལ། དེ་ཡང་ཉོན་མོངས་དང་བྱེད་ལས་མཚུངས་པས་དེར་བཏགས་པའོ། །ཞེས་སྔོན་གྱི་མཁས་པ་བྱང་ཡེ་གསུངས་པ་ནི་མདོ་འགྲེལ་གྱི་གནད་མཁྱེན་པའི་བཤད་པའོ། །དེ་ལ་འདི་སྐད་ཀྱང་བརྗོད་པར་བྱ་སྟེ། གལ་ཏེ་སྐྱེ་བ་ལེན་པའི་རྒྱུ་ལས་ཉོན་མཚན་ཉིད་པ་ཡིན་ན་བྱང་སེམས་འཕགས་པ་དེ་དག་ལས་དབང་གིས་སྐྱེ་བར་ཐལ་བ་དང་། སྐྱེ་བ་བླང་བ་དེ་ལ་འགྲོ་བ་དེ་དང་དེའི་སྡུག་བསྔལ་གྱིས་གནོད་པར་འགྱུར་ན་དེ་ཡང་མི་རིགས་ཏེ། རྒྱུད་བླ་མར། འཕགས་པས་འཆི་དང་རྒ་བ་དང་། །ན་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། ། དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་སོ། །གཞན་ཡང་བློ་གྲོས་རྒྱ་མཚོའི་མདོ་ལས་བཤད་པའི་སྐྱེ་རྒྱུད་དང་འདིར་བསྟན་ཉོན་མོངས་གཅིག་ཏུ་སྒྲིགས་པ་དང་། ཉོན་མོངས་བཏགས་པ་བ་མིན་པར་འདོད་པ་ནི་ཤིན་ཏུ་ཡང་འགལ་ལོ། །གཉིས་པ་གནས་པའི་དོན་དགོད་པ་ནི། འཕགས་པ་དང་སློབ་དཔོན་གྱིས་བྱང་སེམས་དང་ཉན་རང་གི་ཉོན་མོངས་མི་སྤོང་བ་དང་སྤོང་བར་གསུངས་པའི་དོན་ནི་ཅི། ཉོན་མོངས་པ་དེ་གང་ཞེ་ན། དེའི་དོན་ནི་སྤྱིར་ཉོན་མོངས་པ་མི་སྤོང་བ་དང་། བྱེ་བྲག་ཏུ་སྐྱེ་བ་ལེན་པའི་རྒྱུ་ཉོན་མོངས་པ་མི་སྤོང་བ་ནི་སྐྱེ་བ་ལེན་པ་ལ་ཉོན་མོངས་རྒྱུར་དགོས་ནས་མི་སྤོང་བར་བཤད་པ་མ་ཡིན་ཏེ། དེ་དག་སྤང་བྱ་མ་ཡིན་ན་ཉོན་མོངས་པ་ཡིན་པར་འགལ་ལ། ཡིན་ན་ལམ་ཤེས་ཀྱིས་མི་སྤོང་ཞིང་དེ་ལས་གཞན་པའི་གཉེན་པོ་ཡང་མེད་པའི་ཕྱིར། སངས་རྒྱས་པ་ན་ཡང་ཡོད་པར་འགྱུར་ལ། འདིའི་སྐྱེ་རྒྱུ་ལ་ཉོན་མོངས་མཚན་ཉིད་པ་དགོས་ན་མདོ་གཉིས་དང་འགལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། ཉོན་མོངས་ཀྱི་འབྲས་བུ་སྲིད་པ་ལ་སྐྲགས་དེ་ནས་བློས་འདོར་བ་ཉན་ཐོས་ལྟ་བུ་མ་ཡིན་པར་གཞན་དོན་དུ་སྲིད་པར་ཉིང་མཚམས་སྦྱོར་བ་དོན་དུ་གཉེར་བ་ལ་བསམ་ནས་ཉོན་མོངས་མི་སྤོང་བར་བཤད་དེ། མདོར་ན་དེའི་འབྲས་བུ་དང་འདྲ་བའི་སྲིད་པ་མི་སྤོང་བ་ལ་དེ་མི་སྤོང་བར་བཏགས་པ་ཙམ་མོ། །དེ་ལྟ་མ་ཡིན་ན་མ་རིག་པའི་བག་ལ་ཉལ་མ་ལུས་པར་སྤངས་ནས་འདོད་སྲེད་ཀྱི་བག་ཉལ་མ་སྤངས་པ་འགལ་ཏེ། རྒྱུ་ལོག་ནས་འབྲས་བུ་ལྡོག་པའི་ཕྱིར་རོ། །ཉི་སྣང་ལས་ཀྱང་། ཡོངས་སུ་འཛིན་པའི་ཤེས་རབ་དང་སྙིང་རྗེ་དག་གིས་གོ་རིམ་བཞིན་དུ་བྱང་ཆུབ་སེམས་དཔའ་མ་བཅིང་མ་གྲོལ་བར་བྱ་བས་ན་འདི་ནི་གནས་ཉིད་དུ་གསུངས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྙིང་རྗེ་ནི། །སྲིད་པ་དགའ་བར་བྱེད་པ་སྟེ། །ཞེས་སྙིང་རྗེས་བྱང་སེམས་རྣམས་སྲིད་པ་ལས་གྲོལ་བར་བྱེད་པར་གསུངས་པས་སྙིང་རྗེ་ཉིད་སྲིད་པར་སྐྱེ་བའི་རྒྱུ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། འོན་ཀྱང་དེ་ནི་སྙིང་རྗེ་ཡིས། །བྱང་ཆུབ་བར་དུ་སྲིད་མཚམས་སྦྱོར། །ཞེས་པ་ལྟར་རོ། །གཞན་ཡང་བྱང་སེམས་ཀྱིས་ཐབས་ཤེས་ཀྱིས་ཉོན་མོངས་ལ་དབང་དུ་བྱས་པས་ཉེས་པ་མི་སྐྱེད་ཅིང་ལམ་སྒྲུབ་པའི་གྲོགས་སུ་ཡང་འགྱུར་བས་ཉན་ཐོས་ལྟར་མཐའ་གཅིག་ཏུ་མི་མཐུན་པར་བཟུང་ནས་ཉོན་མོངས་མི་སྤང་བ་ཡང་ཡིན་ནོ། །དེ་ལྟར་ན་ས་ཐོབ་ཀྱི་སྐྱེ་བ་ལེན་པའི་རྒྱུ་བཤད་པ་འདི་ནི་མདོ་དང་འཕགས་པ་ཀླུ་སྒྲུབ། འཕགས་པ་ཐོགས་མེད། འཕགས་གྲོལ། སློབ་དཔོན་རྣམས་ཀྱི་དགོངས་པ་གཅིག་ཏུ་དྲིལ་བའི་མདོ་འགྲེལ་གྱི་དགོངས་པ་སྟེ། བྱང་སེམས་སྙིང་རྗེས་ཞི་ལ་མི་གནས་པའི་གནད་མཐར་ཐུག་པའོ། །གསུམ་པ་བྱེད་ལས་ཀྱི་ཁྱད་པར་ནི། སེམས་ཅན་འཁོར་དུ་མ་བསྡུས་པ་སྡུད་པ་དང་། བསྡུས་པ་སྨིན་པ་དང་། སྨིན་པ་གྲོལ་བར་བྱེད་པའོ། །གཉིས་པ་ཡན་ལག་ཅན་གྱི་ལམ་དངོས་ལ་གསུམ། ཉན་ཐོས་དང་རང་རྒྱལ་དང་། བྱང་སེམས་ཀྱི་ལམ་མོ། །དང་པོ་ཉན་ཐོས་ཀྱི་ལམ་ལ་གཉིས། ཤེས་པར་བྱ་བའི་ལམ་དང་། དེ་ཤེས་པར་བྱེད་པའི་ཚུལ་ལོ། །དང་པོ་ཤེས་བྱ་ལམ་ལ་གཉིས། ཀུན་ཉོན་དང་། རྣམ་བྱང་གི་བདེན་གཉིས་ཀྱི་རྣམ་པའོ། །དང་པོ་གཉིས་སོ་སོ་བ་དང་ཐུན་མོང་གི་རྣམ་པའོ། །དང་པོ་བདེན་པ་གཉིས་སོ་སོའི་རྣམ་པ་ལ་གཉིས། སྡུག་བསྔལ་དང་ཀུན་འབྱུང་གི་རྣམ་པའོ། །དང་པོ་སྡུག་བསྔལ་གྱི་རྣམ་པ་ནི། སྐྱེ་ཞིང་འཇིག་པའི་མི་རྟག་པ་དང་། ཟག་པ་དང་བཅས་ཤིང་འཕགས་པ་རྣམས་ལ་མི་འདོད་པ་ལྟར་སྣང་བས་སྡུག་བསྔལ་བ་དང་། དོན་གཞན་གྱི་བདག་གིས་སྟོང་པས་བདག་མེད་པ་དང་། ངོ་བོར་གྱུར་བས་བདག་མེད་པའི་ཞི་བ་དང་བཞིའོ། །གཉིས་པ་ཀུན་འབྱུང་གི་རྣམ་པ་ནི། སྡུག་བསྔལ་གྱི་རྩ་བའི་རྒྱུ་ཡིན་པས་ནད་ལྟ་བུ་དང་། སྡུག་བསྔལ་གྱི་ཕུང་པོ་ཀུན་འབྱུང་བས་འབྲས་ལྟ་བུ་དང་། སྡུག་བསྔལ་དྲག་པོ་འཕྲལ་དུ་སྐྱེ་བས་ཟུག་རྔུ་ལྟ་བུ་དང་། སྡུག་བསྔལ་བཏུད་མར་འབྱུང་བས་སྡིག་པ་ལྟ་བུའི་རྣམ་པ་བཞི་རྣམས་སོ། །གཉིས་པ་སྡུག་ཀུན་གཉིས་ཐུན་མོང་གི་རྣམ་པ་ནི། ཕྱིར་རྒོལ་བས་ཕ་རོལ་དང་། འཇིག་པའི་ཆོས་ཅན་ཡིན་པས་འཇིག་པའི་ཆོས་ཅན་དང་། རང་གི་ངོ་བོ་རང་དུ་མི་གནས་པས་གཡོ་བ་དང་། སྐབས་སུ་བབས་པ་ངོ་སྐལ་གྱི་གཉེན་པོས་འཇིག་པས་རབ་ཏུ་འཇིག་པའི་རྣམ་པ་དང་། འདི་ཕྱི་གཉིས་སུ་གནོད་པའི་གནས་སུ་གྱུར་པས་འཇིགས་པ་དང་། སྲིན་པོ་ལ་སོགས་པ་སེམས་ཡོད་ཀྱི་ཉེར་འཚེའི་གནས་སུ་གྱུར་པས་འགོ་ནད་ལྟ་བུ་དང་། འབྱུང་བ་འཁྲུགས་པ་དང་ཐོག་ལ་སོགས་པ་སེམས་མེད་ཀྱི་གནོད་གནས་ཡིན་པས་ཉེ་བར་འཚེ་བའི་རྣམ་པ་དང་བདུན་ལས། དང་པོ་གཉིས་ཡིད་འབྱུང་བ་གཉིས། དེ་ནས་གཉིས་འདོད་ཆགས་དང་བྲལ་བ་དང་། ཕྱི་མ་གསུམ་འགོག་པའི་རྣམ་པའོ། །གཉིས་པ་རྣམ་བྱང་ཕྱོགས་ཀྱི་རྣམ་པ་ལ། འགོག་པ་དང་། ལམ་གྱི་རྣམ་པའོ། །དང་པོ་འགོག་བདེན་གྱི་རྣམ་པ་ནི། བདག་འཛིན་གྱི་ཉོན་མོངས་སམ་སྡུག་བསྔལ་མེད་པས་བདག་མེད་པ་དང་། སྡུག་བསྔལ་ཉོན་མོངས་ཞི་བས་ཞི་བ་དང་། གྱ་ནོམ་པའི་བདག་ཉིད་བདེ་གཙང་གི་ངོ་བོ་ཡིན་པས་སམ་མི་གཙང་བས་དབེན་པས་དབེན་པའི་རྣམ་པ་དང་། ངེས་པར་འབྱུང་བ་རྟག་ཕན་གྱི་མཚན་ཉིད་བདག་གི་བ་དང་བྲལ་བས་སྟོང་བ་དང་འདུས་བྱས་ཀྱི་མཚན་མ་བྲལ་བས་མཚན་མ་མེད་པ་དང་། ཁམས་གསུམ་ལ་སྨོན་པའི་ཟད་པས་སྨོན་པ་མེད་པ་དང་། མ་འོངས་པའི་སྐྱེ་འགྱུར་གྱི་ལས་མངོན་པར་འདུ་མི་བྱེད་པས་མངོན་པར་འདུ་བྱེད་པ་མེད་པའི་རྣམ་པ་སྟེ་བདུན་ནོ། །གཉིས་པ་ལམ་བདེན་གྱི་རྣམ་པ་ནི། ཐར་བར་ཕྱིན་པར་བྱེད་པས་ལམ་དང་། ཉོན་མོངས་ཀྱི་གཉེན་པོ་བྱེད་པས་རིག་པ་དང་། སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་སྒྲུབ་པ་དང་། བདག་ཏུ་མངོན་པར་མ་ཞེན་པས་མྱང་འདས་རྟག་གནས་སུ་འགྲོ་བས་ངེས་པར་འབྱིན་པ་དང་བཞིའོ། །གཉིས་པ་ཤེས་པར་བྱེད་ཚུལ་ནི། སྡུག་ཀུན་སོ་སོའི་རྣམ་པ་བརྒྱད། ཐུན་མོང་བ་རེ་རེར་བདུན་རེ་སྟེ་བཅུ་བཞི། འགོག་པའི་བདུན་ལམ་གྱི་བཞི་དང་རྣམ་པ་སོ་གསུམ་ཡོད་པ་རྣམས་རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། སྦྱོར་བའི་དུས་སུ་སེམས་བསྐྱེད། མཇུག་ཏུ་བསྔོ་བ། དངོས་གཞིའི་དུས་སུ་དེ་དག་གི་ངོ་བོ་ཉིད་ཅིར་ཡང་མི་དམིགས་པར་རྟོགས་པའི་ཁྱད་པར་གསུམ་ལྡན་གྱི་སྒོ་ནས་ཤེས་པར་བྱ་བའོ། །འདིའི་སྐབས་སུ་མི་རྟག་སོགས་སུ་ཡིད་ལ་བྱེད་པ་ནི་ཉན་ཐོས་ཀྱི་ལམ་སྟེ་ཤེས་པར་བྱ་རྒྱུའོ། །ཚུལ་འདི་ནི་རང་རྒྱལ་གྱི་ལམ་གྱི་སྐབས་སུ་ཡང་ཤེས་པར་བྱའོ། །བདེན་བཞིའི་རྣམ་པ་རྣམས་མི་དམིགས་པར་ཡིད་ལ་བྱེད་པ་ནི་ལམ་ཤེས་ཀྱི་ལམ་སྟེ་ཤེས་པར་བྱེད་པའི་སྒོའམ་ཐབས་སོ། །ཤེས་པར་བྱེད་པ་པོ་ནི་བྱང་སེམས་སོ། །གཉིས་པར་རང་རྒྱལ་གྱི་ལམ་ལ་བདུན། རིགས་དང་ལམ་དང་ཡང་དག་པར་འགྲུབ་པ་དང་། ཚོགས་བསོག་པ་དང་། གནས་པ་དང་། རྒྱུ་བ་དང་། སྒྲ་བཤད་པའོ། །དང་པོ་རིགས་ནི་ཁྱད་པར་གསུམ་དང་ལྡན་པ་སྟེ། རང་བཞིན་གྱིས་ཉོན་མོངས་པ་ཤས་ཆུང་བ་སྟེ། དེས་ན་དེའི་སེམས་འདུ་འཛི་ལ་མི་དགའ་ཞིང་གཅིག་པུ་ལ་དགའ་བའོ། ། གཉིས་པ་ནི། སྙིང་རྗེ་ཤས་ཆུང་བ་སྟེ། དེས་ན་དེའི་སེམས་ཆོས་སྟོན་པ་དང་སེམས་ཅན་གྱི་དོན་བྱ་བ་ལ་མི་འཇུག་གིས་སེམས་ལས་ཆུང་ངུར་གནས་སོ། །གསུམ་པ་ནི། དབང་པོ་འབྲིང་དུ་གྱུར་ཅིང་ང་རྒྱལ་སྤྱོད་པ་ཅན་ཏེ། དེས་ན་སློབ་དཔོན་མེད་ཅིང་འགྲན་ཟླ་མེད་པར་བྱང་ཆུབ་འདོད་པའོ། །གཅིག་པུ་ལ་དགའ་བ་འདི་ཚོགས་སྤྱོད་ལ་དོར་རོ། །གཉིས་པ་ལམ་ལ་སློབ་ཚུལ་ནི། ལམ་གསུམ་ལས། ལམ་དང་པོ་ནི། རང་སངས་རྒྱས་ཀྱི་རིགས་ལ་གནས་ནས་བསྐལ་བ་བརྒྱར་སངས་རྒྱས་འབྱུང་བ་མཉེས་པར་བྱས་ཏེ་རང་བྱང་ཆུབ་ཏུ་རྒྱུད་སྨིན་པར་བྱེད་ཅིང་ཕྱིས་རང་གི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། མཁས་པར་བྱ་བའི་དངོས་པོ་དྲུག་ལ་མཁས་པར་བྱེད་པ་སྟེ་དྲུག་ནི། ཕུང་པོ་ཁམས་སྐྱེ་མཆེད་རྟེན་འབྲེལ་གནས་དང་གནས་མ་ཡིན་པ་བདེན་པ་རྣམས་ལ་མཁས་པའོ། །འདི་ནི་བསེ་རུའི་ལམ་མོ། །འདི་ལ་ཁ་ཅིག་ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་ནས་བསྐལ་པ་བརྒྱའི་བར་དུ་ཐོས་བསམ་བྱས་ཤིང་ད་དུང་སྐྱེ་བ་ལེན་པར་ཤེས་པ་ན་སྔར་གྱི་ལམ་སྦྱངས་ནས་འཆི་འཕོ་ཀར། སངས་རྒྱས་དང་ཉན་ཐོས་མེད་པའི་ཞིང་དུ་སྐྱེ་བ་དང་། དེར་ཡང་གཞན་ལ་མ་ལྟོས་པར་རང་གིས་ཐོབ་པའི་ཤེས་རབ་ཀྱིས་ལམ་བགྲོད་པ་དང་། བྱང་ཆུབ་ཐོབ་པ་ན་ཡང་གདུལ་བྱ་ལ་ངག་གིས་མིན་པར་ལུས་ཀྱིས་སྙིང་བརྩེ་བར་བྱེད་པར་གྱུར་ཅིག །ཅེས་སྨོན་ལམ་གསུམ་འདེབས་ཤིང་ཤི་འཕོས་ནས་ཞིང་སྟོང་བར་གླིང་གསུམ་གྱི་སྐྱེས་པ་དམངས་རིགས་མ་ཡིན་པ་གཅིག་ཏུ་སྐྱེས་ཏེ། ཁྱིམ་ནས་ཁྱིམ་མེད་པར་རང་བྱུང་གི་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་དུར་ཁྲོད་དུ་ཕྱིན་ཏེ། རུས་པ་འདི་ཅི་ལས་བྱུང་བསམ་པས་མ་རིག་པ་ནས་རྒ་ཤིའི་བར་རྟེན་འབྲེལ་ལུགས་འབྱུང་བཟློག་རྟོགས་པའི་དོན་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ནས་བསྒོམ་པས་ལམ་ཕྱི་མ་བཞི་ཚེ་གཅིག་ལ་མངོན་དུ་བྱེད་དོ། །ཞེས་འཆད་དོ། །ལམ་གཉིས་པ་ནི། སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་དང་། སྐྱེས་བུ་དམ་པ་ལ་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་ནས་སྦྱོར་ལམ་དང་པོ་གསུམ་སྐྱེད་པར་བྱེད་ནས། །ཕྱིས་ཆོས་མངོན་པར་རྟོགས་པར་བྱ་བའི་ཕྱིར་དངོས་པོ་དྲུག་ལ་མཁས་པར་བྱེད་པའོ། །ལམ་གསུམ་པ་ནི། སྔར་དང་འདྲ་བ་ལས་འབྲས་བུ་དང་པོ་གཉིས་གང་རུང་མངོན་དུ་བྱེད་པའོ། ། འདི་གཉིས་ལ་བོད་རྣམས་ཚོགས་སྤྱོད་ཆེ་ཆུང་གི་ཐ་སྙད་བྱེད་དོ། །གསུམ་པ་འབྲས་བུ་གྲུབ་ཚུལ་ནི། དེ་གསུམ་ཀས་ཀྱང་མཐར་སངས་རྒྱས་མི་འབྱུང་བ་ན་སློབ་དཔོན་མེད་པར་བྱང་ཕྱོགས་སོ་བདུན་བསྒོམས་ནས་ཉོན་མོངས་པ་ཐམས་ཅད་སྤང་བའི་དགྲ་བཅོམ་པའི་བར་དུ་བྱེད་དོ། །དེ་ལྟར་གསུམ་པོ་འདི་ཡང་སྲིད་པ་ཐ་མའི་ཚེ་གཅིག་ལ་ལམ་མང་བ་དང་འབྲིང་དང་ཉུང་བ་བསྐྱེད་ནུས་པའི་སྒོ་ནས་འདི་དག་གི་ཁྱད་པར་བསྟན་ཏེ་བསེ་རུ་ལྟ་བུས་ཀྱང་། ཚེ་གཅིག་ལ་ལམ་ལྷག་མ་བཞི་སྐྱེད་ཀྱིས་སྟན་གཅིག་ལ་བསྐྱེད་པར་ཀུན་བཏུས་པ་མི་འདོད་དོ། ། མཛོད་པ་ནི། སྟོན་དང་བསེ་རུ་བྱང་ཆུབ་པ། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །དེ་ཡི་སྔོན་དུ་ཐར་ཆ་མཐུན། །ཞེས་སྲིད་པ་ཐ་མ་པའི་ཚེ། མཐོང་ལམ་གྱི་སྔོན་དུ་སྲིད་རྩེའི་ཉེར་བསྡོགས་ཐོབ་ནས་ཅི་ཡང་མེད་མན་ཆད་ལ་ཆགས་པ་དང་བྲལ་ཞིང་། བསམ་གཏན་གྱི་མཐའ་བཞི་པ་ལ་བརྟེན་ནས་ལམ་ལྷག་མ་བཞི་སྟན་གཅིག་ལ་མངོན་དུ་བྱེད་ཅིང་དེའི་ཚེ་མཐོང་སྤང་རྣམས་དང་། སྲིད་རྩེའི་སྒོམ་སྤང་དགུ་ཙམ་ཞིག་སྤོང་བར་བཤད་དོ། །འདིའི་ལྟར་ན་ཆགས་བྲལ་སྔོན་སོང་ཡིན་ཞིང་ཕྱིར་མི་འོང་ཞུགས་གནས་ཀྱང་འོང་ངོ་། །གཞན་ཡང་བྱང་ས་ལས། རང་རྒྱལ་བ་ནི་ཉན་ཐོས་ཇི་ལྟ་བ་དེ་ཁོ་ན་ལྟར་རིག་པར་བྱའོ། །ཞེས་བཤད་པས། ལམ་གྱི་རང་བཞིན་མཚུངས་པའི་ཕྱིར་ཞུགས་གནས་བརྒྱད་ཀ་རྩིར་རུང་ངོ་། །བཞི་པ་ཚོགས་གསོགས་པ་ནི། དྲིན་ལན་བསབ་པ་ལས། རང་སངས་རྒྱས་རྣམས་ནི་བསྐལ་པ་ཆེན་པོ་བརྒྱས་ཚར་ཕྱིན་པར་འགྱུར་རོ། །ཞེས་སྤྱིར་གསུངས་པས་གསུམ་ཀ་འདྲ་བར་བསྐལ་ཆེན་བརྒྱར་ཚོགས་གསོག་གོ །དེ་གསུམ་ལས་ཕྱི་མ་གཉིས་ཉན་ཐོས་ཀྱི་རིགས་ཅན་མ་ངེས་པ་འགའ་ཞིག་རང་རྒྱལ་དུ་སོང་བ་ཡིན་པར་མཛོད་འགྲེལ་ལས་བཤད་དོ། །ལྔ་པ་གནས་པ་ལ་ཐུགས་དང་ལུས་ཀྱི་གནས་པ་གཉིས་ལས་དང་པོ་ནི། ཆོས་ཟབ་མོ་ལ་མོས་པ་དང་། རྟེན་འབྲེལ་ཟབ་མོ་རྟོགས་པ་ལྷུར་ལེན་པ་དང་། རྣམ་ཐར་སྒོ་གསུམ་ཡིད་ལ་བྱེད་ཅིང་གནས་པ་ནི་གསུམ་ཀ་ལ་འདྲའོ། །གཉིས་པ་ལུས་ཀྱི་གནས་པ་ནི། བསེ་རུ་ལྟར་སྤྱོད་པ་ནི། གཅིག་པུར་གནས་ལ། ལྷག་མ་གཉིས་ཚོགས་དང་གནས་པར་འགྱུར་རོ། །དྲུག་པ་རྒྱུ་བ་ནི། དེ་དག་ཐམས་ཅད་ཀྱང་གྲོང་ངམ་གྲོང་རྡལ་གང་དུ་བརྟེན་ཅིང་གནས་ཀྱང་རུང་སྟེ། ལུས་ཤིན་ཏུ་བསྲུང་བ་དང་། དབང་བོ་རྣམས་བསྡམས་པ་དང་། དྲན་པ་ལ་ཤིན་ཏུ་གནས་པས་གྲོང་ལ་སོགས་པར་བསོད་སྙོམས་ལ་འཇུག་སྟེ། དམན་པ་རྣམས་ལ་བརྩེ་བར་བྱེད་པ་ན་ཡང་ལུས་ཀྱིས་ཡིན་གྱི། ངག་གིས་ནི་མ་ཡིན་ཏེ་དེ་དག་ཀྱང་ལུས་ཀྱིས་ཆོས་སྟོན་གྱི་ངག་གི་མི་སྟོན་པའི་ཕྱིར་དང་། ཞེ་འགྲས་པ་བཟློག་པའི་ཕྱིར་རྫུ་འཕྲུལ་དུ་མ་སྟོན་པར་མཛད་དོ། །བདུན་པ་སྒྲ་བཤད་པ་ནི། མཛོད་འགྲེལ་ལས། ལུང་མེད་པར་བདག་གཅིག་པུའི་ཕྱིར་སངས་རྒྱས་པས་རང་སངས་རྒྱས་ཏེ་ཞེས་དང་། བྱེ་བྲག་དང་པོའི་སྒྲ་བཤད། ཇི་ལྟར་བསེ་རུ་དག་གཉིས་པ་མེད་པ་དེ་བཞིན་དུ་དེ་དག་ཀྱང་ཁྱིམ་པ་དང་། རབ་ཏུ་བྱུང་བ་རྣམས་དང་། རང་སངས་རྒྱས་གཞན་དག་དང་མི་འདྲེ་བར་གནས་པས་ན་བསེ་རུ་ལྟ་བུ་རྣམས་ཞེས་བྱའོ། །ཞེས་པ་ལྟར་རོ། ། གསུམ་པ་བྱང་སེམས་ཀྱི་ལམ་ཤེས་ལ་གཉིས། མཐོང་ལམ་དང་སྒོམ་ལམ་མོ། །དང་པོ་མཐོང་ལམ་ལ་གཉིས་། མཐོང་ལམ་སྐྱེ་བའི་རྟེན་བརྟེན་པ་མཐོང་བའི་ལམ་མོ། །དང་པོ་རྟེན་ལ་གཉིས། ལུས་རྟེན་དང་སེམས་རྟེན་ནོ། །དང་པོ་ལུས་རྟེན་ནི། སྒྲ་མི་སྙན་པ་མ་རྟོགས་པའི་མི་དང་འདོད་ལྷའི་རྟེན་ལ་སྐྱེས་ཏེ། ངན་སོང་དང་སྒྲ་མི་སྙན་པ་རྣམས་ནི་རྣམ་སྨིན་གྱི་སྒྲིབ་པ་ཅན་ཡིན་ལ། ཁམས་གོང་མ་ན་སྐྱེ་བ་མེད་ཀྱང་མི་སྐྱེ་བར་ཡང་བདེན་པ་རྟོགས་པར་བྱེད་མི་ནུས་སོ། །ཞེས་བསྡུས་པ་དང་མཛོད་ལས་བཤད་དོ། །གཉིས་པ་སེམས་རྟེན་ནི། བསམ་གཏན་དྲུག་གང་ཡང་རུང་བ་སྟེ་གཟུགས་མེད་རྣམས་ནི་ལྷག་མཐོང་ཤས་ཆུང་བས་མི་བརྟེན་ནོ། །གཉིས་པ་བརྟེན་པ་མཐོང་ལམ་ལ། སྐད་ཅིག་མ་དུར་བཤད་པ། མཐོང་སྤང་སྤོང་ཚུལ་བསྟན་པ། སྐད་ཅིག་མ་དུར་སྐྱེ་བ་བཤད་པའོ། །དང་པོ་སྐད་ཅིག་མ་དུར་བཤད་པ་ནི། སྡེ་པ་རྣམས་ལ་གྲངས་མང་ཉུང་འདོད་ཚུལ་དུ་མ་བཤད་ཀྱང་། གྲགས་ཆེ་བ་ལ་མཛོད་དུ། དེ་ལ་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཞེས་མཐོང་ལམ་སྐད་ཅིག་བཅོ་ལྔ་དང་ལམ་རྗེས་ཤེས་སྒོམ་ལམ་དུ་བཞེད་དོ། །ཡུམ་གྱི་རྒྱན་འདི་དང་ཀུན་བཏུས་ལ་སོགས་པར་སྐད་ཅིག་བཅུ་དྲུག་ཏུ་བཤད་དོ། །གཉིས་པ་མཐོང་སྤང་སྤོང་ཚུལ་ནི། མཛོད་དུ་ཆོས་བཟོད་བཞི་འདོད་པའི་མཐོང་སྤང་སྤོང་བའི་བར་ཆད་མེད་ལམ་དང་། ཆོས་ཤེས་བཞི་དེའི་རྣམ་གྲོལ་ལམ་དང་། རྗེས་བཟོད་བཞི་ཁམས་གོང་གི་མཐོང་སྤང་སྤོང་བའི་བར་ཆད་མེད་ལམ་དང་། རྗེས་ཤེས་བཞི་དེའི་རྣམ་གྲོལ་ལམ་དུ་བཤད་དོ། །ཀུན་བཏུས་ཀྱི་ལུགས་ཀྱིས་སྡུག་བསྔལ་ཆོས་བཟོད་ཀྱིས་ཁམས་གསུམ་ཀའི་སྡུག་བསྔལ་མཐོང་སྤང་སྤོང་ཞིང་། སྡུག་བསྔལ་ལ་ཆོས་ཤེས་ཀྱིས་རྣམ་གྲོལ་ལམ་མངོན་དུ་བྱེད་ལ། སྡུག་བསྔལ་ལ་རྗེས་བཟོད་ཀྱིས་སྡུག་བསྔལ་ཆོས་བཟོད་ཆོས་ཤེས་གཉིས་ལ་དམིགས་ནས་འདི་ནི་འཕགས་པའི་ཆོས་རྣམས་ཀྱི་རྒྱུའོ་ཞེས་འཛིན་ལ། སྡུག་བསྔལ་རྗེས་ཤེས་ཀྱིས་རྗེས་བཟོད་ལ་དམིགས་ནས་སྔར་ལྟར་འཛིན་པའོ། །ལྷག་མ་གསུམ་ཡང་དེ་དང་འདྲའོ། །དེ་ལྟར་ན་ཡེ་ཤེས་དེ་དག་གི་ཡུལ་ནི་ཆོས་བཟོད་ཆོས་ཤེས་ཀྱིས་བདེན་པའི་ཆོས་ཉིད་ལ་དམིགས་པས་གཟུང་བ་དང་། རྗེས་བཟོད་རྗེས་ཤེས་ཀྱིས་ཡུལ་ཅན་ཡེ་ཤེས་ལ་དམིགས་པས་འཛིན་པའི་ཡུལ་ཅན་ཡིན་ལ། སྐད་ཅིག་གི་ཚད་ནི་ཇི་ཙམ་གྱིས་རང་ཡུལ་རྟོགས་པ་རྫོགས་པའི་བར་ཏེ། བྱ་རྫོགས་ཀྱི་ཡིན་གྱི་དུས་མཐའི་སྐད་ཅིག་ནི་མ་ཡིན་ཏེ། དེ་ནི་ཐ་སྙད་དུ་མི་རུང་བའི་ཕྱིར་རོ། །ཞེས་བཞེད་དེ་སློབ་དཔོན་སེང་གེ་བཟང་པོ་སོགས་མཁས་པ་ཕལ་མོ་ཆེ་ལུགས་ཕྱི་མ་འདིའི་རྗེས་སུ་འབྲང་ངོ་། ། གསུམ་པ་སྐད་ཅིག་མ་དུར་སྐྱེ་བ་བཤད་པ་ལ་གསུམ། འདོད་པ་དགོད། འཐད་ཕྱོགས་བསྟན། ལུང་ནས་གསུངས་ཚུལ་ལོ། །དང་པོ་འདོད་པ་དགོད་པ་ལ་གཉིས་ལས། ལུགས་དང་པོ་ནི། འབྲས་བུ་མངོན་རྟོགས་ལ་ལྟོས་ནས་མཐོང་ལམ་སྐད་ཅིག་མ་གཅིག་ཡིན་ལ། སོ་སོར་རྟོག་པའི་མངོན་རྟོགས་ལ་ལྟོས་ན་སྐད་ཅིག་མ་བཅུ་དྲུག་གོ་ཞེས་ཟེར་རོ། །དེ་ལ་དང་པོའི་དོན་ནི་བདེན་བཞི་ལ་རིམ་པ་ལྟར་ཤེས་པ་དང་། སྤོང་བ་དང་། མངོན་དུ་དང་། སྒོམ་པར་བྱེད་པ་ནི་མཐོང་ལམ་གྱི་བྱ་བའི་ལས་ཡིན་པས་འབྲས་བུ་ཡིན་ལ། དེའི་དབང་དུ་བྱས་ན་སྐད་ཅིག་གཅིག་ཡིན་ཏེ། སྡུག་བསྔལ་མཐོང་བའི་ཚེ་སྡུག་བསྔལ་མཐོང་སྤང་སྤོང་ལ། དེ་ཀུན་འབྱུང་ཡིན་པས་ཀུན་འབྱུང་ཡང་སྤོང་ངོ་། །དེ་ཡང་སྤངས་པ་འགོག་པ་ཡིན་པས་འགོག་པ་ཡང་མངོན་དུ་བྱེད་དོ། །དེ་ཡང་ལམ་སྒོམ་པ་མེད་ན་མེད་པས་དེ་དག་དུས་གཅིག་གོ །གཉིས་པའི་དོན་ནི། དེ་ལྟར་གཅིག་ཡིན་ཡང་བདེན་པ་རེ་རེ་ལ་སྒྲོ་འདོགས་ཀྱི་རྣམ་པ་མི་འདྲ་བ་བཅད་ནས་རྗེས་སུ་ངེས་པ་སྐྱེ་བའི་རིམ་པ་ལ་ལྟོས་ནས་བཅུ་དྲུག་ཏུ་བཞག་པའོ། །ཞེས་པའོ། ། དེ་ལྟར་ན་བདེན་བཞི་ལ་ཤེས་སྤོང་ལ་སོགས་པའི་བྱ་བ་བྱེད་ཚུལ་གྱི་སྒོ་ནས་རིམ་པ་མེད་ཀྱང་། ངེས་པ་འདྲེན་ཚུལ་གྱི་སྒོ་ནས་བཅུ་དྲུག་རིམ་ཅན་དུ་འབྱུང་ལ། འདིའི་ལྟར་ན་མཐོང་ལམ་ལ་ཞུགས་གནས་ཀྱི་རྣམ་བཞག་རྣམས་ཀྱང་རུང་བ་ཡིན་ནོ། །ལུགས་གཉིས་པ་ནི། སོ་སོར་རྟོག་པའི་མངོན་རྟོགས་ལ་ཡང་སྐད་ཅིག་གཅིག་ཡིན་ཏེ། ཆོས་ཐམས་ཅད་དངོས་པོ་མེད་པའོ། ། ཞེས་བསྒོམས་པས་སྒོམ་པ་མཐར་སོན་པ་ན། དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་རྣམས་ཀྱིས་བརྟག་བྱ་གང་། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །ཅེས་པའི་ཚུལ་གྱིས་བདེན་པ་བཞི་ཀའི་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་ཟག་མེད་ཀྱི་ཡེ་ཤེས་སྐྱེ་བས་སླར་ཡང་མ་མཐོང་བ་མཐོང་བར་བྱ་བ་མེད་པའི་ཕྱིར་རོ། །སྤང་བྱ་སྤོང་ཚུལ་ཡང་འཇིག་ལྟ་དང་ཆགས་སོགས་ཀྱི་ཉོན་མོངས་དངོས་པོར་མངོན་པར་ཞེན་པས་ཀུན་ནས་བསླང་ལ། དེ་ལས་གྲོལ་བ་ནི་ཞེན་པ་ལྟར་མེད་པར་མཐོང་བ་ལས་ཡིན་པའི་ཕྱིར། དེ་ལ་ཡང་རིམ་པ་མེད་དོ། །གཉིས་པ་འཐད་ཕྱོགས་འགོད་པ་ནི། ལུགས་ཕྱི་མ་མི་འཐད་དེ། དེ་ལྟར་ན་སྐད་ཅིག་མ་གཅིག་ལ་མཐོང་ལམ་གྱི་རྟོགས་བྱའི་རྣམ་པ་ཐམས་ཅད་རྫོགས་པས་རྣམ་པ་ལྷག་མའི་སྒོ་ནས་མཐོང་ལམ་སྒོམ་པ་མེད་པའི་ཕྱིར། མཐོང་ལམ་ལ་ཞུགས་གནས་ཀྱི་རྣམ་བཞག་ཇི་ལྟར་རུང་། བདེན་བཞིའི་དེ་ཉིད་མཐོང་བ་ཙམ་གྱིས་བཟློག་ཕྱོགས་སུ་སྒྲོ་འདོགས་པར་མི་བྱེད་ན་སོ་སོར་རྟོག་པའི་མངོན་རྟོགས་ལ་སྐད་ཅིག་ཏུ་འགྱུར་ཡང་། གང་གི་ཚེ་འཁྲུལ་པའི་རྒྱུ་འགའ་ཞིག་ལས། བཟློག་ཕྱོགས་སུ་སྒྲོ་འདོགས་པའི་རྣམ་པ་གཞན་དག་ཡོད་པའི་ཕྱིར། དེ་དྲུང་ནས་དབྱུང་བའི་དོན་དུ་རྣམ་པ་གཞན་དག་གིས། སྒོམ་པ་གཞན་ཡང་ཡོད་པའི་ཕྱིར། ཞུགས་གནས་ཀྱི་རྣམ་བཞག་ཀྱང་འཐད་པ་ཡིན་ནོ། །དེས་ན་རྣམ་པར་ཤེས་པས་བདེན་བཞིའི་དེ་ཁོ་ན་ཉིད་ཀྱི་རྣམ་པ་ཐམས་ཅད་བཟུང་ཡང་། ཆ་གང་ལ་གོམ་པ་གསལ་བ་ལ་སོགས་པའི་མཐུས་སྒྲོ་བཏགས་པའི་རྣམ་པ་སེལ་ནུས་པ་དེ་ཉིད་དེའི་གེགས་སུ་གྱུར་བའི་སྒྲིབ་པ་སེལ་བས་དེ་ལ་ཚད་མ་ཡིན་གྱི་ཆ་གཞན་ལ་མ་ཡིན་ཏེ། སྔོན་པོ་དང་སྐད་ཅིག་མ་མཐོང་བ་ལ་ཁྱད་མེད་ཀྱང་སྔོ་མིན་དུ་སྒྲོ་འདོགས་སེལ་ནུས་ཀྱི་རྟག་འཛིན་སེལ་མི་ནུས་པ་བཞིན་ནོ། ། མཐོང་ཡང་ངེས་པ་མི་འདྲེན་ན་འཕགས་པ་དང་སོ་སྐྱེ་ལ་ཁྱད་པར་ཅི་ཞིག་ཡོད་ཅེས་ཀྱང་བརྗོད་པར་མི་བྱ་སྟེ། རྣམ་པ་ཅི་ཙམ་ཞིག་གསལ་བས་དེ་དག་གིས་ཤེས་པ་འཁྲུལ་པའི་རྒྱུ་དང་གཏན་བྲལ་བ་དེས་དེ་དག་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །འདོད་པ་དགོད་པ་དང་། དེ་འཐད་མི་འཐད་དཔྱད་པ་འདི་དག་རྒྱན་སྣང་ལས་འབྱུང་བ་ལྟར་ཏེ། འདི་ལྟར་ན་བདེན་བཞིའི་དེ་ཁོ་ན་ཉིད་ལ་ཆ་མེད་པས་མཐོང་བའི་ཚེ། མཐའ་དག་མཐོང་ཡང་མཐོང་བ་ལ་ངེས་པ་འདྲེན་པ་མ་ཁྱབ་པའི་ཕྱིར། སྒྲོ་འདོགས་བསལ་ཞིང་ངེས་པ་བསྐྱེད་པའི་ཕྱིར་དུ། སྐད་ཅིག་མ་བཅུ་དྲུག་གིས་མཐོང་ལམ་སྒོམ་པར་བཞེད་པས་མཉམ་གཞག་ལ་བཟོད་ཤེས་བཅུ་དྲུག་རིམ་ཅན་དུ་སྐྱེ་ཡང་། ཡུལ་དེ་བཞིན་ཉིད་རྟོགས་ཚུལ་མི་མཐུན་པ་མེད་པས་རྒྱུན་གཅིག་ཡིན་པས་སྐད་ཅིག་གཅིག་དང་། རྟོགས་ཚུལ་མི་འདྲ་བ་བཤད་པ་བཅུ་དྲུག་ནི་རྗེས་ཐོབ་ཀྱི་ངེས་པ་འདྲེན་ཚུལ་ལ་བཞག་གོ །གསུམ་པ་ལུང་ནས་བཤད་པ་ལ་གཉིས་ལས། དབུ་མ་ནས་བཤད་པ་ནི། རིག་པ་དྲུག་ཅུ་པར། ཆོས་ཤེས་པ་ཡི་མཇུག་ཐོག་ཏུ། །འདི་ལ་བྱེ་བྲག་ཡོད་ན་འདི། ། དངོས་པོ་ཤིན་ཏུ་ཕྲ་བ་ཡང་། །གང་གིས་སྐྱེ་བ་རྣམ་བརྟགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང་། །ཞེས་པ་རྩ་འགྲེལ་གྱི་དོན། རྟེན་འབྲེལ་གྱི་ཆོས་ལ་སྐྱེ་འགག་མེད་པར་ཤེས་པས། སྡུག་བསྔལ་དང་ཀུན་འབྱུང་དང་ལམ་གསུམ་གྱི་རང་བཞིན་ཡང་སྐྱེ་འགག་མེད་པར་རྟོགས་ལ། རང་བཞིན་དེ་ཡང་འགོག་པའི་རང་བཞིན་ཡིན་པས་བདེན་པ་བཞིའི་རང་བཞིན་ཅིག་ཆར་རྟོགས་ཀྱིས། ཆོས་ཤེས་ཀྱི་མཇུག་ཏུ་རྟོགས་པའི་རྣམ་པ་མི་འདྲ་བའི་ཚུལ་གྱིས་རིམ་ཅན་དུ་རྟོགས་པ་མིན་ནོ། །དེའི་ཕྱིར་མངོན་རྟོགས་གཅིག་ཏུ་ཟད་དོ། །འོན་ཀྱང་སྐད་ཅིག་བཅོ་ལྔའམ་བཅུ་དྲུག་ཏུ་བཞག་པ་ནི་སྤྲོས་པ་ལ་དགའ་བ་རྣམས་ལ་ཕན་གདག་པའི་ཕྱིར་བཞག་སྟེ། བདེན་བཞིའི་རང་བཞིན་ལ་མི་སྐྲག་པ་ཆོས་བཟོད། ཚུལ་བཞིན་དུ་རིག་པས་ཆོས་ཤེས། རྗེས་ཤེས་ཀྱི་ཚེ་ཡང་དེ་ལྟར་མི་སྐྲག་ཅིང་རིག་པའི་ནུས་པ་དང་ལྡན་པས་རྗེས་བཟོད་དང་རྗེས་ཤེས་སོ་ཞེས་བཞེད་དོ། །བསྡུ་བ་ལས་ནི། བསྟན་པ་གནས་པ་རྒྱས་པ་དང་སྤྲོས་པ་དང་བཅས་པའི་རྣམ་བཞག་དང་། དོན་དམ་པ་རྣམ་པར་བཞག་པ་སོ་སོ་རང་རིག་སྤྲོས་པ་མེད་པའོ། །དེ་ལ་རྣམ་པར་བཞག་པ་དང་པོའི་དབང་དུ་བྱས་ནས། ཆོས་ཤེས་ཀྱི་ཕྱོགས་མཐུན་ཆོས་བཟོད་བཞི་དང་། རྗེས་ཤེས་ཀྱི་ཕྱོགས་མཐུན་རྗེས་བཟོད་བཞི་སྟེ་བརྒྱད་དང་། ཞི་གནས་ཀྱི་སེམས་གཅིག་སྟེ་དགུས་ཞེས་འབྱུང་ཡང་ཤེས་པ་ཡོད་པས་བཅུ་དྲུག་གི་རྣམ་བཞག་དང་། རྣམ་བཞག་གཉིས་པའི་དབང་དུ་བྱས་ན་དེ་བཞིན་ཉིད་ཀྱི་ཡུལ་ཅན་གྱི་སེམས་གཅིག་གིས་རྫོགས་པར་བཤད་ཅིང་། དེ་ཡང་དང་པོ་བསྟན་པ་གནས་པའི་ཕྱིར་གདུལ་བྱའི་ངོར་བཤད་པ་སྤྲོས་བཅས་དང་། གཉིས་པ་ནི་རྣལ་འབྱོར་པའི་རྒྱུད་ལ་སྐྱེ་བའི་ཚུལ་ངེས་དོན་སྤྲོས་མེད་ཀྱི་རྣམ་བཞག་ཏུ་མཛད་ཅིང་། ཀུན་བཏུས་འགྲེལ་པ་ལས་ཀྱང་བཅུ་དྲུག་ཏུ་བཤད་པ་རྣམ་བཞག་ཙམ་དུ་མཛད་དོ། །དེ་ལྟར་ན་རེ་ཞིག་ཕྱི་མའི་བཞེད་པ་སྔར་བཤད་པའི་སློབ་དཔོན་གྱི་དགོངས་པ་དང་གཅིག་ཏུ་བྱས་ནས་ཁས་བླང་ན་རེ་ཞིག་ལ་བསྐྱང་བ་དེའོ། །གཉིས་པ་སྒོམ་ལམ་ལ་གཉིས། སྒོམ་ལམ་གྱི་བྱེད་པ་དང་། བྱེད་པ་ཅན་གྱི་སྒོམ་ལམ་མོ། །དང་པོ་སྒོམ་ལམ་བྱེད་པ་ནི་རྣམ་པ་དྲུག་སྟེ། ཡོངས་སུ་དུལ་བ་དང་ང་རྒྱལ་མ་མཆིས་པས་ཀུན་ནས་ཞི་བ་དང་། དེ་ཉིད་ཁྱད་ཞུགས་པར་ཐོས་པས་ཐམས་ཅད་ལ་འདུད་པ་དང་། བདག་དང་གཞན་གྱི་ཉོན་མོངས་པའི་མཚོན་ཆ་བཅོམ་པས་ཉོན་མོངས་ལས་རྒྱལ་བ་དང་། དེ་ལ་ལ་ལ་ཞིག་གིས་དུག་གཏོར་རམ། བྱད་བྱས་སམ། མེའི་འོབས་སུ་གཏོར་རམ། མཚོན་གྱིས་བཏབ་བམ། དུག་བླུད་དམ། ཆུར་བོར་ཡང་རུང་སྟེ་དེ་དག་གིས་གནོད་པར་མི་འགྱུར་བས་གནོད་པས་རྫི་བ་མེད་པ་དང་། བླ་མེད་རྫོགས་བྱང་ཐོབ་ནས་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་རྣམ་པར་ལྟ་བ་བྱང་ཆུབ་དང་། གང་དུ་གནས་པའི་སའི་ཕྱོགས་དེ་སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་དུ་འགྱུར་བར་བྱས་པ་རྟེན་མཆོད་དང་དྲུག་གོ །འདི་སྒོམ་ལམ་གྱི་སྔོན་དུ་བསྟན་པ་ནི། བརྗོད་བྱ་ཉུང་བ་དང་། བྲོད་པ་བསྐྱེད་ནས་སྒོམ་ལམ་ལ་གཞུག་པའི་ཕྱིར་རོ། །གཉིས་པ་བྱེད་པ་ཅན་གྱི་སྒོམ་ལམ་ལ་གཉིས། ཟག་བཅས་དང་ཟག་མེད་དོ། །དེ་གཉིས་ཀྱི་ཁྱད་པར་ནི། གཉིས་སྣང་གི་རྟོག་པ་དང་བཅས་པའི་རྗེས་ཐོབ་དང་། དེ་མེད་པའི་མཉམ་གཞག་ལ་བཞེད་དོ། །དང་པོ་ཟག་བཅས་སྒོམ་ལམ་ལ་གསུམ། ཟག་བཅས་སྒོམ་ལམ་གྱི་དབྱེ་བ། ཕྱེ་བ་སོ་སོའི་རང་བཞིན། བྱེད་ལས་ཀྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་དབྱེ་བ་ལ་དབྱེ་བ་དངོས་དང་ས་མཚམས་བསྟན་པའོ། །དང་པོ་ལ་དབྱེ་བ་དངོས་ནི། ཟག་བཅས་སྒོམ་ལམ་ལ་དབྱེ་ན་གསུམ་སྟེ། མོས་པ། བསྔོ་བ། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་གསུམ་མོ། །དེ་ལྟར་འབྱེད་པའི་རྒྱུ་མཚན་ནི། དགེ་རྩ་གསོག་པ་དང་། མི་ཟད་པ་དང་། འཕེལ་བར་བྱེད་པ་ཡིན་ནོ། །ཤེར་འབྱུང་གིས་སྦྱོར་དངོས་རྗེས་གསུམ་གྱི་དབྱེ་བར་འདོད་དོ། །འདི་གསུམ་དངོས་པོ་ཐ་དད་དེ། འཛིན་སྟངས་ཐ་དད་པས་ཕྱེ་བའི་ཕྱིར་རོ། །གཉིས་པ་ས་མཚམས་ནི། མོས་པ་རྣམ་པ་གསུམ་ནི། ས་བདུན་པའི་བར་དུ་ཉོན་ཡིད་འཇུག་པས་བདག་ཏུ་ང་རྒྱལ་བའི་ས་བོན་མ་ཟད་པས་རང་དོན་མོས་པ་དང་། བརྒྱད་པར་རང་དོན་དུ་ཞི་བ་ལ་གནས་པ་ན་སླར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གཞན་དོན་དུ་བསླངས་ནས་རང་གཞན་གཉིས་ཀའི་དོན་དང་། བཅུ་པར་རྗེས་ཐོབ་གཞན་དོན་གྱི་མཛད་པ་སངས་རྒྱས་དང་མཚུངས་པས་གཞན་དོན་མོས་པའོ། །བསྔོ་བ་དང་ཡི་རང་གཉིས་ནི་ས་དགུ་ཀ་ལ་བཞག་གོ ། གཉིས་པ་ཕྱེ་བ་སོ་སོའི་རང་བཞིན་ལ་གསུམ། མོས་པ། བསྔོ་བ། ཡི་རང་ངོ་། །དང་པོ་མོས་པ་ལ་གཉིས། དངོས་དང་ཕན་ཡོན་ནོ། །དང་པོ་མོས་པ་དངོས་ལ་བཞི། མོས་པའི་ཡུལ། མོས་པའི་ངོ་བོ། མོས་པའི་རྒྱུ། མོས་པའི་བྱེད་ལས་སོ། །དང་པོ་མོས་ཡུལ་ནི། རྒྱན་སྣང་ལས་གཞུང་ལམ་འབྲས་བུ་ཤེར་ཕྱིན་གསུམ་ཀ་ལ་བཤད་ཅིང་། དག་ལྡན་ལས། གཞུང་གི་ཡུམ་འདྲི་ཀློག་བྱེད་པ་དང་། མེ་ཏོག་སོགས་ཀྱིས་མཆོད་པ་ལ་མོས་པས་དེ་མོས་ཡུལ་དུ་འཆད་དོ། ། གཉིས་པ་ངོ་བོ་ལ་སྤྱིའི་ངོ་བོ་ནི། ཚིགས་གསལ་ལས། ངེས་པར་བྱ་བའི་དངོས་པོ་ལ་ངེས་པར་འཛིན་པའོ། །ཞེས་ཀུན་བཏུས་ལས་སེམས་བྱུང་མོས་པ་བཤད་པ་དང་གཅིག་ཏུ་ངོས་བཟུང་ཞིང་། དག་ལྡན་ལས། མོས་པ་ནི་དད་པ་དང་འདུན་པ་སྟེ་ཡིད་ཆེས་པ་དང་འདོད་པའི་མཚན་ཉིད་དོ། །ཞེས་ཡིད་ཆེས་ཀྱི་དད་པ་དང་། ཡུལ་དེ་འདོད་པ་ལ་བཤད་དོ། །བྱེ་བྲག་གི་ངོ་བོ་ནི། ཉི་སྣང་ལས། རང་གི་དོན་གྱི་མོས་པ་ནི་གང་གིས་རང་གི་དོན་ཉིད་སྒྲུབ་པར་བྱེད་ཅིང་། གཞན་གྱི་དོན་ཡང་ཆེད་དུ་བྱ་བའི་རང་བཞིན་ཅན་གྱི་བྱེད་པའོ། །རང་དང་གཞན་གྱི་དོན་ནི་གང་གིས་གཉིས་ཀའི་དོན་སྒྲུབ་པའོ། །གཞན་གྱི་དོན་ནི་གཞན་ཁོ་ནའི་དོན་དུ་འགྱུར་བ་སྟེ། ཞེས་བསམ་པ་གཞན་དོན་དང་མ་བྲལ་ཡང་སྦྱོར་བའི་ཁྱད་པར་དང་། གཉིས་པ་ལ་ནི་སྦྱོར་བ་བར་ཆད་དང་བཅས་པ་དང་། གསུམ་པ་ལ་ནི་སྦྱོར་བ་བར་ཆད་མེད་པ་ཡིན་ནོ་ཞེས་སྦྱོར་བ་རྒྱུན་ལྡན་དུ་འཇུག་མི་འཇུག་གི་ཁྱད་པར་གསུངས་སོ། །གསུམ་པ་མོས་པའི་རྒྱུ་ནི། ལུང་རིགས་རྣམ་དག་གོ །བཞི་པ་བྱེད་ལས་ནི། སྔ་མ་ལྟར་ན་གྲུབ་མཐའ་ལ་ཐེ་ཚོམ་བཟློག་པ་ཡིན་ལ། ཕྱི་མ་ལྟར་ན་ཡིད་མི་ཆེས་པ་དང་། མི་འདོད་པ་བཟློག་ནས་ཡུམ་ལ་ངེས་ཤེས་དང་དོན་གཉེར་ཆེན་པོར་འགྱུར་བའོ། །གཉིས་པ་མོས་པའི་ཕན་ཡོན་ལ་གཉིས། ངོ་བོ་དང་དབྱེ་བའོ། །དང་པོ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མོས་བསྒོམ་མཁན་གྱི་ཡོན་ཏན་དོན་གནས་མ་ནོར་བ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཆ་དང་། དེ་ལྟར་ངེས་ནས་བརྗོད་པའི་མཚན་ཉིད་གཅམ་བུ་སྟེ་ངག་སྙན་པོའི་ངོ་བསྟོད་ཀྱི་ངོ་བོ་མ་ཡིན་པའོ། ། གཉིས་པ་རྩ་བའི་དབྱེ་བ་གསུམ་སྟེ། རང་དོན་མོས་པའི་སྐབས་སུ་བསྟོད་པ། གཉིས་དོན་མོས་པའི་སྐབས་སུ་བཀུར་བ། གཞན་དོན་མོས་པའི་སྐབས་སུ་བསྔགས་པའོ། །དེ་གསུམ་ནི། སྙིང་པོ་མཆོག་ཏུ། དེ་ལ་ཡོན་ཏན་བརྗོད་པ་ཆུང་ངུ་དང་། འབྲིང་དང་ཆེན་པོས་དབྱེ་ནས་བསྟོད་པ་དང་། བཀུར་བ་དང་། བསྔགས་པ་ཡིན་ནོ། །ཞེས་སོ། །གཉིས་པ་བསྔོ་བ་སྒོམ་ལམ་ལ་གསུམ། ཁྱད་པར་བྱེད་པ་ངོ་བོའི་དང་པོ་ཁྱད་པར་ནི། བྱང་སེམས་ཀྱི་དགེ་རྩ་སེམས་ཅན་ཀུན་དང་ཐུན་མོང་དུ་བྱས་ནས་བླ་མེད་བྱང་ཆུབ་ཏུ་མི་དམིགས་པའི་ཚུལ་གྱིས་བསྔོ་བ་སྟེ་སེམས་ཅན་ཐམས་ཅད་ཀྱི་དགེ་བ་དང་ཉན་རང་གི་དགེ་བ་ལས་རབ་ཏུ་གྱུར་པའོ། །གཉིས་པ་བྱེད་པ་ནི། སེམས་ཅན་རྣམས་ལ་ཐེག་གསུམ་གྱིས་ངེས་པར་འབྱུང་བའི་ལམ་སྟོན་པའི་རྒྱུར་གྱུར་པའོ། །གསུམ་པ་ངོ་བོ་ནི། རྒྱན་ལས། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པ་སྟེ། །ཞེས་པ་ལྟར་དགེ་རྩ་བྱང་ཆུབ་ཏུ་སྟོབས་པར་བྱེད་པའི་སེམས་པ་དང་། མི་ཟད་པར་འདོད་པའི་འདུན་པ་རྣམས་ཅི་རིགས་པ་སྟེ། རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱང་དགོས་སོ། །གསུམ་པ་ཡི་རང་སྒོམ་ལམ་ལ་གཉིས། གང་ལ་ཡི་རང་ན། དེ་བཞིན་གཤེགས་པ་རྣམས་སེམས་བསྐྱེད་ནས་སངས་རྒྱས་ཀྱི་བར་དང་། དེ་ནས་མྱ་ངན་འདས་ཀྱི་དང་། དེ་ནས་དམ་པའི་ཆོས་ནུབ་པར་གྱུར་པའི་བར་གྱི་དགེ་བ་དང་། སེམས་ཅན་རྣམས་ཐེག་གསུམ་གྱིས་སྨིན་པར་བྱས་པ་དང་། སློབ་མི་སློབ་ལ་སོགས་པར་རང་དང་གཞན་གྱི་འཇིག་རྟེན་ལས་འདས་མ་འདས་ཀྱི་དགེ་བ་ཐམས་ཅད་དོ། །ཚུལ་ཇི་ལྟར་ཡི་རང་ན། ཀུན་རྫོབ་ཏུ་ཐབས་མཁས་ཀྱིས་སྒྱུ་མ་ལྟ་བུར་དམིགས་ནས་དང་། དོན་དམ་པར་ཤེས་རབ་ཀྱིས་ཅིར་ཡང་མི་དམིགས་པར་རྟོགས་པ་ཉིད་ཀྱིས་སོ། །གསུམ་པ་བྱེད་ལས་ཀྱི་སྒོ་ནས་དོན་བསྡུ་བ་ནི། ཟག་བཅས་སྒོམ་ལམ་གསུམ་ཡོད་པ་དེའི་ནང་ནས་མོས་པ་ཡིད་ལ་བྱེད་པས་ནི། བསོད་ནམས་དུ་མ་མངོན་པར་འདུ་བྱེད་པ་སྟེ། མདོ་ལས། བསམ་མི་ཁྱབ་ལ་དད་རྣམས་ཀྱི། ། རྣམ་པར་སྨིན་པའང་བསམ་མི་ཁྱབ། །ཅེས་པ་ལྟར་ཡུལ་བླ་ན་མེད་པ་ལ་ཡིད་ཆེས་པའི་དད་པའོ། །འདུ་བྱེད་པའི་དཔེ་ནི། གསེར་གྱི་འབྱུང་ཁུང་དག་ནས་གསེར་གྱི་གར་བུ་འབྱུང་བ་བཞིན་དུའོ། །བསྔོ་བ་ཡིད་ལ་བྱེད་པས་ནི་མོས་པས་བསྐྲུན་པའི་དགེ་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡན་ལག་སྟེ་རྒྱུར་བྱེད་དེ། ཤེས་རབ་དང་སྙིང་རྗེས་དགེ་རྩ་རྣམས་རྫོགས་བྱང་དུ་སྟོབ་པའོ། །རྒྱུར་སྒྱུར་བའི་དཔེ་ནི། གསེར་མགར་གྱི་གསེར་སྒྲོམ་སྐྱེས་བུའི་རྣ་རྒྱན་སོགས་སུ་སྒྱུར་བ་བཞིན་དུའོ། །རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པས་ནི། ཡི་རང་སྒོམ་པ་པོར་རང་དང་དགེ་བ་སྒྲུབ་པ་པོ་གཞན་གྱི་བསོད་ནམས་བྱ་བ་མཉམ་པ་ཉིད་འཐོབ་སྟེ། ཕྲག་དོག་ཟད་པའི་སྒོ་ནས་གཞན་གྱིས་བྱས་པ་ལ་རང་གིས་བྱས་པ་ལྟར་གྱི་དགའ་བ་སྒོམ་པས་སོ། ། དེ་ཡང་བློ་མཉམ་ན་མཉམ་པོ་དང་། མི་མཉམ་ན་ཡང་དེ་ལྟར་འཐོབ་ཅེས་འཆད་དོ། །འདིར་བསྔོ་བ་གོང་དང་། སྡུད་པར་ཡི་རང་གོང་དུ་བསྟན་པ་ནི། བསྔོས་པའི་དགེ་བ་ཡི་རང་གིས་སྤེལ་བ་དང་། ཡི་རང་གི་དགེ་བ་བསྔོ་བ་གཉིས་ཕན་ཚུན་མཚོན་པར་འཆད་དོ། གཉིས་པ་ཟག་མེད་སྒོམ་ལམ་ལ་གཉིས། སྒྲུབ་པ་སྒོམ་ལམ་དང་། རྣམ་དག་སྒོམ་ལམ་མོ། །འདི་གཉིས་ཀྱི་ཁྱད་ནི། མཉམ་གཞག་ཟག་མེད་གཅིག་ཉིད་ཡུལ་རྟོགས་ཚུལ་གྱི་སྒོ་ནས་ཐོབ་བྱ་འགྲུབ་པར་བྱེད་པ་དང་། སྤང་བྱ་འཇོམས་ཚུལ་གྱི་སྒོ་ནས་དྲི་མ་སེལ་བར་བཤད་པ་གཉིས་ཀྱིས་ལྡོག་པ་ནས་བསྟན་པས་འདི་གཉིས་དངོས་པོ་ཐ་དད་པར་མི་བསམ་མོ། །དང་པོ་སྒྲུབ་པ་སྒོམ་ལམ་ལ་གཉིས། གང་གིས་སྒྲུབ་བྱེད་ཀྱི་རང་བཞིན་དང་། གང་བསྒྲུབ་བྱ་ལ་ལྟོས་པའི་ནུས་པའོ། །དང་པོ་ནི། ངོ་བོའི་ཁྱད་པར། ཆོས་ཐམས་ཅད་ལ་ཕྱིན་ཅི་མ་ལོག་པའི་སྤྲོས་བྲལ་མངོན་སུམ་དུ་མཐོང་བ། ཁྱད་དུ་འཕགས་པའི་ཁྱད་པར་དམུས་ལོང་དམིགས་བུ་མེད་པ་དུ་མ་ཡོད་ཀྱང་གྲོང་དུ་འཇུག་མི་ནུས་པ་ལྟར། འདིས་མ་ཟིན་ན་ཕར་ཕྱིན་གཞན་ནམ་ཟག་བཅས་ཀྱིས་སངས་རྒྱས་ཐོབ་མི་ནུས་པས་འདིས་ཕར་ཕྱིན་གཞན་ཐམས་ཅད་ཟིལ་གྱིས་གནོན་པ། རྣམ་པའི་ཁྱད་པར་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་སྐྱེ་འཇིག་དང་དམིགས་པ་མེད་པར་རྟོགས་ནས་སྒྲུབ་པ་གསུམ་མོ། །གཉིས་པ་བསྒྲུབ་བྱ་ལ་ལྟོས་པའི་ནུས་པ་ནི། གནས་སྐབས་རྣལ་འབྱོར་པའི་རྒྱུད་ལ་ལམ་གྱི་ཡོན་ཏན་ཐམས་ཅད་མཚན་མར་མི་དམིགས་པའི་ཚུལ་གྱིས་སྐྱེད་པ་དང་། མཐར་ཐུག་ཐོབ་བྱའི་དོན་འབྲས་བུ་ཆེན་པོ་སངས་རྒྱས་ཉིད་ཐོབ་པར་བྱེད་པའོ། །གཉིས་པ་རྣམ་དག་སྒོམ་ལམ་ལ་གཉིས། རྣམ་དག་གི་རྒྱུ་དང་། རྣམ་དག་དངོས་སོ། །དང་པོ་རྒྱུ་ལ་ཡང་གཉིས། སྐྱེ་བའི་རྒྱུ་དང་མི་སྐྱེ་བའི་རྒྱུའོ། །དང་པོ་སྐྱེ་བའི་རྒྱུ་ནི་གསུམ་སྟེ། སངས་རྒྱས་གྲངས་མེད་པ་ཡུན་རིང་པོར་བསྙེན་བཀུར་བའི་སྒོ་ནས་མཉེས་པར་བྱས་པ་དང་། སྦྱིན་སོགས་ཕར་ཕྱིན་རྣམས་རྫོགས་པར་བྱེད་པ་དང་། ཕྱིན་དྲུག་སྒྲུབ་པའི་ཚེ་མི་དམིགས་སྤྲོས་བྲལ་གྱི་ཞི་གནས་སྒོམ་པ་ལ་མཁས་པ་དང་གསུམ་མོ། །གཉིས་པ་མི་སྐྱེ་བའི་རྒྱུ་ནི་བཞི་སྟེ། སྔོན་དགེ་རྩ་མ་བསགས་པས་བདུད་ཀྱིས་གནོད་པ་བྱས་པ་དང་། ཐེག་ཆེན་གྱི་རིགས་མ་སྦྱངས་པས་ཆོས་ཟབ་མོ་སྤྲོས་བྲལ་ལ་མི་མོས་པ་དང་། ཆོས་བདག་མེད་པའི་དོན་ལ་མ་གོམས་པས་ཕུང་སོགས་དངོས་པོར་འཛིན་པ་དང་། དགེ་བའི་བཤེས་གཉེན་ལ་འདྲིས་པར་མ་བྱས་པས་སྡིག་གྲོགས་ཀྱི་དབང་དུ་སོང་བའོ། ། གཉིས་པ་རྣམ་དག་དངོས་ལ། རྣམ་དག་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི་མདོ་ལས། རབ་འབྱོར་གཞན་ཡང་གཟུགས་རྣམ་པར་དག་པ་དེ་ནི་འབྲས་བུ་རྣམ་པར་དག་པ་ཉིད་དོ། །འབྲས་བུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དེ་ནི་གཟུགས་རྣམ་པར་དག་པ་སྟེ། དེ་ལྟར་ན་གཟུགས་རྣམ་པར་དག་པ་དང་། འབྲས་བུ་རྣམ་པར་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་འདི་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་ཐ་མི་དད་ཅིང་གཅད་དུ་མེད་པའོ། །ཞེས་གསུངས་ཏེ། འདི་ལ་གསུམ། ཆོས་ཅན་དག་གཞི་གསུམ་གྱི་ངོ་བོ། བསྒྲུབ་བྱ་དག་པ་གསུམ་གཅིག་ཡིན་པ། སྒྲུབ་བྱེད་གཉིས་མེད་སོགས་བཞིར་ཕྱེ་བའི་དོན་བཤད་པའོ། །དང་པོ་ཆོས་ཅན་དག་གཞི་གསུམ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྒོམ་པའི་ལམ་མོ། །དེའི་འབྲས་བུ་ནི་བར་ཆད་མེད་ལམ་གྱི་འབྲས་བུ་རྣམ་གྲོལ་ལམ་མོ། །གཟུགས་ལ་སོགས་པ་ནི་བསྒོམ་པའི་ལམ་གྱི་དམིགས་པའམ་ཡུལ་ལོ། །གཉིས་པ་དེ་གསུམ་གྱི་དག་པ་གཅིག་ཡིན་ཚུལ་ནི། ཡུལ་ལ་ཞེན་པ་སྐྱེ་བ་དེ་སྲིད་དུ་མ་དག་པར་འཇོག་ལ་གང་གི་ཚེ་གཉེན་པོས་ཞེན་པ་སྤངས་པ་དེའི་ཚེ་དག་བྱའི་དྲི་མ་གཅིག་ལས་མེད་པས་ཡུལ་ཡུལ་ཅན་གཉིས་ཀ་ཡང་དྲི་མ་དེ་མི་སྐྱེ་བའི་དག་པ་ཡིན་མིན་དུ་ཁྱད་པར་མེད་པའོ། །གསུམ་པ་སྒྲུབ་བྱེད་གཉིས་མེད་སོགས་བཞི་ནི། གཉིས་མེད་ནི་གཟུང་འཛིན་གཉིས་སུ་མེད་པའོ། །གཉིས་སུ་བྱར་མེད་པ་ནི་ལྡེམ་པོར་དགོངས་པས་གཉིས་སུ་བྱར་མི་ནུས་པ་སྟེ་བློས་ཀྱང་གཟུང་འཛིན་གཉིས་སུ་བྱར་མི་ནུས་པའོ། །དབྱེར་མེད་པའམ་ཐ་མི་དད་པ་ནི་རང་བཞིན་མི་འདྲ་བ་དུ་མ་མེད་པའོ། །གཅད་དུ་མེད་པ་ནི་ཡན་ལག་གམ་ཆ་ཤས་དུ་མ་མེད་པའོ། །ཡང་ན་སྔ་མ་གཉིས་ཀྱིས་བསྟན་ནས་ཕྱི་མ་གཉིས་ཀྱིས་བཤད་པའོ། ། གཉིས་པ་རྣམ་དག་བྱེ་བྲག་ཏུ་བཤད་པ་ལ་གཉིས། ལམ་གྱི་དབྱེ་བ་དངོས་དང་། མཐར་ཐུག་ལམ་གྱི་ཁྱད་པར་རོ། །དང་པོ་དབྱེ་བ་དངོས་ནི་བཞི་སྟེ། ཉོན་མོངས་པའི་སྒྲིབ་པ་ཉམས་པ་ཉན་ཐོས་ཀྱི་དག་པ་དང་། ཤེས་སྒྲིབ་ཀྱི་ཕྱོགས་གཅིག་གཟུང་རྟོག་ཉམས་པར་རང་རྒྱལ་གྱི་དག་པ་དང་། དེ་གཉིས་དང་འཛིན་རྟོག་སྟེ་ལམ་གསུམ་གྱི་སྒྲིབ་པ་དག་པ་བྱང་སེམས་ཀྱི་དག་པ་དང་། སྒྲིབ་པའི་རྣམ་པ་ཀུན་གྱིས་དག་པ་སངས་རྒྱས་ཀྱི་དག་པ་སྟེ་ཤིན་ཏུ་བའམ་ཕུལ་དུ་བྱུང་བའི་དག་པའོ། །གཉིས་པ་མཐར་ཐུག་ལམ་གྱི་ཁྱད་པར་ནི། ཉན་རང་སངས་རྒྱས་གསུམ་ཡང་རང་རང་གི་ལམ་མཐར་ཐུག་པར་མཚུངས་པ་ཡིན་ན་དེ་ལས་སངས་རྒྱས་ཀྱི་རྣམ་དག་རྣམ་ཀུན་ཤིན་ཏུ་བ་དང་། ཉན་རང་གི་རྣམ་དག་ཉི་ཚེ་བར་བཤད་པ་དེའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་ནི་ལམ་གྱི་ཁྱད་པར་གྱིས་ཡིན་ཏེ། ས་དགུ་ལ་བརྟེན་པའི་མི་མཐུན་ཕྱོགས་སྒོམ་སྤང་དགུའི་གཉེན་པོར་ཐེག་ཆེན་གྱི་སྒོམ་ལམ་དགུ་ནི་སྒོམ་སྤང་གི་དྲི་མ་མ་ལུས་པ་དག་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བ་ཡིན་ཏེ། རྒྱུ་དེ་དྲི་མ་མཐའ་དག་དག་བྱེད་ཡིན་ན། འབྲས་བུ་དེ་དྲི་མ་མ་ལུས་པ་ལས་གྲོལ་དགོས་པས་སོ། །སྤང་བྱ་དེའི་གཉེན་པོ་ཉན་རང་གི་སྒོམ་ལམ་ཆུང་འབྲིང་དགུ་ནི་རྣམ་པ་ཐམས་ཅད་པའི་ཅིག་ཤོས་ཉོན་སྒྲིབ་ཙམ་དང་། དེ་དང་གཟུང་རྟོག་ཙམ་གྱི་དྲི་མ་ཕྱོགས་རེ་བ་རྣམ་པར་དག་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར་ཉན་རང་གི་རྣམ་དག་ཉི་ཚེ་བ་ཡིན་ཏེ་རྒྱུ་དེ་དྲི་མ་ཉི་ཚེ་བའི་གཉེན་པོ་ཡིན་ན་དེས་ཐོབ་པའི་འབྲས་བུ་ཡང་དྲི་མ་ཕྱོགས་རེ་ཙམ་ལས་གྲོལ་བ་ཡིན་པས་སོ། །འདིའི་སྐབས་སུ་སྤང་བྱ་དང་གཉེན་པོ་གཉིས་ཀའི་རྟེན་ལས་དགུ་སྟེ། དེ་ཡང་སྤང་བྱའི་རྟེན་ནི་ཁམས་གསུམ་གྱི་ས་དགུ་ཡིན་ལ། གཉེན་པོའི་རྟེན་ལ་མི་འདྲ་བ་གཉིས་ཏེ། མངོན་པ་ལས་ནི། སྲིད་རྩེ་ཆེས་མི་གསལ་བ་དང་། འདོད་པ་ཆེས་མ་ཞི་བ་ཡིན་པས་དེ་གཉིས་ལ་ཟག་མེད་མི་རྟེན་ཏེ་བསམ་གཏན་ས་དྲུག་གཟུགས་མེད་དང་པོ་གསུམ་དང་དགུ་ཟག་མེད་ཀྱི་རྟེན་དུ་འདོད་པ་དང་། གཞན་དག་དེ་ནི་ཉན་ཐོས་ཐབས་ལ་མི་མཁས་པའི་དབང་དུ་བྱས་པ་ཡིན་གྱིས་བྱང་སེམས་ནི་ཐབས་ལ་མཁས་པས་འདོད་པ་དང་སྲིད་རྩེ་ལ་ཡང་ཟག་མེད་བརྟེན་པས་འདོད་པ་སོགས་ས་དགུའོ། །ཞེས་གསུངས་སོ། །གང་ལྟར་ཡང་དེ་ནི་སྒོམ་ལམ་གྱི་སེམས་རྟེན་ཡིན་ལ། ལུས་རྟེན་ནི་མ་སྐྱེས་པ་སྐྱེ་བའི་རྟེན་ལ་འདོད་པའི་ལྷ་མི་དགོས་ལ། སྐྱེས་ཟིན་གནས་པའི་རྟེན་ལ་བྱང་སེམས་འཕགས་པ་གཟུགས་མེད་དུ་མི་སྐྱེ་བས་འདོད་གཟུགས་ཀྱི་རྟེན་དང་ཉན་ཐོས་ལ་ནི་ཁམས་གསུམ་ཀའི་རྟེན་ཅན་ནོ། །འོན་ཀྱང་འདིར་བཤད་པའི་ས་དགུ་ནི་སྤང་བྱ་སྤོང་བའི་རྟེན་ལ་བཤད་ན་འགྲིག་གོ །ཞེན་མེད་ཐེག་གསུམ་ལམ་བཟང་ཉན་བསམ་བསྒོམ། །ཞེན་མེད་ཐེག་གསུམ་ལམ་བཟང་འགྲོ་ཀུན་ལ། །བསྟན་ནས་བྱང་ཆུབ་གསུམ་ལ་ལེགས་བཀོད་པ། །རྒྱལ་སྲས་ལག་ལེན་ཡིན་ཞེས་འདིར་བཤད་དོ། །ལམ་ཐམས་ཅད་ཤེས་པ་ཉིད་ཀྱི་སྤྱི་དོན་བཤད་པའི་སྐབས་ཏེ་གཉིས་པའོ།། །། ༈ གསུམ་པ་སྤང་བྱ་གཞི་ཤེས་ཀྱི་ཡན་ལག་རྒྱས་པར་བཤད་པ་ལ་དྲུག །གཞི་ཤེས་ཀྱི་རང་བཞིན། ཉེ་རིང་དུ་འཇོག་པའི་རྒྱུ་མཚན། སྤང་བྱ་དང་གཉེན་པོའི་རབ་དབྱེ། ཇི་ལྟར་ཉམས་སུ་ལེན་པའི་ཚུལ། དེ་ལྟར་ཉམས་སུ་བླངས་པའི་འབྲས་བུ། མཁྱེན་པ་གསུམ་གྱི་མཇུག་བསྡུ་བའོ། །དང་པོ་གཞི་ཤེས་ཀྱི་རང་བཞིན་ལ་གཉིས། རྗེས་འགྲོའི་སྒོ་ནས་བསྟན་པ་ཐེག་ཆེན་གཞི་ཤེས་དང་། ལྡོག་པའི་སྒོ་ནས་བསྟན་པ་ཐེག་དམན་གཞི་ཤེས་སོ། །དང་པོ་ཐེག་ཆེན་གཞི་ཤེས་ནི། སྲིད་པ་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱིས་དེར་མཐའ་གཅིག་ཏུ་གནས་པའི་ཉེས་དམིགས་མཐོང་བ་དང་། སེམས་ཅན་མ་ལུས་པ་ལ་དམིགས་པའི་སྙིང་རྗེས་གཞན་དོན་བྱེད་པ་དང་། ཆོས་རྣམས་མཉམ་པ་ཉིད་དུ་རྟོགས་པས། ཡང་དག་པའི་ཡུམ་ལ་ཉེ་བའི་གཞི་ཤེས་སོ། །གཉིས་པ་ལྡོག་པ་ཐེག་དམན་གྱི་གཞི་ཤེས་ནི། གཞན་དོན་བྱེད་པའི་སྙིང་བརྩེ་བ་དང་། རང་བཞིན་མེད་རྟོགས་ཀྱི་ཤེས་རབ་དང་བྲལ་ཞིང་། དུས་གསུམ་མཉམ་ཉིད་དུ་ཤེས་པ་མེད་པས་ཡང་དག་པའི་ཡུམ་དང་རིང་བར་གྱུར་བའི་གཞི་ཤེས་སོ། །གཉིས་པ་ཉེ་རིང་དུ་འཇོག་པའི་རྒྱུ་མཚན་ནི། དེ་ལྟར་དུས་གསུམ་མཉམ་པ་ཉིད་དུ་རྟོགས་པ་ཡོད་མེད་ཀྱིས་ཡུམ་ལ་ཉེ་རིང་དུ་འཇོག་པ་མི་འཐད་པར་ཐལ། ཉན་རང་ལ་ཡང་གཞི་རྟེན་འབྲེལ་གྱི་དོན་རྟོགས་པ་ཡོད་པ་ཡིན་ལ། རྟེན་འབྲེལ་དེ་ཡང་སྟོང་ཉིད་ཀྱི་རང་བཞིན་དུ་ཐེག་ཆེན་གྱི་གཞུང་ལས་བསྟན་པའི་ཕྱིར། རྟེན་འབྲེལ་རྟོགས་ན་སྤྲོས་བྲལ་ལམ་མཉམ་ཉིད་རྟོགས་པར་གྲུབ་བོ་ཞེ་ན། ཡུལ་རྟེན་འབྲེལ་གྱི་རང་བཞིན་དེ་ཉིད་སྟོང་ཉིད་ཡིན་པ་བདེན་ཡང་། བློས་དེ་ལྟར་རྟོགས་མ་རྟོགས་ཀྱི་ཁྱད་ཡོད་དེ། ཉན་རང་རྣམས་ཕྱིའི་རྐྱེན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྟོན་པའི་དགེ་བའི་བཤེས་གྲོགས་དང་། ནང་གི་རྐྱེན་ཐབས་ལ་མཁས་པ་དང་བྲལ་བས་གཟུགས་སོགས་རྟེན་འབྲེལ་གྱི་ཆོས་ལ་བདེན་པར་ཞེན་པས་ཆོས་རྣམས་མཉམ་པ་ཉིད་དུ་རྟོགས་པ་མེད་ལ། བྱང་སེམས་རྣམས་ནི། ཕྱིའི་རྐྱེན་ཐེག་ཆེན་དགེ་བའི་བཤེས་གཉེན་ཡང་དག་པར་མགུ་བར་བྱས་པའི་མན་ངག་ཕྱིན་ཅི་མ་ལོག་པ་དང་ལྡན་ཞིང་། ནང་གི་རྐྱེན་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ལ་བརྟེན་པའི་ཐོས་བསམ་སྒོམ་པའི་ཐབས་ལ་མཁས་པ་དང་ལྡན་པས་ཆོས་རྣམས་མཉམ་པ་ཉིད་དུ་རྟོགས་པའི་ཤེས་རབ་དང་ལྡན་པ་ཡིན་ནོ། །འདིའི་སྐབས་སུ་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་མ་རྟོགས་བཤད་པ་ལ་གཉིས། མདོ་དག་ནས་ཇི་ལྟར་གསུངས་པའི་ཚུལ་དང་། བསྟན་བཅོས་རྣམས་ནས་ཇི་ལྟར་བཀྲལ་བའོ། །དང་པོ་ལ་གཉིས་ལས། ཆོས་ཀྱི་བདག་མེད་མ་རྟོགས་པའི་ཚུལ་ནི། མྱང་འདས་དཔལ་ཕྲེང་། དགོངས་པ་ངེས་འགྲེལ་ལ་སོགས་པ་དུ་མ་ཞིག་ལས་གསུངས་ཏེ་འདི་ནི་གྲགས་ཆེ་བས་ཁུངས་སུ་མ་བྲིས་སོ། །གཉིས་པ་ཆོས་རང་བཞིན་མེད་པར་རྟོགས་པར་གསུངས་པ་ནི། ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ་དཔེར་ན་རྒྱལ་པོའི་རིགས་སུ་སྐྱེས་པའི་རྒྱལ་པོའི་བུ་མཚན་དང་ལྡན་པ་ནི། སྐྱེས་པ་ཙམ་གྱིས་རྒྱལ་པོའི་བྱིན་གྱིས་བློན་པོའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་གྱི་རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །ནམ་དེ་ནར་སོན་པར་གྱུར་པ་དེའི་ཚེ་རང་གི་བློའི་སྟོབས་སྐྱེད་པས་བློན་པོའི་བྱ་བ་ཐམས་ཅད་ལས་ནི་ཤིན་ཏུ་འདས་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་བསྐྱེད་མ་ཐག་ཏུ་ལྷག་པའི་བསམ་པའི་ཆེ་བ་ཉིད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་གྱི། རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ། །ཞེས་དང་། ཡུམ་ལས་ཀྱང་ཉན་ཐོས་ཀྱི་ས་ལ་བསླབ་པར་འདོད་པས་ཀྱང་ཡུམ་ལ་བསླབ་པར་བྱའོ་ཞེས་སོགས་གསུངས་པས་སོ། །དེ་ལ་དང་པོ་ནི་ས་བདུན་པ་མ་ཐོབ་བར་དུ་རྟོགས་པས་ཉན་རང་རྣམས་ཟིལ་གྱིས་གནོན་མི་ནུས་པར་གསུངས་པས་ཉན་རང་ལ་རང་བཞིན་མེད་རྟོགས་ཡོད་དེ། །གཞན་དུ་ན་དེས་ཅིའི་ཕྱིར་མི་གནོན། གཉིས་པས་ཀྱང་ཉན་རང་ལ་ཆོས་རང་བཞིན་མེད་རྟོགས་ཡོད་པར་བསྟན་ཏེ། ཡུམ་ཉིད་ཉན་རང་གི་བྱང་ཆུབ་ཀྱི་རྒྱུར་གསུངས་ཤིང་། རྟག་མི་རྟག་བདག་ཡོད་མེད་གང་དུ་ཞེན་ཡང་། ཡུམ་ལ་མི་སྤྱོད་པར་གསུངས་པས་སོ། །ཡུམ་ལས་ཉན་རང་གི་ཤེས་རབ་ཀྱིས་བྱང་སེམས་ཀྱི་ཤེས་རབ་ཉིན་གཅིག་བསྒོམས་པའི་ཆར་ཡང་མི་འགྲོ་བ་སོགས་གསུངས་པས་ཀྱང་མི་གནོད་དེ་དེའི་རྒྱུ་མཚན་དུ་སེམས་བསྐྱེད་ཀྱི་ཁྱད་པར་བསྟན་གྱི་ཤེས་རབ་ཀྱི་ཁྱད་པར་མ་བསྟན་པས་སོ། །ཉན་ཐོས་ལ་བསྟན་པའི་མདོ་ལས་ཀྱང་། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་བཞིན། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་པར་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། ། ཞེས་ཉན་ཐོས་ཀྱིས་ཉོན་སྒྲིབ་སྤང་བའི་ཕྱིར་དུ་བསྟན་ཏོ། །གཉིས་པ་ལ་གཉིས། མདོ་དང་པོ་དང་། གཉིས་པའི་རྗེས་འབྲང་ངོ་། །དང་པོ་ནི། མདོ་སྡེ་རྒྱན་ལས། ཆེར་འོས་སེམས་བསྐྱེད་སྤངས་པའི་སྐྱེ་བོ་དག །གཞན་དོན་སེམས་དང་དེ་ཡི་ཐབས་རྙེད་དང་། །དགོངས་ཆེན་དོན་དང་དེ་ཉིད་མཆོག་མཐོང་བའི། །བདེ་བ་དེ་སྤངས་ཞི་བར་འགྲོ་བར་འགྱུར། །ཞེས་ཐེག་ཆེན་སེམས་བསྐྱེད་སྤངས་པ་ལ་དེ་ཉིད་མཆོག་ཆོས་ཀྱི་བདག་མེད་མཐོང་བའི་བདེ་བ་དང་བྲལ་བར་གསུངས་ཤིང་། བྱམས་ཆོས་གཞན་ལས་ཀྱང་སྒྲས་ཟིན་ཚོད་ལ་རང་རྒྱལ་ལ་ཁྱད་པར་ཙམ་མ་གཏོགས་པ་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་པར་བཤད་པ་མེད་དོ། །དེའི་རྗེས་སུ་འབྲངས་ནས་ཐོགས་མེད་སྐུ་མཆེད་དང་། བློ་གྲོས་བརྟན་པ་ལ་སོགས་པའི་གཞུང་ན་ཡང་ཆོས་ཀྱི་བདག་མེད་ཉན་རང་གིས་རྟོགས་པར་བཤད་པ་མི་སྣང་ངོ་། །དབུ་མ་པའི་སློབ་དཔོན་ལ་ཡང་། སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད་དང་། ཞི་འཚོ་སློབ་དཔོན་དང་། འཕགས་སེང་རྗེས་འབྲང་དང་བཅས་པའི་ཕར་ཕྱིན་པ་རྣམས་ཀྱིས་ཉན་རང་གིས་ཆོས་ཀྱི་བདག་མེད་མ་རྟོགས་པར་གསུངས་ཏེ། ཕྱོགས་འདི་ལ་ནི། རྒྱ་བོད་ཀྱི་མཁས་པ་ཤིན་ཏུ་མང་ངོ་། །ཡུམ་གྱི་རྒྱན་འདི་ལས་ཉན་རང་གི་སྦྱོར་ལམ་གྱི་སྐབས་སུ་ཆོས་ཀྱི་བདག་མེད་ཀྱི་རྣམ་པ་ཅན་གསུངས་པ་ལྟར་སྣང་ཡང་སྤྱིའི་ཁོག་ལ་མི་འགྲིག་གོ །གཉིས་པ་ལ་གསུམ། སློབ་དཔོན་གྱི་ལུང་དགོད། ལུང་གི་དོན་བཤད། དེ་ལ་རྩོད་པ་སྤང་པའོ། །དང་པོ་ནི། རིག་པ་དྲུག་ཅུ་པ་ལས། དངོས་པོར་ཁས་ལེན་ཡོད་ན་ནི། །འདོད་ཆགས་ཞེ་སྡང་མི་བཟད་འབྱུང་། །ལྟ་བ་མ་རུང་ཡོངས་སུ་འཛིན། །དེ་ལས་འབྱུང་བའི་རྩོད་པར་འགྱུར། །དེ་ནི་ལྟ་བ་ཀུན་གྱི་རྒྱུ། །དེ་མེད་ཉོན་མོངས་མི་སྐྱེ་སྟེ། །དེ་བས་དེ་ནི་ཡོངས་ཤེས་ན། །ལྟ་དང་ཉོན་མོངས་ཡོངས་སུ་འབྱང་། ། གང་གིས་དེ་ཤེས་འགྱུར་ཞེ་ན། །རྟེན་ཅིང་འབྲེལ་འབྱུང་མཐོང་བ་སྟེ། །བརྟེན་ནས་སྐྱེ་བ་མ་སྐྱེས་ཞེས། །ཡང་དག་མཁྱེན་པའི་མཆོག་གིས་གསུངས། །ཞེས་དང་། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ལམ་གསུམ་ཐོག་མཐའ་དབུས་མེད་པ། །འཁོར་བའི་དཀྱིལ་འཁོར་འགལ་མེ་ཡི། །འཁོར་ལོ་ལྟ་བུ་ཕན་ཚུན་གྱི། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །དེ་ནི་རང་གཞན་གཉིས་ཀ་དང་། །དུས་གསུམ་ཉིད་དུ་མ་མཐོང་ཕྱིར། །ངར་འཛིན་པ་ནི་ཟད་པར་འགྱུར། །དེ་ནས་ལས་དང་སྐྱེ་བ་ཡང་། །ཞེས་སོ། །གཉིས་པ་ལུང་གི་དོན་བཤད་པ་ནི། དེ་ཡང་ལུང་སྔ་མས་དངོས་པོར་ཞེན་པ་ཡོད་ན་ཆགས་སོགས་རྣམས་འཇུག་པ་དང་། དེ་མེད་ན་དེ་དག་བཟློག་པར་གསུངས། ཕྱི་མས་དངོས་པོར་ཞེན་པ་ཡོད་ན་ངར་འཛིན་འཇིག་ལྟ་ཡོད་ལ། ཉོན་མོངས་དེ་ལས་དེས་བསླང་བའི་ལས་དང་། དེ་གཉིས་ལས་སྲིད་པར་སྐྱེ་བའི་རྗེས་འགྲོ་དང་། དེ་དག་བདག་གཞན་དང་དུས་གསུམ་གྱི་ངོ་བོར་མ་གྲུབ་པར་མཐོང་བས་ངར་འཛིན་སོགས་དེ་དག་ལྡོག་པར་གསུངས་བས་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་བསྟན་ཏེ། ཉན་རང་དགྲ་བཅོམ་ལ་འཇིག་ལྟ་དང་། ཆགས་སྡང་སོགས་མ་ལུས་པར་སྤངས་པ་དང་། ལས་ཉོན་གྱི་དབང་གིས་མི་སྐྱེ་བ་བཞེད་པའི་ཕྱིར། རིན་ཆེན་ཕྲེང་བ་ལས་གསུངས་པ་བྱང་སེམས་ཀྱི་དབང་དུ་བྱས་པར་ཡང་འཆད་མི་ནུས་ཏེ། དེ་ལས་སྔར་ལྟར་གསུངས་ཤིང་། ལེན་པ་མེད་པ་མྱ་ངན་ལས་འདའ་བ་བསྟན་པའི་མཐར། དེ་ལྟར་བྱང་ཆུབ་སེམས་དཔས་ཀྱང་། །མཐོང་ནས་བྱང་ཆུབ་ངེས་པར་འདོད། །ཅེས་སོ། །དེ་དག་གི་རྗེས་སུ་འབྲང་ནས་དཔལ་ལྡན་ཟླ་གྲགས། ཛ་ཡ་ཨཱ་ནནྟ། སློབ་དཔོན་ཞི་བ་ལྷ། ཤེར་འབྱུང་། དགེ་བའི་ལྷ། བི་མ་མི་ཏྲ་རྣམས་ཉན་རང་ལ་ཆོས་རང་བཞིན་མེད་རྟོགས་ཡོད་པར་བཞེད་དོ། ། གསུམ་པ་དེ་ལ་རྩོད་པ་སྤང་བ་ནི། འདིར་མདོ་དང་བྱམས་པས་ཉན་རང་གིས་ཆོས་བདག་མེད་པ་མ་རྟོགས་པར་གསུང་པ་དེ་ཇི་ལྟར་དྲང་ཞེ་ན། འོ་ན་ལུང་གཞན་ལས། ཁུར་ཁྱེར་བ་ཡི་གང་ཟག་ཡོད། །རྟག་གམ་མི་རྟག་བརྗོད་མི་བྱ། །ཞེས་བརྗོད་དུ་མེད་པའི་གང་ཟག་ཡོད་པར་གསུངས་པ་ཡང་ཇི་ལྟར་དྲང་། དེ་ནི་བདག་ཏུ་ལྟ་བ་ལ་མངོན་པར་ཞེན་པ་རྣམས་དྲང་བར་བྱ་བའི་ཕྱིར་གསུངས་པའི་དགོངས་པ་ཅན་ནོ་ཞེ་ན། འོ་ན་རང་བཞིན་མེད་པར་བསྟན་པ་ལ་སྐྲག་པའི་དོན་སྨྲ་བ་ལ་སོགས་པ་རྣམས་དྲང་བའི་དོན་དུ་རེ་ཞིག་མི་རྟག་སོགས་གང་ཟག་གི་བདག་མེད་ཀྱིས་གྲོལ་བར་གསུངས་སོ། །དེ་ལྟར་ན་ཉན་རང་ལ་མི་རྟག་སོགས་ཀྱི་ལམ་རྣམ་པར་བཞག་ནས་ཆོས་ཀྱི་བདག་མེད་མ་རྟོགས་པར་བསྟན་པའི་དགོངས་གཞི་ནི་ཆོས་ཀྱི་བདག་མེད་རྫོགས་པར་སྒོམ་པ་མེད་པའོ། །དགོས་པ་ནི་སྨྲས་ཟིན་ཏོ། །དངོས་ལ་གནོད་བྱེད་ནི། གལ་ཏེ་ཆོས་སུ་ཞེན་པ་དང་བཅས་པའི་མི་རྟག་སོགས་བཅུ་དྲུག་ལས་དེ་དག་ལ་ལམ་གཞན་མེད་ན། དེ་དག་གི་ཉོན་མོངས་པ་རྩད་ནས་སྤང་པ་དང་འཕགས་པ་མཚན་ཉིད་པར་ཁས་བླང་དུ་མི་རུང་སྟེ། ལམ་དང་ཉོན་མོངས་གཉིས་ཀ་དམིགས་ཡུལ་ཕུང་པོའི་ཆོས་གཅིག་ལ་དམིགས་ནས་དེའི་གནས་ལུགས་ལ་ལོག་པར་ཞུགས་པར་མཚུངས་པ་དང་། བདེན་བཞིའི་རང་བཞིན་ལས་བློ་གོལ་བའི་ཕྱིར་བདེན་པ་ཅི་ལྟ་བ་བཞིན་དུ་མཐོང་བ་མིན་པའི་ཕྱིར་རོ། །གཞན་ཡང་ཆགས་སོགས་ཉོན་མོངས་ནི་ཕུང་པོ་ལ་བདེན་འཛིན་གྱི་རྒྱུ་ཅན་ཡིན་ལ། དེ་དག་གིས་ཕུང་པོ་ལ་ཐམས་ཅད་དུ་བདེན་པར་འཛིན་ན་རྒྱུ་མ་ལོག་པས་འབྲས་བུ་མ་ལུས་པ་ཇི་ལྟར་ལྡོག །ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་ན་ཐེག་ཆེན་དང་ཁྱད་མེད་དུ་འགྱུར་རོ་ཞེ་ན། རིན་ཆེན་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་པས། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །ཞེས་ལན་མཛད་ཅིང་། ཆོས་ཀྱི་བདག་མེད་རྫོགས་པར་སྒོམ་པ་ཡང་མེད་དོ། །ཞེས་བཤད་དོ། །ཁྱད་པར་འདི་དག་ཤེས་ན་ཉན་རང་ལ་འཕགས་པ་མཚན་ཉིད་པའང་མི་འོང་གི་དོགས་པ་ཡང་ལྡོག་པར་འགྱུར་རོ། །གཞན་ཡང་འདི་དག་གི་མཉམ་གཞག་ན་མི་རྟག་སོགས་སུ་བདེན་ནོ་སྙམ་པའི་རྟོག་པ་མངོན་གྱུར་མེད་དེ། རྣལ་འབྱོར་མངོན་སུམ་ཡིན་པས་སྒྲ་རྟོག་དང་བྲལ་བའི་ཕྱིར་ཏེ་ཚད་མའི་མདོར། རྣམ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང་། །ཞེས་རྣལ་འབྱོར་མངོན་སུམ་གྱིས་བདེན་བཞིའི་ཆོས་རྣམས་མིང་དང་མ་འདྲེས་པར་ཡུལ་དུ་བྱེད་པར་གསུངས་པ་དང་། །ཀུན་བཏུས་ལས་ཀྱང་། འཇིག་རྟེན་ལས་འདས་པའི་ཤེས་པས་བདེན་པའི་རྣམ་པ་ལ་འཇུག་པ་ན་མི་རྟག་པའི་དོན་མཐོང་གི་མི་རྟག་པ་ཉིད་དོ་ཞེས་བྱ་བར་ནི་མ་ཡིན་ནོ། །མི་རྟག་པ་ཉིད་ལ་ཇི་ལྟ་བ་དེ་བཞིན་དུ་རྣམ་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་ནོ། །ཞེས་སོ། །གསུམ་པ་སྤང་བྱ་དང་གཉེན་པོའི་རབ་དབྱེ་ལ་གསུམ། གཞི་ལམ་དང་། སྤྱོད་པ་དང་། འབྲས་བུ་ལ་མཚན་འཛིན་གྱི་སྤང་གཉེན་ནོ། །དང་པོ་ལ་ཡང་སྤང་བྱ་དང་གཉེན་པོ་གཉིས། དང་པོ་སྤང་བྱ་ནི། གཞི་གཟུགས་ལ་སོགས་པ་ཕུང་པོའི་ཆོས་རྣམས་དང་། དུས་གསུམ་དུ་གཏོགས་པའི་ཆོས་ལ་མཚན་མར་འདུ་ཤེས་པ་དང་། ལམ་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ལ་མཚན་མར་འདུ་ཤེས་པའོ། །གཉིས་པ་གཉེན་པོ་ནི། བྱང་ཆེན་ཐབས་མཁས་པས་ཡུམ་ལ་སྤྱོད་པའི་ཚེ་གཟུགས་ལ་གཟུགས་ཞེས་བྱ་བར་འདུ་ཤེས་པ་མེད་དོ། །ཞེས་དང་། འདས་པའི་ཆོས་རྣམས་ལ་འདས་པའི་ཆོས་རྣམས་ཞེས་བྱ་བར་འདུ་ཤེས་པ་མེད་དོ། །ཞེས་དང་། བྱང་ཆེན་ཐབས་ལ་མཁས་པས་ཡུམ་ལ་སྤྱོད་པའི་ཚེ་འདི་སྙམ་དུ་བདག་གིས་སྦྱིན་པ་ཞིག་བྱིན། འདི་ལ་སྦྱིན་པ་བྱིན། སྦྱིན་པ་འདི་ལྟ་བུ་ཞིག་སྦྱིན་ནོ་ཞེའམ། ཞེས་པ་ནས་བདག་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ་ཞེའམ། བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེའམ། བདག་གིས་འདི་རྣམ་མཁྱེན་ཐོབ་པར་བྱའོ་སྙམ་དུ་སེམས་པ་མེད་དེ་ཞེས་པ་སྟེ་སྤང་བྱ་གསུམ་དང་གྲངས་བཞིན་ ནོ། །གཉིས་པ་སྤྱོད་པའི་སྤང་གཉེན་ལ་ཡང་གཉིས་ལས་དང་པོ་སྤང་བྱ་ནི། བསྔོ་བར་བྱེད་པའི་སེམས་དང་བསྔོ་བྱའི་དགེ་བ་ལ་མཚན་མར་ཞེན་ནས་བྱང་ཆུབ་ཏུ་བསྔོ་བའི་མཚན་བཅས་ཀྱི་སྤྱོད་པ་ཡིན་ཏེ་བྱང་ཆེན་བྱང་སེམས་སུ་འདུ་ཤེས་པ་དང་། སྦྱིན་པར་འདུ་ཤེས་དང་། ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དུ་འདུ་ཤེས་པ་དང་། སངས་རྒྱས་བཅོམ་ལྡན་འདས་སུ་འདུ་ཤེས་པ་དང་། སངས་རྒྱས་ལ་བསྐྱེད་པའི་དགེ་རྩ་གང་དུ་འདུ་ཤེས་ནས། དགེ་རྩ་དེ་དག་མངོན་པར་བསྡུས་ཏེ་གཅིག་ཏུ་བསྡོམས་ཤིང་གཞལ་ནས་བླ་མེད་རྫོགས་བྱང་དུ་སྔོ་བར་བྱེད་པ་འདི། ཀོོ་ཤི་ཀ་བྱང་ཆེན་རྣམས་ཀྱི་ཆགས་པ་སྟེ་ཞེས་སོ། ། གཉིས་པ་གཉེན་པོ་ནི། ཇི་ལྟར་བྱང་ཆེན་བདག་ནི་སྦྱིན་པ་སྦྱིན་པའོ། །ཞེས་པ་ནས་བདག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྒོམ་མོ། །བདག་ནི་བྱང་ཆུབ་ལ་སྤྱད་པ་སྤྱོད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་བ་དེ་ལྟར་བྱང་ཆེན་གྱིས་གཞན་ལ་ཡང་དག་པར་བསྟན་པར་བྱ། ལེན་དུ་གཞུག་པར་བྱ། གཟེང་བསྟོད་པར་བྱ། ཡང་དག་པར་རབ་ཏུ་དགའ་བར་བྱ་སྟེ། ཞེས་སོ། །གསུམ་པ་འབྲས་བུ་ལ། མཚན་འཛིན་གྱི་སྤང་གཉེན་གཉིས་ཀྱི་དང་པོ་ནི། དེ་བཞིན་གཤེགས་པ་ལ་མཚན་མར་བྱས་ནས་ལུས་ཀྱིས་ཕྱག་འཚལ་བ་དང་། ངག་གིས་བསྟོད་པ་སོགས་བྱང་སེམས་ལམ་གྱི་མི་མཐུན་ཕྱོགས་རྣམས་སོ། །དེ་དག་གཉེན་པོ་ཡིན་པས་དེར་འགལ་ཞེ་ན། དེ་དག་ལས་སྒྲིབ་སོགས་འགའ་ཞིག་གི་གཉེན་པོ་ཡིན་ཡང་ཆགས་པ་ཕྲ་མོའི་ངོ་བོ་ཡིན་པས་རྣམ་པ་ཐམས་ཅད་དུ་གཉེན་པོ་མིན་ནོ། །གཉིས་པ་གཉེན་པོ་ནི། ཆོས་རྣམས་རང་བཞིན་མེད་པར་རང་བཞིན་གཅིག་པར་ཤེས་པས་ཆགས་པ་སྤོང་བ་སྟེ། དེ་ནི་འདི་ལྟར་ཆོས་ཀྱི་རང་བཞིན་གཉིས་མ་ཡིན་ཏེ། རབ་འབྱོར་ཆོས་ཀྱི་རང་བཞིན་གཅིག་ཏུ་ཟད་དོ། ། ཆོས་ཀྱི་རང་བཞིན་གང་ཡིན་པ་རང་བཞིན་མ་ཡིན་ནོ། །གང་རང་བཞིན་མ་ཡིན་པ་དེ་ནི་རང་བཞིན་ནོ། །གང་རང་བཞིན་ཡིན་པ་དེ་ནི་འདུས་མ་བྱས་པའོ། །རབ་འབྱོར་དེ་ལྟར་ན་བྱང་ཆེན་གྱིས་ཆོས་ཀྱི་རང་བཞིན་གཅིག་པུ་རང་བཞིན་མ་ཡིན་པ་མངོན་པར་འདུས་མ་བྱས་པ་ཤེས་ཤིང་མཐོང་ན་ཆགས་པའི་མཐའ་ཐམས་ཅད་ཡོངས་སུ་སྤོང་པ་ཡིན་ནོ། །ཞེས་སོ། །བཞི་པ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ལ་གཉིས། སྦྱོར་བའི་ངོ་བོ་དང་རྣམ་པའོ། །དང་པོ་སྦྱོར་བའི་ངོ་བོ་ལ་གཉིས། དངོས་བསྟན་སེམས་དཔའི་རྣམ་འབྱོར་དང་། ཤུགས་བསྟན་ཉན་རང་གི་སྦྱོར་བའོ། །དང་པོ་དངོས་བསྟན་སེམས་དཔའི་རྣལ་འབྱོར་ནི། སྤྱིར་སྦྱོར་བའི་ལམ་ཞེས་པ་ཡུལ་དེ་དང་དེ་ལ་མི་དམིགས་པར་སྦྱོར་བའི་རྣལ་འབྱོར་ཙམ་ལ་ཟེར་གྱི་ལམ་ལྔའི་ཡ་གྱལ་ནི་མ་ཡིན་ནོ། །དེས་ན་གཞི་ཤེས་ཀྱི་སྦྱོར་བ་འདི་ནི་ལྟ་སྒོམ་སྤྱོད་འབྲས་ཡུལ་ཡུལ་ཅན་དང་བཅས་པ་ལ་མཚན་མར་འཛིན་པའི་གཉེན་པོར་སྒོམ་པ་ཡིན་པས་ཇི་སྲིད་མཚན་མ་དེ་དག་སྐྱེ་བ་དེ་སྲིད་དུ་བསྒོམ་དགོས་པས་ཚོགས་ལམ་ནས་ས་བཅུ་པའི་བར་ལ་བཞག་གོ །དེ་ལྟ་བུའི་གཞི་ཤེས་ཀྱི་སྦྱོར་བ་དེ་ཡང་རྣམ་པ་བཅུ་སྟེ། བྱང་ཆེན་གལ་ཏེ་གཟུགས་ལ་མི་སྤྱོད་ན་ཡུམ་ལ་སྤྱོད་དོ་ཞེས་གཟུགས་སོགས་ཀྱི་སྦྱོར་བ་དང་། གཟུགས་རྟག་ཅེས་བྱ་བའམ་མི་རྟག་ཅེས་བྱ་བར་མི་སྤྱོད་ན་ཡུམ་ལ་སྤྱོད་པའོ། །ཞེས་མི་རྟག་ལ་སོགས་པའི་སྦྱོར་བ་དང་། བྱང་ཆེན་གཟུགས་ཡོངས་སུ་མ་རྫོགས་པ་དང་རྫོགས་པའོ། །ཞེས་བྱ་བ་སོགས་རྫོགས་མ་རྫོགས་ཀྱི་སྦྱོར་བ་དང་། བྱང་ཆེན་གཟུགས་ཆགས་པ་དང་བཅས་པ་དང་མ་ཆགས་པའོ། །ཞེས་ཆགས་མེད་ཀྱི་སྦྱོར་བ་དང་། ཡུམ་ཟབ་མོ་འདི་བསྟན་ཀྱང་མི་འགྲིབ་མ་བསྟན་ཀྱང་མི་འགྲིབ་བསྟན་ཀྱང་མི་འཕེལ་མ་བསྟན་ཀྱང་མི་འཕེལ་ལོ། །ཞེས་མི་འགྱུར་བའི་སྦྱོར་བ་དང་། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ནི་བསྟན་ཀྱང་དེ་བཞིན་མ་བསྟན་ཀྱང་དེ་བཞིན་ནོ། །ཞེས་བྱེད་པ་པོ་མེད་པའི་སྦྱོར་བ་དང་། གང་གིས་སེམས་ཅན་རྣམས་ཀྱི་སླད་དུ་གོ་ཆ་བགོས་པ་དེ་དག་ནི་ནམ་མཁའ་ཡོངས་སུ་དགྲོལ་བར་འཚལ་བའོ་ཞེས་དང་། སེམས་ཅན་རྣམས་ཀྱི་དོན་དུ་གོ་ཆ་འཚལ་བ་དེ་དག་ནི་ནམ་མཁའ་བར་སྣང་ལ་འདེགས་པར་འཚལ་བའོ། །ཞེས་དང་། བྱང་ཆེན་གང་སེམས་ཅན་རྣམས་ཀྱི་སླད་དུ་བླ་མེད་རྫོགས་བྱང་དུ་འཚལ་བ་དེ་དག་ནི་བརྩོན་འགྲུས་ཆེན་པོ་ཐོབ་པའོ། །ཞེས་བྱ་དཀའ་བ་གསུམ་གྱི་སྦྱོར་བ་དང་། དེ་ནས་དགེ་སློང་གཞན་ཞིག་གིས་འདི་སྙམ་དུ་གྱུར་ཏེ། གང་ལ་ཆོས་གང་ཡང་སྐྱེ་བའམ་འགག་པ་མེད་ལ་ཚུལ་ཁྲིམས་ཀྱི་ཕུང་པོར་གདགས་སུ་ཡོད་ཅེས་པ་ནས། ཆོས་ཀྱི་འཁོར་ལོ་བསྐོར་བ་གདགས་སུ་ཡོད་པའི་བཅོམ་ལྡན་འདས་མ་ལ་ཕྱག་འཚལ་ལོ། །ཞེས་འབྲས་བུ་ཡོད་པའི་སྦྱོར་བ་དང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཇི་སྐད་བསྟན་པའི་ཡུམ་ལ་གནས་ན་དེ་ཉིད་དེའི་བསྲུང་བ་དང་སྐྱབས་པ་དང་སྦ་བར་འགྱུར་རོ། །ཞེས་གཞན་ལ་རག་མ་ལས་པའི་སྦྱོར་བ་དང་། བྱང་ཆེན་ཡུམ་ལ་སྤྱོད་པ་ན་ཇི་ཙམ་གྱིས་རྨི་ལམ་སྒྱུ་མ་སྨིག་རྒྱུ་སྒྲ་བརྙན་གཟུགས་བརྙན་དྲི་ཟའི་གྲོང་ཁྱེར་དང་སྤྲུལ་པ་ལྟ་བུར་ཆོས་ཐམས་ཅད་ཤེས་པར་འགྱུར་རམ། ཞེས་རབ་འབྱོར་ལ་བརྒྱ་བྱིན་གྱིས་དྲིས་པའི་ལན་དུ་བདུན་པོ་དེ་ལ་རློམ་པ་བཞི་མེད་ན་དེ་ལྟར་ཤེས་སོ། །འདིའི་སྐབས་སུ་གཟུགས་སོགས་རྫོགས་མ་རྫོགས་ཀྱི་དོན་ནི། རྒྱན་སྣང་ལས། མཚན་ཉིད་ཀྱིས་སྟོང་བའི་ཕྱིར་བཏགས་པའི་གཟུགས་ནི་ཡོངས་སུ་མ་རྫོགས་པའོ། །ཡོན་ཏན་གྱི་ཚོགས་དང་ལྡན་པའི་ཕྱིར་ཆོས་ཉིད་ཀྱི་གཟུགས་ནི་རབ་ཏུ་རྫོགས་པའོ། །ཞེས་པའི་དོན་གང་ལ་དམིགས་ན་ཡོན་ཏན་སྐྱེ་བ་དང་མི་སྐྱེ་བའི་ཕྱིར་ཡོན་ཏན་གྱི་རྟེན་དུ་རྫོགས་མ་རྫོགས་ལ་འཆད་ཀྱང་མཚན་ཉིད་ཀྱིས་སྟོང་པ་ལ་མ་རྫོགས་པའི་རྒྱུ་མཚན་དུ་གསུངས་པས་དགོངས་པ་མིན་ནོ། །འོ་ན་གང་ཞེ་ན། བཏགས་པའི་གཟུགས་ནི་རྟོག་པས་གཟུགས་སུ་སྒྲོ་བཏགས་པ་ཙམ་ཡིན་པས་མཚན་ཉིད་དམ་ངོ་བོ་ཉིད་ཀྱིས་མ་གྲུབ་པའི་ཕྱིར་དོན་ལ་མེད་པའོ། །ཆོས་ཉིད་ཀྱི་གཟུགས་ནི་གཟུགས་ཀྱི་རང་བཞིན་རྟོགས་པས་བཏགས་པས་སྟོང་པ་ཉིད་ཡིན་ཏེ། དེ་ནི་རང་བཞིན་གྱིས་དག་པའི་ཡོན་ཏན་དབྱེར་མེད་པར་གནས་པའི་ཕྱིར་ཚང་བའམ་དོན་ལ་གནས་པ་ཞེས་བྱའོ། །བྱ་དཀའ་གསུམ་ནི་རིམ་པ་ལྟར། རྣམ་མཁྱེན་ཆེད་དུ་བྱ་དཀའ་བ་དང་། ལམ་ཤེས་རྒྱུད་ལ་སྐྱེས་དཀའ་བ་དང་། གཞི་ཤེས་གཞན་ལ་བསྟན་དཀའ་བ་ཡིན་ལ། སྦྱོར་བའི་དུས་སུ་བྱ་དཀའ་བ་གསུམ་པོ་དེ་ཡུལ་དུ་བྱས་ནས་དེ་གསུམ་ཐོབ་བྱ་ཐོབ་བྱེད་སོགས་མེད་པ་ནམ་མཁའ་ལྟར་ཤེས་པ་ཡིན་གྱི་བྱ་དཀའ་གསུམ་ཉིད་སྦྱོར་བ་མིན་ནོ། །ཤེས་བྱེད་སྣང་བ་རྣམ་བདུན་གྱི་སྐབས་སུ་བཞི་རེ་སྟེ། དེ་ཡང་གང་ལ་སྣང་ན་སེམས་དཔའི་རྗེས་ཐོབ་ལའོ། །གང་སྣང་ན་ཕྱི་ནང་གི་དངོས་པོ་འདིའོ། །ཇི་ལྟར་ན། རྨི་ལམ་ལྟ་བུའོ། །རྒྱུ་མཚན་ནི། བག་ཆགས་ཀྱི་གཉིད་ཀྱིས་རྣམ་ཤེས་དེ་དང་དེར་ཡོངས་སུ་འགྱུར་བར་སྣང་བའོ། །ཁྱད་པར་བཞི་འོག་མ་རྣམས་ལ་ཡང་སྦྱར་ནས། མ་རིག་པའི་སྔགས་དང་སྨན་མཉམ་དུ་ཚོགས་པ་ལས་བྱུང་བས་སྒྱུ་མ་དང་། བདེན་པར་སྣང་ཡང་མེད་པའི་ཕྱིར་འགལ་བར་སྣང་བས་སྨིག་རྒྱུ་དང་། རྐྱེན་ལ་རག་ལས་ཏེ་སྣང་བས་སྒྲ་བརྙན་དང་། ཤེས་བྱའི་ཚུལ་གཟུགས་བརྙན་འཇོག་བྱེད་ལྟ་བུའི་ནང་གི་བག་ཆགས་ཀྱིས་ཇི་ལྟར་འཕངས་པ་ལས་མི་འདའ་བར་སྣང་བས་མིག་ཡོར་དང་། འདི་ལ་མདོར་གཟུགས་བརྙན་དང་། རྒྱན་སྣང་ལ་མིག་ཡོར་ཞེས་གསུངས་ལ། གནོད་འཇོམས་ཆུང་བར་རབ་རིབ་ཅན་ལ་སྐྲ་ཤད་འཛགས་པར་སྣང་བ་དང་ཁ་ཅིག་འགལ་མེ་མྱུར་དུ་བསྐོར་བ་སོགས་ལ་འཆད་དོ། །གནས་པར་བྱ་བའི་རྟེན་མེད་པ་རང་སྣང་བས་དྲི་ཟའི་གྲོང་ཁྱེར་དང་། ལུས་ངག་གི་བྱེད་པ་དེ་ཁོ་ནར་རྒྱུ་དང་བྲལ་བར་སྣང་བས་སྤྲུལ་པ་དང་བདུན་ནོ། ། བདུན་པོ་འདིའི་སྒོ་ནས་བྱང་སེམས་ཀྱིས་ཆོས་ཐམས་ཅད་འདི་དག་དང་མཚུངས་པར་ཤེས་པར་བྱེད་པས་ཤེས་བྱེད་སྣང་བདུན་ཞེས་བྱའོ། །དེ་ཡང་རྗེས་ཐོབ་ཏུ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པར་བྱ་ཞིང་། སྒྱུ་མ་ལྟ་བུ་དེ་ལ་ཡང་ཞེན་པ་ཡོད་ན་རློམ་མེད་བཞིའི་སྒོ་ནས་དགག་དགོས་སོ། །སྦྱོར་བ་བཅུ་པོ་འདི་ཡང་མངོན་ཞེན་རེ་རེ་དོར་ནས་གོང་དུ་འཕེལ་བར་ཤེར་འབྱུང་བཞེད་ཀྱང་དོན་དུ་ཡུལ་གྱི་སྒོ་ནས་དབྱེ་བ་ཙམ་ཡིན་པས་ངོ་བོ་ཞེན་མེད་དུ་གཅིག་གོ ། གཉིས་པ་ཤུགས་བསྟན་ཉན་རང་གི་སྦྱོར་བ་ནི། སྔར་ཇི་ལྟར་ཞེན་སྤྱོད་བཀག་ནས་སྒོམ་མོ་ཞེས་པ་དེ་ལས་བཟློག་ནས་ཞེན་པ་དང་བཅས་ཏེ་སྒོམ་པའོ། །གཉིས་པ་སྦྱོར་བ་དེའི་རྣམ་པ་ནི། ཡུལ་དང་ཡུལ་ཅན་མཉམ་པ་ཉིད་དུ་རྟོགས་པའི་སྒོ་ནས་སྦྱོར་བ་དེ་རྣམས་སྒོམ་སྟེ། གཞན་ཡང་བྱང་ཆེན་གཟུགས་རློམ་སེམས་སུ་མི་བྱེད། གཟུགས་ཀྱིས་རློམ་སེམས་སུ་མི་བྱེད། གཟུགས་བདག་གི་ཞེས་རློམ་སེམས་སུ་མི་བྱེད། གཟུགས་ལ་རློམ་སེམས་སུ་མི་བྱེད་ཅེས་རྣམ་མཁྱེན་གྱི་བར་ལ་དེ་ལྟར་གསུངས་སོ། །དེ་ལ་གཟུགས་དོན་དམ་པར་མ་གྲུབ་པ་འདི་གཟུགས་སོ་ཞེས་དང་། གཟུགས་འདིས་དངོས་པོ་འདི་ལྟ་བུ་ཞིག་སྒྲུབ་བོ་ཞེས་དང་། གཟུགས་ལ་ཕན་གནོད་འདི་ལྟ་བུ་ཞིག་བྱ་ཞེས་མི་རློམ་པར་གནོད་འཇོམས་ཆུང་བར་བཤད་ལ་གསུམ་པ་ལ་ཆེ་བར་རྗེ་ཁོལ་གྱི་དངོས་པོར་མི་རློམ་པར་བཤད། སློབ་དཔོན་གྱིས་དང་པོ་གཟུགས་སོགས་ཀྱི་ངོ་བོ་ལ་ཞེན་པ་དང་། གཉིས་པ་ཐ་སྙད་ཀྱི་རྒྱུ་མཚན་ལ་ཞེན་པ་དང་། གསུམ་པ་དབྱེ་བའི་སྤྲོས་པ་ལ་ཞེན་པ་དང་། བཞི་པ་ངེས་འབྱེད་སོགས་ཀྱིས་རྟོགས་པ་ལ་ཞེན་པ་ལ་གསུངས་སོ། །ལྔ་པ་དེ་ལྟར་ཉམས་སུ་བླང་པའི་འབྲས་བུ་ནི་མཐོང་ལམ་སྟེ། འདི་ལ་མཐོང་ལམ་དངོས་བཤད་པ་དང་སྒོམ་ལམ་མི་འཆད་པའི་རྒྱུ་མཚན་གཉིས། དང་པོ་མཐོང་ལམ་དངོས་ལ་གཉིས། དངོས་བསྟན་བྱང་སེམས་ཀྱི་མཐོང་ལམ་དང་། ཤུགས་བསྟན་ཉན་རང་གི་མཐོང་ལམ་མོ། །དང་པོ་དངོས་བསྟན་བྱང་སེམས་ཀྱི་མཐོང་ལམ་ནི། རྟག་པ་དང་མི་རྟག་པ་དང་། བདེ་བ་དང་སྡུག་བསྔལ་བ་དང་། སྟོང་པ་དང་མི་སྟོང་བ་དང་། བདག་དང་བདག་མེད་པ་ལ་སོགས་བདེན་བཞིའི་རྣམ་པ་བཅུ་དྲུག་བཟློག་ཟླ་དང་བཅས་པའི་སྒྲོ་འདོགས་སོ་གཉིས་དང་བྲལ་བའི་སྒོ་ནས་བདེན་པ་བཞིའི་ཆོས་ཉིད་མངོན་སུམ་དུ་མཐོང་བའོ། །གཉིས་པ་ཤུགས་བསྟན་ཉན་རང་གི་མཐོང་ལམ་ནི། དངོས་བསྟན་བྱང་སེམས་ཀྱི་མཐོང་ལམ་རྗེས་འགྲོའི་སྒོ་ནས་བསྟན་པ་སྒྲོ་འདོགས་སོ་གཉིས་དང་བྲལ་བ་དེ་ལས་བཟློག་པ་མི་རྟག་པ་ལ་སོགས་པ་རྣམ་པ་བཅུ་དྲུག་དག་ཏུ་ཞེན་ནས་བསྒོམ་པའོ། །གཉིས་པ་སྒོམ་ལམ་མི་འཆད་པའི་རྒྱུ་མཚན་ནི། ཉི་སྣང་ལས། ཡང་ཅིའི་དོན་གྱིས་ལམ་ཤེས་པ་ཉིད་བཞིན་ཐམས་ཅད་ཤེས་པ་ཉིད་ལ་སྒོམ་པའི་ལམ་ལོག་ཤིག་པ་མེད་པ་ཅི་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔས་ཤེས་པ་དང་མཐོང་བས་བལྟས་ནས་འདའོ་ཞེས་གསུངས་པས་ན་འདི་ནི་གཞན་གཙོ་བོར་བྱེད་པའི་ཕྱིར་རོ། །ཞེས་སོགས་གསུངས་སོ། །དེ་ཡང་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པས་ཇི་ལྟར་རྟོགས་པའི་རྟོགས་པ་དེ་ནི་བྱང་ཆུབ་སེམས་དཔས་ཤེས་པར་བྱ་བ་ཙམ་ཡིན་གྱི་ཡང་ནས་ཡང་དུ་གོམས་འདྲིས་སུ་བྱ་བ་ནི་མ་ཡིན་པས་ཉན་རང་གི་གཞི་ཤེས་དེ་ལ་བྱང་ཆུབ་སེམས་དཔས་ཇི་ལྟར་བསྒོམ་པར་བྱ་བའི་སྒོམ་ལམ་ནི་མ་བསྟན་ཏོ། །འོ་ན་ཉན་རང་རྣམས་ཀྱིས་རང་ཉིད་ཀྱིས་གང་མཐོང་བའི་དོན་དེ་ལ་གོམས་པར་བྱ་བའི་ཉན་རང་གི་སྒོམ་ལམ་ཉིད་ཅིའི་ཕྱིར་མི་སྟོན་ཞེ་ན། དེ་ནི་མ་བསྟན་ཀྱང་ཤེས་པར་སླ་བ་ཡིན་ཏེ་བྱང་ཆུབ་སེམས་དཔས་གཞན་ལ་ཉན་རང་གི་ལམ་སྟོན་པའི་སྐབས་སུ་ནི། ཇི་ལྟར་མཐོང་བའི་དོན་དེ་ཉིད་གོམས་པར་བྱེད་པ་སྒོམ་ལམ་མོ་ཞེས་བསྟན་པས་ཆོག་ལ་རང་གིས་ནི་དེ་མི་སྒོམ་པའི་ཕྱིར་རོ། །དྲུག་པ་མཁྱེན་པ་གསུམ་གྱི་མཇུག་བསྡུ་བ་ནི། རབ་འབྱོར་ཡུམ་འདི་ནི་ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན་མི་ཐོབ་པར་བྱེད་པ་མ་ཡིན། དེ་བཞིན་དུ་སྦྱར་ནས། སྟོན་པར་བྱེད་པ་མ་ཡིན། མི་སྟོན་པར་བྱེད་པ་སྟེར་བར་འཕྲོག་པར་ཆད་པར་རྟག་པར་དོན་གཅིག་པར་དོན་སྣ་ཚོགས་པར་འོང་བར་འགྲོ་བར་ཀུན་ནས་ཉོན་མོངས་པར་རྣམ་པར་བྱང་བར་འགྲིབ་པར་འཕེལ་བར་བྱེད་པ་མ་ཡིན། འདས་པར་མ་ཡིན། མ་འོངས་པར་མ་ཡིན། ད་ལྟར་བྱུང་བར་བྱེད་པ་མ་ཡིན་ཞེས་གཞི་ཤེས་ཀྱི་མཇུག་སྡུད་གསུངས་སོ། །རབ་འབྱོར་ཡང་ཡུམ་འདི་ནི་འདོད་པའི་ཁམས་ལས་ཤིན་ཏུ་འདའ་བར་བྱེད་པ་མ་ཡིན་གནས་པར་བྱེད་པ་མ་ཡིན། དེ་བཞིན་དུ་ཁམས་གཞན་གཉིས་ལ་དང་། སྦྱིན་པའི་ཕར་ཕྱིན་སྟེར་བར་བྱེད་པ་མ་ཡིན་སེར་སྣ་འཕྲོག་པར་བྱེད་པ་མ་ཡིན། ཞེས་པ་ནས་རྣམ་མཁྱེན་ཉིད་སྟེར་བར་བྱེད་པའམ་འཕྲོག་པར་བྱེད་པ་མ་ཡིན། ཞེས་ལམ་ཤེས་ཀྱི་མཇུག་སྡུད་གསུངས་སོ། །རབ་འབྱོར་ཡུམ་འདི་ནི་སངས་རྒྱས་ཀྱི་ཆོས་རྣམས་སྟེར་བར་བྱེད་པའམ། འཕྲོག་པར་བྱེད་པ་མ་ཡིན། དེ་བཞིན་དུ་སོ་སོ་སྐྱེ་བོའི་ཆོས་རྣམས་དང་། ཉན་རང་གི་ཆོས་རྣམས་དང་། འདུས་བྱས་འདུས་མ་བྱས་ཀྱི་ཆོས་རྣམས་ལ་སྦྱར་ནས་དེའི་འཐད་པར་དེ་བཞིན་གཤེགས་པ་བྱུང་རུང་མ་བྱུང་རུང་ཆོས་ཉིད་དེ་གནས་པ་དང་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་ནས་གཞན་ལ་སྟོན་པ་ལ་སོགས་པར་གསུངས་པས་རྣམ་མཁྱེན་གྱི་མཇུག་སྡུད་གསུངས་སོ། །དེ་ཡང་སྐབས་གསུམ་པ་གཞི་ཤེས་ཀྱི་སྐབས་འདིར་ཇི་ལྟར་གསུངས་པ་དེ་ཐམས་ཅད་ཀྱང་གཞི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་ལ་ཐོབ་པ་དང་མ་ཐོབ། སྟེར་བ་དང་འཕྲོག་པ་ལ་སོགས་གཉིས་བཅས་ཀྱི་ཆོས་ལ་ཞེན་པ་དང་བཅས་པའི་སྒོ་ནས་བླང་དོར་དུ་བྱ་བའི་ཕྱིར་ནི་བསྟན་པ་མ་ཡིན་ཏེ་མཐའ་གང་རུང་འཛིན་པའི་རྣམ་པར་རྟོག་པ་བཀག་ནས་ཞེན་པའི་སྤྲོས་པ་གཅོད་པའི་དོན་དུ་གསུངས་པ་ཡིན་ནོ། །ཞེས་དང་། སྐབས་གཉིས་པ་ལམ་ཤེས་ཀྱི་སྐབས་སུ་བསྟན་པ་དེ་དག་ཀྱང་སྲིད་པ་འཁོར་བས་བསྡུས་པའི་ཆོས་རྣམས་སྤང་བྱ་མི་མཐུན་པའི་ཕྱོགས་དང་། རྣམ་པར་བྱང་བ་མྱང་འདས་ཀྱིས་བསྡུས་པའི་ཆོས་རྣམས་གཉེན་པོ་བླང་བར་བྱ་བའི་ཕྱོགས་སུ་བལྟས་ནས་འཁོར་འདས་ལ་བླང་དོར་དུ་བྱ་བའི་ཆེད་དུ་བསྟན་པ་མ་ཡིན་ཏེ་སྲིད་ཞི་མཉམ་པ་ཉིད་དུ་རྟོགས་པའི་སྒོ་ནས་བླང་དོར་གྱི་ཞེན་པ་གཅོད་པའི་དོན་དུ་བསྟན་པ་ཡིན་ནོ་ཞེས་དང་། སྐབས་དང་པོ་ནི་རྣམ་མཁྱེན་གྱི་སྐབས་སུ་ཇི་ལྟར་བསྟན་པ་རྣམས་ཀྱང་། སྤང་བྱའི་རང་བཞིན་བདེན་པར་གྲུབ་པ་ཞིག་སྤངས། ཐོབ་བྱའི་རང་བཞིན་བདེན་པར་གྲུབ་པ་ཞིག་ཐོབ། ཆོས་ཐམས་ཅད་ཀྱི་རང་བཞིན་བདེན་པར་གྲུབ་པ་ཞིག་མཁྱེན་ནས་འཆད་པའི་རྣམ་མཁྱེན་བསྟན་པ་ནི་མ་ཡིན་ཏེ། འཁོར་འདས་ལ་སྤང་བླང་ཏུ་འཛིན་པའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡེ་ནས་གནས་པ་ཉིད་ཐུགས་སུ་ཆུད་ནས་སྒྲོ་སྐུར་དང་བྲལ་བར་སྟོན་པ་ཉིད་རྣམ་མཁྱེན་ཡིན་ནོ་ཞེས་ཐོབ་བྱ་ཐོབ་བྱེད་ཀྱི་ཞེན་པ་གཅོད་པའི་དོན་དུ་བསྟན་པ་ཡིན་ཞེས་མཁྱེན་གསུམ་ཇི་ལྟར་བསྟན་པ་དང་བསྟན་པའི་དགོས་པ་བརྗོད་པའི་སྒོ་ནས་མཇུག་བསྡུས་པ་ཡིན་ནོ། །འདིར་འགྲེལ་པ་རྣམས་སུ་མཁྱེན་གསུམ་རྫོགས་པར་བསྟན་པ་ཞེས་པའི་དོན་ནི་མཁྱེན་གསུམ་གྱི་སྐབས་སུ་བསྟན་པའི་དོན་ཐམས་ཅད་འདིར་ཚང་བར་སྟོན་ཞེས་པའི་དོན་མ་ཡིན་གྱི་མཁྱེན་གསུམ་གྱི་བཤད་པ་རྫོགས་ཟིན་པར་སྟོན་པའོ། །དེ་ཡང་མཁྱེན་གསུམ་ལ་མཇུག་སྡུད་མཛད་ནས་མངོན་རྟོགས་གཞན་ལྔ་ལ་མི་གསུངས་པ་ནི། མཁྱེན་གསུམ་གྱིས་མངོན་རྟོགས་བརྒྱད་གྱི་དོན་མཐའ་དག་སྡུད་པར་བྱེད་པ་ཉིད་ཀྱིས་གཙོ་བོ་ཡིན་པའི་ཕྱིར་དང་། དེ་རྒྱས་པར་བཤད་ཟིན་པས་གཞན་རྣམས་ཀྱང་དོན་གྱིས་བཤད་ཟིན་པའི་ཕྱིར་རོ། །ཞེན་བཅས་གཉེན་པོ་ཡིན་ཀྱང་སྤང་བྱ་སྟེ། །ཞེན་མེད་རྟོགས་པའི་དངོས་ན་བླང་དོར་མེད། །ཞེན་དང་མ་ཞེན་ཁྱད་པར་འདི་ལྟར་ཞེས། །རྒྱལ་སྲས་རྣམས་ཀྱི་སྤང་བླང་འདིར་བཤད་དོ། །གཞི་ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་ཏེ་གསུམ་པའི་སྤྱི་དོན་བཤད་ཟིན་ཏོ།། །། ༈ གཉིས་པ་འཇུག་པ་སྦྱོར་བ་བཞིའི་ཡན་ལག་རྒྱས་པར་བཤད་པ་ལ་གཉིས། དབང་དུ་བྱ་བ་དང་། བརྟན་པ་རྒྱུ་འབྲས་ཀྱི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། དབང་དུ་བྱེད་པའི་རྒྱུ་རྣམ་ཀུན་དང་། དབང་དུ་བྱ་བའི་འབྲས་བུ་རྩེ་མོའི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་དབང་དུ་བྱེད་པའི་རྒྱུ་རྣམ་ཀུན་བཤད་པ་ལ་གཉིས། སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་བསྐྱེད་པ་དང་། སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་སྒོམ་རིམ་མོ། ། དང་པོ་སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་བསྐྱེད་པ་ལ་བཞི། སྦྱར་ས་རྣམ་པ། སྦྱོར་བ་པོ་གང་ཟག ། སྦྱོར་བ་རང་གི་ངོ་བོ། སྦྱོར་བའི་སྔོན་འགྲོའི་ཆོས་སོ། །དང་པོ་སྦྱར་ས་རྣམ་པ་བཤད་པ་ལ་སྤྱི་དང་ཡན་ལག་གི་དོན་གཉིས། དང་པོ་སྤྱིའི་དོན་ལ་བཞི། རྣམ་པའི་ངོས་འཛིན། མདོ་ནས་གསུངས་ཚུལ། བསྟན་བཅོས་སུ་བསྡུས་ཚུལ། ཇི་ལྟར་སྒོམ་ཚུལ་ལོ། །དང་པོ་རྣམ་པའི་ངོས་འཛིན་ནི། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་ཆོས་ཀྱི་ཁྱད་པར་རམ་གསལ་བའི་དབྱེ་བ་རྣམས་སོ། །དེ་ལ་ཡང་རྟོགས་བྱ་བདེན་བཞི་དང་རྟོག་པ་པོ་མཁྱེན་གསུམ་ལ་ཡོད་པའི་ཆོས་ཀྱི་ཁྱད་པར་གཉིས་ཏེ་ལས་དང་བྱེད་པའི་རྣམ་པའོ། །དེ་གཉིས་ལ་དོན་རྣམ་དང་ཤེས་རྣམ་གྱི་ཐ་སྙད་ཀྱང་མཛད་དོ། །གཉིས་པ་མདོ་ནས་གསུངས་ཚུལ་ནི། མདོ་ལས། ཡུམ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རབ་འབྱོར་ནམ་མཁའ་མེད་པའི་ཕྱིར་རོ། །ཞེས་པ་ནས། ཡུམ་འདི་ནི་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཉིད་ཀྱི་ཕྱིར་རོ། །ཞེས་པའི་བར་དུ་རབ་འབྱོར་གྱིས་དམ་བཅའ་རྣམ་བཞག་ནས་དེ་བཞིན་གཤེགས་པས་དེའི་འཐད་པ་རྣམས་བཀའ་སྩལ་ཏོ། །གསུམ་པ་བསྟན་བཅོས་སུ་བསྡུས་ཚུལ་ནི། མདོ་དེ་དག་ལ། རྗེ་བཙུན་གྱིས། མེད་པའི་རྣམ་པ་ནས་བཟུང་སྟེ། །ཞེས་སོགས་ཀྱིས་འདི་ནས་འདིའི་བར་གྱིས་གཞི་ཤེས་དང་ལམ་ཤེས་དང་རྣམ་མཁྱེན་གྱི་རྣམ་པ་བསྟན་ཏོ་ཞེས་ས་གཅོད་མཛད་དོ། །དེ་ཡང་མཁྱེན་པ་དང་པོ་གཉིས་ལ་བདེན་པ་བཞི་ཀ་དང་ཐ་མ་ལ་ལམ་བདེན་གྱི་རྣམ་པ་ཉི་ཚེ་གསུངས་ཏེ། ལམ་བདེན་ཉི་ཚེ་བཤད་པའི་རྒྱུ་མཚན་དང་དེའི་རྣམ་པ་རྣམས་རྣམ་མཁྱེན་གྱི་དོན་རྣམ་དང་ཤེས་པའི་རྣམ་པ་གང་ཡིན་པ་ནི་སྐབས་དེ་ཉིད་དུ་འཆད་པར་འགྱུར་རོ། །བཞི་པ་ཇི་ལྟར་སྒོམ་ཚུལ་ནི། སྔ་མ་དག་ཤེས་རྣམ་བརྒྱ་དོན་གསུམ་གྱིས་དོན་རྣམ་བརྒྱ་དོན་གསུམ་ལ་སྒྲོ་འདོགས་བཅད་ནས་བསྒོམ་པར་བྱ་བ་ཡིན་པས་དོན་རྣམ་ཉིད་བསྒོམ་བྱའོ་ཞེས་འཆད་དོ། །འོན་ཀྱང་གཞུང་ནས་སྦྱོར་བས་རྣམ་པ་སྒོམ་པར་གསུང་བ་ནི་གཙོ་བོར་ཤེས་རྣམ་ཉིད་སྒོམ་པར་སྣང་སྟེ། ཡུལ་ཅན་མཁྱེན་གསུམ་གྱི་བྱེ་བྲག་གིས་ཡུལ་བདེན་བཞིའི་ཆོས་ཀྱི་ཁྱད་པར་ཚུལ་འདི་ལྟར་རྟོགས་པའི་དམིགས་རྣམ་ཅན་གྱི་ལམ་རྣམས་མི་གནས་པའི་སྦྱོར་བ་དང་མི་སྦྱོར་བའི་སྦྱོར་བ་གཉིས་ཀྱིས་ཐབས་ཤེས་ཟུང་འབྲེལ་དུ་སྐྱེད་པར་བྱེད་པ་ཉིད་སྦྱོར་བས་རྣམ་པ་སྒོམ་པའི་དོན་ཡིན་པས་སོ། ། དེ་ལ་ཡང་སངས་རྒྱས་ཀྱི་ས་འབའ་ཞིག་དང་། ཉན་རང་གི་རྒྱུད་ལ་ཡོད་པ་རྣམས་ལ་ནི་དེ་དང་རིགས་མཚུངས་པའི་ལམ་དེ་དང་དེ་དག་སྐྱེད་པ་ལ་དེ་སྒོམ་པ་དང་། བསྐྱེད་པར་བཏགས་ཏེ། དཔེར་ན་བྱང་སེམས་ཀྱིས་ཉན་རང་གི་ལམ་སྐྱེད་པར་གསུངས་པ་བཞིན་ནོ། །དེས་ན་སྐབས་འདིར་རྣམ་པ་རྣམས་ཐེག་པ་ཆེ་ཆུང་དང་སངས་རྒྱས་དང་བྱང་སེམས་ཀྱི་རྟེན་ཐ་དད་པའམ། ཡུལ་ལམ་ཡུལ་ཅན་གང་གི་སྒོ་ནས་བསྟན་ཀྱང་བྱང་སེམས་ཀྱི་རྒྱུད་ལ་བསྐྱེད་བྱའི་གཞི་ལམ་རྣམ་གསུམ་སྐྱེ་མེད་དུ་རྟོགས་པའི་ཡེ་ཤེས་ཀྱི་ཁྱད་པར་ཞིག་གི་དམིགས་རྣམ་མཚོན་པར་བཞེད་ནས་མཁྱེན་གསུམ་གྱི་ཡེ་ཤེས་ཀྱི་བྱེ་བྲག་རྣམས་ཀྱི་དམིགས་པ་དང་རྣམ་པ་འདི་དང་འདི་ལྟ་བུའོ་ཞེས་གསུངས་པ་ཡིན་ནོ། །བསྐྱེད་བྱའི་དམིགས་རྣམ་ཤེས་པ་ན་སྦྱོར་བས་སྔར་ལྟར་རྒྱུད་ལ་སྐྱེད་པ་ལ་དགོངས་ནས་རྣམ་པ་ཡུལ་དུ་གསུངས་སོ། །དེ་ལྟར་ན་བདག་མེད་པ་དང་སྙིང་རྗེ་སྒོམ་ཞེས་པ་ལྟར་ཡུལ་སྒོམ་པ་དང་ཡུལ་ཅན་དེའི་བདག་ཉིད་དུ་བློ་གོམས་པར་བྱེད་པ་གཉིས་ལས་འདིར་ཕྱི་མ་གཙོ་བོར་བཟུང་ངོ་། །གཉིས་པ་ཡན་ལག་གི་དོན་ལ་གསུམ། གཞི་ཤེས་དང་། ལམ་ཤེས་དང་། རྣམ་མཁྱེན་གྱི་རྣམ་པ་རྒྱས་པར་བཤད་པའོ། །དང་པོ་གཞི་ཤེས་ཀྱི་རྣམ་པ་ལ་ཡང་གཉིས། བདེན་པ་དང་པོ་གསུམ་དང་། ལམ་གྱི་བདེན་པའི་རྣམ་པའོ། །དང་པོ་སྡུག་བསྔལ་ཀུན་འབྱུང་འགོག་པ་གསུམ་གྱི་རྣམ་པ་བཅུ་གཉིས་ནི། མེད་པའི་རྣམ་པ་སོགས་ཐ་སྙད་བཅུ་གཉིས་ཀྱིས་གསུངས་ཏེ། རིམ་པ་ལྟར་རྟག་པ་མེད་པ་དང་། ཐ་སྙད་དུ་སྡུག་བསྔལ་སྐྱེ་ཡང་དེ་ཁོ་ནར་མི་སྐྱེ་བའམ་སྐད་ཅིག་གཅིག་ལས་ལྷག་པར་མི་སྐྱེ་བ་དང་། བྱེད་པ་པོའི་བདག་གིས་དབེན་པ་དང་། བདག་མེད་པས་བདག་ཏུ་རྟོགས་པའི་སྐྱོན་གྱིས་མི་བརྫི་བ་དང་བཞི་ནི་སྡུག་བདེན་གྱིའོ། །ཐ་སྙད་དུ་མིང་གཟུགས་སྐྱེད་པའི་རྒྱུ་ཡིན་ཀྱང་དེ་ཁོ་ནར་དེ་སྐྱེད་པའི་གནས་མེད་པ་དང་། ཐ་སྙད་དུ་འགྲོ་འོང་གི་བྱ་བ་དང་ལྡན་ཀྱང་དེ་ཁོ་ནར་དེ་གཉིས་མེད་པས་ནམ་མཁའ་དང་མཚུངས་པ་དང་། ཐ་སྙད་དུ་ནང་གི་བརྗོད་པ་རྟོག་དཔྱོད་ཡོད་ཀྱང་དེ་ཁོ་ནར་དེ་འབྲས་བུ་དང་བཅས་པ་བརྗོད་དུ་མེད་པ་དང་། ཐ་སྙད་དུ་མིང་བཞིའི་ནང་ཚན་ཚོར་བ་ལས་སྐྱེས་པའི་ཡང་སྲིད་ཀྱི་རྐྱེན་སྲེད་པ་ཡོད་ཀྱང་དེ་ཁོ་ནར་མིང་མེད་པ་དང་བཞི་ནི་ཀུན་འབྱུང་གིའོ། །ཤེས་རབ་ཀྱི་ལུས་ཀྱིས་མངོན་དུ་བྱ་བ་ཡིན་གྱི་རྒྱུད་གཅིག་ནས་གཅིག་ཏུ་སོང་ནས་ཐོབ་པར་བྱ་བའི་འགྲོ་བ་མེད་པ་དང་གཟོད་མ་ནས་ཉེ་བར་ཞི་བས་མི་འཕྲོག་པ་སྟེ་བློས་ཡོངས་དཔྱོད་ཀྱི་ཡུལ་དུ་གཟུང་དུ་མེད་པ་དང་། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པས་མི་ཟད་པ་དང་། གཅིག་དང་དུ་མའི་སྐྱེད་བྱེད་ཀྱི་སྐྱེ་བའི་རྒྱུ་མེད་པས་སྐྱེ་བ་མེད་པ་དང་བཞི་ནི་འགོག་པའོ། །གཉིས་པ་ལམ་བདེན་གྱི་རྣམ་པ་ལ། རྟེན་ལམ་དང་། བརྟེན་པ་རྣམ་པའི་རབ་དབྱེ་གཉིས། དང་པོ་ལམ་གྱི་རབ་དབྱེ་དངོས་དང་མཐར་དཔྱད་པ་གཉིས་སོ། །དང་པོ་ལམ་གྱི་རབ་དབྱེ་ནི། རྣམ་པ་གསུམ་སྟེ། ཉོན་སྒྲིབ་ཀྱི་གཉེན་པོ་ཐེག་དམན་གྱི་ཟག་མེད་ལམ་གཅིག་དང་། ཤེས་སྒྲིབ་ཀྱི་གཉེན་པོར་སྒོམ་ལམ་ཟག་བཅས་དང་། མཐོང་ལམ་ཟག་མེད་གཉིས་སོ། །འདིའི་ཤེས་སྒྲིབ་ཀྱི་གཉེན་པོ་ནི་རང་རྒྱལ་གྱི་གཟུང་རྟོག་གི་གཉེན་པོ་ཡིན་ནོ། །གཉིས་པ་མཐའ་དཔྱད་པ་ལ་བཞི་ལས། དང་པོ་སྔ་མ་བཞི་ཉོན་སྒྲིབ་དང་ལྷག་མ་བཅུ་གཅིག་ཤེས་སྒྲིབ་ཀྱི་གཉེན་པོར་འཇོག་པའི་རྒྱུ་མཚན་ནི། དང་པོ་བཞི་གང་ཟག་གི་བདག་མེད་ཀྱི་རྣམ་པ་ཅན་དུ་སྣང་ཞིང་གང་ཟག་གི་བདག་འཛིན་ཉོན་སྒྲིབ་ཀྱི་རྒྱུ་ཡིན་པ་དང་། དེ་བཞི་ལམ་རིགས་པ་སོགས་ཡིན་ཞིང་མི་རྟག་སོགས་བཅུ་དྲུག་ཉོན་སྒྲིབ་ཀྱི་གཉེན་པོར་ཕྱེ་བའི་ཕྱིར་དང་པོ་བཞི་ཉོན་སྒྲིབ་ཀྱི་གཉེན་པོའོ། །ལྷག་མ་རྣམས་ཀྱང་སྒྲིབ་པའི་གཉེན་པོར་ནི་བསྟན་དགོས་ལ་ཉོན་སྒྲིབ་བསྟན་ཟིན་པས་འོས་མེད་ཀྱི་རིག་པའོ། །གཉིས་པ་ཤེས་སྒྲིབ་ཀྱི་གཉེན་པོ་ལ་དང་པོ་ལྔ་ཟག་བཅས་དང་ཐ་མ་དྲུག་ཟག་མེད་དུ་འཇོག་པ་ནི། དང་པོ་ལྔས་ཡུལ་མེད་བཞིན་སྣང་བའི་རྗེས་ཐོབ་མཚོན་ལ། ཕྱི་མ་དྲུག་གིས་སྣང་བ་མེད་པའི་མཉམ་གཞག་མཚོན་པས་དེར་བཞག་གོ །གསུམ་པ་ཟག་བཅས་སྒོམ་ལམ་དང་ཟག་མེད་མཐོང་ལམ་ལ་འཇོག་པ་ནི། མཐོང་ལམ་མཉམ་གཞག་བར་མ་ཆད་དུ་དང་། སྒོམ་ལམ་དུས་རིང་བས་རྗེས་ཐོབ་མངོན་གྱུར་དང་སྤེལ་ནས་སྐྱེ་བས་སོ། །བཞི་པ་ཉོན་སྒྲིབ་ཀྱི་གཉེན་པོ་ལ་མ་ཕྱེ་བར་ཤེས་སྒྲིབ་ཀྱི་གཉེན་པོ་ལ་ཕྱེ་བ་ནི་དེ་གཉིས་སྤང་དཀའ་སླ་ཡོད་པས་སོ། །གཉིས་པ་བརྟེན་པ་རྣམ་པའི་རབ་དབྱེ་ལ་གསུམ། བཞི་དང་ལྔ་དང་དྲུག་ཏུ་དབྱེ་བའོ། །དང་པོ་ལམ་གསུམ་ཡོད་པ་དེའི་ནང་ནས་ལམ་དང་པོ་ཟག་མེད་ཀྱི་རྣམ་པ་སྟོན་པ་ནི། བྱེད་པ་པོའི་གང་ཟག་མེད་པར་རྟོགས་པས་དེར་འཛིན་པའི་གཉེན་པོ་བྱེད་པ་དང་། ཤེས་པ་པོའི་གང་ཟག་མེད་པར་རྟོགས་པས་དེར་འཛིན་པའི་གཉེན་པོ་བྱེད་པ་དང་། ཐ་སྙད་དུ་དམན་པའི་ས་དོར་ནས་ཁྱད་པར་དུ་འཕགས་པའི་གནས་སྐབས་ལེན་པའི་སྒོ་ནས་འཕོ་བ་ཡོད་ཀྱང་དེ་ཁོ་ནར་འཕོ་བ་མེད་པ་དང་། ཐ་སྙད་དུ་ཉོན་མོངས་བཏུལ་ནས་མྱང་འདས་སུ་འགྲོ་ཡང་། དེ་ཁོ་ནར་འདུལ་བ་མེད་པ་དང་བཞི་ནི་རིམ་པ་ལྟར་ལམ་སོགས་བཞིའོ། །གཉིས་པ་ལམ་གཉིས་པ་ཟག་བཅས་ལ་ཡོད་པའི་རྣམ་པ་ལྔ་ནི། ཕྱིའི་གཟུང་བ་རྨི་ལམ་ལྟར་ཡུལ་དུ་སྣང་ཡང་བདེན་པའི་ངོ་བོ་ཉིད་མེད་པ་དང་། སྒྲ་བརྙན་ཏེ་བྲག་ཆ་ལྟར་བདེན་པའི་རྒྱུ་ལས་མ་སྐྱེས་པ་དང་། མིག་ཡོར་ཏེ་གཟུགས་བརྙན་ནམ་ཟླ་བ་གཉིས་སྣང་ལྟར་རྣམ་པ་ཙམ་མ་འགགས་པ་དང་། སྨིག་རྒྱུའི་ཆུ་ལྟར་གཟོད་མ་ནས་སྤྲོས་པ་ཉེ་བར་ཞི་བ་དང་། སྒྱུ་མའི་རྟ་གླང་ལྟར་རང་བཞིན་གྱིས་རྣམ་པར་དག་པ་རྣམས་སོ། །དེ་དག་གིས་གཉེན་པོ་བྱེད་ཚུལ་ནི་གཟུང་བ་རྨི་ལམ་ལྟར་རྟོགས་པ་ལ་སོགས་པ་རེ་རེ་བསྒོམ་པས་ཀྱང་དེ་ལ་བདེན་འཛིན་ཐམས་ཅད་སྤོང་བར་ནུས་པའོ། །གསུམ་པ་ལམ་གསུམ་པ་ཟག་མེད་ལ་ཡོད་པའི་རྣམ་པ་ནི། ཕྱིའི་གཟུང་བ་དོར་བྱ་ཀུན་ནས་ཉོན་མོངས་པའི་དངོས་པོར་མེད་པ་དང་། དེ་བླང་བྱ་རྣམ་པར་བྱང་བའི་དངོས་པོར་མེད་པ་དང་། དེའི་རང་བཞིན་གོས་པ་མེད་པ་འོད་གསལ་བ་དང་། དེ་གཟུགས་སྒྲ་ལ་སོགས་པའི་དབྱེ་བའི་སྤྲོས་པ་མེད་པ་དང་། དེ་རང་བཞིན་གྱིས་སྟོང་པར་རྟོགས་པའི་རྟོགས་པ་ལ་རློམ་པ་སྟེ་རློམ་པར་བྱར་མེད་པ་དང་། དེ་རང་བཞིན་གྱིས་སྟོང་པའི་སྟོང་ཉིད་མི་གཡོ་བ་སྟེ། སྲིད་པ་ཇི་སྲིད་ཀྱི་བར་དུ་གནས་པར་རྟོགས་པའི་རྣམ་པའོ། །དེ་དག་ཀྱང་རྣམ་པར་རྟོག་པ་ཤེས་སྒྲིབ་དྲུག་གི་གཉེན་པོའོ། །དྲུག་གང་ཞེ་ན། ཕྱིའི་གཟུང་བ་ལ་ཀུན་ནས་ཉོན་མོངས་དོར་བྱ་རྟོག་པའི་ཤེས་སྒྲིབ་དང་། དེ་བཞིན་དུ་སྦྱར་ནས། རྣམ་པར་བྱང་བ་བླང་བྱ་དང་། དེའི་རང་བཞིན་ལ་ཉོན་མོངས་པའི་བག་ཆགས་ཀྱིས་གོས་པའི་དྲི་མ་ཅན་དང་། དེ་ལ་གཟུགས་ནས་རེག་བྱའི་བར་གྱི་སྤྲོས་པའི་དབྱེ་བ་དང་ལྡན་པ་དང་། དེ་ངོ་བོས་སྟོང་པར་རྟོགས་པས་རང་གི་རྟོགས་པ་ལ་གཟུང་བ་བདེན་པ་སྔར་ཡོད་ཕྱིས་མེད་པར་རྟོགས་པ་དང་། དེ་ངོ་བོས་སྟོང་པའི་རང་བཞིན་ལ་རེ་ཞིག་སྟོང་ཡང་ཕྱིས་དེ་ལོག་ནས་མི་སྟོང་པར་འཛིན་པས་ཡོངས་སུ་ཉམས་པ་རྣམ་པར་རྟོག་པའོ། །གཉིས་པ་ལམ་ཤེས་ཀྱི་རྣམ་པ་ལ་བཞི། ཀུན་འབྱུང་སྤང་གཉེན་གྱི་སྒོ་ནས་བསྟན་པ་དང་ལམ་བདེན་དམ་བཅའ་དང་འཐད་པ་དང་། སྡུག་བདེན་རང་སྤྱིའི་མཚན་ཉིད་དང་། འགོག་བདེན་སྟོང་ཉིད་ཀྱི་སྒོ་ནས་བསྟན་པའོ། །དང་པོ་ཀུན་འབྱུང་སྤང་གཉེན་གྱི་སྒོ་ནས་འཆད་པ་ནི། འདི་ལྟར་ཡུལ་ལ་རྒྱབ་ཀྱིས་ཕྱོགས་པའི་འདོད་ཆགས་དང་བྲལ་བའི་ལམ་ཤེས་ཀྱི་རྣམ་པ་ནི་ཡུལ་ལ་ལྟ་བ་སོགས་སུ་བྱེད་འདོད་པའི་འདུན་པའི་གཉེན་པོ་དང་། ཡུལ་ལ་མངོན་པར་ཞེན་པས་མི་གནས་པའི་རྣམ་པ་ནི་ཡུལ་འདོད་པ་སྔོན་དུ་འགྲོ་བ་ཅན་གྱི་མངོན་པར་ཞེན་པ་འདོད་ཆགས་ཀྱི་གཉེན་པོའོ། །འདི་གཉིས་ཀྱང་འདུན་པ་རྒྱུ་དང་འདོད་ཆགས་འབྲས་བུ་ཡིན་པས་གཅིག་དང་བྲལ་ན་གཅིག་དང་བྲལ་བ་ཙམ་རྒྱུ་མཚན་དུ་བྱས་ནས་སྤང་གཉེན་དུ་སྦྱར་བའོ། །མཚན་མ་དང་ཉེས་པ་ཞི་བའི་རྣམ་པ་ནི་མ་འོངས་པའི་ལྷ་མིའི་ལུས་རྟེན་ལ་མངོན་པར་དགའ་བའི་སྲིད་པའི་གཉེན་པོ་སྟེ། སྤང་བྱ་དེ་གསུམ་ནི་ཀུན་འབྱུང་གི་ངོ་བོའི་རྣམ་པ་རྒྱུ་གང་ཡིན་པ་དེའོ། །འདོད་ཆགས་ལ་སོགས་པ་གསུམ་མེད་པའི་རྣམ་པ་ནི། འདོད་ཆགས་སོགས་གསུམ་གྱི་གཉེན་པོ་སྟེ་སྤང་བྱ་དེ་གསུམ་ནི་ཀུན་འབྱུང་གི་རྣམ་པ་ཀུན་འབྱུང་གང་ཡིན་པ་དེའོ། །ཉོན་མོངས་ཀྱི་རྒྱུ་ཚུལ་མིན་ཡིད་བྱེད་དང་བྲལ་བས་ཉོན་མོངས་མེད་པའི་རྣམ་པ་ནི་གཙང་བདེ་སོགས་སུ་ཀུན་ཏུ་རྟོག་པའི་གཉེན་པོ་སྟེ། སྤང་བྱ་དེ་ནི་ཀུན་འབྱུང་གི་རྣམ་པ་རབ་སྐྱེའོ། །སེམས་ཅན་ནམ་བདག་མེད་པར་ཤེས་པའི་རྣམ་པ་ནི། སེམས་ཅན་དུ་མངོན་པར་ཞེན་པ་འཇིག་ལྟའི་གཉེན་པོ་སྟེ། སྤང་བྱ་དེ་ནི་ཀུན་འབྱུང་གི་ངོ་བོའི་རྣམ་པ་རྐྱེན་གང་ཡིན་པ་དེ་ཡིན་ནོ། །དེ་ལྟར་ཀུན་འབྱུང་གི་རྣམ་པ་དངོས་མ་བསྟན་པར་གཉེན་པོ་གསུངས་པ་ནི་ཀུན་འབྱུང་དེ་སྤང་བྱར་བསྟན་པའི་ཕྱིར་རོ། །གཉིས་པ་ལ་ལམ་བདེན་གྱི་རྣམ་པ་ནི། ཚད་མེད་པས་ནི། སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པའི་ཐེག་ཆེན་ལམ་གྱི་ངོ་བོ་བསྟན་ལ། མཐའ་གཉིས་དང་མ་འབྲེལ་བས་ནི། དེས་ཇི་ལྟར་སེམས་ཅན་ལ་གོ་འབྱེད་པའི་རྒྱུ་མཚན་བསྟན་ཏེ། སྲིད་ཞིའི་མཐའ་གཉིས་སུ་འཛིན་པ་དང་བྲལ་བའི་སྒོ་ནས་གཞན་གྱི་དོན་བྱེད་པས་སོ། །དེ་ཡང་སྲིད་ཞི་གང་རུང་ལ་ཞེན་ན་ཚད་མེད་པའི་དོན་བྱེད་པ་མི་འབྱུང་བས་སོ། །ཐ་མི་དད་པ་ནི། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཐ་མི་དད་པར་མ་ལུས་པར་རྟོགས་པའི་རིགས་པ་གང་ཡིན་པའི་ངོ་བོ་བསྟན་ལ། མཆོག་ཏུ་འཛིན་པ་མེད་པས་ནི། ཐེག་ཆེན་གྱི་རིགས་པ་དེ་ཇི་ལྟར་མ་ལུས་པ་རྟོགས་པ་ཡིན་པའི་རྒྱུ་མཚན་བསྟན་ཏེ། ཉན་རང་གི་ས་ཙམ་གྱིས་ཆོག་མི་ཤེས་པར་ཐེག་ཆེན་གྱི་ཡོན་ཏན་མཐའ་དག་སྒྲུབ་པས་སོ། །དེ་ཡང་ཉན་རང་གི་ས་ལ་མཆོག་ཏུ་བཟུང་ན་ཕྱོགས་གཅིག་པའི་རིགས་པར་འགྱུར་བས་སོ། །རྣམ་པར་མི་རྟོག་པས་ནི་བདག་གཉིས་སུ་མི་རྟོག་པར་ཡུལ་རྟོགས་པར་བྱེད་པའི་སྒྲུབ་པ་གང་ཡིན་པའི་ངོ་བོ་བསྟན་ལ། གཞལ་དུ་མེད་པས་ནི་ཐེག་ཆེན་སྒྲུབ་པ་དེ་ཇི་ལྟར་མི་རྟོག་པ་ཡིན་པའི་རྒྱུ་མཚན་བསྟན་ཏེ། ཐོབ་ཟིན་ཉམས་པ་ལ་དམན་པ་དང་། མ་ཐོབ་པ་ཐོབ་པ་ལ་གྱ་ནོམ་པར་འཛིན་པའི་རྟོག་པ་དང་བྲལ་བ་སྔོན་དུ་བཏང་ནས་ཆོས་ཉིད་ལ་ཤེས་བྱའི་ཡུལ་དུ་མི་འཛིན་པས་སོ། །ཆགས་པ་མེད་པའི་རྣམ་པས་ནི། ཆོས་ཐམས་ཅད་ལ་ནམ་མཁའ་ལྟར་ཆགས་པ་དང་བྲལ་བའི་ངེས་པར་འབྱིན་པའི་ངོ་བོ་བསྟན་ལ། དེ་ལ་འཐད་པ་མ་གསུངས་པ་ནི་གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་པའོ། །དེ་ལྟར་ན་མདོར་ལམ་བདེན་དམ་བཅའ་དང་རྒྱུ་མཚན་གཉིས་གཉིས་ཀྱི་སྒོ་ནས་ཁྱད་པར་དུ་གྱུར་པར་གསུངས་པ་ནི་ལམ་རྒྱུད་ལ་བརྟེན་པའི་ཕྱིར་རོ། །གསུམ་པ་སྡུག་བདེན་གྱི་རྣམ་པ་ནི། སྐྱེ་འཇིག་གི་ངོ་བོར་གནས་པས་མི་རྟག་པ་དང་། འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཁྱབ་པས་སྡུག་བསྔལ་བ་དང་། རྟེན་པར་བྱེད་པའི་བདག་དང་འབྲེལ་བ་མེད་པས་སྟོང་པ་དང་། རང་ཉིད་བདག་མ་ཡིན་པས་བདག་མེད་པ་དང་། གྲངས་ལྔ་པ་དེ་ཁོ་ནར་ཆོས་ཐམས་ཅད་མངོན་པར་མ་གྲུབ་པས་མཚན་ཉིད་དམ་རང་བཞིན་མེད་པའི་རྣམ་པའི་ངོ་བོ་ཉིད་རྣམས་ཏེ་དེ་ལྟར་ན་ལྔའོ། །སྔ་མ་བཞི་རང་རང་གི་ངོ་བོ་དང་ཐ་མ་ནི་བཞི་གའི་ངོ་བོ་ཡིན་ཞིང་ཐམས་ཅད་ལ་ཁྱབ་པས་རང་དང་སྤྱི་མཚན་ནོ། །སྡུག་བདེན་རང་སྤྱིའི་མཚན་ཉིད་ཀྱིས་བསྟན་པ་ནི་སྡུག་བསྔལ་ཤེས་བྱ་ཡིན་པའི་ཕྱིར་རོ། །བཞི་པ་འགོག་བདེན་གྱི་རྣམ་པ་ནི། ནང་སྟོང་པ་ཉིད་ཀྱི་རྣམ་པ་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྣམ་པའི་བར་བཅུ་དྲུག་གསུངས་པའོ། །ཇི་ལྟར་དེས་འགོག་པའི་རྣམ་པ་བསྟན་ཞེ་ན། འདི་ལ་ལྔ། དངོས། བཏགས་པ། བྱེད་པ་པོ། ཡུལ་དུ་འཁྲུལ་བ། ངོ་བོ་ཉིད་འགོག་པའོ། ། དང་པོ་ནི་ནང་དང་ཕྱི་དང་གཉིས་ཀའི་སྟོང་པ་ཉིད་ཀྱི་རྣམ་པ་གསུམ་གྱིས་ནི་འགོག་བདེན་གྱི་ངོ་བོའི་རྣམ་པ་འགོག་པའི་ངོ་བོ་ཉིད་བསྟན་ཏེ། དེ་ནི་མིག་སོགས་ནང་དང་། གཟུགས་སོགས་ཕྱི་དང་། དབང་པོའི་རྟེན་ནང་ཕྱི་གཉིས་ཀའི་ཟག་བཅས་ཀྱི་དངོས་པོ་རྣམས་འགགས་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །གཉིས་པ་ནི་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་ནས་དོར་བ་མེད་པ་སྟོང་པ་ཉིད་ཀྱི་རྣམ་པའི་བར་བརྒྱད་ཀྱིས་ནི་འགོག་བདེན་གྱི་ངོ་བོའི་རྣམ་པ་ཞི་བའི་རྣམ་པའི་ངོ་བོ་ཉིད་བསྟན་ཏེ། དེ་ནི་སྟོང་ཉིད་དུ་ལྟ་བའི་གཉེན་པོ་དང་དབྱིབས་སུ་བཀོད་པ་ཙམ་གྱི་སྣོད་ཀྱི་འཇིག་རྟེན་དང་། དོན་དམ་པར་མ་གྲུབ་པའི་ཕྱོགས་དོན་དམ་པ་དང་། འདུས་མ་བྱས་ཀྱི་མཚན་ཉིད་ལ་ལྟོས་པ་ཙམ་གྱི་འདུས་བྱས་དང་། དེ་ལས་བཟློག་པའི་འདུས་མ་བྱས་དང་། མཐར་འཇོག་བྱེད་ཀྱི་དབུས་མ་གྲུབ་པས་རྟག་པ་དང་ཆད་པའི་མཐའ་མེད་པ་དང་། ཐོག་མཐའ་མེད་པ་དང་འདྲ་བར་དབུས་ཀྱང་ཆོས་ཉིད་ལྟར་གྱུར་པའི་འཁོར་བ་ཐོག་མ་དང་ཐ་མ་མེད་པ་དང་། གཟིང་དང་འདྲ་བར་འབྲས་བུའི་ཚེ་སྤང་བར་བྱ་བ་ཡིན་པའི་ཕྱིར་ལམ་དུས་སུ་དོར་བ་མེད་པའི་ཆོས་ཕྱོགས་མཐུན་ཏེ། དེ་བརྒྱད་ལ་སྒྲོ་བཏགས་པའི་བདག་ཉིད་ཅན་གྱི་མངོན་པར་ཞེན་པ་བརྒྱད་ཞི་བའི་ཕྱིར་རོ། །སྔ་མ་དངོས་པོ་དང་འདི་ལ་བཏགས་པ་འགོག་པ་ཞེས་གསུངས་པའི་དོན་ཡང་སྔ་མར་ཡུལ་ཟག་བཅས་ཀྱི་སྡུག་བསྔལ་དང་འདིར་ཡུལ་ལ་ཡུལ་ཅན་གྱི་སྒྲོ་བཏགས་པའི་ཞེན་པ་འགོག་པའི་དོན་ཡིན་ནོ། །གསུམ་པ་ནི་རང་བཞིན་ཉིད་ཀྱི་རྣམ་པས་ནི་འགོག་བདེན་གྱི་ངོ་བོའི་རྣམ་པ་གྱ་ནོམ་པ་གང་ཡིན་པ་དེ་བསྟན་ཏེ་དེ་ནི་མུ་སྟེགས་སོགས་གཞན་གྱི་ཀུན་བཏགས་པའི་གཙོ་བོ་དང་དབང་ཕྱུག་ལ་སོགས་པའི་བྱེད་པ་པོ་དགག་པ་སྟེ་དེ་དག་གིས་མ་བྱས་པར་རང་བཞིན་གྱིས་སྐྱོན་དང་བྲལ་བའི་དག་པ་ཡིན་པས་སོ། །བཞི་པ་ནི་ཆོས་ཐམས་ཅད་དང་རང་གི་མཚན་ཉིད་མི་དམིགས་པ་སྟོང་པ་ཉིད་ཀྱི་རྣམ་པ་གསུམ་གྱིས་ནི་འགོག་བདེན་གྱི་ངོ་བོའི་རྣམ་པ་ཇི་ལྟར་ངེས་པར་འབྱུང་བའི་རྣམ་པ་བསྟན་ཏེ་དེ་ནི་བཏགས་པ་ཙམ་དུ་དང་། མཚན་ཉིད་དུ་དང་། དུས་སུ་འཁྲུལ་པ་གསུམ་དགག་པའོ། །གསུམ་ནི་ཆོས་ཐམས་ཅད་དང་གཟུགས་སུ་རུང་བ་སོགས་དང་། འདས་སོགས་ལ་ཡུལ་དུ་འཁྲུལ་བའི་བདག་ཉིད་དོ། །ངེས་འབྱུང་གིས་ཐོབ་བྱ་ཡིན་པའི་ཕྱིར་ཇི་ལྟར་ངེས་འབྱུང་གིས་འཁྲུལ་པ་གསུམ་བསལ་ནས་དེ་ཇི་ལྟར་འཐོབ་ཚུལ་བསྟན་ཏོ། །ལྔ་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་གཅིག་གིས་ནི་འགོག་བདེན་གྱི་ངོ་བོའི་རྣམ་པ་དང་ངེས་པར་འབྱུང་བའི་རྣམ་པ་བསྟན་ཏེ། དེ་ནི་དངོས་པོ་དངོས་མེད་དང་རང་གཞན་གྱི་ངོ་བོ་ཉིད་བཞི་དགག་པའོ། །འདིར་གང་ངེས་འབྱུང་གིས་ནི་ཐོབ་བྱའི་ངོ་བོར་བདེན་པ་བཀག་སྟེ། ངོ་བོ་བཞི་མེད་པར་བསྟན་པས་སོ། །དེ་ལྟར་འགོག་བདེན་སྒྲིབ་པ་འགགས་པས་བསྟན་པ་ན་ནི་མངོན་དུ་བྱ་རྒྱུར་བསྟན་པའི་ཕྱིར་རོ། །གསུམ་པ་རྣམ་མཁྱེན་གྱི་རྣམ་པ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་མདོར་བསྟན་པ་ལ་ཡང་། མདོར་བསྟན་དངོས་དང་རྣམ་མཁྱེན་གྱི་རྣམ་པ་ལ་གསུམ་དུ་དབྱེ་བའི་རྒྱུ་མཚན་གཉིས། དང་པོ་མདོར་བསྟན་དངོས་ནི། རྣམ་མཁྱེན་གྱི་རྣམ་པ་དེ་ལ་ཡང་དབྱེ་ན་ཀུན་མཁྱེན་རྣམ་པ་གསུམ་གྱི་སྒོ་ནས་དབྱེ་བས། ཉན་ཐོས་ལ་ཡོད་པའི་རྣམ་པ་སོ་བདུན་དང་། བྱང་སེམས་ལ་ཡོད་པའི་སོ་བཞི་དང་། སངས་རྒྱས་རྣམས་ལ་ཡོད་པའི་རྣམ་པ་སོ་དགུ། དེ་དག་བསྡོམས་པས་བརྒྱ་རྩ་བཅུའོ། །གཉིས་པ་རྣམ་མཁྱེན་གྱི་རྣམ་པ་ལ་མཁྱེན་གསུམ་དུ་ཕྱེ་བའི་རྒྱུ་མཚན་ནི། ཁ་ཅིག་རྣམ་མཁྱེན་གྱི་འཕགས་པའི་གང་ཟག་ཐམས་ཅད་ཀྱི་ཡོན་ཏན་ཡར་ལྡན་དུ་བསྡུས་པས་ན། ཉན་ཐོས་དང་བྱང་སེམས་ཀྱི་རྒྱུད་ལ་སྐྱེས་པའི་སོ་བདུན་དང་སོ་བཞི་དང་རྗེས་མཐུན་པ་རྣམ་མཁྱེན་ལ་ཡོད་པ་དེ་དག་ལ་དེ་དག་གིས་མིང་གིས་བཏགས་ནས་བསྟན་པ་ཙམ་ཡིན་ཏེ་ལམ་གྱི་བདེན་པའི་རྗེས་མཐུན་པར་ཞེས་གསུངས་པའི་ཕྱིར་ཞེས་བཞེད། ཁ་ཅིག་ཐེག་པ་ཐམས་ཅད་ནི་སངས་རྒྱས་ཀྱི་རྒྱུ་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པའི་རྒྱུའི་རྣམ་པར་བཞག་གི། དངོས་སུ་ན་ཐམས་ཅད་ཤེས་པའི་རྣམ་པར་གོང་དུ་དྲངས་ཏེ་བརྩིའོ་ཞེས་ཟེར་རོ། །འོན་ཀྱང་རང་ལུགས་ནི། སོ་བདུན་དང་སོ་བཞིའི་རྣམ་པ་འདི་དག་རྣམ་མཁྱེན་གྱི་ཤེས་རྣམ་དང་རྒྱུའི་རྣམ་པ་གཉིས་ཀར་མི་བཞེད་དེ་རྣམ་མཁྱེན་གྱི་ཡུལ་དོན་རྣམ་དུ་བཞེད་དོ། །དེ་ཡང་རྣམ་མཁྱེན་ནི་ཡུལ་གཞི་ལམ་རྣམ་གསུམ་དང་ཡུལ་ཅན་མཁྱེན་གསུམ་ལ་བརྟེན་པའི་རྣམ་པ་མ་ལུས་པའི་ཡུལ་ཅན་ཡིན་པས་འདིའི་རྣམ་པ་སྟོན་པ་ན་གཞི་ཤེས་དང་ལམ་ཤེས་གཉིས་ཀྱི་རྣམ་པ་ཡང་སྟོན་དགོས་ལ། སྔར་མཚན་ཉིད་ཀྱི་སྒོ་ནས་བསྟན་པས་འདིར་ནི་དེ་གཉིས་མཚན་གཞིའི་སྒོ་ནས་བསྟན་ཏོ། །སྔར་གྱི་ཉེར་བདུན་དང་སོ་དྲུག་གི་དོན་རྣམ་དེ་གཉིས་རྟོགས་པར་བྱེད་པ་པོ་ནི་འདིའི་སོ་བདུན་དང་སོ་བཞི་ཡིན་པའི་ཕྱིར། ཡུལ་ཅན་འདི་དག་དམིགས་པར་བཤད་པ་ན་དེ་དག་གི་ཡུལ་བདེན་བཞི་ཡང་འདིའི་དམིགས་པར་འགྱུར་ཏེ། ལམ་དེའི་དམིགས་ཡུལ་དང་རྣམ་པ་འདི་ལྟ་བུའོ་ཞེས་མ་བཟུང་བར་དེ་ཤེས་པར་བྱེད་མི་ནུས་པས་སོ། ། དོན་གྱི་དབང་འདི་གཟིགས་ནས་བསྟན་བཅོས་སུ་དངོས་སུ་ལམ་བདེན་ལ་བརྟེན་པའི་རྣམ་པ་ཉི་ཚེ་བཤད་དོ། །སྔར་བཤད་པ་དང་ཟློས་པར་ཡང་མི་འགྱུར་ཏེ། སྔར་ནི་དེ་གཉིས་རང་རང་གི་རྟོགས་བྱ་བསྟན་ལ་འདིར་ནི་རྣམ་མཁྱེན་གྱི་རྟོགས་བྱར་བསྟན་པས་སོ། །དེས་ན་ལམ་གྱི་བདེན་པའི་རྗེས་མཐུན་པ་ཞེས་པ་ཡང་ཡིན་པ་ལ་བྱེད་ཀྱི་བཏགས་པ་ལ་བྱེད་ན་མི་འཐད་དེ། ལམ་གསུམ་ག་ལ་འབྱུང་བས་སོ་དགུ་ལ་ཡང་ཐལ་བར་འགྱུར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། གཞི་ཤེས་དང་། ལམ་ཤེས་དང་། རྣམ་མཁྱེན་རྣམས་རྒྱས་པར་བཤད་པའོ། །དང་པོ་གཞི་ཤེས་ཀྱི་རྣམ་པ་རྒྱས་པར་བཤད་པ་ལ་གཉིས། སྤྱི་དང་ཡན་ལག་གི་དོན་ནོ། །དང་པོ་སྤྱིའི་དོན་ལ་གསུམ། ལམ་གང་དུ་སྒོམ་པ། རྫས་བཏགས་ཀྱི་ཁྱད་པར། སྒྲ་བཤད་པའོ། །དང་པོ་ལམ་གང་དུ་སྒོམ་པ་ནི། སྤྱིར་ཐེག་ཆེན་གྱི་གཞུང་རྣམས་ལས། ཚོགས་ལམ་ན་སྡེ་ཚན་དང་པོ་གསུམ་དང་། དྲོད་རྩེ་ནས་དབང་པོ། བཟོད་མཆོག་ན་སྟོབས། མཐོང་ལམ་ན་བྱང་ཆུབ་ཡན་ལག་དང་། སྒོམ་ལམ་ན་ལམ་གྱི་ཡན་ལག་སྒོམ་པར་གསུངས་ལ། ཕྱི་མ་གཉིས་ནི་གཙོ་བོ་གཙོ་ཆེ་བ་ཡིན་གྱིས་མཐོང་ལམ་ན་ཡང་ལམ་གྱི་ཡན་ལག་ཡོད་དོ། ། མཛོད་ལས་ནི། ཚོགས་ལམ་ན་དྲན་ཉེ། སྦྱོར་ལམ་ན་ཡང་དག་སྤོང་བ་ནས་སྟོབས་ཀྱི་བར་བཞི། སྒོམ་ལམ་ནི་མཐོང་ལམ་ལས་བྱང་ཆུབ་ལ་ཉེ་བའི་ཕྱིར་དེ་ལ་བྱང་ལག །འཇིག་རྟེན་ན་ལམ་ནི་འགྲོ་བས་ཕྱེ་ལ་མཐོང་ལམ་ནི་སྒོམ་ལམ་ལས་ཆེས་མྱུར་བར་འགྲོ་བས་དེ་ལ་ལམ་གྱི་ཡན་ལག་གོ་ཞེས་འཆད་ལ་གོ་རིམ་འདི་ནི་བྱེ་སྨྲའི་འདོད་པ་ཡིན་པས་སློབ་དཔོན་དབྱིག་གཉེན་གྱིས་ཀྱང་རང་འགྲེལ་དུ་བཀག་གོ །ཁ་ཅིག་བཞེད་པ་སྔ་ཕྱི་འདི་གཉིས་བྱང་སེམས་དང་ཉན་ཐོས་སོ་སོའི་ཇི་ལྟར་སྒོམ་ཚུལ་དུ་འཆད་པ་ནི། འཕགས་པ་རྣམས་ཀྱི་རྒྱུད་ལ་མངོན་རྟོགས་སྐྱེ་ཚུལ་དང་། གྲུབ་མཐའ་སྨྲ་བའི་སྒྲོ་བཏགས་མ་ཕྱེད་པ་སྟེ། བྱེ་བྲག་སྨྲ་བས་ཀྱང་འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་བྱས་ནས་དེ་ལྟར་བཞག་ལ་ཐེག་ཆེན་ལས་ཀྱང་སྤྱིའི་དབང་དུ་བྱས་པའི་ཕྱིར་རོ། དེས་ན་བྱེ་སྨྲའི་གྲུབ་མཐའ་ནས་བཤད་ཚད་ཉན་རང་ལ་དེ་ལྟར་འོང་བའི་ངེས་པ་ག་ལ་ཡོད་དེ། གཞན་དུ་ཉན་རང་གི་བློ་ལ་རིག་མེད་པ་དང་། དེ་ལ་ཀུན་གཞི་མི་སྲིད་པ་དང་དེའི་ཕུང་སོགས་དོན་དམ་པ་མི་སྟོང་པར་ཡང་འདོད་དགོས་ཏེ་མཐའ་ཡས་སོ། །གཉིས་པ་རྫས་བཏགས་ཀྱི་ཁྱད་པར་ནི། མཛོད་ལས། མིང་གི་སྒོ་ནས་རྫས་སུ་བཅུ། །དད་དང་བརྩོན་འགྲུས་དྲན་པ་དང་། །ཤེས་རབ་ཏིང་འཛིན་བཏང་སྙོམ་དགའ། ། རྟོག་དང་ཚུལ་ཁྲིམས་ཤིན་ཏུ་སྦྱངས། །ཞེས་ངག་ལས་མཐའ་འཚོ་བ་གསུམ་གཅིག་ཏུ་བསྡུས་ནས་རྫས་བཅུར་བཤད་དོ། །རང་འགྲེལ་ལས། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟར་ན་ལུས་དང་ངག་གི་ལས་དག་ཐ་དད་ཅིང་རིགས་མི་མཐུན་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཡན་ལག་རྣམས་རྫས་གཉིས་ཡིན་པས་རྫས་བཅུ་གཅིག་ཡིན་ནོ། །ཞེས་ཀྱང་འབྱུང་ངོ་། །གསུམ་པ་སྒྲ་བཤད་པ་ནི། མཛོད་ལས། ཟད་དང་མི་སྐྱེ་ཤེས་པ་ནི། །བྱང་ཆུབ་དེ་དང་མཐུན་ཉིད་ཕྱིར། །སུམ་ཅུ་རྩ་བདུན་དེ་ཕྱོགས་མཐུན། །ཞེས་པ་ལྟར་རོ། །གཉིས་པ་ཡན་ལག་གི་དོན་ལ་བདུན། དངོས་པོ་ལ་རྟོག་པ་དང་། རྩོལ་བ་ལས་བྱུང་བ་དང་། ཏིང་ངེ་འཛིན་སྦྱོང་བ་དང་། མངོན་པར་རྟོགས་པར་སྦྱོར་བ་དང་། མངོན་པར་རྟོགས་པ་དང་འབྲེལ་བ་དང་། མངོན་པར་རྟོགས་པ་དང་རྣམ་དག་ངེས་པར་འབྱིན་པའི་ལམ་མོ། །སྡེ་ཚན་བདུན་གྱི་དང་པོར་ལུས་སོགས་ཀྱི་དངོས་པོ་སྟེ་ཡུལ་ལ་ཡོངས་སུ་རྟོག་པའི་ལམ་འཆད་དེ། དེ་ཡང་དྲན་པ་ཉེ་བར་བཞག་པའི་རྣམ་པ་བཞིའོ། །འོ་ན་ཡུལ་གང་ལ། ཚུལ་ཇི་ལྟ་བུས། ངོ་བོ་གང་གིས། དགོས་པ་གང་གི་ཕྱིར་རྟོག་ཅེ་ན། དང་པོ་ཡུལ་ནི། ལུས་ནས་ཆོས་ཀྱི་བར་རོ། །དེ་ལ་ལུས་ནི་གསུམ་ལས། ནང་གི་ལུས་ནི་ནང་གི་དབང་པོ་གཟུགས་ཅན་ལྔའོ། །གནོད་འཇོམས་ཆེ་བ་དང་ཤཱནྟིས་དབང་པོ་དྲུག་ལ་བྱས་པ་ཀུན་བཏུས་དང་མི་མཐུན་ནོ། །ཕྱིའི་ལུས་ནི་དབང་པོའི་རྟེན་མ་ཡིན་པའི་གཟུགས་སྒྲ་སོགས་ཡུལ་ལྔའོ། །ཕྱི་ནང་གཉིས་ཀའི་ལུས་ནི་དབང་པོའི་རྟེན་བྱེད་པའི་ཕྱིའི་སྐྱེ་མཆེད་གཟུགས་ཅན་གཞན་རྒྱུད་ཀྱི་དབང་པོ་ལྔའོ། །ཚོར་བ་ནི་བདེ་སྡུག་བཏང་སྙོམས་སོ། ། སེམས་ནི་རྣམ་པར་ཤེས་པའི་ཕུང་པོའོ། །ཆོས་ནི་ཚོར་བས་གཏོགས་པའི་སེམས་བྱུང་དང་། ལྡན་མིན་དང་། འདུས་མ་བྱས་སོ། །ཐ་མ་གསུམ་གྱི་ནང་ལ་སོགས་པ་ནི་རིམ་པ་ལྟར་ལུས་གསུམ་པོ་དེ་ལ་བརྟེན་པའམ། དེ་གསུམ་ལ་དམིགས་ནས་བྱུང་བའོ། །དེ་བཞི་ཡང་རིམ་པ་ལྟར་བྱིས་པ་རྣམས་ཀྱིས་བདག་རྟེན་དུ་དང་། བདག་གི་ལོངས་སྤྱོད་ཀྱི་གཞི་དང་། བདག་གི་ངོ་བོར་དང་། བདག་ཀུན་བྱང་དུ་འགྱུར་བའི་གཞིར་རྟོགས་པའི་ཡུལ་ལོ། །གཉིས་པ་ཚུལ་ཇི་ལྟར་རྟོག་པ་ནི། ལུས་སོགས་བཞི་ལ་རང་སྤྱིའི་མཚན་ཉིད་གཉིས་ཀྱིས་སྒོ་ནས་ཡོངས་སུ་བརྟགས་པའོ། །དེ་ཡང་སྤྱིའི་མཚན་ཉིད་ནི། འདུས་བྱས་རྣམས་མི་རྟག་པ་དང་། ཟག་པ་དང་བཅས་པ་རྣམས་སྡུག་བསྔལ་བ་དང་། ཆོས་ཐམས་ཅད་སྟོང་པ་དང་བདག་མེད་པ་ཉིད་དོ་ཞེས་པ་དང་། རང་མཚན་ནི། ལུས་འབྱུང་བ་དང་། འབྱུང་གྱུར་གྱི་དང་། ཚོར་བ་མྱོང་བའི་དང་། སེམས་དམིགས་བྱེད་ཀྱི་དང་། ཆོས་ལ་ནི་སེམས་བྱུང་ལ་སོགས་རང་རང་གི་ངོ་བོ་གང་ཡིན་པ་སྟེ་དེར་ལྟ་བ་ལ་བཤད་དོ། །གཞན་ཡང་རྣམ་རྟོག་གི་གཟུགས་བརྙན་རོ་བམ་པ་དང་། འབུས་གཞིག་པ་སོགས་སུ་ཡིད་ལ་སྣང་བ་དང་། རང་བཞིན་གྱི་ལུས་མ་ཤི་བའི་རང་གི་ལུས་ལ་དེ་ལྟ་བུའི་ཆོས་ཅན་དེ་ལྟ་བུའི་རང་བཞིན་ཅན་མཚན་ཉིད་དེ་ལས་མ་འདས་པའོ། །ཞེས་མི་གཙང་བར་མཉམ་པ་ཉིད་དུ་ལྟ་བ་སྟེ། ཚིག་གསུམ་ནི་འདས་མ་འོང་དང་ད་ལྟར་གྱི་ལུས་གསུམ་ལ་སྦྱོར་རོ། །ཚོར་བ་རྣམས་སྡུག་བསྔལ་བ་དང་། སེམས་རྣམས་རྟེན་དང་དམིགས་པ་ཐ་དད་ལས་གཞན་དང་གཞན་དུ་སྐྱེ་བས་མི་རྟག་པ་དང་། ཆོས་རྣམས་བདག་དང་བྲལ་བའི་ཀུན་བྱང་ཙམ་མོ་ཞེས་སྒོམ་པའོ། །དེ་ནི་ཐུན་མོང་གི་སྒོམ་ཡིན་ལ། ཐུན་མོང་མ་ཡིན་པ་ནི་ཁྱད་པར་གསུམ་སྟེ། དམིགས་པ་དང་། ཡིད་བྱེད་དང་། འཐོབ་པའོ། །དང་པོ་ནི། ཉན་རང་རྣམས་རང་གི་ལུས་སོགས་ཁོ་ན་དང་། བྱང་སེམས་རྣམས་རང་གཞན་གཉིས་ཀའི་དེ་ལ་དམིགས་པའོ། །གཉིས་པ་ནི། ཉན་རང་རྣམས་མི་རྟག་སོགས་སུ་ཡིད་ལ་བྱེད་ལ། བྱང་སེམས་རྣམས་ཆོས་ཀྱི་མཚན་མ་དེར་མི་དམིགས་པར་སྒོམ་པའོ། །གསུམ་པ་ནི། ཉན་རང་རྣམས་ཟག་བཅས་ཀྱི་ལུས་སོགས་དང་བྲལ་བ་ཁོ་ནའི་ཕྱིར་སྒོམ་ལ། བྱང་སེམས་རྣམས་དེ་དང་འབྲལ་མི་འབྲལ་གཉིས་ཀའི་ཕྱིར་མིན་གྱི་མི་གནས་པའི་མྱང་འདས་སྒྲུབ་པའི་ཕྱིར་རོ། ། གསུམ་པ་ངོ་བོ་ནི། ཤེས་རབ་དང་དྲན་པའོ་ཞེས་པ་ལྟར་ལུས་སོགས་ཀྱི་རང་སྤྱིའི་སོ་སོར་ཕྱེ་བའི་ཤེས་རབ་དང་ཕྱེ་བ་ལྟར་མ་བརྗེད་པར་འཛིན་པའི་དྲན་པའོ། །བཞི་པ་དགོས་པ་ནི། བདེན་པ་བཞི་ཤེས་སྤོང་མངོན་དུ་བྱེད་སྒོམ་པ་ལ་འཇུག་པར་བྱ་བའི་ཕྱིར་དུ་སྒོམ་སྟེ། འདི་ལྟར་ལུས་དྲན་ཉེས་ཟག་བཅས་ཀྱི་ལུས་གནས་ངན་ལེན་གྱི་སྡུག་བསྔལ་གྱི་ངོ་བོར་ཤེས་པ་དང་། ཚོར་བ་དྲན་ཉེས་ཚོར་བ་བདེ་སྡུག་ནི་མི་འབྲལ་བ་དང་། འབྲལ་བར་སྲེད་པའི་རྒྱུ་ཡིན་པར་འབྲས་བུའི་སྒོ་ནས་རྟོགས་ལ་སྲེད་པ་ཡང་ཀུན་འབྱུང་གི་གཙོ་བོ་ཡིན་པས་དེ་སྤོང་བར་བྱེད་པ་དང་། སེམས་དྲན་ཉེས་བདག་ཏུ་འཛིན་པའི་གཞི་སེམས་ལ་མི་རྟག་སོགས་སུ་དཔྱད་པས་དེར་ཞེན་པ་ལྡོག་ལ། དེས་ན་བདག་ཆད་པར་དོགས་པ་མེད་པས་འགོག་པ་མངོན་དུ་བྱ་བ་ལ་མི་སྐྲག་པ་དང་། ཆོས་དྲན་ཉེས་ཀུན་ཉོན་གྱི་ཆོས་ཐམས་ཅད་མི་མཐུན་པ་དང་། རྣམ་བྱང་གི་ཆོས་རྣམས་དེའི་གཉེན་པོར་ཤེས་པ་ན་དེ་ཉིད་ཉེར་འཚེ་ལྡོག་པའི་ཐབས་སུ་ཤེས་ནས་སྐྱེད་པར་བྱེད་པའི་ཚུལ་དེས་བདེན་བཞི་ལ་འཇུག་སྟེ། དབུས་མཐའ་ལས། གནས་ངན་ལེན་ཕྱིར་སྲེད་རྒྱུའི་ཕྱིར། །གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱ་བས། ། དྲན་པ་ཉེ་བར་བཞག་པ་སྒོམ། །ཞེས་དང་། གཞན་ཡང་གཙང་བདེ་རྟག་བདག་ཏུ་འཛིན་པའི་ཕྱིན་ཅི་ལོག་བཞི་སྤོང་བ་དང་། ཟག་བཅས་ཀྱི་ལུས་སོགས་བཞི་ལ་ཞེན་པ་གཅོད་པ་དང་། དེ་བཞི་དང་བྲལ་བ་འཐོབ་པའི་ཕྱིར་རོ། །ཅིའི་ཕྱིར་བཞི་པོ་དེ་ལ་དྲན་ཉེ་བྱ་ཞེ་ན། བྱེ་སྨྲ་རྣམས་ཤིང་གཤགས་པ་ཁྱེའུས་འཛིན་པ་ལྟར་དྲན་པས་དམིགས་རྣམ་མ་བརྗེད་པའི་སྟོབས་ཀྱིས་ཤེས་རབ་ཡུལ་ལ་འཇོག་པས་སོ། །ཞེས་འདོད་ཀྱང་། སློབ་དཔོན་གྱིས་ཤེས་རབ་ཀྱིས་དངོས་པོར་དམིགས་ཡུལ་སོ་སོར་ཕྱེ་བ་དེའི་རྗེས་སུ་དྲན་པས་དེ་འཛིན་པས་ཤེས་རབ་ཀྱི་ཡུལ་ལ་དྲན་པ་ཉེ་བར་བཞག་པས་ནའོ། །ཞེས་གསུངས་པ་ཉིད་ལེགས་སོ། །གཉིས་པ་རྩོལ་བ་ལས་བྱུང་བའི་ལམ་ནི། ལུས་སོགས་ཀྱི་དངོས་པོ་ལ་རང་སྤྱིའི་སྒོ་ནས་བརྟགས་ཏེ་ཞུགས་པ་ལ་སྤང་གཉེན་ལ་འདོར་ལེན་བྱེད་པའི་བརྩོན་འགྲུས་འབྱུང་བས་ལམ་དེ་ལ་ཡང་དག་པར་སྤོང་བ་བཞིའོ། །དེ་ལ་ཡང་སྔར་ལྟར། དང་པོ་ཡུལ་གང་ལ་དམིགས་ནས་སྤོང་བ་ནི། དགེ་བ་རྣམ་བྱང་དང་། མི་དགེ་བ་ཀུན་ཉོན་སྐྱེས་པ་དང་མ་སྐྱེས་པ་བཞིའོ། །གཉིས་པ་ཚུལ་ཇི་ལྟར་སྤོང་བ་ནི། ཀུན་ཉོན་སྐྱེས་པ་དག་རྒྱུན་མཐུད་དུ་མི་འཇུག་པའི་སྒོ་ནས་ཡང་དག་པར་སྤོང་བ་དང་། དེ་སྔར་རྒྱུད་ལ་མ་སྐྱེས་པ་དག་མི་སྐྱེད་པ་དང་། རྣམ་བྱང་སྐྱེས་པ་དག་འཕེལ་བར་བྱེད་པ་དང་། དེ་སྔར་རྒྱུད་ལ་མ་སྐྱེས་པ་དག་སྐྱེད་པ་སྟེ་བཞི་པ་དེའི་རྒྱུར་གྱུར་པའི་བརྩོན་འགྲུས་རྩོམ་པའོ། ། དེ་ཡང་མདོ་ལས། འདུན་པ་བསྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །རབ་ཏུ་འཇོག་གོ །ཞེས་བཞི་པོ་དེ་རེ་རེ་ལ་སྦྱར་ནས་གསུངས་སོ། །མདོ་འདིས་བརྩོན་འགྲུས་སྒོམ་པ་གནས་དང་བཅས་པ་བསྟན་ཏེ། འདི་ལྟར་བདུན་པ་ནི་གནས་ཏེ། དེ་ནི་བརྩོན་འགྲུས་ཀྱི་སྔོན་དུ་འགྲོ་བས་སོ། །འབད་པ་ནི་ཞི་གནས་དང་། རབ་ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་མཚན་མ་ཡིད་ལ་བྱེད་པ་སྟེ། དེ་གསུམ་གྱིས་མཚན་མ་ཡིད་ལ་བྱེད་པས་གཉེན་པོ་སྐྱོན་མེད་སྒོམ་པའི་དུས་སོ། །དེ་ཡང་ལྷག་མཐོང་ཤས་ཆེ་ཞིང་ཞི་གནས་ཤས་ཆུང་བ་ནི་རླུང་གི་ནང་གི་མར་མེ་བཞིན་དུ་སེམས་རབ་ཏུ་གཡོ་བས་དེ་ཁོ་ན་ཉིད་གསལ་བར་མི་མཐོང་བས་དེའི་ཚེ་ཞིག་ནས་མཚན་མ་ཡིད་ལ་བྱེད་པའོ། །སྔ་མ་ལས་བཟློག་པའི་ཚེ་གཉིད་ལོག་པ་བཞིན་དུ་དེ་ཁོ་ན་ཉིད་གསལ་བར་མི་མཐོང་བས་དེའི་ཚེ་རབ་ཏུ་འཛིན་པའི་མཚན་མ་ཡིད་ལ་བྱེད་དོ། །གང་གི་ཞི་ལྷག་གཉིས་ཆ་མཉམ་དུ་རང་གི་ངང་གིས་འཇུག་པ་དེའི་ཚེ་བཏང་སྙོམས་ཀྱི་མཚན་མ་ཡིད་ལ་བྱེད་པ་སྟེ་འདི་ནི་འབད་པའོ། །བརྩོན་འགྲུས་རྩོམ་པ་ནི་བྱིང་རྒོད་སེལ་བའི་དོན་དུ་སྟེ་དེའི་འོག་ཏུ་རབ་འཛིན་སོགས་སྨོས་པས་སོ། །དེ་ཡང་ནང་དུ་བྱིང་བ་ན་སངས་རྒྱས་ཀྱི་སྐུ་གཟུགས་སོགས་ཡིད་ལ་བྱེད་པས་སེམས་གཟེངས་བསྟོད་པའི་སེམས་རབ་ཏུ་འཛིན་པ་དང་། ཕྱི་རོལ་ཏུ་རྒོད་པ་ན་འཁོར་བ་ལས་ཡིད་འབྱུང་བའི་དངོས་པོ་ཡིད་ལ་བྱེད་པའི་སེམས་རབ་ཏུ་འཇོག་པ་གཉིས་ཀྱིས་བྱིང་རྒོད་སེལ་ལོ། །གསུམ་པ་ངོ་བོ་ནི་བརྩོན་འགྲུས་སོ། །བཞི་པ་དགོས་པ་གང་གི་དོན་དུ་སྤོང་བ་ནི། དང་པོ་གཉིས་ཀྱིས་མི་མཐུན་ཕྱོགས་མ་ལུས་པར་ཉམས་པ་དང་། ཐ་མ་གཉིས་ཀྱིས་གཉེན་པོའི་ཕྱོགས་མ་ལུས་པ་འཕེལ་བ་ཐོབ་པའོ། །བཞི་པོ་དེ་ལ་ཅིའི་ཕྱིར་ཡང་དག་སྤོང་བ་ཞེས་བྱ་ཞེ་ན། སྤང་བྱ་སྐྱེས་མ་སྐྱེས་གཉིས་སྤོང་བས་ཕྱོགས་གཅིག་གི་མིང་གིས་བཏགས་པའམ། ཡང་ན་མཛོད་འགྲེལ་ལས། ཅིའི་ཕྱིར་བརྩོན་འགྲུས་ལ་ཡང་དག་པར་འཇོག་པར་བཤད་ཅེ་ན། དེས་ལུས་དང་ངག་དང་ཡིད་ཡང་དག་པར་རབ་ཏུ་འཇོག་པའི་ཕྱིར་རོ། །ཞེས་པ་ལྟར་རོ། །གསུམ་པ་ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་ནི། སྤང་གཉེན་ལ་འདོར་ལེན་བྱེད་པའི་བརྩོན་འགྲུས་དང་ལྡན་པ་ནི་ཏིང་ངེ་འཛིན་གྱིས་སེམས་ལས་སུ་རུང་བ་སྟེ། ལམ་དེ་ལ་རྫུ་འཕྲུལ་གྱི་རྐང་པ་བཞིའོ། ། འདི་ལ་ཡང་སྔར་བཞི་ལས། དང་པོ་ཡུལ་གང་ལ་དམིགས་ནས་སེམས་ཡོངས་སུ་སྦྱོང་ན། ལུས་གཅིག་ལ་དུ་མ་དང་། དུ་མ་ལ་གཅིག་ཏུ་བྱ་བ་ལ་སོགས་པའི་རྫུ་འཕྲུལ་གྱི་བྱ་བའོ། ། གཉིས་པ་ཚུལ་ཇི་ལྟར་སེམས་ཡོངས་སུ་སྦྱོང་ན། དབུས་མཐའ་ལས། ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །བརྟེན་པའི་རྒྱུ་ལས་བྱུང་བའོ། །ཞེས་པ་ལྟར་སྤོང་བའི་འདུ་བྱེད་བརྒྱད་སྒོམ་པ་སྟེ། བརྒྱད་ནི། འདུན་པ་རྩོལ་བ་དད་པ་ཤིན་ཏུ་སྦྱངས་པ་དྲན་པ་ཤེས་བཞིན་སེམས་པ་བཏང་སྙོམས་ཏེ་སྤོང་བའི་ཕྱིར་མངོན་པར་འདུ་བྱེད་པས་ན་དེ་སྐད་དོ། །དེ་དང་ལྡན་པ་ནི་རྒྱུར་རོ། ། དེ་ལ་དང་པོ་བཞི་ནི། མངོན་པར་འདོད་པ་དང་། བརྩོན་འགྲུས་དང་། མངོན་པར་ཡིད་ཆེས་པ་དང་། ལུས་སེམས་ལས་སུ་རུང་བའོ། །དེ་ཡང་རིམ་པ་ལྟར་རྟེན་དང་བརྟེན་པ་དང་རྒྱུ་དང་འབྲས་བུར་བཞག་སྟེ། མངོན་པར་འདོད་པ་ནི་རྩོལ་བའི་སྔོན་དུ་འགྲོ་བས་དེའི་རྟེན་དང་། དེའི་ཕྱིར་རྩོལ་བ་ནི་བརྟེན་པའོ། །རྟེན་འདུན་པའི་རྒྱུ་ནི་དད་པ་སྟེ། རྒྱུ་འབྲས་ལ་ཡིད་ཆེས་པའི་དད་པ་ཡོད་ན་མཉམ་པར་འཇོག་པའི་བྱ་བ་འདོད་པས་སོ། །བརྟེན་པ་རྩོལ་བའི་འབྲས་བུ་ནི་ཤིན་སྦྱངས་ཏེ། བརྩོན་འགྲུས་བརྩམས་པས་ལུས་སེམས་ལས་རུང་གི་ཤིན་སྦྱངས་སྐྱེ་བས་སོ། །འདི་དག་གང་སྤོང་བའི་ཕྱིར་འདུ་བྱེད་ཅེ་ན། སྤང་བྱ་ལྔ་སྟེ། དབུས་མཐའ་ལས། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང་། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་པ་ལྟར་བྱིང་རྒོད་གཉིས་གཅིག་ཏུ་བྱས་པས་ལྔའོ། །དེ་ཡང་དང་པོ་ནི་སྦྱོར་བའི་དང་། །གཉིས་པ་ནི་སྦྱོར་བར་བྱེད་པའི་དང་། གསུམ་པ་ནི་མཉམ་པར་བཞག་པའི་དང་། བཞི་པ་ནི་བྱིང་རྒོད་བྱུང་བའི་དང་། ལྔ་པ་ནི་བྱིང་རྒོད་ཞི་བའི་དུས་སུ་སྐྱོན་ཡིན་ཏེ། རིམ་པ་ལྟར་སྦྱོར་བར་མི་བྱེད་པ་དང་། སེམས་མཉམ་པར་འཇོག་པར་མི་འགྱུར་བ་དང་། སེམས་ལས་སུ་རུང་བར་མི་འགྱུར་བ་དང་། དགོས་པའི་ཚེ་བྱིང་རྒོད་ཀྱི་གཉེན་པོ་ཡིད་ལ་མི་བྱེད་པ་དང་། མི་དགོས་པའི་ཚེ་ཡིད་ལ་བྱེད་པས་སོ། །དེ་དག་ཇི་ལྟར་སྤོང་བའི་ཚུལ་ནི། དང་པོ་བཞི་ནི་ལེ་ལོའི་གཉེན་པོ་སྟེ། དེ་ཡང་བརྩོན་འགྲུས་ཡིན་ཡང་རྒྱུ་འབྲས་དང་བཅས་པའི་དབང་དུ་བྱས་པའོ། །ཕྱི་མ་བཞི་ནི་དབུས་མཐའ་ལས། །དམིགས་པ་བརྗེད་པར་མ་གྱུར་དང་། །བྱིང་དང་རྒོད་པ་རྟོག་པ་དང་། །དེ་སྤོང་མངོན་པར་འདུ་བྱེད་དང་། ། ཞི་ཚེ་རྣལ་དུ་འཇོག་པའོ། །ཞེས་པ་ལྟར་ཡིན་པས་སྤང་བྱ་ཕྱི་མ་བཞི་སྤོང་བའོ། །གསུམ་པ་ངོ་བོ་གང་གིས་སེམས་ཡོངས་སུ་སྦྱོང་བ་ལ་གཉིས་ལས། སྤྱིའི་ངོ་བོ་ནི། ཏིང་ངེ་འཛིན་ཏོ། །དེ་ཡང་སྡེ་ཚན་དང་པོ་གསུམ་ལ་ཤེས་རབ་དང་། བརྩོན་འགྲུས་དང་། ཏིང་ངེ་འཛིན་དུ་བཤད་པ་ནི་གཙོ་བོ་སྨོས་པ་ཡིན་པར་མཛོད་ལས་སོ། །བྱེ་བྲག་གི་ངོ་བོ་ནི། དགེ་བ་ལ་འདུན་པ་དྲག་པོའི་གུས་སྦྱོར་དང་། བརྩོན་འགྲུས་རྒྱུན་ལྡན་གྱི་རྟག་སྦྱོར་དང་། སྔོན་ཏིང་ངེ་འཛིན་བསྒོམས་པའི་སེམས་ཀྱི་ས་བོན་རྒྱས་པ་དང་། གཞན་གྱི་གདམས་ངག་ལས་དཔྱོད་པ་ལ་བརྟེན་ནས་སེམས་རྩེ་གཅིག་པར་གནས་པའི་ཏིང་ངེ་འཛིན་ནོ། །བཞི་པ་དགོས་པ་གང་གི་ཕྱིར་སྦྱང་བ་ནི་རྫུ་འཕྲུལ་སོགས་གང་དང་གང་མངོན་དུ་བྱ་འདོད་པ་དེ་ལ་ཡིད་གཏད་པས་མངོན་དུ་འགྱུར་བའོ། །བཞི་པོ་དེ་ལ་ཅིའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་ཞེ་ན་མཛོད་འགྲེལ་ལས། ཅིའི་ཕྱིར་ཏིང་ངེ་འཛིན་ལ་རྫུ་འཕྲུལ་གྱི་རྐང་པ་ཞེས་བཤད་ཅེ་ན། དེ་ནི་ཡོན་ཏན་ཐམས་ཅད་འབྱོར་བའི་རྟེན་ཡིན་པའི་ཕྱིར་རོ། །ཞེས་གསུངས་ལ། གནོད་འཇོམས་ཆེ་བར། རྫུ་འཕྲུལ་འཇིག་རྟེན་ལས་འདས་པའི་ལམ་ལ་བྱས་ནས་དེའི་གཞི་དང་གནས་ཡིན་པའི་ཕྱིར་རྐང་པ་ཞེས་འདོད་དོ། །བཞི་པ་མངོན་པར་རྟོགས་པའི་སྦྱོར་བའི་ལམ་ནི། འདུན་པ་སོགས་བརྒྱད་ཀྱིས་སེམས་ཡོངས་སུ་སྦྱོར་བ་བྱས་པ་ལ་བདེན་པ་མངོན་པར་རྟོགས་བྱེད་དྲོ་བ་དང་རྩེ་མོའི་སྦྱོར་བ་འབྱུང་བའོ། །ལམ་དེ་ལ་དབང་པོ་ལྔའོ། །འདི་ལ་ཡང་བཞི་ལས། དང་པོ་ཡུལ་ནི་བདེན་བཞི་ལས། །དང་པོ་ཡུལ་ནི་བདེན་བཞི་སྟེ། །འདི་དག་འཕགས་ལམ་གྱི་སྦྱོར་བས་བསྡུས་པས་བདེན་པའི་རྣམ་པ་ཅན་ཡིན་པས་སོ། །གཉིས་པ་ཇི་ལྟར་སྒོམ་པ་ནི། སྔ་མ་སྔ་མ་རྣམས་རྒྱུར་ཡོད་པ་ལ་བརྟེན་ནས་ཕྱི་མ་ཕྱི་མ་རྣམས་འཇུག་པའོ། །གསུམ་པ་ངོ་བོ་ནི། དད་པའི་དབང་པོ་ནས་ཤེས་རབ་ཀྱི་དབང་པོའི་བར་ཏེ། །རིམ་པ་ལྟར་བདེན་བཞི་ལ་མངོན་པར་ཡིད་ཆེས་པ་དང་། དེ་རྟོགས་པར་བྱ་བ་ལ་སྤྲོ་བ་དང་། དེའི་དབང་དུ་བྱས་པའི་དམིགས་རྣམ་མི་བརྗེད་པ་དང་། དེའི་དོན་ལ་སེམས་རྩེ་གཅིག་པའི་ཆ་དང་། དེ་དག་སོ་སོར་རབ་ཏུ་རྣམ་པར་འབྱེད་པའོ། །འདི་དག་ལམ་གྱི་གནས་སྐབས་གང་ལ་ཡིན་ཞེ་ན་དྲོ་བ་དང་། རྩེ་མོའི་སྐབས་ནའོ། །བཞི་པ་འབྲས་བུ་ནི། མཐོང་ལམ་མྱུར་དུ་ཐོབ་པ་དང་སྦྱོར་ལམ་བཞི་འགྲུབ་པའོ། །ལྔ་པོ་དེ་ལ་ཅིའི་ཕྱིར་དབང་པོ་ཞེས་བྱ་ཞེ་ན། རྒྱན་སྣང་ལས། འཕགས་པའི་ལམ་འགྲུབ་པའི་བདག་པོར་གྱུར་པས་ཞེས་སོ། །ལྔ་པ་མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་ནི་དྲོད་རྩེའི་ངོ་བོ་དབང་པོ་ལྔ་ཐོབ་པ་ལ། བཟོད་མཆོག་གི་ངོ་བོ་སྟོབས་ལྔ་འབྱུང་བས་སོ། ། འདིའི་དམིགས་པ་དང་སྒོམ་ཚུལ་ནི་དབང་པོ་དང་འདྲ་ཞིང་། ངོ་བོ་ནི་དད་པའི་སྟོབས་ནས་ཤེས་རབ་ཀྱི་སྟོབས་ཀྱི་བར་ཡིན་ལ། དབང་པོ་དང་འདི་གཉིས་ཀྱི་ཁྱད་པར་ནི་མཛོད་འགྲེལ་ལས། ཅིའི་ཕྱིར་དབང་པོ་རྣམས་ཁོ་ན་ཡང་སྟོབས་སུ་བཤད་ཅེ་ན། ཆུང་ངུ་དང་ཆེན་པོའི་བྱེ་བྲག་གིས་བརྫི་བ་དང་བརྫི་བ་མེད་པའི་ཕྱིར་རོ། །ཞེས་དང་། འགྲེལ་ཆེན་ལས། མ་དད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་དང་དད་པ་ལ་སོགས་པ་གཉེན་པོ་འདྲེས་པར་འབྱུང་བ་ནི་དབང་པོ་ཞེས་བྱའོ། །མི་མཐུན་པའི་ཕྱོགས་ཀྱི་མ་འདྲེས་པར་གཉེན་པོ་འབའ་ཞིག་འབྱུང་བ་ནི་སྟོབས་ཞེས་བྱའོ། །ཞེས་པ་ལྟར་རོ། །འབྲས་བུ་ནི་སྦྱོར་ལམ་ཕྱི་མ་གཉིས་དང་མཐོང་ལམ་འགྲུབ་པ་བའོ། །ལམ་སྔ་ཕྱི་འདི་གཉིས་ལ་དོན་རྟོགས་དང་སྦྱོར་བ་དང་འབྲེལ་བར་གསུམ་པ་ནི་གཉིས་ཀ་ཡང་གཉིས་ཀ་ཡིན་མོད་ཀྱིས། འོན་ཀྱང་བདེན་པ་མངོན་རྟོགས་མཐོང་ལམ་ལ་རིང་བར་སྦྱོར་བ་དང་ཉེ་བར་འབྲེལ་པ་ལ་དགོངས་སོ། །དྲུག་པ་མངོན་པར་རྟོགས་པའི་ལམ་ནི། དེ་ལྟར་མངོན་རྟོགས་ལ་སྦྱོར་བ་དང་འབྲེལ་བའི་ལམ་གྱི་ངོ་བོ་སྦྱོར་ལམ་བཞི་ཐོབ་པ་ལ་ནི་མངོན་པར་རྟོགས་པའི་ལམ་བདེན་པ་གསར་དུ་མཐོང་བའི་ལམ་འབྱུང་བས་ལམ་དེ་ལ་ནི། བྱང་ཆུབ་ཡན་ལག་གི་རྣམ་པ་བདུན་ནོ། །འདིའི་དམིགས་པ་དང་། སྒོམ་ཚུལ་དང་། ངོ་བོ་དང་། ཡན་ལག་ཏུ་འགྱུར་ཚུལ་དང་། འབྲས་བུ་རྣམས་གང་ཞེ་ན། དང་པོ་དམིགས་པ་ནི། བདེན་བཞིའི་དེ་ཁོ་ནའོ། །གཉིས་པ་སྒོམ་ཚུལ་ནི། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གིས། སྡུག་བསྔལ་ལ་དམིགས་ནས་དེས་དབེན་པ་ཚོལ་ཞིང་གནས། ཀུན་འབྱུང་ལ་དམིགས་ནས་དེའི་འདོད་ཆགས་དང་བྲལ་བ་ཚོལ་ཞིང་གནས། སྡུག་བསྔལ་འགོག་པ་ལ་དམིགས་ནས་དེ་མངོན་དུ་བྱེད་པ་ཚོལ་ཞིང་གནས། སྡུག་བསྔལ་འགོག་པར་འགྲོ་བ་བསྒྲུབ་པའི་སྒོ་ནས་སྡུག་བསྔལ་སྤོང་བར་འགྱུར་བ་ལ་དམིགས་ནས་དེའི་སྒོམ་པ་ཚོལ་བ་སྟེ་ལྷག་མ་དྲུག་ལའང་དེ་ལྟར་རོ། །གསུམ་པ་ངོ་བོ་ནི། གང་གི་སྟོབས་ཀྱིས་ཡན་ལག་གཞན་རྣམས་དམིགས་རྣམ་ལས་མི་གཡེངས་པར་བྱེད་པ་གནས་ཀྱི་ཡན་ལག་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་རྣམ་པ་ཞེས་འོག་མ་རྣམས་ལ་ཡང་སྦྱར་རོ། ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པས་རང་བཞིན་གྱི་ཡན་ལག་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། སོ་སྐྱེའི་ས་ལས་རིང་དུ་འདའ་བར་བྱས་པས་ངེས་པར་འབྱུང་བའི་ཡན་ལག་བརྩོན་འགྲུས་དང་། ལུས་སེམས་ལ་ཕན་འདོགས་པས་ཕན་ཡོན་གྱི་ཡན་ལག་དགའ་བ་དང་། ཉོན་མོངས་མེད་པའི་གཞི་དང་། དེ་མེད་པའི་གནས་དང་། དེ་མེད་པའི་ངོ་བོ་ཡིན་པའི་ཕྱིར་ཉོན་མོངས་པ་མེད་པའི་ཡན་ལག་ནི་ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཏེ། དེ་ཡང་དང་པོས་ནི་ལུས་སེམས་ལས་སུ་རུང་བར་བྱས་པས་ལུས་སེམས་ལས་སུ་མི་རུང་བའི་གནས་ངན་ལེན་སྤངས་པ་དང་། གཉིས་པས་ནི་མཉམ་པར་གཞག་སྟོབས་ཀྱིས་ཡང་དག་པའི་ཤེས་རབ་བསྐྱེད་དེ་ཉོན་མོངས་རྣམས་སྤོངས་པ་དང་། གསུམ་པས་ནི་སེམས་ཉོན་མོངས་དང་མཐུན་པར་གནས་པའི་མི་མཉམ་པ་དང་། རྣལ་དུ་མི་འདུག་པ་དང་། རྩོལ་བ་དང་བཅས་པའི་ཉོན་མོངས་པའི་གཉེན་པོ་བྱེད་པས་སོ། །གཞི་དང་གནས་ཀྱི་ཁྱད་པར་ནི་བྱ་བའི་གཞི་དང་བྱེད་པའོ། །དེ་ལྟར་ཡང་དབུས་མཐའ་ལས། རང་བཞིན་ཡན་ལག་གནས་ཡན་ལག །གསུམ་པ་ངེས་འབྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་མེད་ཡན་ལག །འདི་ལ་གཞི་དང་གནས་དང་ནི། །ངོ་བོ་ཉིད་དུ་བསྟན་པ་ཡིན། ། ཞེས་སོ། །བཞི་པ་ཡན་ལག་ཏུ་འགྱུར་ཚུལ་ནི། དབུས་མཐའི་འགྲེལ་བཤད་ལས། མངོན་པར་རྫོགས་པར་བྱང་ཆུབ་པ་ནི་རྣམ་པར་མི་རྟོགས་པའི་ཡེ་ཤེས་སོ། །དེ་ལ་དྲན་པ་ལ་སོགས་པ་བདུན་ནི་བྱང་ཆུབ་དང་མཐུན་པའི་ཕྱིར་དེའི་ཡན་ལག་རྣམས་སོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི་རྟོགས་པའི་བདག་ཉིད་ཡིན་པས་ན་བྱང་ཆུབ་སྟེ་དེ་དག་གི་གྲོགས་སུ་གྱུར་པས་ན་ཡན་ལག་གོ །ཞེས་སོ། །ལྔ་པ་འབྲས་བུ་ནི། མཐོང་སྤང་མ་ལུས་པར་སྤངས་པའོ། །བདུན་པ་རྣམ་དག་ངེས་འབྱིན་གྱི་ལམ་ནི། བདེན་པ་མངོན་སུམ་དུ་མཐོང་བའི་མངོན་རྟོགས་ཀྱི་ལམ་ཐོབ་པ་ལ་སྒོམ་ལམ་གྱི་ངོ་བོ་རྣམ་དག་ངེས་འབྱིན་གྱི་ལམ་འབྱུང་བ་སྟེ། ལམ་དེ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །འདི་དག་དམིགས་པ་དང་སྒོམ་ཚུལ་ནི་སྔར་བཞིན་ནོ། །ངོ་བོ་ནི་མཐོང་ལམ་དུ་ཆོས་དང་གང་ཟག་གི་བདག་མེད་ཇི་ལྟར་རྟོགས་པ་དེ་སྒོམ་ལམ་དུ་བདག་གིས་འདི་ལྟར་རྟོགས་སོ་ཞེས་སྔར་གྱི་ལྟ་བའི་རྗེས་སུ་འཇུག་པ་ཡང་དག་པའི་ལྟ་བ་ཡང་དག་འཕགས་པའི་ལམ་ཡན་ལག་གི་རྣམ་པ་དང་། ཡང་དག་པའི་འཕགས་པའི་ཞེས་སོགས་ལྷག་མ་ལ་ཡང་སྦྱར་རོ། །འདི་སྤྱིར་རྗེས་ཐོབ་འཇིག་རྟེན་པ་དེས་མཐོང་ལམ་མཉམ་བཞག་གི་དུས་ཀྱི་རྟོགས་པ་ཡོངས་སུ་གཅོད་པ་ཡིན་པས་སྒོམ་ལམ་བཞག་དགོས་ཀྱང་། མཐོང་ལམ་ལ་གཞག་པའི་སྐབས་མཐོང་ལམ་མཉམ་གཞག་ཏུ་ཡང་དག་པའི་ལྟ་བ་དངོས་མ་སྐྱེས་ཀྱང་དེ་སྐྱེད་པའི་ནུས་པ་མཐུ་ལྡན་ཐོབ་པ་ལ་དེ་ཐོབ་པར་བཞག་གོ །ཡང་དག་པར་ལྟ་བས་རྟོགས་པ་དེའི་རྣམ་བཞག་ཡོངས་སུ་གཅོད་པ་དང་། རྣམ་པར་བཞག་པའི་མདོ་སྡེ་ལ་སོགས་པ་གསུང་རབ་ཀྱི་དོན་ལ་འཇུག་པའི་ཡང་དག་པའི་རྟོགས་པ་དང་། རྫུན་དུ་སྨྲ་བ་སོགས་ངག་གི་ལས་རྣམ་པར་དག་པའི་ཡང་དག་པའི་ངག་དང་། སྲོག་གཅོད་པ་སོགས་ལུས་ཀྱི་ལས་རྣམ་པར་དག་པའི་ལས་ཀྱི་མཐའ་དང་། ཚུལ་འཆོས་པ་ལ་སོགས་པ་ལ་ལུས་ངག་གཉིས་ཀའི་ལས་རྣམ་པར་དག་པའི་ཡང་དག་པའི་འཚོ་བ་སྟེ། འདིར་ཡང་རྟོགས་པ་དང་ངག་གཉིས་ལ་དབུས་མཐའི་འགྲེལ་ཊཱིཀ་ཏུ། མཐོང་ལམ་དང་སྦྱར་ན་མཉམ་གཞག་ཏུ་དེ་འབྱུང་བའི་མཐུ་རྙེད་པ་ལ་བྱ་བར་གསུངས་སོ། །ཡུན་རིང་པོར་མི་སྐྱོ་བར་ཤེས་སྒྲིབ་བམ་སྒོམ་སྤང་གི་གཉེན་པོར་སྒོམ་པའི་ཡང་དག་པའི་རྩོལ་བ་དང་། ཞི་གནས་དང་རབ་ཏུ་འཛིན་པ་དང་བཏང་སྙོམས་ཀྱི་རྒྱུ་མཚན་རྣམས་མ་བརྗེད་པས་བྱིང་རྒོད་མེད་པའི་ཕྱིར་ཞི་ལྷག་གི་ལམ་མངོན་དུ་བྱ་བའི་སྒྲིབ་པའི་གཉེན་པོར་སྒོམ་པའི་ཡང་དག་པའི་དྲན་པ་དང་། མངོན་ཤེས་སོགས་ཡོན་ཏན་ཁྱད་པར་ཅན་སྒྲུབ་པ་ལ་གེགས་བྱེད་པའི་སྒྲིབ་པའི་གཉེན་པོར་སྒོམ་པའི་ཡང་དག་པའི་ཏིང་ངེ་འཛིན་ཏེ། རྒྱན་ལས། དེ་ཡི་འོག་ཏུ་ཇི་ལྟ་བུར། །རྟོགས་པའི་རྗེས་སུ་འཇུག་པ་སྐྱེ། །རྣམ་བཞག་ཇི་བཞིན་རྟོགས་པ་དང་། །རྣམ་པར་བཞག་ལ་འཇུག་པ་དང་། ། ལས་གསུམ་རྣམ་པར་དག་པ་དང་། །ཤེས་བྱ་དག་དང་ལམ་དང་ནི། །ཡོན་ཏན་ཁྱད་པར་ཅན་གྱིས་ནི། །སྒྲིབ་པའི་གཉེན་པོར་སྒོམ་པའོ། །ཞེས་སོ། །འདིར་ལས་གསུམ་རྣམ་པར་དག་པ་ཞེས་ངག་ལས་མཐའ་འཚོ་བ་གསུམ་ལུས་ངག་གི་ལས་སྨད་པ་དང་བྲལ་བའི་ལུས་ངག་གི་ལས་ལ་བཞེད་ལ། དེ་གཉིས་ཀྱང་བྱེ་སྨྲས་གཟུགས་ཅན་མཚན་ཉིད་པར་འདོད་པ་ལ་སངས་རྒྱས་གཉིས་པས་མཛོད་འགྲེལ་དང་ལས་གྲུབ་པའི་བྱེད་པར་བཀག་ནས་སེམས་པ་ལ་བཞག་པས་འདི་དག་ཤེས་པ་ལ་བྱའི་བེམ་པོ་ལ་ནི་མི་བྱའོ། །འབྲས་བུ་ནི་སྒོམ་སྤང་སྤངས་པའོ། ། ཡན་ལག་བརྒྱད་པོ་དེ་དག་ཀྱང་ཡན་ལག་བཞིར་འགྱུར་ཏེ། ལྟ་བ་ནི་མཉམ་གཞག་གི་རྟོགས་པ་ཡོངས་སུ་གཅོད་པའི་ཡན་ལག་དང་། རྟོགས་པས་ཀུན་ནས་བསླངས་ནས་ངག་གིས་གོ་བར་བྱེད་པས་དེ་ནི་གོ་བར་བྱེད་པའི་ཡན་ལག་དང་། ངག་གིས་བསྙད་བ་དང་། འབེལ་བའི་གཏན་གྱིས་ལྟ་བ་རྣམ་དག་ཏུ་དང་། ལས་ཀྱི་མཐས་བྱ་བ་མ་ཡིན་པ་མི་བྱེད་པས་ཚུལ་ཁྲིམས་རྣམ་དག་ཏུ་དང་། །འཚོ་བས་ཆོས་གོས་སོགས་ཇི་ལྟར་སྣང་བ་ལ་ལོངས་སྤྱོད་པས་ཡོ་བྱད་བསྙུང་བ་ལ་ཡིད་ཆེས་པས་དེ་གསུམ་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་གོ །རྩོལ་བས་སྒོམ་སྤང་གི་ཉོན་མོངས་དང་དྲན་པས་ཉེ་ཉོན་གྱི་བྱིང་རྒོད་དང་། ཏིང་ངེ་འཛིན་གྱི་མངོན་ཤེས་སོགས་ཡོན་ཏན་ཁྱད་པར་ཅན་བསྒྲུབ་པའི་དབང་གིས་མི་མཐུན་ཕྱོགས་ཀྱི་གཉེན་པོ་བྱེད་པས་དེ་གསུམ་གཉེན་པོའི་ཡན་ལག་སྟེ། དབུས་མཐའ་ལས། ཡོངས་སུ་གཅོད་དང་གོ་བྱེད་དང་། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི། ། ལམ་གྱི་ཡན་ལག་དེ་བརྒྱད་དེ། །ལྟ་དང་ཚུལ་ཁྲིམས་ཡོ་བྱད་བསྙུང་། །གཞན་ལ་རྣམ་པར་རིག་བྱེད་འདོད། །ཉོན་མོངས་ཉེ་བའི་ཉོན་མོངས་དང་། །མི་མཐུན་ཕྱོགས་ཀྱི་གཉེན་པོའོ། ། ཞེས་སོ། །གཉིས་པ་ལམ་ཤེས་ཀྱི་རྣམ་པ་སྟོན་པ་ལ་དྲུག །གཉེན་པོ་དང་། སྤྲུལ་པ་དང་། མཐོང་ཆོས་ལ་བདེར་གནས་དང་། འཇིག་རྟེན་ལས་འདས་པ་དང་། སྤོང་བ་དང་། སངས་རྒྱས་ཀྱི་ལམ་མོ། །དང་པོ་གཉེན་པོའི་ལམ་ལ་རྣམ་ཐར་སྒོ་གསུམ་གྱི་རྣམ་པ་གསུམ་མོ། །དེ་ཡང་སྤྱིར་རྣམ་ཐར་སྒོ་གསུམ་ལ་འཇོག་ཚུལ་དུ་མ་ཞིག་ཡོད་ཀྱང་ཀུན་བཏུས་ལྟར་ན། སྡུག་བདེན་གྱི་རྣམ་པའི་སྟོང་པ་དང་བདག་མེད་པ་གཉིས་ནི་དོན་གཞན་དང་བདག་གི་ངོ་བོས་སྟོང་པར་རྟོགས་པས་སྟོང་པ་ཉིད་དང་། འགོག་ལམ་གྱི་རྣམ་པ་བརྒྱད་ནི་མཚན་མའི་རྣམ་རྟོག་དང་བྲལ་བའམ་འབྲལ་བྱེད་ཡིན་པས་མཚན་མ་མེད་པ་དང་། སྡུག་བདེན་གྱི་མི་རྟག་སྡུག་བསྔལ་གཉིས་དང་། ཀུན་འབྱུང་གི་རྣམ་པ་བཞི་ནི་ཡིད་འབྱུང་བའི་གཞིར་རྟོག་པས་སྨོན་པ་མེད་པའོ། །དེ་གསུམ་ཡང་རིམ་པ་ལྟར། བདག་དང་བདག་གིར་ལྟ་བས་ཞེན་པ་དང་། འཇིག་ལྟ་དེའི་འབྲས་བུ་མཚན་མའི་རྣམ་རྟོག་དང་། ཁམས་གསུམ་ལ་སྨོན་པ་སྟེ་སྲེད་པ་དང་གསུམ་གྱི་གཉེན་པོ་བྱེད་པས་ན་གཉེན་པོའི་ལམ་མོ། །དེ་ཡང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ཞེས་བྱེ་བྲག་མེད་པར་གསུངས་པ་ནི་ཐོས་བསམ་སྒོམ་གསུམ་ལས་བྱུང་བ་སྤྱིར་བསྟན་པ་ཡིན་ལ། དེ་དག་ཏིང་ངེ་འཛིན་གྱི་སྒྲས་གསུངས་པ་ནི་སྒོམ་བྱུང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གཉིས་ཀ་དང་། དེ་དག་རྣམ་པར་ཐར་པའི་སྒོའི་སྒྲར་གསུངས་པ་ནི་སྒོམ་བྱུང་འཇིག་རྟེན་ལས་འདས་པའོ། །གཉིས་པ་སྤྲུལ་པའི་ལམ་ལ་རྣམ་པར་ཐར་པ་གསུམ་སྟེ། གཟུགས་ཅན་གཟུགས་ལ་ལྟ་བ་དང་། གཟུགས་ཅན་མ་ཡིན་པ་གཟུགས་ལ་ལྟ་བ་དང་། སྡུག་པའི་རྣམ་པར་ཐར་པའོ། །དང་པོ་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་ལ་དྲུག །རྟེན་གང་གིས་ས་གང་ལ་བརྟེན་ནས་ཡུལ་གང་ལ་ཚུལ་ཇི་ལྟར་ངེས་ཚིག་དགོས་པ་གང་གི་ཕྱིར་ལྟ་བའོ། །དང་པོ་རྟེན་ནི་ཐེག་ཆེན་ཡིན་ན་ཚོགས་ལམ་ཆེན་པོ་ཡན་ཆད་དང་། ཐེག་དམན་གྱི་ཕྱིར་མི་འོང་ལུས་མངོན་བྱེད་དང་། དགྲ་བཅོམ་གཉིས་ཀའི་ཆ་ལས་རྣམ་གྲོལ་གྱིས་སོ། །དེ་ཡང་མཛོད་ལས། རྣམ་ཐར་དང་པོ་གསུམ་མིའི་རྟེན་ལ་སྐྱེ་བར་གསུངས་ཤིང་སའི་དངོས་གཞིར་འདོད་པའི་རྟེན་ལ་སྐྱེ་བར་གསུངས་མོད། འོན་ཀྱང་བྱང་སེམས་ཀྱིས་གཟུགས་དང་འདོད་ལྷའི་རྟེན་ལ་སྒོམ་ནུས་སམ་སྙམ་མོ། །གཉིས་པ་ས་གང་ལ་བརྟེན་པ་ནི། མཛོད་ལས། རྣམ་ཐར་དང་པོ་འདི་གཉིས་འདོད་པ་དང་བསམ་གཏན་དང་པོ་གཉིས་ཀྱི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོར་རིམ་བཞིན་བསྒོམ་པ་ཡིན་པས་བསམ་གཏན་དང་པོ་གཉིས་ལ་བརྟེན་པར་འདོད་ཀྱང་། དེའི་ལུགས་ཀྱིས་འདི་གཉིས་མི་སྡུག་པར་སྒོམ་པར་འདོད་པས་དེ་འདིར་མི་གཟུང་ངོ་། །དེས་ན་འདིར་ནི་ཀུན་བཏུས་ལས་གསུངས་པ་ལྟར་བསམ་གཏན་བཞི་པའི་དངོས་གཞི་རབ་མཐའ་ལ་བརྟེན་ནོ། །གསུམ་པ་ཡུལ་གང་ལ་ལྟ་བ་ནི། ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་བ་དང་ཁ་དོག་ངན་དང་། ངན་པ་དང་བཟང་པོ་རྣམས་དང་ཆེན་པོ་དེ་བཞིན་དུ་སྦྱར་བ་རྣམས་ལའོ། །དེ་ལ་ཁ་དོག་བཟང་པོ་ནི་མཛེས་པར་སྣང་བའོ། །ངན་པ་ནི་དེ་ལས་བཟློག་པའོ། །ངན་པ་ནི་སྒྲ་ནས་རེག་བྱའི་བར་ཡིད་དུ་མི་འོང་བའོ། །བཟང་བ་ནི་དེ་ལས་བཟློག་པའོ། །ཆུང་ངུ་ནི་སེམས་ཅན་དང་ལོངས་སྤྱོད་ཀྱི་གཟུགས་སོ། །ཆེན་པོ་ནི་ཁྱིམ་དང་གནས་ཁང་ངོ་། །བཞི་པ་ཇི་ལྟར་ལྟ་བའི་ཚུལ་ནི། ནང་ལྟ་བ་པོ་རང་ལ་གཟུགས་ཅན་ཡིན་པར་འདུ་ཤེས་ནས་ཆེ་ཆུང་བཟང་ངན་རྣམས་ལ་དེ་ལས་ཆེ་བའམ་ཆུང་བ་སོགས་སུ་མཐའ་གཅིག་ཏུ་མ་ངེས་པར་ལྟ་བའོ། །འདི་ལྟར་ལྟ་བའི་ཡུལ་ནི་བཟང་ངན་གང་ཡིན་ཀྱང་རང་ཉིད་དེ་ལ་ཆགས་པ་དང་བྲལ་བ་ཞིག་དགོས་ལ་ཆགས་པ་དང་བྲལ་ཡང་ཇི་ལྟར་འདོད་པའི་མོས་པའི་དབང་མ་ཐོབ་པས་དེ་ཐོབ་པར་འདོད་ནས་སོ། །འདིའི་སྐབས་སུ་རང་ལ་གཟུགས་ཀྱི་འདུ་ཤེས་བཞག་དགོས་པས་མ་བྲལ་ན་དེ་སླ་ལ། གལ་ཏེ་གཟུགས་མེད་ཐོབ་པས་བྲལ་ཡང་མངོན་དུ་མི་བྱེད་པར་གཟུགས་ཀྱི་འདུ་ཤེས་བཞག་དགོས་སོ། །ལྔ་པ་ངེས་ཚིག་ནི། རང་ལ་གཟུགས་ཀྱི་འདུ་ཤེས་བཞག་པའི་ཕྱིར་རོ། །དྲུག་པ་དགོས་པ་གང་གི་ཕྱིར་ལྟ་བ་ནི། ཕྱི་རོལ་གྱི་དངོས་པོ་ཇི་ལྟར་འདོད་འདོད་དུ་སྤྲུལ་པའི་སྒྲིབ་པ་སྟེ་དེ་ལ་གེགས་བྱེད་པའི་གཉེན་པོར་རོ། །འདི་ནི་མཚོན་པ་ཙམ་སྟེ། གཞན་ཡང་ཟད་པར་དང་། ཟིལ་གནོན་དང་། འཕགས་པའི་རྫུ་འཕྲུལ་དང་། ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་སོགས་སྒྲུབ་པའི་ཕྱིར་ཡིན་པར་ས་སྡེ་ལས་བཤད་དོ། །གཉིས་པ་གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར་ནི། གཞན་ཐམས་ཅད་སྔར་དང་འདྲ་ལ། རྟེན་གྱི་ཁྱད་པར་རྣམ་ཐར་དང་པོ་ཐོབ་པའོ། །ལྟ་བའི་ཚུལ་ནི་རང་ལ་གཟུགས་ཅན་མ་ཡིན་པ་ནམ་མཁའི་མིང་བཞིར་འདུ་ཤེས་ནས་ལྟའོ། །འདིའི་སྐབས་སུ་གཟུགས་མེད་ཐོབ་ན་སླ་ལ་མ་ཐོབ་ཀྱང་གཟུགས་ཅན་མ་ཡིན་པའི་འདུ་ཤེས་བཞག་དགོས་སོ། །གཟུགས་མེད་ཐོབ་ཀྱང་གཟུགས་མེད་ཀྱི་བློ་ཙམ་འཇོག་གི་སྙོམས་འཇུག་དངོས་མི་སྐྱེད་པར་སའི་དངོས་གཞི་ལས་གསུངས་ སོ། །དེས་ན་གཞུང་ཁ་ཅིག་ལས་འདི་གཉིས་ཀྱི་རྟེན་པས་གཟུགས་གང་རུང་དུ་གསུངས་པ་ནི་གཟུགས་མེད་ཐོབ་པས་ཀྱང་སྒོམ་པ་ཡོད་པ་ཙམ་ལ་དགོངས་ཀྱི་གཟུགས་མེད་ཀྱི་དངོས་གཞི་ལ་གཟུགས་ཡུལ་དུ་མི་བྱེད་པ་དུ་མ་ཞིག་གསུངས་པས་གཟུགས་མེད་ལ་མི་བརྟེན་ནོ། །ངེས་ཚིག་ནི། རང་ལ་གཟུགས་ཀྱི་འདུ་ཤེས་རྣམ་པར་བཤིག་པའི་ཕྱིར་རོ། །འདི་གཉིས་རང་ལ་གཟུགས་ཀྱི་འདུ་ཤེས་འཇོག་མི་འཇོག་གི་དོན་ནི། སྤྲུལ་པ་བྱེད་པའི་ཚེ་སྤྲུལ་པ་པོ་སྣང་བ་དང་མི་སྣང་བ་གཉིས་ཀྱི་ཕྱིར་རོ། །གསུམ་པ་སྡུག་པའི་རྣམ་ཐར་ལ་བཞི་ལས། དང་པོ་གང་ཟག་ནི་སྔར་ལྟར་ལས་ཁྱད་པར་རྣམ་ཐར་དང་པོ་གཉིས་ཐོབ་པའོ། །ས་ནི་བསམ་གཏན་བཞི་པ་ལ་བརྟེན་ནོ། །དགོས་པ་ནི། གཟུགས་སྡུག་པ་ལ་སྤྲུལ་འདོད་པ་དང་། མི་སྡུག་པ་སྤྲུལ་མི་འདོད་པའི་བློ་སྐྱེ་བ་དེའི་གཉེན་པོར་རོ། །ཚུལ་ཇི་ལྟར་ན་ཕན་ཚུན་ལྟོས་པ་དང་། ཕན་ཚུན་རྗེས་སུ་འབྲེལ་བ་དང་། ཕན་ཚུན་རོ་གཅིག་པའི་འདུ་ཤེས་གསུམ་ལ་བརྟེན་ནས་སོ། །དེ་ལ་དང་པོ་ནི། གསེར་དངུལ་ཟངས་གསུམ་གྱི་བུམ་པ་ལྟ་བུ་གཟུགས་སྡུག་མི་སྡུག་བར་མ་གསུམ་ལ་དངུལ་བུམ་དེ་ཟངས་བུམ་ལ་ལྟོས་ཏེ་སྡུག་གསེར་བུམ་ལ་ལྟོས་ཏེ་མི་སྡུག་པར་བསྒོམ་པས་ལྟོས་མེད་དུ་སྡུག་མི་སྡུག་གི་ཞེན་པ་ལྡོག་གོ །གཉིས་པ་ནི་གསེར་བུམ་ལ་ལྟོས་ཏེ་མི་སྡུག་པ་དང་། ཟངས་བུམ་ལ་ལྟོས་ཏེ་སྡུག་པ་གཉིས་དངུལ་བུམ་གཅིག་ལ་རྗེས་སུ་འབྲེལ་བར་བསྒོམ་ པས་སྡུག་མི་སྡུག་ཐ་དད་དུ་ཞེན་པ་ལྡོག་གོ །གསུམ་པ་ནི། སྔ་མ་གཉིས་ལྟར་བསྒོམ་པས་སྡུག་མི་སྡུག་ཐམས་ཅད་ལ་མཐའ་གཅིག་ཏུ་སོ་སོར་འཛིན་པ་མེད་པར་ཐམས་ཅད་ཀྱང་སྡུག་པའམ་སྤྲུལ་འདོད་པའི་རྣམ་པར་རོ་གཅིག་པའི་འདུ་ཤེས་ཐོབ་སྟེ་འདི་ནི་གྲུབ་པའི་དུས་སོ། ། ཅིའི་ཕྱིར་སྤྲུལ་པའི་ལམ་ལ་རྣམ་ཐར་གསུམ་བཞག་ཅེ་ན། ཆེ་ཆུང་དང་བཟང་ངན་ལ་ངེས་མེད་དུ་མ་བལྟས་ན་དེ་ལས་གཞན་དུ་སྤྲུལ་མི་ནུས་པས་དེའི་ཕྱིར་དང་པོ་གཉིས་དང་། དེ་དག་ལ་ངེས་མེད་ཀྱི་མོས་པ་ཐོབ་ཀྱང་སྡུག་མི་སྡུག་མཐའ་གཅིག་ཏུ་འཛིན་པ་མ་བཟློག་ན་མི་སྡུག་པ་སྤྲུལ་མི་འདོད་ལ་དེ་མ་སྤྲུལ་ན་སྤྲུལ་བ་མི་རྫོགས་པས་དེའི་ཕྱིར་དུ་གསུམ་བསྒོམ་དགོས་སོ། །གསུམ་པ་གང་ལ་སྙོམས་པར་ཞུགས་ན་མཐོང་ཆོས་ཚེ་འདི་ལ་བདེ་བར་གནས་པ་སྟེ་ལུས་སེམས་ལ་ཕན་འདོགས་པའི་ལམ་ལ་ལྔའོ། །དེ་དག་ཀྱང་གང་ཞེ་ན། དང་པོ་ཐར་པ་མྱང་འདས་དང་ཀུན་དཀྲིས་མངོན་གྱུར་བ་བྲལ་བར་མཐུན་པར་གནས་པའི་ལམ་ལ་གཟུགས་མེད་པའི་སྙོམས་འཇུག་གི་དངོས་གཞི་བཞི་ཡོད་དེ། དེ་ནི་གཟུགས་མེད་པའི་རྣམ་པར་ཐར་པ་ཡིན་ལ། དེ་ཡང་གཟུགས་མེད་ཀྱི་ས་ལ་རོ་མྱང་བའི་སྲེད་པ་ཐག་བསྲིངས་ནས་དེ་དང་མི་འགྲེ་བར་བྱ་བའི་ཕྱིར་དུ་སྒོམ་པའོ། །གཉིས་པ་ཆགས་སོགས་ཉོན་མོངས་སམ་སེམས་སེམས་ བྱུང་ཉེ་བར་ཞི་བར་གནས་པའི་ལམ་གྱི་རང་བཞིན་ལ་དགག་བྱའི་གཙོ་བོ་ཡིན་པས་འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་པར་ཐར་པ་གཅིག་ཡོད་ལ། དེ་ནི་འདུ་ཤེས་ཚོར་འགོག་གི་སྒྲིབ་པ་ལས་གྲོལ་བའི་ཕྱིར་མངོན་དུ་བྱེད་དོ། །གཟུགས་མེད་བཞི་དང་འགོག་པའི་སྙོམས་འཇུག་དང་རྣམ་ཐར་གྱི་ཁྱད་པར་ནི། ལུས་ཀྱི་འབྱུང་བ་ཆེན་པོའམ་སེམས་སེམས་བྱུང་དམིགས་པ་ལ་ཆ་མཉམ་བྱེད་པས་སྙོམས་འཇུག་དང་། རང་སའི་ཀུན་དཀྲིས་ལས་ཐར་ཞིང་དེ་དང་མི་འདྲེ་ བའི་ཆ་ནས་རྣམ་ཐར་དུ་འཇོག་གོ །མཛོད་པ་ནི་རྣམ་ཐར་གྱི་དོན་ས་འོག་མ་ལས་རྒྱབ་ཀྱིས་ཕྱོགས་པ་ཡིན་པས་ཉེར་བསྡོགས་ཀྱི་བར་ཆད་མེད་ལམ་རྣམས་རྣམ་ཐར་མིན་ལ། རྣམ་གྲོལ་ལམ་རྣམས་ཡིན་ཞེས་ཉེར་བསྡོགས་ལ་ཡང་འདོད་དོ། །དེ་ལྟར་ན་དང་པོ་གསུམ་གཞན་དོན་གྱི་ཆེད་དུ་འབྱུང་བ་དང་། དེ་ནས་ལྔ་ནི་གཞན་དོན་གྱི་ཆེད་དུ་བྱ་བ་ཅན་རང་གི་མཐོང་བའི་དོན་ལ་བདེར་གནས་ཀྱི་དབང་དུ་བྱས་པའི་རྣམ་ཐར་ཏེ་བརྒྱད་དོ། །བཞི་པ་འཇིག་རྟེན་ལས་འདས་པའི་ལམ་ལ་དགུའོ། །དེ་ཡང་བསམ་གཟུགས་བརྒྱད་འགོག་སྙོམས་དང་དགུའོ། ། འདི་དག་ཀྱང་ལམ་ཤེས་ལ་བརྟེན་པའི་རྣམ་པ་ཡིན་པས་བྱང་སེམས་ཀྱི་རྒྱུད་ཀྱི་དེ་དག་ལ་གཟུང་ངོ་། །འདི་དག་ལ་འདས་ལམ་དུ་འཇོག་པ་ནི། སྲིད་རྩེ་ལ་ཟག་མེད་མེད་པར་མངོན་པ་བ་རྣམས་འདོད་ཀྱང་། ཐེག་ཆེན་ལ་ཡོད་པར་བཞེད་པས་བསམ་གཟུགས་བརྒྱད་ཀྱི་ཟག་མེད་ ཀྱི་ཆ་རྣམས་འདས་ལམ་གྱི་ངོ་བོ་ཡིན་པས་དེར་འཇོག་ལ། འགོག་པ་ནི་འདས་ལམ་གྱིས་ངེས་པར་ཐོབ་དགོས་པས་སོ། །འདིར་འགོག་སྙོམས་ཀྱི་མཐའ་བཅད་པ་ལ་བདུན། གང་ཟག་ གང་གིས་དང་། སེམས་གང་ལ་བརྟེན་ནས་དང་། ཡིད་ལ་བྱེད་པ་གང་གིས་དང་། དགག་བྱ་གང་འགོག་པ་དང་། ངོ་བོ་དང་། དུས་དང་། ཁམས་གང་དུ་སྙོམས་བར་འཇུག་པའོ། །དང་པོ་གང་ཟག་གིས་སྙོམས་པར་འཇུག་པ་ནི། ཐེག་དམན་ལྟར་ན། བསྡུ་བ་ལས། དེ་ལ་ནི་སློབ་པ་ཕྱིར་མི་འོང་བ་ལུས་ཀྱིས་མངོན་དུ་བྱེད་པ་དང་། མི་སློབ་པ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་ བ་ཡང་སྙོམས་པར་འཇུག་གོ །ཞེས་པ་ལྟར་ཡིན་ལ་ཐེག་ཆེན་ནི་མཐོང་ལམ་ནས་འཇུག་ནུས་སོ། །སོ་སྐྱེ་དང་རྒྱུན་ཞུགས་ཕྱིར་འོང་ཤེས་རབ་ཀྱི་ཆ་ལས་རྣམ་གྲོལ་རྣམས་ཀྱིས་འཇུག་མི་ནུས་སྟེ། འདི་ལ་འཇུག་པ་ལ་ཉོན་ཡིད་དགག་དགོས་ཤིང་སྲིད་རྩེའི་སེམས་ཐོབ་དགོས་ན། དང་པོ་ལ་དང་པོ་མེད་ལ་ལྷག་མ་རྣམས་ལ་ཕྱི་མ་མེད་པས་སོ། །ས་བཅུ་པ་ལས་བྱང་ཆུབ་སེམས་དཔའ་ས་དྲུག་པ་ཡན་ཆད་དུ་འགོག་པ་ལ་སྙོམས་པར་འཇུག་པར་གསུངས་པ་ནི། སྤྲོས་པ་ཐམས་ཅད་དང་བྲལ་བའི་དབྱིངས་ལ་འགོག་པར་བཞེད་པས་མིང་མཚུངས་ཀྱང་དོན་མི་འདྲའོ། །གཉིས་པ་སེམས་གང་ལ་བརྟེན་པ་ནི། སྲིད་རྩེའི་སེམས་དེ་ཤིན་ཏུ་ཕྲ་བས་དེ་ལ་བརྟེན་ནས་སེམས་སེམས་བྱུང་གི་རྒྱུ་བ་དགག་སླ་བས་དེ་ལ་བརྟེན་པར་མངོན་པ་བ་རྣམས་འདོད་དོ། །འོན་ཀྱང་ཡུམ་གྱི་མདོར་ས་དགུ་ག་ལ་བརྟེན་པར་བཤད་པས་སྔ་མ་ནི་རྩོམ་པ་དང་པོའི་ཚེ་ལ་འདོད་དགོས་སོ། །གསུམ་པ་ཡིད་ལ་བྱེད་པ་ནི། ཚོར་འདུ་སོགས་ཀྱི་རྒྱུ་བ་རགས་པ་མི་དབེན་པར་མཐོང་ནས་དེས་ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་སོ། །བྱང་སེམས་ནི་གཞན་དོན་དུ་ཏིང་ངེ་འཛིན་གྱི་རྩལ་སྦྱང་བར་བྱ་བའི་ཕྱིར་དུའོ། །བཞི་པ་དགག་བྱ་གང་འགོག་པ་ནི། ཚོགས་དྲུག་དང་ཉོན་ཡིད་དེ་བདུན་འཁོར་དང་བཅས་པ་འགོག་སྟེ་འདི་ལ་ཉོན་ཡིད་མ་བཀག་ན་འདུ་ཤེས་མེད་པའི་སྙོམས་འཇུག་དང་འདི་གཉིས་ལ་ཞི་མ་ཞིའི་ཁྱད་པར་མེད་པས་སོ། །དེ་ཡང་འདོད་ཁམས་སུ་ཡིན་གྱི་གཟུགས་ཁམས་ན་སྣ་ལྕེའི་རྣམ་ཤེས་དང་གཟུགས་མེད་ན་ཚོགས་ལྔ་མེད་པས་རིམ་པ་ལྟར་ལྔ་དང་གཉིས་ འགོག་གོ །ཉན་ཐོས་ཀྱིས་ཚོགས་དྲུག་ལས་མི་འགོག་གསུངས་པ་ནི་ཉན་ཐོས་ཀྱི་གཞུང་ལས་ཚོགས་དྲུག་ལས་མ་བཤད་པས་དེ་ཙམ་ཞིག་འགོག་པར་བཤད་པ་ཡིན་ལ་དོན་དུ་ཉོན་ཡིད་ཀྱང་འགོག་པར་བསྡུ་བ་ལས་བཤད་དོ། །གནས་སྐབས་དེར་ཡང་ཀུན་གཞི་ཡོད་པས་སེམས་ལྡན་ཡིན་ནོ། །ལྔ་པ་ངོ་བོ་ནི། དོན་སྨྲ་དང་ཐེག་ཆེན་པ་གཉིས་ཀས་ཀྱང་ལྡན་མིན་འདུ་བྱེད་དུ་འདོད་དོ། །འོན་ཀྱང་བྱེ་སྨྲས་རྫས་སུ་གྲུབ་པར་འདོད་ལ་མདོ་སྡེ་པ་ཡན་ཆད་ཀྱིས་བཏགས་ཡོད་དུ་འདོད་དོ། །ཁ་ཅིག་ན་རེ། འདི་ལྡན་མིན་དུ་བཤད་པ་ནི་ཉན་ཐོས་སྡེ་བ་དང་སྒོ་བསྟུན་པ་ཡིན་གྱི་ཐེག་ཆེན་རང་ལུགས་ལ་ཏིང་ངེ་འཛིན་ཁྱད་པར་ཅན་དུ་འདོད་དེ། ས་ཡི་སྙིང་པོ་འཁོར་ལོ་བཅུ་པ་ལས། བྱང་སེམས་རྣམས་འགོག་པའི་ཏིང་ངེ་འཛིན་ལ་གནས་ནས་འདུ་ཤེས་གསུམ་དང་ཚོར་བ་གསུམ་ཡོངས་སུ་གཅོད་དེ་ཞེས་སོགས་གསུངས་པ་དང་། ཡུམ་གྱི་མདོ་ལས་ཀྱང་ཐོད་རྒལ་གྱི་ཏིང་ངེ་འཛིན་དུ་བཤད་པ་དང་། སྙོམས་འཇུག་ཏུ་གསུངས་པ་དང་རྟོགས་པ་ཡེ་ཤེས་ཀྱི་ཆོས་སྐུར་བཤད་པའི་ཕྱིར་རོ། །དེས་ན་འདི་ཐེག་ཆེན་འཕགས་པའི་མི་རྟོག་ཡེ་ཤེས་ཡིན་ཟེར་རོ། །དེ་ཡང་འཕགས་པ་ཐོགས་མེད་སྐུ་མཆེད་ནི། འདིའི་ངོ་བོ་ཤེས་པ་ཡིན་པ་ལྟ་ཞོག །བྱེ་སྨྲའི་བཙུན་པ་དབྱིག་བཤེས་ཀྱིས་འདིའི་སྐབས་སུ་ཡིད་ཤེས་མི་གསལ་ བ་ཡོད་པར་འདོད་པ་ཡང་། ཡིད་ཤེས་ཡོད་ན་རེག་པ་དང་ཚོར་བ་སོགས་སྐྱེ་བར་གསུངས་པའི་ལུང་ལ་བརྟེན་ནས་བཀགས་ཤིང་། ཉན་ཐོས་སྡེ་པ་ལ་ཀུན་གཞི་ཡོད་པར་སྒྲུབ་པའི་ཚེ་ཡང་། འགོག་སྙོམས་ལ་ཞུགས་པའི་ཚེ་ཚོགས་དྲུག་མེད་པས་ཀུན་གཞི་མེད་ན་ཤི་བ་དང་འདྲ་བར་འགྱུར་བ་སོགས་གསུངས་པས་སྐུ་མཆེད་ཀྱི་གཞུང་ལས་ནི་འགོག་སྙོམས་ཀྱི་སྐབས་སུ་ཀུན་གཞིས་སེམས་ཡོད་དུ་གསུངས་ཀྱི་ཤེས་པ་གཞན་གྱིས་སེམས་ཡོད་དུ་གསུང་པ་མེད་ལ། དེ་དང་མི་མཐུན་པར་བཀྲལ་བའི་ཐེག་ཆེན་གྱི་གཞུང་ལུགས་ཆེན་པོ་གཞན་ཡང་མེད་པས། རང་སྟོབས་ཀྱིས་མདོ་ལས་བྱམས་པའི་དགོངས་པ་འཆད་མི་ནུས་པས་འགོག་སྙོམས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དུ་བཀྲལ་བ་འདི་མི་འཐད་པར་མངོན་ནོ། །གཞན་ཡང་འདི་མི་རྟོག་པའི་ཏིང་འཛིན་ཡིན་ན་ཡིད་ཤེས་ཡིན་དགོས་ལ། དེ་ལྟར་ན་སུམ་ཅུ་པ་ལས། ཡིད་ ཀྱི་རྣམ་ཤེས་འབྱུང་བ་ནི། །རྟག་ཏུའོ་ཞེས་འབྱུང་དུས་སྤྱིར་བཏང་ནས། འདུ་ཤེས་མེད་པ་ དང་། སྙོམས་པར་འཇུག་པ་རྣམ་གཉིས་དང་། །སེམས་མེད་གཉིད་དང་བརྒྱལ་མ་གཏོགས། ། ཞེས་གནས་སྐབས་དེ་ལྔར་མི་འབྱུང་བར་དམིགས་ཀྱིས་བཀར་ནས་བཤད་པས་མི་འཐད་དོ། ། དེས་ན་ལམ་གྱི་སྟོབས་ཀྱིས་ཐོབ་པ་དང་སངས་རྒྱས་ཀྱིས་ཀྱང་དེ་མངོན་དུ་བྱེད་པའི་ནུས་པ་ཡོད་པ་ལ་དགོངས་ནས་ཡེ་ཤེས་ཆོས་སྐུར་བཤད་ཀྱི་འདིའི་རྫས་ཤིག་སངས་རྒྱས་ཀྱི་རྒྱུད་ལ་སྐྱེད་པ་ནི་མ་ཡིན་ནོ། །སངས་རྒྱས་ཀྱིས་འདི་ལ་འཇུག་པར་གསུངས་པ་ནི་ནུས་པ་ཐོབ་པ་ལ་དགོངས་སོ། །ཐོད་རྒལ་དུ་བཤད་པས་ཀྱང་མི་གནོད་དེ། མཉམ་པར་མ་བཞག་པའི་སེམས་བཞིན་ནོ། །སྙོམས་འཇུག་ཏུ་གསུངས་པའི་དགོངས་པ་ནི། འདིའི་འཇུག་སེམས་དེ་སྙོམས་འཇུག་ཡིན་པས་སམ་ཡང་ན་འདིས་ལུས་ཀྱི་འབྱུང་བ་ཆེན་པོ་རྣམས་ཆ་སྙོམས་པར་འཇོག་པ་ལ་དགོངས་སོ། །དེ་ཡང་ཚོགས་བདུན་མ་བཀག་པའི་སྔོན་དུ་མེད་ལ་བཀག་པ་ན་ཡང་ཡོད་པས་འདུས་བྱས་ཀྱི་ཐ་སྙད་བྱས་སོ། །དྲུག་པ་དུས་ཅི་ཙམ་སྙོམས་པར་འཇུག་པ་ནི། ཁ་ཅིག་བྱང་སེམས་རྣམས་ཞག་བདུན་ལས་སྙོམས་པར་མི་འཇུག་སྟེ་གཞན་དོན་དོར་བར་འགྱུར་བའི་ཕྱིར་རོ་ཞེས་འདོད་པ་ལ། སྙོམས་པར་འཇུག་པ་ཡང་གཞན་དོན་ཡིན་པས་མི་འཐད་དོ་ཞེས་གསུངས་སོ། །བདུན་པ་ཁམས་གང་དུ་སྙོམས་པར་འཇུག་པ་ནི། མཛོད་དུ་དང་པོར་མིའི་རྟེན་ལ་བསྐྱེད་ནས་ཕྱིས་གཟུགས་སུ་བསྐྱེད་པར་བཤད་པ་ལྟར་བསྡུ་བར་ཡང་བཤད་ལ། འོན་ཀྱང་ཀུན་གཞི་ཁས་མ་བླངས་ན་རྣམ་བཞག་དེ་དགོས་པ་དང་། ཀུན་གཞི་ཁས་བླང་ན་ཁམས་གསུམ་གར་མངོན་དུ་བྱེད་པར་བཤད་དེ་དགག་གཞི་ཡོད་མེད་ཀྱི་ཁྱད་པར་རོ། །ལྔ་པ་སྤོང་བའི་ལམ་ལ་ཆོས་བཟོད་ཀྱི་བར་ཆད་མེད་པའི་ལམ་གྱི་རྣམ་པ་བདེན་པ་བཞིའི་ཡུལ་ཅན་དུ་བསྡུས་པ་མཐོང་སྤང་གི་ཉོན་མོངས་པ་དང་མི་ལྡན་པའི་མཚན་ཉིད་ཆོས་བཟོད་བཞིའོ། ། འདི་ཆོས་ཤེས་རྒྱུན་མཐའ་ལ་བཤད་ཀྱང་མཐོང་ལམ་དུ་བཞེད་པ་འཕགས་སེང་གི་དགོངས་པའོ། །དྲུག་པ་སངས་རྒྱས་ཉིད་ཀྱི་ལམ་སྟེ་དེ་ཁོ་ནར་བགྲོད་པའི་ལམ་ལ་སེར་སྣ་ནས་ཤེས་འཆལ་གྱི་བར་དྲུག་དང་། ཐབས་དང་སྨོན་ལམ་མ་ཡིན་པ་གཉིས་དང་། སྟོབས་ཆུང་བ་དང་མི་ཤེས་པ་གཉིས་ཏེ་མི་མཐུན་ཕྱོགས་བཅུ་མི་སྤྱོད་པའི་སྦྱིན་པ་སོགས་ཕར་ཕྱིན་བཅུའོ། ། གལ་ཏེ་སོ་བདུན་བྱང་སེམས་ཀྱིས་ཀྱང་སྒོམ་ལ། རྣམ་ཐར་སྒོ་གསུམ་ནས་སྤོང་ལམ་གྱི་བར་རྣམས་ཉན་ཐོས་ལ་ཡང་ཡོད་ན་ཅིའི་ཕྱིའི་དེ་གཉིས་གང་ཟག་ཉན་ཐོས་དང་བྱང་སེམས་ལ་ཡོད་པ་དང་། མཁྱེན་པ་གཞི་ཤེས་དང་ལམ་ཤེས་གཉིས་ཀྱི་རྣམ་པར་བཤད་ཅེ་ན་སོ་བདུན་ཉན་ཐོས་དང་སོ་བཞི་བྱང་སེམས་ལ་གཙོ་ཆེ་བས་བཤད་དོ། །ཇི་ལྟར་ཉན་ཐོས་ཐུན་མོང་མ་ཡིན་པའི་བཞེད་དོན་ནི། ཉོན་མོངས་ལས་གྲོལ་བའི་མྱང་འདས་ཙམ་ཞིག་ཡིན་ལ། དེ་བསྒྲུབ་པ་ལ་ནི་སོ་བདུན་མེད་མི་རུང་གི་ཡན་ལག་ཡིན་ཏེ། སོ་བདུན་འདི་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་ཀྱང་གཙོ་བོར་གང་ཟག་གི་བདག་མེད་པའི་དམིགས་རྣམ་རྫོགས་པ་ཅན་དུ་གསུངས་ལ་ཉོན་མོངས་པ་རྣམས་ཀྱང་གང་ཟག་གི་བདག་ཏུ་ལྟ་བ་ལས་བྱུང་བས་སོ། །རྣམ་ཐར་བརྒྱད་དང་སྙོམས་འཇུག་དགུ་དང་ཕར་ཕྱིན་བཅུ་ནི་ཤེས་སྒྲིབ་གྱི་གཉེན་པོར་སྒོམ་ལ། བྱང་སེམས་ཀྱི་བཞེད་པ་མཐར་ཐུག་པ་ཡང་ཤེས་སྒྲིབ་སྤངས་པའི་ཀུན་མཁྱེན་ཡིན་པས་སོ། ། ཡང་ན་སོ་བདུན་གྱི་ལྡོག་པ་ནས་ཆོས་ཀྱི་བདག་མེད་རྟོགས་པར་མི་འཇོག་ལ། དེས་ན་བདག་མེད་རྟོགས་པ་ཐུན་མོང་མ་ཡིན་པའི་ལམ་གཞན་གྱིས་ཟིན་པའི་མཐུས་ཡིན་པས་སོ་བདུན་ནི་གང་ཟག་གི་བདག་མེད་ཀྱི་དམིགས་རྣམ་ཅན་ཡིན་པས་གཞི་ཤེས་ཀྱི་རྣམ་པ་དང་། སོ་བཞིའི་སྐབས་སུ་ལམ་དང་པོ་དང་ལྔ་པ་གཉིས་ཉོན་སྒྲིབ་ཀྱི་གཉེན་པོ་དང་། ལྷག་མ་རྣམས་ལས་རྣམ་ཐར་སྙོམས་འཇུག་ཐེག་དམན་དང་ཐུན་མོང་པའི་ཤེས་སྒྲིབ་དང་། ཕར་ཕྱིན་བཅུ་ཐུན་མོང་མ་ཡིན་པའི་ཤེས་སྒྲིབ་ཀྱི་གཉེན་པོ་སྟེ། མདོར་ན་སྒྲིབ་གཉིས་མ་ལུས་པའི་གཉེན་པོའི་རྣམ་པ་བསྟན་པས་འདི་བྱང་སེམས་ཀྱི་ལམ་ཤེས་ཀྱི་རྣམ་པར་བཞག་གོ །ཞེས་བྱའོ། །གསུམ་པ་སངས་རྒྱས་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རྣམ་པ་རྣམས་བཤད་པ་ལ་བཞི། ཡོན་ཏན་གྱི་རབ་དབྱེ། དེ་དག་གི་རང་བཞིན། དེ་གང་གི་ཡིན་པ་དང་། དེ་གང་གི་ཆེད་དུ་ཡིན་པའོ། །དང་པོ་ཡོན་ཏན་གྱི་རབ་དབྱེ་ལ་བཞི་ལས། དང་པོ་ནི། སྟོབས་ཀྱི་རྣམ་པ་བཅུའོ། །དེ་གང་ན། སྦྱིན་པས་ལོངས་སྤྱོད་ཆེན་པོ་ནི་གནས་དབུལ་བ་ནི་གནས་མ་ཡིན་པ་དང་། སེར་སྣས་དེ་ལས་བཟློག་པ་དང་། འཆལ་ཁྲིམས་ཀྱིས་ངན་འགྲོར་སྐྱེ་བ་གནས་བདེ་འགྲོར་སྐྱེ་བ་གནས་མ་ཡིན་པ་དང་། ཚུལ་ཁྲིམས་ཀྱིས་དེ་ལས་བཟློག་པ་དང་། གནོད་སེམས་ཀྱིས་གཟུགས་མི་སྡུག་པར་འགྱུར་བ་ནི་གནས་དང་། སྡུག་པ་ནི་གནས་མ་ཡིན་པ་དང་། བཟོད་པས་དེ་ལས་བཟློག་པ་ལ་སོགས་པ་མཁྱེན་པ་གནས་དང་གནས་མིན་མཁྱེན་པའི་སྟོབས། དགེ་སྡིག་གི་ལས་རྣམས་འབྱེད་པའི་ལས་དང་། ཀུན་སློང་དང་ལས་དེའི་རྣམ་པར་སྨིན་པ་དམན་པ་དང་ཁྱད་པར་བ་རྣམས་མཁྱེན་པ་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས། འདོད་ཆགས་ལ་གནས་ཤིང་ཞེ་སྡང་ལ་མོས་པ་དང་། དེ་ལས་བཟློག་པ་དང་། ཉན་ཐོས་རང་རྒྱལ་སོགས་སུ་མོས་པའམ་འདོད་པ་སྣ་ཚོགས་མཁྱེན་པ་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས། མིག་གི་ཁམས་ལ་སོགས་པ་བཅོ་བརྒྱད་དང་སའི་ཁམས་ལ་སོགས་པ་ཁམས་དྲུག་ལ་སོགས་པ་འཇིག་རྟེན་གྱི་ཁམས་དུ་མ་མཁྱེན་པ་ཁམས་སྣ་ཚོགས་མཁྱེན་པའི་སྟོབས། དད་པ་ལ་སོགས་པའི་དབང་པོ་རྣོ་བ་དང་། རྟུལ་པོ་དང་། འབྲིང་པོ་དང་། མེད་པ་ལ་སོགས་པ་མཁྱེན་པ་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས། སྲིད་ཞི་ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཉིད་དུ་ངེས་པ་དང་མ་ངེས་པ་རྣམས་དང་མཐུན་པའི་ལམ་དང་ལོག་པ་ཉིད་དུ་ངེས་པའི་ལམ་རྣམས་མཁྱེན་པ་ཀུན་ཏུ་འགྲོ་བའི་ལམ་མཁྱེན་པའི་སྟོབས། བསམ་གཏན་བཞི་རྣམ་ཐར་བརྒྱད་རྟོག་བཅས་སོགས་ཀྱི་ཏིང་ངེ་འཛིན་གསུམ་གཟུགས་མེད་བཞི་མཐར་གནས་དགུའི་རོ་མྱང་བའི་ཀུན་ནས་ཉོན་མོངས་དང་། དེ་མི་དམིགས་པའི་རྣམ་པར་བྱང་བ་སེངྒེ་རྣམ་པར་བསྒྱིང་བའམ། ཐོད་རྒལ་དུ་འཇུག་པ་དང་ལྡང་བ་སོགས་མཁྱེན་པ་བསམ་གཏན་དང་རྣམ་ཐར་མཁྱེན་པའི་སྟོབས། བདག་གཞན་གྱི་སྔོན་གྱི་སྐྱེ་གནས་དུ་མ་རྗེས་སུ་དྲན་པ་སྔོན་གནས་རྗེས་དྲན་མཁྱེན་པའི་སྟོབས་དང་། ལྷའི་མིག་གིས་སེམས་ཅན་རྣམས་ཀྱི་ད་ལྟར་དང་མ་འོངས་པའི་འཆི་འཕོ་བ་དང་སྐྱེ་བ་མཁྱེན་པ་འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས། ཉན་ཐོས་ནས་སངས་རྒྱས་ཀྱི་བར་དུ་ཕྱོགས་གཅིག་དང་མཐའ་དག་གི་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱི་རྣམ་པའོ། །དེ་དག་ཀྱང་མི་མཐུན་ཕྱོགས་ཐམས་ཅད་ལས་རྒྱལ་ཞིང་དེ་དག་གིས་མི་བརྫི་བས་སྟོབས་སོ། །གཉིས་པ་ནི། མི་འཇིགས་པའི་རྣམ་པ་བཞིའོ། །འདི་ལ་བཞི་ལས། དང་པོ་རྟོགས་པ་ཕུན་ཚོགས་སུ་དམ་བཅའ་བ་ལ་མི་འཇིགས་པ་ནི། མདོ་ལས། ཀྱེ་མ་བདག་གིས་ཆོས་འདི་དག་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་དམ་བཅས་ན་འདིར་ང་ལ་ཆོས་འདི་རྣམས་སངས་མ་རྒྱས་སོ། །ཞེས་བྱ་བར་དགེ་སྦྱོང་ངམ་བྲམ་ཟེའམ་ལྷའམ་བདུད་དམ་ཚངས་པའམ། གཞན་སུ་ཡང་རུང་བས་འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་བ་དེ་ལྟ་བུའི་རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འདིར་རྒྱུ་དེ་དག་ཡང་དག་པར་རྗེས་སུ་མཐོང་བས་བདག་བདེ་བ་ཐོབ་པ་དང་། བག་ཚ་བ་མེད་པ་དང་ཐོབ་པ་དང་། མི་འཇིགས་པ་ཐོབ་པས་གནས་ཏེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ་བདུད་དམ་ཚངས་པའམ། གཞན་སུ་ཡང་རུང་བས་ཆོས་དང་ལྡན་པར་འཇིག་རྟེན་དུ་བསྐོར་མི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱ། ཞེས་གསུངས་སོ། །གཉིས་པ་སྤངས་པ་ཕུན་ཚོགས་ལ་མི་འཇིགས་པ་ནི། ཀྱེ་མ་བདག་ཟག་པ་ཟད་དོ་ཞེས་དམ་བཅས་ན་དེ་ལ་ཟག་པ་འདི་རྣམས་ཡོངས་སུ་ཟད་པར་མ་གྱུར་ཏེ་ཞེས་བདག་ལ་དགེ་སྦྱོང་སོགས་སོ། །གསུམ་པ་བར་དུ་གཅོད་པའི་ཆོས་ལ་མི་འཇིགས་པ་ནི། གང་ངས་བར་ཆད་ཆོས་སུ་བསྟན་པ་དེ་དག་བརྟེན་ན་བར་ཆད་ཀྱི་ཆོས་སུ་མི་འགྱུར་བ་དེ་ལྟ་བུའི་གནས་དེ་མེད་དེ་འདིར་ང་ལ་དགེ་སྦྱོང་སོགས་སོ། །བཞི་པ་ངེས་པར་འབྱུང་བའི་ལམ་ལ་མི་འཇིགས་པ་ནི། ངས་འཕགས་པ་ངེས་པར་འབྱིན་པའི་ལམ་དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པའི་དོན་དུ་ངེས་པར་འབྱིན་པ་བསྟན་པ་གང་ཡིན་པ་དེ་བསྒྲུབ་ན་སྡུག་བསྔལ་ཡང་དག་པར་ཟད་པའི་དོན་དུ་ངེས་པར་འབྱིན་པར་མི་འགྱུར་བ་དེ་ལྟ་བུའི་གནས་མེད་དེ། འདིར་ང་ལ་དེ་ཡང་དག་པར་བསྒྲུབ་ཀྱང་། སྡུག་བསྔལ་ཡང་དག་པར་ཟད་པར་མི་འགྱུར་རོ་ཞེས་བྱ་བར་དགེ་སྦྱོང་སོགས་སོ། །དེ་ལ་དགེ་སྦྱོང་དང་བྲམ་ཟེ་ནི་ཤེས་རབ་ཀྱིས་རློམ་པའོ། །ལྷ་དང་བདུད་ནི་ལྷའི་མིག་དང་ཕ་རོལ་གྱི་སེམས་ཤེས་པ་སོགས་ཀྱིས་ཕུན་སུམ་ཚོགས་པའོ། །ཚངས་པ་ནི་མཐུ་དང་རྫུ་འཕྲུལ་ཆེ་བའོ། །དེའི་ཕྱིར་དེ་དག་རློམ་པ་ཆེ་བས་སྨོས་སོ། །ལུས་ཀྱི་སྤུ་ཟིང་བྱེད་པ་དང་། བག་འཁུམ་པ་སོགས་མེད་པའི་བདེ་བ་ཐོབ་པའི་མཐུས་ཅང་ཤེས་ཁྱུ་མཆོག་གི་གནས་སུ་དམ་འཆའ་སྟེ། སྐུའི་ཕྲིན་ལས་དག་པས་སོ། །གསུང་ལ་ཞུམ་པ་དང་དམན་པ་སོགས་མེད་པའི་བག་ཚ་བ་མེད་པ་ཐོབ་པའི་མཐུས་སེང་གེ་བཞིན་དུ་སྒྲོག་སྟེ། གསུང་གི་ཕྲིན་ལས་དག་པས་སོ། །ཐུགས་ལ་དོགས་པ་དང་ཞུམ་པ་སོགས་མེད་པའི་མི་འཇིགས་པ་ཐོབ་པའི་མཐུས་ཚངས་པ་བཞིན་དུ་འཁོར་ལོ་བསྐོར་ཏེ་ཐུགས་ཀྱི་ཕྲིན་ལས་དག་པས་སོ། །ཡང་ན་ཚངས་པ་ནི་ཐམས་ཅད་ལས་འཕགས་པས་དེ་བཞིན་གཤེགས་པའོ། །གསུམ་པ་ནི། སོ་སོ་ཡང་དག་པར་རིག་པའི་རྣམ་པ་བཞིའོ། །དེ་གང་ན་གསུང་རབ་ཡན་ལག་བཅུ་གཉིས་སམ། ། འོད་དཀར་ཅན་དང་རི་བོང་ཅན་ཞེས་སོགས་བརྗོད་བྱེད་ཀྱི་མིང་གི་རྣམ་གྲངས་ཀྱི་ཡུལ་ལ་རོ་མྱང་བའི་ཆགས་པ་དང་ཤེས་སྒྲིབ་ཀྱི་ཐོགས་པ་མི་མངའ་བར་འཇུག་པ་ནི། ཆོས་སོ་སོ་ཡང་དག་པར་རིག་པའི་རྣམ་པ་དང་། ཡན་ལག་བཅུ་གཉིས་ཀྱི་བརྗོད་བྱའམ་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཀྱི་ཡུལ་ལ་སྔར་བཞིན་དོན་དང་། འགྲོ་བ་དྲུག་ཏུ་གཏོགས་པའི་སྐད་དམ་ཡུལ་སོ་སོའི་སྐད་ཀྱི་ཡུལ་ལ་སྔར་བཞིན་ནི། ངེས་པའི་ཚིག་སོགས་དང་། གཞན་ལ་བསྟན་པའི་ཕྱིར་ཆོས་ལ་སོགས་པ་གསུམ་མངོན་དུ་གྱུར་པའམ། ཆོས་རྣམས་ཀྱི་རྫས་ཡོད་བཏགས་ཡོད་སོགས་ཀྱི་ངོ་བོ་དང་རྣམ་པའི་རབ་ཏུ་དབྱེ་བའི་ཡུལ་ལ་སྔར་བཞིན་ནི་སྤོབས་པ་སོགས་སོ། །དེ་བཞི་ཡང་ཡུལ་བཞི་ལ་ཆགས་ཐོགས་མེད་བའི་ཕྱིར་སོ་སོ་ཡང་དག་པར་རིག་པའོ། །བཞི་པ་ནི། སངས་རྒྱས་ཀྱི་ཡོན་ཏན་གྱི་ཆོས་གཞན་དང་མ་འདྲེས་པ་བཅོ་བརྒྱད་དོ། ། དེ་ལ་ཡང་སྤྱོད་པས་བསྡུས་པ་དྲུག །རྟོགས་པས་བསྡུས་པ་དྲུག །ཕྲིན་ལས་ཀྱིས་བསྡུས་པ་གསུམ། ཡེ་ཤེས་ཀྱིས་བསྡུས་པ་གསུམ་མོ། །དེ་ལ་དང་པོ་ནི། ཐེག་དམན་དགྲ་བཅོམ་རྣམས་ལ་འཆད་པར་འགྱུར་བའི་སྐྱོན་དྲུག་སྲིད་མོད་ཀྱང་དེ་བཞིན་གཤེགས་པ་ལ་ནི། གླང་པོ་ཆེ་དང་གླང་དང་ཁྱི་གཏུམ་པོ་སོགས་ཀྱི་གནོད་པ་འབྱུང་བ་དང་། སྦྲུལ་ནག་པོ་རྐང་པ་ལ་རྫི་བ་སོགས་ཀྱི་འཁྲུལ་བ་མི་མངའ་བས་ལུས་ཀྱི་ལས་དག་པ་དང་། ལམ་སྟོར་ནས་ཅ་ཅོའི་སྒྲ་འབྱིན་པ་དང་བག་ཆགས་ཀྱི་དབང་གིས་རྟ་གད་ཆེན་པོ་འབྱིན་པ་སོགས་ཀྱི་ཅ་ཅོ་མི་མངའ་བས་ངག་གི་ལས་དག་པ་དང་། བརྗེད་ནས་བྱ་བ་ཤོར་བ་དང་དུས་ལས་ཡོལ་བའི་དྲན་པ་ཉམས་པ་མི་མངའ་བ་དང་། སྙོམས་པར་ཞུགས་རུང་མ་ཞུགས་རུང་དུས་ཐམས་ཅད་དུ་ཐུགས་མཉམ་པར་མ་བཞག་པར་མི་མངའ་བ་དང་། སྲིད་པ་དང་མྱང་འདས་ལ་མི་མཐུན་པ་དང་། མཐུན་པར་འཛིན་པའི་སྒོ་ནས་ཐ་དད་པ་ཉིད་ཀྱི་འདུ་ཤེས་མི་མངའ་བ་དང་། སེམས་ཅན་འདུལ་བའི་དུས་ལ་སོགས་པ་སོ་སོར་མ་བརྟགས་པར་དེའི་དོན་ཡལ་བར་འདོར་བའི་བཏང་སྙོམས་མི་མངའ་བའི་རྣམ་པ་སྟེ་བཞི་ནི་ཡིད་ཀྱི་ལས་དག་པ་སྟེ་དེ་ལྟར་དྲུག་གོ །གཉིས་པ་ནི། དེ་བཞིན་གཤེགས་པ་རྣམས་ནི་དུས་ཐམས་ཅད་དུ་སེམས་ཅན་གྱི་དོན་མཛད་པ་དང་། བྱམས་པ་དང་ཐུགས་རྗེ་ཆེན་པོ་ལ་སོགས་པའི་ཆོས་ལ་རྒྱུན་མི་འཆད་པར་འདོད་པ་འབྱུང་བས་འདུན་པ་ཉམས་པ་མི་མངའ་བ་དང་། སེམས་ཅན་རེ་རེའི་ཕྱིར་ཡང་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པར་དེའི་གནས་སུ་གཤེགས་བའི་བརྩོན་འགྲུས་ཉམས་པ་མི་མངའ་བ་དང་། སངས་རྒྱས་ནས་དུས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་། དེ་འདུལ་བའི་ཐབས་ལ་སོགས་པ་དྲན་པའི་ལམ་དུ་བཞག་པས་ཕྱིས་དེ་ལ་བསམ་མི་དགོས་པའི་དྲན་པ་ཉམས་པ་མི་མངའ་བ་དང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་མཉམ་པར་འཇོག་པའི་ཏིང་ངེ་འཛིན་ཉམས་པ་མི་མངའ་བ་དང་། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་དང་ཆོས་སྟོན་པ་མཁྱེན་པ་མི་ཟད་པས་ཤེས་རབ་ཉམས་པ་མེད་པ་དང་། འཁོར་བ་ཇི་སྲིད་ཀྱི་བར་དུ་སེམས་ཅན་གྱི་དོན་མཛད་པ་ལ་མི་ཟད་པའི་རྣམ་པར་གྲོལ་པ་ཉམས་པ་མི་མངའ་བའི་རྣམ་པ་སྟེ་དེ་ལྟར་དྲུག་གོ །དེ་དྲུག་ལས་འདུན་པ་ནི་རྟེན་བར་བ་བཞི་དབང་པོ་ཐ་མ་འབྲས་བུ་ཡིན་ལ་དེ་དྲུག་ལ་ཐེག་དམན་ལ་ཐོབ་ནས་ཉམས་པ་མེད་ཀྱང་། མ་ཐོབ་པའི་ཉམས་པ་ཡོད་ལ་དེ་བཞིན་གཤེགས་པ་ལ་གཉིས་ཀ་མེད་དོ། །གསུམ་པ་ནི་འོད་འགྱེད་པ་དང་། གོམ་པ་འདོར་བ། སྤྱན་འབྱེད་པ་སོགས་ཀྱིས་སེམས་ཅན་འདུལ་བའི་སྐུའི་ཕྲིན་ལས་སེམས་ཅན་གྱི་བསམ་པ་དང་བག་ལ་ཉལ་དང་མཐུན་པར་འདོམས་པའི་གསུང་གི་ཕྲིན་ལས། བག་ཆགས་མ་ལུས་པ་སྤངས་ཤིང་བྱམས་པ་ཆེན་པོ་དང་ལྡན་པའི་ཐུགས་ཀྱི་ཕྲིན་ལས་རྣམས་ཡེ་ཤེས་སྔར་བྱུང་གི་རྒྱུ་ལས་བྱུང་བས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་དང་ལྷན་ཅིག་ཏུ་རྒྱུ་བས་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའི་རྣམ་པ་སྟེ་གསུམ་མོ། །བཞི་པ་ནི། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་གསུམ་གྱི་ཤེས་བྱ་ཐམས་ཅད་ལ་བཞེད་པ་ཙམ་གྱིས་མཁྱེན་པས་མ་ཆགས་ཤིང་། ཐམས་ཅད་མཁྱེན་བས་མ་ཐོགས་པའི་ཡེ་ཤེས་ཀྱི་རྣམ་པ་སྟེ་གསུམ་མོ། །གཉིས་པ་དེ་དག་གི་རང་བཞིན་ནི། སངས་རྒྱས་འབྱུང་བ་རྣམས་གདུལ་བྱའི་ཁྱད་པར་གྱིས་ཐེག་པ་གསུམ་དང་གཅིག་སྟོན་པ་ཙམ་མ་གཏོགས་པ་དེ་བཞིན་ཉིད་མི་སྟོན་པ་མི་སྲིད་པས་སངས་རྒྱས་ཐམས་ཅད་ཀྱི་བཤད་པའི་དེ་བཞིན་ཉིད་དྲི་མ་མ་ལུས་པ་དག་པའི་མྱ་ངན་ལས་འདས་པའོ། །གསུམ་པ་དེ་དག་གང་གིས་ཡིན་པ་ནི། འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ལ་མངའ་སྒྱུར་བ་ནི་རང་བྱུང་གི་མཐུས་ཏེ་རང་བྱུང་ནི་རང་བྱུང་གི་ཡེ་ཤེས་སོ། །རང་བྱུང་ཡང་གཉིས་ཏེ། ཆོས་ཀྱི་དབྱིངས་དང་། སྲིད་པ་ཐ་མ་པས་ཤེས་བྱ་ཐམས་ཅད་མངོན་དུ་བྱས་པའི་ཡེ་ཤེས་སོ། །དང་པོའི་དབང་དུ་མཛད་ནས་སྡོང་པོ་བཀོད་པ་ལས། འཇིག་རྟེན་ཁམས་རྣམས་ལ་ལ་དག །བསམ་གྱིས་མི་ཁྱབ་ཚིག་གྱུར་ཀྱང་། །ནམ་མཁའ་འཇིག་པར་འགྱུར་བ་མེད། །རང་བྱུང་ཡེ་ཤེས་དེ་བཞིན་ནོ། །ཞེས་པ་ལྟ་བུའོ། །གཉིས་པ་ནི། བྱང་སེམས་དུས་རིང་མོར་དགེ་བའི་བཤེས་གཉེན་གྱི་གདམས་ངག་གོམས་པར་བྱས་པས་སློབ་དཔོན་ལ་མ་ལྟོས་པར་རང་བྱུང་སྟེ། ཇི་སྐད་དུ། ཉེར་འགྲོ་ང་ནི་སངས་རྒྱས་ཏེ། །ང་ལ་སློབ་དཔོན་སུ་ཡང་མེད། །ཅེས་པ་ལྟ་བུའོ། །དེ་ལ་དང་པོ་ནི་སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་དེ་བཞིན་ཉིད་ཡིན་པས་འདིར་གཉིས་པ་བཟུང་ངོ་། །བཞི་པ་གང་གི་ཆེད་དུ་ཡིན་པ་ནི། ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་ཀུན་ཡང་དག་པར་རྟོགས་པའི་སངས་རྒྱས་ཉིད་ཀྱི་རྣམ་པ་སྟེ་གསུམ་མོ། །དེ་ཡང་དེ་བཞིན་ཉིད་ལ་དམིགས་ཏེ་རྣམ་མཁྱེན་གྱི་ཡེ་ཤེས་ཐོབ་པ་ན་དངོས་པོ་རྣམས་ལ་དབང་སྒྱུར་བའི་མཐུ་དང་ལྡན་པའི་སྒོ་ནས་རང་བྱུང་དུ་དང་། ཤེས་བྱ་སྣ་ཚོགས་མ་འདྲེས་པར་མཁྱེན་པའི་སྒོ་ནས་སངས་རྒྱས་སུ་བཞག་སྟེ་ཁྱད་པར་འདི་ལས་མེད་དོ། །དེ་ལྟར་ན་ཡོན་ཏན་སོ་དྲུག་གི་རང་བཞིན་གང་ཡིན་པ་དེ་བཞིན་ཉིད་དང་། ཡོན་ཏན་གྱི་ཚོགས་དེ་ལ་མངའ་བསྒྱུར་བའམ་དེ་དག་གང་ཟག་གང་གི་ཡིན་པ་རང་བྱུང་དང་། དེ་གང་གི་ཆེད་དུ་ཡིན་པ་ཐ་མ་སྟེ་དེ་ལྟར་རྣམ་པ་གསུམ་མོ། །གཉིས་པ་སྦྱོར་བ་པོ་གང་ཟག་ལ་བཞི། ཉན་པ་དང་། ལེན་པ་དང་། འཛིན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །དང་པོ་ཉན་པའི་སྣོད་ནི་ཁྱད་པར་གསུམ་ལྡན་ཏེ། ཡུམ་འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་གི་རྣ་ལམ་དུ་གྲགས་པར་གྱུར་པ་དེ་དག་ཀྱང་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པའོ། །གང་གི་རྣ་ལམ་དུ་གྲགས་པ་གྱུར་བ་དེ་དག་ཀྱང་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པའོ། །དེ་བཞིན་དུ་སྦྱར་ནས་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ཡིན་ནོ་ཞེས་སོ། །གཉིས་པ་ལེན་པའི་སྣོད་ནི། སངས་རྒྱས་མང་པོ་ལ་བསྙེན་བཀུར་བ་ནི་ཚིག་བློ་ལ་ལེན་པའི་སྣོད་དེ། བཟུང་བཅང་བཀླག་ཀུན་ཆུབ་པར་བྱས་ནས་ཀྱང་དེ་ཁོ་ན་ཉིད་དུ་སྒྲུབ་པར་བྱེད་པ་འབྱུང་བར་འགྱུར་ཏེ། དེ་དག་ནི་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པའོ། །གསུམ་པ་འཛིན་པའི་སྣོད་ནི། སངས་རྒྱས་རྣམས་ལ་བསྙེན་བཀུར་ནས་ཐེ་ཚོམ་གྱི་དོན་ཀུན་དྲི་བ་ནི་དོན་འཛིན་པའི་སྣོད་དེ། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དྲིས་ཡོངས་སུ་ཞུས་བསྟེན་ཅིང་བསྙེན་བཀུར་བའོ། །བཞི་པ་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་སྣོད་ནི། སངས་རྒྱས་སོགས་ཀྱི་དྲུང་དུ་བསྟེན་ནས་སྦྱིན་སོགས་ཕར་ཕྱིན་ལ་སྤྱོད་པ་ནི། མཚན་ཉིད་ཚུལ་བཞིན་ཡིད་ལ་བྱེད་པའི་སྣོད་དེ། སྔོན་གྱི་སངས་རྒྱས་བྱེ་བ་མང་པོ་ལས་སྦྱིན་པ་ནས་བསམ་གཏན་གྱི་ཕར་ཕྱིན་གྱི་བར་ལ་སྤྱད་པའོ། །དེ་དག་གིས་སངས་རྒྱས་མང་པོ་ལས་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ལ་སྤྱད་པའོ། །ཞེས་སོ། །གསུམ་པ་སྦྱོར་བ་རང་གི་ངོ་བོ་ལ་གཉིས། སྦྱོར་བ་སྐྱེད་ཚུལ་དང་། སྐྱེས་བའི་སྦྱོར་བའོ། །དང་པོ་ནི་རྣམ་ཀུན་གྱི་སྦྱོར་བ་དེ་སྐྱེད་ཚུལ་གྱི་དབང་དུ་བྱས་ན་ལྔའོ། །དེ་ཡང་ཡུལ་གཟུགས་སོགས་ལ་ཞེན་ནས་གནས་བྱར་མི་བདེན་པར་རྟོགས་པ་ནི་མི་གནས་པའི་སྦྱོར་བ་དང་། གཟུགས་སོགས་དེ་དག་ལ་ཞེན་ནས་མི་སྦྱོར་བ་ཉིད་ཡང་དག་པའི་དོན་ལ་སྦྱོར་བ་ཡིན་པ་མི་སྦྱོར་བའི་སྦྱོར་བའོ། །དེ་གཉིས་ཡུལ་དང་ཡུལ་ཅན་ལ་ཞེན་པ་འགོག་པས་གནས་པ་དང་རྣམ་འབྱོར་བཀག་པ་ཞེས་བྱའོ། །རྣམ་གྲངས་སུ་ན་གཟུགས་སོགས་སྦྱར་བྱའི་གནས་སུ་མེད་པ་དང་དེ་ལྟར་རྟོགས་པ་ཉིད་ཐ་སྙད་དུ་སྦྱོར་བ་ཡིན་པར་རྟོགས་པ་ཡང་མདོའི་དོན་ནོ། །དེ་ལྟར་ཡུལ་དང་ཡུལ་ཅན་དུ་མ་ཞེན་པར་བྱས་ཏེ་སྐྱེ་མེད་གསུམ་བསྒོམ་ན་ཟབ་པ་སོགས་གསུམ་རྟོགས་པའི་སྦྱོར་བ་རྣམས་སྐྱེའོ། །ཟབ་པ་སོགས་གསུམ་ནི། གཞི་ཐ་སྙད་དུ་རྟེན་ཡིན་ཀྱང་དོན་དམ་པར་གནས་བྱར་མེད་པས་ཟབ་པ་དང་། ལམ་དྲི་མ་དང་བཅས་ཀྱང་རང་བཞིན་གྱིས་དག་པས་གཏིང་དཔག་དཀའ་བ་དང་། དེ་གཉིས་ཀྱི་རྣམ་པ་རྣམས་མཐའ་དམིགས་སུ་མེད་པས་ཚད་མེད་པ་གསུམ་མོ། །དེ་གསུམ་རྟོགས་ཚུལ་ནི། རྒྱན་སྣང་ལས། གང་གི་ཚེ་གཟུགས་ལ་སོགས་པ་ཟབ་བོ་སྙམ་དུ་མངོན་པར་མ་ཞེན་པའི་ཚུལ་གྱིས་དེ་ཁོ་ན་ཉིད་དུ་མི་གནས་པ་དེའི་ཚེ་ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར་དེ་ལ་ཟབ་པའི་སྦྱོར་བ་ཐོབ་པར་འགྱུར་རོ། །ཡང་གང་གི་ཚེ་ཟབ་བོ་སྙམ་དུ་ཡང་རྣལ་འབྱོར་དུ་མི་བྱེད་པ་དེའི་ཚེ་གཟུགས་ལ་སོགས་པ་ཟབ་པ་ཞེས་བྱ་བར་ཡང་མི་གནས་ཏེ། དེ་ལྟར་གནས་པ་དང་རྣམ་འབྱོར་བཀག་པས་ཟབ་མོའི་སྦྱོར་བའི་དོན་ཕྱིན་ཅི་མ་ལོག་པ་བསྟན་པ་ཡིན་ནོ། །དེ་བཞིན་དུ་གཏིང་དཔག་དཀའ་བ་དང་ཚད་མེད་བའི་སྦྱོར་བའི་དོན་ཀྱང་འདིའི་རྗེས་སུ་འབྲང་ནས་བརྗོད་པར་བྱའོ། །ཞེས་སོ། །དེ་ཡང་གཞི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་ཆོས་རྣམས་ཀུན་རྫོབ་ཏུ་འཆིང་གྲོལ་ལ་སོགས་པའི་རྟེན་ཡིན་ཀྱང་དོན་དམ་དུ་རང་བཞིན་བདེན་པར་གྲུབ་པ་མེད་པས་ན་ཟབ་པ་ཡིན་ལ། དེ་ལྟར་ཟབ་པར་རྟོགས་པ་དེའི་ཚེ་ཡུལ་བདེན་ཞེན་དང་བཅས་པའི་བློས་གནས་བྱར་མ་མཐོང་ནས་ཡུལ་ལ་བདེན་ཞེན་མེད་པ་ནི་གནས་པ་བཀག་པ་ཞེས་མི་གནས་པའི་སྦྱོར་བ་དང་། ཡང་དེ་ལྟར་ཡུལ་ཟབ་པའི་རང་བཞིན་གནས་བྱར་མ་གྲུབ་པ་དེའི་ཚེ་ཡུལ་ཅན་བློའི་ངོས་ནས་ཀྱང་ཟབ་བོ་སྙམ་དུ་ཡང་རྣལ་འབྱོར་དུ་མི་བྱེད་དེ་ཡུལ་གང་དུ་ཡང་མ་གྲུབ་པ་ལ་བློས་ཅིར་ཡང་མི་འཛིན་པ་ནི་རྣལ་འབྱོར་བཀག་པ་ཞེས་མི་སྦྱོར་བའི་སྦྱོར་བ་ཡིན་ཏེ། ཚུལ་དེ་ལྟར་ཡུལ་དང་ཡུལ་ཅན་གཉིས་ཀའི་ངོས་ནས་ཞེན་པ་མེད་པ་ནི་གཞི་ཤེས་ཀྱི་ཟབ་པའི་སྦྱོར་བ་ཡིན་ལ་ལྷག་མ་གཉིས་ཀྱང་དེ་ལྟར་རོ། །གཉིས་པ་སྐྱེས་པའི་སྦྱོར་བ་ནི། ཐབས་དེས་བསྐྱེད་པའི་སྦྱོར་བ་ནི་བཅོ་ལྔའོ། །དེ་ཡང་ཚེགས་ཆེན་པོས་ཐོབ་པ་དང་བདེ་བླག་ཏུ་ཐོབ་པ་གཉིས་ལས་དང་པོ་ནི། གང་ཟག་ལས་དང་པོ་དབང་བརྟུལ་ཟབ་པ་དང་གཏིང་དཔག་དཀའ་བ་ཚད་མེད་པའི་གནས་ལ་སྐྲག་པ་དང་དངངས་པ་སོགས་སྐྱེ་བ་སྟེ། དེས་ནི་ཚེགས་ཆེན་པོས་ཡུན་རིང་མོ་ནས་རྟོགས་པར་བྱེད་དོ། །གཉིས་པ་བདེ་བླག་ཏུ་ཐོབ་པ་ནི། སྐྱེ་མེད་གསུམ་ལ་མི་དངངས་མི་སྐྲག་པའི་དབང་པོ་རྣོན་པོ་མ་ཞེན་པ་གཉིས་ཀྱི་སྒོ་ནས་ཡུལ་གསུམ་བདེ་བླག་ཏུ་རྟོགས་པ་སྟེ། འདི་ལ་དེ་བཞིན་གཤེགས་པ་གསུམ་ལས་མི་འདའ་བར་ལུང་བསྟན་པ་འཐོབ་པ་ཡུམ་གྱི་རྟོགས་པ་རང་ལ་བྱུང་བ་དེ་འཛིན་པ་སོགས་ཀྱིས་ཕྱིར་མི་ལྡོག་པར་བྱེད་པ། རྣམ་མཁྱེན་གྱི་བར་ཆད་ཀྱི་ཆོས་ལས་ངེས་པར་འབྱུང་བ། ཡུམ་འཛིན་པ་སོགས་ཀྱིས་ལུང་བསྟན་པ་དང་ཉེ་བར་བར་མ་ཆད་པ། རྫོགས་པའི་བྱང་ཆུབ་དང་ཉེ་བ། རྫོགས་བྱང་དུ་མྱུར་དུ་བྱང་ཆུབ་པ། སྐྱེ་བོ་ལ་ཕན་བདེའི་ཕྱིར་དུ་ཆོས་འཁོར་བསྐོར་ཞིང་བསྐུལ་བས་གཞན་དོན། ཆོས་རྣམས་ཀྱི་ཡིན་ཚུལ་འཕེལ་འགྲིབ་མེད་པར་མཐོང་བ། ཆོས་དཀར་པོའི་ལས་དང་ཆོས་མིན་ནག་པོའི་ལས་ལ་སོགས་པ་ཡང་དག་པར་མི་མཐོང་བ། གཟུགས་སོགས་ལ་བསམ་གྱིས་མི་ཁྱབ་པར་མི་མཐོང་མི་རློམ་པ། གཟུགས་སོགས་དང་དེའི་མཚན་མ་དང་། དེའི་ངོ་བོར་མི་ཞེན་པ་རྣམ་པར་མི་རྟོག་པ། རྒྱུན་ཞུགས་སོགས་བཞི་རང་བྱང་ཆུབ་རྫོགས་པའི་སངས་རྒྱས་ཏེ་འབྲས་བུ་རིན་པོ་ཆེ་དྲུག་གཞན་ལ་སྦྱིན་པ། གནས་ངན་ལེན་ཕྲ་མོ་དག་པར་བྱེད་པ། ཡུམ་རིན་པོ་ཆེ་འདྲི་བ་དང་ཉན་པ་སོགས་ཞག་ནས་ལོའི་བར་དུ་ས་མཚམས་བཅད་དེ་བརྩོན་པ་མི་གཏོང་བ་ས་མཚམས་ཀྱི་སྦྱོར་བའོ། །ཕྱི་མ་འདི་ནི་སྦྱོར་བ་བཅུ་བཞིའི་རྒྱུའོ། །འདི་དག་གི་ས་མཚམས་ཀྱང་ལུང་བསྟན་པ་ཚོགས་ལམ་དང་དྲོད། དེ་ནས་རིམ་བཞིན་སྦྱོར་ལམ་གསུམ། མཐོང་ལམ་རྣམས་ལ་རེ་རེ། མ་དག་ས་བདུན་གཅིག །བརྒྱད་པར་ལྔ། དགུ་པ་དང་བཅུ་པར་རེ་རེའོ། ། ས་མཚམས་ཀྱི་སྦྱོར་བ་ནི་ཚོགས་ལམ་ནས་ས་བདུན་པའི་བར་ཏེ་བརྒྱད་པ་ཡན་ཆད་ས་མཚམས་ཀྱིས་ཕྱེ་ནས་བརྩོན་པ་མེད་དོ། །བཞི་པ་སྦྱོར་བའི་སྔོན་འགྲོའི་ཆོས་ལ་བཞི། འཐོབ་བྱ་ཡོན་ཏན། དོར་བྱ་སྐྱོན། ཤེས་བྱ་མཚན་ཉིད། རྒྱུད་ལ་བརྟེན་བྱ་ཐར་བ་ཆ་མཐུན་ནོ། །དང་པོ་ཐོབ་བྱ་ཡོན་ཏན་ནི། དེ་ལྟར་ཕྱིན་ཅི་མ་ལོག་པའི་སྦྱོར་བ་ལ་དགའ་ཞིང་ཉམས་སུ་ལེན་པའི་ གང་ཟག་རྣམས་ལ་ཕན་ཡོན་གྱི་རྣམ་པ་མང་པོ་འབྱུང་བའི་རྒྱུ་མཚན་བཅུ་བཞི་ཡོད་པ་ལ་བརྟེན་ ནས་ཕན་ཡོན་བཅུ་བཞི་འཐོབ་སྟེ་རིམ་པ་ལྟར། སྦྱོར་བ་སྒོམ་པ་པོའི་གང་ཟག་ལ་བར་དུ་གཅོད་པའི་བདུད་ཀྱི་མཐུ་ཉམས་པར་བྱ་བའི་ཕྱིར་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་ པས་བདུད་ཀྱི་མཐུ་བཅོམ་པ་དང་། སྦྱོར་བའི་ནུས་པ་བསྐྱེད་པའི་དོན་དུ་དེ་བཞིན་གཤེགས་པས་ཐུགས་ཀྱིས་དེ་ལ་དགོངས་པར་མཛད་པས་གནས་སྐབས་ཐམས་ཅད་དུ་དེ་བཞིན་གཤེགས་པས་དགོངས་ཤིང་མཁྱེན་པ་དང་། སྦྱོར་བ་ཁྱད་པར་དུ་འགྲོ་བའི་ཕྱིར་དེ་བཞིན་གཤེགས་པས་སྤྱན་རྣམ་མཁྱེན་ཀྱི་ཡེ་ཤེས་ཀྱིས་གཟིགས་པས་སངས་རྒྱས་རྣམས་ཀྱིས་མངོན་སུམ་དུ་མཛད་པ་དང་། དོན་དེ་དག་གི་ཕྱིར་དེ་བཞིན་གཤེགས་པ་དང་ཉེ་བར་གྱུར་པས་ཡང་དག་པར་རྫོགས་བའི་བྱང་ཆུབ་ཐོབ་པ་དང་ཉེ་བར་གྱུར་པ་དང་། ཡུམ་བྲིས་ཏེ་བཅངས་ཤིང་མཆོད་པའི་ཕན་ཡོན་ཆེན་པོ་དང་ལྡན་པས། སངས་རྒྱས་དང་མི་འབྲལ་བའི་དོན་ཆེན་པོ་དང་། བདེ་འགྲོར་སྐྱེ་བའི་ཕན་ཡོན་ཆེན་པོ་དང་། འཚང་རྒྱ་བའི་འབྲས་བུ་ཆེ་བ་དང་། མྱ་ངན་ལས་འདས་རྗེས་སུ་ཡང་དག་གཞན་དོན་ལ་འཇུག་པའི་རྣམ་པར་སྨིན་པ་ཆེ་བ་འཐོབ་པ་དང་། དེ་བཞིན་གཤེགས་པའི་བྱ་བ་བྱེད་པས་པར་ཏ་ནི་སོགས་ཡུམ་དར་བའི་གནས་སུ་ཡུམ་འདྲི་བ་སོགས་བྱེད་པ་དང་། སྒྲིབ་གཉིས་ཀྱི་གཉེན་པོའི་ཆོས་ཡོངས་སུ་རྫོགས་པས་ཕྱིན་དྲུག་སོགས་ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་དང་། དེ་བཞིན་གཤེགས་པ་རྣམས་ལས་རྣམ་མཁྱེན་གྱི་གཏམ་བརྗོད་པ་རྙེད་པས་ཚེ་འཕོས་ནས་ཀྱང་རྫོགས་བྱང་ལས་བརྩམ་པའི་གཏམ་སྐྱེ་མེད་སྨྲ་བ་དང་། དེ་བཞིན་གཤེགས་པས་གྲོགས་དང་མགོན་མཛད་པས་བདུད་དང་བདུད་ཀྱི་རིས་ཀྱིས་རྫོགས་བྱང་ལས་མི་ཕྱེད་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་ཚོལ་བའི་དགའ་བ། སྐྱབས་གསུམ་ལ་བརྟེན་པའི་དང་བ། དགེ་བ་ལ་སེམས་འཇུག་པའི་མགུ་བ་རྒྱ་ཆེན་པོ་བསྐྱེད་པས། དགེ་བའི་རྩ་བ་ཉན་རང་དང་ཐུན་མོང་མ་ཡིན་པའི་འཁོར་གསུམ་རྣམ་དག་གི་སྦྱིན་སོགས་སྐྱེ་བ་དང་། སྦྱོར་བ་སྒོམ་མཁན་དེས་དམ་བཅས་པའི་ཚིག་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱན་སྔར་སྲོག་ཆགས་མང་པོ་བྱང་ཆུབ་ལ་འགོད་པར་བྱའོ་ཞེས་ཁས་བླངས་པ་ལ་བསམ་པ་དག་པར་མཁྱེན་ནས་རྗེས་སུ་ཡི་རང་བར་མཛད་པས་སེམས་ཅན་གྱི་དོན་བྱེད་པར་དམ་བཅས་པའི་དོན་ཇི་ལྟ་བ་བཞིན་དུ་དེ་དངོས་སུ་སྒྲུབ་པ་དང་། ཆོས་ཟབ་མོ་དང་རྒྱ་ཆེ་བ་མངོན་པར་འདོད་ཅིང་ལྷག་པར་མོས་པས་རྣམ་སྨིན་གྱི་འབྲས་བུ་རྒྱ་ཆེན་པོ་སངས་རྒྱ་བ་ཉིད་ཡོངས་སུ་འཛིན་པ་དང་། སེམས་ཅན་གྱི་དོན་བྱེད་པའི་ནུས་པ་ཁྱད་པར་བ་ཐོབ་པས་ཕྱི་ནང་གི་བདོག་པ་འབྲས་བཅས་སྟེར་བའི་སྒོ་ནས་སེམས་ཅན་གྱི་དོན་སྒྲུབ་པ་དང་། ཤེར་ཕྱིན་ཚང་བར་རྙེད་པའི་སྔོན་གྱི་དགེ་རྩ་ཕྱིན་དྲུག་ལ་བརྩོན་པ་མི་འདོར་བས་ཚེ་བརྗེས་ཀྱང་ཡུམ་ངེས་པར་འཐོབ་པ་རྣམས་སོ། །དེ་ལ་ཡུལ་པར་ཏ་ནི་ཁ་ཅིག་རྒྱ་གར་གྱི་ཡུལ་དབུས་དང་། ཁ་ཅིག་ཤར་ཕྱོགས་དང་བྱང་ཕྱོགས་རྒྱ་ཡུལ་སོགས་ལ་འཆད་དོ། །འདིའི་སྐབས་སུ་མདོ་ལས་ལྔ་བརྒྱ་ཐ་མ་ལ་ཞེས་གསུངས་པའི་དོན་ཞི་བ་འཚོའི་བཞེད་པ་ལ་བསྟན་པ་ལྔ་བརྒྱ་ཕྲག་བཅུར་གནས་པའི་ཕྱེད་སྔ་མ་ཡར་འཕེལ་དང་ཕྱེད་ཕྱི་མ་མར་འགྲིབ་ཡིན་པས་འགྲིབ་པའི་ཕྱོགས་ལྔ་བརྒྱ་ཕྲག་ལྔ་ལ་ལྔ་བརྒྱ་ཐ་མར་བཞེད། ཁ་ཅིག་ལྔ་བརྒྱ་ཕྲག་བཅུ་ཡོད་པའི་ཐ་མ་རྟགས་ཙམ་འཛིན་པ་ལ་བཞེད་དོ། །ཡོན་ཏན་འདི་དག་གི་ས་མཚམས་ནི་གཙོ་བོར་དྲོད་ནས་འཐོབ་བོ། །གཉིས་པ་དོར་བྱ་སྐྱོན་ལ། སྐྱོན་དངོས་དང་དེ་སེལ་བྱེད་གཉེན་པོ་གཉིས། དང་པོ་སྐྱོན་ལ་བཞི་བཅུ་རྩ་དྲུག་སྟེ། དེ་ཡང་སྦྱོར་བ་མ་སྐྱེས་ལ་སྐྱེད་པ་ལ་འགལ་རྐྱེན་ཉེ་བར་གནས་པ་ཉེར་གསུམ་དང་། མཐུན་རྐྱེན་མ་ཚང་བ་ཉེར་གསུམ་སྟེ་དེ་ལྟར་ནའོ། །དང་པོ་འགལ་རྐྱེན་ཉེ་བར་གནས་པ་ལ་རང་དང་གཞན་ལ་བརྟེན་པ་གཉིས། དང་པོ་འགལ་རྐྱེན་རང་ལ་བརྟེན་པ་ལ་ཡང་གསུམ། དོན་ཡོངས་སུ་ཤེས་པ་དང་། སྒོ་གསུམ་གྱི་བྱ་བ་དང་། ཐེག་ཆེན་ལ་འཇུག་པའི་བར་གཅོད་དོ། །དང་པོ་ནི་སྦྱོར་བ་སྒོམ་པའི་དུས་སུ་ཞེས་ཐམས་ཅད་ཀྱི་གོང་དུ་སྦྱར་རོ། །ཚེགས་ཆེན་པོས་ཡུན་རིང་མོ་ནས་ཡུམ་ཤེས་པ་འཐོབ་ཅིང་དེས་སྐྱོ་བ་དང་། སྔོན་དང་ཕྱི་མཐའ་མ་བརྟགས་པར་ཡུམ་ཤེས་པའི་སྤོབས་པ་ཧ་ཅང་མྱུར་བ་སྐྱེ་སྟེ་དེས་རློམ་པ་དང་གཉིས་སོ། །གཉིས་པ་སྒོ་གསུམ་གྱི་བྱ་བ་ནི། ཡུམ་འདྲི་བ་ལ་སོགས་པའི་དུས་སུ་ལུས་རྣམ་པར་འགྱུར་བའི་གླལ་བ་ཧ་ཧ་ཞེས་དགོད་པ་ལུས་སམ་ལུས་དང་འབྲེལ་བས་གཞན་ལ་ཀུ་རེ་བྱེད་པའི་ལུས་ཀྱི་གནས་ངན་ལེན་དང་། གཉེན་བཤེས་སོགས་ལ་སེམས་རྣམ་པར་གཡེང་བ་བདག་གཞན་ལ་བརྟེན་ནས་དགའ་བར་བྱ་བའི་ཡུལ་ལ་ཕན་ཚུན་ཆགས་པ་ཡུམ་འདིའི་རོ་མི་མྱོང་ངོ་ཞེས་སྟན་ལས་ལངས་ནས་གུད་དུ་འགྲོ་བའི་སེམས་ཀྱི་གནས་ངན་ལེན་ཏེ་དེས་གཡེང་བ་དང་། རིགས་པ་མ་ཡིན་པ་ལུས་ཀྱི་གསུམ་གྱིས་སྐྱེད་པའི་ཁ་ཏོན་བྱེད་པ་དང་འཆད་པ་དང་། རིགས་པ་མ་ཡིན་པ་སེམས་ཀྱི་གསུམ་གྱིས་སྐྱེད་པའི་འཛིན་པ་ནས་ཡིད་ལ་བྱེད་པའི་བར་ཏེ་ལུས་ཀྱི་གནས་ངན་ལེན་དང་། སེམས་ཀྱི་གནས་ངན་ལེན་དང་། རིགས་པ་མ་ཡིན་པའི་ངག་གིས་བསྐྱེད་པའི་ཁ་ཏོན་བྱེད་པ་ལ་སོགས་པ་གསུམ་མོ། །གསུམ་པ་ཐེག་ཆེན་ལ་འཇུག་པའི་བར་གཅོད་ལ་གཉིས། དང་པོ་ཐེག་ཆེན་ལས་ཉམས་པའི་རྒྱུ་བདུན་ནི། བྱང་སེམས་ཀྱི་སྐྱོན་མེད་པར་མ་ཞུགས་ན་ལུང་མི་སྟོན་པས་ལུང་མི་བསྟན་པ་ན། བདག་ལུང་མ་བསྟན་ཏོ། །གང་དུ་སྐྱེས་པའི་གྲོང་ལ་སོགས་པ་མ་བརྗོད་དོ་སྙམ་པ་ཡུམ་ལས་ཕྱིར་ཕྱོགས་པའི་རྒྱུ་མཚན་འཛིན་པ་དང་། འོག་མ་དྲུག་གིས་ཡུམ་དོར་ནས་དམན་པའི་སྡེ་སྣོད་ལ་འཇུག་པ་ལ་ཁྱད་པར་མེད་པ་ལ་ལྡོག་པའི་སྒོ་ནས་ཐ་དད་དུ་བཞག་པ་ཙམ་མོ། །ཤིང་གི་རྩ་བ་དོར་ནས་ཡལ་ག་ཚོལ་ན་དོན་མི་འགྲུབ་པ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་གྱི་རྒྱུ་རྩ་བ་ལྟ་བུ་ཡུམ་བོར་ནས་ཡལ་ག་སོགས་ལྟ་བུའི་དམན་པའི་སྡེ་སྣོད་ལ་འཇུག་པ་ནི་རྣམ་མཁྱེན་གྱི་རྒྱུ་ལ་མངོན་པར་ཞེན་པ་ཉམས་པ་དང་། བཟང་མང་འོང་བའི་ཇོ་བོ་ལ་མི་སློང་བར་ངན་ཉུང་འོང་བའི་ལས་མི་ལ་སློང་བའི་ཁྱི་བཞིན་དེ་བཞིན་གཤེགས་པའི་ཆོས་ཐམས་ཅད་ཀྱི་རྩ་བ་ཡུམ་བོར་ནས་དམན་སྡེ་ལ་འཇུག་པ་ནི་གྱ་ནོམ་པའི་རོ་འབྲས་བུ་མཆོག་གི་བདེ་བ་མྱང་བ་ལས་ཉམས་པ་སྟེ་སྔ་མ་རྒྱུ་དང་འདི་འབྲས་བུ་ལས་ཉམས་པའི་ལྡོག་པ་ནས་སོ། །གླང་པོ་རྙེད་ནས་དེའི་མཚན་ཉིད་ཤེས་པར་མི་བྱེད་པར་དེའི་རྗེས་ལས་དེའི་མཚན་ཉིད་ཚོལ་བ་ལྟར་ཡུམ་ལས་ཐེག་ཆེན་མི་འཛིན་པར་དམན་སྡེ་ལས་འཛིན་པ་ནི། དེ་ལས་དེ་རྙེད་པ་མི་སྲིད་པས། རྣམ་པ་ཐམས་ཅད་དུ་ཐེག་ཆེན་ཀུན་ཏུ་འཛིན་པ་ལས་ཉམས་ཏེ་རྒྱུ་འབྲས་གཉིས་ཀ་ལས་ཉམས་པའི་ལྡོག་པ་ནས་སོ། །ནོར་བུ་འདོད་པ་འགའ་ཞིག་རྒྱ་མཚོ་མཐོང་ནས་དེ་རྨིག་རྗེས་ཀྱི་ཆུ་དང་སྙོམས་པ་ན་དེས་ཚིམ་ནས་རྒྱ་མཚོར་མ་ཞུགས་པས་ཆེད་དུ་བྱ་བ་ནོར་བུ་མ་ཐོབ་པ་བཞིན་དུ། ཡུམ་དང་དམན་སྡེ་སྙོམས་པ་ན་དེས་ཚིམ་སྟེ་ཡུམ་ལ་མ་ཞུགས་པས་འདོད་པའི་དོན་རྣམ་མཁྱེན་ཐོབ་པ་མི་སྲིད་པས་རྟག་ཏུ་ཆེད་དུ་བྱ་བ་ཉམས་པ་དང་། འདི་ཡན་བཅུ་ཚན་དང་པོའོ། །ཉི་ཟླའི་དཀྱིལ་འཁོར་གྱི་ཚད་ཀྱིས་རྣམ་པར་རྒྱལ་བའི་ཁང་བཟང་གི་ཚད་དང་མཉམ་པའི་ཁང་བཟང་བྱེད་འདོད་པའི་ཤིང་བཟོ་མཁན་བཞིན་དུ་རྒྱུ་དང་འབྲས་བུ་འབྲེལ་བ་ཉམས་པ་དང་། ཁམས་ཀྱི་རྒྱལ་ཕྲན་མཐོང་ན་འཁོར་ལོས་སྒྱུར་ཡང་འདི་ལྟ་བུའོ་ཞེས་སྙམ་པ་དང་། ཞག་དྲུག་ཅུ་པའི་འབྲས་ཆན་རྙེད་ནས་ཁ་ཟས་རོ་བརྒྱ་པ་འདོར་བ་དང་། ནོར་བུ་རིན་ཐང་མེད་པ་རྙེད་ནས་ནོར་བུ་རིན་ཆུང་བ་དང་སྙོམས་པ་བཞིན་དུ་ཡུམ་བོར་ནས་དམན་སྡེ་ལས་རྣམ་མཁྱེན་ཚོལ་བ་ནི་གོང་ན་མེད་པ་ཆོས་ལོངས་སྤྲུལ་གསུམ་ལས་ཉམས་པའོ། །ཉམས་པ་དྲུག་ལས་དང་པོ་གཉིས་ནི་ཐེག་དམན་གྱི་འབྲས་བུ་དོན་དུ་གཉེར་བ་ཡིན་ལ། དེ་ནས་གཅིག་དང་གསུམ་གྱིས་རིམ་པ་ལྟར་ཐེག་ཆེན་རྣམ་མཁྱེན་དོན་དུ་གཉེར་ཡང་དེ་དག་ཡུམ་འདིའི་དོན་དང་། དེ་ཁོ་ན་དེའི་རྒྱུར་མ་ཤེས་པ་ཡིན་པས། རྒྱུ་འབྲས་སྔ་མ་གཉིས་དང་འོག་གི་རྒྱུ་འབྲས་ལས་ཉམས་པ་མི་ཟློས་པ་ནི་མདོའི་དོན་ནོ། །གཉིས་པ་ཐེག་ཆེན་ལས་གཡེང་བའི་རྒྱུ་བརྒྱད་ནི། གཟུགས་སྒྲ་ལ་སོགས་པའི་ཡུལ་རྣམ་པ་མང་པོ་ལ་ཞེན་ནས་རྣམ་པར་རྟོག་པའི་སྤོབས་པ་དུ་མ་འབྱུང་བ་དང་པོ་དང་། ཡི་གེ་འདྲི་བ་ཉིད་ལ་ཡུམ་དུ་མངོན་པར་ཞེན་པ་གཉིས་པ་དང་། དངོས་པོ་མེད་པ་ཙམ་ལ་ཡུམ་དུ་མངོན་པར་ཞེན་པ་གསུམ་པ་དང་། ཡི་གེ་བྲིས་ཟིན་པ་ཙམ་ལ་ཡུམ་དུ་ཞེན་པ་བཞི་པ་དང་། ཡི་གེ་མེད་པ་ཁོ་ན་ལ་ཡུམ་དུ་ཞེན་པ་ལྔ་པ་དང་། ཉམས་དགའ་ལ་སོགས་པ་ཡུལ་དང་ཁྱིམ་གཅིག་པ་གྲོང་། བཟོའི་བྱེ་བྲག་བཅོ་བརྒྱད་ཡོད་པའི་གྲོང་ཁྱེར། ཚོང་པ་མང་པོ་ཡོད་པའི་གྲོང་བརྡལ། མི་རིགས་བཞི་གནས་པའི་ཕྱོགས་ལྗོངས་ལ་སོགས་པ་རྣམས་ཡིད་ལ་བྱེད་པ་དྲུག་པ་དང་། རིན་པོ་ཆེ་ཐོབ་པ་སོགས་ཀྱི་རྙེད་པ་དང་། དཔལ་གྱི་དར་དཔྱང་བཅིང་བ་སོགས་ཀྱི་བཀུར་སྟི་དང་། ཚིགས་སུ་བཅད་པ་སྟེ་སྙན་པའི་རོ་མྱོང་བ་ནི་བདུན་པ་དང་། སངས་རྒྱས་ཐོབ་པའི་ཐབས་མ་ཡིན་པར་བདུད་ཀྱིས་བསྟན་པའི་སྡེ་སྣོད་ལས་ཐབས་ལ་མཁས་པ་ཚོལ་བ་ནི་བརྒྱད་པའོ། །འདི་ཡན་ཆད་བཅུ་གཉིས་སོ། །གཉིས་པ་འགལ་རྐྱེན་གཞན་ལ་བརྟེན་པ་ནི། བདུད་དགེ་སློང་གི་ཆ་བྱད་དུ་འོང་ནས་ངེད་ཀྱི་མདོ་སྡེར་ཇི་ལྟར་འབྱུང་བ་དེ་ཡུམ་ཡིན་གྱི་རྒྱས་འབྲིང་བསྡུས་པ་སོགས་ཡུམ་མ་ཡིན་ནོ་ཞེས་ཆོས་དང་གང་ཟག་གི་བར་དུ་དབྱེན་བཅུག་ནས་འབྱེད་པའི་སྦྱོར་བ་དང་། ཡུམ་ལྟར་སྣང་བའི་མདོ་སྡེ་སྟོན་པའི་བཅོས་མ་ཉེ་བར་སྒྲུབ་པ་དང་། བདུད་ཀྱིས་རང་ཉིད་སངས་རྒྱས་སུ་སྤྲུལ་ནས་དེ་ལ་འདོད་པ་སྐྱེད་དུ་བཅུག་པས་དད་པ་དང་འདོད་པའི་ཡུལ་ཇི་ལྟ་བ་བཞིན་མ་ཡིན་པ་ལ་དད་པ་དང་དགའ་བ་སྐྱེད་པ་སྟེ་གསུམ་མོ། །གཉིས་པ་མཐུན་རྐྱེན་མ་ཚང་པ་ལ་གཉིས། རང་གཞན་གཉིས་ཀ་དང་། རང་ཁོ་ན་ལ་བརྟེན་པའོ། །དང་པོ་རང་གཞན་གཉིས་ཀ་ལ་བརྟེན་པ་ལ་གཉིས། སྔ་མ་ཉན་པ་པོ་དང་། སྔ་མ་འཆད་པ་པོ་དང་འབྲེལ་བའོ། །དང་པོ་སྔ་མ་ཉན་པ་པོ་དང་འབྲེལ་བ་ནི། ཉན་པ་པོ་ཡུམ་འདྲི་བ་སོགས་ལ་འདུན་པ་ཆེ་ལ་འཆད་པ་པོ་སྙོམས་ལས་ལེ་ལོ་ཆེ་བ་ཉིད་ཀྱིས་ཚོགས་པའི་ཆོས་སྤྱོད་ལས་ཉམས་པ་དང་། དེ་བཞིན་དུ་སྦྱར་ནས། ཡུལ་འདིར་ཉན་འདོད་ལ་ཡུལ་གཞན་དུ་འཆད་འདོད་པ་དང་། ཆོས་གོས་སོགས་ལ་འདོད་ཆེན་ཆུང་ཞིང་ཆོག་ཤེས་པ་དང་དེ་ལས་བཟློག་པ་འདོད་ཆེན་ཆུང་བ་མ་ཡིན་པ་དང་། བསོད་སྙོམས་པ་ལ་སོགས་པ་སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་ལྡན་པ་དང་དེ་ལ་དེ་དང་མི་ལྡན་པ་དང་། དགེ་ཞིང་འདུན་པའི་ཆོས་ཅན་ཉིད་ཀྱིས་ཡུམ་འདྲི་བ་སོགས་འདོད་པ་དང་དེ་ལ་མི་དད་ཅིང་དགེ་བ་མ་ཡིན་པའི་ཆོས་ཅན་ཉིད་ཀྱིས་ཡུམ་འདྲི་བ་སོགས་མི་འདོད་པ་དང་། ཡོ་བྱད་གཞན་ལ་གཏོང་བ་དང་དེ་ལས་སེར་སྣ་བྱེད་པས་དང་། ཆོས་གོས་སོགས་འཆད་པ་པོ་ལ་སྦྱིན་འདོད་པ་དང་དེས་མི་ལེན་པས་དང་ཆོས་ཀྱི་མགོ་སྨོས་པས་གོ་ཞིང་ཚིག་ལྷུར་མི་ལེན་པ་དང་རྣམ་པར་སྤྲོས་པས་གོ་ཞིང་ཚིག་ལྷུར་ལེན་པ་དང་། མདོ་ལ་སོགས་པའི་གསུང་རབ་བཅུ་གཉིས་ཀྱི་ཆོས་མངོན་ཤེས་པ་དང་དེ་དག་མངོན་པར་མི་ཤེས་པ་དང་། སྦྱིན་སོགས་ཕྱིན་དྲུག་དང་ལྡན་ཞིང་དེ་ལ་སློབ་པར་འདོད་པ་དང་དེ་ལས་བཟློག་པས་མི་ལྡན་པས་ཚོགས་པས་ཆོས་སྤྱོད་ལས་ཉམས་པའོ། །བཅུ་ཚན་གསུམ་པའོ། །ཉན་པོ་སྔ་མ་དང་འཆད་པ་པོ་ཕྱི་མ་སྔར་ལྟར་སྦྱར་ནས། ཕར་ཕྱིན་གྱི་ཐབས་ལ་མཁས་ཤིང་ཐབས་མཁས་དེ་དོན་དུ་གཉེར་བ་དང་དེ་ལས་བཟློག་པའི་ཐབས་མ་ཡིན་པ་ལ་མཁས་པ་དང་། ཚིག་དོན་མི་བརྗེད་པའི་གཟུངས་ཐོབ་པ་དང་། དེ་མ་ཐོབ་པ་དང་། ཡུམ་ཡི་གེར་འདྲི་བ་ནས་ཚུལ་བཞིན་ཡིད་ལ་བྱེད་པའི་བར་དུ་འདོད་པ་དང་དེའི་བར་དུ་མི་འདོད་པ་དང་། འདོད་པའི་འདུན་པས་མཚོན་པའི་གནོད་སེམས་དང་གཉིད་རྨུགས་དང་རྒོད་འགྱོད་ཐེ་ཚོམ་གྱི་སྒྲིབ་པ་ལྔ་དང་བྲལ་བ་དང་དེ་ལྔ་དང་མ་བྲལ་བ་བཞིའོ། །གཉིས་པ་སྔ་མ་འཆད་པ་པོ་དང་འབྲེལ་བ་ནི། གཅིག་པུ་སྟེ་དབེན་པ་དང་འཁོར་གྱི་འདུ་འཛི་ལ་མངོན་པར་དགའ་བ་ཉིད་ཀྱིས་དང་། ཉན་པ་པོ་འཆད་པ་པོའི་རྗེས་སུ་འབྲང་བར་འདོད་བཞིན་དུ་དེས་གོ་སྐབས་མི་འབྱེད་པ་དང་ཉན་པ་པོ་ཕྱི་བཞིན་རྗེས་སུ་འབྲང་འདོད་པ་དང་། ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་ཆོས་སྟོན་འདོད་པ་དང་དེ་སྦྱིན་པར་མི་འདོད་པ་དང་། གང་ན་སྲོག་གི་བར་ཆད་དུ་འགྱུར་བའི་ཕྱོགས་སུ་འགྲོ་བར་འདོད་པ་དང་། དེར་འགྲོ་བར་མི་འདོད་པའོ། །འདི་ཡན་བརྒྱད་ཀྱི་སྟེང་དུ་འཆད་པར་འགྱུར་བའི་རང་ཁོ་ན་ལ་བརྟེན་པ་གཉིས་བསྣན་པས་བཅུ་ཚན་བཞི་པའོ། །མུ་གེ་སོགས་ཡོད་པའི་ཕྱོགས་སུ་འགྲོ་འདོད་པ་དང་མི་འདོད་པ་དང་། ཆོམ་རྐུན་པ་སོགས་ཀྱིས་གཙེས་པའི་ཕྱོགས་སུ་འགྲོ་འདོད་པ་དང་དེར་འགྲོ་མི་འདོད་པ་དང་། འཆད་པ་པོ་གཙོ་བོར་མཛའ་བོ་སོགས་ཀྱི་ཁྱིམ་དུ་ལྟ་བས་ཉན་པ་པོ་ཡིད་མི་བདེ་བའོ། །དེ་ལྟ་བུའི་ཚོགས་པའི་ཆོས་སྤྱོད་ལས་ཉམས་པ་ནི་དཔོན་སློབ་གཉིས་ཀ་ལ་སྔོན་དུ་རང་གི་འདོད་པ་དེ་དང་དེ་གཅིག་གཅིག་ལ་གཙོ་བོར་མཐུན་ན་ཆོས་སྤྱོད་བྱ་ལ་གཞན་དུ་ན་མི་བྱའོ་སྙམ་ནས་མ་མཐུན་པས་སྐྱོན་དུ་འགྱུར་གྱི་དེ་ལྟར་མིན་ན་དཔོན་སློབ་ལོ་རྒན་གཞོན་གྱིས་ཀྱང་སྐྱོན་དུ་ཧ་ཅང་ཐལ་ལོ། །སྔ་མ་ཉན་པ་པོ་དང་སྔ་མ་འཆད་པ་པོ་ལ་སྦྱར་བ་ཡང་མཚོན་པ་ཙམ་ཡིན་གྱི་དེ་ལས་བཟློག་ན་ཡང་སྐྱོན་དུ་འགྱུར་རོ། །གཉིས་པ་རང་ཁོ་ན་ལ་བརྟེན་པ་ནི། ངན་སོང་གསུམ་གྱི་བཀྲེས་པ་ལ་སོགས་པའི་སྡུག་བསྔལ་བརྗོད་ན་གཞན་དོན་དུ་ངན་སོང་གི་འགྲོ་བར་འགྲོ་བ་ལ་མི་མོས་ཤིང་སྐྱོ་བ་དང་། ལྷ་རྣམས་དང་ཞི་བ་ཙམ་གྱི་བསྔགས་པ་བརྗོད་ན་བདེ་འགྲོར་འགྲོ་བ་དང་རྒྱུན་ཞུགས་སོགས་མངོན་དུ་བྱེད་པའི་རང་དོན་ལ་ཡིད་བདེ་བ་སྐྱེ་བ་སྟེ་སྦྱོར་བ་སྒོམ་པ་པོར་རང་ཁོ་ན་ལ་བརྟེན་པ་གཉིས་སོ། ། གཉིས་པ་སེལ་བྱེད་གཉེན་པོ་ནི། ནོར་བུ་རིན་པོ་ཆེ་ལ་དགྲ་མང་བའི་དཔེས། སྦྱོར་བ་སྒོམ་པ་པོ་ལ་བར་ཆད་མང་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་ཀྱིས་རྟག་ཏུ་དགོངས་པར་མཛད་ནས་སྲུང་བ་སོགས་བྱེད་པས་སྦྱོར་བ་ལས་མི་ཉམས་པར་འགྱུར་ཏེ། ཇི་ལྟར་བུ་མང་པོ་ཡོད་པའི་མ་ན་བར་གྱུར་ན་དེ་ཐམས་ཅད་ཀྱིས་དེ་ལ་རིམ་གྲོ་སྒྲུབ་པ་ལྟར་རོ། །སྡུད་པ་ལས་ཀྱང་། རྒྱུ་རྣམ་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཏེ། སྟོང་པར་གནས་དང་སེམས་ཅན་དོན་ཡང་མི་གཏོང་དང་། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་སོ། །གསུམ་པ་ཤེས་བྱ་མཚན་ཉིད་ལ་བཞི། མཚན་མཚོན་གྱི་རྣམ་བཞག །མཚན་ཉིད་ཤེས་པ་སྔོན་དུ་འགྲོ་ཚུལ། དེའི་ས་མཚམས་བསྟན་པ། མཚན་ཉིད་ལས་འཕྲོས་པའི་དོན་ནོ། །དང་པོ་མཚན་མཚོན་གྱི་རྣམ་བཞག་ལ་གཉིས། སྤྱིའི་རྣམ་བཞག་དང་། ཁྱད་པར་གྱི་མཚོན་ཚུལ་ལོ། །དང་པོ་སྤྱིའི་རྣམ་བཞག་ནི། སྤྱིར་མཚན་ཉིད་ལ་མི་འདྲ་བ་དུ་མ་ཞིག་གསུངས་ཀྱང་། འདིར་ཤེས་ཁྱད་བྱེད་པ་ངོ་བོ་ཉིད་ཀྱི་མཚན་ཉིད་ཅེས་གསུངས་པ་ནི་ཤེས་པ་ནས་ངོ་བོ་ཉིད་ཀྱི་བར་རང་རང་ལ་ལྟོས་ན་དེ་དག་གི་རང་བཞིན་དང་རང་གི་མཚན་ཉིད་དུ་ཡང་འགྱུར་མོད་འོན་ཀྱང་འདིར་ནི་བཞི་པོ་འདི་སྦྱོར་བའི་མཚན་ཉིད་དུ་བཤད་དགོས་པས་དེ་ལ་ལྟོས་ནས་མཚན་ཉིད་ཐ་མ་འདི་རང་བཞིན་ཡིན་ལ་ཁྱད་པར་ནི་ཕལ་ཆེར་དོན་གཞན་ལྡན་པ་དང་། ཤེས་བྱེད་གཉིས་ནི་འབྲས་བུས་རྒྱུ་མཚོན་པ་སྟེ། དེ་ཡང་བྱ་རོག་གིས་ཁང་བཟང་མཚོན་པ་ལྟར་དེའི་སྒོ་ནས་ཤེས་པར་བྱས་པ་ཙམ་མོ། །འབྲས་བུས་རྒྱུ་མཚོན་པ་འདིའི་དོན་ཡིན་པར་ཡང་གངས་ཅན་གྱི་ཤིང་རྟ་ཆེན་པོ་བཞེད་དེ་རྩ་འགྲེལ་གྱི་དགོངས་པའོ། །ལོ་ཙཱ་བ་ཆེན་པོ་ཁ་ཅིག་མཚན་གཞི་དང་མཚོན་བྱ་ཁྱད་པར་མེད་ལ་སྐད་དོད་ཡང་གཅིག་པས་དེ་རྣམས་སོ་སོར་བྱས་ནས་བོད་རྣམས་འཆད་པ་མི་འཐད་གསུངས་པ་ནི་གཞུང་ལུགས་ཆེན་པོ་རྣམས་སུ་དེ་ཁོ་ན་བཞིན་འབྱུང་བས་མཚོན་བྱ་སྦྱོར་བའི་ཆོས་ཅན་མཚན་གཞིའི་ཐ་སྙད་མ་སྦྱར་ན་ལེགས་སོ། །གཉིས་པ་ཁྱད་པར་གྱི་མཚོན་ཚུལ་ལ་གཉིས། བྱེད་སྒྲུབ་དང་ལས་སྒྲུབ་གྱི་དོན། ཐུན་མོང་མ་ཡིན་པའི་མཚོན་ཚུལ་ལོ། །དང་པོ་ནི་དཔེར་ན་འཚེད་པ་ཞེས་པས་གང་འཚེད་པ་དང་གང་གིས་འཚེད་པའི་བྱ་བྱེད་དང་འབྲེལ་བའི་ཚིག་ཡིན་པས། །དེ་གཉིས་སུ་དྲང་དུ་རུང་བ་བཞིན་དུ། ། མཚན་ཉིད་ཅེས་པ་ཡང་དག་གང་གིས་མཚོན་པ་དང་གང་མཚོན་པའི་བྱ་བྱེད་གཉིས་ཀ་དང་འབྲེལ་བ་ལ་དགོངས་ནས་རྗེ་བཙུན་གྱིས་དང་པོ་གསུམ་གང་གིས་མཚོན་བྱེད་དང་། ཐ་མ་གང་མཚོན་བྱ་རུ་མཛད་དོ། །བྱེད་པ་དང་བྱ་བ་དེ་གཉིས་ལ་སློབ་དཔོན་གྱིས་བྱེད་སྒྲུབ་དང་ལས་སྒྲུབ་ཀྱི་ཐ་སྙད་མཛད་དོ། །དེས་ན་རྟགས་དང་བསྒྲུབ་བྱ་ལྟ་བུ་ཤེས་བྱེད་དང་ཤེས་བྱ། སྟ་རེ་དང་ཤིང་ལྟ་བུ་གཅོད་བྱེད་དང་གཅད་བྱ། ཡུལ་ཅན་དང་ཡུལ་ལྟ་བུ་རིག་བྱེད་དང་རིག་བྱ་སོགས་ལ་བྱེད་སྒྲུབ་དང་ལས་སྒྲུབ་ཏུ་སྦྱར་བ་ཤིན་ཏུ་མང་ངོ་། །གཉིས་པ་ཐུན་མོང་མ་ཡིན་པའི་མཚོན་ཚུལ་ནི། ཅིའི་ཕྱིར་མཚན་ཉིད་དང་པོ་གསུམ་ལ་བྱེད་སྒྲུབ་ཅེས་བྱ་ཞེ་ན། གསུམ་པོ་འདིས་སྦྱོར་བ་རྣམས་མཚོན་པར་བྱེད་པས་སོ། །ཇི་ལྟར་ན། མཚོན་བྱེད་ཤེས་བྱེད་གཉིས་ཀྱིས་ནི་རིམ་པ་ལྟར་མཁྱེན་གསུམ་གྱི་སྦྱོར་བའི་སྟེང་གི་རང་དོན་མཁྱེན་གསུམ་གྱི་རྟོགས་པ་དང་། གཞན་དོན་ཕྲིན་ལས་སྐྱེད་པའི་ནུས་པ་གཉིས་མཚོན་པར་བྱེད་པས་ནུས་པ་དེ་གཉིས་མཚན་གཞིའམ་མཚོན་བྱ། མཚོན་ཚུལ་ནི། ཞིང་ལ་སྟོན་ཐོག་ཕུན་སུམ་ཚོགས་པ་སྐྱེ་བར་མཐོང་ན་དེ་ལ་དེ་སྐྱེད་པའི་ནུས་པ་ཡོད་པར་ཤེས་པ་ལྟར། མཁྱེན་གསུམ་གྱི་རྟོགས་པ་དང་གཞན་དོན་བྱེད་པའི་བྱེད་པ་ཁྱད་པར་པ་རྣམས་སྦྱོར་བ་ལས་འབྱུང་བར་མཐོང་བ་ན་སྦྱོར་བ་ལ་དེ་དག་སྐྱེད་པའི་ནུས་པ་ཡོད་པར་དཔོག་གོ །དེ་གཉིས་ཀྱིས་ནི་སྤྱིར་ནུས་པ་ཡོད་པར་མཚོན་པས་མི་ལྡན་རྣམ་གཅོད་དུ་མཚོན་ལ། དེ་ཉན་རང་གི་སྦྱོར་བ་ལ་ཡང་ཡོད་དམ་སྙམ་པ་ལ་ཁྱད་མཚན་གྱིས་དེ་ཁོ་ན་ལ་ཡོད་ཀྱི་གཞན་ལ་མེད་པར་གོ་བར་བྱས་པས་གཞན་ལྡན་རྣམ་གཅོད་དུ་མཚོན་ནོ། །ཅིའི་ཕྱིར་ཐ་མ་ལ་ལས་སྒྲུབ་ཅེས་བྱ་ཅེ་ན། འདི་ནི་མཁྱེན་གསུམ་སྦྱོར་བའི་ངོ་བོ་ཡིན་པས་སྔ་མ་གསུམ་གྱིས་མཚོན་པར་བྱ་བ་ཡིན་པས་སོ། །ནུས་པ་མཚོན་བྱ་མ་ཡིན་ནམ་ཇི་ལྟར་སྦྱོར་བ་མཚོན་བྱ་ཡིན་ཞེ་ན། དེ་གཉིས་དངོས་པོ་ཐ་མི་དད་པས་སྐྱོན་མེད་དེ། འདི་དག་རྣམ་པར་བཞག་འཇོག་གི་མཚན་མཚོན་མཚན་ཉིད་པ་མ་ཡིན་པས་སོ། །འདི་མཚོན་བྱ་ཡིན་ན་ཇི་ལྟར་མཚན་ཉིད་དུ་རུང་ཞེ་ན་མཚན་ཉིད་གྱི་སྒྲ་བྱ་བྱེད་གཉིས་ཀ་དང་འབྲེལ་བར་མ་སྨྲས་སམ། ཡང་ངོ་བོ་ཉིད་བཅུ་དྲུག་གིས་མཁྱེན་གསུམ་སྦྱོར་བའི་ངོ་བོ་ཤེས་པར་བྱེད་པས་མཚོན་བྱེད་ཀྱང་ཡིན་ནོ། །འོ་ན་བྱེད་སྒྲུབ་མ་ཡིན་ནམ་ཞེ་ན་ཉེས་པ་མེད་དེ། སྦྱོར་བ་མཚོན་པར་བྱེད་ཀྱང་དོན་ཐ་དད་པའི་སྒོ་ནས་མི་མཚོན་པས་བྱེད་སྒྲུབ་དུ་མ་བཞག་ལ་སྔ་མ་གསུམ་ཅི་རིགས་པར་དེ་ལས་དོན་ཐ་དད་པས་བྱེད་སྒྲུབ་ཏུ་བཞག་གོ །འོ་ན་དེ་དག་མཚན་གཞི་དང་དངོས་པོ་ཐ་དད་པས་མཚན་མཚོན་དུ་མི་རུང་སྟེ། གཞན་དུ་ན་བུམ་པ་ཡང་བ་ལང་གི་མཚན་ཉིད་དུ་ཧ་ཅང་ཐལ་ཞེ་ན། རང་བཞིན་ཐ་དད་ཀྱང་དེ་དག་གི་སྒོ་ནས་ཤེས་པར་བྱས་པ་ལ་དེས་མཚོན་ནོ་ཞེས་མཚན་ཉིད་དུ་བཏགས་པ་ཙམ་ཡིན་པས་རྣམ་པར་བཞག་འཇོག་གི་མཚན་ཉིད་མ་ཡིན་ནོ། །ཞེས་བཤད་ཟིན་ཏོ། །གཉིས་པ་མཚན་ཉིད་ཤེས་པ་སྔོན་དུ་འགྲོ་ཚུལ་ནི། ཐེག་ཆེན་གྱི་རིགས་ཅན་གཅིག་ངེས་པར་བླ་མེད་བྱང་ཆུབ་དོན་དུ་གཉེར་བ་ན་དེའི་རྒྱུ་ཡུམ་གྱི་རྣལ་འབྱོར་ལ་འཇུག་ལ་དེའི་ཚེ་དེ་ལ་རྟོགས་པ་མཐར་ཐུག་སྐྱེད་པའི་ནུས་པ་ཡོད་མེད་དཔྱོད་དགོས་པས་དེ་ལ་ཤེས་མཚན་དང་། དེ་ལ་ཡང་གཞན་དོན་མཐར་ཐུག་སྐྱེད་པའི་ནུས་པ་མི་སྣང་ན་རྟོགས་པ་ཙམ་ཐེག་ཆེན་གྱི་དོན་དུ་གཉེར་བྱའི་གཙོ་བོ་མ་ཡིན་པས་དེ་ཤེས་པ་ལ་བྱེད་མཚན་དང་། ནུས་པ་དེ་གཉིས་ཉན་རང་གི་ལམ་ལ་ཡང་ཡོད་ན་དཀའ་བ་དུ་མ་སྤྱད་དགོས་པའི་ཐེག་ཆེན་ལམ་ལ་འཇུག་པ་ལྡོག་པས་དེ་མེད་པར་ཤེས་པ་ལ་ཁྱད་མཚན་དང་། སྦྱོར་བ་དེ་རང་གི་ངོ་བོ་སྤང་རྟོགས་ཅི་ལྟ་བུ་དང་ལྡན་པ་ཤེས་པར་བྱེད་པ་ལ་མཚན་ཉིད་ཐ་མ་བསྟན་དགོས་པས་མཚན་ཉིད་ཅེས་པ་སྦྱོར་བ་སྒོམ་པའི་སྔོན་དུ་འགྲོ་བའི་ཚུལ་དེ་ཡིན་ནོ། །འདིས་མཚན་ཉིད་གཏན་ལ་ཕན་པའི་གྲངས་ངེས་པ་དང་དགོས་པ་ཡང་བསྟན་ནོ། ། གསུམ་པ་ནི། ཚོགས་ལམ་ནས་ས་བཅུ་པའི་བར་དུ་བཞག་སྟེ། སྦྱོར་བ་སྒོམ་རེས་ཀྱིས་འདི་སྔོན་དུ་བཏང་ནས་སྒོམ་པས་སོ། །བཞི་པ་མཚན་ཉིད་ལས་འཕྲོས་བའི་དོན་ལ། གཞི་ཤེས་ཀྱི་ཤེས་མཚན་གྱི་སྐབས་སུ་སེམས་གཡོ་བ་དང་། བཀྲམ་པ་སོགས་ཀྱི་མཐའ་དཔྱད་པ་ལ་བཞི། ལྟ་བའི་ངོ་བོ། སེམས་བཞི་དགག་སྒྲུབ་གཉིས་དང་སྦྱོར་ཚུལ། གང་ཟག་གང་གི་ཡིན་པ། སྒྲ་བཤད་པའོ། དང་པོ་ནི་སྔོན་གྱི་མཐའ་ལ་བརྟེན་པ་བཞི། ཕྱི་མའི་མཐའ་ལ་བརྟེན་པ་བཞི། མྱ་ངན་ལས་འདས་པ་ལ་བརྟེན་པ་བཞི་སྟེ་བཅུ་གཉིས་དང་། ལུས་སྲོག་གཅིག་ཏུ་ལྟ་བ་དང་། དེ་གཉིས་ཐ་དད་དུ་ལྟ་བ་སྟེ་བཅུ་བཞིའོ། །དེ་ལ་དང་པོ་ནི་བདག་དང་འཇིག་རྟེན་རྟག་མི་རྟག་གཉིས་ཀ་གཉིས་མིན་དུ་ལྟ་བ་སྟེ་དེས་ནི་དེ་གཉིས་དང་པོ་ནས་མི་འགྱུར་བར་ཡོད་པ་དང་། ཕྱིས་གློ་བུར་དུ་བྱུང་བ་དང་དེ་གཉིས་ཀ་དང་གཉིས་མིན་དུ་འཛིན་པས་སྔོན་མཐའ་ལ་བརྟེན་པའོ། །གཉིས་པ་ནི་བདག་དང་འཇིག་རྟེན་མཐའ་དང་ལྡན་མི་ལྡན་གཉིས་ཀ་གཉིས་མིན་དུ་ལྟ་བ་སྟེ། དེས་ནི་དེ་གཉིས་ཕྱིས་ཀྱི་ཚེ་མཐའ་དང་ལྡན་མི་ལྡན་སོགས་སུ་འཛིན་པས་ཕྱི་མཐའ་ལ་བརྟེན་པའོ། །གསུམ་པ་ནི་དེ་བཞིན་གཤེགས་པ་གྲོང་ནས་འབྱུང་མི་འབྱུང་གཉིས་ཀ་གཉིས་མིན་དུ་ལྟ་བ་སྟེ། དེས་ནི་བདག་གི་རང་བཞིན་གྱི་སེམས་ཅན་ཤི་ནས་འབྱུང་མི་འབྱུང་སོགས་སུ་འཛིན་པས་མྱང་འདས་ལ་བརྟེན་པའོ། །འདི་དག་གི་བདག་དང་འཇིག་རྟེན་ཞེས་པའི་བདག་ནི་གང་ཟག་གི་བདག་དང་འཇིག་རྟེན་ནི་དེས་ལོངས་སྤྱད་པའི་གཞི་ལ་བསམ་པའོ། །དེ་བཞིན་གཤེགས་པ་ནི་རྒྱན་སྣང་དང་གནོད་འཇོམས་ཆུང་བར་གསུངས་པ་ལྟར་བདག་གི་ངོ་བོའི་སེམས་ཅན་ལ་བྱའི་གྲོལ་བའི་བདག་ལ་བྱས་ན་རྒྱང་འཕེན་ལ་མི་འགྲིག་གོ །བཞི་པ་ནི་ལུས་གང་ཡིན་པ་སྲོག་གོ །ཞེས་དང་། སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ནོ་ཞེས་འཛིན་པའོ། །ཡང་སའི་དངོས་གཞིར་གང་ལ་སྲོག་དེ་ལུས་ཡིན་ནོ་ཞེས་ལྟ་བ་དེ་ནི་བདག་གཟུགས་ཅན་དུ་ལྟའོ། །སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ནོ་ཞེས་ལྟ་བ་གང་ཡིན་པ་དེ་ནི་གཟུགས་ཅན་མ་ཡིན་པར་ལྟའོ་ཞེས་པ་ལྟར་རོ། །གཉིས་པ་སེམས་བཞི་པོ་དེ་དགག་སྒྲུབ་གཉིས་སུ་སྦྱོར་ཚུལ་ནི། ཉི་སྣང་ལས། རང་གི་ཡུལ་ལ་སེམས་འཇུག་པ་གང་ཡིན་པ་དེ་ནི་གཡོ་བ་ཞེས་བྱའོ། །ཞེས་སོགས་གསུངས་པ་ལྟར། དང་པོ་གསུམ་གཡོ་བ་དང་། གསུམ་པ་གསུམ་དང་བཅུ་གསུམ་པ་ནི་སོགས་ཁོང་ནས་བཀྲམས་པ་བཏོན་ནས་དེ་དང་། གཉིས་པ་གསུམ་ནི་འདུ་བ་དང་། བཞི་པ་གསུམ་དང་བཅུ་བཞི་པ་ནི་བཙུམ་པ་ལ་སྦྱར་ཏེ། བཅུ་བཞི་པ་ནི་ལུས་ཀྱང་སྲོག་མ་ཡིན་ལ་སྲོག་ཀྱང་ལུས་མ་ཡིན་ནོ། །ཞེས་གཉིས་ཀ་འགོག་པས་སོ། །དེ་ཡང་དང་པོ་གཉིས་ནི་བྱ་བ་མི་འགོག་པར་རང་ཡུལ་ལ་སེམས་འཇུག་པས་སྒྲུབ་པ་དང་། ཕྱི་མ་གཉིས་ནི་བྱ་བ་བཀག་སྟེ་ཡུལ་མི་འཇུག་པས་དགག་པའོ། །གསུམ་པ་ལ་དགག་སྒྲུབ་ཀྱི་ལྟ་བ་གཉིས་ཀ་ཡོད་ཅིང་བཞི་པས་དགག་སྒྲུབ་གཉིས་ཀ་བཀག་ཀྱང་། སྒྲུབ་པ་དང་དགག་པར་བཞག་སྟེ་བྱ་བ་ཡོད་པ་དང་མེད་པས་སོ། །དག་ལྡན་ལས་ནི། འཕྲོ་བ་ནི་སྒྲུབ་པ་སྟེ་ཡོད་ཅེས་པའོ། །འདུ་བ་ནི་དགག་པ་སྟེ་མེད་ཅེས་པའོ། །བཀྲམ་པ་ནི་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་ཅེས་པའོ། །བཙུམ་པ་ནི་གཉིས་ཀ་བཀག་པ་སྟེ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་པའོ། །དེ་བཞིན་དུ་རྟག་པ་དང་མི་རྟག་སོགས་ལ་ཡང་རིག་པར་བྱའོ། །ཞེས་གསུངས་སོ། །གསུམ་པ་གང་ཟག་གང་གི་ཡིན་པ་ནི། གྲངས་ཅན་ཤི་བ་ན་མི་མངོན་པའི་ཚུལ་དུ་ཡོད་པར་འདོད་པས་གྲོངས་ནས་འབྱུང་ངོ་ཞེས་ཕྱེ་བ་ལ་རྟོག་པ་དེ་དག་གིའོ། །རྒྱང་འཕེན་སོགས་ཀྱིས་ཤི་བ་ན་བདག་ཐམས་ཅད་ནས་ཐམས་ཅད་དུ་རྗེས་སུ་མི་འགྲོ་བར་འཇིག་པར་འདོད་པས་གྲོངས་ནས་མི་འབྱུང་ངོ་ཞེས་བཙུམ་པ་ལ་རྟོག་པ་དེ་དག་གིའོ། ། གཅེར་བུ་པས་གནས་སྐབས་ཐ་དད་དུ་འདོད་པས་གྲོངས་ནས་འབྱུང་བ་དང་མི་འབྱུང་ངོ་ཞེས་ཕྱེ་བཙུམ་གཉིས་ཀ་ལ་རྟོག་པ་དེ་དག་གིའོ། །གང་ཟག་ཏུ་སྨྲ་བས་བདག་ཕུང་པོ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་འདོད་པས་གྲོངས་ནས་འབྱུང་བ་ཡང་མ་ཡིན་མི་འབྱུང་བ་ཡང་མ་ཡིན་ནོ་ཞེས་ཕྱེ་བཙུམ་གཉིས་ཀ་བཀག་པ་ལ་རྟོག་པ་ནི་དེ་དག་གིའོ། །དེ་བཞིན་དུ་རྟག་པ་སོགས་ལ་སྦྱར་བར་སྟེ་འདི་ནི་སློབ་དཔོན་གྱི་དགོངས་པའོ། །དོན་དེ་ལ་ཁ་ཅིག་མདོ་ལས་མཐའ་ལྡན་སྔར་བཤད་ཀྱང་གྲངས་ཅན་དང་རྒྱང་འཕེན་གཉིས་ལ་དེ་བཟློག་ན་འགྲིག་གོ་ཞེས་འཆད་པ་ནི། དེ་ལྟ་ན་དགག་སྒྲུབ་གོ་བཟློག་པར་འགྱུར་བས་མི་འཐད་པའི་ཕྱིར། རྣམ་བཤད་རིག་པར། མཐའ་ནི་ཟད་དང་མཇུག་ཆ་དང་། ཉེ་དང་ཕྱོགས་དང་སྨད་པ་ལའོ། ། ཞེས་པ་ལྟར་མཐའི་དོན་ཚེ་ཕྱི་མའི་ཕུང་པོའི་ཆ་ལ་བྱས་ནས་ཚེ་འདིའི་རྣམ་ཤེས་ཕྱི་མར་འཇུག་པའི་ཆ་ལྡན་པ་ལ་བཤད་ཅིང་མཐའ་དང་མི་ལྡན་པ་དེ་ལས་བཟློག་ན་ཆེས་འགྲིག་གོ །དེ་ཡང་ཕྱེ་བ་དང་བཙུམ་པ་ནི་སྒྲུབ་པ་དང་དགག་པ་རྐྱང་པའི་རྣམ་པ་ཅན་གཡོ་བ་དང་འདུ་བ་གཉིས་ཡིན་ལ། གཉིས་ཀ་སྒྲུབ་པ་དང་གཉིས་ཀ་འགོག་པ་གཉིས་ནི་བཀྲམ་པ་དང་བཙུམ་པའོ། །ཐ་མ་གཉིས་གང་ཟག་གང་ཡིན་མི་གསལ་ཡང་བྱེ་བྲག་པ་བདག་གཟུགས་ཅན་དང་གྲངས་ཅན་ཤེས་པར་འདོད་པ་བློ་བརྟན་གྱིས་བཤད་པས་དེ་གཉིས་ལ་སྦྱོར་རོ། །བཞི་པ་སྒྲ་བཤད་ནི། བཅུ་བཞི་པོ་དེ་ལ་ཅིའི་ཕྱིར་ལུང་མ་བསྟན་ཞེས་བྱ་ཞེ་ན། འདི་དག་དེ་བཞིན་གཤེགས་པ་ལ་དྲིས་པ་ན། ཐམས་ཅད་བདག་ལས་བརྩམས་ཏེ་དྲིས་པས་གཞི་མེད་པ་ལ། ཁྱད་པར་དཔྱད་དུ་མེད་པར་དགོངས་ནས་ལན་ལུང་དུ་མ་བསྟན་པས་ལུང་མ་བསྟན་ནོ། །འོ་ན་དེ་ལྟ་བུའི་བདག་མེད་ཅེས་ཅིའི་ཕྱིར་མ་གསུངས་ཞེ་ན། དེ་དག་བདག་མེད་པ་བསྟན་པའི་སྣོད་དུ་མ་གྱུར་པས་དེ་ལྟར་མ་གསུངས་སོ། །ཡང་ཁྱད་མཚན་གྱི་སྐབས་སུ་མཐོང་ལམ་ལས་གཞན་གཉིས་མ་སྨོས་པ་ནི། མཐོང་ལམ་དེ་སྦྱོར་ལམ་གྱི་འབྲས་བུ་དང་སྒོམ་ལམ་གྱི་རྒྱུ་ཡིན་པས་དེ་ལ་བཤད་ན་གཞན་གཉིས་ལ་ཡང་གོ་སྟེ། རྒྱུ་ལ་ཁྱད་པར་མེད་ན་འབྲས་བུའི་ཁྱད་པར་རྒྱུ་མེད་དུ་འགྱུར་ཞིང་། རྒྱུ་ལ་ཁྱད་པར་ཡོད་ཀྱང་འབྲས་བུ་ལ་ཁྱད་པར་མེད་ན་རྒྱུའི་དེ་དོན་མེད་པར་འགྱུར་བས་སོ། །བཞི་པ་རྒྱུད་ལ་བརྟེན་བྱ་ཐར་པ་ཆ་མཐུན་ལ་གསུམ། གང་ལ་སྐྱེ་བའི་རྟེན། བརྟེན་པ་ལམ་གྱི་ངོ་བོ། རྟགས་དང་སྒྲ་དོན་ནོ། །དང་པོ་རྟེན་ལ་གཉིས་ལས་དང་པོ་ལུས་རྟེན་ནི། མཛོད་འགྲེལ་ལས། མི་རྣམས་ཀྱི་ནང་ཁོ་ནར་སྐྱེ་སྟེ། ངན་སོང་ན་ཤེས་རབ་དང་། སྒྲ་མི་སྙན་དང་ལྷ་ལ་སྐྱོ་བ་མེད་པས་དེ་དག་ལ་མི་སྐྱེ་བར་བཤད་པ་ནི་བྱེ་སྨྲའི་འདོད་པ་ཡིན་ལ། ཐེག་ཆེན་པ་ནི། ཇི་སྐད་དུ། དེ་ཚེ་ལྷ་མི་སྟོང་ཕྲག་བརྒྱ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ དོ། །ཞེས་དང་། ཀླུ་ཉི་ཁྲི་ཆིག་སྟོང་གིས་ཐེག་ཆེན་དུ་སེམས་བསྐྱེད་པར་གསུངས་པ་དང་། གཟུགས་ཀྱི་ལྷའི་བུ་རྣམས་ཀྱང་དེ་བཞིན་གཤེགས་པའི་འོད་ཀྱིས་ལམ་ཤེས་སྐྱེ་བའི་སྣོད་ལྡན་དུ་བྱས་པར་གསུངས་པས་འདོད་ཁམས་པ་དང་མི་ཁོ་ནའི་ངེས་པ་མེད་དོ། །གཉིས་པ་སེམས་རྟེན་ནི། འདི་ལ་སྒོམ་བྱུང་མཚན་ཉིད་པ་ཡོད་པར་ཀུན་བཏུས་ནས་བཤད་པ་ལྟར་ན་བསམ་གཏན་གྱི་སེམས་ལ་ཡང་བརྟེན་ལ་མཛོད་ནས་སྒོམ་བྱུང་མེད་པར་བཤད་པ་ལྟར་ན་འདོད་པ་ཉིད་ལ་བརྟེན་ནོ། །མངོན་པ་ནས་དེ་ལྟར་ཡིན་ཀྱང་། ཐེག་ཆེན་ལྟར་ན་ཚོགས་ལམ་ཆེན་པོ་ལྟ་བུ་བསམ་གཏན་བཞི་པའི་དངོས་གཞི་ལ་ཕལ་ཆེར་བརྟེན་ཏེ་དེ་ནི་གདམས་ངག་ཏུ་བརྗོད་ཟིན་ཏོ། །གཉིས་པ་བརྟེན་པ་ལམ་གྱི་ངོ་བོ་ནི། མཛོད་ལས་སྒོ་གསུམ་གའི་ལས་དང་ཐོས་བསམ་ཉིད་དུ་བཤད་ལ། ཀུན་བཏུས་ལས། སྒོམ་བྱུང་ཡང་ཡོད་པ་དང་། གཉེན་པོ་བདེན་པ་མངོན་རྟོགས་དང་སྤང་བྱ་དངོས་སུ་སྤང་བའི་སྣོད་དུ་རུང་བ་ཞིག་ལ་བཤད་དོ། །གསུམ་པ་ལ། ཚོགས་ལམ་སྤྱི་ཙམ་གྱི་རྟགས་ནི་མཛོད་འགྲེལ་ལས། གང་ལ་འཁོར་བའི་ཉེས་དམིགས་དང་བདག་མེད་པ་དང་མྱ་ངན་ལས་འདས་པའི་ཡོན་ཏན་བརྗོད་པའི་གཏམ་ཐོས་ན་སྤུ་ཟིང་ཞེས་བྱེད་པ་དང་། མཆི་མ་དཀྲུག་ཅེས་བྱེད་པ་དེ་ལ་ནི་ཐར་བའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཡོད་པར་ཤེས་པར་བྱ་སྟེ་དབྱར་མྱུ་གུ་སྐྱེས་པ་ལས་གཡུལ་གྱི་གསེབ་ན་ས་བོན་ཡོད་པར་ཤེས་པ་བཞིན་ནོ། །ཞེས་སོ། །དེས་ན་ངེས་འབྱུང་གི་བསམ་པས་བསླང་བའི་དགེ་རྩ་སྣ་རེ་ཙམ་རྒྱུད་ལ་སྐྱེས་ན་ཡང་ཚོགས་ཀྱི་ལམ་ཕྱོགས་རེ་ཐོབ་པ་ཡིན་ནོ། །ཚོགས་ལམ་ཁྱད་པར་ཅན་གྱི་རྟགས་ནི། ཉི་སྣང་ལས། གང་གིས་དེ་མཚོན་པར་བྱེད་པ་ཐར་པའི་ཆ་དང་མཐུན་པ་འདིའི་རྟགས་ནི་རྣམ་པ་གསུམ་སྟེ། སེམས་མི་ཞུམ་པ་མི་དངངས་པའི་མཚན་ཉིད་དང་། མི་འགོང་བ་མི་སྐྲག་བའི་མཚན་ཉིད་དང་། ཡིད་ལ་འགྱོད་པ་མེད་པ་སྐྲག་པར་མི་འགྱུར་བའི་མཚན་ཉིད་ནི་ཞེས་ཟབ་དོན་ལ་མི་སྐྲག་པ་སོགས་གསུངས་སོ། །ཅིའི་ཕྱིར་ཐར་པའི་ཆ་དང་མཐུན་པ་ཞེས་བྱ་ཞེ་ན། ཉི་སྣང་ལས། འདིར་ཐར་པ་ནི་བྲལ་བའི་ཁྱད་པར་ཡིན་ལ་དེའི་ཆ་ལ་ཕན་པས་ན་ཐར་པའི་ཆ་དང་མཐུན་པ་ཡིན་ནོ། །ཞེས་གསུངས་ལ། ཚིག་གསལ་ལས། མི་ཁོམ་པ་བརྒྱད་སོགས་སུ་འཕེན་བྱེད་ཀྱི་ལས་ཉོན་ཆེས་རགས་པ་དང་བྲལ་བའི་དྲོད་སོགས་ནི་ཐར་པར་འཆད་དོ། །གཉིས་པ་སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་སྒོམ་ལ་གསུམ། སྦྱོར་བ་ཁྱད་པར་ཅན་སྐྱེས་པའི་དུས། སྐྱེས་པའི་རྟེན་གྱི་གང་ཟག །གང་ཟག་དེའི་སྒོམ་རིམ་མོ། ། དང་པོ་ལ་གཉིས། དངོས་དང་། ཟློས་པ་སྤངས་པའོ། །དང་པོ་སྦྱོར་བ་ཁྱད་པར་ཅན་སྐྱེ་བའི་དུས་ནི། ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམ་པ་བཞིའོ། །དེ་ཡང་མཉམ་གཞག་གི་རྟོགས་པ་གཙོ་བོར་བྱས་པ་ནི་སྔར་རྣམ་མཁྱེན་གྱི་སྐབས་སུ་བསྟན་ཟིན་ལ། རྗེས་ཐོབ་ཏུ་གཞན་ལ་ཕན་འདོགས་པའི་སྦྱོར་བ་གཙོ་བོར་བྱས་པ་ནི་རྣམ་ཀུན་གྱི་སྐབས་སུ་འདིར་གསུངས་པ་ལྟར་ཏེ་གཞུང་ལས་ཤེས་པར་བྱའོ། །གཉིས་པ་ཟློས་པ་སྤང་བ་ནི། མངོན་རྟོགས་དང་པོ་དྲུག་པོར་དངོས་ཤུགས་ཅི་རིགས་པར་སྦྱོར་མཐོང་སྒོམ་གསུམ་བསྟན་པ་རྣམས་ཟློས་ཏེ་བརྗོད་བྱ་ཁྱད་མེད་ཡང་ཡང་བསྟན་པས་ཤེ་ན། འདིའི་ལན་སློབ་དཔོན་སེངྒེ་བཟང་པོའི་གཞུང་ལས་འབྱུང་བ་ནི། སྐབས་དང་པོ་གསུམ་དུ་ལམ་གསུམ་གྱི་སྒྲས་གསུངས་པའི་མངོན་རྟོགས་གསུམ་ནི་སྒྲ་ཇི་བཞིན་པ་ཡིན་ཡང་། གཙོ་བོར་རྣམ་པ་དང་། ལམ་དང་གཞི་ཐམས་ཅད་སྐྱེ་བ་མེད་པར་དོན་སྤྱིའི་ཚུལ་དུ་རྟོགས་པའི་སྦྱོར་ལམ་དང་། མངོན་སུམ་དུ་གསར་དུ་རྟོགས་པའི་མཐོང་ལམ་དང་། མཐོང་བ་གོམས་པར་བྱས་ཏེ་སྒོམ་པའི་སྒོམ་ལམ་སྟེ། རྟོགས་བྱ་གཞི་ལམ་རྣམ་པ་གསུམ་ལ་ལྟོས་པའི་ལམ་གསུམ་ཡིན་པས་མི་ཟློས་སོ། །སྦྱོར་བ་དང་པོ་གསུམ་དུ་ལམ་གསུམ་གྱི་སྒྲས་གསུངས་པའི་མངོན་རྟོགས་གསུམ་ནི་སྒྲས་ཟིན་པ་ལྟར་གྱི་མཚན་ཉིད་པ་མ་ཡིན་པས་མི་ཟློས་སོ། །དེ་ཡང་གདགས་གཞི་ས་བརྒྱད་པ་དགུ་པ་བཅུ་པ་གསུམ་ལ་དབང་བརྟུལ་སོགས་ཀྱི་སྒོ་ནས་ཆུང་འབྲིང་ཆེན་པོ་གསུམ་གསུམ་དུ་བྱས་པ་རྣམས་ལ་གདགས་ཆོས་ལམ་གསུམ་ཆ་ནི་གསུམ་གྱི་སྒྲས་བཏགས་པ་ཡིན་ནོ། །དེས་ན་དག་པ་ས་གསུམ་རྣམ་ཀུན་སོགས་མཚན་ཉིད་པ་ཡིན་ཞིང་སྒྲས་ཟིན་ཚོད་ཀྱི་ལམ་གསུམ་བཏགས་པ་བའོ། །དེའི་ཕྱིར་སྦྱོར་བ་གསུམ་ལ་ཁྱད་ཅན་ཡིན་མིན་གཉིས་ལས་ཁྱད་པར་ཅན་དག་ས་གསུམ་ནས་བཞག་པས་དང་པོར་ཐོབ་པའི་ས་མཚམས་ཀྱང་དེ་ཡིན་ནོ། །འདོགས་པའི་རྒྱུ་མཚན་ནི་ས་རེ་རེ་ལ་ཆུང་འབྲིང་ཆེ་གསུམ་ཡོད་པ་དང་ལམ་གསུམ་མཚུངས་པས་བཏགས་ལ་བཏགས་པའི་དགོས་པ་ནི་བརྒྱད་པ་ཡན་འབད་རྩོལ་ཞི་བའི་ས་ཡིན་པས་ལམ་རིམ་ལྡན་དུ་སྐྱེད་པ་མེད་དམ་སྙམ་པའི་དོགས་པ་གཅོད་ཅིང་རིམ་གྱིས་སྐྱེ་བར་བསྟན་པའི་ཕྱིར་བཏགས་པ་ཡིན་ནོ། །དེ་ལྟར་མིན་ན་རྩེ་མོའི་སྦྱོར་ལམ་གྱི་བཟོད་པའི་སྐབས་སུ་བྱང་སེམས་ཀྱི་སྐྱོན་མེད་པ་ལ་གནས་པར་བཤད་པ་དང་། དྲོད་ཀྱི་སྐབས་སུ་བག་ལ་ཉལ་ཀུན་འཇོམས་པ་དང་། ངེས་བརྟན་ལ་མཁྱེན་གསུམ་གྱི་ཆོས་རྫོགས་པར་བཤད་པས་དེ་དག་སྦྱོར་ལམ་མཚན་ཉིད་པར་མི་རུང་ཞིང་ལམ་གྱི་སྒྲས་བསྟན་པ་དེ་དག་ཐམས་ཅད་ལམ་གསུམ་མཚན་ཉིད་པ་ཡིན་ན་ཟློག་པ་སྤང་མི་ནུས་ཤིང་དེ་དག་བཏགས་པ་བ་ཡིན་པས་ཟློས་པ་མེད་དོ་ཞེས་བཤད། དེ་ལ་ཁ་ཅིག་སློབ་དཔོན་གྱི་རང་གཞུང་མ་ཡིན་པར་བཞེད་ཀྱང་། འགྲེལ་ཆུང་དུ་རང་གི་བཞེད་པ་ཉིད་འགོད་པ་དང་། དེའི་འགྲེལ་བཤད་གཉིས་དང་བསྡུས་དོན་ལས་ཀྱང་རང་གཞུང་དུ་བཀྲལ་གྱི་གཞན་ལུགས་སུ་མ་བསྟན་པ་སོགས་ཀྱིས་རང་གཞུང་ཡིན་པར་གསལ་ལོ། །འོན་ཀྱང་འདིའི་སྐབས་སུ་བདག་ཉིད་ཆེན་པོ་སོགས་བོད་ཀྱི་མཁས་པ་རྣམས་ཀྱིས་སྦྱོར་བ་གསུམ་མངོན་རྟོགས་རྣམས་ལམ་གསུམ་གྱི་དངོས་ཡིན་པ་ལ་གནོད་བྱེད་མེད་དེ། །བྱང་སེམས་ཀྱི་སྐྱོན་མེད་པ་ལ་གནས་པ་དང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གསུངས་པ་སོགས་རྒྱུ་ཙམ་ལ་གནས་པ་དང་། དེ་དག་རྗེས་མཐུན་པ་ཡིན་པ་ལ་དགོངས་པའི་ཕྱིར་ཏེ། གཞན་དུ་ན་རྣམ་མཁྱེན་གྱི་ཡེ་ཤེས་སྐྱེད་པར་བཤད་པ་ཡང་དངོས་ཡིན་ན་ས་བརྒྱད་པའི་སྐད་ཅིག་གཉིས་པར་སངས་རྒྱས་པར་འགྱུར་ལ་བརྒྱུད་ནས་ཡིན་ན་སྔ་མ་ལ་ཡང་མཚུངས་སོ། །རྗེ་བཙུན་གྱིས་མཁྱེན་གསུམ་ཡུལ་དང་སྦྱོར་བཞི་རྒྱུར་བཤད་པས་མཁྱེན་གསུམ་ས་བདུན་པ་ཕྱིན་ཆད་སོགས་དང་། སྦྱོར་བ་རྣམས་ས་བརྒྱད་པ་ཡན་ཆད་སོགས་སུ་ཁ་ཕྲལ་ནས་འཆད་པ་བསྟན་བཅོས་ཀྱི་དགོངས་པ་མ་ཡིན་ནོ་ཞེས་གསུངས་པ་རྣམས་ལ་ཤིན་ཏུ་ལན་གདབ་དཀའ་བ་དང་། མངོན་རྟོགས་དྲུག་གི་ལམ་རྣམས་ལ་ནི་མཚན་ཉིད་པ་ཡིན་མིན་མ་བྱས་ཀྱང་། མཁྱེན་གསུམ་དུ་གསུངས་པ་ཐོས་བསམ་གྱི་ཡུལ་དང་། སྦྱོར་བ་གསུམ་དུ་གསུངས་པ་རྣམས་ཉམས་ལེན་གྱི་སྒོ་ནས་དང་། དང་པོའི་ལམ་རྣམས་ཀྱང་རིམ་པ་ལྟར་ཐོབ་བྱ་དང་བསྐྱེད་བྱ་དང་སྤང་བྱའི་མཁྱེན་གསུམ་མཚོན་པའི་ཆེད་དང་། ཕྱི་མའི་ལམ་རྣམས་ནི་དབང་ཐོབ་པའི་དོན་དུ་དང་། ཐོབ་པའི་ཚུལ་གྱིས་དང་། སླར་ཡང་འདྲེས་པར་བྱེད་པ་གསུམ་གྱི་ཁྱད་པར་ཡོད་དོ་ཞེས་སྤྱི་དང་སོ་སོའི་ཟློས་པ་སྤངས་པས་ཆོག་པའི་ཕྱིར་ཕྱོགས་འདི་ལ་ནི་འཕགས་པའི་རྗེས་སུ་འབྲང་ན་འཐད་དོ། །གཉིས་པ་སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་རྟེན་གྱི་གང་ཟག་ལ་ལྔ། ཕྱིར་མི་ལྡོག་པའི་གང་ཟག །ཕྱིར་མི་ལྡོག་པའི་དོན། ཕྱིར་མི་ལྡོག་པའི་རྟགས། རྟགས་ལས་ཕྱིར་མི་ལྡོག་ཏུ་མཚོན་ཚུལ། རྟགས་ལས་འཕྲོས་པའི་དོན་འགའ་ཞིག་བཤད་པའོ། །དང་པོ་ཕྱིར་མི་ལྡོག་པའི་གང་ཟག་ནི། མདོ་ལས་སྤྱིར་བྱང་སེམས་ཙམ་ལས་མ་གསུངས་ཀྱང་། རྗེ་བཙུན་གྱིས་དེའི་དགོངས་པ་སྦྱོར་ལམ་པ་ནས་སྒོམ་ལམ་པ་ཕྱིན་ལ་བཟུང་ངོ་། །ཚོགས་ལམ་པ་ན་སྤྱིར་ཐར་ཆའི་མདོར་ཉན་རང་གི་སར་མ་སྨས་མ་ཉམས་པར་རྫོགས་བྱང་དུ་འཚང་རྒྱ་བར་གསུངས་པ་དང་། གསེར་ལྟ་བུའི་སེམས་བསྐྱེད་ཀྱང་དེ་ན་ཡོད་པས་ཕྱིར་མི་ལྡོག་ཡོད་ཀྱང་དེ་ཐོབ་པའི་རྟགས་མེད་པས་མ་བཞག་གོ །འོ་ན་ལམ་གསུམ་ལ་གནས་པ་རྣམས་ལ་དབང་པོའི་ཁྱད་པར་འབྱེད་དམ་མི་འབྱེད་ཅེ་ན། མདོ་དང་བསྟན་བཅོས་ཆེན་པོ་ཕལ་མོ་ཆེར་ས་བརྒྱད་པ་ནས་རྣམ་པ་ཐམས་ཅད་དུ་ཕྱིར་མི་ལྡོག་པར་གསུངས་པས་སོ་སྐྱེའི་ས་ལ་ཕྱིར་མི་ལྡོག་གི་རྟགས་ཐོབ་པ་ལ་དབང་རྣོན་དགོས་ཏེ། གལ་ཏེ་ས་དེར་འབྲིང་རྟུལ་གཉིས་ཀྱིས་ཀྱང་ཐོབ་ན་ས་བརྒྱད་པ་ལ་སྔར་བཤད་པ་དེ་མི་རིགས་པས་སོ། །དེའི་ཕྱིར་མ་དག་པ་ས་བདུན་དུ་ཡང་དབང་རྟུལ་གྱིས་རྟགས་མཐོ་བར་བཞག་གོ །རྟགས་མ་ཐོབ་ཀྱང་ས་ཐོབ་ནས་ཐེག་དམན་དུ་ལྟུང་བ་ནི་མི་སྲིད་དེ། ཐེག་ཆེན་འཕགས་པ་དོན་དམ་སེམས་བསྐྱེད་ལས་ཉམས་མི་སྲིད་པས་སོ། །འོ་ན་ས་བརྒྱད་པ་དང་མཚུངས་ཤེ་ན། ཉེས་པ་མེད་དེ། བརྒྱད་པ་མན་ཆད་དུ་ངར་འཛིན་མ་ཟད་ལ་དེ་ཡོད་པ་དེ་སྲིད་དུ་རང་ལ་གཅེས་འཛིན་གྱི་བློ་འཇུག་པས་རང་དོན་ལ་གཞོལ་བའི་རྐྱེན་ཙམ་ཉེ་བར་གནས་ལ་བརྒྱད་པ་ནས་དེ་མེད་པས་སོ། །གཉིས་པ་ཕྱིར་མི་ལྡོག་པའི་དོན་ནི། རྫོགས་པའི་བྱང་ཆུབ་ལས་མི་ལྡོག །ཅེས་གསུངས་པས། སངས་རྒྱས་ཐོབ་པར་བྱེད་པ་ལས་མི་ལྡོག་པ་ནི་གང་ལས་མི་ལྡོག་པའི་དོན་ནོ། །དེ་ཡང་ཐེག་པ་གསུམ་གྱི་གང་ཟག་ཐམས་ཅད་མཐར་འཚང་རྒྱ་བས་དེ་ཙམ་ནི་མ་ཡིན་གྱི་བར་མ་ཆད་དུ་ཐོབ་པར་བྱེད་པའོ། ། དེས་ན་གནས་སྐབས་སུ་ཡང་སྲིད་པ་དང་ཞི་བའི་མཐར་མི་ལྡོག་པར་ངེས་པའོ། །གསུམ་པ་ཕྱིར་མི་ལྡོག་པའི་རྟགས་ནི། གཟུགས་ལ་སོགས་ལས་ལྡོག་པ་ལ་སོགས་པའི་རྟགས་ཉི་ཤུ་དང་བཅུ་དྲུག་དང་བརྒྱད་རྣམས་སོ། །དེ་ཡང་གཟུགས་ནས་རྣམ་མཁྱེན་གྱི་བར་ངོ་བོ་ཉིད་མེད་པར་རྟོགས་པས་དེ་དག་ལ་བདེན་ཞེན་ལྡོག་པའི་ཤེས་རབ་ཀྱིས་མཚོན་པའི་སྙིང་རྗེ་ཆེན་པོ་སྟེ་ཐབས་ཤེས་རྒྱུན་ཤིན་ཏུ་བརྟན་པ་གཉིས་ནི་རྟགས་ཀྱི་གཙོ་བོ་ཡིན་ལ་གཞན་རྣམས་ཆ་ཙམ་དུ་རིགས་པར་བྱའོ། །བཞི་པ་རྟགས་ལས་ཕྱིར་མི་ལྡོག་ཏུ་མཚོན་ཚུལ་ནི། རྟགས་དེ་དང་རྗེས་ཐོབ་ཏུ་ལྡན་པར་མཐོང་བ་ལས་བར་མ་ཆད་དུ་བླ་མེད་བྱང་ཆུབ་འབྱུང་ངེས་པར་དཔོག་པ་སྟེ། མྱུ་གུའི་རྒྱུ་ཚོགས་གྲངས་ཚང་བ་མཐོང་བ་ན་དེ་ལས་མྱུ་གུ་འབྱུང་རུང་དུ་ངེས་པ་ལྟར། ཕྱིར་མི་ལྡོག་པའི་གང་ཟག་གིས་ཀྱང་རང་རྒྱུད་ལ་སྔར་བཤད་པའི་རྟགས་ཀྱི་གཙོ་བོ་དེའམ། དེ་དང་འབྲེལ་བའི་རྟགས་གཞན་ལྡན་པར་མཐོང་བ་ན། ད་ནི་བདག་གིས་བླ་མེད་བྱང་ཆུབ་ཐེག་པ་གཞན་གྱིས་བར་མ་ཆད་དུ་ཐོབ་པར་ངེས་སོ་སྙམ་པའི་བློ་སྐྱེ་བ་དང་། གང་ཟག་གཞན་གྱིས་ཀྱང་མདོ་ནས་བཤད་པའི་ལུས་ངག་གི་ཀུན་སྤྱོད་རྣམས་དང་ལྡན་ཞིང་དེ་ཡང་རིང་དུ་འདྲིས་ཀྱང་སྤྱོད་ལམ་བརྟག་ཐུབ་པར་མཐོང་བ་ན། དེ་ལས་ཕ་རོལ་པོ་དེ་ཕྱིར་མི་ལྡོག་པར་ལུང་ལ་བརྟེན་ནས་དཔོགས་པ་ཙམ་ལ་དེའི་ངོར་རྟགས་སུ་བཤད་ཀྱིས། འདི་དག་ལ་ཚུལ་གསུམ་ཚད་མས་ངེས་པའི་རྟགས་ཀྱི་རྣམ་བཞག་ནི་བྱར་མི་རུང་སྟེ། གཞན་རྒྱུད་ཇི་ལྟ་བ་བཞིན་མཁྱེན་པའི་རྣལ་འབྱོར་པ་ལ་ནི་རྟགས་ཀྱིས་བསྒྲུབས་པ་ལ་དགོས་པ་མེད་ལ། རྟོགས་པ་དམའ་བ་དག་གིས་ལུས་ངག་གི་ཐ་སྙད་ཙམ་ཞིག་ལས་དཔོག་ན་འཁྲུལ་ཞིང་། ཐ་སྙད་ཁྱད་པར་ཅན་ཕྱིར་མི་ལྡོག་གི་རྟོགས་པ་ལ་མི་འཁྲུལ་པ་ནི་མ་ངེས་ཏེ། ཕྱིར་མི་ལྡོག་གི་ནང་གི་རྟོགས་པ་ནི་གང་ཟག་དེ་ལ་ཤིན་ཏུ་ལྐོག་ཏུ་གྱུར་པས་སོ། །ལྔ་པ་རྟགས་ལས་འཕྲོས་པའི་དོན་བཤད་པ་ལ། སྦྱོར་ལམ་པའི། མཐོང་ལམ་པའི། སྒོམ་ལམ་པའི་རྟགས་ལས་འཕྲོས་པ་གསུམ་མོ། །དང་པོ་དྲོད་ཀྱི་སྐབས་སུ་སྒྲིབ་པ་ལྔ་དང་མི་འགྲོགས་ཞེས་པའི་སྒྲིབ་པ་ལྔ་ནི། ཚུལ་ཕུང་གི་བར་གཅོད་འདོད་པའི་ཡོན་ཏན་ལ་སྲེད་པའི་འདུན་པ་དང་གཞན་ལ་ཞེ་སྡང་བའི་གནོད་སེམས་ཀྱི་སྒྲིབ་པ་གཉིས། ཤེས་རབ་ཀྱི་ཕུང་པོའི་བར་གཅོད་སེམས་ཡུལ་ལ་སྡུད་པའི་གཉིད་དང་། སེམས་ལས་སུ་མི་རུང་བར་བྱེད་པའི་རྨུགས་པའི་སྒྲིབ་པ་སྟེ་གཅིག་དང་། ཏིང་ངེ་འཛིན་གྱི་ཕུང་པོའི་བར་གཅོད་ཡུལ་སྡུག་པ་ལ་མ་ཞི་བ་རྒོད་པ་དང་ཡིད་ལ་གཅགས་པའི་རྣམ་པར་སྣང་བའི་འགྱོད་པའི་སྒྲིབ་པ་སྟེ་གཅིག་དང་། བདེན་པ་ལ་ཐེ་ཚོམ་ཟ་བའི་སྒྲིབ་པ་སྟེ། སྒྲིབ་པ་ལྔ་པོ་འདི་དག་ནི་འདོད་ཁམས་ན་ཡོད་ཅིང་གཉིད་རྨུགས་དང་རྒོད་འགྱོད་གཉིས་གཉིས་ཡོད་ཀྱང་གཅིག་ཏུ་བྱས་པའི་རྒྱུ་མཚན་ནི། མི་མཐུན་པའམ། གཉེན་པོ་དང་། ཟས་དང་། བྱ་བ་རྣམས་གཅིག་ཡིན་པས་དེ་ལྟར་བཤད་དེ། །དང་པོ་གཉིས་ཀྱི་གཉེན་པོ་ནི་སྣང་བའི་འདུ་ཤེས་སོ། །ཟས་ནི་ལྔ་སྟེ། བརྙང་བ་དང་། མི་དགའ་བ། བྱ་རྨྱངས། ཁ་ཟས་ཀྱི་དྲོད་མི་ཟིན་པ། སེམས་ཞུམ་པའོ། །བྱ་བ་ནི་གཉིས་ཀས་ཀྱང་སེམས་ནང་དུ་ཞུམ་པར་བྱེད་པའོ། །ཕྱི་མ་གཉིས་ཀྱི་གཉེན་པོ་ནི་ཞི་གནས་སོ། །ཟས་ནི་བཞི་སྟེ་ཉེ་དུའི་ཡུལ་གྱི་མི་འཆི་བའི་རྣམ་རྟོག་དང་། སྔོན་རྩེས་པ་དགོད་པ་དགའ་མགུར་སྤྱད་པ་རྣམས་དྲན་པའོ། །བྱ་བ་ནི་གཉིས་ཀས་ཀྱང་སེམས་མ་ཞི་བར་བྱེད་པའོ། །དེ་སྐད་དུ་ཡང་། འདོད་ན་སྒྲིབ་རྣམས་མི་མཐུན་དང་། །ཟས་དང་བྱ་བ་གཅིག་པའི་ཕྱིར། །གཉིས་གཅིག་ཕུང་པོ་གནོད་བྱེད་དང་། །ཐེ་ཚོམ་ཕྱིར་ན་ལྔ་ཉིད་དོ། །ཞེས་སོ། །གཉིས་པ་མཐོང་ལམ་པའི་རྟགས་ལས་འཕྲོས་པ་ལ་གསུམ། དང་པོ་ཡང་དག་པའི་འཚོ་བའི་བཟློག་ཟླ་ལོག་འཚོ་ལྔ་ནི། རིན་ཆེན་ཕྲེང་བ་ལས། ཚུལ་འཆོས་རྙེད་དང་བཀུར་སྟིའི་ཕྱིར། །དབང་པོ་སྡོམ་པར་བྱེད་པ་སྟེ། །ཁ་གསག་རྙེད་དང་བཀུར་སྟིའི་ཕྱིར། །ཚིག་འཇམ་སྔར་ནི་སྨྲ་བའོ། །གཞོག་སློང་དེ་ནི་ཐོབ་བྱའི་ཕྱིར། །གཞན་གྱི་རྫས་ལ་བསྔགས་བྱེད་པའོ། །ཐོབ་ཀྱིས་འཇལ་བ་རྙེད་པའི་ཕྱིར། །མངོན་སུམ་གཞན་ལ་སྨོད་བྱེད་པའོ། །རྙེད་པས་རྙེད་པ་རྣམས་འདོད་པ། །སྔར་ཐོབ་པ་ལ་བསྔགས་བྱེད་པའོ། ། ཞེས་པ་ལྟར་རོ། །གཉིས་པ་འགོག་བདེན་གྱི་རྣམ་པའི་སྐབས་སུ་དགག་བྱ་དབང་པོའི་མཐའ་དཔྱད་པ་ལ་གཉིས། དགག་བྱའི་ངོ་བོ། ཁམས་གང་དུ་འགོག་ཚུལ་ལོ། །དང་པོ་དགག་བྱའི་ངོ་བོ་ལ་བཞི། དབང་པོ་དབང་རྟེན་དབང་ཡུལ་བདག་ཏུ་ཞེན་པའོ། །དང་པོ་དབང་པོ་ལ་གསུམ། སོ་སོའི་ངོ་བོ། གྲངས་ངེས་པའི་རྒྱུ། །ཐ་མ་གསུམ་གྱིས་ས་མཚམས་སོ། །དང་པོ་སོ་སོའི་ངོ་བོ་ནི། དབང་པོ་ཉེར་གཉིས་ལས། མིག་ནས་ཡིད་ཀྱི་བར་དྲུག་ནི་ཡུལ་ལྔ་སོ་སོ་དང་ཡུལ་དྲུག་བསྡོམས་པ་ལ་དམིགས་པ་དང་། ཕོ་མོ་གཉིས་ནི་དེ་གཉིས་ཀྱི་ངོ་བོ་དང་ཁྱད་པར་དང་། སྲོག་གིས་ནི་སྐྱེས་ནས་མ་ཤིའི་བར་དུ་ཕུང་པོ་རིས་མཐུན་གནས་པ་དང་། ཚོར་བ་བདེ་བ་ཡིད་བདེ་སྡུག་བསྔལ་ཡིད་མི་བདེ་བཏང་སྙོམས་ཏེ་ལྔ་ནི། དང་པོ་གཉིས་ལས་འདོད་ཆགས་ དང་། དེ་ནས་གཉིས་ལས་ཞེ་སྡང་དང་། ཐ་མ་ལས་མ་རིག་པ་འབྱུང་བས་ཀུན་ཉོན་དང་། དད་པ་ནས་ཤེས་རབ་ཀྱི་བར་རྣམ་པ་ལྔས་འཇིག་རྟེན་པའི་རྣམ་བྱང་དང་། ཐ་མ་གསུམ་ནི་ཕྱི་མ་གཉིས་དང་ལྷག་མེད་ཀྱི་མྱང་འདས་ཐོབ་པ་དང་། མཐོང་སྤང་དང་སྒོམ་སྤང་སྤོང་བ་དང་། མཐོང་ཆོས་ལ་བདེར་གནས་ལ་དབང་བྱེད་པའི་དོན་གྱིས་དབང་པོར་བཞག་གོ །དེ་ལ་ཡང་དང་པོ་བཅུ་བཞི་ལ་ཀུན་ཉོན་དང་ཐ་མ་བརྒྱད་ལ་རྣམ་བྱང་གི་དབང་པོ་ཞེས་བྱའོ། །འོན་ཀྱང་ངེས་པ་ནི་མེད་དེ། གཞན་དུ་ན་ཡིད་དང་ཚོར་བ་གསུམ་ལ་འདས་ལམ་མེད་པར་ཐལ་ལོ། ། དད་སོགས་ལྔ་ལ་ཡང་ཕལ་ཆེ་བས་འཇིག་རྟེན་པར་བཤད་ཀྱི་མ་ངེས་པའི་རྒྱུ་མཚན་ནི་སྔར་ལྟར་རོ། །དེ་དག་ལས་དྲུག་ནི་བཏགས་པ་དང་། ལྷག་མ་ནི་རྗེས་སུ་ཡོད་དེ། ཕོ་མོའི་གཉིས་ལུས་དབང་གི་ཆ་དང་། སྲོག་ཕུང་པོའི་རྒྱུན་གྱི་གནས་སྐབས་དང་། ཐ་མ་གསུམ་དད་སོགས་ཀྱི་ཆ་ལ་བཏགས་པས་རྫས་གུད་པ་མེད་དོ། །གཉིས་པ་གྲངས་ངེས་པའི་རྒྱུ་ནི། འཁོར་བར་འཇུག་པ་པོའི་རྟེན་དང་། དེ་གསར་དུ་སྐྱེ་བ་དང་། གནས་པ་དང་། བདེ་སྡུག་གི་འབྲས་བུ་ཉེ་བར་ལོངས་སྤྱོད་པའི་དབང་དུ་བྱས་ནས་དྲུག་དང་གཉིས་དང་གཅིག་དང་ལྔ་བཞག་ལ། མྱང་འདས་སུ་ཡང་དེ་ལྟར་བཞིའི་དབང་དུ་བྱས་ནས་ལྔ་དང་གཅིག་དང་གཅིག་ཏུ་ངེས་སོ། ། གསུམ་པ་ཐ་མ་གསུམ་གྱི་ས་མཚམས་ནི་མཛོད་ལྟར་ན། མཐོང་ལམ་གྱི་དད་སོགས་ལྔ་བདེ་བ་ཡིད་བདེ་བཏང་སྙོམས་ཡིད་དང་དགུ་ཟག་མེད་དུ་སྐྱེས་པ་ལ་མི་ཤེས་པ་ཀུན་ཤེས་པའམ། ཀུན་ཤེས་བྱེད་པའི་དབང་པོ་དང་། དེ་བཞིན་དུ་སྒོམ་ལམ་ལ་ཀུན་ཤེས་པའི་དབང་པོ། མི་སློབ་ལམ་དུ་ཀུན་ཤེས་ལྡན་པའི་དབང་པོའམ། ཀུན་ཤེས་བསྲུང་བའི་དབང་པོའོ། །དེ་ཡང་གསུམ་ཀ་འདས་ལམ་ལ་བཞག་ཅིང་ཟག་མེད་ཁོ་ནར་འཆད་དེ་ཉི་སྣང་ཡང་དེ་ལྟར་རོ། །ཀུན་བཏུས་ལྟར་ན་དང་པོ་སྦྱོར་ལམ་དང་མཐོང་ལམ་གྱི་སྐད་ཅིག་བཅོ་ལྔ་དང་། གཉིས་པ་བཅུ་དྲུག་པ་ནས་བཟུང་སློབ་ལམ་ཐམས་ཅད་དང་། གསུམ་པ་མི་སློབ་པའི་ལམ་ལ་བཞག་གོ ། འདི་གཉིས་ཀྱང་མཛོད་པ་སྐད་ཅིག་མ་བཅོ་ལྔ་མཐོང་ལམ་དང་། བཅུ་དྲུག་པ་སྒོམ་ལམ་དུ་འདོད་པས་དང་པོའི་མཚམས་སྦྱོར་ལམ་ནས་བཟུང་མ་བཟུང་མ་གཏོགས་འདྲའོ། །ཀུན་བཏུས་འགྲེལ་པར་དང་པོ་གཉིས་ཀྱི་གདགས་གཞི་ལ་ཡིད་མི་བདེ་བ་ཡང་བགྲང་ངོ་། །ཉི་ཁྲི་ལས། སློབ་པའི་གང་ཟག་མངོན་པར་རྟོགས་པར་མ་གྱུར་བའི་དད་སོགས་དང་པོ་དང་། སློབ་པའི་གང་ཟག་ཀུན་ཤེས་པ་དང་ལྡན་པ་རྣམས་ཀྱི་དད་སོགས་གཉིས་པ་དང་། མི་སློབ་པའི་གང་ཟག་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་ གཤེགས་པ་རྣམས་ཀྱི་དད་སོགས་གསུམ་པར་བཤད་ཅིང་། དེའི་དོན་དང་པོ་ཉན་ཐོས་ཀྱི་རྒྱུན་ཞུགས་ཞུགས་པ་དང་བྱང་སེམས་མོས་སྤྱོད་པ། གཉིས་པ་ནི་རྒྱུན་ཞུགས་འབྲས་གནས་དང་། བྱང་སེམས་ས་དང་པོ་ཡན་ཆད། གསུམ་པ་ནི་ཉན་རང་དགྲ་བཅོམ་པ་དང་། ས་བཅུ་པ་དང་། དེ་བཞིན་གཤེགས་པ་ལ་གནོད་འཇོམས་ཀྱིས་བཤད། བསྡུ་བ་ལས་ནི་དང་པོ་སྦྱོར་ལམ། གཉིས་པ་མཐོང་སྒོམ། གསུམ་པ་མི་སློབ་ལམ་དུ་བཤད་དོ། །འོན་ཀྱང་དང་པོ་ལ་ཟག་བཅས་དང་ཟག་མེད་གཉིས་ཀ་ཡོད་པར་བཤད་པས་སྦྱོར་ལམ་ནས་བཞག་ཀྱང་སྐད་ཅིག་བཅོ་ལྔའི་བར་ལ་བྱའོ། །ཐེག་ཆེན་གྱི་དབང་དུ་བྱས་ན་དང་པོ་མོས་སྤྱོད། གཉིས་པ་ས་བཅུ། གསུམ་པ་དེ་བཞིན་གཤེགས་པ་ལ་མངའ་བར་ཡང་དེ་ལས་བཤད་དོ། །གཉིས་པ་དབང་རྟེན་ནི། འབྱུང་བ་བཞི་དང་འབྱུང་གྱུར་གྱི་གཟུགས་སོགས་དབང་པོ་དང་ཐ་མི་དད་དུ་འཇུག་པ་རྣམས་སོ། །གསུམ་པ་དབང་ཡུལ་ནི་ཡུལ་དྲུག་གོ །བཞི་པ་བདག་ཏུ་ཞེན་པ་ནི། བདག་འཛིན་དང་། དེའི་འཁོར་བདག་གི་བར་འཛིན་པ་སྟེ་འདི་གཉིས་གཅིག་ཏུ་མཛད་དོ། །འདི་གཉིས་ལ་རྒྱལ་བློན་དུ་གསུངས་པ་ནི་བདག་དང་བདག་གི་བ་ལ་དབང་སྒྱུར་བྱེད་དང་། སྒྱུར་ས་རུ་རྟོག་པ་ཡོད་པ་ལ་དགོངས་སོ། །གཉིས་པ་གང་དུ་འགོག་ཚུལ་ནི་འདོད་པ་ན་དགག་བྱ་ཀུན་ཉོན་གྱི་དབང་པོ་བཅུ་བཞི་ཡོད་ལ། གཟུགས་ན་དེ་ལས་ཕོ་མོའི་དང་སྡུག་བསྔལ་དང་ཡིད་མི་བདེ་བ་མེད་པས་བཅུ་དང་། གཟུགས་མེད་ན་དེ་ལས་གཟུགས་ཅན་ལྔ་དང་བདེ་བ་ཡིད་བདེ་རྣམས་དོར་ནས་སྲོག་ཡིད་བཏང་སྙོམས་རྣམས་ཡོད་པས་དེ་དག་འགོག་གོ །དབང་རྟེན་དང་དབང་ཡུལ་ལ་འདོད་ན་ཐམས་ཅད་ཡོད་ལ་གཟུགས་ན་དྲི་རོ་གཉིས་དོར་བ་དང་། གཟུགས་མེད་ན་དབང་ཡུལ་ལ་ཆོས་གཅིག་པུ་དང་། དབང་རྟེན་ནི། མཛོད་ལས། དེར་ནི་རིས་དང་སྲོག་ལ་ཡང་། །སེམས་ཀྱི་རྒྱུན་ནི་བརྟེན་པ་ཡིན། །ཞེས་རིགས་མཐུན་དང་སྲོག་རྣམས་འགོག་པར་འགྲེལ་ཆེན་གཉིས་དང་རྣམ་འགྲེལ་ལས་སོ། །འོན་ཀྱང་འདི་གཉིས་ལ་བརྟེན་པ་ནི་བྱེ་སྨྲའི་འདོད་པ་ཡིན་པས་མཛོད་འགྲེལ་དུ་བཀག་གོ །བདག་དང་བདག་གི་བ་ཡང་ཁམས་གསུམ་ཆར་ན་ཡོད་དོ། །ཁ་ཅིག་ཡུལ་མི་འགོག་པར་ཡུལ་ཅན་ལ་ཞེན་པ་ཙམ་འགོག་པར་འདོད་ཀྱང་། བདག་དང་བདག་གི་བ་ལ་ནི་ཞེན་པ་ཡིན་ལ། ལྷག་མ་ལ་ནི་ཞེན་པ་དང་ཟག་བཅས་ཀྱི་དབང་སོགས་ཀྱི་ངོ་བོ་གཉིས་ཀ་འགོག་སྟེ་འགྲེལ་པ་རྣམས་སུ་ཡང་དབང་སོགས་འགོག་པར་གསུངས་པ་དང་། མཐོང་ལམ་ཐོབ་པ་ན་ངན་སོང་བའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྤངས་པར་གསུངས་པས་སོ། །གསུམ་པ་རྟགས་སུ་འགྲོ་རྒྱུ་མཉམ་གཞག་དང་རྗེས་ཐོབ་གང་ཡིན་ཞེ་ན། གཟུང་འཛིན་དུ་སྣང་ཡང་དེར་མངོན་པར་མ་ཞེན་པའི་རྣམ་པ་ཅན་ཡིན་པས་དག་པ། མཉམ་གཞག་ལས་ལངས་རྗེས་ཀྱི་སེམས་ཀྱིས་བསྡུས་པས་འཇིག་རྟེན་པ། མཉམ་གཞག་རང་དང་དམིགས་རྣམ་རྗེས་སུ་མཐུན་པའི་འབྲས་བུ་གང་ཟག་གཞན་གྱི་རྟོགས་པའི་ཡུལ་དུ་གྱུར་པའི་ལུས་ངག་གི་ཐ་སྙད་བཅུ་དྲུག་པོའོ། །འོ་ན་དེ་འདྲའི་སྐད་ཅིག་བཅུ་དྲུག་ཅེས་མཉམ་གཞག་གི་ཡེ་ཤེས་ཉིད་རྟགས་སུ་བཤད་པ་འགལ་ཞེ་ན། སྐྱོན་མེད་དེ། བཟོད་པ་དང་ཤེས་པས་བསྡུས་པའི་སྐད་ཅིག་མ་བཅུ་དྲུག་པོ་འདི་རྣམས་ཡང་དག་པར་རྫོགས་པར་ཐོབ་པ་ན། གཟུགས་ལ་སོགས་པའི་འདུ་ཤེས་ལྡོག་པ་དང་ཆོས་ཀྱི་དོན་དུ་སྲོག་གཏོང་བའི་བར་གྱི་རྗེས་ཐོབ་ཀྱི་ཐ་སྙད་བསྐྱེད་པའི་ཕྱིར་ན་འབྲས་བུ་ལ་རྒྱུ་མིང་གིས་བཏགས་ པའོ། །དེ་ལྟར་རྗེས་ཀྱི་ཀུན་སྤྱོད་བཅུ་དྲུག་ལ་མཉམ་གཞག་གི་ཡེ་ཤེས་བཅུ་དྲུག་གིས་མིང་གིས་བཏགས་ནས་རྟགས་སུ་བཤད་པའི་ཆོས་གསུམ་ལས། འདོགས་པའི་རྒྱུ་མཚན་ནི་འདྲ་འབྲེལ་གཉིས་ལས། །འབྲེལ་བ་རྒྱུ་མཚན་དུ་བྱས་པ་སྟེ། མཉམ་གཞག་གི་འབྲས་བུ་ཡིན་པས་སོ། །བཏགས་པའི་དགོས་པ་ནི། རྣལ་འབྱོར་པ་འཕགས་པ་རྣམས་ཀྱི་ལུས་ངག་གི་ཐ་སྙད་ནི་རྣམ་པ་ཐམས་ཅད་དུ་མཉམ་གཞག་གི་རྟོགས་པ་དང་མཐུན་པ་ཁོ་ན་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་རོ། །དེ་གཉིས་རྗེས་སུ་མཐུན་པར་ངེས་སམ་ཞེ་ན། དཔུང་བཟང་གིས་ཞུས་པ་ལས། གང་གི་རང་བཞིན་ཆགས་སྡང་དང་བྲལ་ཡང་། །ཆགས་སེམས་ཅན་ལ་ཆགས་པ་ལྟར་སྟོན་དང་། །གདུག་པ་འདུལ་ཕྱིར་ཁྲོ་ལ་ཁྲོར་སྟོན་པ། །བྱང་ཆུབ་མཆོག་གནས་དེ་ལ་ཕྱག་ འཚལ་ལོ། །ཞེས་པ་ལྟར་ཆགས་སྡང་ཅན་གྱི་སེམས་ཅན་འགའ་ཞིག་འདུལ་བའི་དགོས་དབང་ངམ་ཆེད་དུ་མི་མཐུན་པར་སྟོན་པ་མ་གཏོགས་པ་གཞན་ཐམས་ཅད་དུ་ངེས་སོ། ། དངོས་ལ་གནོད་བྱེད་ནི། རྗེས་ཐོབ་ལ་ཡེ་ཤེས་བཅུ་དྲུག་གི་མིང་གིས་ཉེ་བར་བཏགས་ནས་རྗེས་ཐོབ་རྟགས་སུ་བཤད་པ་དེ་ལྟར་མ་ཡིན་པར་སྒྲ་ཇི་བཞིན་པའི་མཉམ་གཞག་དངོས་རྟགས་སུ་བཤད་པ་ཡིན་ན། མཐོང་ལམ་པའི་མཉམ་གཞག་གང་ཟག་གཞན་ངོར་མཐོང་ལམ་པ་ཕྱིར་མི་ལྡོག་ཏུ་ཡིད་ཆེས་པར་བྱེད་པའི་རྟགས་མ་ཡིན་པར་ཐལ། མཐོང་ལམ་པའི་མཉམ་གཞག་དངོས་ཡིན་པས་སོ། །ཁྱབ་པ་ཡོད་དེ། རྣལ་འབྱོར་པ་འཕགས་པའི་རྒྱུད་ཀྱི་ཤེས་བཟོད་ཀྱི་སྐད་ཅིག་མ་རྣམས་རྣལ་འབྱོར་པ་སོ་སོ་རང་གིས་རིག་གིས་གཞན་གྱིས་མི་རིག་པས་སོ། །གསུམ་པ་སྒོམ་ལམ་པའི་རྟགས་ལས་འཕྲོས་པ་ནི། སྒོམ་ལམ་པ་ཕྱིར་མི་ལྡོག་གི་རྟགས་ནི་ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་དེ། དེ་དག་ནི་དོན་ལ་མི་འགལ་ཡང་མངོན་ཞེན་ཅན་གྱི་ངོ་བོར་སྐྱེ་བ་སོགས་དེ་དག་ཕན་ཚུན་འགལ་བས་དོན་སྒྲུབ་པ་སྟེ་འགལ་བ་འདུས་པ་ལྟར་སྣང་བས་ཟབ་པ་ཉིད་ཡིན་ལ། བརྒྱད་མཉམ་གཞག་ཏུ་རྟོགས་པ་དང་རྗེས་སུ་མཐུན་པའི་རྗེས་ཀྱི་ཐ་སྙད་ནི། སྒོམ་ལམ་པ་ཕྱིར་མི་ལྡོག་གི་རྟགས་ཡིན་ཏེ། མཐོང་ལམ་པ་ལ་བཤད་པ་ལྟར་རོ། །སྒོམ་ལམ་པས་དེ་དག་མི་འགལ་བར་རྟོགས་པ་ཅི་ཞེ་ན། མཐར་འཛིན་ཅན་གྱིས་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་ཐོབ་པའི་སྒོ་ནས་རྟོགས་པ་ཡིན་ནོ། །གསུམ་པ་གང་ཟག་དེའི་སྒོམ་རིམ་ལ་གསུམ། བརྟེན་པ་སངས་རྒྱས་ཐོབ་པར་བྱེད་པ། རྟེན་ཞིང་གཉིས་དག་པར་བྱེད་པ། སངས་རྒྱས་ཀྱི་ཞིང་དེར་དོན་མཛད་པའི་རྒྱུའོ། །དང་པོ་བརྟེན་པ་སངས་རྒྱས་ཐོབ་པར་བྱེད་པ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ནི། འཁོར་བ་མི་མཐུན་པ་དང་རྣམ་པར་བྱང་བ་གཉེན་པོའི་ཕྱོགས་གཉིས་སྣང་བརྙན་ནམ་གཟུགས་བརྙན་ཙམ་གྱི་ ངོ་བོར་བསྒོམ་པས་སྣང་ཡང་རང་བཞིན་མེད་པ་རྨི་ལམ་དང་འདྲ་བ་ཉིད་དུ་རྟོགས་པའི་ཕྱིར་འཁོར་འདས་དག་ལ་བླང་དོར་ཐ་དད་པ་ཉིད་དུ་རྣམ་པར་མི་རྟོག་པས་ན་སྲིད་ཞི་མཉམ་པ་ཉིད་དེ། དབུ་མའི་རྩ་བ་ལས། མྱ་ངན་འདས་མཐའ་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །དེ་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་སོ། ། གཉིས་པ་རྟེན་ཞིང་གཉིས་དག་པར་བྱེད་པ་ཞིང་དག་སྦྱོར་ནི། རང་ཉིད་སངས་རྒྱས་པའི་སེམས་ཅན་གྱི་འཇིག་རྟེན་དག་པར་སྒྲུབ་པ་དང་དེ་བཞིན་དུ་སྣོད་ཀྱི་འཇིག་རྟེན་ཚེར་མ་སོགས་ཀྱིས་མ་དག་པ་ལ་དེར་དག་པར་སྒྲུབ་པའི་སངས་རྒྱས་ཞིང་དག་པ་གཉིས་ཏེ། འཇིག་རྟེན་དགོན་པའི་ལམ་དང་མུ་གེ་ནད་བཅས་པར། །མཐོང་ནས་སྐྲག་པ་མེད་ཅིང་དེ་ནས་གོ་གྱོན་ཏེ། །ཕྱི་མའི་མུ་མཐར་རྟག་ཏུ་བརྩོན་ཞིང་རབ་ཤེས་ནས། །ཡོངས་སུ་སྐྱོ་བའི་ཡིད་ནི་རྡུལ་ཙམ་སྐྱེད་མི་བྱེད། །ཅེས་ཏེ་དགོན་པ་ནི་ཆུ་དང་མུ་གེའི་དགོན་པའོ། །གསུམ་པ་སངས་རྒྱས་ཀྱི་ཞིང་དེར་དོན་མཛད་པའི་རྒྱུ་ཐབས་ལ་མཁས་པའི་སྦྱོར་བ་ལ་གསུམ། སྦྱོར་བའི་ཡུལ། ཡུལ་ཅན་སྦྱོར་བའི་ངོ་བོ། སོ་སོའི་དབྱེ་བའོ། །དང་པོ་སྦྱོར་བའི་ཡུལ་ནི། ཉི་སྣང་དང་ལེ་བརྒྱད་ མར་རྣམ་ཐར་གསུམ་དང་། བྱང་ཕྱོགས་སྡེ་ཚན་བདུན་ཏེ་བཅུ་དང་། ལེ་མང་དུ་མཐར་གནས་དགུ་དང་སྟོབས་དང་མ་འདྲེས་སོགས་ཡུལ་དུ་གསུངས་སོ། །གཉིས་པ་ཡུལ་ཅན་སྦྱོར་བའི་ངོ་བོ་ནི། གང་གི་ཚེ་བྱང་ཆེན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་སོ་སོར་རྟོག་པ་ན་མངོན་དུ་བྱའོ་སྙམ་དུ་རྣམ་པར་རྟོག་པར་མི་བྱེད་ཅིང་། མངོན་དུ་བྱ་བ་ཡིན་ནོ་སྙམ་དུ་རྟོག་པར་མི་བྱེད་ཀྱི་ཡོངས་སུ་འདྲིས་པར་བྱའོ་སྙམ་དུ་སོ་སོར་རྟོག་སྟེ། ཞེས་སོ། །དོན་ནི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ལ་འདྲིས་པར་བྱེད་ཀྱང་། སྙིང་རྗེས་དེ་དག་གི་འབྲས་བུ་རང་དོན་མངོན་དུ་མི་བྱེད་པས་མཐའ་གཉིས་ལ་མི་གནས་པའི་ཉམས་ལེན་སྔར་བཤད་པ་ཡུལ་དུ་ཡོད་པ་ཅན་གྱི་སྦྱོར་བ་སྟེ། མཉམ་པར་མ་བཞག་སེམས་ཅན་ཁམས་ལ་སྙིང་རྗེ་འཇུག །བར་སྐབས་དེར་ཡང་སངས་རྒྱས་ཆོས་ལས་ཡོངས་མི་ཉམས། །ཞེས་སོ། །གསུམ་པ་སོ་སོའི་དབྱེ་བ་ནི། ཐབས་ལ་མཁས་པའི་སྦྱོར་བ་རྣམ་པ་བཅུ་ཡོད་དོ། །དེ་གང་ནི། བདུད་བཞི་དང་ས་གཉིས་ཀྱི་དགྲ་ལས་འདས་པའི་ཐབས་མཁས་ནི། སྦྱོར་བའི་བར་ཆད་ཀྱི་ཆོས་ལས་ཡང་དག་པར་བརྒལ་བ་སྟེ། །དེ་བཞིན་དེ་ཚེ་བྱང་ཆུབ་སེམས་དཔའ་མཁས་པ་ཡང་། །སེམས་ཅན་ཁམས་རྣམས་ཀུན་ཏུ་སྙིང་རྗེ་ཆེ་སྐྱེད་ཅིང་། །བདུད་བཞི་དག་དང་ས་གཉིས་ལས་ཀྱང་རབ་འདས་ནས། །ཏིང་འཛིན་མཆོག་ལ་གནས་ཤིང་བྱང་ཆུབ་རེག་མི་བྱེད། །ཅེས་སྐྱེས་བུ་སྒྱུ་རྩལ་མ་ལུས་པ་ལ་བྱང་བ་ཞིག་འབྲོག་དགོན་པར་ཆས་པ་ན། ཕས་ཀྱི་རྒོལ་བ་ཐམས་ཅད་ལས་འདའ་བའི་དཔེས་གསུངས་སོ། །ཉི་སྣང་ལས། བྱང་སེམས་བདག་ཉིད་ཀྱིས་བཟུང་བའི་སེམས་ཅན་རྣམས་བར་ཆད་ལས་འདའ་བར་བྱེད་པ་ལ་གསུངས་སོ། །འདིར་བདུད་བཞིའི་མཐའ་ཅུང་ཟད་དཔྱད་ན། ངོ་བོ་ངོས་བཟུང་བ། བཞིར་འཇོག་པའི་རྒྱུ་མཚན། གང་ནས་འཇོག་པའི་ཚུལ་གསུམ་གྱིས་རིག་པར་བྱའོ། །དང་པོ་ངོ་བོ་ངོས་བཟུང་བ་ནི། ཉན་ས་ལས། དེ་ལ་ཕུང་པོའི་བདུད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །ཉོན་མོངས་པའི་བདུད་ནི་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་སོ། །འཆི་བའི་བདུད་ནི་སེམས་ཅན་གྱི་རིས་དེ་དང་དེ་དག་ནས་འཆི་བའི་དུས་བྱེད་པ་གང་ཡིན་པའོ། །ལྷའི་བུའི་བདུད་ནི་ཕུང་པོ་དང་ཉོན་མོངས་ པ་དང་འཆི་བདག་གི་བདུད་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་དགེ་བའི་ཕྱོགས་ལ་རབ་ཏུ་བརྩོན་པ་དེ་ལ་བར་ཆད་བྱ་བ་དང་རྣམ་པར་གཡེང་བར་བྱ་བའི་ཕྱིར་འདོད་པའི་ཁམས་ སུ་སྐྱེས་པའི་ལྷའི་བུ་དབང་ཕྱུག་ཐོབ་པ་དག་ཉེ་བར་འོང་བ་གང་ཡིན་པ་སྟེ། དེ་ནི་ལྷའི་བདུད་ཅེས་བྱའོ། །ཞེས་པ་ལྟར་རོ། །གཉིས་པ་བཞིར་འཇོག་པའི་རྒྱུ་མཚན་ནི། ཅིའི་ཕྱིར་བདུད་བཞིར་བཞག་ཅེ་ན། འཆི་བའི་དབང་དུ་བྱས་ནས་དེ་བཞིར་བཞག་སྟེ། དེ་ཡང་གང་དུ། གང་གིས་འཆི་བ། འཆི་བའི་ངོ་བོ། འཆི་བ་ལས་མི་འདའ་བར་བྱེད་པ་སྟེ། ཕུང་པོ་ལྔ་སྐྱེས་ཤིང་འབྱུང་བ་དག་ཏུ་དང་། ཉོན་མོངས་ཀྱིས་སྐྱེ་བ་ཕྱི་མར་སྐྱེ་བ་ལེན་ཞིང་སྐྱེས་ནས་འཆི་བ་དང་། སེམས་ཅན་རྣམས་ཀྱི་འཚོ་བའི་དབང་པོ་འགག་པ་དང་། འཆི་བ་ལས་འདའ་བའི་ཕྱིར་བརྩོན་པ་ལ་གཏན་འདའ་མི་ནུས་པར་བྱེད་པའམ་དུས་རིང་པོས་འདའ་བར་བྱེད་པའོ། ། གསུམ་པ་གང་ནས་འཇོག་པའི་ཚུལ་ནི། ཉོན་མོངས་པའི་བདུད་ས་བརྒྱད་པ་ནས་མེད་ལ། འཆི་བའི་བདུད་ལ་ལས་ཉོན་གྱི་དབང་གིས་འཆི་བ་ས་དང་པོ་ནས་མེད་ཀྱང་ཡིད་ལུས་ཀྱི་འཆི་འཕོ་བ་སངས་རྒྱས་མ་ཐོབ་བར་དུ་མི་ལྡོག་པས་འཆི་བའི་བདུད་དང་ཕུང་པོའི་བདུད་སངས་རྒྱས་མ་ཐོབ་བར་དུ་དང་། ལྷའི་བུའི་བདུད་ཀྱང་དེ་གསུམ་ལས་འདའ་བ་ལ་བར་ཆད་བྱེད་པས་ཇི་སྲིད་དེ་གསུམ་འཇུག་པ་དེ་སྲིད་དུ་ཡོད་དོ། །རྒྱུད་བླར་ཡང་། འཚེ་མེད་ཞི་བའི་གནས་ཐོབ་ལ། །འཆི་བདུད་རྒྱུ་བ་མེད་པའི་ཕྱིར། །ཞེས་ཐུབ་པའི་ཆོས་སྐུ་རྟག་པའི་སྒྲུབ་བྱེད་དུ་གསུངས་སོ། །འདི་དག་གི་བག་ལ་ཉལ་ནི་བྱང་ཆུབ་ཐོབ་པ་དང་མཉམ་དུ་ཅིག་ཆར་དུ་བཅོམ་པར་ཤེས་པར་བྱའོ། །གནོད་འཇོམས་ཆེ་བར། འདོད་པའི་ཟག་པ་སྤངས་བས་ལྷའི་བུའི་བདུད་ཆོམས་སོ། །སྲིད་པའི་ཟག་པ་སྤངས་པས་འཆི་བའི་བདུད་ཆོམས་སོ། །མ་རིག་པའི་ཟག་པ་སྤངས་པས་ཉོན་མོངས་པའི་བདུད་ཆོམས་སོ། །ལྟ་བའི་ཟག་པ་སྤངས་པས་ཕུང་པོའི་བདུད་ཆོམས་ཏེ་བདུད་བཞི་ལས་རྒྱལ་བ་ཟག་པ་ཟད་པ་ཞེས་འབྱུང་བ་ནི་གཞན་རྣམས་དང་མི་མཐུན་ནོ། །འདིར་སྦྱོར་བ་ལ་བདུད་བཞི་བཅོམ་པར་བཤད་པ་ནི་རགས་པ་དང་ཕྱོགས་རེ་ལ་དགོངས་སོ། །མི་གནས་པར་གནས་པའི་ཐབས་མཁས་ནི། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྣམ་པར་བསྒོམ་པས་འཁོར་འདས་ཀྱི་མཐའ་ལ་མ་ཞེན་པའི་ཚུལ་གྱིས་གནས་པ་སྟེ། བར་སྣང་འཕུར་བའི་བྱ་ལ་གནས་ཡོད་མ་ཡིན་ཏེ། །དེ་ན་གནས་པ་མ་ཡིན་ས་ལ་ལྷུང་མི་འགྱུར། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམ་ཐར་སྒོར་སྤྱོད་པ། །མྱ་ངན་འདས་ལ་མི་རེག་མཚན་མར་སྤྱོད་མ་ཡིན། །ཞེས་སོ། །གདུལ་བྱ་གཞན་གྱི་དོན་སྔོན་གྱི་སྨོན་ལམ་ཇི་ལྟར་བཏབ་པའི་ཤུགས་ཀྱིས་འཕངས་པ་ལྟར་བྱེད་པ་ནི། སྨོན་ལམ་གྲུབ་པ་སྟེ། རྣམ་པ་ཐམས་ ཅད་དུ་གཞན་གྱི་དོན་ལ་གོ་ཆ་བགོས་ནས་དགེ་རྩ་མ་རྫོགས་པར་ཡང་དག་མཐའ་མངོན་དུ་མི་བྱེད་པ་སྟེ། དཔེར་ན་འཕོང་བསླབ་སྐྱེས་བུས་གནམ་དུ་མདའ་འཕང་སྟེ། །མདའ་གཞན་དག་གིས་ཕྱི་བཞིན་བརྒྱུད་མར་ལྟོང་བཏེག་ནས། །སྔ་མའི་མདའ་དེ་ས་ལ་ལྟུང་བའི་སྐབས་མི་འབྱེད། །མི་དེ་འདོད་ན་མདའ་དེ་ས་ལ་ལྟུང་བར་འགྱུར། །དེ་ལྟར་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་སྤྱོད་པ། །ཤེས་རབ་ཐབས་སྟོབས་རྫུ་འཕྲུལ་གྱིས་ནི་རྣམ་སྤྱོད་པ། །དེ་དག་དགེ་བའི་རྩ་བ་ཇི་སྲིད་མ་རྫོགས་པ། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་ཐོབ་མི་བྱེད། །ཅེས་སོ། །ཉན་རང་དང་ཐུན་མོང་མ་ཡིན་པ་ནི། སེམས་ཅན་ཐམས་ཅད་བློས་མ་བཏང་བའི་མཐུས་ཡང་དག་མཐའ་མངོན་དུ་མི་བྱེད་པའི་དཀའ་སྤྱད་ཐམས་ཅད་ཤིན་ཏུ་གོམས་པ་སྟེ། །ཇི་སྲིད་དུ་རྣམ་མཁྱེན་དེ་ཉིད་མ་ཐོབ་ཀྱི་བར་དུ་བར་མ་དོར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པར་རིག་པར་བྱའོ། །ཞེས་སོ། །ཆོས་ཐམས་ཅད་ལ་འཛིན་པ་མེད་པ་མ་ཆགས་པ་ནི། བསམ་གཏན་དང་ཕྱོགས་མཐུན་སོགས་ཀྱི་ཆོས་དཀར་བོ་རྣམས་ལ་རྣམ་པར་དག་ཅིང་རོ་མྱང་བ་མེད་པ་སྟེ། བྱང་ཆེན་དེའི་ཚེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་ལྡན་པ་ཡིན་ཏེ་བླ་མེད་རྫོགས་བྱང་དུ་སངས་རྒྱས་ཀྱི་བར་དུ་ཡོངས་སུ་ཉམས་པར་མི་འགྱུར་ཏེ། ཞེས་སོ། །མི་དམིགས་པ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་རྫོགས་པར་སྒོམ་པ་ཉིད་ཀྱིས་སེམས་ཅན་གྱི་བདག་དང་ཆོས་སུ་དམིགས་པ་སྤོང་བ་སྟེ། སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་ཕྱིན་ཅི་ལོག་བཞི་ལ་སྤྱོད་སྤྱོད་པ་རྟག་པར་འདུ་ཤེས་པ་དང་། བདེ་བར་འདུ་ཤེས་དག་བདག་ཏུ་འདུ་ཤེས་པ་དང་། སྡུག་པར་འདུ་ཤེས་པ་ལ་སྤྱོད་པ་ཡིན་གྱིས་དེ་དག་གི་ཕྱིར་བྱང་ཆུབ་ཏུ་སྤྱད་པར་བྱའོ། །ཞེས་སོ། ། མཚན་མ་ཟད་པ་ནི། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་རྫོགས་པར་སྒོམ་པ་ཉིད་ཀྱིས་སེམས་ཅན་གྱི་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མཚན་མར་འཛིན་པ་སྤོང་བར་གནས་པ་སྟེ། སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་མཚན་མ་ལ་སྤྱོད་སྤྱོད་པ་སྟེ་སོགས་ནས་སེམས་ཅན་དེ་རྣམས་ཀྱི་ཉེས་པ་དེ་དག་མེད་པར་བྱའོ་སྙམ་སྟེ། ཞེས་སོ། །སྨོན་ལམ་ཟད་པའམ་དེ་མེད་པ་ནི། རྣམ་པར་ཐར་བའི་སྒོ་སྨོན་པ་མེད་པ་རྫོགས་པར་སྒོམ་པ་ཉིད་ཀྱིས་སེམས་ཅན་རྣམས་ཀྱི་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་སྲེད་པའི་དགའ་བ་སྤོང་བར་གནས་པ་སྟེ། སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་སྨོན་ལམ་ལ་སྤྱོད་སྤྱོད་པ་སྟེ། འདི་ལྟར་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། འཁོར་ལོས་སྒྱུར་བ་ལ་མངོན་པར་དགའོ་སོགས་ནས། ཅི་ནས་སེམས་ཅན་རྣམས་ཀྱི་སྨོན་ལམ་གྱི་ཉེས་པ་དེ་དག་མེད་པར་འགྱུར་བ་དེ་ལྟར་ཆོས་བསྟན་པར་བྱའོ་སྙམ་སྟེ། ཞེས་སོ། །སྔར་བཤད་པའི་ཕྱིར་མི་ལྡོག་པ་དེའི་རྟགས་སམ་དེ་མཚོན་པར་བྱེད་པ་ནི། སྟོང་ཉིད་དང་ཡང་དག་མཐའ་གང་རྟོགས་པས་འབྲས་བུ་ལྔ་མངོན་དུ་བྱེད་པའམ་དེ་གཉིས་ཇི་ལྟར་ན་མངོན་དུ་མི་བྱེད་པ་ཡིན། ཇི་ལྟར་ན་མཚན་མེད་ནས་ དངོས་པོ་མེད་པའི་བར་མངོན་དུ་མི་བྱེད་པར་ཡུམ་སྒོམ་ཞེས་བྱང་སེམས་གཞན་ལ་བྱང་སེམས་གཞན་གྱིས་དྲི་བ་སྔོན་དུ་བཏང་བ་ན། དེའི་ལན་ཕྱིར་མི་ལྡོག་གི་ཆོས་ཡིད་ལ་བྱ་དགོས་ པར་བརྗོད་པ་ལ་མཁས་པ་སྟེ་འདི་སྐད་དུ་ཁྱེད་ཀྱིས་སྟོང་པ་ཉིད་ཁོ་ན་ཡིད་ལ་བྱ། དེ་བཞིན་དུ་སྦྱར་ནས། མཚན་མེད་སྨོན་མེད་མངོན་པར་འདུ་བྱ་བ་མེད་པ་སྐྱེ་བ་མེད་པ། འགག་པ་མེད་པ། ཁྱེད་ཀྱིས་དངོས་པོ་མེད་པ་ཡིད་ལ་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱང་ཡོངས་སུ་མི་གཏང་བར་བྱའོ། །ཞེས་ལུང་སྟོན་པར་བྱེད་ན་རབ་འབྱོར་བྱང་ཆེན་དེ་དག་གིས་བྱང་ཆེན་འདི་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བླ་མེད་རྫོགས་བྱང་དུ་ལུང་བསྟན་པ་ཡིན་ནོ། ། ཞེས་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆེན་གྱིས་ཡོངས་སུ་འདྲིས་པར་བྱ་བ་དེ་བརྗོད་དོ། །དེ་ལུང་སྟོན་ཏོ། །དེ་རབ་ཏུ་འབྱེད་དོ། །ཞེས་དང་། ཁྱེད་ཀྱི་སྟོང་ཉིད་སོགས་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡོངས་སུ་འདྲིས་པར་མི་བྱ་སྟེ་སེམས་ཅན་ཐམས་ཅད་ལ་ཀུན་ཏུ་དམིགས་པར་ཡང་མི་བྱའོ། །ཞེས་ལུང་སྟོན་ན་ལུང་མ་བསྟན་པར་རིགས་པར་བྱའོ། །ཞེས་སོ། །ཚད་མེད་པ་ནི་བྱང་ཆེན་གྱིས་ཐབས་མཁས་ཀྱི་ཡུལ་ཐམས་ཅད་ཤེས་པ་ཉིད་ཀྱིས་ཏེ། འདི་ལྟར་བྱང་ཆེན་གང་ཕྱིར་མི་ལྡོག་པའི་ཡེ་ཤེས་ཀྱི་སར་ལུང་བསྟན་པ་དེ་དག་ནི། རྣམ་པ་དེ་བཞིན་དུ་ལན་ལྡོན་ཏེ་གང་རྣམ་པ་དེ་ལྟར་ལན་ལྡོན་པ་དེ་དག་ནི་དགེ་བའི་རྩ་བ་འབར་བ་སྐྱེད་པར་རིག་པར་བྱའོ། །ཞེས་སོ། །དེ་ལྟར་ཐབས་མཁས་པ་བཅུ་པོ་དེ་ཉམས་སུ་བླང་བའི་ཚུལ་ནི་འཕགས་པའི་བཞེད་པ་སྔར་ལྟར་ལས། འགྲེལ་ཆུང་དང་ཤེར་སྒྲོན་དུ་ཐབས་མཁས་བཅུ་ཉིད་ཡུལ་དུ་བྱས་ནས། དེ་ལ་སེམས་ཅན་འདུལ་བའི་ཕྱིར་མངོན་དུ་བྱ་བའི་དུས་དང་དུས་མ་ཡིན་པར་ཤེས་པ་ལ་བཞེད་དོ། །སྦྱོར་བ་འདི་གསུམ་ཕྱིར་མི་ལྡོག་གི་རྟེན་གྱིས་སྒོམ་པ་གཞུང་གི་རིམ་པ་ལས་འཐོབ་པས་སྦྱོར་བ་འདི་གསུམ་སྦྱོར་ལམ་ནས་བཞག་གོ །དེ་ཡང་གཙོ་བོའི་དབང་དུ་བྱས་ཀྱིས་ཞིབ་ཏུ་དཔྱད་ན་ཚོགས་ལམ་ནས་ཀྱང་བཞག་དགོས་ཏེ། འདི་གསུམ་ནི། ཆོས་རྣམས་སྤྲོས་བྲལ་དུ་སྒོམ་པ་དང་། ཞིང་དག་པར་བྱེད་པ་དང་། སེམས་ཅན་སྨིན་པར་བྱེད་པ་གསུམ་ཡིན་ལ་དེ་གསུམ་མི་བྱེད་ན་བྱང་སེམས་མ་ཡིན་པར་འགྱུར་བས་སོ། །གལ་ཏེ་ཐབས་མཁས་ཀྱི་སྦྱོར་བ་སོ་སྐྱེ་ལ་མེད་དེ། ཡོད་ན་སྦྱོར་བ་དང་པོ་ཡོད་དགོས་པ་ལ། དེ་མེད་དེ་བདུད་བཞི་བཅོམ་པ་མེད་པས་ཤེ་ན། ཐབས་མཁས་ནི་དུས་དང་དུས་མ་ཡིན་པ་ཤེས་པའི་ཡིན་པས་དེ་སོ་སྐྱེ་ལ་ཡོད་ལ་བདུད་བཞི་བཅོམ་པ་མེད་ན་ཐབས་མཁས་མེད་པས་ཀྱང་མ་ཁྱབ་སྟེ། རྣམ་མཁྱེན་མེད་ཀྱང་མངོན་རྟོགས་བརྒྱད་གང་རུང་མེད་པ་མིན་པ་བཞིན་ནོ། །ཡུལ་ལ་མ་ཞེན་ཤེས་བྱའི་དེ་ཉིད་ཤེས། །བློ་ལ་མ་ཞེན་མཁྱེན་གསུམ་རྟོགས་རིགས་བསྐྱེད། །ཐབས་ཤེས་ཟུང་འབྲེལ་སྲིད་ཞིའི་མཐར་མི་ལྟུང་། །རྒྱལ་སྲས་རྣམས་ཀྱི་ཉམས་ལེན་འདིར་བཤད་དོ། །རྣམ་ཀུན་མངོན་པར་རྫོགས་པར་རྟོགས་པའི་སྤྱི་དོན་གྱི་སྐབས་ཏེ་བཞི་པའོ།། །། ༈ གཉིས་པ་དབང་དུ་བྱ་བའི་འབྲས་བུ་རྩེ་སྦྱོར་གྱི་ཡན་ལག་རྒྱས་པར་བཤད་པ་ལ་བཞི། སྦྱོར་ལམ་མཐོང་ལམ་སྒོམ་ལམ་བར་ཆད་མེད་པའི་རྩེ་མོའོ། །དང་པོ་སྦྱོར་ལམ་རྩེ་མོ་ལ་བཞི། དྲོད། རྩེ་མོ། བཟོད་པ། ཆོས་མཆོག་གི་རྩེ་མོའོ། །དང་པོ་དྲོད་ཀྱི་རྩེ་མོ་ནི། སྦྱོར་ལམ་རྩེ་མོ་ཐོབ་པའི་རྟགས་རྣམ་པ་བཅུ་གཉིས་ཀྱིས་མཚོན་ནས་གསུངས་སོ། །དེ་ཡང་རྨི་ལམ་དུ་འབྱུང་བའི་རྟགས་དྲུག །རྨི་ལམ་དང་སད་པ་གཉིས་ཀའི་གནས་སྐབས་སུ་འབྱུང་བའི་རྟགས་གཉིས། སད་པའི་སྐབས་སུ་འབྱུང་བའི་རྟགས་བཞིའོ། །རྨི་ལམ་གྱི་རྟགས་དྲུག་ལ་ཡང་ཐབས་ཤེས་ཀྱི་རྣལ་འབྱོར་ལ་གོམས་པའི་རྟགས་ཀྱི་གཙོ་བོ་གཉིས། སྐྱབས་དང་དེའི་མཐུ་ལ་གོམས་པ་བརྟན་པའི་རྟགས་གཉིས། རྨི་ལམ་ལ་རྨི་ལམ་དུ་ཤེས་པའི་རྟགས་གཅིག ། རང་གི་ཞིང་དག་པར་བྱེད་པའི་རྟགས་གཅིག་ཡོད་པ་ལས། དང་པོ་གཉིས་ནི་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ལྟ་བ་དང་ཉན་རང་གི་ས་དང་ཁམས་གསུམ་ལ་དགའ་བའི་སེམས་མི་བསྐྱེད་པའོ། །གཉིས་པ་གཉིས་ནི་དེ་བཞིན་གཤེགས་པ་ཆོས་སྟོན་པ་དང་རྫུ་འཕྲུལ་ཀྱི་ཆོ་འཕྲུལ་སྟོན་པ་མཐོང་བའོ། །གསུམ་པ་ནི་རྨི་ལམ་ན་འཇིགས་སྐྲགས་སོགས་མཐོང་བའི་རྐྱེན་གྱིས་རྨི་ལམ་དུ་ཤེས་ཤིང་སད་པའི་འོག་ཏུ་ཡང་ཁམས་གསུམ་རྨི་ལམ་ལྟར་སྟོན་པའི་སེམས་སྐྱེ་བའོ། །བཞི་པ་ནི་ངན་སོང་གི་འགྲོ་བ་མཐོང་བའི་རྐྱེན་གྱིས་རང་ཉིད་སངས་རྒྱས་པའི་ཞིང་དུ་ངན་སོང་སྤོང་བར་རྗེས་སུ་དྲན་པའོ། །རྨི་ལམ་དང་སད་པ་གཉིས་ཀའི་གནས་སྐབས་སུ་འབྱུང་བའི་རྟགས་ནི། བདེན་པའི་ཚིག་གིས་སྨོན་ལམ་བརྗོད་པས་གྲོང་ལ་སོགས་པ་མེས་ཚིག་པ་ཞི་བར་བྱེད་པ་དང་། སེམས་ཅན་གཞན་མི་མ་ཡིན་པས་བཟུང་བ་གཏོང་བ་གཉིས་ སོ། །འདི་གཉིས་སེམས་ཅན་ཡིན་མིན་གྱི་གནོད་པ་ཞི་བར་བྱེད་པ་སྟེ་མཐུའི་དབང་དུ་བྱས་པའི་རྟགས་གཉིས་སོ། །འདིའི་སྐབས་སུ་ཕྱིར་མི་ལྡོག་ཡིན་ལ་མེ་ཞི་བ་དང་། ཕྱིར་མི་ལྡོག་མ་ཡིན་ལ་མེ་ཡང་མ་ཞི་བ་དང་། ཕྱིར་མི་ལྡོག་ཡིན་ཀྱང་ཆོས་སྤོང་གི་ལས་ཀྱི་ལྷག་མ་མྱོང་བས་མེ་མ་ལུས་པ་མ་ཞི་བ་དང་། ཕྱིར་མི་ལྡོག་མིན་ཀྱང་བདུད་ཀྱི་མཐུས་མེ་ཞི་ནས་དེས་རློམ་པ་སྐྱེ་བ་སྟེ་མུ་བཞི་ཡོད་ལ་ཕྱི་མ་ཡང་དེ་དང་འདྲའོ། །སད་པའི་གནས་སྐབས་ཀྱི་རྟགས་བཞི་ནི། བདུད་དང་སྡིག་གྲོགས་ཟིལ་གྱིས་གནོན་པའི་ཕྱི་ནང་གི་དགེ་བཤེས་བརྟེན་པ་དང་། དགེ་རྩ་རྫོགས་པར་འདོད་པས་རྣམ་པ་ཐམས་ཅད་དུ་ཤེར་ཕྱིན་ལ་སློབ་པ་དང་། ཀུན་བྱང་གི་ཆོས་ཐམས་ཅད་དབེན་པར་ལྟ་བས་དེ་ལ་ཆགས་པ་མེད་པ་དང་། གཟུགས་སོགས་ལ་མི་སྤྱོད་པའི་ཚུལ་གྱིས་ཤེར་ཕྱིན་ལ་སྤྱད་པས་སངས་རྒྱས་ཀྱི་བྱང་ཆུབ་དང་ཉེ་བའོ། །འདི་བཞི་ནི་ལམ་ལ་སློབ་པའི་རྒྱུ་དང་། བསླབ་པའི་ཡུལ་དང་། སློབ་ཚུལ། བསླབ་པའི་ཕན་ཡོན་གྱི་དབང་དུ་བྱས་པའི་རྟགས་སོ། །གཉིས་པ་རྩེ་མོའི་རྩེ་མོ་ནི་བསོད་ནམས་རྣམ་པར་འཕེལ་བའི་ཚུལ་གྱིས་མཚོན་ནས་གསུངས་སོ། །དེ་ཡང་ཕྱི་གཙོ་བོར་གྱུར་པའི་བསོད་ནམས་བརྒྱད་དང་། ནང་གཙོ་བོར་གྱུར་པའི་བསོད་ནམས་བརྒྱད་དོ། །འཛམ་གླིང་སོགས་སྟོང་གསུམ་གྱི་སེམས་ཅན་གྱི་གྲངས་དང་མཉམ་པའི་སངས་རྒྱས་ལ་མཆོད་ཅིང་དགེ་རྩ་བསྔོས་པ་ལས་ཀྱང་རྩེ་མོ་བས་ཡུམ་དོན་ཡིད་ལ་བྱེད་ཅིང་གཞན་ལ་སྟོན་པ་བསོད་ནམས་འཕེལ་བ་དང་། ཉིན་མཚན་ཀུན་ཏུ་ཤེར་ཕྱིན་ཡིད་ལ་བྱེད་པ་མི་འབྲལ་བ་དང་། ཆོས་སྤྲོས་བྲལ་ལ་མི་སྐྲག་པའི་བཟོད་པ་ཐོབ་པ་དང་། བྱང་ཆུབ་རྒྱུ་འབྲས་ཀྱི་ཆོས་རྣམས་མི་དམིགས་པར་རྟོགས་པ་དང་། འཛམ་གླིང་གི་སེམས་ཅན་དགེ་བཅུ་སྙོམས་འཇུག་ཚད་མེད་ཐོབ་པ་ལས་ཀྱང་བསོད་ནམས་འཕགས་པའི་ཡུམ་དོན་ལ་སྤྱོད་པ་དང་། ལྷའི་རིས་ཐམས་ཅད་དུ་ལྷ་ལ་སོགས་པའི་དོན་གྱི་ཕྱིར་འགྲོ་ཞིང་ལྷ་རྣམས་བསྲུང་བའི་ཕྱིར་འོང་བ་དང་། རྣམ་མཁྱེན་ཡིད་བྱེད་དང་མི་འབྲལ་བས་བདུད་ཐམས་ཅད་ཟིལ་གྱིས་གནོན་པ་དང་། བྱང་སེམས་གཞན་ལ་སྟོན་པ་སངས་རྒྱས་དང་མཚུངས་པར་གུས་པ་དང་བརྒྱད་ནི་ཕྱི་གཙོ་བོར་གྱུར་པའོ། །བསམ་གཟུགས་ལ་སྙོམས་པར་འཇུག་ཀྱང་དེའི་དབང་གིས་མི་སྐྱེ་བ་དང་། ཉན་རང་གི་རིགས་འཇིག་པའི་སྒོ་ནས་སངས་རྒྱས་ཀྱི་རིགས་ཁྱད་པར་ཅན་དུ་གྱུར་པ་དང་། སངས་རྒྱས་འཐོབ་པའི་རྒྱུ་སེམས་བསྐྱེད་ལ་སོགས་པའི་ནུས་པ་ལྷག་པར་གྱུར་པ་དང་། འདི་གཉིས་རིགས་གཉིས་ཀྱི་ནུས་པ་ལྷག་པར་གྱུར་པའོ། ། ཡང་ན་རིགས་ཅན་དང་རིགས་ཀྱིས་སོ། །ཕྱིན་དྲུག་གི་མི་མཐུན་ཕྱོགས་ཀྱི་སེམས་ཞི་བར་བྱེད་པ་དང་། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་ཞེན་པ་མེད་པ་དང་། ཡུམ་དུ་ཕར་ཕྱིན་ཀུན་བསྡུས་པར་ཤེས་ནས་དེ་ལ་སློབ་པ་དང་། བསླབ་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པ་དང་། གཟུང་བ་ལ་སོགས་པའི་ལྟ་བ་དང་བྲལ་བས་རྫོགས་བྱང་ལ་ཐག་ཉེ་བ་དང་བརྒྱད་ནི་ནང་གི་གཙོ་བོར་གྱུར་པའོ། །གསུམ་པ་བཟོད་པའི་རྩེ་མོ་ནི། རྩེ་མོས་སྤེལ་བའི་རྟོགས་པར་རང་དབང་དུ་གྱུར་ཅིང་བརྟན་པ་ཐོབ་པའི་ཚུལ་གྱིས་མཚོན་ནས་གསུངས་སོ། །འདི་ལ་རང་དོན་རྟོགས་པ་བརྟན་པ་དང་། གཞན་དོན་སྙིང་རྗེ་བརྟན་པ་གཉིས། དང་པོ་ནི། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྐབས་སུ་བཤད་པའི་ཆོས་སེམས་བསྐྱེད་ནས་བཟུང་སྟེ་མཐའ་གཉིས་དང་བྲལ་བའི་མཐོང་ལམ་གྱི་བར་སུམ་ཅུ་པོ་ལས་ཅི་རིགས་པ་ལ་རྟོགས་པ་བརྟན་པ་ཐོབ་པ་དང་། གཉིས་པ་ནི། དེའི་ཚེ་རང་དོན་ཞི་བར་མི་ལྟུང་བའི་ཆེད་དུ་ཐབས་ལ་མཁས་པའི་སྟོབས་ཀྱིས་སྙིང་རྗེ་ཆེན་པོ་མངོན་དུ་བྱེད་ཅིང་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའོ། །བཞི་པ་ཆོས་མཆོག་གི་རྩེ་མོ་ནི། ངེས་བརྟན་གྱིས་བརྟན་པར་བྱས་པའི་རྟོགས་པ་ལས་གཞན་དུ་མི་གཡེང་བའི་སེམས་ཀུན་ཏུ་གནས་པས་མཚོན་ནས་གསུངས་སོ། །དེ་ཡང་། མི་ལྡོག་བྱང་ཆུབ་མཆོག་ལ་རབ་ཏུ་ཞུགས་པ་ཡི། །སེམས་བསྐྱེད་པ་ལ་བསམ་པ་ཐག་པས་ཡི་རང་བ། །སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་བཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་གསུངས་ཏེ། གླིང་བཞི་ལ་སོགས་སྟོང་གསུམ་སའི་དཀྱིལ་འཁོར་སྲང་ལ་གཞལ་བ་དང་། ཆུ་ཐིགས་སྐྲ་རྩེས་བླང་བ་དཔེར་མཛད་ནས་དེའི་ཚད་གཟུང་རུང་གི། བྱང་སེམས་བཞིའི་ཕྱིན་དྲུག་ལ་སྤྱོད་པའི་དགེ་རྩ་ལ་ཏིང་ངེ་འཛིན་རྩེ་གཅིག་ཏུ་ཡི་རང་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་བཟུང་བར་མི་ནུས་སོ་ཞེས་གསུངས་སོ། །བྱང་སེམས་བཞི་ནི། ཐེག་པ་ལ་དང་པོར་ཞུགས་པ། སྤྱོད་པ་ལ་ཞུགས་པ། ཕྱིར་མི་ལྡོག་པ། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་བཞི་ཡིན་ལ། དེ་བཞི་ཡང་། རྣམ་རྟོག་བཞིའི་གཉེན་པོ་མཐོང་སྒོམ་གྱི་རྟོགས་པ་བཞི་ལ་གནས་པ་དང་། སྦྱོར་རྩེ་བཞི་དང་། མོས་སྤྱོད་མ་དག་པ་ས་བདུན་དག་པ་ས་གསུམ་ས་བཅུ་པ་ལ་འདོད་པའི་ལུགས་གསུམ་བཤད་པ་ལས་སྔ་མ་འཕགས་པ་དང་། ཕྱི་མ་སློབ་དཔོན་གྱི་བཞེད་པའོ། །དེ་ལྟར་སྦྱོར་རྩེ་བཞི་པོ་འདི་ཡང་། དང་པོ་ཐོབ། བར་དུ་འཕེལ་ཞིང་རང་དབང་དུ་གྱུར། ཐ་མར་དམིགས་པ་ལས་མི་གཡེང་བར་གནས་པའོ། །གཉིས་པ་མཐོང་ལམ་རྩེ་མོ་ལ་གཉིས། སྤང་བྱ་དང་གཉེན་པོའི། དང་པོ་སྤང་བྱ་ལ་གཟུང་རྟོག་དང་། འཛིན་རྟོག་གཉིས། དང་པོ་གཟུང་རྟོག་ལ་གཉིས། རྟོག་པ་དང་། གཉེན་པོའི། དང་པོ་རྟོག་པ་ལ་བཞི། རྟོག་པའི་ངོ་བོ། མི་མཐུན་ཕྱོགས་སུ་བསྟན་པ། དབྱེ་བ། འཁྲུལ་པར་སྒྲུབ་པའོ། ། དང་པོ་རྟོགས་པའི་ངོ་བོ་ལ་གཉིས་ལས། བྱང་སེམས་ཀྱི་འཇུག་ཡུལ་མཚན་མར་མི་དམིགས་པ་དང་། དེའི་ལྡོག་ཡུལ་མཚན་མར་དམིགས་པའི་ངོ་བོ་ཉིད། རིམ་པ་ལྟར་ངོ་བོ་ཉིད་སོགས་དང་སྲིད་ཞིར་ལྟུང་བ་སོགས་དག་ལའོ། །རྣམ་པ་ནི་བྱང་སེམས་དང་སངས་རྒྱས་ཀྱི་ཆོས་ལེན་པར་འདོད་པས་བླང་བྱའི་གཟུང་བའོ། །ཞེས་ཞེན་པ་དང་། ཉན་ཐོས་དང་རང་རྒྱལ་གྱི་ཆོས་འདོར་བར་འདོད་པའི་སྒོ་ནས་དོར་བྱའི་གཟུང་བའོ། །ཞེས་ཞེན་པ་ནི། རིམ་པ་ལྟར་འཇུག་པ་དང་ལྡོག་པའི་གཟུང་བར་རྣམ་པར་རྟོག་པ་གཉིས་སོ། །གཉིས་པ་མི་མཐུན་ཕྱོགས་སུ་བསྟན་པ་ནི། དེ་གཉིས་མཐོང་རྩེའི་མི་མཐུན་ཕྱོགས་སུ་གྱུར་པ་ཡིན་ཏེ། སྤང་བྱ་ཡིན་པས་སོ། ། དཔེར་ན་མཐོང་སྤང་ཉོན་མོངས་པ་དང་འདྲ་བར་རོ། །གསུམ་པ་དབྱེ་བ་ནི། རྟོག་པ་དེ་གཉིས་པོ་རེ་རེ་ལ་དགུ་རེ་ཡོད་དེ་ཡུལ་དགུ་ཡོད་པའི་དབྱེ་བའི་སོ། །བཞི་པ་འཁྲུལ་པར་སྒྲུབ་པ་ནི། དགུ་གཉིས་བཅོ་བརྒྱད་ཡོད་པ་ནི་ཡུལ་ཇི་ལྟ་བ་བཞིན་མ་ཡིན་པར་འཛིན་པའི་རང་གི་ངོ་བོ་དག་ཏུ་ཤེས་པར་བྱ་སྟེ། རང་གི་ཡུལ་ཕྱིན་ཅི་ལོག་ཏུ་སྣང་བའི་ཕྱིར། ངྷ་དུ་ར་ཟོས་པའི་རྒྱུས་ནམ་མཁའ་ལ་གསེར་གྱི་ཁབ་ལེན་པ་ལ་འཇུག་པ་ལྟར་ཞེན་ཡུལ་གྱི་དངོས་པོ་དང་མ་འབྲེལ་བར་འཇུག་པ་སྟེ་ཞེན་པ་ལྟར་ཡུལ་མི་གནས་པ་ཉིད་ཀྱིས་སོ། །གཉིས་པ་གཉེན་པོ་ནི་དགུ་རེ་སྟེ། དང་པོ་འཇུག་པ་གཟུང་རྟོག་གི་གཉེན་པོ་དགུ་ནི། དང་པོ་ཡུམ་ནས་རྣམ་མཁྱེན་བར་དབེན་པར་རྟོག་པ་ངོ་བོ་ཉིད་རྟོག་གི་གཉེན་པོ་དང་། གཉིས་པ་ནམ་མཁའ་འགའ་ཞིག་ལ་ཉེ་རིང་དུ་མི་སེམས་པ་ལྟར་རྣམ་མཁྱེན་དང་ས་གཉིས་ལ་ཉེ་རིང་དུ་མི་སེམས་པ་ནི་རིགས་ལ་རྟོག་པའི་གཉེན་པོ་དང་། གསུམ་པ་སྒྱུ་མའི་སྐྱེས་བུ་མཁན་དང་ལྟད་མོ་ལ་ཉེ་རིང་དུ་མི་སེམས་པ་ལྟར་ལམ་དམན་མཆོག་ལ་ཉེ་རིང་དུ་མི་སེམས་པ་ནི་ལམ་ཡང་དག་པར་འགྲུབ་པ་ལ་རྟོག་པའི་གཉེན་པོ་དང་། བཞི་པ་གཟུགས་བརྙན་རང་གང་གིས་འབྱུང་བ་དང་དེ་མིན་པ་གཉིས་ལ་ཉེ་རིང་དུ་མི་སེམས་པ་ལྟར་ལམ་གཉིས་ཀྱི་དམིགས་ཡུལ་ལ་ཉེ་རིང་དུ་མི་རྟོག་པ་ནི་དམིགས་པ་མ་འཁྲུལ་བར་རྟོག་པའི་གཉེན་པོ་དང་། ལྔ་པ་དེ་བཞིན་གཤེགས་པ་ལ་སྡུག་མི་སྡུག་གི་བློ་མེད་པ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྡུག་མི་སྡུག་གཉིས་སུ་མེད་པར་རྟོག་པ་ནི་སྤང་གཉེན་ལ་རྟོག་པའི་གཉེན་པོ་དང་། དྲུག་པ་དེ་བཞིན་གཤེགས་པ་རྟོག་པ་ཐམས་ཅད་སྤངས་པ་ལྟར་བྱང་སེམས་ཀྱིས་ཀྱང་སྤངས་པ་ནི་རང་གི་རྟོགས་པ་ལ་རྟོག་པའི་གཉེན་པོ་དང་། བདུན་པ་དེ་བཞིན་གཤེགས་པའི་སྤྲུལ་པ་རྫོགས་བྱང་དང་རྣམ་མཁྱེན་ལ་ཉེ་རིང་དུ་མི་འཛིན་པ་ལྟར་བདག་གཞན་གཉིས་སུ་མི་འཛིན་པ་ནི་གཞན་དོན་བྱེད་པ་པོ་ལ་རྟོག་པའི་གཉེན་པོའོ། །བརྒྱད་པ་དེ་བཞིན་གཤེགས་པ་སྤྲུལ་པ་མི་རྟོག་བཞིན་དུ་སེམས་ཅན་གྱི་དོན་སྒྲུབ་པ་ལྟར་ཡུམ་ཡང་དེ་ལྟར་བྱེད་པ་ནི་གཞན་དོན་གྱི་བྱ་བ་ལ་རྟོག་པའི་གཉེན་པོའོ། ། དགུ་པ་འཁྲུལ་འཁོར་མཁན་གྱིས་བྱས་པའི་བུད་མེད་ཀྱི་གཟུགས་དེ་རང་གང་གི་སླད་དུ་བྱས་པ་ལ་མི་རྟོག་པ་ལྟར་ཡུམ་ཡང་གང་གི་སླད་དུ་བསྒོམ་པའི་ཐོབ་བྱ་ལ་མི་རྟོག་པ་ནི་འབྲས་བུ་ལ་རྟོག་པའི་གཉེན་པོའོ། །གཉིས་པ་ལྡོག་པ་གཟུང་རྟོག་གི་གཉེན་པོ་དགུ་ནི། དང་པོ་ཉི་ཟླས་གླིང་བཞིར་ལས་བྱེད་པ་དང་འཁོར་སྒྱུར་གྱི་རིགས་རིན་པོ་ཆེ་སྣ་བདུན་གྱིས་དབང་སྒྱུར་བའི་དཔེས་རིམ་པ་ལྟར། ཤེས་རབ་དང་སྙིང་རྗེ་དང་མ་བྲལ་བའི་སྦྱིན་སོགས་ལྔས་མཐའ་གཉིས་སུ་མི་ལྟུང་བ་དང་ཐོབ་བྱ་ལ་དབང་སྒྱུར་བར་གསུངས་པ་རྟོགས་པ་དམན་པའི་ཟློག་ཕྱོགས་དང་། གཉིས་པ་ཁྱིམ་ཐབས་ཀྱིས་མ་བསྲུང་བ་དང་བསྲུང་བའི་བུད་མེད་ལ་འཕྱོན་མས་གླག་རྙེད་མི་རྙེད་ཀྱི་དཔེས་དྲུག་པ་དང་བྲལ་མ་བྲལ་གྱིས་ལྔ་པོ་ཡང་བདུད་ཀྱིས་ཚུགས་མི་ཚུགས་སུ་གསུངས་པ་ནི་ཕྱི་ནང་གི་ཡོངས་འཛིན་ཡོད་མེད་ཀྱི་ཁྱད་དང་། གསུམ་པ་གོ་མཚོན་ཚང་བ་དགྲས་མི་ཐུབ་ཅིང་འཇོམས་པའི་དཔེས་དྲུག་པ་མ་བྲལ་བའི་ལྔ་པོ་བདུད་ཀྱིས་མི་ཚུགས་ཤིང་མི་མཐུན་ཕྱོགས་ཐམས་ཅད་འཇོམས་པ་ནི་ལམ་གྱི་རྣམ་པ་མ་ཚང་བའི་བཟློག་ཟླ་དང་། བཞི་པ་འཁོར་སྒྱུར་ལ་མཁར་གྱི་རྒྱལ་པོས་བསྙེན་བཀུར་བའི་ཕྱིར་འོང་བའི་དཔེས་དྲུག་པ་དང་མ་བྲལ་བའི་ལྔ་ཡང་རྣམ་མཁྱེན་དུ་འོང་བ་ནི་རྟོགས་པ་ལ་རང་དབང་མ་ཐོབ་པར་གཞན་རྐྱེན་གྱིས་འགྲོ་བ་ལས་བཟློག་པའོ། །ལྔ་པ་གང་གཱས་ཆུ་ཀླུང་ཕྲ་མོ་རྣམས་དྲངས་ཏེ་རྒྱ་མཚོར་འགྲོ་བའི་དཔེས་དྲུག་པའི་མཐུས་ལྔ་ཡང་རྣམ་མཁྱེན་དུ་འདོད་པ་ནི་ཆེད་དུ་བྱ་བ་ལོག་པའི་བཟློག་ཟླའོ། །དྲུག་པ་ལག་པ་གཡས་གཡོན་གྱིས་བྱ་བ་བྱེད་མི་བྱེད་ཀྱི་དཔེས་དྲུག་པ་དང་ལྔ་པོ་ཡང་དེ་ལྟར་གསུངས་པ་ནི་ལམ་ཉེ་ཚེ་བ་དང་ཡོངས་སུ་རྫོགས་པའི་ཁྱད་པར་དང་། བདུན་པ་ཆུ་ཀླུང་ཆེ་ཆུང་གི་ཆུ་ཐམས་ཅད་རྒྱ་མཚོར་ཕྱིན་པ་ན་རོ་གཅིག་ཏུ་འགྱུར་བའི་དཔེས་དྲུག་པས་ཟིན་པའི་ལྔ་ཡང་རྣམ་པ་ཐམས་ཅད་མཁྱེན་པར་ཕྱིན་པ་ན་ཐམས་ཅད་མཁྱེན་པར་རོ་གཅིག་པར་གསུངས་པ་ནི་འབྲས་བུ་སྣ་ཚོགས་པ་ལས་བཟློག་པ་དང་། བརྒྱད་པ་འཁོར་ལོ་རིན་པོ་ཆེས་དཔུང་འགྲོ་ཞིང་གནས་པར་བྱེད་པའི་དཔེས་དྲུག་པས་ལྔ་པོ་རྣམ་མཁྱེན་དུ་འགྲོ་ཞིང་གནས་པར་བྱེད་པར་གསུངས་པ་ནི་གནས་འཇུག་ལ་རྨོངས་པའི་གཉེན་པོ་དང་། དགུ་པ་འཁོར་སྒྱུར་གྱི་རིན་པོ་ཆེ་སྣ་བདུན་དཔུང་གི་མདུན་དུ་འགྲོ་བ་ལྟར་དྲུག་པ་ལྔ་པོའི་མདུན་དུ་འགྲོ་ཞིང་ལྔ་ནི་དྲུག་པའི་རྗེས་སུ་འབྲང་བར་གསུངས་པ་ནི་རང་འབྲས་ཀྱི་རྗེས་ལ་གཞན་དུ་འགྲོ་བའི་ཟློག་ཕྱོགས་སོ། །གཉིས་པ་འཛིན་རྟོག་ལ་རྟོག་པ་དང་གཉེན་པོ་གཉིས། དང་པོ་རྟོག་པ་ལ་དངོས་དང་དེ་ལ་རྩོད་པ་སྤང་བ་གཉིས། དང་པོ་རྟོག་པ་དངོས་ལ་བཞི། རྟོག་པའི་ངོ་བོ། སྤང་བྱར་བསྟན་པ། དབྱེ་བ་འཁྲུལ་པར་སྒྲུབ་པའོ། །དང་པོ་རྟོག་པའི་ངོ་བོ་ནི། སོ་སོའི་སྐྱེ་བོ་ལ་ནི་སྐྱེས་བུ་དེར་གདགས་པའི་གཞི་རྫས་སུ་ཡོད་པའི་རྟེན་ཅན་འཛིན་པ་དང་། འཕགས་པའི་གང་ཟག་ལ་ནི་སྐྱེས་བུ་དེར་གདགས་པའི་གཞི་བཏགས་པར་ཡོད་པའི་རྟེན་ཅན་གྱི་འཛིན་པ་དག་ཡོད་པས་འཛིན་པར་རྣམ་པར་རྟོག་པ་རྫས་འཛིན་དང་བཏགས་འཛིན་གཉིས་སོ། །གཉིས་པ་སྤང་བྱར་བསྟན་པ་དང་། གསུམ་པ་ནི་སྔར་ལྟར་རོ། །བཞི་པ་འཁྲུལ་བར་སྒྲུབ་པ་ནི། འཛིན་རྟོག་དགུ་ཚན་གཉིས་སུ་ཡོད་པ་ནི་རང་ཡུལ་ཕྱིན་ཅི་ལོག་ཏུ་སྣང་བའི་ཕྱིར་རྟོག་པ་དེ་དག་ཡུལ་བདེན་པ་འཛིན་པའི་ངོ་བོས་དབེན་པ་རྫུན་པ་འཛིན་པའི་ངོ་བོ་ཡིན་ནོ། །རྟགས་གྲུབ་སྟེ་རྟོག་པ་དེ་དག་གི་ཡུལ་དངོས་པོར་གྱུར་པ་གཟུང་བའི་དོན་དེ་དག་ཇི་ལྟར་གཟུང་བ་དེ་བཞིན་དུ་གཟུང་བའི་ངོ་བོར་ཡོད་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་དེ་ལ་རྩོད་པ་སྤང་བ་ལ་གསུམ། རྩོད་པ། ལན། ལན་ལ་རྩོད་སྤང་ངོ་། །དང་པོ་རྩོད་པ་ནི། སོ་སྐྱེའི་འཛིན་པ་ལ་རྫས་རྟོག་གིས་མ་ཁྱབ་སྟེ། དེ་ལ་ཡང་ཆོས་ཐམས་ཅད་བདག་མེད་པར་རྟོག་པ་ཡོད་པས་སེམས་ཅན་གྱི་རྫས་མེད་པར་རྟོག་པ་ཡང་ཡོད་ལ། འཕགས་པའི་འཛིན་པ་ལ་བཏགས་འཛིན་གྱིས་མ་ཁྱབ་སྟེ། དེ་ལ་ཡང་ང་ཞེས་འབྱུང་བས་ངར་འཛིན་ཡོད་པས་སོ། ། ཞེས་པའོ། །གཉིས་པ་དེའི་ལན་ནི། སོ་སྐྱེའི་ཆོས་ཐམས་ཅད་བདག་མེད་དུ་ཤེས་པ་ནི་མོས་པ་ཡིད་བྱེད་ཀྱིས་བདག་བཏགས་པ་ཙམ་དུ་རྟོག་པ་ཡིན་ལ། བཏགས་འཛིན་འཕགས་པ་ལ་བཤད་པ་ནི་དེ་ཁོ་ན་ཉིད་ཡིད་བྱེད་ཀྱིས་བདག་བཏགས་པ་ཙམ་དུ་རྟོག་པ་ལ་འདོད་པ་དང་། འཕགས་པས་ང་དེའི་ཚེ་ཞེས་སོགས་ཀྱི་ཚིག་ནི་གཞན་གྱི་ཁོང་དུ་ཆུད་པའི་ཐབས་སུ་བསྟན་པ་ཐ་སྙད་པ་ཡིན་གྱི། ངར་འཛིན་པ་མཚན་ཉིད་པ་ཡོད་པ་མིན་པས་རྩོད་པ་དེ་དག་ལ་སྙིང་པོ་མེད་དོ། །འོ་ན་འཕགས་པས་སྦྱོར་ལམ་པའི་རྒྱུད་ལ་སྐྱེས་བུ་བཏགས་འཛིན་གྱི་རྟོག་པ་དང་འདིར་ཡང་མཐོང་སྤང་ལ་རྟོག་པ་དེ་བཤད་པ་མི་འཐད་ཅིང་སྒོམ་སྤང་ལ་རྫས་འཛིན་རྟོག་པ་མི་འདོད་པར་འགྱུར་ཏེ། །འཛིན་རྟོག་དང་པོ་སོ་སྐྱེ་དང་གཉིས་པ་འཕགས་པ་ཁོ་ན་ལ་ཡོད་པས་ཤེ་ན། བཏགས་འཛིན་ལ་ཡིད་བྱེད་གཉིས་ཀྱི་སྒོ་ནས་གཉིས་སུ་མཛད་པས། སོ་སྐྱེ་དང་མཐོང་སྤང་ལ་རྟོག་པ་ཕྱི་མ་ཡོད་པར་བཤད་པ་ནི་མོས་པ་ཡིད་བྱེད་ཀྱི་དབང་དུ་བྱས་ལ། རྩ་བར་འཕགས་པ་ལ་གསུངས་པའི་དགོངས་པ་ནི་དེ་ཁོ་ན་ཉིད་ཡིད་བྱེད་ལ་དགོངས་སོ། །སྒོམ་སྤང་ལ་ནི་རྫས་འཛིན་གྱི་ཐ་སྙད་མ་མཛད་དོ། །ཤཱནྟི་པས་ནི་འདི་གཉིས་ཡོད་པ་ངེས་པ་ཅན་དུ་མཛད་དེ་བཏགས་འཛིན་རྟོག་པ་ཉན་རང་དང་རྫས་འཛིན་རྟོག་པ་སོ་སྐྱེ་ལ་ཡོད་པར་བཤད་དོ། །གསུམ་པ་ལན་ལ་རྩོད་སྤང་ནི། གལ་ཏེ་འདིར་འཛིན་རྟོག་སེམས་ཅན་དུ་རྟོག་པར་བཤད་པ་འདི་གང་ཟག་དང་། ཆོས་གཉིས་ཀྱི་དབང་དུ་བྱས་པའི་གང་ཟག་ཡིན་ནམ། ། འོན་ཏེ་གང་ཟག་ཏུ་གདགས་པའི་གཞི་སེམས་རྒྱུད་ཀྱིས་ཟིན་པའི་ཆོས་ཙམ་ལ་འདོད། དང་པོ་ལྟར་ན་ཡུལ་ཅན་གྱི་རྟོག་པ་དེ་ཉོན་སྒྲིབ་ཡིན་པས་ཉན་རང་གིས་ཀྱང་སྤོང་བར་འགྱུར་ན་དེ་ཡང་མི་འཐད་དེ། བྱང་སེམས་ལམ་གྱི་ཐུན་མོང་མིན་པའི་སྤང་བྱ་ཡིན་པ་དང་། འདི་གཉིས་སྤོང་ན་གཟུང་རྟོག་གཉིས་ཀྱང་སྤོང་ནུས་པས། གཟུང་འཛིན་གྱི་རྟོག་པ་བཞི་ཀ་ཉན་རང་གིས་སྤོང་ནུས་པས་ཧ་ཅང་ཐལ་ལོ། །གཉིས་པ་ལྟར་ན། གཞུང་ལས་སེམས་ཅན་དང་གང་ཟག་ཏུ་རྟོག་པར་བཤད་པ་དང་། ཉི་སྣང་གི་རྩོད་ལན་ལ་ངར་འཛིན་ཡོད་མེད་ཀྱིས་རྫས་འཛིན་ཡོད་མེད་དུ་བཤད་པ་མི་འཐད་ཅེ་ན། སྤྱིར་འཛིན་རྟོག་ལ་གང་ཟག་དང་ཆོས་ཙམ་ལ་འཛིན་པ་པོར་ཞེན་པ་གཉིས་ཡོད་ཅིང་གཉིས་ཀ་ཡང་བྱང་སེམས་ཀྱིས་སྤང་དགོས་པའི་ཕྱིར་གཉིས་ཀའི་རྣམ་བཞག་བླང་དགོས་སོ། །དེས་ན་སྐྱེ་འཕགས་གཉིས་ཀས་གང་ཟག་གི་བདག་མེད་རྟོགས་ཀྱང་མངོན་དུ་གྱུར་མ་གྱུར་ཡོད་པས་དེ་གཉིས་ཀྱི་འཛིན་པ་ལ་རྫས་བཏགས་ཀྱི་འཛིན་པར་འཇོག་པ་ལྟར་ཆོས་བདག་མེད་པར་མངོན་སུམ་དུ་རྟོགས་མ་རྟོགས་ཀྱི་ཁྱད་པར་གྱིས་ཀྱང་སྐྱེ་འཕགས་ཀྱི་འཛིན་པ་ལ་ཆོས་ཙམ་ལ་རྫས་དང་བཏགས་པའི་ལོངས་སྤྱོད་པ་པོར་འཛིན་པའི་ཤེས་སྒྲིབ་ཀྱི་འཛིན་པ་གཉིས་ཀྱང་ཤེས་པར་བྱའོ། །དེ་ལྟར་སྐྱེ་འཕགས་ཀྱི་འཛིན་པ་ལ་རྫས་བཏགས་ཀྱི་འཛིན་པ་གཉིས་སུ་བྱས་པ་ཡང་གཙོ་ཆེ་བས་ཡིན་ཏེ། གཞན་དུ་ན་ས་བདུན་པའི་བར་དུ་ཉོན་ཡིད་མཚན་ཉིད་པ་མི་འཇུག་པར་འགྱུར་ཏེ། ངར་འཛིན་མཚན་ཉིད་པ་ལ་རྫས་འཛིན་གྱིས་ཁྱབ་པས་སོ། །རིགས་པ་འདིས་ཆོས་ཀྱི་དབང་དུ་བྱས་པའི་འཛིན་པ་གཉིས་ཀྱི་ཡོད་པ་ཡང་ཤེས་པར་བྱའོ། །གཉིས་པ་གཉེན་པོ་ནི། རྫས་འཛིན་དང་བཏགས་འཛིན་གྱི་གཉེན་པོ་གཉིས། དང་པོ་རྫས་འཛིན་གྱི་གཉེན་པོ་ལ་དགུ་སྟེ། དང་པོ་ཡུམ་གྱིས་གཟུགས་སོགས་མི་འཛིན་མི་འདོར་བ་སྐྱོན་ཡོན་འཛིན་འདོར་གྱི་གཉེན་པོ་དང་། གཉིས་པ་གཟུགས་སོགས་ཡིད་ལ་མི་བྱེད་པས་དགེ་རྩ་འཕེལ་ཕྱིན་དྲུག་རྫོགས་རྣམ་མཁྱེན་ཐོབ་སྟེ་སངས་རྒྱས་ཀྱི་རྒྱུ་ཡིན་པའི་ཕྱིར་ཞེས་པ་བདེན་པ་ཡིད་བྱེད་ཀྱི་གཉེན་པོ་དང་། གསུམ་པ་ཡིད་ལ་བྱེད་མི་བྱེད་གཉིས་ཀ་ཁམས་གསུམ་གྱི་རྒྱུ་ཡིན་མིན་དུ་གསུངས་པ་ཁམས་གསུམ་དང་འབྲེལ་པའི་སྤང་གཉེན་གཉིས་ཀ་དང་། བཞི་པ་ཡིད་ལ་མི་བྱེད་པར་སྤྱོད་པ་ཆོས་ཐམས་ཅད་ལ་མི་གནས་པ་ཉིད་ཞེན་ནས་གནས་པའི་གཉེན་པོ་དང་། ལྔ་པ་དེའི་འཐད་པར་ཆགས་པར་བྱ་བ་མེད་པས་མངོན་པར་ཆགས་པ་མེད་པ་མངོན་ཞེན་གྱི་གཉེན་པོ་དང་། དྲུག་པ་ཆགས་པ་མེད་པ་ཉིད་དུ་ཡིད་ལ་བྱེད་པ་དང་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མ་བཟུང་བ་ཉིད་དུ་སངས་རྒྱས་ནས་བཤད་དོ་སྙམ་ནའང་ཡུམ་ལས་རིང་ཞིང་ཉམས་པ་ཡིན་ཏེ། དེས་ཆོས་གང་ཡང་སངས་རྒྱས་པའམ་བསྟན་ཅིང་བཏགས་པ་མེད་པ་ཆོས་ཀྱི་དངོས་པོ་བཏགས་པར་འཛིན་པའི་གཉེན་པོ་དང་། བདུན་པ་མ་བཟུང་བ་ཉིད་དུ་ཆགས་པ་ཡང་ཡུམ་དང་བྲལ་བ་ཡིན་པར་བསྟན་པ་ནི་དེ་ནི་མངོན་པར་ཆགས་པས་མ་བརྗོད་པར་གསུངས་པ་ཕྱིན་དྲུག་ལ་ཆགས་པའི་གཉེན་པོ་དང་། བརྒྱད་པ་ཕར་ཕྱིན་སོགས་གཉེན་པོ་རྣམས་དེ་དག་དང་མ་བྲལ་བས་གཉེན་པོ་དང་དེའི་དམིགས་པ་མཉམ་པ་གཉེན་པོར་འཛིན་པའི་གཉེན་པོ་དང་། དགུ་པ་འཁོར་སྒྱུར་གྱི་དཔུང་ཚོགས་རྣམས་དེ་གར་འདོད་པར་འགྲོ་བའི་དཔེས་ལྔ་པོ་ཡུམ་གྱི་རྗེས་སུ་འབྲང་ནས་རྣམ་མཁྱེན་དུ་འགྲོ་བར་གསུངས་པ་ནི་ཇི་ལྟར་འདོད་བཞིན་འགྲོ་ཉམས་ཀྱི་གཉེན་པོའོ། །གཉིས་པ་བཏགས་འཛིན་རྟོག་པའི་གཉེན་པོ་དགུ་ནི། དང་པོ་ཁ་ལོ་སྒྱུར་བ་རྟ་ཟུང་བཞི་པའི་ཤིང་རྟ་ལ་ཞོན་ཞིང་ལམ་མཉམ་པ་ནས་འགྲོ་བའི་དཔེས་ཡུམ་གྱི་ལྔ་པོའི་ཁ་ལོ་སྒྱུར་ཞིང་ཆེད་དུ་བྱ་བ་དང་མཐུན་པའི་ལམ་མཉམ་པ་ནས་འགྲོ་བ་ནི་ཆེད་བཞིན་མི་འབྱུང་བའི་གཉེན་པོ་དང་། གཉིས་པ་བྱང་སེམས་དང་ཉན་རང་གི་ལམ་རྣམ་མཁྱེན་གྱི་ལམ་ཡིན་མིན་དུ་གསུང་པ་ལམ་ལ་ལམ་མིན་དུ་འཛིན་པའི་གཉེན་པོ་དང་། གསུམ་པ་ཡུམ་གྱིས་ཆོས་གང་ཡང་མི་སྐྱེ་མི་འགོག་པ་སྐྱེ་འགག་གི་གཉེན་པོ་དང་། བཞི་པ་གཟུགས་སོགས་ཀྱི་ཆོས་ཐམས་ཅད་ལ་ལྡན་མི་ལྡན་དུ་མི་རྟོག་པར་ཡུམ་ལ་བརྩོན་པ་དངོས་པོ་ལྡན་མི་ལྡན་གྱི་གཉེན་པོ་དང་། ལྔ་པ་གཟུགས་སོགས་ལ་གནས་པར་བྱའོ་ཞེས་བརྩོན་པར་མི་བྱ་བ་གནས་རྟོག་གི་གཉེན་པོ་དང་། དྲུག་པ་ཨ་མྲའི་འབྲས་བུ་ཟ་འདོད་པས་དེའི་ས་བོན་ཆུད་མི་ཟ་བར་བྱ་བའི་དཔེས་སངས་རྒྱས་ཀྱི་རིགས་ཕྱིན་དྲུག་ལ་བསླབ་ཅིང་དེས་སེམས་ཅན་རྗེས་སུ་བཟུང་བ་རིགས་འཇིག་པའི་གཉེན་པོ་དང་། བདུན་པ་གཞན་གྱི་དྲིང་མི་འཇོག་པ་ཞིང་སྦྱང་བ་སྙིང་པོ་བྱང་ཆུབ་ལ་འདུག་པ་ཆོས་འཁོར་བསྐོར་འདོད་པས་ཕྱིན་དྲུག་ལ་བསླབ་པ་དོན་གཉེར་མེད་རྟོག་གི་གཉེན་པོ་དང་། བརྒྱད་པ་དེའི་འཐད་པར་རྒྱ་མཚོ་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་དཔེས་ཡུམ་འཕགས་པ་ཐམས་ཅད་ཀྱི་རྟོགས་པའི་རྒྱུ་ཡིན་པར་གསུངས་པ་རྒྱུ་མེད་ཀྱི་གཉེན་པོ་དང་། དགུ་པ་འཕོང་གི་སློབ་དཔོན་ལག་ཚོད་དང་འཚམས་པའི་གཞུ་ཐོག་པ་དགྲས་མི་ཐུབ་པའི་དཔེས་ཡུམ་ལ་སྤྱོད་པ་བདུད་སོགས་ཀྱིས་མི་ཐུབ་པར་གསུངས་པ་ཕྱིར་རྒོལ་བ་དམིགས་རྟོག་གི་གཉེན་པོའོ། །དེ་ལྟར་བཤད་པ་འདི་དག་ཀྱང་སྤྱིར་མདོ་ལས་གཉེན་པོའི་ཤུགས་ཀྱིས་སྤང་བྱ་བསྟན་པ་དང་། བསྟན་བཅོས་སུ་སྤང་བྱའི་ཤུགས་ཀྱིས་གཉེན་པོ་བསྟན་པར་གསུངས་པའི་མདོ་ནས་བཤད་པའི་གཉེན་པོ་རྣམས་ཡིན་ཏེ་འདི་དག་ལ་ཕལ་ཆེར་བསྟན་བཅོས་ནས་སྤང་བྱའི་འཛིན་སྟངས་བསྟན་པ་དེ་དག་གི་ཡུལ་གྱི་བཟློག་ཕྱོགས་ཙམ་ཡིན་པས་གཉེན་པོ་དངོས་མ་ཡིན་ཞིང་དོན་དུ་འདི་གཉིས་གང་ལ་རྟོག་ཀྱང་སྤང་བྱ་ཡིན་ནོ། །གཉིས་པ་གཉེན་པོ་མཐོང་ལམ་ལ་གཉིས། ཞར་བྱུང་དང་དཀྱུས་མའོ། །དང་པོ་ཞར་ལས་བྱུང་བ་ལ་གཉིས། མཐོང་རྩེའི་གྲོགས། དེའི་འབྲས་བུའོ། །དང་པོ་མཐོང་ལམ་རྩེ་མོ་དེ་གྲོགས་གང་དང་བཅས་ནས་འབྲས་བུ་བྱང་ཆུབ་ཆེན་པོ་དེ་བསྐྱེད་པ་མཐོང་རྩེའི་གྲོགས་ལ་གཉིས། གཞན་གྱི་རྒྱུད་སྦྱོང་བ་དང་། རང་གི་རྒྱུད་སྦྱོང་བའོ། །དང་པོ་གཞན་གྱི་རྒྱུད་སྦྱོང་བ་ལ་འབྲས་བུ་རྟོགས་པའི་ཆོས་དང་རྒྱུ་ལུང་གི་ཆོས་ལ་འགོད་པ་གཉིས། དང་པོ་ནི་མཐོང་ལམ་སོགས་ཀྱི་རྟོག་པ་བསྐྱེད་དེ་ལུང་སྟོན་པའི་སྒོ་ནས་བྱང་ཆུབ་ལ་འགོད་པའོ། །གཉིས་པ་ནི་བྱང་ཆུབ་དེའི་རྒྱུ་ཡུམ་དོན་སྤྲོས་པ་དང་བྲལ་བའི་ཆོས་སྟོན་པའོ། །གཉིས་པ་རང་གི་རྒྱུད་སྦྱོང་བ་ནི། སྟོང་གསུམ་གྱི་སེམས་ཅན་དགྲ་བཅོམ་པའི་བར་ལ་བཀོད་པ་ལས་ཀྱང་བསོད་ནམས་ཆེས་མང་བའི་མཚན་ཉིད་ཅན་མཐོང་ལམ་གྱི་ཡུམ་མཉམ་གཞག་ཏུ་སྒོམ་ཞིང་རྗེས་ཐོབ་ཏུ་གཞན་ལ་སྟོན་པའོ། །གཉིས་པ་མཐོང་ལམ་གྱི་འབྲས་བུ་བྱང་ཆུབ་ཆེན་པོ་ལ་གཉིས། དོན་ལ་གནས་པའི་བྱང་ཆེན་བསྟན། རྟོག་པས་བཏགས་པའི་བྱང་ཆེན་དགག་པའོ། །དང་པོ་ལ་རྟགས་དགོད་པ་དང་། ཕྱོགས་ཆོས་སྒྲུབ་པ་གཉིས། དང་པོ་ནི་དྲི་མ་རྣམས་ཟད་པ་དང་མི་སྐྱེ་བར་ཤེས་པའི་ཐེག་ཆེན་གྱི་ཤེས་པ་གཉིས་ནི། བྱང་ཆུབ་ཆེན་པོ་ཡིན་ཏེ། དྲི་མ་རྣམས་གདོད་ནས་འགག་པ་དང་སྐྱེ་བ་མེད་པར་རྟོགས་པའི་ཡེ་ཤེས་མཐར་ཕྱིན་པ་ཡིན་པའི་ཕྱིར། གཉིས་པ་ཕྱོགས་ཆོས་སྒྲུབ་པ་ལ་ལུང་གིས་སྒྲུབ་པ་དང་། རིགས་པས་སྒྲུབ་པ་གཉིས། དང་པོ་ལུང་གིས་སྒྲུབ་པ་ནི། དྲི་མ་རྣམས་གདོད་ནས་སྐྱེ་འགག་མེད་པ་ཡིན་ཏེ། དོན་དམ་པར་ཆོས་དབྱིངས་སྤྲོས་བྲལ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར། ནམ་མཁའ་ལ་སྐྱེ་འགག་མེད་པ་བཞིན། རྟགས་གྲུབ་སྟེ་དབུས་མཐའ་ལས། ཆོས་ཀྱི་དབྱིངས་ནི་མ་གཏོགས་པ། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་སོ། །གཉིས་པ་རིགས་པས་སྒྲུབ་པ་ནི། དྲི་མ་རྣམས་གདོད་ནས་སྐྱེ་འགག་མེད་པ་ཡིན་ཏེ། དོན་དམ་པར་བདེན་པའི་དངོས་པོ་མེད་པའི་ཕྱིར་ནམ་མཁའི་པདྨ་བཞིན། འདིའི་རྟགས་སྒྲུབ་པ་ལ་བཞི། ངོ་བོ་ལ་དཔྱོད་པ་གཅིག་དང་དུ་བྲལ། རྒྱུ་ལ་དཔྱོད་པ་རྡོ་རྗེའི་གཟེག་མ། འབྲས་བུ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག །རྟེན་འབྲེལ་གྱི་གཏན་ཚིག་གོ །དང་པོ་གཅིག་དང་དུ་བྲལ་ནི། དོན་དམ་པར་གཅིག་དང་དུ་མ་དང་བྲལ་བ་ནི་རང་བཞིན་མེད་པས་ཁྱབ། དཔེར་ན་གཟུགས་བརྙན་བཞིན་དངོས་པོ་འདི་དག་ཀྱང་གཅིག་དང་དུ་མ་དང་བྲལ་བའོ། །ཞེས་བྱ་བ་ནི་ཁྱབ་བྱེད་མ་དམིགས་པ་སྟེ། དབུ་མའི་རྒྱན་ལས། བདག་དང་གཞན་སྨྲའི་དངོས་འདི་དག །ཡང་དག་ཏུ་ན་གཅིག་པ་དང་། །དུ་མའི་རང་བཞིན་བྲལ་བའི་ཕྱིར། ། རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་སོ། །གཉིས་པ་རྡོ་རྗེ་གཟེག་མ་ནི། གང་དོན་དམ་པར་བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་ལས་མི་སྐྱེ་བ་ལ་སྐྱེ་བ་བདེན་པ་མེད་པས་ཁྱབ། དཔེར་ན་རི་བོང་གི་རྭ་བཞིན། དངོས་པོ་འདི་དག་ཀྱང་དོན་དམ་པར་བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་ལས་སྐྱེ་བ་དང་བྲལ་ལོ། །ཞེས་བྱ་བ་ནི་ཁྱབ་བྱེད་མ་དམིགས་པ་སྟེ་དབུ་མའི་རྩ་བ་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་སོ། ། དེ་ཡང་བདག་ལས་མི་སྐྱེ་སྟེ། དེ་ཉིད་ལས། རྒྱུ་དང་འབྲས་བུ་གཅིག་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །ཞེས་པ་ལྟར་ཕ་དང་བུ་དང་མེ་དང་དུ་བ་དང་། ས་བོན་དང་མྱུ་གུ་སོགས་གཅིག་ཏུ་ཐལ་བས་སོ། །དོན་དམ་པར་གཞན་ལས་མི་སྐྱེ་སྟེ། དེ་ཉིད་ལས། རྒྱུ་དང་འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །ཞེས་པ་ལྟར། ས་བོན་མྱུ་གུའི་རྒྱུར་འདོད་པ་བཞིན་རྡོ་སོལ་ཡང་དེའི་རྒྱུར་ཧ་ཅང་ཐལ་ཏེ། གཞན་ཙམ་དུ་ཁྱད་པར་མེད་ཅིང་གཞན་ཁྱད་པར་ཅན་དཔྱད་ན་མི་འགྲུབ་པས་བསྒྲུབ་བྱ་དང་མཚུངས་པས་སོ། །གཉིས་ཀ་ལས་མི་སྐྱེ་སྟེ་རེ་རེ་ལ་བརྗོད་པའི་སྐྱོན་དུ་འགྱུར་ཞིང་དེ་གཉིས་འགལ་བས་དེ་ཡིན་པ་མི་སྲིད་པས་སོ། །རྒྱུ་མེད་པ་ལས་ཀྱང་མི་སྐྱེ་སྟེ། བྱ་རོག་ལ་ཡང་རྨ་བྱའི་མདོངས་བཀྲ་བ་དང་། མེ་ལ་ཡང་ཆུའི་རང་བཞིན་གྲང་བ་སོགས་དམིགས་པར་ཧ་ཅང་ཐལ་ལ། ཡང་ན་རྨ་བྱ་ལ་ཡང་དེའི་མདོངས་མེད་པ་དང་། ཆུ་ལ་ཡང་གྲང་བ་དམིགས་པར་མི་འགྱུར་ཏེ། རྒྱུ་མེད་དུ་འབྱུང་ན་ཡུལ་དུས་ཐམས་ཅད་དུ་ཡོད་པའམ་གཏན་མེད་དགོས་པས་སོ། །གསུམ་པ་མུ་བཞི་སྐྱེ་འགོག་ནི། གང་དོན་དམ་པར་ཡོད་པ་དང་མེད་པ་དང་གཉིས་ཀ་དང་གཉིས་མིན་མི་སྐྱེ་ན་འབྲས་བུ་བདེན་པ་མི་སྐྱེ་བས་ཁྱབ་སྟེ། དཔེར་ན་མོ་གཤམ་གྱི་བུ་བཞིན། དངོས་པོ་འདི་དག་ཀྱང་དོན་དམ་པར་ཡོད་མེད་གཉིས་ཀ་གཉིས་མིན་གང་ཡང་མི་སྐྱེའོ། །ཞེས་བྱ་སྟེ། སྟོང་ཉིད་བདུན་ཅུ་པ་ལས། ཡོད་པ་ཡོད་ཕྱིར་སྐྱེ་མ་ཡིན། །མེད་པ་མེད་ཕྱིར་སྐྱེ་མ་ཡིན། །ཆོས་མི་མཐུན་ཕྱིར་ཡོད་མེད་མིན། །སྐྱེ་བ་མེད་ཕྱིར་གནས་འགག་མེད། །ཅེས་ཏེ་འདིས་ནི་སྦྱོར་བ་དེའི་ཕྱོགས་ཆོས་རྣམས་ཀྱང་བསྒྲུབ་བོ། །བཞི་པ་རྟེན་འབྲེལ་གྱི་གཏན་ཚིགས་ནི། གང་རྟེན་འབྲེལ་ཡིན་པ་དེ་དོན་དམ་པར་རང་བཞིན་མེད་དེ། དཔེར་ན་སྒྱུ་མ་བཞིན། མདོ་ལས། གང་རྣམས་རྟེན་ཅིང་འབྲེལ་བར་འབྱུང་། །དེ་རྣམས་རང་བཞིན་ཅུང་ཟད་མེད། །ཅེས་སོ། །གཉིས་པ་རྟོག་པས་བཏགས་པའི་བྱང་ཆེན་དགག་པ་ལ་གཉིས། དངོས་པོར་སྨྲ་བའི་ལུགས་དགག །སྟོང་པར་སྨྲ་བའི་ལུགས་གཞག་པའོ། །དང་པོ་ལ་གཉིས། ཁྱབ་བྱེད་མ་དམིགས་པ་དང་། ཁས་བླང་ནང་འགལ་གྱིས་དགག་པའོ། །དང་པོ་ཁྱབ་བྱེད་མ་དམིགས་པ་ནི། དངོས་པོར་སྨྲ་བ་དག་གིས་སྐྱེས་ཟིན་གྱི་དྲི་མ་ལམ་གྱིས་ཟད་པར་བྱས་པ་ལ་དྲི་མ་དེ་དག་བདག་གི་རྒྱུད་ལ་ཟད་དོ་སྙམ་དུ་ཤེས་པ་ནི་ཟད་པ་ཤེས་དང་། སྐྱེ་འགྱུར་གྱི་དྲི་མ་ལམ་གྱིས་མི་སྐྱེ་བར་བྱས་པ་ལ་ཕྱིན་ཆད་བདག་གི་རྒྱུད་ལ་དྲི་མ་མི་སྐྱེའོ་སྙམ་པའི་ཤེས་པ་ནི་མི་སྐྱེ་ཤེས་པ་ཡིན་པར་འདོད་ཅིང་དྲི་མ་དེ་གཉིས་ཀྱང་བདེན་པའི་ངོ་བོར་འདོད་ལ་བྱང་ཆུབ་ཀྱང་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་དེ་ལྟ་བུ་འདོད་དོ། །དེ་ལྟར་དེ་དག་གིས་འདོད་པའི་ཤེས་པ་དེ་གཉིས་ནི་བྱང་ཆུབ་ཆེན་པོར་མི་རུང་སྟེ། དྲི་མ་རྣམས་དོན་དམ་པར་ཟད་སྐྱེ་མེད་པར་ལུང་རིགས་ཀྱིས་གྲུབ་པ་དེའི་ཕྱིར་རོ། །གཉིས་པ་ཁས་བླང་ནང་འགལ་གྱིས་དགག་པ་ལ། ཁས་བླང་འགལ་བའི་རྒྱུ་མཚན་དང་། ཁས་བླང་འགལ་བ་དངོས་སོ། །དང་པོ་ལ་གཉིས། དབུ་མ་པས་སྒྲིབ་པ་རྫོགས་པར་སྤང་ནུས་པ་དང་། དངོས་སྨྲ་བའི་ལྟ་བས་སྤང་མི་ནུས་པའི་རྒྱུ་མཚན་ནོ། །དང་པོ་དབུ་མ་རྣམས་ནི་རྣལ་འབྱོར་གྱི་ས་བཞི་ལ་བརྟེན་ནས་ཆོས་ཐམས་ཅད་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་རང་བཞིན་དུ་རྟོགས་ནས་བདེན་ཞེན་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤང་ནུས་པ་ཡིན་ ནོ། །དེ་ལ་རྣལ་འབྱོར་གྱི་ས་བཞི་ནི། དང་པོ་ཕྱི་ནང་གི་མུ་སྟེགས་པ་རྣམས་ནི་བདག་རྟག་པ་སྐྱེ་འཇིག་གིས་སྟོང་པར་འདོད་པ་ཡིན་ལ། གང་ཀུན་རྫོབ་ཏུ་ཡང་སྐྱེ་བ་དང་འཇིག་པས་སྟོང་པ་ནི་རྟག་པ་དང་བདག་གི་དངོས་པོར་མེད་དེ་རི་བོང་གི་རྭ་བཞིན་ཞེས་གང་ཟག་གི་བདག་མེད་པར་གཏན་ལ་ཕབ་ནས་བདག་ལྟ་ལྷན་སྐྱེས་ཀྱི་དམིགས་ཡུལ་དེ་ལ་དམིགས་ཏེ་རྣམ་བཅད་ལ་བདག་མེད་དང་། ཡོངས་གཅོད་ལ་ཆོས་ཙམ་མོ་སྙམ་དུ་བསྒོམ་པས་བདག་ཏུ་ཞེན་པ་བཟློག་པ་ནི་བདག་མེད་དམིགས་པ་རྣལ་འབྱོར་པའོ། །གཉིས་པ་ནི། གང་ལྷན་ཅིག་དམིགས་པ་ངེས་པ་ནི་རྫས་ཐ་དད་མིན་པས་ཁྱབ། བདེ་བ་དང་དེ་མྱོང་བའི་རིག་པ་བཞིན། སྔོ་སྣང་དང་དེ་འཛིན་ཀྱང་ལྷན་ཅིག་དམིགས་པའི་རྟགས་ལས་དོན་དུ་སྣང་བ་དེ་སྣང་མཁན་གྱི་བློ་ལས་ཕྱི་རོལ་དུ་མེད་པར་གཏན་ལ་ཕབས་ནས། ཡུལ་དུ་སྣང་བ་འདི་ཡོངས་གཅོད་ལ་ནང་གི་སེམས་ཙམ་པ་དང་། རྣམ་བཅད་ལ་ཕྱི་རོལ་གྱི་དོན་མེད་དོ་ཞེས་བསྒོམ་པས་ཕྱི་དོན་གྱི་མངོན་ཞེན་སྤོང་ངོ་། །གསུམ་པ་ནི། གཟུང་བ་མེད་ན་འཛིན་པ་ཡང་མེད་དེ་དེ་གཉིས་ཕན་ཚུན་ལྟོས་པའི་ཕྱིར་རོ་ཞེས་གཏན་ལ་ཕབས་ནས་གཟུང་འཛིན་གཉིས་མེད་དོ་སྙམ་དུ་བསྒོམ་པས་འཛིན་པ་ཙམ་དུ་ཞེན་པ་དེ་ཡང་བསལ་ཏེ། གཉིས་མེད་ཀྱི་ཡེ་ཤེས་ཙམ་ཞེན་པ་ནི་མ་སྤངས་པའོ། །བཞི་པ་ནི། གང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པ་ལ་བདེན་པའི་ངོ་བོ་ཉིད་མེད་པས་ཁྱབ། དཔེར་ན་སྒྱུ་མའི་རྟ་གླང་གི་སྣང་བ་བཞིན། གཉིས་མེད་ཀྱི་རང་རིག་དེ་ཡང་རྟེན་འབྲེལ་ཡིན་ནོ། །ཞེས་གཏན་ལ་ཕབས་ནས་ཆོས་ཐམས་ཅད་སྤྲོས་བྲལ་དུ་བསྒོམ་པས་གཟུང་འཛིན་དང་རང་རིག་ལ་ཞེན་པའི་ཤེས་སྒྲིབ་མ་ལུས་པ་སྤང་ངོ་། །དེས་ན་དབུ་མའི་ལམ་གྱིས་སྒྲིབ་གཉིས་རྫོགས་པར་སྤོང་བ་ཡིན་ནོ། །གཉིས་པ་དངོས་སྨྲ་བའི་ལྟ་བས་སྤང་མི་ནུས་པའི་རྒྱུ་མཚན་ནི། དེ་དག་གིས་གཟུང་འཛིན་དང་རང་རིག་དེ་དག་བདེན་པར་འདོད་པས། དེ་ལྟ་ན་དྲི་མ་དེ་དག་ལ་གཉེན་པོས་གནོད་པ་ཅུང་ཟད་ཀྱང་མི་བྱེད་པར་འགྱུར་ཏེ་དྲི་མ་དེ་དོན་དམ་དུ་ཡོད་པར་འགྱུར་བའི་ཕྱིར། དེ་ཡང་དོན་སྨྲ་གཉིས་ཀྱིས་སེམས་སེམས་བྱུང་གི་དྲི་མ་དང་། རྣམ་རིག་པས་དེ་དག་གཞན་དབང་བདེན་པ་བར་འདོད་པས་དོན་དམ་དུ་གྲུབ་པར་འདོད་དོ། །གཉིས་པ་ཁས་བླང་འགལ་བ་དངོས་ནི། དེས་ན་བཅོམ་ལྡན་འདས་ཀྱིས་ཤེས་སྒྲིབ་རྣམ་པ་ཐམས་ཅད་དུ་སྤངས་པར་འདོད་པ་དང་། གཟུང་འཛིན་དང་རང་རིག་གི་ཆོས་རྣམས་དོན་དམ་པར་ཡོད་པར་ཁས་ལེན་པ་ནི་ཁས་བླང་འགལ་བ་ཡིན་ནོ། །གཉིས་པ་སྟོང་པར་སྨྲ་བའི་ལུགས་བཞག་པ་ནི། རྟེན་འབྲེལ་གྱི་ཆོས་ཉིད་འདི་ལ། དང་པོ་ནས་ཡོད་མ་མྱོང་བས་བདག་གཉིས་བསལ་བར་བྱ་བ་མེད་ལ། ཐོག་མ་དང་ཐ་མ་མེད་པས་བདག་མེད་གཉིས་བཞག་པའམ་བསྣན་པར་བྱ་བ་ཅུང་ཟད་ཀྱང་མེད་དེ། དེ་ལྟར་བདག་ཡོད་མེད་ཀྱི་བསལ་བཞག་དང་བྲལ་བའི་ཆོས་ཉིད་ཡང་དག་པ་ལ་སྒྲོ་སྐུར་དང་བྲལ་བར་ཕྱིན་ཅི་མ་ལོག་པར་ཡང་དག་པར་བལྟས་པས། ཡང་དག་པའི་དོན་བདག་མེད་གཉིས་མཐོང་ན་རིམ་པ་ལྟར་ཉོན་སྒྲིབ་དང་ཤེས་སྒྲིབ་ལས་རྣམ་པར་གྲོལ་བར་འགྱུར་རོ། །གཉིས་པ་དཀྱུས་མའི་དོན་མཐོང་ལམ་དངོས་བཤད་པ་ལ། དངོས་དང་ཇི་ལྟར་སྒོམ་ཚུལ་ལོ། །དང་པོ་མཐོང་ལམ་དངོས་ལ་ནི། དངོས་དང་དེའི་བྱེད་པ་གཉིས། དང་པོ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རེ་རེ་ཡང་ཕན་ཚུན་དྲུག་དྲུག་བསྡུས་པ་གང་ཡིན་པ་སྐད་ཅིག་མ་གཅིག་པའི་བཟོད་པས་བསྡུས་པ་གང་ཡིན་པ་དེ་མཐོང་ལམ་ཡིན་ནོ། །དེ་ཡང་སྐབས་གཞན་དུ་མཐོང་ལམ་སྐད་ཅིག་བཅུ་དྲུག་ཏུ་བཤད་ནས། འདིར་སྐད་ཅིག་གཅིག་དང་དེ་ཡང་བཟོད་པར་བཤད་པ་ནི་མི་འགལ་ཏེ། བཅུ་དྲུག་ཏུ་བཤད་པ་རྗེས་ཀྱི་ངེས་པ་འདྲེན་ཚུལ་དང་། གཅིག་ཏུ་བཤད་པ་མཉམ་གཞག་ན་བདེན་བཞིའི་རང་བཞིན་མཐོང་བ་ལ་ཁྱད་པར་མེད་པར་དགོངས་ཤིང་། བཟོད་པ་སྤང་གཉེན་དངོས་ཡིན་ཞིང་མཐོང་ལམ་འདི་ཡང་རྟོག་པའི་གཉེན་པོར་སྟོན་པའི་སྐབས་ཡིན་པའི་ཕྱིར་རོ། །འདིའི་སྐབས་ཀྱི་ཕྱིན་དྲུག་ཀྱང་ཁ་ཅིག་འདི་རྗེས་ཐོབ་ཡིན་པས་དེས་མཚོན་ནས་མཐོང་རྩེ་བསྟན་པར་བཞེད་ཀྱང་ཕྱིན་དྲུག་སྤྲོས་པ་མི་དམིགས་པའི་རྣམ་པ་ཅན་ཡིན་པས་ངོ་བོར་བྱས་ཆོག་གོ །གཉིས་པ་དེའི་བྱེད་པ་ནི། དེ་ལྟར་མཐོང་ལམ་རྩེ་མོ་དེ་རྫོགས་པའི་ཚེ། སྔར་བཤད་པའི་མཐོང་སྤང་སུམ་ཅུ་རྩ་དྲུག་ལ་ཁམས་གསུམ་གྱིས་བསྡུས་པའི་མཐོང་སྤང་གི་རྟོག་པ་མངོན་གྱུར་བརྒྱ་དང་རྩ་བརྒྱད་ས་བོན་དང་བཅས་པ་སྤང་བར་འགྱུར་རོ། །དེ་ཡང་སྤྱིར་མངོན་གྱུར་སྤང་བས་བག་ལ་ཉལ་སྤང་བས་མ་ཁྱབ་ཀྱང་འདིར་འདས་ལམ་གྱི་སྤོང་བའི་སྐབས་ཡིན་པས་སྐྱོན་མེད་དོ། །སྤོང་ཚུལ་ནི་འདི་དག་དངོས་པོ་ལ་མངོན་པར་ཞེན་པའི་བློས་ཀུན་ནས་བསླང་བ་ཡིན་པས་དེའི་གཉེན་པོར་དངོས་པོ་ཐམས་ཅད་རང་བཞིན་མེད་པར་རྟོགས་ཏེ་གོམས་པར་བྱས་པས་རྒྱུ་དེ་བཟློག་པ་ན་རྟོག་པ་དེ་དག་རང་གི་ངང་གིས་ལྡོག་པར་འགྱུར་རོ། །སྒོམ་སྤང་གི་རྟོག་པ་ལ་ཡང་སྤང་ཚུལ་འདི་ལྟར་རོ། །དེས་ན་རྟོག་པ་རྣམས་གསལ་བའི་དབྱེ་བ་ནི་མཐའ་ཡས་ཀྱང་འདི་དག་གི་རྩ་བ་བདེན་འཛིན་ཡིན་པས། དེའི་གཉེན་པོར་བདེན་མེད་རྟོགས་པ་ཉིད་སྒོམ་པ་ནི་གནད་ཀྱི་དོན་ནོ། །གཉིས་པ་དེ་ཇི་ལྟར་སྒོམ་ཚུལ་ནི། མཉམ་གཞག་ཏུ་སེངྒེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམ་པར་འཇུག་ཅིང་། དེའི་རྗེས་ཐོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ལུགས་འབྱུང་དང་ལུགས་ཟློག་ལ་རྟོགས་པར་བྱེད་དེ། དེ་ལ་མཉམ་གཞག་སེངྒེ་རྣམ་བསྒྱིངས་ནི། འཕགས་སེང་གི་བཞེད་པ་ལྟར་ན། དྲུག་ཚན་དྲུག་གི་མཐོང་རྩེ་ཉིད་ཡིན་ལ། དག་ལྡན་ལྟར་ན། འོག་ཏུ་ཐོད་རྒལ་གྱི་སྦྱོར་བ་ལ་བཤད་པའི་སེངྒེ་རྣམ་བསྒྱིངས་དེ་ཡིན་པར་འཆད་དོ། །འདིར་རྗེས་ཐོབ་རྟེན་འབྲེལ་ལ་རྟོག་པའི་སྐབས་སུ་རྟེན་འབྲེལ་གྱི་མཐའ་ཅུང་ཟད་དཔྱད་པ་ལ་བརྒྱད། སྤྱིའི་མཚན་ཉིད། སོ་སོའི་དབྱེ་བསྡུ། རྐྱེན་དུ་འགྱུར་ཚུལ། རང་རང་གི་བྱེད་ལས། ཚེ་དུ་ལ་རྫོགས་པ། ས་མཚུངས་པའི་རྣམ་བཞག །ཇི་ལྟར་སྒོམ་པའི་ཚུལ། དེ་ལྟར་བསྒོམས་པའི་ཕན་ཡོན་ནོ། །དང་པོ་སྤྱིའི་མཚན་ཉིད་ནི། རྣམ་པར་འབྱེད་པའི་མདོ་ལས། འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་བ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་སོགས་བཀའ་སྩལ་པས་དོན་རིམ་པ་ལྟར། དང་པོ་ནི་ཕྱི་ནང་གི་དངོས་པོ་རྣམས་སྐྱེ་བ་ན་སུས་ཀྱང་བློ་སྔོན་དུ་བཏང་ནས་མ་བྱས་པར་སྤྱིར་རྒྱུ་རྐྱེན་ཡོད་ན་འབྲས་བུ་དེ་འབྱུང་བ་དང་། གཉིས་པ་ནི་རྒྱུ་ཡོད་ཀྱང་རྐྱེན་རྟག་པ་ལས་མི་སྐྱེའི་མི་རྟག་པ་ལས་སྐྱེ་བའོ། །གསུམ་པ་ནི་རྐྱེན་ལས་སྐྱེ་ཞིང་མི་རྟག་ཀྱང་རྒྱུ་ཐམས་ཅད་ལས་འབྲས་བུ་ཐམས་ཅད་མི་འབྱུང་གི་རང་རང་གི་སྐྱེད་པའི་ནུས་པ་དང་ལྡན་པའི་རྗེས་སུ་མཐུན་པའི་རྒྱུ་ལས་སྐྱེ་བའོ། །འདིས་ནི་རྒྱུད་དུ་གཏོགས་མ་གཏོགས་གཉིས་ཀའི་རྟེན་འབྲེལ་ལས་བརྩམས་ནས་ཁྱད་པར་གསུམ་ལྡན་དུ་བསྟན་ཏོ། །དེ་ཡང་ཀུན་བཏུས་ལས། གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་དང་། མི་རྟག་པའི་རྐྱེན་ལས་བྱུང་བ་དང་། ནུས་པའི་རྐྱེན་ལས་བྱུང་བའི་ཕྱིར་རོ་ཞེས་སོ། །གཉིས་པ་སོ་སོའི་དབྱེ་བསྡུ་ལ། དབྱེ་བ་དང་བསྡུ་བའོ། །དང་པོ་དབྱེ་བ་ནི། མ་རིག་པ་ནས་རྒ་ཤིའི་བར་བཅུ་གཉིས་ཏེ། དེ་ཡང་ནང་གི་རྟེན་འབྲེལ་ལས་བརྩམ་པའོ། །འདི་དག་གི་རང་བཞིན་ནི། སྤྱིར་མ་རིག་པ་ལ་ཉོན་མོངས་ཅན་ཡིན་མིན་གཉིས་ཡོད་ཀྱང་། གཉིས་པ་ནི་དགྲ་བཅོམ་པ་རྣམས་ལ་ཡང་མངོན་གྱུར་དུ་ལྡན་པས་སྲིད་པར་སྐྱེ་བ་ལེན་པའི་རྩ་བར་མི་འཐད་པས་དང་པོ་ཡིན་ལ། འདི་ལ་ཡང་ལས་རྒྱུ་འབྲས་དང་དེ་ཁོ་ན་ཉིད་ཀྱི་དོན་ལ་རྨོངས་པ་གཉིས་ཏེ། དེ་ཡང་འདུ་བྱེད་གསུམ་ཀུན་ནས་སློང་བའི་རྒྱུར་གྱུར་པའོ། །འདིས་འདུ་བྱེད་ཇི་ལྟར་ཀུན་ཏུ་སློང་བ་ནི། རྟེན་འབྲེལ་ཙམ་གྱི་ཕུང་པོ་འདིའི་རང་བཞིན་མ་ཤེས་པས་རྨོངས་པ་ན་བདག་ཏུ་འཛིན་ལ་དེ་ལས་ཀྱང་བདག་ལ་ཆགས་པར་འགྱུར་བས། གང་གི་ཚེ་བདག་ལ་ལྷག་པར་ཆགས་པ་དེའི་ཚེ་བདག་ལ་བདེ་བར་འདོད་ཅིང་སྡུག་བསྔལ་བར་མི་འདོད་དོ། །དེ་ལ་ཡང་བདག་ཚེ་འདི་ཙམ་ལ་བདེ་བར་འདོད་པས་ནི། མི་དགེ་བ་ལ་འཇུག་པས་ངན་འགྲོའི་རྒྱུ་བསོད་ནམས་མ་ཡིན་པ་དང་། ཚེ་ཕྱི་མ་ལ་བདེ་བར་འདོད་པས་ནི། དགེ་བ་བཅུ་ལ་འཇུག་པས་ལྷ་མིའི་རྒྱུ་བསོད་ནམས་དང་། བདེ་སྡུག་གི་འགྱུར་བའི་སྡུག་བསྔལ་དང་བྲལ་བ་གཙོ་བོར་བཏང་སྙོམས་ཀྱི་བདེ་བ་ལ་སྲེད་པས་ནི། བསམ་གཏན་དང་གཟུགས་མེད་ལ་འཇུག་པས་ཁམས་གོང་མའི་རྒྱུ་མི་གཡོ་བའི་ལས་མངོན་པར་འདུ་བྱེད་དེ། དེ་ལྟར་ན་ལས་གསུམ་མངོན་པར་འདུ་བྱེད་པའི་རྩ་བ་ནི་མ་རིག་པའོ། །དེ་ལྟར་མ་རིག་པ་གང་གིས་ལས་གང་སློང་བ་ནི། ཀུན་བཏུས་ལས། རྨོངས་པ་ནི་གཉིས་ཏེ། འབྲས་བུ་རྣམ་པར་སྨིན་པ་ལ་རྨོངས་པ་དང་། དེ་ཁོ་ནའི་དོན་ལ་རྨོངས་པའོ། །འབྲས་བུ་རྣམ་པར་སྨིན་པ་ལ་རྨོངས་པ་ལས་མི་དགེ་བའི་འདུ་བྱེད་རྣམས་འབྱུང་ངོ་། །དེ་ཁོ་ནའི་དོན་ལ་རྨོངས་པ་ལས་ནི་བསོད་ནམས་དང་མི་གཡོ་བའི་འདུ་བྱེད་རྣམས་སོ། །ཞེས་སོ། །དེ་ལྟར་གསུངས་པ་ཡང་དུས་ཀྱི་ཀུན་སློང་ལ་དགོངས་ཀྱི་རྒྱུའི་ཀུན་སློང་ནི་དེ་ཁོ་ན་ཉིད་ལ་རྨོངས་པ་གཅིག་པུ་སྟེ་སྔར་བཤད་པ་ལྟར་རོ། །དེའི་ཕྱིར་ཡན་ལག་བཅུ་གཉིས་ཀྱི་དང་པོ་ཡང་དེ་ཁོ་ནའོ། །འདི་ཡང་སྲིད་འཕེན་བྱེད་ཡིན་ཞིང་བདེན་པ་མཐོང་བ་ལ་འཕེན་བྱེད་མེད་པར་རྟེན་འབྲེལ་མདོ་འགྲེལ་ལས་གསུངས་པས་མཐོང་སྤང་གི་མ་རིག་པར་དོན་གསུང་བཞེད་དོ། །འོན་ཀྱང་འཐད་པར་མི་སྣང་སྟེ། མཐོང་སྤང་ནི་གྲུབ་མཐས་བློ་བསྒྱུར་བ་ལས་བྱུང་བའི་ཀུན་བརྟགས་ལ་ཐོགས་མེད་ཀྱིས་བཤད་ལ་བྱ་དང་རི་དྭགས་སོགས་གྲུབ་མཐས་བློ་ཡེ་མ་བསླད་དེས་ཀྱང་མ་རིག་པས་བསླད་པའི་ལས་གསོག་པ་དང་། མ་རིག་པ་འདི་ནི་སྲིད་པའི་ཉེས་པ་རྣམས་ཀྱི་རྩ་བ་ཡིན་ལ། དེ་ཡང་ཐོགས་མེད་སྐུ་མཆེད་ཀྱིས་ཉོན་ཡིད་འཁོར་གྱི་མ་རིག་པ་ཉིད་ལ་བཞེད་པའི་ཕྱིར་རོ། །དེས་ན་སྒོམ་སྤང་དུ་རིགས་སོ། །འོ་ན་འཕགས་པ་ལ་འཕེན་བྱེད་ཀྱི་མ་རིག་པ་ཡོད་པར་ཐལ། ཉོན་ཡིད་ཡོད་པའི་ཕྱིར་ཞེ་ན། འཕེན་བྱེད་ཀྱི་མ་རིག་པ་ཉོན་ཡིད་ཀྱི་འཁོར་ཡིན་པར་འདོད་ཀྱི། དེ་ལ་སྔ་མས་ཁྱབ་པར་མ་སྨྲས་ན་ཅིའི་ཕྱིར་ཀླན་ཀར་འགྱུར། གལ་ཏེ་སྒོམ་སྤང་ཡིན་པས་འཕགས་པ་ལ་ཡོད་དོ་ཞེ་ན། སྒོམ་སྤང་ཡིན་ཀྱང་འཕགས་པ་ལ་མེད་པ་ནི་དུ་མ་ཞིག་བཤད་དེ། དཔེར་ན་ཡུལ་ལ་དམིགས་པའི་ཞེ་སྡང་དྲུག་པོ་བཞིན་ནོ། །གཉིས་པ་འདུ་བྱེད་ནི། མ་རིག་པས་བསླང་བའི་ལས་ཏེ། འདི་ལ་གསུམ་མོ། །གསུམ་པ་རྣམ་ཤེས་ནི། ལས་དེས་བསླང་བའི་སེམས་རྒྱུད་དེ། འདི་ལ་ཡང་ལས་བསགས་དུས་ཀྱི་དེ་རྒྱུ་དུས་དང་སྐྱེ་གནས་སུ་ཉིང་མཚམས་སྦྱར་བ་དེ་འབྲས་དུས་ཀྱི་རྣམ་ཤེས་སོ། །དེ་ཡང་ཀུན་གཞི་བཞེད་པ་རྣམས་ཀྱི་ལུགས་ཀྱིས་དེ་ཡིན་ལ། དེ་ལས་གཞན་པ་རྣམས་ལྟར་ན་ཡིད་ཤེས་སོ། །བཞི་པ་མིང་གཟུགས་ནི། ཚོར་སོགས་བཞིའི་མིང་དང་། ནུར་ནུར་པོ་སོགས་ཀྱི་གཟུགས་སོ། །ལྔ་པ་སྐྱེ་མཆེད་ནི། མིང་གཟུགས་འཕེལ་བས་མིག་ནས་ཡིད་ཀྱི་བར་རྫོགས་པ་སྟེ་མིང་གཟུགས་ཀྱི་ཚེ་དབང་པོ་དང་པོ་བཞི་མེད་དོ། །དྲུག་པ་རེག་པ་ནི། ཡུལ་དབང་རྣམ་ཤེས་གསུམ་འདུས་པ་ལས་བྱུང་བ་ཡུལ་ཡིད་དུ་འོང་བ་སོགས་གསུམ་གཅོད་པ་སྟེ་རྟེན་གྱི་སྒོ་ནས་དྲུག་གོ །བདུན་པ་ཚོར་བ་ནི། རིག་པས་ཡུལ་གསུམ་བཅད་པ་ལས་སིམ་གདུང་སོགས་ཀྱི་ངོ་བོར་སྐྱེས་པའི་མྱོང་བ་སྟེ་སྔར་ལྟར་དྲུག་གོ །བརྒྱད་པ་སྲེད་པ་ནི། ཚོར་བ་གསུམ་ཉམས་སུ་མྱོང་བའི་རྐྱེན་ཅན་གྱི་སྲེད་པ་སྟེ། སྡུག་བསྔལ་གྱིས་གཟིར་བ་ན་བདེ་བ་འདུན་པ་འདོད་སྲེད། བསམ་གཏན་དང་པོ་གསུམ་ན་བདེ་བ་དང་བཞི་པ་ན་བཏང་སྙོམས་ལ་འདུན་པ་གཟུགས་སྲེད། གཟུགས་མེད་བཞི་ན་བཏང་སྙོམས་ལ་འདུན་པ་གཟུགས་མེད་ཀྱི་སྲེད་པ་གསུམ་མོ། །དགུ་པ་ལེན་པ་ནི། སྲེད་པ་དེ་ཉིད་ཤས་ཆེར་འཕེལ་བའོ། །དེ་ཡང་ཡུལ་གྱི་སྒོ་ནས་བཞི་སྟེ། དེ་ལ་འདོད་པ་ཉེ་བར་ལེན་པ་ནི། འདོད་ཡོན་ལྔ་དང་། ལྟ་བ་ཉེ་བར་ལེན་པ་ནི་ལྟ་ངན་རེ་གཉིས་དང་། ཚུལ་ཞུགས་ཉེ་བར་ལེན་པ་ནི། འཆལ་ཁྲིམས་སྤོང་བ་དང་། ཁྱི་དང་བ་ལང་སོགས་ཀྱི་བརྟུལ་ཞུགས་དང་། བདག་སྨྲ་ཡོད་པས་བདག་སྨྲ་སྟེ་ལུས་སམ་འདིས་བདག་གོ་ཞེས་སྨྲ་བ་བདག་སྨྲ་སྟེ་བདག་ལྟ་དང་། ངའོ་སྙམ་པའི་ང་རྒྱལ་ལ་འདུན་ཞིང་ཆགས་པའོ། །བཅུ་པ་སྲིད་པ་ནི། ལེན་པའི་མཐུས་ཡང་སྲིད་ཀྱི་སྐྱེ་བ་འགྲུབ་ནུས་སུ་རྟས་པར་བྱས་པའི་ལས་སོ། །འདི་ལ་འགྲོ་བ་དྲུག་དང་བར་དོ་ལས་ཀྱི་སྲིད་པ་དང་བདུན་བཤད་ཀྱང་དང་པོ་དྲུག་ཞར་བྱུང་ཙམ་མོ། །བཅུ་གཅིག་པ་སྐྱེ་བ་ནི། ལས་དེའི་མཐུས་སྐྱེ་གནས་སུ་ཉིང་མཚམས་སྦྱར་བའི་ཕུང་པོ་ལྔ་སྟེ་སྐྱེ་གནས་བཞིར་དབྱེའོ། །བཅུ་གཉིས་པ་རྒ་ཤི་ནི། སྐྱེས་པ་ནས་བཟུང་སྟེ་ན་ཚོད་གཞན་དུ་འགྱུར་བ་དང་། རིས་མཐུན་འདོར་བ་སྟེ་ལུས་འགྱུར་བ་སོགས་དང་དུས་དུས་མིན་དུ་འཆི་བར་དབྱེའོ། །རྒ་ཤི་གཉིས་གཅིག་ཏུ་བཞག་པ་ནི། རྒ་བ་མེད་པར་འཆི་བ་འབྱུང་བས་ཡན་ལག་རིམ་ཅན་དུ་མ་ངེས་པའི་རྒྱུ་མཚན་གྱིས་ཡིན་ལ། མྱ་ངན་དང་སྨྲེ་སྔགས་འདོན་པ། སྡུག་བསྔལ་བ་ཡིད་མི་བདེ་བ། འཁྲུགས་པ་རྣམས་ཀྱང་གོ་རིམ་མ་ངེས་ཤིང་འགའ་ཞིག་ཡིད་བདེ་བཞིན་དུ་འཆི་བས་ཡན་ལག་ཏུ་མ་བཞག་ཅིང་ཞར་བྱུང་དུ་གསུངས་པ་ནི། གཞན་ལ་ཉེས་དམིགས་བསྟན་ནས་སྐྱོ་བ་བསྐྱེད་པའི་ཆེད་དོ། །གཉིས་པ་བསྡུ་བ་ལ་གཉིས། ཡན་ལག་མདོར་བསྡུ་བ་དང་། ཀུན་ནས་ཉོན་མོངས་པར་བསྡུ་བའོ། །དང་པོ་ཡན་ལག་མདོར་བསྡུས་ན་འཕེན་བྱེད་དང་། འཕང་བ་དང་། མངོན་པར་འགྲུབ་པའི་ཡན་ལག་སྟེ་བཞིའོ། །དེ་ལ་དང་པོ་ནི། ཡན་ལག་དང་པོ་གསུམ་སྟེ་གང་གིས་ན་མ་རིག་པའི་རྐྱེན་ཅན་གྱི་འདུ་བྱེད་ཀྱིས་སོ། །ཇི་ལྟར་ན་རྣམ་ཤེས་ལ་ལས་ཀྱི་བག་ཆགས་བགོས་པའི་ཚུལ་གྱིས་སོ། །གཉིས་པ་འཕང་བ་ནི། གང་འཕང་ན་མིང་གཟུགས་ནས་ཚོར་བའི་བར་བཞིའོ། །གསུམ་པ་འགྲུབ་བྱེད་ནི། ཡན་ལག་གསུམ་སྟེ། གང་གིས་ན་སྲེད་པའི་རྐྱེན་ཅན་པས་སོ། །ཇི་ལྟར་ན་རྣམ་ཤེས་ལ་ལས་ཀྱི་བག་ཆགས་ཡོད་པ་རྣམས་སྲིད་པར་བྱས་པའི་ཚུལ་གྱིས་སོ། །བཞི་པ་ནི་གང་མངོན་པར་འགྲུབ་ན་སྐྱེ་བ་དང་རྒ་ཤིའོ། །འདི་དག་ཀྱང་སྐྱེ་བ་ལེན་པའི་རྒྱུ་འབྲས་སྐོར་གཅིག་ལ་སྦྱར་ན། འཕེན་བྱེད་མ་རིག་པས་ཀུན་ནས་བསླང་བའི་ལས་དེ་ཉིད་སྲེད་ལེན་གྱིས་གསོས་བཏབ་ནས་མིང་གཟུགས་སོགས་འགྲུབ་རུང་བྱས་པ་ནི་སྲིད་པ་ཡིན་ལ། ཕྱི་མ་ལ་འབྲས་དུས་ཀྱི་རྣམ་ཤེས་སྐྱེས་པ་ནི་སྐྱེ་བ་དང་། མིང་གཟུགས་ནས་ཚོར་བའི་བར་དུ་འགྱུར་བ་ནི་རྒ་ཤི་ཡིན་ཏེ་སྔར་འཕངས་པ་དེ་ཉིད་གྲུབ་པའི་སྐབས་སོ། །འདི་ནི་སློབ་དཔོན་ཐོགས་མེད་ཀྱིས་སེམས་ཅན་བྱེ་བྲག་པའི་སྐྱེ་བ་ལེན་ཚུལ་སྟོན་པ་ན། སྲེད་སོགས་མིང་གཟུགས་ཀྱི་གོང་དུ་དྲངས་ནས་མདོའི་དགོངས་པ་བླང་བའི་དོན་ལྟར་ཡིན་ལ་མདོ་ནས་ཡན་ལག་བཅུ་གཉིས་སྔ་མ་ལས་ཕྱི་མ་འཇུག་པར་བསྟན་པ་ནི། སྤྱི་ཙམ་ནས་འཁོར་བར་འཇུག་པ་ན་སྔོན་གྱི་མ་རིག་པས་ལས་བསགས་པ་ལས་མིང་གཟུགས་ལ་སོགས་པས་ལུས་གྲུབ་ཅིང་དེ་ལས་ཡང་སྲེད་སོགས་ཀྱི་ལས་ཉོན་སྐྱེས་ནས་ཡང་སྲིད་པར་སྐྱེ་བ་སོགས་སུ་འགྱུར་བར་བསྟན་གྱི། སེམས་ཅན་བྱེ་བྲག་པ་གཅིག་གི་མ་རིག་པ་ནས་རྒ་ཤིའི་བར་གྱི་སྐྱེ་བ་ལེན་ཚུལ་ལ་དགོངས་པ་མིན་ནོ། །གཉིས་པ་ཀུན་ནས་ཉོན་མོངས་པར་བསྡུ་བ་ནི། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ཡིན། ཞེས་དབུ་མ་རྟེན་འབྲེལ་སྙིང་པོ་ལས་བཤད་པ་བཞིན་ནོ། ། གསུམ་པ་རྐྱེན་དུ་འགྱུར་ཚུལ་ནི། ཀུན་བཏུས་ལས། ཡན་ལག་སྔ་མ་རྣམས་ཀྱིས་ཕྱི་མ་ལ་ཅི་རིགས་པར་རྐྱེན་བཞི་བྱེད་པར་གསུངས་ཏེ། དེ་ཡང་རིག་པས་རིག་པ་ལ་རྐྱེན་བཞི་དང་། རིག་པས་གཟུགས་ཅན་ལ་བདག་རྐྱེན་གཅིག་པུ་དང་། གཟུགས་ཅན་གྱིས་རིག་པ་ལ་དེ་དང་དམིགས་རྐྱེན་གཉིས་དང་། གཟུགས་ཅན་གྱི་གཟུགས་ཅན་ལ་རྒྱུ་དང་བདག་རྐྱེན་གཉིས་བྱེད་དོ། །དང་པོ་ལ་མ་རིག་པས་འདུ་བྱེད་སེམས་པའི་རྐྱེན་བྱེད་ཚུལ་ལ་མཚོན་ན་མ་རིག་པའི་བག་ཆགས་ལས་འདུ་བྱེད་སྐྱེ་བ་དང་། དེའི་འཕེན་པའི་ཤུགས་ཀྱིས་ཆགས་པར་འཇུག་པ་དང་། རྨོངས་དུས་ན་མཆོག་མ་ཡིན་པ་ལ་དེར་ཡིད་ལ་བྱེད་པར་དམིགས་པ་འཇུག་པ་དང་། དེའི་དབང་གིས་དེ་དང་མཚུངས་ལྡན་དུ་འབྱུང་བ་རྣམས་དམིགས་པ་ལ་ཕྱིན་ཅི་ལོག་ཏུ་བྱེད་པས། རིམ་པ་ལྟར་རྒྱུ་ནས་བདག་རྐྱེན་གྱི་བར་བྱེད་དེ་གཞན་ལ་ཡང་དེ་ལྟར་སྦྱར་རོ། །ཐེག་བསྡུས་ལས། བདག་རྐྱེན་གཅིག་པུ་བྱེད་པར་གསུངས་པ་དང་མི་འགལ་ཏེ། དེ་ནི་ངེས་པ་ལ་དགོངས་ལ་ཀུན་བཏུས་ཀྱི་སྲིད་པ་ལ་དགོངས་པས་སོ། །ས་ལས་རྒྱུ་རྐྱེན་མ་གཏོགས་པ་གསུམ་བྱེད་པ་གསུངས་པ་དང་ཡང་མི་འགལ་ཏེ། དེ་ནི་དོན་དམ་པའི་རྒྱུ་རྐྱེན་ཀུན་གཞི་ཉིད་ཡིན་པ་ལ་དགོངས་ལ། ཀུན་བཏུས་ལས། ཐ་སྙད་པའི་རྒྱུ་རྐྱེན་གྱི་དབང་དུ་མཛད་པས་སོ། ། བཞི་པ་བྱེད་ལས་ལ། འདྲ་བའི་བྱེད་ལས་དང་། མི་འདྲ་བའི་བྱེད་ལས་གཉིས་ལས། དང་པོ་འདྲ་བའི་བྱེད་ལས་ནི། སྔ་མ་སྔ་མས་ཕྱི་མ་ཕྱི་མ་སྐྱེད་པའོ། །གཉིས་པ་མི་འདྲ་བའི་བྱེད་ལས་ནི། དབུས་མཐའ་ལས། སྒྲིབ་པའི་ཕྱིར་དང་འདེབས་པའི་ཕྱིར། །འཁྲིད་པའི་ཕྱིར་དང་ཀུན་འཛིན་ཕྱིར། །རྫོགས་བྱེད་ཕྱིར་དང་གསུམ་གཅོད་ཕྱིར། །ཉེ་བར་སྤྱོད་ཕྱིར་སྡུད་པའི་ཕྱིར། ། སྦྱོར་བའི་ཕྱིར་དང་མངོན་དུའི་ཕྱིར། །དུཿཁ་ཕྱིར་ནི་འགྲོ་ཉོན་མོངས། །ཞེས་གསུངས་ཏེ། ཐ་མ་གཉིས་སྐྱེ་བའི་རྒྱུར་བསྡུས་ནས་གཅིག་དང་། གཞན་རྣམས་རེ་རེ་ཞིང་སྦྱར་རོ། །ལྔ་པ་ཚེ་དུ་ལ་རྫོགས་པ་ནི། སྤྱིར་སྐྱེ་གནས་བཞི་ལས་རྫུས་སྐྱེས་ནི། དབང་པོ་དང་ཡན་ལག་ཉིང་ལག་རྣམས་སྐྱེ་ན་ཡང་ཅིག་ཆར་འགྲུབ་ཅིང་། འཆི་བ་ན་ཡང་དབང་པོ་རྣམས་ཅིག་ཆར་འགགས་ལ། གཞན་གསུམ་ནི་གཉིས་ཀ་ཡང་རིམ་གྱིས་སོ། །དེས་ན་མིང་གཟུགས་སོགས་རིམ་གྱིས་གྲུབ་པ་རྫུས་སྐྱེས་ལ་དོར་རོ། །འདོད་གཟུགས་ན་ནི་ཡན་ལག་བཅུ་གཉིས་ཚང་བར་ཡོད་དོ། །གཟུགས་ན་འདུ་བྱེད་རྙིང་པ་དང་དེངས་བའི་རྒ་བ་ཡོད་ཅིང་གཞན་ཡང་ཡོད་པས་སོ། །གཟུགས་མེད་ན་ཡན་ལག་བཞི་པའི་ཕྱེད་དང་། ལྔ་པའི་སྐྱེ་མཆེད་ལྔ་མེད་ལ་གཞན་ཡོད་དུ་རུང་ངོ་། །དེ་ལ་མྱུར་ན་ཚེ་གཉིས་ལ་བཅུ་གཉིས་རྫོགས་སྲིད་དེ། དཔེར་ན་འདོད་པའི་མི་ཞིག་འདོད་ལྷར་སྐྱེ་བའི་ལས་མ་རིག་པའི་སྟོབས་ཀྱིས་རྣམ་ཤེས་ལ་བསགས་ནས་འཆི་ཁ་ཚུན་ལ་སྲེད་ལེན་གྱིས་གསོས་པས་སྲིད་པ་ལས་ནུས་ལྡན་དུ་བྱས་ན་ཚེ་དེ་ལ་དྲུག་དང་། ཕྱི་མ་ལ་འབྲས་དུས་ཀྱི་རྣམ་ཤེས་དང་བཅས་པའི་ཡན་ལག་བདུན་འགྲུབ་པས་སོ། ། བར་དོའི་ཚེ་ཟུར་དུ་མ་བརྩིས་སོ། །བུ་ལ་ཡང་ཚེ་གསུམ་ལས་རིང་བར་མི་སྲིད་དེ། འཕེན་བྱེད་གསུམ་ཚེ་གཅིག་དང་། འགྲུབ་བྱེད་གསུམ་ཡང་གཅིག་ལ་ཚང་བར་འོང་ཞིང་དེ་དང་སྐྱེ་རྒ་གཉིས་བར་མ་ཆད་དུ་འོང་ལ་འཕེན་བྱེད་དང་འགྲུབ་བྱེད་ཀྱི་བར་དུ་ཚེ་དུ་མས་ཆོད་པ་སྲིད་པས་སོ། །དེའི་ཕྱིར་རིང་བའི་ཚེ་མ་ངེས་ཤེ་ན། འཕེན་འགྲུབ་ཀྱི་བར་དུ་ཚེ་དུ་མས་ཆོད་ཀྱང་རྟེན་འབྲེལ་གཞན་གྱི་ཚེ་ཡིན་པས་ཉེས་པ་མེད་དོ། །དྲུག་པ་ས་མཚུངས་པའི་རྣམ་བཞག་ནི། རྒྱུ་འབྲས་ཡན་ལག་འདི་དག་ས་གཅིག་པའམ་ཐ་དད་པ་གང་ཞེ་ན། གཉིས་ཀ་མ་ངེས་སོ། ། འདི་ཇི་ལྟར་ཞེ་ན། ས་ནི་གསུམ་སྟེ་འཆི་ས་སྐྱེ་ས་དེ་ལས་གཞན་པའི་སའོ། །དེ་ལ་ས་འོག་མའི་རྟེན་ལ་ནི་ས་དེ་དང་གོང་སར་སྐྱེ་བའི་ལས་གསོགས་པ་ཡོད་ལ་གོང་མའི་རྟེན་ལ་འོག་མར་སྐྱེ་བའི་ལས་གསོགས་པ་མེད་དོ། །རང་སའི་རྟེན་ལ་ས་དེར་སྐྱེ་བའི་ལས་གསོགས་པ་ཡང་ཡོད་དེ། ཡན་ལག་དང་པོ་དང་རྒྱུ་དུས་ཀྱི་རྣམ་ཤེས་ནི་ལས་གང་དུ་བསགས་པའི་དེར་གཏོགས་ཏེ། མ་རིག་པ་ནི་ཉོན་ཡིད་ཀྱི་འཁོར་དང་རྣམ་ཤེས་ཀུན་གཞི་ཡིན་ལ་རྟེན་དེའི་རྣམ་ཤེས་དེ་གཉིས་ཀྱང་ས་དེ་པ་ཡིན་པས་སོ། །གལ་ཏེ་འདོད་པ་ལ་ཆགས་བྲལ་གྱི་བྱིས་པ་ཁམས་གོང་དུ་སྐྱེ་བའི་ལས་གསོགས་པ་ན་འདོད་པའི་ཉོན་མོངས་མེད་པས་དེའི་མ་རིག་པ་འདོད་པར་མི་གཏོགས་ཤེ་ན། འདི་ལ་མཛོད་པ་རྣམས་དེའི་རྒྱུད་ལ་གོང་མའི་ཉོན་མོངས་ཡོད་པས་དེས་ཀུན་ནས་བསླང་བའི་ལས་གསོགས་པར་འདོད་ཀྱང་འདིར་ནི་ཉོན་ཡིད་ཁས་ལེན་ལ་དེ་བྱིས་ལམ་གྱིས་གཞོམ་མི་ནུས་ཤིང་འདོད་པར་གཏོགས་པས་སྐྱོན་མེད་དོ། །གལ་ཏེ་ས་གཞན་གྱི་མ་རིག་པས་ས་གཞན་གྱི་ལས་ཀུན་ནས་སློང་ན་གོང་སའི་རྟེན་ལ་འོག་སར་སྐྱེ་བའི་ལས་ཅི་སྟེ་མི་སོག་ཅེ་ན། རྟེན་དེ་ལ་འོག་མར་སྐྱེ་བའི་ཉོན་མོངས་ཐམས་ཅད་མེད་པ་དང་། ས་ཐ་དད་ཀྱིས་བཅད་པའི་རྟེན་ཁྱད་པར་ཅན་ཐོབ་པས་འོག་སའི་དམན་ལས་གསོགས་པ་ལ་མི་གུས་པས་སོ། །འདུ་བྱེད་ནི་སྐྱེ་སར་དེར་གཏོགས་ཏེ་ས་གཞན་གྱི་ལས་ཀྱིས་ས་གཞན་གྱི་ཕུང་པོ་འཕེན་མི་ནུས་པས་སོ། །འབྲས་དུས་ཀྱི་རྣམ་ཤེས་དང་བཅས་པ་བདུན་ཡང་སྐྱེ་ས་ཁོ་ནར་གཏོགས་སོ། །སྲེད་ལེན་ལ་དོན་གསལ་ལས་སྐྱེ་སར་གཏོགས་པར་བཤད་ཀྱང་། འོག་ས་ནས་གོང་སར་སྐྱེ་བ་ལ་ས་གོང་མའི་ཉོན་མོངས་མངོན་དུ་གྱུར་ཡོད་པས་རིགས་སུ་ཆུག་ཀྱང་། གོང་སའི་སྐྱེ་སྲིད་ཀྱི་རྟེན་ལ་འོག་སའི་ཉོན་མོངས་མངོན་དུ་གྱུར་ཡོད་པ་ཆོས་མངོན་པར་སྤྱི་ལུགས་དང་མི་མཐུན་ཞིང་རིག་པ་ས་མི་འཐོབ་པས་གོང་མ་ནས་འོག་མར་སྐྱེ་བ་མི་འགྲིག་གོ །འོན་ཀྱང་སྲིད་པ་ནི་ཁམས་གོང་མ་ནས་འདོད་པའི་བདེ་འགྲོ་ངན་འགྲོ་གཉིས་ཀར་སྐྱེ་ཡང་སྐྱེ་སར་གཏོགས་སོ། །ངན་འགྲོར་སྐྱེ་བ་ལ་ནི་དེའི་ཚེ་མི་དགེ་བའི་བག་ལ་ཉལ་ཙམ་མོ། །གལ་ཏེ་བདེན་པ་མཐོང་བ་ལ་འཕེན་པ་མེད་ན་ཕྱིར་མི་འོང་སྤེལ་ན་སྒོམ་པ་དེས་གནས་གཙང་མར་སྐྱེ་བ་མི་རིགས་ཏེ། དེར་སྐྱེ་བ་ལ་བསམ་གཏན་ཟག་མེད་སྐྱེད་དགོས་ལ་སོ་སྐྱེའི་དུས་སུ་ཟག་མེད་མ་ཐོབ་ཅིང་འཕགས་བའི་ཚེ་ལས་མི་བསགས་པའི་ཕྱིར་ཞེ་ན། དེ་ལ་འབྲས་བུ་ཆེར་སྐྱེ་བའི་ལས་ཐོག་མེད་ནས་ཡོད་ལ། དེ་སྤེལ་མས་གནས་གཙང་དུ་སྐྱེ་བའི་རྒྱུར་བསྒྱུར་བས་ཉེས་པ་མེད་ཅེས་དོན་གསང་ལས་འཆད་པ་ལྟར་ཁས་བླང་ལ། འཕགས་པ་ཆགས་བཅས་གཉིས་འདོད་པར་སྐྱེ་བ་ཡང་ལས་བསགས་པ་ནི་སོ་སྐྱེའི་དུས་ཡིན་པར་རིག་པར་བྱའོ། །མཛོད་པ་ལྟར་ན་ས་དེ་དང་དེར་སྐྱེ་བའི་ཉོན་མོངས་མ་སྤངས་ན་འཕགས་པས་ཀྱང་དེས་ཀུན་ནས་བསླང་བའི་ལས་འཕེན་པར་འདོད་པ་འདྲའོ། །བདུན་པ་ཇི་ལྟར་སྒོམ་པའི་ཚུལ་ནི། ལུགས་འབྱུང་དང་ལུགས་ཟློག་སྒོམ་པའོ། །དེ་གཉིས་གང་ན། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་དང་སོགས་པས། སྐྱེ་བའི་རྐྱེན་གྱི་རྒ་ཤི་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་འབྱུང་བ་ལ་སོ་སོར་རྟོག་ཅིང་འདི་ལྟར་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པོ་འདི་འབྱུང་ངོ་ཞེས་རྟོག་པ་དང་། སྐྱེ་བ་འགགས་པས་རྒ་ཤི་འགག་སོགས་ནས་མ་རིག་པ་འགགས་པས་འདུ་བྱེད་འགག་གོ་ཞེས་པའི་བར་ལ་སོ་སོར་རྟོག་ཅིང་དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་འདི་འགག་གོ་ཞེས་རྟོག་པ་གཉིས་སོ། །འདི་གཉིས་ནི་ཀུན་ཉོན་གྱི་ལུགས་མཐུན་དང་རྣམ་བྱང་གི་ལུགས་བཟློག་གཉིས་ཡིན་ལ་དེ་གཉིས་ཀྱིས་མཚོན་ནས་རྣམ་བྱང་གི་ལུགས་མཐུན་དང་ཀུན་ཉོན་གྱི་ལུགས་བཟློག་ཀྱང་ཤེས་པར་བྱའོ། །ཅིའི་ཕྱིར་ལུགས་བཟློག་དང་ལུགས་མཐུན་ཡིན་ཞེ་ན། དང་པོར་སྐྱེ་བ་ཕྱིས་དང་། ཕྱིས་སྐྱེ་བ་དང་པོར་དང་དེ་ལས་བཟློག་ནས་དཔྱད་པས་སོ། །དེ་ལྟར་ཀུན་ཉོན་དང་རྣམ་བྱང་གི་ལུགས་འབྱུང་ལྡོག་བཞི་བཞག་པ་ནི་བདེན་པའི་ཚུལ་བསྟན་པའི་དབང་དུ་བྱས་པ་ཡིན་ཏེ། སྐྱེ་རྒ་གཉིས་ལས་ཉོན་གྱི་རྣམ་སྨིན་མཐར་ཐུག་པ་ཡིན་པས་སྡུག་བདེན་ཡིན་པའི་ཕྱིར། རྒ་ཤི་ནས་འབྱུང་བ་དང་དེ་འགག་པར་རྟོག་པ་ནི་སྡུག་བདེན་དང་དེ་འགག་པའི་འགོག་བདེན་ལ་མཁས་པར་བྱ་བའི་ཕྱིར་ཡིན་ལ། མ་རིག་པ་ནས་འབྱུང་བ་དང་དེ་ནས་འགོག་པར་རྟོག་པ་ནི་ཀུན་འབྱུང་དང་ལམ་ལ་མཁས་པའི་ཕྱིར་ཡིན་ཏེ། མ་རིག་པ་དང་འདུ་བྱེད་གཉིས་ནི་ཀུན་འབྱུང་བདེན་པ་ཡིན་ལ། དེ་འགོག་བྱེད་ནི་ལམ་ཡིན་པའི་ཕྱིར་རོ། །བརྒྱད་པ་དེ་ལྟར་བསྒོམ་པའི་ཕན་ཡོན་ནི། འཁོར་བར་འཇུག་ལྡོག་ལ་མཁས་ཤིང་དེ་ལ་འདོར་ལེན་བྱས་པས་ལེན་པ་མེད་པར་མྱ་ངན་ལས་འདའ་བའོ། །དེ་ལྟ་བུའི་ཡན་ལག་བཅུ་གཉིས་ནི་སྐྱེ་འགག་གི་རྫས་སུ་གྲུབ་པའི་བདག་ཉིད་དུ་དངོས་སྨྲ་བ་རྣམས་འདོད་ལ། འདིའི་ངང་ཚུལ་སྤྲོས་པའི་མཐའ་བརྒྱད་ཀྱིས་དབེན་པར་འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལས་འོང་བ་ཡིན་ནོ། །གསུམ་པ་སྒོམ་ལམ་རྩེ་མོ་བཤད་པ་ལ་གསུམ། རྟེན་སྒོམ་ལམ། སྤང་བྱ་རྣམ་རྟོག །བརྟེན་པ་ཡོན་ཏན་ནོ། །དང་པོ་རྟེན་སྒོམ་ལམ་ལ། དངོས་དང་རྩོད་སྤང་གཉིས། དང་པོ་ལ། སྦྱོར་བ་སེངྒེ་རྣམ་བསྒྱིང་དང་། དངོས་གཞི་ཐོད་རྒལ་གྱི་ཏིང་འཛིན་གཉིས། དང་པོ་སེངྒེ་རྣམ་བསྒྱིང་ནི། སྙོམས་འཇུག་དགུ་ལ་ལུགས་མཐུན་དུ་ཡར་སོང་ཞིང་ལུགས་མི་མཐུན་དུ་མར་འོང་བའི་སེངྒེ་རྣམ་བསྒྱིང་ཕྲུགས་གཉིས་སོ། །འདི་ལ་འགོག་པ་ལ་ཞུགས་ཐེབ་གཅིག་ལས་མེད་པས་གནས་བཅུ་བདུན་ནོ། །གཉིས་པ་དངོས་གཞི་ལ་སོང་བ་དང་འོང་བ་གཉིས། དང་པོ་ལ་འགོག་པ་དང་མ་སྤེལ་བ་དང་སྤེལ་བའོ། །དང་པོ་ནི་བསམ་གཏན་དང་པོ་ནས་འགོག་པའི་བར་མཐར་ཆགས་སུ་འགྲོ་བ་སྟེ་འདི་ལ་གནས་དགུའོ། ། གཉིས་པ་འགོག་པ་དང་སྤེལ་བ་ནི། སྙོམས་འཇུག་ལ་བརྒྱད་དང་འགོག་པ་བརྒྱད་སྤེལ་ནས་ལུགས་མཐུན་དུ་འགྲོ་ཞིང་། སྲིད་རྩེ་དང་སྤེལ་བའི་འགོག་པ་ལས་ལངས་ནས་སླར་ཡང་སྲིད་རྩེ་དང་། དེ་ལས་ལངས་ནས་འདོད་སེམས་ལ་གནས་པ་སྟེ་འདི་ལ་གནས་བཅོ་བརྒྱད་ཡོད་དོ། ། འདི་ནི་ཁྲི་བརྒྱད་སྟོང་པ་ལྟར་ཡིན་ལ། ལེ་བརྒྱད་མ་ལྟར་ན་མཐའི་འགོག་པ་ནས་སྲིད་རྩེར་ནུབ་པ་མེད་པར་འདོད་སེམས་ལ་གནས་པས་གནས་བཅུ་བདུན་ནོ། །གཉིས་པ་འོང་བ་ནི་སྙོམས་འཇུག་དགུ་དང་འདོད་སེམས་དགུ་སྤེལ་ནས་ལུགས་མི་མཐུན་དུ་འགྲོ་བའི་ཐོད་རྒལ་ཏེ་འདི་ལ་གནས་བཅོ་བརྒྱད་དོ། །འདིར་འགོག་པ་དང་འདོད་སེམས་གཉིས་ལ་སྤེལ་བ་ནི་ཞི་བ་དང་མ་ཞི་བའི་མཐར་ཐུག་ཡིན་པས་འདི་གཉིས་དང་སྤེལ་ནུས་ན་གཞན་དང་སྤེལ་སླ་བ་ལ་དགོངས་སོ། །གཉིས་པ་དེ་ལ་རྩོད་པ་སྤང་བ་ནི། མཛོད་ལས། བསམ་གཏན་དང་གཟུགས་མེད་ཀྱིས་བརྒྱད་ལ་ཟག་བཅས་བརྒྱད་ཟག་མེད་བདུན་ཏེ་གཉིས་སུ་བྱས་ནས་དེ་གཉིས་ལ་སོ་སོར་ལུགས་མཐུན་ལུགས་མི་མཐུན་ལ་མཐར་ཆགས་སུ་འགྲོ་འོང་བྱེད་པ་གཉིས་ནི་རིང་སྦྱོར་དང་། དེ་ནས་སྲིད་རྩེ་དོར་བའི་ཟག་བཅས་བདུན་དང་ཟག་མེད་བདུན་ལ་སོ་སོར་རེ་རེ་བར་དུ་བོར་བའི་སོང་འོང་གཉིས་ནི་ཉེ་སྦྱོར་རོ། །དེ་ནས་ཟག་བཅས་བསམ་གཏན་དང་པོ་ནས། ཟག་མེད་གསུམ་པ་དང་། དེ་ནས་ཟག་བཅས་ནམ་མཁའ་དང་། དེ་ནས་ཟག་མེད་ཅི་ཡང་མེད་དུ་སོང་བ་དང་རྣམ་པ་དེ་ལྟ་བུའི་སླར་འོང་བ་ནི་ཟག་པ་ཡོད་མེད་རིས་མི་མཐུན་སྤེལ་ནས་གསུམ་པར་འགྲོ་བ་དངོས་གཞི་སྟེ། གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་ཀྱི་རྟེན་ཅན་གྱི་དགྲ་བཅོམ་པ་འཇུག་པར་བྱ་བ་དེ་ལྟ་བུ་ལ་ཐོད་རྒལ་དུ་བཤད་པ་ཡིན་ན་འདིར་དེ་དང་མི་མཚུངས་པར་བཤད་པ་འདི་ནི་མི་འཐད་དོ་ཞེ་ན་དེ་དང་འདི་གཉིས་ཐོད་རྒལ་གྱི་མིང་མཚུངས་ཀྱང་། དོན་མི་འདྲ་བས་སྐྱོན་མེད་པ་ཡིན་ནོ། །གཉིས་པ་སྤང་བྱ་རྟོག་པ་ལ་གཉིས། །གཟུང་རྟོག་དང་། འཛིན་རྟོག་གོ །དང་པོ་གཟུང་རྟོག་ལ་གཉིས། འཇུག་པ་གཟུང་རྟོག་དང་། ལྡོག་པ་གཟུང་རྟོག་གོ །དང་པོ་ལ་དགུ་ལས་མདོ་རྒྱས་གཉིས་ནི། དེ་བཞིན་གཤེགས་པས་ཆོས་དེ་དག་མདོ་དང་རྒྱས་པར་བསྟན་ན་དེ་ལ་བྱང་ཆེན་བླ་མེད་རྫོགས་བྱང་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་མདོ་དང་རྒྱས་པར་ཀུན་ཆུབ་པར་བགྱིའོ། །ཞེས་སོ། །སངས་རྒྱས་ཀྱིས་བསྟངས་པ་ནི། འཇིག་རྟེན་གྱི་ཁམས་གྲངས་མེད་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་། འཚོ་སྐྱོང་བ་དང་ཆོས་སྟོན་པ་དེ་དག་ཀྱང་བྱང་ཆེན་ཡུམ་ལ་སྤྱོད་པ་དེ་དག་ལ་དགོངས་པར་མཛད་དོ། །ཞེས་སོ། །སངས་རྒྱས་ཀྱིས་བསྟངས་པ་ནི། རྒྱན་སྣང་རྟོག་དཀའ་རྣམ་འགྲེལ་རྣམས་སུ་སངས་རྒྱས་ཀྱི་མགོན་དང་བཅས་པར་ཞེས་པ་སྒྱུར་བ་དང་དོན་གཅིག་གོ །དུས་གསུམ་གྱི་ཡོན་ཏན་ནི། བྱང་ཆེན་གང་དེ་ལྟར་བསྟན་པའི་ཡུམ་ལ་གནས་པ་འདི་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །ཞེས་སྦྱོར་ལམ་དང་། ཡུམ་མངོན་པར་སྒྲུབ་པ་དང་། ཞེས་མཐོང་ལམ་དང་། ཡུམ་སྒོམ་པར་བྱེད་པ་སྟེ་དེ་ལ་ཕན་ཡོན་འདི་དག་ཡོད་པར་རིག་པར་བྱའོ། ། ཞེས་སྒོམ་ལམ་གྱི་ཡོན་ཏན་གསུངས་སོ། །ལེགས་ལམ་གསུམ་ནི། གཟུགས་ཞི་བ་དང་། གཟུགས་རག་ལས་པ་དང་། གཟུགས་གསོགས་དང་གཟུགས་སྙིང་པོ་མེད་པས་ཡུམ་ལ་སྤྱད་པར་བྱའོ། །ཞེས་སོ། །ཡུལ་ལ་ཕྱིན་ཅི་ལོག་གི་དངོས་པོ་འགོག་པས་ཞི་བ་དང་། རྐྱེན་དབང་ཡིན་པས་ཡ་མ་བརླ་དང་། རང་བཞིན་སྟོང་པས་གསོག །དཔྱད་མི་བཟོད་པས་སྙིང་པོ་མེད་པའོ། །འདི་ནི་སྦྱོར་ལམ་མོ། །ནམ་མཁའ་ལྟར་སྟོང་ཉིད་རྟོགས་ཏེ་ཡུམ་ལ་མངོན་པར་སྒྲུབ་པ་ཉིད་ཀྱིས་ཏེ་ནམ་མཁའ་སྟོང་པ་ཉིད་མངོན་པར་སྒྲུབ་པར་བྱའོ་ཞེས་མཐོང་ལམ། རང་བཞིན་མཐོང་བ་སྒོམ་པར་བྱེད་པ་ཉིད་ཀྱིས་ཏེ། ནམ་མཁའ་སྟོང་པ་ཉིད་དུ་སྒོམ་པས་ཡུམ་ལ་བསྒོམ་པར་བྱའོ། །ཞེས་སྒོམ་ལམ་མོ། །འདིའི་སྐབས་སུ་རྩ་བ་ལས་སངས་རྒྱས་ཀྱིས་བསྟངས་པས་མ་བཟུང་བ་ཞེས་དང་། དུས་གསུམ་ཡོན་ཏན་མེད་པ་ཞེས་གསུངས་ལ། ཉི་སྣང་དང་ལེ་བརྒྱད་མར་མདོ་རྒྱས་མི་ཤེས་པ་དང་། སངས་རྒྱས་ཀྱིས་བསྟངས་པ་མེད་པ་དང་། ལམ་གསུམ་གྱི་ཡོན་ཏན་མེད་པ་དང་། དེ་གསུམ་མི་ཤེས་པའི་རྟོག་པ་ཞེས་བཤད་དོ། །དེ་ལྟར་ན་མདོ་ནས་གསུངས་པ་རྣམས་འདི་དག་གི་གཉེན་པོའོ། །དུས་གསུམ་ཡོན་ཏན་མེད་པ་ཡང་སློབ་དཔོན་གྱིས་འདས་པ་སྦྱོར་ལམ། ད་ལྟ་བ་མཐོང་ལམ། མ་འོངས་སྒོམ་ལམ་ལ་སྦྱར་ནས། འདས་པ་འགག་པ་དང་། མ་འོངས་མ་སྐྱེས་པ་དང་། ད་ལྟ་བ་སྐྱེ་བ་མེད་པ་དུས་གསུམ་ཡོན་ཏན་མེད་པར་བཤད་ལ་ཉི་སྣང་ལས། སྤྱིར་སྦྱོར་མཐོང་སྒོམ་གསུམ་གྱི་དུས་ལ་མཛད་ནས་འདས་སོགས་དང་མ་སྦྱོར་རོ། །སངས་རྒྱས་ཀྱིས་མ་བསྟངས་པ་དང་དུས་གསུམ་ཡོན་ཏན་མེད་པ་འཇུག་ཡུལ་དུ་མི་རུང་བས་དེ་གསུམ་ལས་ཟློག་པའོ། །ཞེས་འབུམ་པ་གསུངས་སོ། ། གཉིས་པ་ལྡོག་པ་གཟུང་རྟོག་ནི། མདོ་ལས་གཉེན་པོ་ཟློག་ཕྱོགས་དགུ་བསྟན་པའི་སྒོ་ནས་གསུངས་ཏེ། དེ་ཡང་ཡུམ་ལ་ཡུན་རིང་པོ་ཇི་སྲིད་ཅིག་ཏུ་སྤྱད་ན་ཡུམ་ལ་སྤྱད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་ནས། ཞེས་སེམས་མི་སྐྱེ་བའི་གཉེན་པོ་དང་། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་ཡུམ་ལ་སྤྱད་པར་བྱའོ་ཞེས་བྱང་ཆུབ་སྙིང་པོ་ཡིད་ལ་མི་བྱེད་པའི་གཉེན་པོ་དང་། ཡིད་ལ་བྱ་བ་གཞན་གྱི་གོ་སྐབས་མི་བྱེ་བས་ཡུམ་ལ་སྤྱད་པར་བྱའོ་ཞེས་ཉན་རང་ཡིད་བྱེད་གཉིས་ཀྱི་གཉེན་པོ་དང་། རྣམ་མཁྱེན་ཡིད་ལ་བྱ་བ་མི་འདོར་བས་ཇི་ལྟར་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་མི་འཇུག་པ་དེ་ལྟར་ཡུམ་ལ་སྤྱད་པར་བྱའོ། །ཞེས་པ་རྫོགས་བྱང་ཡིད་ལ་མི་བྱེད་པའི་གཉེན་པོ་དང་། སྒོམ་པར་བྱེད་པས་རྣམ་མཁྱེན་ཐོབ་བམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །ཞེས་སྒོམ་པའི་གཉེན་པོ་དང་། འོ་ན་ཅི་ལགས་མ་བསྒོམ་པས་རྣམ་མཁྱེན་ཐོབ་བམ། བཀའ་སྩལ་པ། དེ་ནི་མ་ཡིན་ནོ། །ཞེས་བསྒོམ་པ་མེད་པའི་གཉེན་པོ་དང་། འོ་ན་ཅི་ལགས་བསྒོམས་ཀྱང་བསྒོམས་ལ་མ་བསྒོམས་ཀྱང་མ་བསྒོམ་པས་རྣམ་མཁྱེན་ཐོབ་བམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་མ་ཡིན་ནོ། །ཞེས་བསྒོམ་མ་བསྒོམ་ལས་བཟློག་པའི་གཉེན་པོ་དང་། འོ་ན་ཐམས་ཅད་མཁྱེན་པ་ཉིད་ཇི་ལྟ་ཐོབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་ཇི་ལྟར་བ་བཞིན་ནོ། །ཞེས་ཇི་བཞིན་དོན་མིན་གྱི་གཉེན་པོ་དང་དགུའོ། །གཉིས་པ་འཛིན་རྟོག་ལ་གཉིས། རྫས་འཛིན་དང་བཏགས་འཛིན་རྟོག་པའོ། །དང་པོ་རྫས་འཛིན་དགུ་ནི། མདོ་ལས། སྔར་ལྟར་གཉེན་པོའི་སྒོ་ནས་གསུངས་ཏེ། བདག་གམ་སེམས་ཅན་ནམ་སྲོག་གམ་གང་ཟག་མི་དམིགས་ན་ཇི་ལྟར་བདག་གི་ཁམསས་དང་སེམས་ཅན་གྱི་ཁམས་དང་གང་ཟག་གི་ཁམས་གདགས་པར་བྱ། ཞེས་སེམས་ཅན་བཏགས་རྟོག་གི་གཉེན་པོ་དང་། བྱང་ཆེན་ཡུམ་ལ་སྤྱོད་པས་གཟུགས་ལ་བསླབ་པར་མི་བགྱི་སོགས་ཀྱི་ཆོས་བཏགས་རྟོག་གི་གཉེན་པོ་དང་། ཆོས་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པར་མཐོང་བས་མངོན་པར་འདུ་བྱ་བ་མེད་པ་ལ་བསླབ་པར་བྱའོ། ། ཞེས་སྟོང་མིན་གྱི་གཉེན་པོ་དང་། བྱང་ཆེན་དམིགས་པ་ལ་མི་ཆགས་མི་དམིགས་པ་ལ་མི་ཆགས་པ་ལགས་ན། ཞེས་ཆགས་པའི་གཉེན་པོ་དང་། བླ་མེད་རྫོགས་བྱང་གི་བར་དུ་ཆོས་རྣམས་རབ་ཏུ་དབྱེ་བར་མི་བྱའོ། །ཞེས་རབ་འབྱེད་ཀྱི་གཉེན་པོ་དང་། གང་གི་ཕྱིར་ཡང་བྱང་ཆེན་ཡུམ་ལ་མི་སྤྱོད་དོ། །ཞེས་དངོས་པོར་བྱེད་པའི་གཉེན་པོ་དང་། འོ་ན་ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་དང་ཐེག་པ་གསུམ་པོ་འདི་དག་རྣམ་པར་དགོད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་མ་བྱས་མངོན་པར་འདུས་མ་བྱས་པའི་ཆོས་རྣམས་ལ་ནི་རྣམ་པར་དགོད་པ་གང་ཡང་དམིགས་སུ་མེད་དོ། །ཞེས་པ་ཐེག་གསུམ་དུ་རྟོག་པའི་གཉེན་པོ་དང་། དེ་བཞེན་གཤེགས་པ་དང་དེའི་སྤྲུལ་པ་ལ་ཡོན་བསྟབ་པ་ནི་དེ་ལྟར་དོན་ཆེ་ཞིང་དེ་ལྟར་ངོ་མཚར་ཆེའོ་ཞེས་ཡོན་མ་དག་པའི་གཉེན་པོ་དང་། འདི་ནི་ཡུམ་མོ་འདི་ནི་ཡུམ་གྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མི་བྱའོ། ། ཞེས་སྤྱོད་པ་རྣམ་འཁྲུག་གི་གཉེན་པོའོ། །གཉིས་པ་བཏགས་འཛིན་དགུ་ནི། མདོ་ལས། རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ལམ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ཞེས་སོགས་ཀྱི་ཀུན་མཁྱེན་གསུམ་ལ་སྒྲིབ་པའི་གཉེན་པོ་དང་། ཡུམ་འདིས་ཆོས་ཐམས་ཅད་ཀྱི་མཆོག་གི་ཚུལ་ཕྱེད་དེ་ཆོས་དེ་དག་འཁོར་བ་མ་དམིགས་པས་དེའི་ཕྱིར་ཡུམ་ཞེས་བྱའོ། །ཞེས་ཞི་ལམ་ལ་རྨོངས་པའི་གཉེན་པོ་དང་། ཡུམ་འདི་ནི་ཆོས་གང་གིས་ཀྱང་ལྡན་པའམ་མི་ལྡན་པའམ་བསྟན་དུ་ཡོད་པའམ་བསྟན་དུ་མེད་པའམ། ཐོགས་པ་དང་བཅས་པའམ་ཐོགས་པ་མེད་པ་མ་ཡིན་ཞེས་དེ་བཞིན་ཉིད་སོགས་ལ་རྨོངས་པའི་གཉེན་པོ་དང་། ཡུམ་འདི་ནི་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་དང་གང་ཟག་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ནས་མུ་སྟེགས་ཅན་གཞན་གྱི་བར་དང་སྡིག་པའི་གྲོགས་པོ་རྣམས་ཀྱིས་མི་ཆོད་མི་འཕྲོག་པའོ། །ཞེས་མི་མཉམ་པར་རྨོངས་པའི་གཉེན་པོ་དང་། བྱང་ཆེན་ཡུམ་ཟབ་མོ་འདིའི་དོན་ལ་དཔྱད་པས་མི་རྟག་པའི་དོན་ལ་སྤྱད་པར་བྱའོ། །དེ་བཞིན་དུ་སྡུག་བསྔལ་དང་བདག་མེད་དང་སྡུག་བསྔལ་ཤེས་པའི་དོན་ལ་སྤྱད་པར་བྱའོ་ཞེས་བདེན་པ་ལ་རྨོངས་པའི་གཉེན་པོ་དང་། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་བདག་གི་དོན་ཞེའམ་དོན་མ་ཡིན་ཞེས་དཔྱད་པར་མི་བྱའོ། །ཞེས་ཉོན་མོངས་ལ་རྨོངས་པའི་གཉེན་པོ་དང་། གཉིས་སུ་མ་མཆིས་པའི་ཆོས་ཐོབ་པར་བགྱིད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཡིན་ནོ། ། ཞེས་གཉིས་མེད་ལ་རྨོངས་པའི་གཉེན་པོ་དང་དགུའོ། །འདིའི་སྐབས་སུ་ཉི་སྣང་དང་ལེ་བརྒྱད་མར་ཀུན་རྨོངས་རྟོག་པའི་ངོ་བོར་བཞེད་ལ་འགྲེལ་བ་ཆེ་ཆུང་གཉིས་སུ་ཀུན་རྨོངས་རྟོག་པའི་ཡུལ་དུ་བཞེད་དོ། །རྟོག་པ་བཞི་པོ་འདི་དག་གི་འཛིན་སྟངས་དང་གཉེན་པོས་སྤོང་ཚུལ་རྣམས་ནི་མཐོང་སྤང་དང་འདྲའོ། །གསུམ་པ་བརྟེན་པ་སྒོམ་ལམ་གྱི་ཡོན་ཏན་ནི། དཔེར་ན་སྐྱེས་བུ་ལ་ལ་ཞིག་ལྗང་བུ་སྐྱེད་པར་འདོད་པ་ལ་སྐྱེས་བུ་དེས་ལྗང་བུ་དེའི་རྩ་བ་མ་དམིགས་ཡལ་ག་དང་། སྡོང་པོ་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་མ་དམིགས་པར་ལྗང་བུ་དེའི་སྡོང་བུ་སྐྱེད་དེ་དུས་དུས་སུ་ཆུས་བྲན་ཞིང་དེའི་སྡོང་བུ་རིམ་གྱིས་ཡལ་ག་ཕུན་སུམ་ཚོགས་པར་གྱུར། དེ་བཞིན་དུ་ལོ་མ་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པར་གྱུར་ནས་དེ་ལྗང་བུ་དེའི་ལོ་མ་མེ་ཏོག་འབྲས་བུ་ལ་སྤྱོད་པ་དེ་བཞིན་དུ་བྱང་ཆེན་རྣམས་ཀྱང་སེམས་ཅན་རྣམས་ཀྱི་ཕྱིར་བླ་མེད་རྫོགས་བྱང་དུ་ཡང་དག་པར་འཇུག་སྟེ་དེ་དག་རིམ་གྱིས་ཕར་ཕྱིན་དྲུག་ལ་སྤྱོད་ཅིང་རྣམ་མཁྱེན་ཐོབ་པར་བྱེད་དེ། དེ་དག་ལོ་མ་དང་མེ་ཏོག་དང་འབྲས་བུ་ལྟར་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་རོ། །ཞེས་སོ། །དེ་ཡང་ལོ་མ་ནི་སེམས་ཅན་ངན་སོང་ལས་འདྲེན་པ་དང་། མེ་ཏོག་ནི་ལྷ་མིར་སྐྱེ་བ་དང་། འབྲས་བུ་ནི་འབྲས་བུ་ལྔ་དང་རྣམ་མཁྱེན་ཐོབ་པར་མདོ་ལས་གསུངས་སོ། །འདིའི་སྐབས་སུ་རྩ་བར། འབྲས་བུ་མཆོག་གིས་སྤ་བ་ཡི། ཞེས་པའི་དོན་ཡང་ཉི་སྣང་ལས་ཤིང་ལྗོན་པ་གཞན་གྱིས་སྤྱད་བྱའི་འབྲས་བུའི་ཁུར་གྱིས་ནོན་པ་ལྟར་བྱང་སེམས་དེ་སེམས་ཅན་རྣམས་ཀྱི་ཉེར་འཚོའི་རྒྱུ་འབྲས་བུ་ལྔ་གཞན་ལ་སྟེར་བའི་མཐུས་སྤ་བ་ལ་གསུངས་སོ། །དེ་ལྟར་རྟེན་སྒོམ་ལམ་དང་། རྣམ་རྟོག་སྤོང་བ་དང་ཡོན་ཏན་རྟེན་པའི་སྒོམ་ལམ་གསུམ་ལས་དང་པོ་གཉིས་སྒོམ་ལམ་དགུ་ག་དང་ཕྱི་མ་འདི་ས་བཅུ་པ་ལ་བཞག་གོ །བཞི་པ་བར་ཆད་མེད་པའི་རྩེ་མོ་ལ་གསུམ། བར་ཆད་མེད་རྩེའི་ངོ་བོ་རྒྱུ་སྤང་བྱའོ། ། དང་པོ་ངོ་བོ་ནི། ཐེག་དམན་གྱི་དགྲ་བཅོམ་ཞུགས་པ་ལྟ་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལམ་གཞན་གྱིས་བར་མ་ཆོད་ཅིང་བསོད་ནམས་ཀྱི་སྟོབས་དེ་བཞིན་གཤེགས་པ་དང་མཉམ་པ་བྱང་ཆུབ་སེམས་དཔའ་ས་བཅུ་པའི་ཏིང་ངེ་འཛིན་ནོ། །གཉིས་པ་རྒྱུ་ནི། རབ་འབྱོར་རྣམ་མཁྱེན་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པ་བདག་པོ་ནི་དྲན་པ་རྣམ་པ་ནི་ཞི་བ། མཚན་ཉིད་ནི་མཚན་ཉིད་མེད་པ་ཡིན་ཏེ་ཞེས་སོ། །མདོ་ཚིག་ཕྱི་མ་འདིས་ཞི་བ་ལ་རྣམ་པར་བཤད་པ་གཉེན་པོས་གསར་དུ་བཞག་པ་ཡིན་ནམ་སྙམ་པ་བཟློག་ནས་གདོད་མ་ནས་ཞི་བར་བསྟན་པའི་ཕྱིར་ཡིན་ཞེས་ཉི་སྣང་བ་ལས་གསུངས་སོ། །དེ་ལྟར་ཉི་སྣང་དང་ལེ་བརྒྱད་མ་དག་ལྡན་རྣམས་སུ་རྣམ་མཁྱེན་དང་། འགྲེལ་པ་ཆེ་ཆུང་གཉིས་དང་སྙིང་མཆོག་སོགས་སུ་བར་རྩེའི་དམིགས་པ་སོགས་ཡིན་པར་གསུངས་པ་ནི་མི་འགལ་ཏེ། དེ་གཉིས་ཀ་ཡང་དམིགས་རྣམ་རྗེས་སུ་མཐུན་པས་ཕན་ཚུན་མཚོན་པའི་ཆེད་དོ། །འདིར་དམིགས་རྣམ་དང་བདག་རྐྱེན་བཤད་པའི་རྒྱུ་མཚན་ནི་གོང་དུ་བར་རྩེ་རྣམ་མཁྱེན་གྱི་བར་ཆད་མེད་པའི་རྒྱུར་བཤད་པ་ན་དེའི་དེ་མ་ཐག་རྐྱེན་དུ་བཤད་པ་དེ་ལས་འཕྲོས་ནས་དེའི་དམིགས་རྐྱེན་སོགས་ཀྱང་བསྟན་པ་སྟེ། འདིས་ནི་རྣམ་མཁྱེན་གྱི་མཐུན་རྐྱེན་ཚང་བ་དང་ལོག་རྟོག་གིས་ནི་བར་རྩེའི་སྐབས་སུ་འགལ་རྐྱེན་ཐམས་ཅད་དང་བྲལ་བར་བསྟན་པས་བར་རྩེ་རྣམ་མཁྱེན་གྱི་བར་ཆད་མེད་པའི་རྒྱུ་ཉིད་དུ་སྒྲུབ་པའི་ཕྱིར་ཡིན་ནོ། །གསུམ་པ་སྤང་བྱ་ལ་གཉིས། དངོས་ཀྱི་དོན་དང་། དེས་ཟབ་པར་འཕངས་པའོ། །དང་པོ་དངོས་ཀྱི་དོན་ལ་གསུམ། བསལ་བྱ་རྣམ་རྟོག ། སེལ་བྱེད་ཀྱི་ལན། བསལ་ནས་ཏིང་ངེ་འཛིན་སྐྱེ་ཚུལ་ལོ། །དང་པོ་བསལ་བྱ་རྣམ་རྟོག་ལ་བཞི། ཡུལ་གང་ལ་རྟོག་པ། ཚུལ་ཇི་ལྟར་རྟོག་པ། །དེ་ལྟར་རྟོག་པའི་རྒྱུ་མཚན། ལོག་པར་རྟོག་མཁན་གྱི་གང་ཟག་གོ །དང་པོ་གང་ལ་རྟོག་པ་ནི་སྔར་བཤད་པའི་བར་རྩེའི་དམིགས་པ་དང་རྣམ་པ་ལའོ། །གཉིས་པ་ཚུལ་ཇི་ལྟར་རྟོག་པ་ནི། དེ་དག་མི་འཐད་དོ། །ཞེས་སེམས་པ་སྟེ་ངོ་བོ་ནི་ཐེ་ཚོམ་མོ། །འོ་ན་ལོག་ཤེས་སུ་འགལ་སྙམ་ན། གཞན་གྱི་ཁས་བླང་འགལ་བས་མི་འཐད་སྙམ་པ་ཙམ་མ་གཏོགས་པ་རང་གིས་མཐའ་གཅིག་ཏུ་མ་ངེས་པ་ཉིད་ཀྱིས་ན་ཐེ་ཚོམ་སྟེ་ལྟོས་ས་ཐ་དད་ལ་ལྟོས་ནས་བློ་གཉིས་སུ་འགྱུར་རོ། །ཡང་ན་ཚད་མའི་སྟོབས་ཀྱིས་ངེས་པ་མ་རྙེད་པས་ཕུགས་ཐེ་ཚོམ་ལས་མི་འདའ་བ་ལ་དགོངས་སོ། །གསུམ་པ་ནི་བདེན་གཉིས་འགལ་བར་འཛིན་པའི་ཚུལ་གྱིས་སོ། །དེ་ཡང་ཡུལ་མེད་པས་དམིགས་པ་མི་འཐད་པ་དང་། རྟོགས་བྱ་མེད་པས་རྟོགས་ཚུལ་མི་འཐད་པ་དང་། ཤེས་བྱ་མེད་པས་ཀུན་མཁྱེན་མི་འཐད་པ་དང་། དབྱེ་བ་མེད་པས་བདེན་གཉིས་མི་འཐད་པ་དང་། འཁོར་གསུམ་མེད་པས་སྦྱིན་སོགས་མི་འཐད་པ་དང་། རྟོགས་བྱ་མེད་པས་སངས་རྒྱས་མི་འཐད་པ་དང་། འགོག་ལམ་མེད་པས་ཆོས་མི་འཐད་པ་དང་། འཕེལ་འགྲིབ་མེད་པས་དགེ་འདུན་མི་འཐད་པ་དང་། འཁོར་གསུམ་ལ་མི་དམིགས་པས་ཐབས་མཁས་མི་འཐད་པ་དང་། ཡོད་མེད་དུ་མི་རྟོག་པས་ཐུབ་པའི་རྟོག་པ་མི་འཐད་པ་དང་། རྟག་སོགས་མེད་པས་ཕྱིན་ཅི་ལོག་གི་རྟོག་པ་མི་འཐད་པ་དང་། འབྲས་བུ་མངོན་དུ་མི་བྱེད་པས་བྱང་སེམས་ཀྱི་ལམ་གསུམ་སྒོམ་པ་མི་འཐད་པ་དང་། བླང་བྱ་མེད་པས་གཉེན་པོ་མི་འཐད་པ་དང་། དོར་བྱ་མེད་པས་མི་མཐུན་ཕྱོགས་མི་འཐད་པ་དང་། མཚན་གཞི་མེད་པས་མཚན་ཉིད་མི་འཐད་པ་དང་། བསྒོམ་བྱ་མེད་པས་སྒོམ་པ་མི་འཐད་དོ་ཞེས་འཛིན་པའོ། །བཞི་པ་ལོག་པར་རྟོག་མཁན་ནི། བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་བདེན་གཉིས་སུ་ཡོད་མེད་མི་འགལ་བའི་ཚུལ་མི་ཤེས་པའི་སྒོ་ནས་རྩོད་པ་རབ་ཏུ་སྨྲ་བའི་སྐྱེ་བོ་ཐམས་ཅད་ཀྱིས་ལོག་པར་རྟོག་གོ །འདིའི་སྐབས་སུ་བདེན་གཉིས་ཀྱི་མཐའ་ཅུང་ཟད་དཔྱད་པ་ལ་གཉིས། བདེན་གཉིས་གཏན་ལ་དབབ་དགོས་པ་དང་། གཏན་ལ་དབབ་བྱ་བདེན་གཉིས་ཀྱི་རང་བཞིན་ནོ། །དང་པོ་ནི་རྒྱལ་བ་རྣམས་ཀྱིས་ཇི་སྙེད་ཅིག་གསུངས་པ་དེ་ཐམས་ཅད་ནི་བདེན་གཉིས་ལས་བརྩམས་པ་འབའ་ཞིག་ཡིན་ཏེ། ཡབ་སྲས་མཇལ་བ་ལས། འཇིག་རྟེན་མཁྱེན་པས་གཞན་ལས་མ་གསན་པར། །བདེན་པ་འདི་གཉིས་ཉིད་ཀྱིས་སྟོན་པར་མཛད། །གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །ཞེས་དང་། དབུ་མའི་རྩ་བ་ལས་ཀྱང་། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། ། དམ་པའི་དོན་གྱི་བདེན་པའོ། །ཞེས་དང་། བདེན་གཉིས་ལས། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བར་འགྱུར། །ཞེས་དང་། དབུ་མ་སྙིང་པོར། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་དོན་དམ་ཁང་ཆེན་གྱི། །སྟེང་དུ་འཛེག་པར་འགྱུར་བ་ནི། མཁས་ལ་རུང་བ་མ་ཡིན་ནོ། །ཞེས་སོ། །དེས་ན་རྟོག་པ་དང་ལྡན་པ་རྣམས་ཀྱིས་འདི་གཉིས་ནི་བསམ་པར་བྱ་བ་ཁོ་ནའོ། །གཉིས་པ་གཏན་ལ་དབབ་བྱ་བདེན་གཉིས་ཀྱི་རང་བཞིན་ལ་གཉིས། བདེན་གཉིས་སྤྱིར་དང་། སོ་སོར་བསྟན་པའོ། །དང་པོ་སྤྱིར་བསྟན་པ་ནི། བདེན་གཉིས་ལ་རང་གི་ངོ་བོས་བྱས་པའི་དབྱེ་བ་ནི་མེད་དེ། གཞན་དུ་ན་ངོ་བོ་གཅིག་ཏུ་གྲུབ་ན་དོན་དམ་པ་ཡང་རྟོགས་པས་ཀུན་ནས་བཏགས་པའི་བཅོས་མ་ཙམ་དུ་དང་། དོན་དམ་པ་བཞིན་དུ་ཀུན་རྫོབ་ཀྱང་བློས་མ་བརྟགས་པའི་གཤིས་མ་བཅོས་པར་འགྱུར་བ་དང་། ལུས་ཅན་ཐམས་ཅད་ཀྱང་དོན་དམ་པ་རྟོགས་པའི་ཕྱིར་འབད་མེད་དུ་གྲོལ་བར་འགྱུར་རོ། །དེ་ལྟར་ཡང་དབུ་མའི་རྩ་བ་ལས། རང་བཞིན་བྱས་པ་ཅན་ཞེས་བྱར། །ཇི་ལྟ་བུར་ན་རུང་བར་འགྱུར། །རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་དང་། འཕགས་པ་དེ་ཁོ་ན་ཉིད་བསྟན་པའི་ཏིང་ངེ་འཛིན་ལས། ཀུན་རྫོབ་དེ་ལ་དོན་དམ་དུ་སྨྲ་བ། །དེ་དག་ནོར་བའི་བློ་ལྡན་ཤེས་བྱ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །ཞེས་སོ། །ངོ་བོ་ཐ་དད་དུ་གྲུབ་ན་སྣང་མུན་བཞིན་ཀུན་རྫོབ་ཀྱི་རང་བཞིན་དོན་དམ་མ་ཡིན་པ་དང་། ཐག་པ་སྦྲུལ་དུ་འཁྲུལ་བས་སྐྲག་པ་ལ་གླང་པོ་མེད་པར་མཐོང་བ་གཉེན་པོར་འདོང་པ་ལྟར་དོན་དམ་རྟོགས་པས་ཀུན་རྫོབ་ལ་ཞེན་པའི་དྲི་མ་མི་སེལ་བར་ཐལ་བ་སོགས་མཐའ་ཡས་སོ། །རྒྱལ་བའི་ཡུམ་ལས་ཀྱང་། འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་ལ་དོན་དམ་པ་ཡང་གཞན་ཞེས་བྱ་བ་ནི་མེད་ཀྱི་ཞེས་དང་། ཀུན་བྱང་གི་འདྲེས་རྣམས་སུ་ཆོས་དེ་དག་དེ་བཞིན་ཉིད་དེ་དག་ལས་གཞན་ན་དེ་བཞིན་ཉིད་མེད་པར་ལན་ཅིག་མ་ཡིན་པར་བཀའ་སྩལ་པ་རྣམས་སོ། །གལ་ཏེ་གཅིག་ཐ་དད་དུ་མ་གྲུབ་ན་བདེན་གཉིས་མེད་པར་ཐལ་ཞེ་ན། བདེན་གཉིས་ཀྱི་ངོ་བོ་གཅིག་ཐ་དད་དུ་མ་གྲུབ་པ་ནི་འདོད་པ་ཡིན་ནོ། །འོན་ཀྱང་གཅིག་པ་བཀག་པའི་ཐ་དད་པ་ཙམ་དུ་འདོད་དེ་དངོས་པོ་དང་དངོས་མེད་བཞིན་ནོ། །བདེན་གཉིས་ཀྱི་རྣམ་བཞག་ཐ་དད་པར་མི་བྱེད་པ་ལ་ནི་ཁྱབ་པ་མེད་དེ། སྤྲོས་བྲལ་གྱི་རྣམ་པ་ལ་དོན་དམ་དུ་བཏགས་ནས་རྣམ་བཞག་བྱེད་དེ། རྟོག་བའི་སྣང་བ་དང་བརྟག་པར་བྱ་བའི་དོན་གཉིས་གཅིག་ཏུ་བསྲེས་ནས་རང་མཚན་ལ་བརྡའ་བྱེད་པ་བཞིན་ནོ། མདོ་ལས་ཀྱང་། ཡི་གེ་མེད་པའི་ཆོས་རྣམས་ལ། །ཉན་པ་གང་དང་སྟོན་པ་གང་། །འགྱུར་བ་མེད་ལ་སྒྲོ་བཏགས་ནས། །དེ་ཉིད་ཉན་ཅིང་སྟོན་པར་འདོད། །ཅེས་སོ། །གཞན་ཡང་ལུང་ལས་ནི། བདེན་གཉིས་གཅིག་ཐ་དད་གང་ཡང་མ་ཡིན་པར་དུ་མ་ཞིག་གསུངས་པས་ལུང་གི་གནོད་པ་ནི་མེད་ལ། ངོ་བོ་གཅིག་ཐ་དད་པ་གཉིས་ཀ་ལ་རིག་པས་གནོད་པས་བདེན་པ་གཉིས་ཀ་ངོ་བོས་གྲུབ་པར་འདོད་པ་ཁྱེད་ཁོ་ན་ལ་ཁྱེད་རང་གིས་བཀོད་པའི་སྐྱོན་དེར་འགྱུར་རོ། །དེས་ན་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའོ། །ཞེས་ཟེར་བ་ཡང་མི་འཐད་ཅིང་། སེམས་འགྲེལ་ལས། བྱས་པ་དང་ནི་མི་རྟག་བཞིན། །མེད་ན་མི་འབྱུང་ངེས་ཕྱིར་རོ། །སྟོང་པ་ཉིད་ཀྱང་ཀུན་རྫོབ་སྟེ། །ཀུན་རྫོབ་ཀྱང་ནི་སྟོང་པར་བཤད། །ཅེས་པ་ཡང་དེའི་ཁུངས་མ་ཡིན་ཏེ་དེས་བདེན་པ་གཅིག་མེད་པར་ཅིག་ཤོས་མེད་པའི་དཔེར་བྱས་མི་རྟག་བླངས་པས་འདི་ཡང་དེ་ཉིད་དང་གཞན་དུ་མེད་པའི་རིག་པའོ། །དེ་ལྟར་ན་བདག་ལེགས་སུ་འདོད་པ་དག་གིས་ནི་དགོངས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཞེས་བཅོམ་ལྡན་འདས་ཉིད་ཀྱིས་སྨད་པའི་གཅིག་ཐ་དད་ཀྱི་ལྟར་ན་དོར་བར་བྱའོ། །འོ་ན་བདེན་པ་གཉིས་སུ་ཇི་ལྟར་འབྱེད་ན་སྐྱེ་འགག་ཀུན་བྱང་དགག་སྒྲུབ་སོགས་མཚན་ཉིད་མི་འདྲ་བ་དུ་མར་བློ་ལ་སྣང་ཞིང་ཐ་སྙད་པའི་བློ་ངོ་དེར་རིག་པའི་གནོད་པ་མེད་པའི་ཆ་ཇི་སྙེད་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། ཀུན་རྫོབ་དེ་ཉིད་དཔྱད་ན་སྣང་མི་སྣང་སྐྱེ་མི་སྐྱེ་བདག་ཡོད་མེད་ལ་སོགས་པའི་སྤྲོས་པའི་དྲྭ་བ་མ་ལུས་པས་དབེན་པ་ལ་དོན་དམ་པ་ཞེས་གཞན་ཡང་དག་པའི་ལམ་ལ་དཀྲི་བའི་ཕྱིར་དུ་དགོས་པའི་དབང་གིས་ཁས་བླངས་པ་ཙམ་སྟེ། སྤྲོས་བྲལ་ཞེས་པའང་གཞན་ངོར་མིང་བཏགས་པ་ཙམ་ཡིན་གྱིས་སྤྲོས་བྲལ་གྱི་ཆོས་ཤིག་གྲུབ་པར་འདོད་པ་ནི་མ་ཡིན་ནོ། །དེ་ལྟར་ཡང་བདེན་གཉིས་ལས། ཇི་ལྟར་སྣང་བ་འདི་ཁོ་ན། ཀུན་རྫོབ་གཞན་ནི་ཅིག་ཤོས་ཡིན། །ཞེས་དང་། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་སོ། །འདི་ལྟར་བསྙད་པ་ན་དོན་དམ་མེད་རྟེན་འབྲེལ་སྒྱུ་མ་ལྟ་བུ་འདི་ཉིད་མ་ཡིན་ཞིང་འདི་ལས་གཞན་དུ་ཡང་མེད་ན་འོ་ན་དེ་ཅི་ཞིག་ཡིན། དེས་ན་འདི་ལ་ནི་བློ་རྩེ་གཏད་སོ་མེད་པས་ཆད་པའི་ལྟ་བ་མི་བཟད་པའོ་སྙམ་པ་ནི་ཤིན་ཏུ་བདེན་ཏེ། ཐོག་མ་མེད་པ་ནས་སྤང་བླང་དང་དགག་སྒྲུབ་ཀྱི་མཐར་འཛིན་གྱི་ལྟ་བ་ལ་ཤིན་ཏུ་གོམས་པར་བྱས་པའི་བག་ཆགས་རྟས་པས་རྟོག་པས་མཐའ་གཅིག་ཏུ་འདིའོ་ཞེས་གཟུང་དུ་མ་རྙེད་པ་ན་སྟོང་པ་ཉིད་འཛིན་པ་མཐའ་དག་ཟློག་བྱེད་ལ་མི་མོས་པ་དང་སྐྲག་པ་སྐྱེ་བ་ནི་ཆོས་ཉིད་ཡིན་པས་སོ། །དེས་ན་བློ་དང་ལྡན་པ་རྣམས་ཀྱིས་ཀུན་རྫོབ་པའི་རྟེན་འབྲེལ་སྣང་དུས་རང་བཞིན་མེད་པ་སྒྱུ་མ་ལྟ་བུ་དེའི་ངོར་མེད་དོ་ཞེས་སྐུར་པ་མི་གདབ་ཅིང་། དོན་དམ་པ་སྤྲོས་པ་ཡིན་ནོ་ཅོག་དང་བྲལ་བ་ལ་ཡོད་དོ་རྟག་གོ་ཞེས་སྒྲོ་མི་འདོགས་པའི་མཐའ་བྲལ་གྱི་ཚུལ་ལ་བསླབ་པར་རིགས་སོ། །གཉིས་པ་སོ་སོར་བསྟན་པ་ནི། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་ཀུན་རྫོབ་ལ་ཡང་ལོག་གཉིས་སུ་བྱེད་དོ། །དོན་དམ་ལ་ཡང་སྤྲོས་པ་མཐའ་དག་དང་བྲལ་བ་རྣམ་གྲངས་མ་ཡིན་པ་དང་། སྤྲོས་པ་ཕྱོགས་རེ་བ་བཀག་པ་རྣམ་གྲངས་པའི་དོན་དམ་གཉིས་སུ་བྱེད་དེ། དེ་ཉིད་ལས། སྐྱེ་བ་ལ་སོགས་བཀག་པ་ཡང་། །ཡང་དག་པ་དང་མཐུན་པའི་ཕྱིར། །དོན་དམ་ཡིན་པར་ཁོ་བོ་འདོད། ཅེས་སོ། །འདི་ནི་གཅིག་དུ་བྲལ་ལ་སོགས་ཀྱི་རྟགས་ལ་བརྟེན་པའི་རྗེས་དཔག་གི་ཡུལ་རྣམས་ལ་བྱེད་པས་རྟོག་པའི་བཟོ་ལས་མ་འདས་པའི་ཕྱིར་དོན་དམ་བཏགས་པ་བའོ། །ཡང་ན་འཕགས་ཆེན་རྣམས་ཀྱི་རྗེས་ཐོབ་ཀྱི་སྣང་བ་ལ་ཡང་དག་དང་། ཉན་རང་དང་ཚུར་མཐོང་གི་རང་སྣང་ལོག་པའི་ཀུན་རྫོབ་ཅེས་བྱ་སྟེ་གཟུང་འཛིན་དུ་སྣང་ལ། སྣང་བ་ལྟར་དུ་ཞེན་པ་མེད་པ་དང་། ཡོད་པའི་ཕྱིར་ཞེས་བྱས་ན་སློབ་དཔོན་གྱི་བཞེད་པར་འགྱུར་རོ། ། དེ་ལྟར་ཆེ་ལོང་ཙམ་འདི་ནི་སློབ་དཔོན་སེང་བཟང་ལ་སོགས་པའི་རང་རྒྱུད་པ་རྣམས་ཀྱི་བཞེད་པ་ལྟར་བཀོད་ཅིང་དེ་ཡང་རྒྱས་པ་དང་ཐལ་འགྱུར་བའི་རྣམ་བཞག་ནི་རེ་ཞིག་མ་བྲིས་ཏེ་ཚིག་མང་དུ་དོགས་པས་སོ། །གཉིས་པ་སེལ་བྱེད་ལན་ནི། སྤྱིར་དོན་དམ་སྒོ་ཅན་གྱི་ཀླན་ཀ་དང་། ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་གཉིས་ལ་ཐལ་རྟགས་རིགས་མཐུན་མི་མཐུན་གཉིས་གཉིས་ཡོད་པས་བཞིར་ངེས་སོ། །དེ་ལ་རིགས་མཐུན་ནི། ཀུན་རྫོབ་རྟགས་སུ་བཀོད་ནས་ཀུན་རྫོབ་དང་། དོན་དམ་རྟགས་སུ་བཀོད་ནས་དོན་དམ་དུ་ཐལ་བ་འཕེན་པའོ། །རིགས་མི་མཐུན་ནི་ཀུན་རྫོབ་རྟགས་སུ་བཀོད་ནས་དོན་དམ་དང་། དོན་དམ་རྟགས་སུ་བཀོད་ནས་ཀུན་རྫོབ་ཏུ་ཐལ་བ་འཕེན་པའོ། །འོན་ཀྱང་གཉིས་སུ་འདུ་སྟེ་ཀུན་རྫོབ་རྟགས་སུ་བཀོད་པ་གཉིས་ཀུན་རྫོབ་དང་། དོན་དམ་རྟགས་སུ་བཀོད་པ་གཉིས་དོན་དམ་སྒོ་ཅན་ཡིན་པས་སོ། ། དེས་ན་དགུ་པ་བཅུ་པ་བཅུ་གཉིས་པ་གསུམ་ནི་ཀུན་རྫོབ་ཀྱི་རིགས་མཐུན་ཡིན་ལ་གཞན་རྣམས་དོན་དམ་དང་ཀུན་རྫོབ་ཀྱི་རིགས་མི་མཐུན་གཉིས་ཀ་སྟེ་ཐལ་བའི་རྗེས་འགྲོ་དང་ལྡོག་པ་གཉིས་དང་རིམ་བཞིན་ནོ། །དོན་དམ་གྱི་རིགས་མཐུན་ནི་མི་ཟིན་ནོ། །དེ་ལ་ཀུན་རྫོབ་དང་དོན་དམ་སྒོ་ཅན་གྱི་རིགས་མི་མཐུན་གཉིས་ལ་ཀུན་རྫོབ་སྒོ་ཅན་ལ་དོན་དམ་དང་། དོན་དམ་སྒོ་ཅན་ལ་ཀུན་རྫོབ་ཀྱི་ལན་གདབ་དགོས་ལ་རིགས་མཐུན་གཉིས་ལ་ནི་ཀུན་རྫོབ་ལ་ཀུན་རྫོབ་དང་། དོན་དམ་ལ་དོན་དམ་གྱི་ལན་གདབ་དགོས་སོ། །དེ་ཡང་དཔེར་ན་དོན་དམ་སྒོ་ཅན་གྱི་ཀླན་ཀ་བར་རྩེའི་དམིགས་པ་ཆོས་ཅན་ཀུན་རྫོབ་ཏུ་ཡང་མི་འཐད་པར་ཐལ། དོན་དམ་པར་ཡུལ་མེད་པའི་ཕྱིར། ཞེས་པ་ལ་དེ་འཐད་པ་ཐལ། ཀུན་རྫོབ་ཏུ་ཡུལ་ཡོད་པའི་ཕྱིར། ། ཞེས་པ་དང་། ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་སྔ་མ་ལས་བཟློག་ནས། དོན་དམ་པར་ཡུལ་མེད་པ་མི་འཐད་པ་ཐལ། ཀུན་རྫོབ་ཏུ་བར་རྩེའི་དམིགས་པ་འཐད་པའི་ཕྱིར་ཞེས་པ་ལ་དེ་འཐད་པར་ཐལ། དོན་དམ་དུ་དམིགས་པ་ཡོད་པ་མི་འཐད་པའི་ཕྱིར་ཞེས་སོགས་ལན་འདེབས་པ་ཡིན་ལ། ཀུན་རྫོབ་སྒོ་ཅན་གསུམ་ལ་ནི། འཁོར་གསུམ་དུ་མི་དམིགས་པ་དེ་ཉིད་ཐབས་མཁས་ཡིན་པ་དང་། ཡོད་མེད་དང་བྲལ་བར་མཁྱེན་པ་དེ་ཉིད་ཐུབ་པའི་རྟོགས་པ་ཡིན་གྱི་ཡོད་མེད་དུ་རྟོག་པ་མིན་ནོ། ཞེས་པ་དང་། བྱང་ཆུབ་སེམས་དཔས་ལམ་གསུམ་སྒོམ་པ་དེའི་རིགས་ཅན་གཞན་རྗེས་སུ་འཛིན་པའི་ཕྱིར་ཡིན་གྱི་རང་དོན་མིན་པས་སྐྱོན་མེད་དོ། །ཞེས་ལན་འདེབས་པ་ཡིན་ནོ། །གསུམ་པ་བསལ་ནས་ཏིང་འཛིན་བསྐྱེད་ཚུལ་ནི། བྱང་ཆུབ་སེམས་དཔའ་གཞན་དོན་དུ་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བ་རྣམས་ཀྱིས། བདེན་པ་གཉིས་ལ་འགལ་བར་འཛིན་པའི་ལོག་རྟོག་ཐམས་ཅད་ཚོགས་ལམ་ནས་བཟུང་སྟེ་ཡང་དང་ཡང་དུ་བསལ་བའི་སྒོ་ནས་བར་རྩེའི་དམིགས་རྣམ་གྱི་དོན་ལ་མ་རྟོག་ལོག་རྟོག་ཐེ་ཚོམ་གསུམ་དང་བྲལ་བའི་ཚད་མའི་ངེས་པ་ཡང་དག་པར་སྐྱེས་ནས་བར་ཆད་མེད་པའི་ཏིང་ངེ་འཛིན་བསྐྱེད་པར་བྱའོ། །གཉིས་པ་དེ་ཉིད་ཀྱིས་ཟབ་པར་འཕངས་པ་ནི། དེ་ལྟ་བུའི་དམིགས་རྣམ་གྱི་ཚུལ་དེ་ཀླན་ཀ་བརྒྱུད་མར་འབྱུང་བར་གསུངས་པ་ནི་དམིགས་རྣམ་འདིའི་སྐྱོན་བརྗོད་པ་མ་ཡིན་ཏེ་རྟོགས་དཀའ་བའི་རྒྱུ་མཚན་གྱིས་རྩོད་པ་འདི་དག་བྱུང་ངོ་ཞེས་དེའི་ཟབ་པ་ཉིད་ཟུར་གྱིས་བསྙད་པར་བྱའོ་སྙམ་དུ་རྗེ་བཙུན་གྱི་ཐུགས་ལ་དགོངས་ནས་གསུངས་པ་ཡིན་ནོ། །ཞེན་མེད་སོ་སྐྱེའི་རྟོགས་ཐོབ་འཕེལ་བརྟན་གནས། །ཞེན་མེད་འཕགས་པའི་ལམ་དུ་སྤང་རྟོགས་རྫོགས། །ཞེན་མེད་ལམ་མཐར་བྱས་ནས་བདེན་གཉིས་གཟིགས། །རྒྱལ་སྲས་རྣམས་ཀྱི་རྟོགས་པ་འདི་བཤད་དོ། །རྩེ་མོའི་མངོན་པར་རྟོགས་པའི་སྐབས་ཏེ་ལྔ་པའི་སྤྱི་དོན་ནོ། ། ༈ གཉིས་པ་བརྟན་པ་རྒྱུ་འབྲས་ཀྱི་ཡན་ལག་རྒྱས་པར་བཤད་པ་ལ་གཉིས། བརྟན་པའི་རྒྱུ་མཐར་གྱིས་པ་དང་། བརྟན་པའི་འབྲས་བུ་སྐད་ཅིག་མའི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་བརྟན་བའི་རྒྱུ་མཐར་གྱིས་པའི་ཡན་ལག་རྒྱས་པར་བཤད་པ་ལ་གསུམ། ལམ་མཐར་གྱིས་པ་དང་། ལམ་ཁྱད་པར་དུ་བྱེད་པའི་མཐར་གྱིས་པ་ཐ་དད། ལམ་དག་བྱེད་ཀྱི་མཐར་གྱིས་པའོ། །དང་པོ་ལམ་གྱི་མཐར་གྱིས་པ་ནི། བྱང་ཆེན་སྦྱིན་པའི་མཐར་གྱིས་པའི་བྱ་བར་རབ་ཏུ་འདོགས། མཐར་གྱིས་པའི་བསླབ་པ་དང་། མཐར་གྱིས་པའི་སྒྲུབ་པ་རབ་ཏུ་འདོགས་ཏེ་དེ་ཐམས་ཅད་ཀྱང་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལ་དེ་ལྟར་ངོ་བོ་ཉིད་མེད་དོ། ཞེས་གཞན་ལྔ་ལ་ཡང་དེ་ཁོ་ན་ལྟར་སྦྱར་ནས་ཕྱིན་དྲུག་ལ་རང་ཉིད་གནས་ནས་གཞན་དེ་ལ་འགོད་པར་གསུངས་སོ། །དེ་ཡང་རྒྱལ་སྲས་རྣམས་ཀྱི་ས་བཅུ་ཡོངས་སུ་རྫོགས་པ་ལ་ཕར་ཕྱིན་བཅུ་དགོས་པ་མིན་ནམ། ཅིའི་ཕྱིན་དྲུག་ཅེས་སྨོས་ཤེ་ན། ལྷག་མ་བཞི་ཤེར་ཕྱིན་གྱི་ནང་དུ་འདུས་པས་སྐྱོན་མེད་དོ། །འདུས་ཚུལ་ནི། རྒྱན་སྣང་ལས། མཉམ་གཞག་ཤེར་ཕྱིན་དངོས་རྗེས་ཐོབ་ཀྱི་བཞི་དེས་དྲངས་པའི་ཤེར་ཕྱིན་དུ་བཞེད། ཚིག་གསལ་ལས་ནི། སྦྱིན་སོགས་བསྔོ་བའི་མཐུས་མི་ཟད་པར་བྱེད་པ་ཐབས། སྦྱིན་སོགས་དམན་ཞིང་ཉུང་ཡང་ཁྱད་པར་ཅན་དུ་སྤྲུལ་པ་སྟོབས། དགེ་རྩ་ཆུང་ཡང་ཁྱད་དུ་མི་གསོད་པ་བློས་བསྡོམས་ཏེ་སྨོན་ལམ་འདེབས་པ་སྨོན་ལམ། སྨོན་པའི་འབྲས་བུ་ཡིད་འོང་སྣ་ཚོགས་ལ་སྤྱོད་པ་ན་དེ་ཚོགས་གཉིས་ཀྱི་འབྲས་བུར་འདོད་ཀྱི་རྒྱུ་མེད་དང་མི་མཐུན་པའི་རྒྱུ་ལས་བྱུང་བར་མི་འདོད་པ་ཡེ་ཤེས་ཡིན་ཏེ། དེ་བཞི་ཡང་ཤེས་རབ་ཁྱད་པར་ཅན་གྱིས་བསྒྲུབས་པས་ཤེར་ཕྱིན་དུ་འདུ་བར་བཞེད། སློབ་དཔོན་ཡེ་ཤེས་ཞབས་ནི། ཡི་རངས་སོགས་ཀྱིས་ཕྱིན་དྲུག་ཡོངས་སུ་རྫོགས་པར་བྱེད་པ་ཐབས། དེ་དག་རྫོགས་བྱང་དུ་བསྔོ་བ་སྨོན་ལམ། རང་རང་གི་མི་མཐུན་ཕྱོགས་ཟིལ་གྱིས་གནོན་པ་སྟོབས། ཐམས་ཅད་དུ་རྣམ་པ་ལ་མཁས་པ་ནི་ཡེ་ཤེས་ཡིན་པས་ཕར་ཕྱིན་རེ་རེའི་ནང་དུ་བཞི་ཀ་འདུ་བར་བཞེད་དོ། །གཉིས་པ་ལམ་ཁྱད་པར་དུ་བྱེད་པའི་མཐར་གྱིས་པ་ནི། སངས་རྒྱས་ཆོས་དགེ་འདུན་ཚུལ་ཁྲིམས་གཏོང་བ་ལྷ་རྗེས་སུ་དྲན་པའི་མཐར་གྱིས་པ་དྲུག་སྟེ་སྔར་ལྟར་རོ། །འདིར་སངས་རྒྱས་རྗེས་སུ་དྲན་པ་ལ་དེ་བཞིན་གཤེགས་པ་ལ་གཟུགས་སོགས་སུ་དང་མཚན་དཔེ་སོགས་སུ་དང་། ཟག་མེད་ཀྱི་ཕུང་པོ་ལྔ་པ་དང་། སྟོབས་སོགས་སུ་དང་། རྟེན་འབྲེལ་དུ་ཡིད་ལ་མི་བྱེད་པའི་སངས་རྒྱས་རྗེས་སུ་དྲན་པ་རྣམ་པ་ལྔ་ཉི་སྣང་དང་ལེ་བརྒྱད་མར་གསུངས་ཏེ། དང་པོ་ཚོགས་ལམ་དང་ལྷག་མ་བཞི་སྦྱོར་ལམ་བཞི་དང་། དེ་ནས་དྲན་ཉེ་སོགས་བྱང་ཕྱོགས་རྫོགས་པར་གསུངས་པས། མཐོང་ལམ་དང་རྣམ་མཁྱེན་གྱི་ཡེ་ཤེས་ཀྱི་བར་རྫོགས་པར་གསུངས་པའི་བར་གྱིས་སྒོམ་ལམ་བསྟན་པར་ཉི་སྣང་ལས་གསུངས་སོ། །འགྲེལ་བ་ཆེ་ཆུང་གཉིས་སུ། དྲན་ཉེ་ནས་སྟོབས་ལྔའི་བར་གྱིས་སྦྱོར་ལམ་དུ་དང་། བྱང་ཆུབ་ཡན་ལག་གིས་མཐོང་ལམ་དུ་དང་། འཕགས་ལམ་གྱིས་སྒོམ་ལམ་དུ་རྗེས་སུ་དྲན་པར་གསུངས་ཤིང་། དེ་ཡང་མདོ་ལས་གསུངས་པའི་མཐར་གྱིས་བྱ་བ། མཐར་གྱིས་བསླབ་པ། མཐར་གྱིས་བསྒྲུབ་པ་གསུམ་གྱིས་སྦྱོར་མཐོང་སྒོམ་གསུམ་བསྟན་པར་དགོངས་སོ། །ཆོས་རྗེས་སུ་དྲན་པའི་སྐབས་སུ་དགེ་མི་དགེ་ལུང་མ་བསྟན་གྱི་ཆོས་རྗེས་སུ་དྲན་པར་གསུངས་པ་ནི། དེ་གསུམ་ཆོས་དཀོན་མཆོག་མིན་ཀྱང་ཆོས་དཀོན་མཆོག་ཡིད་ལ་བྱེད་པ་ན་འདུས་བྱས་མ་བྱས་ཟག་པ་དང་བཅས་མ་བཅས་ཀྱི་ཆོས་སུ་གྲགས་པ་རྣམས་ཞར་ལ་ཡིད་ལ་བྱེད་པའོ། །དགེ་འདུན་རྗེས་སུ་དྲན་པ་ནི་ཐེག་པ་ཆེ་ཆུང་གཉིས་ཀའི་དགེ་འདུན་རྣམས་ཀྱི་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་དྲན་པའོ། །སྦྱིན་པ་དང་ཚུལ་ཁྲིམས་རྗེས་སུ་དྲན་པ་ནི་དེ་དག་ཕན་ཡོན་དྲན་པ་ཡིན་ལ་སྔར་གྱི་དེ་ཉམས་ལེན་གྱི་ལྡོག་པ་ནས་བསྟན་པས་མི་ཟློས་སོ། །དེ་ཡང་ཚུལ་ཁྲིམས་ནི་འགྱོད་པ་མེད་པས་རྒྱུད་བསིལ་བར་བྱེད་པ་དང་། མཐོ་རིས་ཀྱི་ལམ་དང་། ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པ་དང་། འགྱོད་པ་མེད་པས་ཏིང་ངེ་འཛིན་སྐྱེད་པ་དང་། ལྷ་དང་མིའི་ཡོན་སྦྱོང་བའོ། །གཏོང་བ་ནི་མཛའ་བཤེས་འཕེལ་བ་དང་། ཚེ་རབས་རྣམས་སུ་བདེ་བའི་རྒྱུ་དང་ཕ་མ་དང་བླ་མ་ལ་མཆོད་པའི་ཡན་ལག་གོ་ཞེས་དྲན་པར་ཚིག་གསལ་ལས་གསུངས་ཤིང་། ལྷ་རྗེས་སུ་དྲན་པ་ཡང་། རྒྱལ་ཆེན་རིགས་བཞི་སོགས་ཀྱི་ལྷ་ཕལ་བ་ནི། འདི་དག་ཡིད་དུ་འོང་བའི་ལས་ཁྱད་པར་ཅན་ལས་གྲུབ་པོ་སྙམ་པ་དང་། འཇིག་རྟེན་དབང་ཕྱུག་དང་རྗེ་བཙུན་སྒྲོལ་མ་སོགས་ཀྱི་ཡོན་ཏན་དྲན་པའོ། །ཞེས་ཚིག་གསལ་ལས་བཤད་ཅིང་། འཕགས་པ་དང་སློབ་དཔོན་གྱིས་ལྷར་སྐྱེས་པའི་འཕགས་པ་རྣམས་ལས་གཞན་མ་གསུངས་སོ། །གསུམ་པ་ལམ་དག་བྱེད་ཀྱི་མཐར་གྱིས་པ་ནི། གཟུགས་སོགས་ཀྱི་ཆོས་རྣམས་བདེན་པའི་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ངེས་པ་རྙེད་པའི་ཚུལ་གྱིས་ཁོང་དུ་ཆུད་པར་བྱ་བའོ། །དེ་ལྟར་བཅུ་གསུམ་པོ་འདི་ནི་མཐར་གྱིས་བར་མ་ཟད་ཐེག་ཆེན་གྱི་ལམ་ཐམས་ཅད་ལ་དགོངས་ཤིང་། མཐར་གྱིས་པའི་སྐབས་སུ་ཡང་། རང་རྒྱུད་ལ་སྔོན་ཆད་སྐྱེས་པ་དང་མ་སྐྱེས་པའི་མངོན་རྟོགས་རྣམས་རིམ་གྱིས་ཡིད་ལ་བྱེད་པའི་དུས་སུ་དེ་དག་ཐམས་ཅད་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ལྡན་དུ་སྒྲུབ་པ་དང་། རྟེན་དཀོན་མཆོག་གསུམ་ལ་བརྟེན་པ་དང་། ཚུལ་ཁྲིམས་དང་གཏོང་བའི་ཕན་ཡོན་དྲན་པ་དང་འབྲེལ་བ་དང་། ལྷ་ཐམས་ཅད་དབང་པོར་དྲན་པ་དང་། དེ་ཐམས་ཅད་ཀྱང་འཁོར་གསུམ་དུ་མི་རྟོག་པའི་དངོས་མེད་ངོ་བོ་ཉིད་དུ་ཤེས་པས་ཞེན་པ་གཅོད་པའི་ཚུལ་གྱིས་ཉམས་ལེན་གཅིག་ལ་བཅུ་གསུམ་པོ་ཚང་བར་ཉམས་སུ་ལེན་པ་ཡིན་ནོ། །ཞེན་མེད་ལམ་མཆོག་གཅིག་ལ་ལམ་ཀུན་འདུས། །ཞེན་མེད་ཉམས་ལེན་གཅིག་གིས་ཚོགས་གཉིས་རྫོགས། །ཞེན་མེད་ཡོན་ཏན་ཀུན་སྡུད་དམ་པའི་ལམ། །རྒྱལ་སྲས་རྣམས་ཀྱི་ཐབས་མཁས་འདིར་བཤད་དོ། །མཐར་གྱིས་སྦྱོར་བའི་སྐབས་ཏེ་དྲུག་པའི་སྤྱི་དོན་ནོ།། །། ༈ གཉིས་པ་བརྟན་པའི་འབྲས་བུ་སྐད་ཅིག་མའི་སྦྱོར་བ་བཤད་པ་ལ་གཉིས། ཡོན་ཏན་མངོན་དུ་བྱེད་པ་དང་། ཡུལ་གྱི་རང་བཞིན་རྟོགས་ཚུལ་གྱི་དབང་དུ་བྱས་པའི་སྐད་ཅིག་མའོ། །དང་པོ་ཡོན་ཏན་མངོན་དུ་བྱེད་ཚུལ་གྱི་དབང་དུ་བྱས་པའི་སྐད་ཅིག་མ་ལ་ཡང་གཉིས། རྣམ་སྨིན་མ་ཡིན་པ་དང་། རྣམ་སྨིན་གྱི་སྐད་ཅིག་མའོ། །དང་པོ་རྣམ་སྨིན་མ་ཡིན་པའི་སྐད་ཅིག་མའི་སྐབས་སུ་རྣམ་སྨིན་མ་ཡིན་པ་དང་ཡིན་པའི་དོན་ལ་བཞེད་པ་མི་འདྲ་བ་མང་ཡང་དོན་དུ། སྐད་ཅིག་མ་འདི་དག་ལྡོག་པ་ཐ་དད་པ་ཙམ་ཡིན་པས་ཡུལ་ཅན་ལ་རྣམ་སྨིན་ཡིན་མིན་མི་རུང་བས་ཡུལ་ལ་བྱ་ཞིང་། དེ་ཡང་གཅིག་གི་ཡུལ་གཉིས་ཀའི་ཡང་ཡུལ་ཡིན་པའི་ཕྱིར་མདོ་བསྟན་བཅོས་ནས་བསྟན་ཚོད་ཀྱི་ཡུལ་ལ་རྣམ་སྨིན་མ་ཡིན་པ་དང་རྣམ་སྨིན་གཉིས་དབྱེ་སྟེ། དང་པོའི་ཡུལ་ནི་རང་གི་རྒྱུད་ལ་ནུས་པ་མཐར་ཐུག་མ་སྨིན་པ་དང་། ཕྱི་མ་ནི་རང་གི་རྒྱུད་ལ་ནུས་པ་མཐར་ཐུག་སྐྱེས་པའི་གནས་སྐབས་ཀྱི་དབང་དུ་བྱས་ནས་བཞག་གོ །དེ་ཡང་བྱང་ཆེན་ཡུམ་ལ་དེ་ལྟར་སྤྱོད་པ་ནི་སེམས་བསྐྱེད་པ་གཅིག་གིས་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་མ་འདྲེས་པ་དང་མཚན་དཔེའི་བར་ལ་གསུངས་ཏེ། སེམས་བསྐྱེད་གཅིག་ནི་སྐད་ཅིག་སྦྱོར་ཡིན་ནོ། །འདི་ནི་སྦྱིན་པ་ལ་སོགས་པའི་ངོ་བོར་གྱུར་པའི་ཡེ་ཤེས་དམིགས་པར་བྱ་བའི་སྐད་གཅིག་མ་གཅིག་གི་ཡུལ་དུ་བྱས་པས་སྦྱིན་སོགས་ནས་དཔེ་བྱད་བརྒྱད་ཅུའི་བར་གྱི་ཟག་མེད་ཀྱི་ཆོས་རྣམས་སྐད་ཅིག་མ་གཅིག་གི་ཡུལ་དུ་བསྡུས་པའི་སྦྱོར་བ་ཡིན་ཏེ་སྦྱིན་སོགས་ཀྱི་ཆོས་རྣམས་གཅིག་ཡུལ་དུ་བྱས་པ་ན་གཞན་ཡུལ་དུ་བྱེད་མི་ནུས་པའི་དངོས་པོ་སོ་སོར་འཛིན་པའི་ཕྱིན་ཅི་ལོག་དང་བྲལ་བའི་ཕྱིར་རོ། །གཉིས་པ་རྣམ་སྨིན་གྱི་སྐད་ཅིག་མ་ནི། སྐད་ཅིག་མ་གཅིག་ཁོ་ན་ལ་རང་རྒྱུད་ལ་རྣམ་པར་སྨིན་པའི་གནས་སྐབས་སུ་གྱུར་པའི་ཟག་པ་མེད་པའི་ཆོས་རྣམས་རྟོགས་པའི་ཡེ་ཤེས་ཡིན་ཏེ། །དེ་བྱང་སེམས་ཀྱི་ལམ་རྣམ་པར་སྨིན་པའི་ཆོས་ཅན་ལ་གནས་པས་ཕར་ཕྱིན་དྲུག་པོ་ཡོངས་སུ་རྫོགས་པ་དང་སྟོང་པ་ཉིད་ཐམས་ཅད་བྱང་ཆུབ་ཕྱོགས་ཀྱི་ཆོས་སོ་བདུན་ཡོངས་སུ་རྫོགས་པ་དང་། ཞེས་སོ། །གཉིས་པ་ཡུལ་རྟོགས་ཚུལ་གྱི་དབང་དུ་བྱས་པའི་སྐད་ཅིག་མ་ལ་གཉིས། མཚན་ཉིད་མེད་པ་དང་། གཉིས་སུ་མེད་པའི་སྐད་ཅིག་མའོ། །དང་པོ་མཚན་ཉིད་མེད་པའི་སྐད་ཅིག་མ་ནི། དུས་སྐད་ཅིག་མ་གཅིག་ཁོ་ནས། ཆོས་ཐམས་ཅད་ནི་བདེན་པའི་མཚན་ཉིད་མེད་པའོ། ། ཞེས་ཀུན་བྱང་གི་ངོ་བོའི་ཆོས་རྣམས་དོན་དམ་པར་མཚན་ཉིད་མེད་པ་ཉིད་དུ་ཤེས་པའོ། ། བྱང་ཚེ་རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་སྦྱིན་པ་ཡོངས་སུ་གཏོང་ ངོ་། །ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་མོ། ཏིང་ངེ་འཛིན་སྒོམ་མོ། ། ཤེས་རབ་སྒོམ་མོ་ཞེས་སོ། །གཉིས་པ་གཉིས་སུ་མེད་པའི་སྐད་ཅིག་མ་ནི། གང་གི་ཚེ་སད་པའི་དུས་སུ་གཟུང་འཛིན་ཐ་དད་པའི་ཚུལ་དུ་རྨི་ལམ་ལ་གཟུང་བ་དང་རྨི་ལམ་མཐོང་བ་ལ་འཛིན་པར་མི་མཐོང་བ་དེའི་ཚེ་ཆོས་ཐམས་ཅད་ཀྱང་རྨི་ལམ་གྱི་གཟུང་འཛིན་ཐ་དད་མེད་པ་དེ་ལྟ་བུའི་ཆོས་ཡིན་ནོ་ཞེས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་གཟུང་འཛིན་གཉིས་སུ་མེད་པ་སྐད་ཅིག་གཅིག་ཁོ་ནས་རྟོགས་པ་སྟེ། བྱང་ཚེ་རྨི་ལམ་མི་མཐོང་། རྨི་ལམ་མཐོང་བ་མི་མཐོང་ངོ་། ། འདི་དག་ཀྱང་རྒྱུན་མཐའི་ཡེ་ཤེས་གཅིག་གི་སྐད་ཅིག་ཅེས་སོ། །དེ་ལྟར་སྐད་ཅིག་མ་བཞི་པོ་འདི་དག་ཀྱང་རྒྱུན་མཐའི་ཡེ་ཤེས་གཅིག་གི་སྐད་ཅིག་མའི་གཟིགས་ཚུལ་ལ་ལྡོག་པས་ཕྱེ་བ་ཙམ་ཡིན་གྱི་ངོ་བོ་ཐ་དད་ནི་མེད་དོ། །ཞེན་མེད་ལམ་མཐར་བྱས་པའི་སྐད་ཅིག་ལ། ། ཞེན་མེད་ལམ་གྱི་ཆོས་ཀུན་མངོན་བྱེད་ཅིང་། །ཞེན་མེད་ཤེས་བྱའི་ཆོས་ཀྱི་དེ་ཉིད་མཐོང་། ། རྒྱལ་སྲས་ལམ་གྱི་མཐར་ཐུག་འདིར་བཤད་དོ། །སྐད་ཅིག་མའི་སྐབས་ཏེ་སྐབས་བདུན་པའི་སྤྱི་དོན་ནོ། ། ༈ གསུམ་པ་ཞུགས་འབྲས་ཆོས་སྐུའི་ཡན་ལག་རྒྱས་པར་བཤད་པ་ལ་གཉིས། །སྤྱི་དང་ཡན་ལག་གི་དོན་ནོ། །དང་པོ་སྤྱིའི་དོན་ལ་གཉིས། བྱེད་པ་པོ་སྐུ་དང་བྱ་བ་ཕྲིན་ལས་ཀྱི་རང་བཞིན་ནོ། །དང་པོ་སྐུ་ལ་གཉིས། སྐུའི་གྲངས། ངོ་བོའོ། །དང་པོ་སྐུའི་གྲངས་ལ་བཞི། གཉིས་སུ་དང་གསུམ་དུ་དང་ལྔར་དང་། བཞིར་དབྱེ་བའོ། །དང་པོ་ནི་རིན་ཆེན་ཕྲེང་བར། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་འདི། །བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུས་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་དང་། རིག་པ་དྲུག་ཅུ་བར། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་ཐོབ་པར་ཤོག །ཅེས་ཆོས་སྐུ་དང་གཟུགས་སྐུ་དམ་པ་གཉིས་སུ་བསྡུས་སོ། །དེ་བཞིན་དུ་རྒྱུད་བླ་མར་ཡང་། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་སྐུ་ཉིད་དེ། །ཞེས་ངོ་བོ་ཉིད་ལ་རང་དོན་དོན་དམ་པའི་སྐུ་དང་། ལོངས་སྤྲུལ་གཉིས་ལ་གཞན་དོན་ཀུན་རྫོབ་ཀྱི་སྐུར་བསྟན་ཏོ། །གཉིས་པ་གསུམ་དུ་བཞག་པ་ནི། མདོ་སྡེའི་རྒྱན་ལས། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །སྐུ་གསུམ་དག་གིས་རང་གཞན་གྱི། །དོན་འདི་རྟེན་དང་བཅས་པར་བསྟན། །ཞེས་ལོངས་སྐུ་རང་དོན་དང་། སྤྲུལ་སྐུ་གཞན་དོན་ནོ། །ངོ་བོ་ཉིད་དེ་གཉིས་ཀྱི་རྟེན་དུ་གསུངས་པ་དང་། རྒྱུད་བླར་ཡང་། དེ་དབྱེ་ཟབ་དང་རྒྱ་ཆེ་དང་། །བདག་ཉིད་ཆེན་པོའི་ཡོན་ཏན་གྱིས། །ཆོས་ཀྱི་རབ་ཕྱེ་རང་བཞིན་ལ། །སོགས་པའི་སྐུ་གསུམ་དག་གིས་འཇུག ། ཅེས་དང་། འཕགས་པ་ཀླུས། ཆོས་ལོངས་སྤྲུལ་པའི་སྐུ་གསུམ་དུ་བསྡུས་ནས་སྐུ་གསུམ་ལ་བསྟོད་པ་སོགས་སོ། །གསུམ་པ་ལྔར་དབྱེ་བ་ནི། ཚིག་གསལ་ལས། ལོངས་སྐུ་ལ་ས་བཅུ་པའི་བྱང་སེམས་འབའ་ཞིག་ལ་སྣང་བ་ཇི་སྐད་བཤད་པའི་ཡེ་ཤེས་རྣམས་ཀྱི་གཞིར་གྱུར་པ་ལོངས་སྐུ་ཆེན་པོ་དང་ས་དང་པོ་ལ་སོགས་པ་ལ་གནས་པ་ལ་སྣང་བ་སྤྲུལ་པའི་སྐུ་ལ་ལོངས་སྐུ་བཏགས་པ་དང་གཉིས་སུ་ཕྱེ་བའམ། ཡང་ན་སྤྲུལ་སྐུ་རྣམ་པར་སྨིན་པ་དང་། རྣམ་པར་སྨིན་པ་མ་ཡིན་པའི་དབྱེ་བས་སྐུ་ལྔར་འབྱེད་པར་བཤད། རྟོགས་དཀའ་ཡང་སྤྲུལ་སྐུ་ལ་གཉིས་སུ་དབྱེ་བའི་སྐུ་ལྔ་བཤད། སློབ་དཔོན་འཇམ་དཔལ་གྲགས་པས། ངོ་བོ་ཉིད་སྐུ་དང་ཆོས་སྐུ་དང་ཡེ་ཤེས་ཀྱི་སྐུ་སྟེ་གསུམ་དང་གཟུགས་སྐུ་གཉིས་བཅས་ལྔར་བཞེད། སློབ་དཔོན་སྒེག་པའི་རྡོ་རྗེས་ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པ་དང་། རྣམ་པར་སྨིན་པ་དང་། སྤྲུལ་པ་དང་ཆོས་ཀྱི་སྐུ་ལྔར་བཞེད་དོ། །བཞི་པ་སྐུ་བཞིར་དབྱེ་བ་ནི། སློབ་དཔོན་སེང་གེ་བཟང་པོའི་རྒྱན་སྣང་དང་། འགྲེལ་ཆུང་གཉིས་དང་། དེའི་རྗེས་སུ་འབྲང་བ་རྣམས་ཀྱི་བཞེད་པ་སྟེ་འཆད་པར་འགྱུར་རོ། །གཉིས་པ་སྐུའི་ངོ་བོ་ལ་གཉིས། སྐུ་དང་ཡེ་ཤེས་སོ། །དང་པོ་སྐུ་ལ་བཞི། ངོ་བོ་ཉིད་ཡེ་ཤེས་ལོངས་སྤྱོད་རྫོགས་པ་སྤྲུལ་པའི་སྐུའོ། །དང་པོ་ངོ་བོ་ཉིད་སྐུ་ནི། སྐྱེ་འཇིག་གནས་གསུམ་དང་བྲལ་བས་འདུས་མ་བྱས་པ་དང་། ཡོན་ཏན་གྱི་ཆོས་དང་དབྱེར་མེད་པས་དབྱེར་མེད་པ་དང་། གཟུང་འཛིན་གཉིས་མེད་པས་མཐའ་གཉིས་སྤངས་པ་དང་། ཉོན་མོངས་ཤེས་བྱ་སྙོམས་འཇུག་གི་སྒྲིབ་པ་གསུམ་ལས་གྲོལ་བས་གློ་བུར་གྱི་དྲི་མ་དང་བྲལ་བ་དང་། རང་བཞིན་གྱིས་དག་པས་དྲི་མ་མེད་པ་དང་། རྟོག་པའི་ཡུལ་མིན་པས་རྣམ་པར་རྟོག་མེད་དང་། སངས་རྒྱས་ཀྱི་ཡུལ་ཡིན་པས་རྣལ་འབྱོར་གྱི་ཡུལ་ཡིན་པ་སྟེ་ཕྱི་མ་གསུམ་འོད་གསལ་བའི་མཚན་ཉིད་དུ་བསྡུས་ནས་མཚན་ཉིད་ལྔ་དང་། རྒྱ་ཆེ་བའི་ཕྱིར་གཞལ་དུ་མེད་པ་དང་། བགྲང་བ་ལས་འདས་པའི་ཕྱིར་གྲངས་མེད་པ་དང་། རྟོག་གའི་ཡུལ་མིན་པའི་ཕྱིར་བསམ་དུ་མེད་པ་དང་། སངས་རྒྱས་ཁོ་ན་ལ་ཡོད་པས་འབའ་ཞིག་པ་དང་། བག་ཆགས་མ་ལུས་པ་སྤངས་པས་དག་པའི་མཐར་ཐུག་པའི་ཡོན་ཏན་ལྔ་དང་ལྡན་པར་རྒྱུད་བླ་མ་ལས་བཤད་དོ། །ཡོན་ཏན་ཕྱི་མ་འདི་གཉིས་དང་། མཚན་ཉིད་གསུམ་པས་ནི། འདི་སློབ་ལམ་དང་ལམ་མ་ཞུགས་ལ་ཡོད་པ་ཡང་བཀག་གོ །སྐུ་འདི་ནི་སེམས་ཀྱི་རང་བཞིན་དེ་ཉིད་ལམ་སྒོམ་སྟོབས་ཀྱིས་གནས་མ་ལུས་པ་གྱུར་པའི་བདག་ཉིད་དུ་ལན་ཅིག་མ་ཡིན་པར་བཀའ་སྩལ་པས་ན། འདི་དེ་བཞིན་ཉིད་མ་ཡིན་པའི་འདུས་མ་བྱས་གཞན་ཞིག་ཏུ་འདོད་པ་ནི་དབུ་སེམས་གང་དང་ཡང་མི་མཐུན་ནོ། །གལ་ཏེ་དེ་བཞིན་ཉིད་དུ་འདོད་ན་དེ་གདོད་མ་ནས་ཀྱང་ཡོད་དགོས་པས་གཞི་དུས་སུ་ངོ་བོ་ཉིད་སྐུ་ཡོད་པར་འགྱུར་ཞེ་ན། །ཉེས་པ་དེ་ནི་དེ་བཞིན་ཉིད་མ་ཡིན་པའི་འདུས་མ་བྱས་ལའང་མཚུངས་ཏེ། དེ་བཞིན་ཉིད་གཞི་དུས་ནས་ཀྱང་མི་འདོད་ན་འདུས་མ་བྱས་མ་ཡིན་པར་ཐལ་བ་འདི་ཙམ་དུ་ཟད་པས་སོ། །གཉིས་པ་ཡེ་ཤེས་ཆོས་སྐུ་ནི། སངས་རྒྱས་ཀྱི་སའི་ཟག་མེད་ཀྱི་སེམས་དང་སེམས་བྱུང་གཞུང་ནས་འཆད་པར་འགྱུར་བ་རྣམས་ཏེ་གཟུགས་སྐུ་གཉིས་ཀྱི་བདག་རྐྱེན་ནོ། །གསུམ་པ་ལོངས་སྤྱོད་རྫོགས་སྐུ་ནི། ཁྱད་པར་ལྔ་དང་ལྡན་པ་སྟེ། །སྐུ་སྟོན་པ་དང་གསུང་བརྗོད་པ་དང་། ཐུགས་མཛད་པ་རྒྱུན་མི་འཆད་པ་དང་། དེ་དག་ལ་ཀུན་ཏུ་རྟོག་པའི་འདུ་བྱེད་མེད་པ་དང་། དུ་མར་སྟོན་ཀྱང་དེ་ལྟར་མེད་པ་སྟེ། རྒྱུད་བླར། བརྗོད་སྟོན་མཛད་རྒྱུན་མི་འཆད་དང་། །མངོན་པར་འདུ་བྱེད་མེད་པ་དང་། །དེ་ཡི་ངོ་བོར་མིན་སྟོན་ལ། །འདིར་ནི་སྣ་ཚོགས་རྣམ་ལྔར་བརྗོད། །ཇི་ལྟར་ཚོན་ནི་སྣ་ཚོགས་ཀྱིས། །ནོར་བུ་དེ་དངོས་མིན་སྣང་ལྟར། །དེ་བཞིན་འགྲོ་རྐྱེན་སྣ་ཚོགས་པས། །ཁྱབ་བདག་དེ་དངོས་མིན་པར་སྣང་། །ཞེས་སོ། །འདི་ལ་ངེས་པ་ལྔ་ལྡན་དུ་སྨྲ་བ་ལ་ནི་དོན་བསྡུས་སྒྲོན་མེར། ངེས་པ་བཞི་སྟེ་འཁོར་དང་ནི། །གནས་དང་སྟོན་པ་ཆོས་སུ་སྟེ། ། ཞེས་པ་ཙམ་ལས་མ་མཐོང་ལ་འདིས་ནི་ཁུངས་མི་ཐུབ་ཅིང་དེར་མ་ཟད་ཐེག་བསྡུས་ལྟར་ན་དེ་ལ་གནོད་པ་ཡང་སྣང་བས་དཔྱད་པར་བྱའོ། །བཞི་པ་སྤྲུལ་སྐུ་ནི། སེམས་ཅན་སྲིད་པ་ལས་སྐྱོ་བ་བསྐྱེད་ནས་མྱང་འདས་ལ་འདུན་པར་བྱེད་པ་དང་། ཐེག་དམན་དུ་ཞུགས་པ་བཟློག་ནས་ཐེག་ཆེན་གྱིས་སྨིན་པར་བྱེད་པ་དང་། བྱང་ཆུབ་མཆོག་ཏུ་ལུང་སྟོན་པས་རྣམ་གྲོལ་ཐོབ་པར་བརྗོད་པ་སྟེ། འབྲས་བུ་གསུམ་གྱི་རྒྱུ་བྱེད་ཅིང་ལོངས་སྐུའི་དབང་གིས་བྱུང་བའོ། ། གཉིས་པ་ཡེ་ཤེས་ལ་གསུམ། ཡེ་ཤེས་ཀྱི་ངོ་བོ་དེའི་རྒྱུ་དེ་སྐུར་བསྟན་པའོ། །དང་པོ་ཡེ་ཤེས་ཀྱི་ངོ་བོ་ནི། འཕགས་པ་སངས་རྒྱས་ཀྱི་ས་ལས། ཤིན་ཏུ་འདུས། སངས་རྒྱས་ཀྱི་ས་ནི་རྣམ་པ་ལྔས་བསྡུས་ཏེ་ལྔ་གང་ཞེ་ན། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་ནན་ཏན་གྱི་ཡེ་ཤེས་ཡིན་ནོ། །ཞེས་སོ། །དེ་ལ་དང་པོ་ནི། ངོ་བོ་ཉིད་ཀྱི་སྐུ་ཡིན་ལ། ཕྱི་མ་བཞི་ནི། མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོག །བྱ་བ་སྒྲུབ་པ་ཁོ་ནའོ། །ཞེས་དང་པོ་མི་གཡོ་ཞིང་གཞན་གསུམ་གྱི་རྟེན་དང་། ཕྱི་མ་གསུམ་གཡོ་བ་དང་དེ་ལ་བརྟེན་པའོ། །དེ་ལ་དང་པོ་ནི། ཁྱད་པར་ལྔ་དང་ལྡན་པ་སྟེ། ང་དང་ང་ཡིར་འཛིན་པ་དང་གཟུང་བ་དང་འཛིན་པ་མེད་པའི་ཕྱིར་ངའི་བ་མེད་པ་དང་། ཤར་ལ་སོགས་པའི་ཡུལ་གྱི་སྒོ་ནས་རིས་ཡོངས་སུ་མ་ཆད་པ་དང་། དུས་ཀྱི་སྒོ་ནས་རྟག་ཏུ་ལྡན་པ་དང་། རྟག་ཏུ་སྒྲིབ་པ་དང་བྲལ་བས་ཤེས་བྱ་ཐམས་ཅད་ལ་མ་རྨོངས་པ་དང་། རྣམ་པ་མེད་པས་ཡུལ་དེ་དག་ལ་མངོན་དུ་ཕྱོགས་པ་ཡང་མ་ཡིན་པ་སྟེ། རྒྱན་ལས། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་པ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཞེས་སོ། །ཁྱད་པར་ཕྱི་མའི་དོན་ནི་རྣམ་པས་བར་མ་ཆོད་པར་ཡུལ་མཁྱེན་ཞེས་སམ། ཡང་ན་འཛིན་སྟངས་ཀྱི་རྣམ་པ་རིས་སུ་ཆད་པ་མེད་པས་ཡུལ་ལ་རིས་སུ་ཆད་པའི་སྒོ་ནས་ཕྱོགས་པ་ཡང་མ་ཡིན། ཞེས་པའོ། །འདིའི་སྒྲ་དོན་ཡང་། དེ་ཉིད་ལས། ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་རོ། །ཞེས་འདི་ལ་ཡེ་ཤེས་ཀྱི་གཟུགས་བརྙན་འབྱུང་བས་མེ་ལོང་ཡེ་ཤེས་སུ་བཤད་དོ། །འདི་ལོངས་སྐུར་བཤད་པ་ནི་དེའི་རྒྱུ་ཡིན་པ་ལ་ངོ་བོ་ཉིད་མེད་པས་བཤད་དོ། །གཉིས་པ་མཉམ་ཉིད་ཡེ་ཤེས་ནི། བྱང་སེམས་ཀྱི་དུས་སུ་བདག་གཞན་མཉམ་པར་བསྒོམ་པས་གཟུགས་བརྙན་ལྟ་བུའི་འགྲོ་བ་རྣམས་གང་ཟག་དང་ཆོས་ལ་བདག་མེད་པར་མཉམ་པར་རྟོགས་ནས་མི་གནས་པའི་མྱང་འདས་ལ་ཞུགས་པ་བྱམས་སྙིང་རྗེ་གཉིས་དང་མཚུངས་ལྡན་ཏེ། སྒོམ་པ་དག་པ་སེམས་ཅན་ལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་འདོད། །མི་གནས་ཞི་བར་ཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །དུས་རྣམས་ཀུན་ཏུ་བྱམས་པ་དང་། །ཐུགས་རྗེ་ཆེན་པོ་དག་དང་ལྡན། །ཞེས་སོ། །གསུམ་པ་སོ་སོར་རྟོག་པ་ནི། །རྟོག་པ་མེད་བཞིན་དུ་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པར་སོ་སོར་རྟོག་པར་མཛད་ཅིང་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རྣམས་ཀྱི་འབྱུང་གནས་སུ་གྱུར་པ་སྟེ། དེ་ཉིད་ལས། སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །ཞེས་སོ། །བཞི་པ་བྱ་བ་གྲུབ་པ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣ་ཚོགས་སྤྲུལ་པས་སེམས་ཅན་གྱི་དོན་སྒྲུབ་པ་སྟེ། དེ་ཉིད་ལས། བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང་། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་དོན་ཀུན་སྒྲུབ་པའོ། །ཞེས་སོ། །གཉིས་པ་ཡེ་ཤེས་དེ་དག་གི་རྒྱུ་ནི། འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར། །ཡང་དག་ཆོས་རབ་སྟོན་ཕྱིར་དང་། ། བྱ་བ་སྒྲུབ་པ་ཉིད་ཀྱི་ཕྱིར། །ཡེ་ཤེས་བཞི་པོ་ཡང་དག་འབྱུང་། །ཞེས་པ་སྟེ། འཛིན་པ་ནི། ཐོས་པར་བྱེད་པའི་ཆོས་རྣམས་དང་། །སེམས་མཉམ་པ་ནི་བདག་གཞན་མཉམ་པ་ཉིད་དུ་སྒོམ་པའོ། །གསུམ་པ་དེ་སྐུར་བསྟན་པ་ནི། འདི་དག་སྐུ་སོ་སོ་ལ་སྦྱར་བའི་ལུགས་མ་འདྲ་བ་སློབ་དཔོན་ཙནྡྲ་གོ་མཱིས་གསུངས་པ་སོགས་ཡོད་ཀྱང་། འདིར་ནི་ཡེ་ཤེས་བཞི་ཡེ་ཤེས་ཀྱི་སྐུར་བྱས་ནས་གཟུགས་སྐུ་གཉིས་དེའི་བདག་རྐྱེན་ལས་བྱུང་བའི་སྐུར་བྱའོ། །ཡང་ན་གཟུགས་སྐུ་གཉིས་ཡེ་ཤེས་བཏགས་པ་བར་ཡང་བཤད་དོ། །གཉིས་པ་བྱ་བ་ཕྲིན་ལས་ཀྱི་རང་བཞིན་ནི། ཕྲིན་ལས་ཞེས་པ་ནི་སངས་རྒྱས་ཀྱི་བྱ་བ་ཡིན་ལ། བྱ་བ་དེ་ཉིད་ཀྱང་བྱེད་པ་པོ་ལ་ཡོད་པ་དང་གདུལ་བྱ་ལ་ཡོད་པའི་ཐར་ལམ་སོགས་ནི་བྱ་བ་ཡུལ་ལ་ཡོད་པའི་ཕྲིན་ལས་ཡིན་ནོ། །དེའི་ཕྱིར་སངས་རྒྱས་ཀྱིས་གདུལ་བྱ་ལམ་དང་ལམ་གྱི་རྟེན་ལ་འགོད་པ་ནི་གཉིས་ཀ་ལ་ཡོད་ལ། བཀོད་པའི་ཆ་ནི་གདུལ་བྱ་ལ་ཡོད་དེ། དཔེར་ན་སྐྱེས་བུས་ཤིང་གཤགས་པའི་རྩོལ་བ་ནི་སྐྱེས་བུ་ལ་ཡོད་ཅིང་ཤིང་དུམ་བུར་གཤགས་པའི་ཆ་ཡུལ་ལ་ཡོད་པ་བཞིན་ནོ། །སྔ་མ་འདི་ཐུགས་ལ་བཞག་ནས་དག་ལྡན་ལས་ཇི་ལྟར་ན་མཛད་པ་ཆོས་ཀྱི་སྐུ་ཡིན་ཞེ་ན། མཛད་པ་དང་མཛད་པོ་ཐ་མི་དད་པའི་ཕྱིར་རོ། །ཞེས་གསུངས་སོ། །འདི་དང་འཕགས་སེང་གཉིས་འགལ་བར་བཟུང་ནས་བྱ་བ་ཡུལ་ལ་ཡོད་པའི་ཕྲིན་ལས་ལ་བཞེད་པར་འཆད་ཀྱང་འདི་ལ་འགལ་བ་མེད་དོ། །འོ་ན་གདུལ་བྱ་ལམ་གྱི་རྟེན་ནས་མྱང་འདས་ཀྱི་བར་ལ་བཀོད་པའི་བར་ཉེར་བདུན་ལ་ཕྲིན་ལས་སུ་གསུངས་པ་ཅི་ཞེ་ན། བཀོད་པའི་ཆ་དང་འགོད་པའི་ཐབས་སངས་རྒྱས་ཀྱི་བྱ་བ་ཉེར་བདུན་ལ་ཡིན་པས་ཀླན་ཀར་མི་འགྱུར་རོ། །དེ་ལྟར་བྱས་ན་སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་རྣམས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཞེས་གསུངས་པ་ཡང་ལེགས་པར་དྲངས་པར་འགྱུར་རོ། །གཉིས་པ་ཡན་ལག་གི་དོན་ལ་གཉིས། སྐུ་དང་མཛད་པའོ། ། དང་པོ་སྐུ་ལ་བཞི། ངོ་བོ་ཉིད་དང་། ཡེ་ཤེས་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའོ། །དང་པོ་ངོ་བོ་ཉིད་སྐུ་ལ་བཞི། དོན་དངོས་དང་། ངེས་པའི་ཚིག །འཐོབ་པའི་ཚུལ། ཆོས་ཅན་གསུམ་དང་ཐ་དད་ཡིན་མིན་ནོ། །དང་པོ་དོན་དངོས་ནི། འཆད་འགྱུར་ཟག་མེད་ཀྱི་དྲན་པ་ཉེར་བཞག་ལ་སོགས་པ་ཡེ་ཤེས་ཀྱི་བདག་ཉིད་སྒྲིབ་གཉིས་ཀྱི་དྲི་མ་གློ་བུར་ཐམས་ཅད་དག་ཅིང་རང་བཞིན་གྱིས་ཀྱང་དག་པ་ཉིད་ཡིན་པའི་ཡེ་ཤེས་དེ་དག་གི་རང་གི་ངོ་བོ་ཉིད་སྐྱེ་མེད་སྤྲོས་པ་དང་བྲལ་བ་ནི་ངོ་བོ་ཉིད་སྐུའོ། །ཟག་མེད་ཡིན་པའི་རྒྱུ་མཚན་ནི། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དབྱིངས་ཏེ་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུའི་བདག་ཉིད་ཡིན་པས་སོ། །གཉིས་པ་ངེས་ཚིག་ནི། རྒྱུ་རྐྱེན་གྱིས་གསར་དུ་བཅོས་མ་མ་ཡིན་པའི་དོན་ཏེ་དབུ་མའི་རྩ་བ་ལས། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། ། ཞེས་སོ། །གསུམ་པ་ཐོབ་ཚུལ་ནི། བྱང་སེམས་ཀྱིས་འཇིག་རྟེན་ལས་འདས་པའི་ལམ་གྱིས་སྤྲོས་པ་འགའ་ཡང་མ་གཟིགས་པའི་ཚུལ་གྱིས་རྟོགས་པའི་སྒོ་ནས་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་སྤྲོས་པ་མཐའ་དག་བྲལ་བར་རྟོགས་པ་ཙམ་གྱིས་ཐོབ་པ་ཡིན་ཏེ་གསར་དུ་བྱས་པའམ་བྱེད་པ་ནི་མ་ཡིན་ནོ། །བཞི་པ་ཆོས་ཅན་གསུམ་དང་ཐ་དད་ཡིན་མིན་ནི། སྐུ་ལྷག་མ་གསུམ་པོ་ནི་ངོ་བོ་ཉིད་ཀྱི་སྐུ་དེ་དང་ཐ་མི་དད་ཀྱང་ཐ་སྙད་དུ་ཐ་དད་པར་རྣམ་པར་བཞག་གོ ། ཐ་དད་དུ་འཇོག་པའི་དགོས་པ་ནི། སྐུ་ལྷག་མ་གསུམ་པོར་རིམ་པ་ལྟར། སངས་རྒྱས་དང་བྱང་སེམས་ས་ཆེན་པོ་ལ་བཞུགས་པ་དང་། ཉན་ཐོས་དང་མ་ངེས་པ་འབྲས་བུ་གང་ལ་ཡང་མ་ཞུགས་པའི་སོ་སྐྱེ་ལས་དག་པ་རྣམས་ཀྱི་སྤྱོད་ཡུལ་དུ་རྣམ་པར་བཞག་པ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་དུའོ། །དེ་ལྟར་སྤྱོད་ཡུལ་གསུམ་དུ་འཇོག་པའི་རྒྱུ་མཚན་ནི། ཡང་དག་པའི་ཀུན་རྫོབ་ཏུ་སྣང་བ་དེ་ཉིད་དོན་དམ་པར་ཆོས་ཉིད་སྤྲོས་བྲལ་གྱི་ངོ་བོ་ལ་རང་རང་གི་མོས་པ་ཇི་ལྟ་བས་ཐ་དད་པ་གསུམ་དུ་རབ་ཏུ་ཕྱེ་བའོ། །འདིའི་ཡང་དག་ཀུན་རྫོབ་ནི་འཇིག་རྟེན་ལས་འདས་པའི་རྗེས་ཐོབ་ཀྱི་སྣང་བ་ཡིན་ནོ། །གཉིས་པ་ཡེ་ཤེས་ཀྱི་སྐུ་ལ་གསུམ། ཡེ་ཤེས་ཐ་དད་པའི་སྐུར་བསྟན། ཐ་མི་དད་པར་འདོད་པ་དགག །ཐ་དད་པ་ལ་རྩོད་པ་སྤང་བའོ། ། དང་པོ་ཡེ་ཤེས་ཐ་དད་པའི་སྐུར་བསྟན་པ་ལ་གཉིས། ཡོན་ཏན་སོ་སོར་བསྟན་པ་དང་། བསྡོམས་ཏེ་སྐུར་བཞག་པའོ། །དང་པོ་ཡོན་ཏན་སོ་སོར་བསྟན་པ་ནི། བྱང་ཕྱོགས་ནས་རྣམ་མཁྱེན་གྱི་བར་བརྒྱ་ཞེ་བཞི་དང་། མཐའི་དང་གིས་བསྡུས་པའི་མཁྱེན་པ་གཉིས་དང་བཅས་བརྒྱ་ཞེ་དྲུག་གོ །འདི་དག་ཀྱང་རྒྱུད་དབང་བཙན་པར་བྱས་ན་ཐམས་ཅད་ཀྱང་ཐུབ་པའི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཡིན་ལ། མཚན་ཉིད་དབང་བཙན་པར་བྱས་ན་ཕྱོགས་མཐུན་ནས་སོ་སོ་རིག་བཞི་ཐེག་དམན་དང་། ཡོངས་དག་དང་དབང་བཅུ་སེམས་དཔའ་དང་ཐུན་མོང་བ་དང་། ལྷག་མ་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ནོ། །དེ་ལ་སྡེ་ཚན་ཉེར་གཅིག་ལས། །བྱང་ཕྱོགས་སོགས་བཞི་ནི་སྔར་རྣམ་ཀུན་དང་ཀུན་མཁྱེན་དུ་བཤད་པ་ལྟར་བཟུང་ཞིང་། མཐར་གྱིས་གནས་པ་ནི་སྔར་རྒྱུད་ལ་སྐྱེད་མ་མྱོང་བའི་ཚེ་འདི་དགུ་ལ་མཐར་ཆགས་སུ་འཇུག་དགོས་པས་སོ། །སྡེ་ཚན་ལྔ་པ་ཟད་པར་ལ་དགུ། ངོ་བོ། དབྱེ་བ། རྟེན། སྦྱོང་ཚུལ། མཚན་མ། དེ་ཡིད་ལ་བྱེད་ཚུལ། བྱེད་ལས། སྐྱེ་མཆེད་གཞན་ལ་ཟད་པར་མི་འཇོག་པའི་རྒྱུ་མཚན། ངེས་ཚིག་གོ །དང་པོ་ངོ་བོ་ནི། ཀུན་བཏུས་སུ་ཤེས་རབ་དང་ཏིང་འཛིན་གཉིས་ལ་བཤད་ལ། མཛོད་ལས་དང་པོ་བརྒྱད་མ་ཆགས་པའི་དགེ་བ་དང་། ཐ་མ་གཉིས་ནི་གཟུགས་མེད་དང་པོ་གཉིས་ཀྱི་དངོས་གཞི་དག་པ་བ་ལ་བཤད་དོ། །གཉིས་པ་དབྱེ་བ་ནི་ཟད་པར། ས་དང་ཆུ་དང་མེ་དང་རླུང་དང་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ནམ་མཁའ་དང་རྣམ་པར་ཤེས་པ་སྟེ་བཅུའོ། །དེ་ལ་ཟད་པར་རླུང་གི་དམིགས་པ་ནི་གཟུགས་དང་རེག་བྱའི་སྐྱེ་མཆེད་གཉིས་ཀར་འགྱུར་ལ། གཞན་ཟད་པར་གཟུགས་ཅན་བདུན་གྱི་དམིགས་པ་ནི་གཟུགས་ཀྱི་སྐྱེ་མཆེད་དུ་མཛོད་འགྲེལ་དང་། ཐ་མ་གཉིས་ཀྱི་དམིགས་པ་ནི་རང་སའི་མིང་བཞི་ཡིན་པར་དེ་རྩ་འགྲེལ་གཉིས་ལས་སོ། །གསུམ་པ་རྟེན་ནི་མཛོད་ལྟར་ན། དང་པོ་བརྒྱད་བསམ་གཏན་བཞི་པ་དང་། ཐ་མ་གཉིས་གཟུགས་མེད་དང་པོ་གཉིས་ལ་རྟེན་ཞེས་པ་ལྟར་མངོན་པ་གོང་མ་པ་ཡང་འདོད་དགོས་ལ། ཉི་སྣང་ལས་བསམ་གཏན་བཞི་ཀ་ལ་བརྟེན་པར་གསུངས་སོ། །བཞི་པ་སྦྱོང་ཚུལ་ལ་གཉིས། སྔར་སྦྱང་བ་བྱས་པས་འགྲུབ་ཚུལ་དང་། མ་བྱས་པས་སྦྱོང་ཚུལ་ལོ། །དང་པོ་ནི། སྔར་གོམས་པར་བྱས་པས་སོ་སོའི་དམིགས་པ་ཅུང་ཟད་མཐོང་བ་ཙམ་ལས་དེ་དང་དེའི་ཏིང་ངེ་འཛིན་གསལ་བར་འགྱུར་ཏེ། འདི་ལྟར་ཆུ་ཀླུང་སོགས་སུ་ཆུ་དང་། དེ་བཞིན་དུ་ནགས་ཀྱི་མེ་འབར་ཞིང་དུ་བ་འཐུལ་བ་དང་། རླུང་གིས་བསྐྱོད་པའི་འོད་མ་དང་འཁྲི་ཤིང་གི་ལོ་མ་ལ་སོགས་པ་རྣམས་ལ་རླུང་འདི་ནི་གནས་འདིར་རབ་ཏུ་རྒྱུ་བ་ཡིན་ནོ་ཞེས་ཀུན་ཏུ་ལྟ་བ་ཙམ་དང་། མེ་ཏོག་ནོར་བུ་གོས་ལ་སོགས་པ་སྔོན་པོ་བཏིང་བ་དང་། དེ་དག་ཉིད་སེར་པོ་དང་དམར་པོ་དང་དཀར་པོར་གྱུར་པ་དང་། མཚན་མོ་སྟེངས་དངུལ་ཟླ་བའི་དཀྱིལ་འཁོར་སོགས་དང་། སྐར་ཁུང་ནང་ངམ་ཤིང་གི་ལོ་མའི་གསེབ་ནས་ཟླ་བ་དང་ཉི་འོད་བྱུང་ནས་ས་གཞི་ལ་སྐྱེད་པའི་འོད་ཀྱི་ཐིག་ལེ་ལ་ལྟ་བ་དང་། སྐར་ཁུང་དང་རྩིག་པའི་བུ་ག་མཐོང་བ་ཙམ་གྱིས་ཟད་པར་ཆུ་ལ་སོགས་པའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །གཉིས་པ་སྔར་མ་སྦྱངས་པས་སྦྱོང་ཚུལ་ལ་གཉིས། དམིགས་པ་རྟེན་དུ་བྱེད་པ་དང་། དེ་ལ་ཡིད་གཏོད་པའི་ཚུལ་ལོ། །དང་པོ་དམིགས་བརྟེན་དུ་བྱེད་པ་ནི། སྔོ་སོགས་ཀྱི་ཁ་ཏོག་གི་དབྱེ་བ་དང་བྲལ་བའི་ཆུ་དྲི་མ་མེད་པ་ནམ་མཁའ་ནས་འབབ་པ་ཆུ་ཚགས་ལས་འཛགས་པ་རྣམས་ཀྱིས་ལྷུང་བཟེད་སོགས་ཀྱི་སྣོད་གང་རུང་བཀང་བ་དང་། སྣུམ་ཞིང་སྙིང་པོ་དང་བཅས་བའི་ཤིང་དུམ་བུར་གཏུབ་ནས་ཤིང་དྲུང་ངམ་མགྲོན་ཁང་ཡང་རུང་སྟེ། རྗེས་སུ་མཐུན་པའི་གནས་སུ་སྤུངས་ཏེ་མཐའ་རྩིག་པས་བསྐོར་བ་ལ་མཐོ་གང་སོར་བཞི་ཙམ་གྱི་བུ་ག་བྱས་པ་སྦར་ནས་འོག་ཏུ་ཤིང་དང་། སྟེང་དུ་དུ་བ་དང་། དབུས་སུ་མེ་འབར་བར་བྱས་པ་དང་། ཡན་ལག་གི་ཕྱོགས་གང་དུ་རླུང་གིས་རེག་པར་འགྱུར་བའི་སྐར་ཁུང་དང་རྩིག་པའི་བུ་ག་ཡོད་དམ་མེད་ན་དེ་ལྟར་བྱས་པ་དང་། རས་སྔོན་པོ་རྔ་བོ་ཆེའི་མཐིལ་ལྟར་བརྒྱངས་པ་ལ་ནི། ལ་ཀང་ས་དང་པ་ལ་ཤ་སྔོན་པོ་དང་། མིག་སྨན་སྔོན་པོ་སོགས་གང་ཡང་རུང་བའི་ཚོན་གྱིས་འཕོ་བ་དང་མི་འཕོ་བའི་དཀྱིལ་འཁོར་བྱས་ནས་དེའི་མཐའ་ཁ་དོག་མི་མཐུན་པས་བཅད་པ་དང་། སེར་པོ་དང་དམར་པོ་དང་དཀར་པོ་ལ་སོགས་པ་ལ་ཡང་དེ་བཞིན་ནོ། །བུམ་ནང་དུ་མར་མེ་སྦར་ཏེ་ཁ་བཅད་ཅིང་བུ་ག་ཧ་ཅང་མི་ཆེ་བ་བཏོད་ནས་དེའི་འོད་ཀྱིས་རྩིག་ངོས་ལ་སྐྱེད་པའི་སྣང་བའི་དཀྱིལ་འཁོར་ཡུན་རིང་དུ་གནས་པ་དང་། རྩིག་པ་རེ་ལྡེ་སྣམ་བུ་གང་རུང་གིས་གཡོགས་པའི་གནས་སུ་མཐོ་གང་སོར་བཞི་ཙམ་གྱི་བུ་ག་བཏོད་པ་མཐོང་བའི་ཡུལ་དུ་བྱས་པ་རྣམས་ཟད་པར་ཆུ་ལ་སོགས་པའི་དམིགས་རྟེན་ནོ། །གཉིས་པ་དེ་ལ་ཡིད་གཏོད་པའི་ཚུལ་ནི། དམིགས་པ་དེ་དག་མཐོང་བའི་གནས་ཡིད་དང་མཐུན་པར་སྟན་བདེ་བ་ལ་འདུག་ནས། ས་ས་ཆུ་ཆུ་ཞེས་སོགས་བཅུ་པོའི་མིང་ཙམ་ལ་དམིགས་ནས་ཡང་དང་ཡང་གོམས་པར་བྱེད་པའོ། །ལྔ་པ་མཚན་མ་ལ་གཉིས། མ་གྲུབ་པའི་རྟགས་འཛིན་པའི་མཚན་མ་དང་། གྲུབ་པའི་རྟགས་སྣང་བའི་མཚན་མ་འཆར་ཚུལ་ལོ། །དང་པོ་ནི་སྦུ་བ་དང་ཆུ་བུར་འདྲེས་པའི་ཆུ་གཡོ་བའི་རྣམ་པ་ཅན་དང་། མེ་ཆད་ཅིང་ཆད་ཅིང་ལྟུང་བ་དང་འགལ་དུམ་དང་སོལ་བ་དང་ཐལ་བ་རྣམས་ལ་ཅུང་ཟད་གནས་པ་དང་། འོ་མ་བསྐོལ་བ་ཕོག་མ་ཐག་པའི་རླངས་པ་འཐུལ་བ་ལྟར་གནས་པ་དང་། མེ་ཏོག་གེ་སར་སྡོང་བུ་མེད་པ་ལྟ་བུ་སྟེ་དེ་ཡང་གེ་སར་སྡོང་བུ་འདབ་མ་རྣམས་མི་མཐུན་པ་ལས་བྱས་པ་ལྟ་བུ་ཡིན་ལ། སེར་པོ་སོགས་གསུམ་ལ་ཡང་དེ་ལྟར་དང་། ས་འམ་རྩིག་པར་སྐྱེས་པའི་འོད་ཀྱི་དཀྱིལ་འཁོར་དང་འདྲ་བར་དངོས་པོ་འགའ་ཞིག་ཁོ་ན་ལ་གསལ་བ་དང་། རྩིག་པ་ལ་སོགས་བའི་བུ་ག་ལྟར་སྣང་བ་ལ་བློས་བསྐྱེད་ཀྱང་མི་འཕེལ་བར་སྣང་བ་རྣམས་ནི་ཆུ་ལ་སོགས་པ་དགུའི་མ་གྲུབ་པའི་མཚན་མའོ། །དེ་དག་ཀྱང་སྔར་སྦྱང་བ་བྱས་མ་བྱས་གཉིས་ཀ་ལ་འབྱུང་ལ། འོན་ཀྱང་གོམས་པར་བྱས་ཟིན་ལ་ནི་སྐྱོན་མིན་པར་ཉི་སྣང་ལས་གསུངས་སོ། །གཉིས་པ་གྲུབ་པའི་རྟགས་ནི། ནམ་མཁའ་ལ་གནས་པའི་ནོར་བུའི་རླུང་ཡབ་དང་ནོར་བུའི་རང་བཞིན་གྱི་མེ་ལོང་གི་དཀྱིལ་འཁོར་ལྟར་མི་གཡོ་བའི་རྣམ་པ་ཅན་དུ་སྣང་བ་དང་། ནམ་མཁའ་ལ་གནས་པའི་ལྭ་བ་དམར་པོ་ཟླུམ་པོ་དང་། གསེར་གྱི་རླུང་ཡབ་དང་། དེའི་ཀ་བ་ལྟ་བུར་སྣང་བ་དང་། འདུག་པ་ལྟར་མི་གཡོ་བར་གནས་པར་མཐོང་བ་དང་། དམིགས་རྟེན་ཟད་པར་གྱི་དཀྱིལ་འཁོར་ལས་འཕགས་ནས་ནོར་བུའི་རླུང་ཡབ་ལྟ་བུ་སྣང་བ་སྟེ་གཞན་གསུམ་ལ་ཡང་དེ་ལྟར་དང་། སྣང་བའི་ཚོགས་སྡུག་པོ་རབ་ཏུ་དང་བ་དང་འདྲ་བར་ཐམས་ཅད་ལ་གསལ་བ་དང་། ནམ་མཁའི་དཀྱིལ་འཁོར་ལྟ་བུར་གྱུར་ནས་གནས་ཤིང་། བློས་བསྐྱེད་ན་ནི་འཕེལ་བར་སྣང་བ་རྣམས་ཟད་པར་ཆུ་ལ་སོགས་པ་དགུའི་གྲུབ་པའི་མཚན་མའོ། །ས་ལ་སྔར་སྦྱངས་པས་འགྲུབ་ཚུལ་དང་། མ་སྤངས་པས་སྦྱོང་བའི་དམིགས་རྟེན་དང་གྲབ་མ་གྲབ་ཀྱི་མཚན་མ་མ་གསུངས་པའི་རྒྱུ་མཚན་ནི་ཇི་ལྟ་བ་བཞིན་མི་ཤེས་པར་སྣང་ངོ་། ། དྲུག་པ་དེ་ཡིད་ལ་བྱེད་ཚུལ་ནི། དེ་ལྟར་མཚན་མ་དེ་དག་བྱུང་བའི་ཆ་ཁ་དོག་ལ་སོ་སོར་རྟོག་པ་དང་། མཚན་མ་ཡིད་ལ་བྱེད་པ་སྤངས་ཏེ་དེ་དང་དེའི་མིང་ཙམ་ལ་གསལ་བར་དམིགས་ནས་བསྒོམ་པར་བྱའོ། །བདུན་པ་བྱེད་ལས་ནི། གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་དང་། ནམ་མཁའམ་ཆུ་ལ་སར་སྤྲུལ་ནས་རྐང་པས་འགྲོ་བ་སོགས་བྱེད་པ་དང་། ས་ལ་བྱིའུ་འཛུལ་བྱེད་ཅིང་སྟེང་དུ་འབྱུང་བ་དང་། ཆུའི་ཆར་འབེབས་པ་དང་། ས་དང་རི་སོགས་ལ་ཆུ་བོ་དང་རྒྱ་མཚོར་སྤྲུལ་པ་དང་། དུ་བ་འཐུལ་ཞིང་མེ་འབར་བ་དང་། མེ་འདག་གི་ཆར་འབེབས་པ་དང་གང་འདོད་པ་དེ་སྲེག་པ་དང་། མྱ་ངན་ལས་འདའ་བ་ན་མེས་ལུས་སྲེག་པ་དང་། ལྷའི་མིག་གིས་ཡུལ་སྣང་བར་བྱེད་པ་དང་། རླུང་ལྟར་མགྱོག་པར་འགྲོ་ཞིང་རླུང་གི་ཆར་འབེབས་པ་སོགས་དང་། གཟུགས་སྔོན་པོར་སྤྲུལ་ཞིང་མུན་པར་བྱེད་པ་སོགས་དང་། སེར་པོར་སྤྲུལ་ཞིང་གསེར་དུ་འགྱུར་བར་བྱེད་པ་སོགས་དང་། གཟུགས་དམར་པོར་སྤྲུལ་པ་སོགས་དང་། གཟུགས་དཀར་པོར་སྤྲུལ་ཞིང་རྨུགས་གཉིད་རིང་དུ་བྱེད་མུན་པ་འཇིག་པར་བྱེད། ལྷའི་མིག་གི་ཡུལ་སྣང་བར་བྱེད་བདག་གཟུགས་གསལ་བར་སྤྲུལ་ཞིང་གཉིད་རྨུགས་རིང་དུ་བྱེད་པ་དང་། ལྷའི་མིག་གི་ཡུལ་སྣང་བར་བྱེད་པ་སོགས་དང་། སྒྲིབ་པ་རྣམས་འབྱེད་ཅིང་ས་དང་རི་བོ་སོགས་ཀྱི་ནང་ནམ་མཁར་སྤྲུལ་ནས་སྤྱོད་ལམ་བྱེད་པ་དང་། རྩིག་པ་སོགས་ལ་ཐད་ཀར་འགྲོ་བ་རྣམས་ཟད་པར་ཆུ་ལ་སོགས་པའི་བྱེད་ལས་སོ། །སའི་དངོས་གཞི་ལས་གསེར་ལ་སོགས་པ་གང་མོས་མོས་སུ་ཟད་པར་གྱིས་བསྒྱུར་བ་རྣམས་དེ་ཁོ་ན་བཞིན་དུ་འགྱུར་ཞིང་གསེར་ལ་སོགས་པས་ཀྱང་དེའི་བྱ་བ་བྱེད་ནུས་པར་བཤད་དོ། །བརྒྱད་པ་སྐྱེ་མཆེད་གཞན་ལ་ཟད་པར་མ་བཞག་པའི་རྒྱུ་མཚན་ནི། གལ་ཏེ་གཟུགས་དང་རེག་བྱ་ལ་ཟད་པར་བཞག་ནས་སྐྱེ་མཆེད་གཟུགས་ཅན་གཞན་བརྒྱད་ལ་མི་འཇོག་པ་ཅི་ཞེ་ན། གཟུགས་རེག་གཉིས་སུ་ནི་བདག་གཞན་གཉིས་ཀ་དང་། གཟུགས་ཅན་གྱི་སེམས་ཅན་གྱི་ཁམས་ཐམས་ཅད་ཡོད་པ་དང་། དབང་པོ་ལྔ་ནི་གཞན་རྒྱུད་ལ་མེད་པ་དང་། དྲི་རོ་གཉིས་ཀྱང་གཟུགས་ཁམས་ན་མེད་པས་མ་བཞག་གོ །ཞེས་པ་ནི་སའི་དངོས་གཞིའི་དགོངས་པའོ། །སྒྲ་ལ་མི་འཇོག་པ་ནི་རྒྱུན་མེད་པས་ཟེར་རོ། །གཟུགས་མེད་པ་ན་ནི་ནམ་མཁའ་ཐམས་ཅད་དུ་འགྲོ་བ་དང་། རྣམ་ཤེས་ཀྱང་ཡུལ་ཟད་པར་གྱི་ཡུལ་ཅན་ཡིན་པས་ཟད་པར་བཞག་ལ། གཟུགས་ཅན་བརྒྱད་ཀྱིས་གཟུགས་ཁམས་ཕྱིན་ཆད་ལ་ཟད་པར་བྱེད་པར་སའི་དངོས་གཞི་ལས་སོ། །དེ་ལྟར་ན་གཟུགས་མེད་ཕྱི་མ་གཉིས་ལ་མི་བཞག་སྟེ་གསུམ་པས་ནི་དམིགས་པ་གཅོད་པ་སྟེ་བཞི་པས་ནི་སེམས་ནང་དུ་བསྡུས་པས་མི་གསལ་བས་སོ། །གཟུགས་ཅན་གྱིས་ཟད་པར་རྒྱུ་ལ་གཟུགས་ཀྱི་ཟད་པར་བཞི་བཞག་པ་ནི་འབྱུང་བ་མེད་པར་འབྱུང་བ་འགྱུར་སྔོན་པོ་སོགས་ཀྱི་ཡུལ་ལ་ཁྱབ་པར་བྱེད་མི་ནུས་པས་ཡིན་ནོ། །ཞེས་ཀུན་བཏུས་ལས་སོ། །དགུ་པ་ངེས་ཚིག་ནི་རྒྱུན་མི་འཆད་པར་ཁྱབ་པར་སྤྲོ་བས་ན་ཟད་པར་གྱི་སྐྱེ་མཆེད་དོ། །ཞེས་པ་ལྟར་རོ། །ཚུལ་འདི་ལྟར་ཟད་པར་འཆད་པ་ནི་ཉི་སྣང་གི་དགོངས་པའོ། །སྡེ་ཚན་དྲུག་པ་ནི། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི་དབྱེ་གཞིའོ། །དབྱེ་གྲངས་ནི་རྣམ་པ་བརྒྱད་དེ་དེ་ཡང་དབྱིབས་དང་། ཁ་དོག་ཟིལ་གྱིས་གནོན་པ་རྣམ་པ་བཞི་བཞི་སྟེ་དེ་ལྟར་ནའོ། །དེ་ལ་དང་པོ་བཞི་ནི་ནང་རྣལ་འབྱོར་པ་རང་ལ་གཟུགས་ཅན་དུ་འདུ་ཤེས་པའི་སྒོ་ནས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་པོ་དང་ངན་པ་རྣམས་ལ་ལྟ་ཞིང་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་དེ་ལྟར་འདུ་ཤེས་པར་གྱུར་པ་ཞེས་བྱ་བ་ནི་དང་པོའོ། །ཆུང་ངུའི་གནས་སུ་ཆེན་པོ་སྦྱར་ནས་གཞན་དེ་ཇི་ལྟ་བ་བཞིན་དུ་སྦྱར་བ་ནི་གཉིས་པའོ། །ནང་རྣལ་འབྱོར་པ་རང་ལ་གཟུགས་མེད་པར་འདུ་ཤེས་པའི་སྒོ་ནས་ཞེས་སྦྱར་ནས་ཆེ་ཆུང་གཉིས་རེ་རེར་བྱས་པ་ནི་ཕྱི་མ་གཉིས་སོ། །དེ་ལ་ཆུང་ངུ་ནི་སེམས་ཅན་གྱི་གཟུགས་ཡིན་ལ་དེའི་བཟང་ངན་ནི་ལྷ་མི་ལ་བྱ་ཞིང་། ཆེན་པོ་ནི་ཁང་པ་གཞལ་མེད་ཁང་རི་ལ་སོགས་པ་སྟེ་དེའི་ཁ་དོག་མཛེས་མི་མཛེས་ནི་ཡིད་དུ་འོང་མི་འོང་ལ་བྱའོ། །ཟིལ་གྱིས་མནན་ནས་ཞེས་བྱ་བ་ནི་དབང་བསྒྱུར་ནས་སོ། ། ཤེས་པ་ནི་ཞི་གནས་དང་། མཐོང་བ་ནི་ལྷག་མཐོང་དང་། དེ་ལྟར་འདུ་ཤེས་པ་ནི། ཟིལ་གྱིས་ནོན་ནམ་མ་ནོན་ཡང་རུང་མངོན་པའི་ང་རྒྱལ་མེད་པའོ། །གཉིས་ཚན་དེ་གཉིས་ནི་རིམ་པ་ལྟར་རྣམ་ཐར་དང་པོ་གཉིས་སྦྱང་བའི་མཐུ་ལས་བྱུང་བའོ། །ཕྱི་མ་བཞི་ནི་སྔར་ལྟར་གཟུགས་ཆེ་ཆུང་ལ་ལྟ་བ་ན་གཟུགས་ཅན་ཡིན་མིན་གཉིས་ཀྱི་འདུ་ཤེས་མི་བྱེད་པར། ཟུགས་མེད་པར་འདུ་ཤེས་པ་དག་ཁོ་ནས་སྔོན་པོ་དང་དཀར་པོ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་། དེ་ལྟར་འདུ་ཤེས་པར་གྱུར་པ་ཞེས་རེ་རེའི་མཐར་སྦྱར་བ་བཞིའོ། །འདི་ཡང་མདོ་ལས། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གཟུགས་སྔོན་པོ་ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལ་ལྟ་སྟེ། དཔེར་ན་ཟར་མའི་མེ་ཏོག་གམ་ཡུལ་ཝྭ་ར་ཎཱ་སིའི་རས་ཕུན་སུམ་ཚོགས་པ་སྔོན་པོ་སོགས་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ་སོགས་འབྱུང་བ་རྣམས་ལ་ལྟ་ཞིང་དེ་དག་ཟིལ་གྱིས་མནན་ནས་ཤེས་སོགས་སྔར་ལྟར་གསུངས་ཤིང་། དེ་བཞིན་དུ་སེར་པོ་དོང་ཁ་དང་། དམར་པོ་བན་ངྷུ་ཛཱི་ཀའི་མེ་ཏོག་དང་། དཀར་པོ་སྐར་མ་པ་སངས་དང་སྦྱར་ནས་གསུངས་སོ། །དེ་ཡང་ནང་གཟུགས་ནས་བལྟ་སྟེའི་བར་མདོར་བསྟན་དང་ལྷག་མ་རྒྱས་བཤད་དོ། །དེ་ཡང་དེ་བཞིན་དུ་ཡན་དཔེ་དང་ཕྱིན་ཆད་དོན་ནོ། །དེ་ལ་སྔོན་པོ་ནི་མདོར་བསྟན་ནོ། །ཁ་དོག་སྔོན་པོ་ནི་ལྷན་སྐྱེས་སོ། །སྔོན་པོ་ལྟ་བུར་སྟོན་པ་ནི་སྦྱར་བྱུང་ངོ་། །འོད་སྔོན་པོ་འབྱུང་བ་ནི་དེ་གཉིས་ཀ་ལ་འོད་གསལ་པོ་འབྱུང་བ་སྟེ་ཐུན་མོང་ངོ་། །མེ་ཏོག་ནི་ལྷན་སྐྱེས་དང་། རས་སྦྱར་བྱུང་གི་དཔེའོ། །དེས་ན་ཚིག་བཞིའི་ཐོག་མཐའ་གཉིས་མེ་ཏོག་དང་རས་གཉིས་ཀའིའོ། །བར་པ་གཉིས་ནི་དེ་གཉིས་སོ་སོའིའོ། །གཞན་གསུམ་ལའང་དེ་བཞིན་རིགས་པར་བྱ་སྟེ་འདི་ནི་སྡུག་པའི་རྣམ་ཐར་གྱི་མཐའ་ལས་བྱུང་བའོ། །གནོད་འཇོམས་ཆུང་བར་གཟུགས་ཅན་དང་དེ་མ་ཡིན་པར་འདུ་ཤེས་ནས་ཆུང་ངུ་དང་ཆེན་པོ་ལ་བལྟ་བ་སྟེ་གཉིས་དང་། སྔོ་སོགས་ལ་བལྟ་བ་བཞི་སྟེ་དྲུག །ནམ་མཁའ་རྣམ་ཤེས་ཟིལ་གྱིས་གནོན་པ་གཉིས་ཏེ་བརྒྱད་དུ་བྱེད་པ་ནི་ཁྲི་བརྒྱད་སྟོང་པ་དང་མཐུན་ནོ། །བདུན་པ་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ནི། བསམ་གཏན་ལ་བརྟེན་ནས་ཕ་རོལ་གྱི་རྒྱུད་དུ་གཏོགས་པའི་ཉོན་མོངས་པའི་དགྲའི་རྒྱུན་དྲུང་འབྱིན་པའི་ཏིང་ངེ་འཛིན་དང་ཤེས་རབ་བོ། །བརྒྱད་པ་སྨོན་ནས་མཁྱེན་པ་ནི། མཚན་མའི་བློ་ཐམས་ཅད་དང་བྲལ་ཞིང་མངོན་ཞེན་གྱི་ཆགས་པ་བཅོམ་པ་གདུལ་བྱའི་ཐེ་ཚོམ་སེལ་བར་མཛད་པའི་སྨོན་ལམ་གྲུབ་པས་འཁོར་བ་དང་མྱང་འདས་ཅི་སྲིད་དུ་གནས་པ་དེ་སྲིད་ཀྱི་གནས་སྐབས་སུ་ཡུལ་ལ་འཇུག་པའི་ཏིང་ངེ་འཛིན་དང་ཤེས་རབ་བོ། །སྔ་མ་དང་འདི་གཉིས་ཀའི་ངོ་བོ་ཞི་ལྷག་གོ །དགུ་པ་དང་བཅུ་པ་ནི་སྔར་རྣམ་མཁྱེན་དང་རྣམ་ཀུན་ཏུ་བཤད་པ་ལྟར་རོ། །བཅུ་གཅིག་པ་ཡོངས་སུ་དག་པ་བཞི་ནི། བསམ་གཏན་ལ་བརྟེན་ནས་ལུས་འདོར་ལེན་ལ་དབང་ཐོབ་པའི་རྟེན་དང་། མེད་པ་སྤྲུལ་ཏེ་ཡོད་པ་སྒྱུར་བ་ལ་དབང་ཐོབ་པས་དམིགས་པ་དང་། སྐད་ཅིག་རེ་རེ་ལ་ཏིང་ངེ་འཛིན་གྲངས་མེད་པར་འཇུག་པའི་ཐུགས་དང་། གཟུངས་ཀྱི་སྒོ་དཔག་ཏུ་མེད་པ་ལ་དབང་འབྱོར་བ་ཡེ་ཤེས་ཏེ་ཡོངས་སུ་དག་པ་ཞེས་རེ་རེའི་མཐར་སྦྱར་བའི་ངོ་བོ་ནི་ཞི་ལྷག་གོ །བཅུ་གཉིས་པ་དབང་ལ་ནི་རྣམ་པ་བཅུ་སྟེ་ཚེའི་འདུ་བྱེད་འདོར་བ་ཇི་ལྟར་འདོད་པ་བཞིན་བྱེད་པས་བསྡུས་པའི་ཚེ་ལ་དབང་བ་དང་། ཇི་ལྟར་འདོད་པ་བཞིན་སེམས་ཏིང་ངེ་འཛིན་ལ་འཇུག་པས་བསྡུས་པའི་སེམས་ལ་དབང་བ་དང་། བསམ་པ་ཇི་ལྟ་བ་བཞིན་དུ་ཡོ་བྱད་ཉེ་བར་གནས་པར་བྱེད་པས་བསྡུས་པའི་ཡོ་བྱད་ལ་དབང་བ་གསུམ་ནི་སྦྱིན་འབྲས་ཏེ། ལོངས་སྤྱོད་བྱིན་པས་ཚེའི་རྒྱུར་གྱུར་པ་དང་། དེ་བཞིན་གཤེགས་པས་སེམས་ཅན་གྱི་བསམ་པ་བཞིན་དུ་རྗེས་སུ་འཇུག་པ་དང་བསམ་པ་བཞིན་དུ་ཡོ་བྱད་བྱིན་པས་སོ། །ལུས་ངག་གི་ལས་ཇི་ལྟར་འདོད་པ་བཞིན་དུ་སྒྱུར་བས་བསྡུས་པའི་ལས་ལ་དབང་བ་དང་། འགྲོ་བ་གང་དུ་ཇི་ལྟར་འདོད་པ་བཞིན་སྐྱེ་བས་བསྡུས་པའི་སྐྱེ་བ་ལ་དབང་བ་ནི་ཚུལ་འབྲས་ཏེ། སེམས་ཅན་རྣམས་ལུས་ངག་གི་ལས་སྐྱོན་མེད་པ་ལ་བསམ་པ་བཞིན་དུ་བསྐུལ་བ་དང་ཚུལ་ལྡན་གྱིས་སྨོན་ལམ་འགྲུབ་པས་སོ། །ས་སོགས་གསེར་གྱི་དངོས་པོར་ཇི་ལྟར་མོས་པ་བཞིན་སྒྱུར་བས་བསྡུས་པའི་མོས་པ་ལ་དབང་བ་ནི་བཟོད་འབྲས་ཏེ་སེམས་ཅན་གྱི་མོས་པའི་རྗེས་སུ་ཞུགས་པའི་ཕྱིར་རོ། །ཇི་ལྟར་མོས་པ་བཞིན་འགྲུབ་པས་བསྡུས་པའི་སྨོན་ལམ་ལ་དབང་བ་ནི་བརྩོན་འབྲས་ཏེ་སྔོན་སེམས་ཅན་གྱི་དོན་དུ་བརྩོན་པ་མ་བཏང་བས་སོ། །མངོན་ཤེས་ཀྱིས་བསྡུས་པའི་རྫུ་འཕྲུལ་ལ་དབང་བ་ནི་བསམ་འབྲས་ཏེ་སྔོན་སེམས་ཅན་གྱི་དགོས་པ་ཇི་ལྟ་བ་བཞིན་མཉམ་པར་གཞག་པས་སོ། །ཇི་ལྟར་འདོད་པ་བཞིན་ཡེ་ཤེས་མངོན་དུ་བྱེད་པའི་ཡེ་ཤེས་ལ་དབང་བ་དང་། གསུང་རབ་ཡན་ལག་བཅུ་གཉིས་ཇི་ལྟར་འདོད་པ་བཞིན་སྟོན་ནུས་པས་བསྡུས་པའི་ཆོས་ལ་དབང་བ་གཉིས་ནི་ཡུམ་འབྲས་ཏེ། སྔོན་སེམས་ཅན་གྱི་འདོད་པ་བཞིན་དུ་ཡེ་ཤེས་མངོན་དུ་བྱེད་པ་དང་། འདོད་པ་དང་མཐུན་པར་མདོ་སོགས་ལ་སྦྱར་བས་སོ། །བཅུ་གསུམ་པ་དང་བཅུ་བཞི་པ་ནི་སྔར་རྣམ་ཀུན་ཏུ་བཤད་པ་ལྟར་རོ། །བཅོ་ལྔ་པ་བསྲུང་བ་མེད་པ་རྣམ་པ་གསུམ་ནི། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་སྤྱོད་པ་ཉེས་སྤྱོད་མཐའ་དག་གིས་ཡོངས་སུ་དག་པ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པ་ལ་ཕྱིན་ཅི་ལོག་གི་ཀུན་སྤྱོད་ངན་པ་གང་ཟག་གཞན་གྱིས་ཡོངས་སུ་ཤེས་ཀྱིས་དོགས་པས་བསྙེངས་པའམ་འཇིགས་པས་གསང་བར་བྱའོ་སྙམ་པའི་དགོངས་པ་མི་མངའ་བའོ། །བཅུ་དྲུག་པ་དྲན་ཉེ་རྣམ་པ་གསུམ་ནི། ཆོས་སྟོན་པ་ན་ཁ་ཅིག་གུས་པས་ཉན་འདོད་ཅིང་རྣ་བ་གཏོད་ལ་ཀུན་ཤེས་པའི་སེམས་ཉེ་བར་འཇོག་པ་ལ་རྗེས་སུ་ཆགས་པ་དང་། དེ་ལས་བཟློག་པ་ལ་ཁོང་ཁྲོ་བ་དང་། ཁ་ཅིག་སྔ་མ་དང་ཁ་ཅིག་ཕྱི་མ་ལྟར་གཉིས་ཀ་ལ་ཆགས་སྡང་གཉིས་ཀས་དབེན་པ་ཁོ་ནར་བཏང་སྙོམས་སུ་དྲན་པ་དང་ལྡན་པར་གནས་སོ་ཞེས་བྱ་བའོ། །བཅུ་བདུན་པ་བསྙེལ་བ་མི་མངའ་བའི་ཆོས་ཉིད་ནི། སེམས་ཅན་གྱི་དོན་མཛད་དགོས་པ་ན་དེའི་དུས་ལས་མི་འདའ་བའི་མཚན་ཉིད་དོ། །བཅོ་བརྒྱད་པ་བག་ཆགས་ཡང་དག་བཅོམ་པ་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ལ་ཉལ་གྱི་ངོ་བོའི་ས་བོན་སྤངས་པས་ཉོན་མོངས་སྤངས་ཀྱང་མ་སྤངས་པ་ལྟར་ཀུན་ཏུ་སྤྱོད་པ་ཟད་པའོ། །བཅུ་དགུ་པ་སྐྱེ་འགྲོ་ལ་ཐུགས་རྗེ་ཆེན་པོ་ཉིད་ནི། ཉིན་མཚན་ལན་དྲུག་ཏུ་སུ་ནི་དགེ་རྩ་སྨིན། སུ་ནི་དེ་ལས་བཟློག །སུ་ནི་མངོན་མཐོའི་སྣོད། སུ་ནི་ངེས་ལེགས་ཀྱི་སྣོད་ཅེས་སོགས་སོ་སོར་རྟོག་པས་སྐྱེ་འགྲོ་མཐའ་དག་ལ་ཕན་པའི་བསམ་པ་ཉིད་དོ། །ཉི་ཤུ་པ་ནི་རྣམ་ཀུན་ཏུ་བསྟན་པ་ལྟར་རོ། །ཉེར་གཅིག་པ་མཁྱེན་པའི་སྡེ་ཚན་ནི་རྣམ་མཁྱེན་དང་རྩ་བའི་དང་ཞེས་པའི་སྒྲས་བསྡུས་པ་ལམ་ཤེས་དང་གཞི་ཤེས་སྔར་བཤད་པ་དེ་དག་ཀྱང་འདིའི་ཡོན་ཏན་ཡིན་ནོ། ། གཉིས་པ་བསྡོམས་ཏེ་སྐུར་བཞག་པ་ནི། བྱང་ཕྱོགས་ལ་སོགས་པ་སློབ་ལམ་གྱི་སེམས་སེམས་བྱུང་གནས་ཡོངས་སུ་གྱུར་པས་མཐར་ཕྱིན་པའི་ལམ་དུ་གྱུར་པ་གཟུང་འཛིན་གྱི་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཐམས་ཅད་ཀྱང་སྐུ་ཐ་དད་པར་ཡེ་ཤེས་ཆོས་ཀྱི་སྐུར་མངོན་པར་བརྗོད་པར་བྱ་བ་ཡིན་ནོ། །ཞེས་བྱ་བ་ནི་སྣང་མཛད་ལ་སོགས་པ་ཁ་ཅིག་གི་ཡིན་ལ་སློབ་དཔོན་ཡང་དེའི་རྗེས་སུ་འབྲང་ངོ་། །གཉིས་པ་ཐ་མི་དད་པར་འདོད་པ་དགག་པ་ལ་གཉིས། འདོད་པ་བརྗོད་པ་དང་དེ་དགག་པའོ། །དང་པོ་འདོད་པ་བརྗོད་པ་ནི། སྐུ་བཞིར་འདོད་པ་ལས་གཞན་སྐུ་གསུམ་དུ་འདོད་པ་དག་གིས་ཀྱང་། སངས་རྒྱས་ཀྱི་ས་ན་ཟག་པ་མེད་པའི་སེམས་དང་སེམས་བྱུང་གི་ཆོས་རྣམས་ཀྱང་སྒྲ་ཇི་བཞིན་དུ་ཁས་ལེན་པར་བྱེད་ཅིང་། དེ་དག་གི་རང་བཞིན་སྐྱེ་བ་མེད་པ་ཉིད་ངོ་བོ་ཉིད་སྐུར་བཞེད་དོ། །འོན་ཀྱང་གཞུང་འཆད་པའི་ཚེ་ནི། ངོ་བོ་ཉིད་ཀྱི་སྐུ་ཟག་མེད་ཀྱི་ཆོས་གང་དག་གི་རང་བཞིན་ཡིན་པས་ཟག་མེད་ཀྱི་ཆོས་དེ་དག་གང་ཡིན་ཞེ་ན་དེའི་ལན་བྱང་ཆུབ་ཕྱོགས་མཐུན་སོགས་ཀྱིས་འཆད་ཅིང་དེ་ལྟར་གཞུང་སྔ་ཕྱི་གཉིས་སྦྲེལ་ནས་དེ་དག་རང་བཞིན་སྐྱེ་བ་མེད་པ་སྔར་བཤད་པ་དེ་ཉིད་ཆོས་ཀྱི་སྐུ་ཡིན་ནོ་ཞེས་འཆད་དོ། །ཆོས་ཀྱི་སྐུ་ཆོས་ཅན་དེ་དག་གི་རང་བཞིན་ཡིན་ན་ཆོས་ཉིད་ཀྱི་སྐུ་ཞེས་བརྗོད་དགོས་ཀྱི་ཆོས་ཀྱི་སྐུ་ཞེས་པ་མི་འཐད་དོ་ཞེ་ན། དེ་ནི་དོན་དུ་ངྷརྨ་ཏཱ་ཀཱ་ཡ་ཞེས་ཆོས་ཉིད་ཀྱི་སྐུ་ཡིན་ཀྱང་། སྡེབ་སྦྱོར་གྱི་དབང་གིས་ངོ་བོའི་རྐྱེན་ཕྱིས་ནས་ངྷརྨ་ཀཱ་ཡ་ཞེས་རྩ་བར་བསྟན་ཏོ། །ཞེས་བཞེད་དོ། །གཉིས་པ་དེ་དགག་པ་ནི། ཆོས་སྐུ་དང་ངོ་བོ་ཉིད་སྐུ་གཅིག་ཏུ་འདོད་པ་དེ་དག་གི་ལྟར་ན། སངས་རྒྱས་ཀྱི་སར་གདོན་མི་ཟ་བར་ཁས་བླང་དགོས་ཤིང་རང་ཉིད་ཀྱིས་ཀྱང་ཁས་བླང་བའི་རྣལ་འབྱོར་པའི་ཀུན་རྫོབ་རྗེས་ཐོབ་ཏུ་གཟུགས་སྐུ་གཉིས་སྣང་བའི་སྒོ་ནས་གདུལ་བྱ་ལ་ཆོས་སྟོན་པ་སོགས་ཀྱི་བྱེད་ལས་ཅན། དྲི་བཅས་གནས་ཡོངས་སུ་གྱུར་ནས་དྲི་མ་མཐའ་དག་དང་བྲལ་བ་གཟུང་འཛིན་གཉིས་སུ་མེད་པའི་སེམས་དང་སེམས་བྱུང་དེ་དག་མེད་པར་ཐལ་ཏེ་སྐུ་གསུམ་པོ་གང་དུ་ཡང་མ་འདུས་པའི་ཕྱིར་རོ། །གལ་ཏེ་དེ་དག་ནི་ཆོས་ཅན་དང་ཆོས་ཉིད་དབྱེར་མེད་པའི་ཚུལ་གྱིས་ངོ་བོ་ཉིད་སྐུ་ཉིད་དུ་འདུ་བས་མི་གནོད་དོ་ཞེ་ན། དེ་ལྟར་ན་ལོངས་སྐུ་དང་སྦྲུལ་སྐུ་ཡང་དེ་ལྟར་འགྱུར་བས་སྐུ་གཅིག་ཁོ་ན་རེ་ངེས་པར་འགྱུར་རོ། །དེ་ནི་མ་ཡིན་ཏེ་གསུང་རབ་རྣམས་ལས་སྐུ་གསུམ་དུ་བརྗོད་པའི་ཕྱིར། ལོངས་སྤྲུལ་དེ་དག་རྣལ་འབྱོར་པའི་ཀུན་རྫོབ་ཏུ་སྐུ་ལོགས་པར་བཞག་ཅེ་ན། འོ་ན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཡང་ལོངས་སྤྲུལ་བཞིན་དུ་སྐུ་ལོགས་སུ་བཞག་དགོས་པར་འགྱུར་ཏེ་གསུང་རབ་ལས་སྐུ་བཞིར་ཡང་བརྗོད་པའི་ཕྱིར་རོ། །གལ་ཏེ་གཉིས་སུ་མེད་པའི་ཡེ་ཤེས་ཉིད་གཟུགས་སྐུ་གཉིས་ཀྱིས་བསྡུས་པར་སྨྲ་ན་ཡང་མི་འཐད་དེ། སེམས་སེམས་བྱུང་དེ་དག་ནི་ཐུབ་པའི་རང་སྣང་ལ་བཞག་དགོས་ལ་སྐུ་དེ་གཉིས་ནི་གཞན་སྣང་འབའ་ཞིག་ཡིན་པས་སོ། །གསུམ་པ་ཐ་དད་དུ་འདོད་པ་ལ་རྩོད་སྤང་ནི། གལ་ཏེ་སྐུ་བཞི་ཡིན་ན་མདོར་བསྟན་དུ་ངོ་བོ་ཉིད་སྐུའི་མཇུག་ཐོག་ཏུ་ཆོས་སྐུ་ཞེས་འབྱུང་དགོས་ན་དེ་མི་འབྱུང་བས་སྐུ་གསུམ་ཉིད་འཐད་དོ་ཞེ་ན། དེ་ནི་དགོས་པ་ཁྱད་པར་ཅན་གསུམ་གྱི་ཕྱིར་སྐུ་གསུམ་གྱི་མཇུག་ཐོག་ཏུ་ཆོས་སྐུ་གསུངས་པ་ཡིན་པས་ཉེས་པ་མེད་དོ། །དགོས་པ་གསུམ་ནི། གཞན་དོན་སྒྲུབ་པའི་ཕྱིར་དུ་སངས་རྒྱས་ཀྱི་སར་ངེས་པར་ཁས་བླང་དགོས་པའི་ཟག་མེད་ཀྱི་སེམས་དང་སེམས་བྱུང་རྣམས་སྐུ་གཞན་གསུམ་མི་འདུ་ཞིང་ཆོས་སྐུར་བསྡུ་དགོས་སོ་ཞེས་བསྟན་པ་དང་། རྒྱན་གྱི་ཚིག་ལེའུར་བྱས་པ་ལ་སྡེབ་སྦྱོར་ཉམས་པ་སྤངས་པ་དང་། ཡེ་ཤེས་ཆོས་སྐུ་ཁོ་ན་དང་མཛད་པ་གཉིས་བྱ་བ་དང་བྱེད་པོར་སྦྱར་བར་བྱ་བའི་ཕྱིར་རོ། །དེ་ལྟར་སྐུ་བཞིར་བཞེད་པའི་དགག་བཞག་སྤངས་གསུམ་གྱི་བཤད་སྲོལ་འདི་དག་ནི་སློབ་དཔོན་སེང་གེ་བཟང་པོའི་དགོངས་པ་ཡིན་ནོ། །འཕགས་པ་དང་ཤཱནྟི་པ་ནི་སྐུ་གསུམ་ཁོ་ནར་བཞེད་དོ། །གསུམ་པ་ལོངས་སྤྱོད་རྫོགས་སྐུ་ལ་གཉིས། རང་བཞིན་མདོར་བསྟན། ཡོན་ཏན་རྒྱས་པར་བཤད་པའོ། ། དང་པོ་རང་བཞིན་མདོར་བསྟན་པ་ནི། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའི་བདག་ཉིད་ཅན་གྱི་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་འདི་ནི་ཐེག་ཆེན་གྱི་ཆོས་ལ་ཉེ་བར་ལོངས་སྤྱོད་པའི་ཕྱིར་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། རབ་འབྱོར་གཞན་ཡང་ཡུམ་འདི་ལ་བསླབས་ཤིང་ཆོས་དེ་དག་ཐམས་ཅད་ཐོབ་ནས་བླ་མེད་རྫོགས་བྱང་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། བྱང་ཆེན་རྣམས་ལ་ཐེག་པ་མཆོག་གི་ལོངས་སྤྱོད་བླ་ན་མེད་པའི་དགའ་བ་དང་བདེ་བ་དང་ཚིམ་པ་དང་རབ་ཏུ་དགའ་བ་སྟོན་པར་མཛད་པར་འགྱུར་རོ། །ཞེས་སོ། །མཚན་དཔེ་དེ་དག་སྤྲུལ་སྐུ་ལ་ཡང་ཡོད་མོད་ཀྱི་རྣམ་སྨིན་གྱི་འབྲས་བུ་དངོས་ནི་ལོངས་སྐུའི་ཡིན་ལ་སྤྲུལ་སྐུ་ནི་དེའི་བདག་འབྲས་ཙམ་སྟེ་འདི་ནི་ལོངས་སྐུའི་ཡང་གཟུགས་བརྙན་དུ་གསུངས་པས་སོ། །གཞན་ཡང་རིན་ཆེན་འཕྲེང་བ་ལས། །འཁོར་ལོས་སྒྱུར་བ་ཐམས་ཅད་ལ། །འདི་དག་ཡོད་པ་འདོད་མོད་ཀྱིས། །དག་དང་མཛེས་དང་གསལ་བ་ནི། ། སངས་རྒྱས་རྣམས་ཀྱི་ཆར་མི་ཕོད། །ཅེས་སོ། །ལོངས་སྐུ་གང་ལ་སྣང་བའི་བྱང་སེམས་ནི་གཞུང་ཁ་ཅིག་ལས་ས་བཅུ་པ་ཁོ་ན་ལ་བཤད་ཀྱང་། སློབ་དཔོན་སེང་བཟང་དང་དཔལ་ལྡན་ཟླ་གྲགས་སོགས་ཀྱི་བཞེད་པ་ལྟར་ས་བཅུ་ག་ལ་གནས་པའོ། །གཉིས་པ་ཡོན་ཏན་རྒྱས་པར་བཤད་པ་ལ་གཉིས། མཚན་དཔེའི་ཁྱད་པར་དང་། མཚན་དཔེ་དངོས་སོ། །དང་པོ་མི་སྐྱེས་བུ་ཆེན་པོར་མཚོན་པར་བྱེད་པས་མཚན་དང་། གཞན་རྒྱུད་ལ་གོ་བར་བྱེད་པས་དཔེ་བྱད་དེ། དེའི་དོན་ཡང་ཕ་རོལ་ལ་སྐུའི་མཛེས་བསྐྱེད་པའོ། །གཞན་ཡང་མཚན་རྣམས་གཙོ་བོ་ཡིན་པས་རེ་རེ་ཡང་ཕྱིན་དྲུག་གི་རྒྱུ་ལས་བྱུང་བར་བསྟན་ཏེ། སྨིན་མཚམས་ཀྱི་མཛོད་སྤུ་ཁ་དོག་དཀར་བ་དང་། གཡས་སུ་འཁྱིལ་བ་དང་། སྤ་ཞིང་ཟིལ་གྱིས་མི་གནོན་པ་དང་། རིང་བར་གནས་པ་དང་། ཤིན་ཏུ་འཁྱིལ་ཞིང་ལེགས་པར་གནས་པ་དང་། འོད་མཐའ་ཡས་པས་ཁྱབ་པ་རྣམས་རིམ་པ་ལྟར་དེ་དྲུག་གི་འབྲས་བུར་གསུངས་ཏེ། རྒྱས་པར་ནི་བསྐལ་པ་བཟང་པོ་ལས་སོ། །དཔེ་བྱད་རྣམས་ནི་འཁོར་ཡིན་པས་དེ་ལྟར་མ་བསྟན་ཏེ་གཙོ་བོ་བསྡུས་པས་སོ། ། གཙོ་འཁོར་དུ་ཇི་ལྟར་གནས་ན། སོར་མོ་དང་སེན་མོའི་དཔེ་བྱད་དྲུག་ནི་ཕྱག་སོར་རིང་བའི་འཁོར་རོ། །དབུ་རྒྱས་པ་དང་དབུ་སྐྲ་དྲུག་སྟེ་བདུན་ནི་གཙུག་ཏོར་དང་སྤུ་གཡས་སུ་འཁྱིལ་པ་དང་སྤུ་གྱེན་དུ་ཕྱོགས་པའི་ཡིན་ནོ། །དཔྲལ་བ་གཉིས་དང་ཤངས་ཀྱི་གཉིས་ཏེ་བཞི་ནི་མཛོད་སྤུ་ཡིའོ། །སྨིན་མ་བཞི་དང་སྤྱན་གྱི་བཞི་རྫི་མ་དང་དགུ་ནི་སྤྱན་མཐོན་མཐིང་དང་རྫི་མ་བའི་རྫི་མ་ལྟ་བུའོ། །སྙན་གྱི་གཉིས་ནི་འགྲམ་པ་སེང་གེ་འདྲ་བའི་ཡིན་ནོ། །ཞལ་གྱི་གཉིས་དང་ལྗགས་ཀྱི་གསུམ་དང་གསུང་གི་གཉིས་དང་མཆེ་བའི་ལྔ་སྟེ་བཅུ་གཉིས་ནི་ལྗགས་ཡངས་པ་དང་། ཚངས་དབྱངས་དང་། ཚེམས་ཀྱི་མཚན་བཞི་དང་། རོ་བྲོ་བའི་མཆོག་མཁྱེན་པའི་སྟེ་ཇི་ལྟར་རིགས་པར་སྦྱར་རོ། །རྩའི་གཉིས་དང་ལོང་བུ་མི་མངོན་པ་སྐུ་གཞོན་མདོག་ཅན་ཕྱག་འཇམ་པ་ཕྱག་རེས་ཀྱི་གསུམ་སྟེ་བརྒྱད་ནི་ཕྱག་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང་བྱིན་པ་ཨེ་ན་ཡའི་འདྲ་བ་དང་ཞབས་ལོང་མི་མངོན་པའི་ཡིན་ནོ། །ཞབས་མཉམ་ནི་རུས་སྦལ་གྱི་ཞབས་ཀྱིའོ། །གཤེགས་སྟབས་བདུན་དང་གོམ་སྙོམས་དང་བརྒྱད་ནི་སོར་མོ་དྲ་བས་འབྲེལ་པ་དང་རྟིང་པ་ཡངས་པ་གཉིས་ཀྱིའོ། །སྐུ་འཁྲིལ་བག་ཆགས་པ་ནས་དག་པའི་བར་དྲུག་དང་ཁོ་ལག་ཡངས་བ་དང་སྐུ་མ་ཞུམ་པ་དང་གྲིམ་པའི་བར་གསུམ་དང་། ཡན་ལག་རྣམ་འབྱེས་དང་དཀུ་ཟླུམ་པ་ནས་ཕྱལ་ཕྱང་ངེ་བའི་བར་བཞི་དང་ཀུན་ནས་ལྟ་ན་སྡུག་པ་དང་སྨེ་བ་མེད་པའི་བར་གསུམ་དང་མཚན་ཡོངས་སུ་རྫོགས་པ་དང་བཅུ་དགུ་ནི་སྐུ་ཆེ་ཞིང་དྲང་བ་བདུན་མཐོ་བ་པགས་པ་སྲབ་པ་གསེར་མདོག་འདྲ་བ་དཔུང་མགོ་ཟླུམ་པ། ཐལ་གོང་རྒྱས་པར་རོ་སྟོད་སེང་གེ་འདྲ་བ་ཤིང་ནྱ་གྲོ་ངྷ་ལྟར་ཆུ་ཞེང་གབ་པའོ། །ལྟེ་བའི་གཉིས་ནི་གསང་གནས་སྦུབས་སུ་ནུབ་པའོ། །ཕྱག་རིང་རྒྱས་པ་ནི་ཕྱག་རིང་མཛེས་པའོ། །དཔལ་བེའུ་བཀྲ་ཤིས་ཉ་གཡུང་དྲུང་འཁྱིལ་པ་སོགས་ནི་འཁོར་ལོའི་མཚན་དང་འདྲ་བས་འབྲེལ་བའི་འཁོར་རོ། །གཉིས་པ་མཚན་དཔེ་དངོས་ལ་གཉིས། མཚན་དང་དཔེ་བྱད་དོ། །དང་པོ་མཚན་ནི་སུམ་ཅུ་རྩ་གཉིས་ཏེ། བླ་མ་སྐྱེལ་བ་དང་། བསུ་བ་དང་ཆོས་མཉན་པ་ལ་བསྟོད་པ་གཙུག་ལག་ཁང་དང་མཆོད་རྟེན་ལ་མེ་ཏོག་ཕྲེང་བ་དང་བཤོས་འབུལ་བ། གཡོག་འཁོར་སྦྱིན་པས་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་དང་། སྡོམ་པ་ཡང་དག་པར་བླང་བ་བརྟན་པ་སྟེ་ལུང་རྟོགས་ཀྱི་ཆོས་ལ་གནས་པའི་དམ་བཅའ་བརྟན་པས་རུས་སྦལ་བཞིན་དུ་ཞབས་མཐིལ་ས་ལ་མཉམ་པར་འཇོག་པ་དང་། བསྡུ་བའི་དངོས་པོ་བཞི་བརྟན་པའི་ཕྱག་དང་ཞབས་ཀྱི་སོར་མོ་ངང་བའི་རྒྱལ་པོ་ལྟ་བུར་དྲ་བར་འབྲེལ་བ་དང་། འདི་ལ་སོར་ཚིགས་དང་པོ་ནས་བརྩམ་པའི་སོར་མོའི་བར་ལ་སེང་སེང་པོ་མེད་ལ་སོར་གདུབ་ལ་སོགས་པའི་རྒྱན་ཡང་གཞུག་རུང་བ་ཞེས་དགོངས་རྒྱན་ལས་སོ། །བཟའ་བ་དང་བཅའ་བ་དང་བཏུང་བ་དང་བལྡག་པ་གྱ་ནོམས་པ་བྱིན་པས་ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང་། བཟའ་བཅའ་བལྡག་པ་སོགས་ཤིན་ཏུ་གྱ་ནོམས་པ་བྱིན་པས་ཕྱག་དང་ཞབས་དང་ཐལ་གོང་དང་ལྟག་པའི་ཕྱོགས་མཐོ་བའི་ཕྱིར་བདུན་མཐོ་བ་དང་། འདི་ནི་ཕྱག་ཞབས་ཀྱི་རྒྱབ་བཞི་ཕྲག་གོང་གཉིས་ལྟག་པ་རྣམས་ཤས་ཁེངས་པ་ལ་དགོངས་རྒྱན་ལས་སོ། །གསད་པར་བྱ་བ་ལས་ཐར་བར་བྱས་པས་སོར་མོ་རིང་བ་ཉིད་དང་། འཚོ་བ་ལ་ཕན་བཏགས་པ་སྟེ་སེམས་ཅན་གྱི་སྲོག་བསྲུང་བ་ལས་རྟིང་པ་ཡངས་པ་ཉིད་དང་། རྟིང་བ་ཡངས་པ་ནི་ཞབས་མཐིལ་གྱི་བཞི་ཆ་ཕྱིར་འཕགས་པ་ལ་ཐུབ་དགོངས་ལས་སོ། །ཉི་སྣང་དང་རྣམ་འགྲེལ་ལས་རྟིང་པ་རིང་བ་ཞེས་སོ། ། སྲོག་གཅོད་པ་སྤངས་པ་ཉིད་ཀྱིས་སྐུ་ཁྲུ་བདུན་ཙམ་དུ་འཕགས་པས་ཆེ་ཞིང་དྲང་བ་དང་། དགེ་བའི་ཆོས་ཡང་དག་པར་བླང་བས་པུས་མོའི་ལྷ་ང་དང་ཞབས་ལོང་མི་མངོན་པའོ། །དགེ་བ་ཡང་དག་པར་བླང་བ་སྤེལ་བས་སྐུའི་སྤུ་རེ་རེ་ནས་གྱེན་དུ་ཕྱོགས་པ་སྟེ་བཅུ་ཚན་དང་པོའོ། ། གསོ་བ་རིག་པ་དང་བཟོ་རིག་སོགས་ལ་གུས་པས་བྱིན་པ་རི་དྭགས་ཨེ་ན་ཡའི་ལྟ་བུ་དང་། རི་དྭགས་ཤ་ར་ཎ་དང་ཨེ་ན་ཡའི་བྱིན་པ་ལྟ་བུ་ནི་ཡོངས་སུ་མ་ཉམས་རིམ་པར་འཚམས་ལ་རྒྱས་ཤིང་ཟླུམ་པའོ། །ཨེ་ན་ཡ་ནི་བསེ་ཁ་སྒོ་ལ་ཚིག་གསལ་གྱིས་སོ། །རང་ལ་བདོག་པའི་ནོར་སློང་བ་ན་སློང་པ་པོའི་སྐྱེ་བོ་ཕྱིར་མ་སྤངས་པས་ཕྱག་རིང་ཞིང་མཛེས་པ་ཉིད་དང་། ཕྱག་རིང་བ་ནི་བརླ་དྲང་པོར་བཞག་སྟེ་མ་བཏུད་ཀྱང་ཕྱག་གིས་པུས་མོའི་ལྷ་ངར་སླེབ་པའོ། །སྐྱེ་བོ་ཐམས་ཅད་ཚངས་པར་སྤྱོད་པ་ཡང་དག་པར་ལེན་དུ་འཇུག་པ་དང་། གསང་བའི་གསང་ཚིག་བསྲུངས་པས་གླང་པོ་ཆེ་དང་། རྟ་ཅང་ཤེས་ལྟར་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང་། གདིང་བ་དང་དགའ་བ་དང་གོས་གྱ་ནོམས་པ་བྱིན་པས་མདོག་གསེར་འདྲ་བ་དང་། གསེར་འདྲ་ནི་ཤིན་ཏུ་དག་པའི་གསེར་ལྟར་གསལ་བ་ལ་བྱའི་སེར་བ་ལ་མི་བྱའོ། །ཁང་བཟང་ལ་སོགས་པ་དམ་པ་བྱིན་པས་གསེར་དངུལ་ཤིན་ཏུ་སྦྱངས་པ་ལྟར་པགས་པ་འཇམ་ཞིང་སྙོམས་ལ་རྡུལ་གྱིས་མ་གོས་པའོ། །འདུ་འཛི་དང་རྣམ་གཡེངས་སྤངས་པས་བ་སྤུའི་ཁུང་བུ་རེ་རེར་སྤུ་གཉིས་གཉིས་མེད་པར་རེ་རེ་བ་གཡས་ཕྱོགས་སུ་འཁྱིལ་བའོ། །སྐྱེ་བོ་མཁན་སློབ་ཕ་མ་སློབ་དཔོན་བླ་མ་སྟེ་གོང་མ་ཐམས་ཅད་བསྙེན་བཀུར་གྱི་གནས་ཇི་ལྟ་བ་བཞིན་དུ་བཀོད་ཅིང་རིམ་གྲོ་བསྒྲུབ་པས་ཞལ་མཛོད་སྤུས་བརྒྱན་པ་སྟེ། དེ་ཡང་སྨིན་མཚམས་བར་ཐིག་ལེའི་གནས་ན། འཇམ་པ་དཀར་བ་མཉེན་པ་དྲང་ན་ཁྲུ་གང་དང་གཉིས་དང་གསུམ་ལ་སོགས་པའི་ཚད་འབྱུང་བ་བཏང་ན་གཡས་སུ་འཁྱིལ་བ་རྩེ་མོ་གྱེན་དུ་ཕྱོགས་པ་སྐྱུ་རུ་རའི་འབྲུའི་ཚད་ཙམ་པ་དངུལ་འབུར་གྱི་རྣམ་པའོ། །ཞེས་དགོངས་རྒྱན་ལས་སོ། །རྣམ་པ་ཐམས་ཅད་དུ་ཁ་དྲག་གི་ཚིག་གིས་ཁྱད་དུ་མ་བསད་པས་རོ་སྟོད་སེང་གེ་དང་འདྲ་བ་སྟེ་རོ་སྟོད་འཕེལ་ཀར་ཆེ་བའོ། །སྙན་པར་སྨྲ་བ་དང་ལེགས་པར་སྨྲ་བའི་རྗེས་སུ་མཐུན་པ་སྟེ་རྗེས་སུ་བསླབ་པས། དཔུང་མགོ་ཤིན་ཏུ་ཟླུམ་པ་དང་། དཔུང་མགོ་ཟླུམ་པ་ནི་གསེར་གྱི་བུམ་པའི་མགྲིན་པ་བཞིན་དུ་ཡོངས་སུ་ཟླུམ་ཞིང་མགྲིན་པ་ལེགས་པར་འབྲེལ་བ་རྩའི་དྲ་བ་མི་མངོན་པ་ལ་ཐུབ་དགོངས་ལས་སོ། །སྨན་དང་སྨན་པ་དང་ནད་ལ་ཕན་པའི་ཟས་ལ་སོགས་པ་བྱིན་པས་ཐལ་གོང་རྒྱས་པ་དང་འདི་ནི་དཔུང་མགོ་ཕན་ཚུན་གྱི་བར་རྒྱས་པ་ལ་དགོངས་རྒྱན་དང་ཐལ་གོང་བྲ་བ་ལ་དག་ལྡན་ལས་ཏེ། མདོར་ན་གསེར་གྱི་གཏན་པ་ཕྱིས་པ་ལྟར་བྲང་མི་མཉམ་པ་མེད་པ་སྟེ་བཅུ་ཚན་གཉིས་པའོ། །སྐྱེ་བོ་ནད་པའི་གཡོག་བྱས་པས་རོ་བྲོ་བའི་མཆོག་མཁྱེན་པ་སྟེ་རོ་མི་ཞིམ་པ་ལ་ཡང་རོ་མཆོག་བྲོ་བར་མཁྱེན་པ་སྟེ་རླུང་མཁྲིས་བད་ཀན་གྱིས་ལྗགས་མ་ཉམས་པར་རོ་བྲོ་བ་སོ་སོར་མྱང་བ་དང་མཐུན་པའི་རྣམ་ཤེས་སྐྱེ་བའོ། །ནགས་ཚལ་དང་ཀུན་དགའ་ར་བ་ལ་སོགས་པ་བྱེད་པ་ཡང་དག་པར་ལེན་དུ་བཅུག་པས་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་སྟེ། འདོམ་གྱི་ཕན་ཚུན་གྱི་རྩེ་མོ་ནས་གཞལ་བ་ཇི་ཙམ་པ་ཞབས་ནས་སྤྱི་བོའི་བར་ལའང་དེ་ཙམ་པའོ། ། གཙུག་ལག་ཁང་དང་འདུག་གནས་སོགས་བྱིན་པས་དབུ་གཙུག་ཏོར་དང་ལྡན་པ་ཉིད་དང་། གཙུག་ཏོར་ནི་ཟླུམ་ཞིང་ཀུན་ནས་མཉམ་པ་གཡས་སུ་འཁྱིལ་པའོ། །ཡུན་རིང་པོ་ནས་འཇམ་པོ་དང་སྙན་ལ་མཉེན་པར་གསུངས་པས་ལྗགས་རིང་བ་དང་། འདི་སྙན་གྱི་བུག་པ་དང་དཔྲལ་བའི་སྐྲ་མཚམས་ཀྱི་བར་ལྗགས་ཀྱིས་རེག་པ་ལ་དགོངས་རྒྱན་ལས་སོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ལ་དམ་པའི་ཆོས་གོ་བར་བྱས་པས་ཚངས་པའི་དབྱངས་དང་། ཚངས་དབྱངས་ནི། དབྱིག་གི་སྙིང་པོ་དང་བྱ་ཀ་ལ་པིང་ཀའི་གསུང་མངའ་བས་ན་ཡོངས་སུ་ཤེས་ཤིང་རྣམ་པར་ཤེས་པར་འགྱུར་བ་དང་། མཉན་ན་དགའ་ཞིང་མི་མཐུན་པ་མེད་པ་དང་། ཟབ་ཅིང་དབྱངས་ཤིན་ཏུ་འབྱུང་བ་དང་། གཏང་མི་བྲ་ཞིང་རྣར་སྙན་པ་དང་། མ་འཁྲུགས་ཤིང་གསལ་བའི་ཡན་ལག་ལྔ་དང་ལྡན་པའོ། །ཚིག་ཀྱལ་པ་སྤངས་ཤིང་དུས་སུ་སྨྲ་བས་འགྲམ་པ་མེ་ལོང་གི་དཀྱིལ་འཁོར་ལྟར་མཐའ་ཟླུམ་ལ་རྒྱས་ཤིང་ལྟ་ན་སྡུག་པས་འགྲམ་པ་སེང་གེ་འདྲ་བ་དང་། སྐྱེ་བོ་ཐམས་ཅད་མི་བརྙས་ཤིང་བཀུར་བས་ཚེམས་དཀར་བ་ཉིད་དང་། ལོག་འཚོ་མེད་པའི་འཚོ་བ་རྣམ་པར་དག་པས་ཚེམས་མཉམ་པ་ཉིད་དང་། མཉམ་པ་ནི་མཐོ་དམན་མེད་པའོ། །བདེན་པའི་ཚིག་ཀུན་དུ་སྤྱོད་པས་ཚེམས་བར་མཚམས་མེད་པས་ཐགས་བཟང་བ་དང་། ཕྲ་མའི་ཚིག་སྤངས་པས་མི་ཕལ་བ་ལྟར་ཉེར་བརྒྱད་དང་སོ་གཉིས་མ་ཡིན་པར་ཡན་མན་ལ་ཉི་ཤུ་ཉི་ཤུ་ཡོད་པས་བཞི་བཅུ་མངའ་བ་སྟེ་བཅུ་ཚན་གསུམ་པའོ། ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་བལྟས་པས་སྤྱན་དཀར་ནག་གི་ཆ་མ་འདྲེས་ཤིང་ཤིན་ཏུ་དག་པས་དམར་པོ་ར་རི་དང་མ་འབྲེལ་བས་སྤྱན་མཐོན་མཐིང་ངོ་། །སྤྱན་ཟླུམ་པའི་དབུས་སྣུམ་ཞིང་གནག་པ་དང་། ནག་པོ་ཟླུམ་པོའི་ལོག་གཉིས་དཀར་བ་དང་། རྫི་མ་གནས་པའི་གོ་སྐབས་སྣུམ་ལ་མཐིང་གར་འདུག་པ་དང་། མཐའ་གཉིས་ཤིང་བི་སྦ་ལའི་ཤུན་པ་ལྟར་དམར་བ་དང་། རྫི་མ་དང་སྤྱན་གྱི་བར་གསེར་གྱི་ཁ་དོག་གོ་ཞེས་པ་འདི་ལྟར་ལྔ་ཡོད་ཀྱང་སྤྱན་གྱི་དཀྱིལ་འཁོར་གཙོ་བོ་ཉིད་ཀྱི་ཕྱིར་སྤྱན་མཐོན་མཐིང་ངོ་། །ཞེས་གསུངས་སོ་ཞེས་དགོངས་རྒྱན་ལས་སོ། །ཁྲོ་བ་དང་ཆགས་པ་དང་རྨོངས་པ་མེད་པར་བལྟས་པས་སྟེང་འོག་གི་རྫི་མ་རྣམས་ལེགས་པར་གཞོལ་ཞིང་མ་འདྲེས་པར་གནས་པས་རྫི་མ་བའི་རྫི་མ་ལྟ་བུ་ཉིད་དོ། །བ་མཆོག་ནི་བའམ་གླང་པོ་ཡང་ན་ཁྱུ་མཆོག་ལ་བྱ་བར་དག་ལྡན་ལས་དང་། བེའུ་གཞོན་ནུའི་ལྟ་བུར་སྙིང་པོ་མཆོག་དང་དགོངས་རྒྱན་ལས་སོ། །གཉིས་པ་དཔེ་བྱད་བརྒྱད་ཅུ་ལ་བཅུ་ཚན་བརྒྱད་ལས་དང་པོ་ནི་འདུ་བྱེད་ཐམས་ཅད་ལ་འདོད་ཆགས་དང་བྲལ་བས་སེན་མོ་ཟངས་ཀྱི་མདོག་ལྟ་བུ་ཉིད་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་ལྷག་པའི་བསམ་པ་ཉིད་ཀྱིས་སེན་མོ་མདོག་སྣུམ་པ་ཉིད་དང་། རྒྱལ་རིགས་ལ་སོགས་པ་རིགས་ཀྱི་མཆོག་ལས་སྐྱེས་པས་ཤང་ཤོང་མེད་པའི་སེན་མོ་མཐོ་བ་ཉིད་དང་། ཚུལ་ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱིས་སོར་མོ་རྣམས་ཟླུམ་པ་ཉིད་དང་། དགེ་བའི་རྩ་བ་བསགས་པ་ཉིད་ཀྱིས་སོར་མོ་རྣམས་རྒྱས་པ་ཉིད་དང་། དགེ་རྩ་རིམ་གྱིས་བསགས་པས་ཡང་དག་པར་མཐར་གྱིས་ཞུགས་པ་ཉིད་ཀྱིས་སོར་མོ་རྣམས་བྱིན་གྱིས་ཕྲ་བ་ཉིད་དང་། ལུས་དང་ངག་དང་ཡིད་ཀྱི་ལས་དང་འཚོ་བ་རབ་ཏུ་བསྲུང་བ་ཉིད་ཀྱིས་རྩ་མི་མངོན་པ་དང་། ཉོན་མོངས་པའི་མདུད་པ་གྲོལ་བ་ཉིད་གྱིས་རྩ་མདུད་མེད་པ་ཉིད་དང་། ཤིན་ཏུ་སྦས་པའི་གསང་བའི་གནས་ཟབ་མོ་རྟོགས་པའི་བློ་གྲོས་ཅན་ཉིད་ཀྱིས་ལོང་བུ་མི་མངོན་པ་དང་། འདིའི་ལོང་བུ་ཆུང་ངུ་དང་མཚན་གྱི་ནི་ཆེ་བའོ། །ཁ་ཅིག་མཚན་གྱི་ཕྱིའི་དང་འདི་ནི་ནང་གི་ལོང་བུའོ་ཞེས་འདོད་དོ་ཞེས་ཚིག་གསལ་ལས་སོ། ། བགྲོད་དཀའ་བའི་གནས་ཐམས་ཅད་ལས་སྐྱེ་བོ་སྒྲོལ་བར་མཛད་པ་ཉིད་ཀྱིས་ཞབས་རིང་ཐུང་མེད་པས་མི་མཉམ་པ་མེད་པའོ། །བཅུ་ཚན་གཉིས་པ་ནི། མི་ཟིལ་གྱིས་གནོན་པ་ལ་མཁས་པ་ཉིད་ཀྱིས་སེང་གེའི་སྟབས་སུ་གཤེགས་པ་ཉིད་དང་། ཀླུ་ཟིལ་གྱིས་གནོན་པ་ལ་མཁས་པ་ཉིད་ཀྱིས་གླང་པོ་ཆེའི་སྟབས་སུ་གཤེགས་པ་ཉིད་དང་། ནམ་མཁའ་ལ་གཤེགས་པར་མཁས་པ་ཉིད་ཀྱིས་ངང་པའི་སྟབས་སུ་གཤེགས་པ་ཉིད་དང་། སྐྱེས་བུ་ཁྱུ་མཆོག་ཏུ་མཁས་པ་ཉིད་ཀྱིས་ཁྱུ་མཆོག་གི་སྟབས་སུ་གཤེགས་པ་ཉིད་དང་། སྟབས་གཤེགས་འདི་བཞི་ལ་མདོ་དང་ཉི་སྣང་རྣམ་འགྲེལ་དུ། མིའི་སེང་གེ་དང་། མིའི་གླང་པོ་ཆེ་དང་། ངང་བའི་རྒྱལ་པོ་ལྟར་དང་། མིའི་ཁྱུ་མཆོག་ཡིན་པས་དེ་དང་དེའི་སྟབས་སུ་གཤེགས་ཞེས་གསུངས་ལ། སློབ་དཔོན་གྱིས་དང་པོ་འདི་གཉིས་མི་དང་ཀླུ་ཟིལ་གྱིས་གནོན་པ་ལ་མཁས་པ་ཉིད་ཀྱིས་ཞེས་གསུངས་པ་ནི། སེམས་ཅན་གྱི་ལས་ཀྱི་ཁྱད་པར་བསམ་གྱིས་མི་ཁྱབ་པས་མདོ་གཞན་ཞིག་ནས་སྟབས་དེ་གཉིས་ཀྱིས་གཤེགས་པས་འགྲོ་བ་དེ་གཉིས་ཟིལ་གྱིས་གནོན་པར་གསུངས་པ་ཞིག་གི་རྗེས་སུ་འབྲང་བར་གསལ་ལོ། །སྐོར་ཕྱོགས་ཀྱི་ལམ་དང་མཐུན་པར་གཤེགས་པ་ཉིད་ཀྱིས་གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་ཉིད་དང་། མཛེས་པར་མཁས་པ་ལྟ་ན་སྡུག་པ་ཉིད་ཀྱིས་མཛེས་པར་གཤེགས་པ་ཉིད་དང་། རྟག་ཏུ་སེམས་གྱ་གྱུ་པ་མི་མངའ་བ་ཉིད་ཀྱིས་མི་གཡོ་བར་གཤེགས་པ་ཉིད་དང་། ཡོན་ཏན་ཡང་དག་པར་བརྗོད་པར་མཛད་པས་སྐུའི་འགྱིང་ལེགས་པའི་འཁྲིལ་བག་ཆགས་པ་དང་། སྡིག་པའི་ཆོས་དང་མ་འབག་པས་སྐུ་བྱི་དོར་བྱས་པ་ལྟ་བུ་ཉིད་དང་། གདུལ་བྱ་དང་འཚམས་པའི་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་རིང་ཐུང་དང་སྦོམ་ཕྲ་སོགས་རིམ་པར་འཚམས་པའོ། །བཅུ་ཚན་གསུམ་པ་ནི། སྐུ་དང་གསུང་དང་ཐུགས་ཀྱི་ཀུན་སྤྱོད་གཙང་བའི་ཕྱིར་སྐུ་རྣམ་པར་དག་ཅིང་གཙང་བ་ཉིད་དང་། ཐུགས་ཐུགས་རྗེ་ཅན་གྱི་ཕྱིར་སྐུ་འཇམ་པ་དང་། ཐུགས་རྣམ་པར་དག་པའི་ཕྱིར་སྐུ་རྣམ་པར་དག་པ་ཉིད་དང་། དྲི་མ་འཇོམས་པར་བྱེད་པའི་ཆོས་འདུལ་བ་ཡོངས་སུ་རྫོགས་པས་ཆ་ཤས་རྫོགས་པའི་མཚན་རྫོགས་པ་ཉིད་དང་། ཡངས་ཤིང་མཛེས་པའི་ཡོན་ཏན་རྫོགས་པའི་ཕྱིར་སྐུའི་ཁྱོན་ཆེ་བས་ཁོ་ལག་ཡངས་ཤིང་ཁྱད་པར་བཟང་བ་དང་། ཐམས་ཅད་ལ་ཐུགས་སྙོམས་པའི་ཕྱིར་གོམ་པ་ཆེ་ཆུང་སྙོམས་པ་དང་། རྣམ་པར་དག་པའི་ཆོས་སྟོན་པའི་ཕྱིར་སྤྱན་རྣམ་པར་དག་པ་ཉིད་དང་། ཆོས་གོ་སླ་བར་སྟོན་པ་ཉིད་ཀྱི་ཕྱིར་སྐུ་ཤིན་ཏུ་གཞོན་ཤ་ཅན་ཉིད་དང་། ཐུགས་རྟག་ཏུ་མ་ཞུམ་པའི་ཕྱིར་སྐུ་ཤ་ཞུམ་པ་མེད་པ་དང་། དགེ་བའི་རྩ་བ་ཡང་དག་པར་འཕགས་པའི་ཕྱིར་སྐུ་ཤ་རྒྱས་པ་ཉིད་དོ། །བཅུ་ཚན་བཞི་པ་ནི། ཡང་སྲིད་པ་ཟད་པ་ཉིད་ཀྱིས་སྐུའི་ཤ་མི་ལྷོད་པས་ཤིན་ཏུ་གྲིམ་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཤིན་ཏུ་རྣམ་པར་ཕྱེ་བ་སྟོན་པར་མཛད་པ་ཉིད་ཀྱིས་ཡན་ལག་དང་སོར་ཚིགས་སོགས་ཀྱི་ཉིང་ལག་རྣམ་པར་འབྱེས་པ་སྟེ་ལྷུ་ཚིགས་རིང་ཐུང་སོགས་ཀྱི་ཆ་ཕྱེད་པ་དང་། ཚིག་གི་དོན་ཤིན་ཏུ་རྣམ་པར་དག་པ་སྟོན་པས་གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ་ཉིད་དང་། ཚུལ་ཁྲིམས་ཕུན་ཚོགས་ཀྱི་སློབ་མ་དང་ལྡན་པས་དཀུ་ཟླུམ་པ་དང་འདི་ལ་མདོ་ནས་ཕྱལ་ཟླུམ་པ་ཕྱལ་ཕྱང་བ་དང་ལྡན་པ། ཕྱལ་མ་ཞོམ་པ་ཞེས་གསུངས་ཀྱང་བསྟན་བཅོས་དང་འགྲེལ་པ་རྣམས་ལས་དཀུ་ལ་སྦྱར་བས་དཀུ་ནི་རྐེད་སྐབས་མཚམས་ལ་བྱས་ནས་དེ་ཟླུམ་པ་སོགས་ལ་བཤད་དོ། །འཁོར་བའི་སྐྱོན་གྱིས་མ་གོས་པ་ཉིད་ཀྱིས་དཀུ་སྐབས་ཕྱེད་པ་ཉིད་དང་། ང་རྒྱལ་གྱི་འགྱིང་བག་བཅོམ་པ་ཉིད་ཀྱིས་དཀུ་མ་རྙོངས་པ་ཉིད་དང་། ཆོས་སྟོན་པ་ཟད་ཅིང་གཏུགས་པ་མེད་པ་ཉིད་ཀྱིས་ཕྱལ་ཕྱམ་མེ་བ་སྟེ་ལྟེ་བ་མཐོ་དམན་མེད་པ་དང་། ཆོས་ཟབ་མོ་རྟོགས་པ་ཉིད་ཀྱིས་ལྟེ་བ་གཏིང་ཟབ་པ་དང་། རང་དང་མཐུན་པར་གདམས་ངག་འཛིན་པའི་སློབ་མ་མངའ་བ་ཉིད་ཀྱིས་ལྟེ་བའི་རི་མོ་གཡས་ཕྱོགས་སུ་འཁྱིལ་བ་ཉིད་དང་། སྤྱོད་ལམ་ཀུན་ནས་མཛེས་པའི་འཁོར་མངའ་བས་ཀུན་ནས་ལྟ་ན་སྡུག་པའོ། །བཅུ་ཚན་ལྔ་པ་ནི། ཐུགས་གཙང་བ་ཉིད་ཀྱིས་ཀུན་དུ་སྤྱོད་པ་གཙང་བ་ཉིད་དང་། དུས་མིན་དུ་གདུལ་བྱ་འདུལ་བའམ། ཡང་ན་ནག་པོའི་ཆོས་སྟོན་པ་དང་བྲལ་བ་ཉིད་ཀྱིས་སྐུ་ལ་སྨེ་བ་དང་གནག་བག་མེད་པ་ཉིད་དང་། ལུས་ལ་སོགས་པ་ཟོ་མདོག་བདེ་བ་འཐོབ་པའི་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་ཉིད་དང་། རང་གི་སྐྱེ་བོ་དང་གཞན་གྱི་སྐྱེ་བོ་སྙོམས་པར་བྱས་པས་ཕྱག་གི་རི་མོ་མདངས་ཡོད་པ་ཉིད་དང་། ཆོས་ཟབ་མོ་རྟོགས་པ་ལ་གནས་པས་ཕྱག་གི་རི་མོ་ཟབ་པ་དང་། ཡང་དང་ཡང་ཆོས་སྟོན་པ་ཉིད་ཀྱིས་ཕྱག་གི་རི་མོ་རིང་བ་དང་། ཤིན་ཏུ་རླབས་ཆེ་བ་མ་ཡིན་པའི་བསླབ་པ་མང་པོའི་གཞི་འཆའ་བ་ཉིད་ཀྱིས་ཞལ་ཧ་ཅང་མི་རིང་བ་དང་། འཇིག་རྟེན་ཐམས་ཅད་གཟུགས་བརྙན་འདྲ་བར་རྟོགས་པ་ཉིད་ཀྱིས་མཆུ་བིམ་པ་ལྟར་དམར་བ་ཉིད་དང་། འདི་ལ་མདོ་དང་ཉི་སྣང་ལས་ཞལ་ལ་གཟུགས་ཀྱི་གཟུགས་བརྙན་སྣང་བ་དང་ཞེས་པ་དང་མཐུན་པར་དག་ལྡན་ལས་ཞལ་ལ་གཟུགས་བརྙན་སྣང་བ་དང་ཞེས་འདོན་ནོ། ཚིག་འཇམ་པོས་འདུལ་བ་ཉིད་ཀྱིས་ལྗགས་མཉེན་པ་ཉིད་དང་། རིགས་པའམ་འཐད་པའི་ཡོན་ཏན་མང་བ་ཉིད་ཀྱིས་ལྗགས་སྲབ་པ་ཉིད་དོ། །བཅུ་ཚན་དྲུག་པ་ནི། བྱིས་པའི་སྐྱེ་བོ་ཆགས་པ་ཅན་གཏིང་དཔག་དཀའ་བའི་ཆོས་ཀྱིས་འདུལ་བས་ལྗགས་དམར་བ་ཉིད་དང་། བསྙེངས་པ་ཐམས་ཅད་མི་མངའ་བ་ཉིད་ཀྱིས་འབྲུག་གི་སྒྲ་དང་ལྡན་པ་ཉིད་དང་། སྙན་པ་དང་མཉེན་ལ་འཇམ་པར་སྨྲ་བའི་སློབ་མ་མངའ་བས་གསུང་སྙན་ཞིང་མཉེན་ལ་འཇམ་པ་དང་། ཆགས་པ་ཁོང་ཁྲོ་ང་རྒྱལ་མ་རིག་པ་ལྟ་བ་ཐེ་ཚོམ་མཆོག་འཛིན་ཕྲག་དོག་སེར་སྣ་སྟེ་སྲིད་པའི་ཀུན་སྦྱོར་དགུ་སྤངས་པས་མཆེ་བ་ཟླུམ་པ་དང་། སྐྱེ་བོ་གདུལ་དཀའ་བ་འདུལ་བ་ཉིད་ཀྱིས་མཆེ་བ་རྣོ་བ་དང་། ཆོས་དཀར་པོས་འདུལ་བས་མཆེ་བ་དཀར་བ་དང་། སེམས་ཅན་ལ་ཉེ་རིང་དུ་འཛིན་པ་ཟད་པའི་ས་ལ་གནས་པ་ཉིད་ཀྱིས་མཆེ་བ་མཉམ་པ་ཉིད་དང་། མཐར་གྱིས་མངོན་པར་རྟོགས་པ་ཡང་དག་པར་རབ་ཏུ་སྟོན་པར་མཛད་པ་ཉིད་ཀྱིས་མཆེ་བ་བྱིན་གྱིས་ཕྲ་བ་ཉིད་དང་། ཤེས་རབ་མཆོག་ལ་གནས་པའི་ཉིད་ཀྱིས་ཤངས་མཐོ་བ་ཉིད་དང་། གདུལ་བྱ་གཙང་ལ་ཡིད་ཆེས་པའི་གནས་ཉིད་ཀྱིས་ཤངས་གཙང་བ་ཉིད་དོ། །བཅུ་ཚན་བདུན་པ་ནི། སངས་རྒྱས་ཀྱི་ཆོས་ཤིན་ཏུ་རྒྱ་ཆེ་བ་དང་ལྡན་པས་སྤྱན་ཡངས་པ་ཉིད་དང་། སེམས་ཅན་གྱི་ཚོགས་དྲངས་པ་ཉིད་ཀྱིས་རྫི་མ་སྟུག་པ་ཉིད་དང་། ལྷ་ལྷ་མིན་དང་མིའི་འགྲོ་བ་གཞོན་ནུ་མ་མིག་དཀར་ནག་འབྱེས་ཤིང་པད་འདབ་རིངས་པ་ལྟ་བུ་དང་ལྡན་པ་མཆོག་རྣམས་མགུ་བ་སྟེ་དེ་དག་གིས་བསྟོད་པས་སྤྱན་དཀར་ནག་འབྱེས་ཤིང་པདྨའི་འདབ་མ་རིང་བ་ལྟ་བུ་ཉིད་དང་། མ་འོངས་པ་ན་ཅིར་འགྱུར་ལྟ་བའི་རྟག་ཏུ་ཕྱི་རྗེས་སུ་གཟིགས་པ་ཉིད་ཀྱིས་སྨིན་ཚུགས་རིང་བ་ཉིད་དང་། འཇམ་པོས་ཆོས་ཀྱིས་འདུལ་བ་ལ་མཁས་པས་སྨིན་མ་འཇམ་པ་དང་། ཐུགས་ཀྱི་རྒྱུད་དགེ་བས་བརླན་པ་ཉིད་ཀྱིས་སྨིན་མ་སྣུམ་པ་ཉིད་དང་། སྐྱོན་ཀུན་ཏུ་གཟིགས་པ་ཉིད་ཀྱིས་སྨིན་མའི་སྦུ་མཉམ་པ་ཉིད་དང་། མཆོག་ཏུ་གནོད་པའི་ཉོན་མོངས་པ་བཟློག་པར་མཛད་པ་ཉིད་ཀྱིས་ཕྱག་རིང་ཞིང་རྒྱས་པ་དང་། མི་མཉམ་པའི་ཆགས་པ་ལ་སོགས་པའི་གཡུལ་ལས་རྣམ་པར་རྒྱལ་བ་ཉིད་ཀྱིས་སྙན་མཉམ་པ་ཉིད་དང་། སེམས་ཅན་ཐམས་ཅད་ཀྱི་རྒྱུད་མ་ཉམས་པར་མཛད་པ་ཉིད་ཀྱིས་སྙན་གྱི་དབང་པོ་མ་ཉམས་པ་ཉིད་དོ། །བཅུ་ཚན་བརྒྱད་པ་ནི། ལྟ་བས་བྱས་པ་དྲུག་ཅུ་རྩ་གཉིས་ཀྱིས་གཞན་དུ་མི་འགྱུར་བ་ཉིད་ཀྱིས་དཔྲལ་བ་ལེགས་པར་འབྱེས་པ་དང་དཔྲལ་བ་འབྱེས་པ་ནི་སྐྲ་མཚམས་ལེགས་པར་དོད་པའོ། །རྒོལ་བར་སྨྲ་བ་ཐམས་ཅད་འཇོམས་པར་མཛད་པ་ཉིད་ཀྱིས་དཔྲལ་བ་དབྱེས་ཆེ་བ་སྟེ་དཔྲལ་བའི་ཁྱོན་ཆེ་བ་དང་། སྨོན་ལམ་གྱི་མཆོག་ཡོངས་སུ་རྫོགས་པ་ཉིད་ཀྱིས་དབུ་ཤིན་ཏུ་རྒྱས་པ་ཉིད་དང་། དབུ་རྒྱས་པ་ནི་གདུགས་ལྟར་གྱུར་པའོ། ། ཡུལ་ལ་དགའ་བའི་སྲེད་པ་བཟློག་པར་མཛད་པ་ཉིད་ཀྱིས་དབུ་སྐྲ་བུང་བ་ལྟར་གནག་པ་ཉིད་དང་། མཐོང་བ་དང་སྒོམ་པས་སྤང་བར་བྱ་བའི་བག་ལ་ཉལ་སྤངས་པའི་ཕྱིར་དབུ་སྐྲ་སྡུག་པ་ཉིད་དང་། བློ་འཇམ་པོ་རྟོག་མེད་ཀྱིས་བསྟན་པའི་སྙིང་པོ་ཤེས་པས་དབུ་སྐྲ་འཇམ་པ་ཉིད་དང་། ཐུགས་འདོད་ཆགས་ལ་སོགས་པས་མ་འཁྲུགས་པ་ཉིད་ཀྱིས་དབུ་སྐྲ་མ་འཛིང་བ་ཉིད་དང་། རྟག་ཏུ་ཚིག་མི་རྩུབ་པ་ཉིད་ཀྱིས་དབུ་སྐྲ་མི་བཤོར་བ་སྟེ་གྱེན་དུ་མ་བརྫེས་པ་དང་། བྱང་ཆུབ་ཀྱི་ཡན་ལག་གིས་མེ་ཏོག་བཀྲམ་པ་ཉིད་ཀྱིས་དབུ་སྐྲ་དྲི་ཞིམ་པ་དང་། རྣམ་པ་ཐམས་ཅད་དུ་མཛེས་པར་གྱུར་པ་ཉིད་ཀྱིས་ཕྱག་དང་ཞབས་དཔལ་གྱི་བེའུ་དང་བཀྲ་ཤིས་དང་གཡུང་དྲུང་འཁྱིལ་པས་བརྒྱན་པ་སྟེ་དེ་དག་གི་རི་མོ་ཡོད་པའོ། །དེ་ལྟར་བཤད་པའི་སྔ་མ་ཕལ་མོ་ཆེ་ནང་གི་ཡོན་ཏན་དང་ཕྱི་མ་རྣམས་དེ་གསལ་བར་བྱེད་པའི་ཕྱིའི་ཡོན་ཏན་དང་ཁ་ཅིག་རྒྱུ་འབྲས་སུའང་སྦྱར་རོ། །མཚན་དཔེ་དེ་རྣམས་ཀྱི་འགྲུབ་ཚུལ་རིན་ཆེན་ཕྲེང་བ་ལས། རང་སངས་རྒྱས་ལས་ཀུན་འབྱུང་དང་། །སློབ་དང་མི་སློབ་ལས་འབྱུང་དང་། །འཇིག་རྟེན་མ་ལུས་ཀུན་བསོད་ནམས། །འཇིག་རྟེན་བཞིན་དུ་དཔག་མེད་གང་། །དེ་བཅུར་བསྒྲེས་པར་གྱུར་བ་ཡིས། །བ་སྤུའི་བུ་ག་གཅིག་འགྲུབ་སྟེ། །སངས་རྒྱས་བ་སྤུའི་བུ་ག་ནི། །ཐམས་ཅད་དེ་དང་འདྲ་བར་འབྱུང་། །བ་སྤུའི་བུ་ག་ཐམས་ཅད་ནི། །སྐྱེད་པར་བྱེད་པའི་བསོད་ནམས་གང་། ། དེ་དག་བརྒྱར་ནི་བསྒྱུར་བ་ཡིས། །དཔེ་བྱད་བཟང་པོ་གཅིག་ཏུ་བཞེད། །བསོད་ནམས་དེ་སྙེད་དེ་སྙེད་ཀྱིས། །རྒྱལ་པོ་དཔེ་བྱད་བཟང་པོ་ནི། །རེ་རེ་མཐར་ཕྱིན་དེ་ལྟ་བུ། །བརྒྱད་ཅུའི་བར་དུ་འབྱུང་བར་འགྱུར། །དཔེ་བྱད་བཟང་པོ་བརྒྱད་ཅུ་དག །འགྲུབ་པའི་བསོད་ནམས་ཚོགས་གང་ཡིན། །དེ་དག་བརྒྱར་ནི་བསྒྱུར་བ་ཡིས། །སྐྱེས་བུ་ཆེན་པོའི་མཚན་གཅིག་གོ ། མཚན་ནི་སུམ་ཅུ་འགྲུབ་པའི་རྒྱུ། །བསོད་ནམས་རྒྱ་ཆེན་གང་ཡིན་པ། །དེ་དག་སྟོང་དུ་བསྒྱུར་བ་ཡིས། །ཟླ་བ་ཉ་འདྲའི་མཛོད་སྤུའོ། །མཛོད་སྤུ་ཡི་ནི་བསོད་ནམས་དེ། །སྟོང་ཕྲག་བརྒྱ་ནི་བསྡོམས་པ་ཡིས། །སྤྱི་གཙུག་ལྟར་ནི་མི་སྣང་བ། །སྐྱོབ་པའི་གཙུག་ཏོར་སྐྱེད་པར་བྱེད། ། གཙུག་ཏོར་བསོད་ནམས་བྱེ་བ་ནི། །གྲངས་མེད་རྒྱ་ཆེན་བཅུ་པོ་དག །སངས་རྒྱས་གསུང་གི་སྒྲ་དབྱངས་ནི། །ཡན་ལག་དྲུག་ཅུ་སྐྱེད་བའི་མཆོག །ཅེས་སོ། །བཞི་པ་སྤྲུལ་པའི་སྐུ་ནི། མདོ་སྡེ་རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པར་རྟག་སྟོན་པ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་པ་ལྟར་བྱང་ཆུབ་མཆོག་གི་སྤྲུལ་པ་ཤཱཀྱ་ཐུབ་པ་དང་། བཟོ་སྤྲུལ་པ་རབ་དགའ་འདུལ་བའི་དོན་དུ་དྲི་ཟར་སྤྲུལ་པ་ལྟ་བུ་ལ་སོགས་པའི་གཟུགས་གང་གིས་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་དག་མ་དག་རྣམས་ཀྱི་འདོད་པའི་དོན་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་གོ་འཕང་ཉེ་རིང་མེད་པར་མཉམ་པ་ཉིད་དུ་མཛད་པའི་སྐུ་དེ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྲུལ་བའི་སྐུ་ཡིན་ཏེ། རབ་འབྱོར་གཞན་ཡང་ཡུམ་འདི་ལ་སློབ་པ་ནི། ཆོས་དེ་དག་རྟོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་མཐའ་མེད་པར་དུས་ཐམས་ཅད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་པ་སྣ་ཚོགས་ཀྱི་སྤྲིན་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་དེ་ལྟར་བྱང་ཆེན་གྱིས་ཡུམ་ལ་བསླབ་པར་བྱའོ། །ཞེས་སོ། །གཉིས་པ་བྱ་བ་ཕྲིན་ལས་ལ་གསུམ། ལམ་གྱི་རྟེན་དང་། ལམ་དང་། ལམ་གྱི་འབྲས་བུ་ལ་འགོད་པའོ། །དང་པོ་ལམ་གྱི་རྟེན་ལ་འགོད་པ་ནི། འགྲོ་རྣམས་ཞི་བའི་ལས་ལ་འགོད་པ་སྟེ། དེ་ཡང་ངན་འགྲོ་ལ་ནི་རྫུ་འཕྲུལ་བསྟན་ནས་མོས་པའི་ཚེ་ཆོས་བསྟན་པས་སྐྱེ་གནས་དེ་དག་ལས་ཐར་བར་བྱས་ནས་ལྷ་མིའི་རྟེན་ལ་འགོད་ཅིང་། བདེ་འགྲོ་ལ་ནི་འདོད་ལྷ་ཡུལ་ལ་སྲེད་པས་མྱོས་པ་ལ་གཞལ་ཡས་ཁང་མེ་འབར་བར་སྣང་བར་བྱས་ནས་འདུ་བྱེད་མི་རྟག་སོགས་སུ་སྟོན་པ་དང་། ཁམས་གོང་གི་ལྷ་ཚངས་པའི་ལྟ་བས་བཅིངས་པ་རྣམས་ལ་ཆོས་རྣམས་སྟོང་པར་བསྟན་པས་ལྟ་ངན་དང་བྲལ་བར་བྱེད་པ་དང་། མི་རྣམས་སྐྱབས་སུ་འགྲོ་བ་དང་། བསླབ་གཞི་བཟུང་བ་ལ་སྦྱར་ནས་རྒྱུད་སྣོད་རུང་དུ་བྱེད་པའོ། །གཉིས་པ་ལམ་ལ་འགོད་པ་ལ་བཞི། ཚོགས་ལམ་སྦྱོར་ལམ་མཐོང་ལམ་སྒོམ་ལམ་ལ་འགོད་པའོ། །དང་པོ་ཚོགས་ལམ་ལ་འགོད་པ་ལ་ལྔ་ལས། དང་པོ་སྦྱིན་དང་སྙན་སྨྲ་དོན་སྤྱོད་དོན་མཐུན་པའི་བསྡུ་རྣམ་བཞི་ནི། སློབ་དཔོན་རྟ་དབྱངས་ཀྱིས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྒོམ་པའི་རིམ་པ་ལས། སྦྱིན་པའི་གཡབ་མོས་ལེགས་པོས་ནས། །སྙན་པར་སྨྲ་བའི་གཏམ་བྱས་ཏེ། །དོན་སྤྱོད་པ་ཡིས་བག་ཕབ་ནས། ། དོན་མཐུན་གྲོས་ཆེན་ངེས་པར་གདབ། ཅེས་དང་། མདོ་སྡེ་རྒྱན་ལས། དང་པོས་སྣོད་འགྱུར་དང་པོ་སྟེ། །གཉིས་པ་ཡིས་ནི་མོས་པར་བྱེད། །གསུམ་པ་ཡིས་ནི་སྒྲུབ་པ་སྟེ། །བཞི་པས་རྣམ་པར་སྦྱོང་བའོ། །ཞེས་སོ། །གཉིས་པས་ནི་ཀུན་ཉོན་དང་རྣམ་བྱང་གི་ཆོས་ལ་ཐོས་བསམ་གྱི་སྒོ་ནས་བླང་དོར་དུ་རྟོགས་པ་ལ་འགོད་པའོ། །གསུམ་པ་ནི་སེམས་ཅན་རྣམས་ཀྱི་དོན་བྱམས་སོགས་ཚད་མེད་པ་སྒྲུབ་པ་ལ་འགོད་པའོ། །བཞི་པ་ནི་གཙོ་བོར་རང་དོན་ཕ་རོལ་དུ་ཕྱིན་པ་དྲུག་ལ་འགོད་པའོ། །ལྔ་པ་ནི་གཉིས་ཀའི་དོན་སངས་རྒྱས་སུ་བགྲོད་པའི་ལམ་དགེ་བ་བཅུ་ལ་འགོད་པའོ། །གཉིས་པ་སྦྱོར་ལམ་ལ་འགོད་པ་ནི། འཇིག་རྟེན་པའི་སྒོམ་བྱུང་གི་གཙོ་བོར་གྱུར་ནས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་རྟོགས་ཤིང་གོམས་པ་ལ་འགོད་པའོ། ། གསུམ་པ་མཐོང་ལམ་ལ་འགོད་པ་ནི། གཟུང་འཛིན་གཉིས་ཟད་པའི་ཆོས་ཉིད་ཀུན་ཏུ་འགྲོ་བའི་དོན་རྟོགས་པའི་ས་དང་པོ་ལ་འགོད་པའོ། །བཞི་པ་སྒོམ་ལམ་ལ་འགོད་པ་ལ་དྲུག །ས་ལྔ་པའི་བར་དྲུག་པ་བདུན་པ་དང་བརྒྱད་པ་དགུ་པ་བཅུ་པ་ལ་འགོད་པའོ། །དང་པོ་ནི་ཆོས་ཐམས་ཅད་བརྡའ་ཙམ་དུ་རྟོགས་པའི་ས་གཉིས་པ་ནས་ལྔ་པའི་བར་ལ་འགོད་པའོ། །གཉིས་པ་ནི་གཟུང་འཛིན་གཉིས་ཀྱི་རྣམ་པར་ཆོས་རྣམས་དམིགས་སུ་མེད་པ་ས་དྲུག་པ་ལ་འགོད་པའོ། །གསུམ་པ་ནི་ལུས་ཅན་གྱི་རྒྱུད་སྒྲིབ་པ་སྤང་རུང་དང་གཉེན་པོ་སྐྱེ་རུང་དུ་ཡོངས་སུ་སྨིན་པར་བྱེད་པ་ས་བདུན་པ་ལ་འགོད་པའོ། །བཞི་པ་བརྒྱད་པ་ལ་འགོད་པ་ལ་གཉིས། རྟོགས་པ་དང་། སྤང་བའོ། །དང་པོ་ནི་ཉན་རང་དུ་མི་ལྟུང་བར་ངེས་པའི་བྱང་སེམས་ཀྱི་ལམ་མོ། ། གཉིས་པ་ནི་ཆོས་རྣམས་ལ་གཟུང་འཛིན་དུ་མངོན་པར་ཞེན་པ་བཟློག་པའོ། །ལྔ་པ་ནི་བྱང་ཆུབ་མ་ཐོབ་ཀྱང་དེ་ཐོབ་པ་དང་འདྲ་བའི་སྤྲུལ་སྐུའི་མཛད་པ་ནུས་པའི་ས་དགུ་པ་ལ་འགོད་པའོ། །དྲུག་པ་ས་བཅུ་པ་ལ་འགོད་པ་ལ་གསུམ། བཅུ་པ་ཐོབ་མ་ཐག་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་དང་། སྲིད་པ་ཐ་མ་ལ་འགོད་པའོ། །དང་པོ་ནི་རང་ཉིད་འཚང་རྒྱ་བའི་སྣོད་བཅུད་ཀྱི་ཞིང་དག་པའོ། །ས་བཅུ་པ་ཐོབ་མ་ཐག་ཏུ་དབང་བསྐུར་བས་ཞིང་དག་པར་འགྱུར་བ་ལ་གཉིས། སྣང་བས་ཕྲིན་ལས་བསྒྲུབ་པ་དང་། མཆོད་པས་དབང་བསྐུར་ཐོབ་པའོ། །དང་པོ་སྣང་བས་ཕྲིན་ལས་སྒྲུབ་པ་ལ་སྣོད་དང་། བཅུད་དག་པའི་སྣང་བ། ཕྲིན་ལས་སྒྲུབ་པ་གསུམ་ལས། དང་པོ་སྣོད་དག་པའི་སྣང་བ་ནི། ས་བཅུ་པ་ཐོབ་མ་ཐག་གི་ཚེ་ཏིང་ངེ་འཛིན་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱད་མེད་པར་དབང་བསྐུར་བ་དང་ལྡན་པ་ཞེས་བྱ་བ་ཐོབ་མ་ཐག་ཏུ་སྟོང་གསུམ་འབུམ་ཕྲག་བཅུའི་རྒྱ་དང་ལྡན་པའི་པདྨ་རིན་པོ་ཆེ་དུ་མས་སྤྲས་པའི་གདན་དང་། དེའི་འཁོར་དང་སྟོང་གསུམ་འབུམ་ཕྲག་བཅུའི་རྡུལ་གྱི་གྲངས་དང་མཉམ་པའི་པད་མས་གང་བར་སྣང་བའོ། །གཉིས་པ་བཅུད་དག་པའི་སྣང་བ་ནི། རང་ཉིད་གདན་དེ་ལ་འཚམ་ཞིང་རྐྱེན་དུ་འབབ་པར་འདུག་ལ་འཁོར་གྱི་པད་མ་ལ་ས་དགུ་པ་མན་ཆད་ཀྱི་བྱང་སེམས་བཞུགས་པས་བསྐོར་ཏེ་གང་བར་སྣང་བའོ། །གསུམ་པ་ཕྲིན་ལས་སྒྲུབ་པ་ནི། བྱང་སེམས་དེའི་ཞབས་མཐིལ་གཉིས་དང་། པུས་མོའི་ལྷ་ང་གཉིས་དང་ལྟེ་བ་དང་རྩིབ་ལོགས་གཉིས་ཕྱག་མཐིལ་གཉིས་ལས་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་བཅུ་སྤྲོས་པས། རིམ་པ་བཞིན་ཕྱོགས་བཅུའི་ཡི་དྭགས་དང་དམྱལ་བ་དང་དུད་འགྲོ་དང་མི་དང་ལྷ་དང་ལྷ་མ་ཡིན་གྱི་གནས་ཐམས་ཅད་སྣང་བར་བྱས་ནས་དུཿཁ་རྣམས་ཞི་བར་བྱེད་དོ། །ཕྲག་པ་གཉིས་དང་། རྒྱབ་མགུལ་གཉིས་དང་། ཞལ་ནས་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་བཅུ་སྤྲོས་པས་རིམ་པ་བཞིན་ཕྱོགས་བཅུའི་ཉན་ཐོས་དང་རང་རྒྱལ་དང་། སེམས་དང་པོ་བསྐྱེད་པ་ནས་ས་དགུ་པའི་བར་གྱི་གནས་གསུམ་པོ་རྣམས་སྣང་བར་བྱས་ཤིང་ཆོས་སྣང་བའི་སྒོ་དང་། ཞི་བའི་ཏིང་ངེ་འཛིན་གྱི་སྒོའི་ཚུལ་དང་ཤེས་རབ་དང་ཐབས་མཁས་པའི་ཚུལ་ཡང་ཉེ་བར་སྒྲུབ་བོ། །གཉིས་པ་མཆོད་པས་དབང་བསྐུར་བ་ལ་གཉིས། མཆོད་པ་དང་། དབང་བསྐུར་བའོ། །དང་པོ་མཆོད་པ་ནི། བྱང་སེམས་དེའི་མཛོད་སྤུ་ནས་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་སྤྲོས་པས་ཕྱོགས་བཅུའི་བདུད་ཐམས་ཅད་ཟིལ་གྱིས་མནན་ཏེ་དབང་བསྐུར་ཐོབ་པའི་བྱང་སེམས་རྣམས་སྣང་བར་བྱས་ནས་དེ་དག་གི་ལུས་སུ་ནུབ་པར་བྱེད་དོ། །སྤྱི་གཙུག་ནས་འོད་ཟེར་གྲངས་མེད་པ་སྟོང་ཆེན་འབུམ་ཕྲག་བཅུའི་རྡུལ་དང་མཉམ་པ་འཕྲོས་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཐམས་ཅད་སྣང་བར་བྱས། འཇིག་རྟེན་ལན་བཅུ་བསྐོར་ནས་སྟེང་གི་ནམ་མཁའ་ལ་འོད་ཟེར་གྱི་དྲ་བའི་དཀྱིལ་འཁོར་དུ་བྱས་ཏེ། དེ་བཞིན་གཤེགས་པ་མཆོད། སེམས་ཅན་གྱི་དོན་བྱས་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཞབས་མཐིལ་དུ་ནུབ་པར་བྱེད་དོ། །གཉིས་པ་དབང་བསྐུར་བ་ནི། རྒྱལ་བ་སྲས་བཅས་དེ་དག་གིས་ཀྱང་བྱང་སེམས་དེ་དབང་བསྐུར་བའི་དུས་ལ་བབས་པར་གཟིགས་ནས། ཕྱོགས་བཅུ་ནས་ས་དགུ་པ་མན་ཆད་ཀྱི་བྱང་སེམས་མཐའ་ཡས་པ་འོངས་ཏེ། བྱང་སེམས་དེ་ལ་ལྟ་ཞིང་མཆོད་དེ་ཏིང་ངེ་འཛིན་སྟོང་ཕྲག་བཅུ་བཅུ་ལ་སྙོམས་པར་འཇུག་གོ །བྱང་སེམས་དབང་བསྐུར་བ་ཐོབ་པ་རྣམས་ཀྱི་དཔལ་བེའུ་དང་། རྡོ་རྗེ་དང་བཀྲ་ཤིས་ལས་བདུད་ཀྱི་དགྲ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་འོད་ཟེར་འཁོར་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་དང་བཅས་པ་བྱུང་སྟེ་ཕྱོགས་བཅུ་སྣང་བར་བྱས། ཆོ་འཕྲུལ་མུ་མེད་པར་བསྟན་ཏེ། བྱང་སེམས་དེའི་དཔལ་བེའུ་དང་རྡོ་རྗེ་དང་བཀྲ་ཤིས་སུ་ནུབ་པས་མཐུ་སྟོབས་ལྷག་པར་འཕེལ་ལོ། །དེ་བཞིན་གཤེགས་པ་རྣམས་ཀྱི་མཛོད་སྤུ་ནས་ཐམས་ཅད་མཁྱེན་པའི་མངོན་ཤེས་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་གཅིག་འཁོར་འོད་ཟེར་གྲངས་མེད་པ་འབུམ་ཕྲག་དང་བཅས་པ་ཕྱུང་སྟེ་ཕྱོགས་བཅུ་ཐམས་ཅད་སྣང་བར་བྱས། འཇིག་རྟེན་ལན་བཅུ་བསྐོར་ནས་ངན་སོང་ཞི་ཞིང་བདུད་ཟིལ་གྱིས་མནན་ནས་བྱང་སེམས་དེའི་སྤྱི་བོར་ནུབ་ལ་འཁོར་གྱི་འོད་ཟེར་རྣམས་ནི་འཁོར་རྣམས་ཀྱི་སྤྱི་བོར་ནུབ་བོ། །འོད་ཟེར་དེ་དག་གིས་ཕོག་མ་ཐག་ཏུ་བྱང་སེམས་དེ་དག་གིས་སྔོན་མ་ཐོབ་པའི་ཏིང་ངེ་འཛིན་སྟོང་ཕྲག་བཅུ་བཅུ་འཐོབ་ཅིང་འོད་ཟེར་དེ་དག་ཀྱང་བྱང་སེམས་དེའི་མགོ་ལ་དུས་གཅིག་ཏུ་འབབ་པར་འགྱུར་རོ། །གཉིས་པ་སྐྱེ་བ་གཅིག་གིས་ཐོགས་པ་ལ་གསུམ་ལས། དང་པོ་སྐྱེ་བ་ཕྱི་མ་དེ་ཉིད་ལ་ཞིང་འདིར་དུས་འདིའི་ཚེ་སངས་རྒྱས་འདི་ཞེས་བྱ་བར་འགྱུར་བར་ངེས་པའི་ནུས་པ་ལ་འགོད་པ་དང་། གཉིས་པ་ཕྱོགས་བཅུ་ཀུན་གྱི་སེམས་ཅན་གྱི་དོན་ཚད་མེད་པ་སྒྲུབ་པ་ལ་འགོད་པ་དང་། གསུམ་པ་འཇིག་རྟེན་ཐམས་ཅད་དུ་དེ་བཞིན་གཤེགས་པའི་དྲུང་དུ་ཉེ་བར་འགྲོ་ཞིང་སངས་རྒྱས་བརྟེན་པ་དང་། དེ་ལ་ཆོས་ཉན་པ་དང་བསྙེན་བཀུར་བའི་ཡོན་ཏན་ལ་འགོད་པའོ། །གསུམ་པ་སྲིད་པ་ཐ་མ་པ་ལ་བཞི། ནུས་པ། རྟོགས་པ། སྤངས་པ། དག་པའི་རྒྱུ་ཚོགས་སོ། །དང་པོ་ནུས་པ་ལ་གཉིས། བྱང་ཆེན་གྱི་ཚོགས་མཐའ་དག་སྐྱེད་པའི་བྱང་ཆུབ་ཀྱི་ཡན་ལག་ལ་འགོད་པ་དང་། རྒྱུ་ཚོགས་གཉིས་ཀྱི་ལས་ཀྱི་འབྲས་བུ་རྫོགས་བྱང་དངོས་སུ་འབྱིན་པའི་ལས་འབྲས་ཀྱི་འབྲེལ་པ་ཆུད་མི་ཟ་བ་ལ་འགོད་པའོ། །གཉིས་པ་རྟོགས་པའི་གཉིས་ནི། བདེན་བཞི་མཐོང་བའི་ཇི་སྙེད་པ་རྟོགས་པ་ལ་འགོད་པ་དང་། འདུས་བྱས་འཁོར་བ་དང་འདུས་མ་བྱས་མྱང་འདས་ལ་བླང་དོར་ཐ་དད་དུ་ཡོངས་སུ་མི་འཛིན་པར་མཉམ་པ་ཉིད་དུ་མཐོང་བའི་ཇི་ལྟ་བ་རྟོགས་པ་ལ་འགོད་པའོ། །གསུམ་པ་སྤངས་བའི་གཉིས་ནི། གཙང་བདེ་རྟག་བདག་ཏུ་ཞེན་པའི་ཕྱིན་ཅི་ལོག་བཞི་སྤངས་བ་ལ་འགོད་པ་དང་། ཕྱིན་ཅི་ལོག་དེའི་གཞི་སྒྲོ་བཏགས་པ་ཙམ་མ་གཏོགས་པར་དོན་ལ་མེད་པའི་ཚུལ་དུ་རྟོགས་པའོ། །བཞི་པ་དག་པའི་རྒྱུ་ཚོགས་ཀྱི་གཉིས་ནི། སྲིད་མཐའི་སྐབས་ཀྱི་སངས་རྒྱས་ཀྱི་རྒྱུ་ཚོགས་དྲི་མས་རྣམ་པར་བྱང་བ་ལ་འགོད་པ་དང་། རྣམ་པར་བྱང་བའི་ཡོན་ཏན་དེ་དག་སངས་རྒྱས་ཀྱི་རྒྱུའི་ཚོགས་པར་གནས་པ་ལ་འགོད་པའོ། །གསུམ་པ་འབྲས་བུ་ལ་འགོད་པ་ནི། མི་གནས་པའི་མྱང་འདས་དེ་བཞིན་གཤེགས་པ་ཉིད་ལ་འགོད་པའོ། །དེ་ལྟར་ཉི་ཤུ་རྩ་བདུན་ནི་ཆོས་ཀྱི་སྐུའི་མཛད་པ་ཡིན་ཏེ། ཆོས་སྐུ་རྒྱུན་མི་འཆད་པ་བཞིན་དུ། ཆོས་སྐུ་འདིའི་ཕྲིན་ལས་ཉི་ཤུ་རྩ་བདུན་ཡང་འཁོར་བ་ཇི་སྲིད་པར་ལྷུན་གྲུབ་རྒྱུན་མི་འཆད་དུ་འཇུག་པ་ཡིན་ནོ། །ཞེན་མེད་དབྱིངས་ཀྱི་ངང་དུ་ཡོན་ཏན་རྫོགས། །ཞེན་མེད་གཟུགས་སྐུའི་སྣང་བ་འགྲོ་ལ་འཆར། །ཞེན་མེད་ཕྲིན་ལས་ནམ་མཁའི་མཐའ་ཁྱབ་པ། །རྒྱལ་སྲས་ལམ་གྱི་འབྲས་བུ་འདིར་བཤད་དོ། །ཆོས་ཀྱི་སྐུའི་སྐབས་ཏེ་བརྒྱད་པའི་སྤྱི་དོན་ནོ།། །། ༈ གཉིས་པ་བར་མ་ལ་དད་པ་ལ་དྲུག་ཅུ་ཕྱེ་བ་ནི། མངོན་རྟོགས་དྲུག་གི་དང་པོར་བཤད་པའི་རྣམ་མཁྱེན་ལ་སོགས་པ་གསུམ་ནི་མཁྱེན་གསུམ་གྱི་མཚན་ཉིད་ཡིན་ཏེ། ཆོས་སུམ་ཅུས་མངོན་པར་མཚོན་པར་བྱ་བའི་གནས་ཡིན་པས་སོ། །འདི་ནི་མཚན་ཉིད་ཀྱི་སྒྲས་བྱ་བྱེད་གཉིས་ཀ་འཛིན་པས་བྱ་བའི་དབང་དུ་བྱས་པའོ། །རྣམ་ཀུན་མངོན་རྫོགས་རྟོགས་པ་ནི་མཁྱེན་གསུམ་གྱི་སྦྱོར་བ་ཡིན་ཏེ། སྐྱེ་མེད་གསུམ་ཤེས་པའི་མཁྱེན་གསུམ་ལ་དབང་དུ་བྱ་བའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་གསུམ་སྒོམ་པ་ལ་སྦྱོར་བས་སོ། །རྩེ་མོའི་མངོན་པར་རྟོགས་པ་ནི་མཁྱེན་གསུམ་རབ་ཀྱི་གནས་སྐབས་ཡིན་ཏེ། མཁྱེན་གསུམ་ལ་ཤིན་ཏུ་གོམས་པས་ཕུལ་དུ་བྱུང་བས་འགྲོ་བའི་ཕྱིར་རོ། །མཐར་གྱིས་མངོན་པར་རྟོགས་པ་ནི། མཁྱེན་གསུམ་གྱི་གོ་རིམ་གྱི་གནས་སྐབས་ཡིན་ཏེ། མཁྱེན་གསུམ་གྱི་རྟོགས་པའི་དངོས་པོ་ངེས་པར་བྱ་བའི་ཕྱི་སོ་སོ་བ་དང་མཁྱེན་གསུམ་མཐའ་དག་ཏུ་རྣམ་པར་བསྒོམ་པའི་དོན་མ་ཉམས་པར་རྒྱུན་ལྡན་དུ་སྐྱོང་བར་བྱེད་པས་སོ། །འདིའི་སོ་སོ་བ་དང་མཐའ་དག་པའི་དོན་ནི། མཁྱེན་གསུམ་མངོན་རྟོགས་གསུམ་དུ་བསྡུས་པ་ནི་བསྡུས་པའམ་མཐའ་དག་པ་དང་། རྣམ་ཀུན་སོགས་སེམས་བསྐྱེད་སོགས་རེ་རེའི་སྒོ་ནས་རྒྱས་པར་བཤད་པའི་ལམ་རྣམས་ནི་སོ་སོ་བའོ། །སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི། མཁྱེན་གསུམ་གྱི་མཐར་ཐུག་པའི་གནས་སྐབས་ཡིན་ཏེ་སློབ་པའི་སྐབས་སུ་དེ་ལས་ཁྱད་པར་དུ་འགྲོར་མེད་པས་སོ། །ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་ནི་མཁྱེན་གསུམ་གྱི་རྣམ་སྨིན་མཐར་ཐུག་པ་ཡིན་ཏེ། མཁྱེན་གསུམ་དེའི་འབྲས་བུ་མཐར་ཐུག་ཡིན་པས་སོ། །འདིའི་མཁྱེན་གསུམ་ནི་སྐྱེ་མེད་གསུམ་མཁྱེན་པའི་བྱང་སེམས་ཀྱི་རྣལ་འབྱོར་ལ་བྱའོ། །དེ་ལྟ་ན་མཚན་ཉིད་ནས་རྣམ་སྨིན་གྱི་བར་རྣམ་པ་དྲུག་སྟེ་ཚིག་དོན་ནི་སྔ་མ་བརྒྱད་དུ་ཕྱེ་བའི་སྐབས་ཁོ་ན་བཞིན་དུ་བཤད་པར་བྱ་བ་ཡིན་ནོ། ། གསུམ་པ་བསྡུས་པ་ལ། དད་པ་ལ་མངོན་རྟོགས་གསུམ་དུ་དབྱེ་བ་ནི། དང་པོ་བཤད་པའི་རྣམ་མཁྱེན་སོགས་གསུམ་ནི་བྱང་སེམས་ཀྱི་སྦྱོར་བའི་འཇུག་པར་བྱ་བའི་ཡུལ་དང་རྒྱུ་གཞི་མཐུན་པ་སྟེ་དེ་ཡང་མཁྱེན་གསུམ་གཏན་ལ་ཕབས་པ་ལས་ཆོས་སྐུ་འཐོབ་པ་ཙམ་ལ་བྱའོ། །དག་ལྡན་ལས་ཀྱང་ཡུལ་དང་རྒྱུ་གཞི་མཐུན་པར་བཤད་དོ། །འོན་ཀྱང་འགྱུར་འདི་མི་ལེགས་པས་རྒྱན་སྣང་གི་འགྱུར་ལྟར་རྒྱུ་དང་སྦྱོར་བ་གཞི་མཐུན་དུ་མཛད་པ་ལྟར་རིགས་སོ། །ཡུལ་དེ་ལ་ཚུལ་ཇི་ལྟར་རབ་ཏུ་སྦྱོར་ཞེ་ན། དེའི་འོག་ཏུ་བཤད་པའི་རྣམ་ཀུན་སོགས་བཞི་ནི་སྦྱོར་བའོ། །སྦྱོར་བ་དེ་ལྟ་བུ་དང་ལྡན་པའི་རྒྱུ་མཁྱེན་གསུམ་དེའི་འབྲས་བུ་ཅི་ཞིག་ཡིན་ཞེ་ན། དེའི་འོག་ཏུ་ཆོས་སྐུ་ཕྲིན་ལས་དང་བཅས་པ་ནི་འབྲས་བུ་ཡིན་པས་རྒྱལ་བའི་ཡུམ་གསུམ་གྱི་དོན་བསྡུས་པ་གསུམ་སྟེ་ཚིག་དོན་ནི་སྔ་མ་ཁོ་ན་བཞིན་དུ་བཤད་པར་བྱ་བ་ཡིན་ནོ། །གལ་ཏེ་མངོན་རྟོགས་བསྡུ་ཚུལ་གསུམ་ག་ལ་ཚིག་དོན་བརྒྱད་ཀྱི་སྐབས་སུ་བཤད་པ་བཞིན་དུ་བཤད་དགོས་ན་དབང་པོ་གསུམ་གྱི་ཁྱད་པར་ཕྱེ་བ་དོན་མེད་ཅེ་ན། །འདི་གསུམ་གྱི་ཁྱད་པར་ལ་བདག་ཉིད་ཆེན་པོས་བརྒྱད་དུ་བཤད་པ་མངོན་རྟོགས་རང་རང་གི་མཚན་ཉིད་དང་། དྲུག་ཏུ་བཞག་པ་དེ་དག་གི་གོ་རིམ་ངེས་པ་དང་། གསུམ་དུ་བཞག་པ་གྲངས་ངེས་དང་ཟློས་པའི་སྐྱོན་སྤོང་གཙོ་བོར་བྱས་ནས་བསྟན་པའོ་ཞེས་གསུངས་པར་ཞིང་གཡོ་བ་འཆད་དེ་བསྟན་བཅོས་ཀྱི་དགོངས་པ་མཐར་ཐུག་པའོ། །དེས་ན་དངོས་པོ་སོ་སོའི་མཚན་ཉིད་ངེས་པར་འབྱེད་པ་ན་ཚིག་ལྷུར་ལེན་དགོས་ལ། དེ་དག་གི་གོ་རིམ་ངེས་པ་གཙོ་བོར་བྱེད་པ་ན་ཚིག་དེ་ཙམ་དུ་མི་རྒྱས་པ་དང་། ཡུལ་དང་རྒྱུ་འབྲས་གསུམ་དུ་བསྡུས་ནས་གྲངས་ངེས་དང་ཟློས་སྤོང་གཙོ་བོར་བྱེད་པ་ན་ཚིག་བསྡུས་པ་ཙམ་ཡོད་པ་སྟེ། མདོར་ན་ཚིག་དོན་རེ་རེ་ནས་འཆད་པ་ན་ཁྱད་པར་མེད་ཀྱང་མངོན་རྟོགས་སྤྱིའི་ངོ་བོ་ཤེས་པར་བྱེད་པ་ལ་རྒྱས་བསྡུས་ཡོད་པའོ། །གསུམ་པ་གང་གིས་བསྒྱུར་བའི་འགྱུར་བྱང་བཤད་པ་ནི། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྩ་བ་དང་འགྲེལ་ཆུང་དོན་གསལ་གཉིས་ཀ་ཡང་སྔ་འགྱུར་གྱི་དུས་སུ། རྒྱ་གར་གྱི་པཎྜི་ཏ་བིདྱཱ་ཀ་ར་པྲ་བྷཱ་དང་། ལོ་ཙཱ་བ་སྐལ་བ་དཔལ་བརྩེགས་ཀྱིས་བསྒྱུར་ཞིང་། ཕྱིས་སུ་པནྜི་ཏ་གོ་མཱི་འཆི་མེད་དང་། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བ་སོགས་ཀྱིས་ལེགས་པར་གཏན་ལ་ཕབས་ནས། གངས་ཅན་གྱི་ལྗོངས་སུ་རྒྱལ་བ་སྲས་བཅས་ཀྱི་ལམ་གཅིག་པུ་འདི་ཕྱོགས་དུས་ཐམས་ཅད་དུ་ཡར་ངོའི་ཟླ་བ་ལྟར་རྒྱས་བར་མཛད་དོ། །