བུམ་རྫས་སྐོར་སོགས་ལ།

From Khyentse Lineage - A Tsadra Foundation Project
JKW-KABUM-21-ZHA-002-057
Wylie title bum rdzas skor sogs la JKW-KABUM-21-ZHA-002.pdf
Location mkhyen brtse'i bka' 'bum
Volume 21, sde tshan 2, Text 57, Pages 280-283 (Folios 81b1 to 83a4)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. bum rdzas skor sogs la. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 21: 280-283. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Ritual Substances - rdzas

1 Texts in this Section (sde tshan or chos tshan)

[edit]
དུས་འཁོར་བུམ་རྫས་སྨན། ཀཎྜ་ཀ་རི། ཤིང་མངར། རྩྭ་རྨ་བྱའི་གཙུག་ཕུད། སླེ་ཏྲེས། ར་མོ་ཤག་སྟེ་ལྔ། ། ༈ དྲི། གླ་རྩི། ཛྭ་ཏི། གུར་གུམ། ཤུ་དག་དཀར་པོ། རུ་རྟ་སྟེ་ལྔ། ། ༈ འབྲུ། གྲོ། ཏིལ་དཀར་པོ། ཁྲེ། སྲན་མ་མ་ཥཱ། བོད་སྲན་ཏེ་ལྔ། ། ༈ རིན་པོ་ཆེ། ཤེལ། དཀར་ཕྲ་མེན། བྱེ་རུ། མུ་ཏིག །ཤུ་ལ་མ་ཎི་ཞེས་གཡུ་སྟེ་ལྔ། ། ༈ ལྕགས། རྡོ་ཁབ་ལེན། ལྕགས་ཁབ་ལེན། དངུལ། གསེར། རང་བྱུང་ཟངས་ཏེ་ལྔ། ལྔ་ཚན་རེ་རེ་བཞིན་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཆ་རེ་བསྐྱེད་པར་གསུངས་པ་ལྟར་སྦྱར་བ་སྟེ། དེའང་དྲི་ལྔའི་གྲས་སུ་གླ་རྩི་ཞོ་གང་། རིན་པོ་ཆེའི་གྲས་སུ་ཕྲ་མེན་ཞེས་གཟིའམ་མ་ན་ཧོ་གང་རིགས་ཞོ་བཞི། ལྕགས་ལྔའི་གྲས་སུ། དངུལ་རྡོ་སྲང་དོ། གསེར་རྡོ་སྲང་གསུམ་དྲགས། རང་བྱུང་ཟངས་དང་ཟངས་རྡོ་སྲང་དོ་རྣམས་བསྲེ། རིན་པོ་ཆེ་དང་ལྕགས་ལྔ་དུག་འདོན་ལེགས་པོ་བྱེད། སླར་སོ་སོར་ཐང་ལྟར་ཁྲོལ་ཙམ་བརྡུང་ནས་སྒྲུབ་མཆོད་སོགས་ཀྱི་སྐབས་རས་ཀྱི་ནང་དུ་ཐུམ་པོ་བྱས་ཏེ་དུང་ཆོས་ཀྱི་ནང་དུ་བཅུག་པར་གསུངས་པ་ལས་རིལ་བུར་དྲིལ་བ་སོགས་མི་མཛད་དོ། ། ༈ ཨོཾ་སྭ་སྟི། བུམ་རྫས་སྐབས་སུ་ཉེར་མཁོའི་དྲིའི་ཆུ་ནི། རྡོ་རྗེ་སྙིང་རྒྱན་ལས། ཙནྡན་༡དང་ནི་རྒྱ་སྤོས་༢དང་། ག་བུར་༣དེ་བཞིན་གུར་གུམ་༤དང་། ཨ་ག་༥རུ་དང་ལྷ་ཡི་ཤིང་༦། ཙནྡན་༧དམར་པོ་ཉིད་དང་ནི། ཞེས་རྫས་བདུན་སྦྱར་བའོ། །ཞི་བའི་མཆོད་ཡོན་ལ། ནས་དཀར། འོ་མ། མེ་ཏོག་དཀར་པོ། ཀུ་ཤ །ཏིལ་དཀར། འབྲས་ཡོས། བདུད་རྩིར་བཅས་པའི་དྲི་དཀར་པོའི་ཆུ་སྟེ་རྫས་བདུན་ནོ། །རྒྱས་པར། ཏིལ། ཀུ་ཤ །མེ་ཏོག་སེར་པོ། དྲི་སེར་པོའི་ཆུ་སྟེ་བཞིའོ། །ཞབས་བསིལ་ལ་འདག་ཆལ་ལྔའོ། །སྤོས་སྦྱོར། ཤིང་ཚྭ་ཆུ། སྤོས་དཀར་ཐལ། ལི་ཤི་རྡོར། སྤང་སྤོས་ཚྭའི་ཚུལ་ཏེ་བཞི་སྦྱོར་རོ། །དྲི་ཆབ་ལ། སུག་སྨེལ། ཤིང་ཚྭ། སྤང་སྤོས། བཱ་ལེ་ཀ །ཙནྡན་རྣམས་ཞོ་གཉིས་རེ་ཐུམ་བུར་བཅིངས། ཆུ་གཙང་བྲེ་བརྒྱད་ལ་བཅུག་སྟེ་བཞི་གསུམ་གྱི་བར་དུ་བསྐོལ་བའི་ལྷག་མ་དྲིའི་ཆུར་འགྱུར་བར་དུས་འཁོར་ལས་གསུངས་པ་ལྟར་རམ། ཐུན་མོང་དུ་དྲི་ལྔ་སྦྱར་བའོ། །རབ་གནས་སྐབས་བཀྲུ་བའི་རྫས་འདག་ཆལ་ལ། དཀྱིལ་ཆོག་རྡོར་ཕྲེང་ལས། ཞོ། འོ་མ། མར། སྦྲང་། བྱེ་མ་ཀ་ར་སྟེ། ཕྱིའི་བདུད་རྩི་ལྔ། འོ་མ། ཞོ། མར། ལྕི་བ། ཆུ་སྟེ་བ་ལས་བྱུང་བ་ལྔ། ནྱ་གྲོ་དྷ། ཨུ་དུམྦཱ་ར། པླཀྵ། བི་སྦ་ལྱ། གནྡྷ་མུཎྜ་སྟེ་འོ་མ་ཅན་གྱི་ཤིང་ཤུན་ལྔ། དྲི་ལྔ། སྐྱུ་རུ་ར། ཡུང་བ་རྣམས་ཀྱི་ཕྱེ་མས་རིམ་པར་བྱུགས་ཤིང་བཀྲུ་བར་གསུང་ལ། དེ་ཙམ་མ་ལྕོགས་ན། སློབ་དཔོན་ཀུན་དགའ་སྙིང་པོས། སུག་པ་དང་ནི་སྲན་ཕྱེ་དང་། །ཀུ་ཤ་བ་ཡི་རྣམ་ལྔ་དང་། །དེ་ལྟར་སོ་ཕག་ལ་སོགས་པས། །ཁྲུས་ནི་བྱ་བར་གསུངས་པ་སྟེ། །ཞེས་སོ། །བྱུགས་པའི་རྫས་དྲི་བཟང་ལ། ཙནྡན་དཀར་དམར། གུར་གུམ། གྲུནྠི་ཀ ཨ་ག་རུ་རྣམས་སམ། གུར་གུམ། ཨ་ག་རུ། གླ་རྩི། ག་བུར་སོགས་དྲིའི་རྫས་ཇི་ལྟར་རྙེད་པ་སྦྱར་བར་གསུངས་སོ། ། ༈ དུས་འཁོར་བུམ་རྫས་ཟུང་དུ་སྦྱར། རྣམ་འཇོམས་བུམ་རྫས་ཀྱང་ངོ་། ། ༈ དྲིའི་ཆུ་ཞེས་པ་རྡོ་རྗེ་སྙིང་རྒྱན་ལས། ཙནྡན་དཀར༡། དམར༢། རྒྱ་སྤོས༣། ག་བུར༤། གུར་གུམ༥། ཨ་གར༦། ལྷ་ཤིང་༧། བདུན་དུ་བཤད། ཁྲུས་ཆུར་འབྲས་བཅས་རཏྣ་མ་ལར་སིནྡྷཱུ་ར། ལྡོང་རོས༨། ཀ་ཀོ་ལ༩། ལྷ་ཤིང་། གུར་གུམ། ཨ་ཤིང་རྩྭ་འབའ་ལ། ༡༠། ཤིང་མངར༡༡། སྦྲང་བད༡༢། བུམ་ཏིག །ཟངས་༡༣ཀྱི་མེ་ཏོག་ཅེས་བརྒྱད་དུ་བཤད། ། ༈ ཚན་དགུ་ཞེས་པར། ས་༡ ས་གི་ཝཾ་དུ་གྲགས་པ་བྱུང་ན་ལེགས། ཚན་ཁམ་གཡག་ཤམ། རྡོ་ཚན་༢ཅོང་ཞི་རྟ་སོ་མ། ཆུ་ཚན༣། གཡའ་ཚན༤། གྲོ་ལོ་དཀར་པོ་ལ་ངོས་འཛིན་པར་སྣང་། བྲག་ཚན་༥ཞེས་པ་ངོ་བོ་གཅིག་ཙམ་ལ་གནས་སོ། །སོར་དབྱེ་བ་དང་། གངས་ཚན༦། དགུན་གངས་ཆགས་པར་དཔྱིད་ཀ་ཡོད་པའི་ཚན། སྔོ་ཚན་༧ནམ་སྤོས་ཚན་རྒྱ་སྤོས། སྤང་ཚན༨་སྦུ་རུ་དཀར་དམར། ཤིང་ཚན་༩སྤྱིར་ཤུག་པ་དང་། སྤྱིར་བཞུར་ལ་བཞེད་པའང་ཡོད། དེ་ནང་ནས་ཐང་ལ་ཤུག་སྐྱེས་ལ་ངོས་བཟུང་། འདི་རྣམས་འབྱུང་བ་སོ་སོའི་ཁྲུས་རྫས་གྲིབ་སེལ་དག་བྱེད་ཀྱི་མཆོག་ཏུ་བཤད་དོ། ། ༈ ཡང་ས་ཚན་དཀར་དམར་ཞེས་ཅུ་གང་སིནྡྷུ་ར། རྡོ་ཚན་ཤེལ་རྡོ་དང་། ཅོང་ཞི། ཆུ་ཚན་སྔོ་དང་རྒྱ་མཚོ་ལྦུ་བ། གཡའ་ཚན་དངོས་དང་སྲོ་ལོ་དཀར་པོ། བྲག་ཚན་དངོས་དང་རྡོ་དྲེག །གངས་ཚན་དངོས་དང་གངས་ཏིག །སྔོ་ཚན་རྒྱ་སྤོས་སྤང་སྤོས། ཤིང་ཚན་ཤུག་པ་དང་སྤྱི་བཞུར་ཏེ་བཅོ་བརྒྱད་དུའང་བཤད། ། ༈ ས་ཟླའི་ཉེར་གསུམ་ནས་ཉེར་དགུའི་བར་རོ། །

Footnotes

Other Information