ཆོས་འབྱུང་སྐོར་སོགས་ཐོར་བུ།

From Khyentse Lineage - A Tsadra Foundation Project
JKW-KABUM-19-DZA-001-012
Wylie title chos 'byung skor sogs thor bu JKW-KABUM-19-DZA-001.pdf
Location mkhyen brtse'i bka' 'bum
Volume 19, sde tshan 1, Text 12, Pages 116-133 (Folios 58b4 to 67a4)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. chos 'byung skor sogs thor bu. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 19: 116-133. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre History Texts - lo rgyus  ·  Religious History Texts - chos 'byung

1 Texts in this Section (sde tshan or chos tshan)

[edit]
རྡོ་རྗེ་ཐེག་པའི་ལམ་སྐོར་དགུར་གྲགས་པ་ལས། གྲུབ་ཆེན་བི་རཱུ་པའི་བཞེད་སྲོལ་ལམ་འབྲས་བུ་དང་བཅས་པ་ནི། ནག་པོ་པ། ཌ་མ་རུ་པ། ཨ་ཝ་དྷུ་ཏི་པ། ག་ཡ་དྷ་རའི་བར་བརྒྱུད་ནས། དེ་ཉིད་བོད་དུ་ལན་གསུམ་ཕེབས་པའི་དང་པོ་འབྲོག་མི། བར་པ་འགོས། ཐ་མ་གྱི་ཇོ་ཟླ་འོད་རྣམས་ལ་གནང་བའི་ལུགས་སྲོལ་ལས། བར་པ་ལ་ཀྱེ་རྡོར་རྒྱུད་རྐྱང་གི་སྨིན་གྲོལ་ལས་ལམ་འབྲས་མ་གནང་བས་གྲུབ་ཆེན་དེས་དངོས་སུ་གནང་བ་གཉིས་སོ། །འབྲོག་མི་ལ་གཞུང་ཚང་བ༧། མན་ངག་ཚང་བ༤། གྲུབ་པ་ཐོབ་པའི་སློབ་མ་གསུམ་ལས། གཉིས་པ་ནི། འབྲོམ་དེ་བ་སྟོན་ཆུང་ཙནྡྲ་བརྟི་ཞེས་གྲགས་པ་དང་། ལྷ་བཙུན་ཀ་ལི། སེ་མཁར་ཆུ་བ་གསུམ་ལས། དང་པོ་ལའང་འགའ་ཞིག་འཕེལ། ཕྱི་མ་ལ་ལམ་འབྲས་རབ་ཏུ་ཐོབ་པ་ཞང་སྟོན་སྐུ་མཆེད། འབྲིང་དུ་ཐོབ་བ་ཞྭ་མ་ལྕམ་སྲིང་། མཐའ་མ་སེ་སྒོམ་བྱང་ཡེ་རྣམས་སོ། །ཀྱེ་རྡོར་བཀའ་བབས་བཞི་ནི། མན་ངག་ལུགས། ཌོམྦྷི་ལུགས། མཚོ་སྐྱེས་ལུགས། ནག་པོ་ལུགས་རྣམས་སོ། །དེ་ནས་ལམ་འབྲས་ཞང་ལུགས་སུ་གྲགས་པ་ནི། ཞང་དགོན་པ་བ། ཞྭ་མ་དཀོན་མཆོག །སློབ་དཔོན་ཉང་སྟོན། མཁན་པོ་སྨོན་མཁར་བའི་བར་དུ་བརྒྱུད་ཅིང་ཅུང་ཟད་འཕེལ། ལམ་འབྲས་ཞྭ་མ་ལུགས་ལ་སྔར་བྱོན་པ་མོ་རྒྱུད་ཕོ་རྒྱུད་གཉིས། ཕྱིས་བྱུང་བ་བསྲེས་པའི་ལུགས་དང་གསུམ་མོ། །དང་པོ་ནི། གྲུབ་པའི་དབང་མོ་མ་གཅིག་ཞྭ་མ་དང་། དེས་ཉང་སྒོམ་ཆེན་མོ། དེས་བླ་མ་སྨོན་མཁར་བ། དེས་གཉོས་ཆོས་ཀྱི་གཟི་བརྗིད། དེས་བླ་མ་ཀོ་བྲག་པ་སོགས་ལས་བརྒྱུད་དེ་དར་རྒྱས་སུ་གྱུར། བླ་མ་ཀོ་བྲག་པའི་ལུགས་ནི། ཀོ་བྲག་པ་བསོད་ནམས་རྒྱལ་མཚན་གྱིས་མཁན་པོ་སྨོན་མཁར་བ་ལ་ཞྭ་མ་མོ་བརྒྱུད་དང་། ཞང་དགོན་པ་བར་ཞྭ་མ་དཀོན་མཆོག་གིས་ཞུས་པ་ལམ་འབྲས་ཞང་ལུགས་སུ་གྲགས་པ་རྣམས་ཞུས་ནས་བསྒོམས་པས་དྲོད་རྟགས་སྐྱེས། ལྷག་པར་གེགས་སེལ་ལ་མཁས་པར་བྱུང་། དེ་ལ་ལྷ་ལུང་པ་མཁའ་འགྲོ། རྒྱ་གར་ཡེ་ཤེས། གཉོས་རྡོ་རྗེ་སེང་གེ་གསུམ་གྱིས་ཞུས་ནས་འཕེལ། གཉིས་པ་ཞྭ་མ་ཕོ་ལུགས་སུ་གྲགས་པ་ལ། ལམ་འབྲས་སྤང་རྗེ་ལུགས་ནི། སེ་སྟོན་ལ་ཞྭ་མའི་མིང་པོ་རྗེ་ཁུང་བུ་ཞྭ་མ་ཆོས་ཀྱི་རྒྱལ་པོ། དེས་སེ་སྒོམ་བྲག་སྐྱབས་དང་། ཞྭ་མ་ཙིནྡྲཱི་གཉིས། དེ་གཉིས་ཀ་ལ་སྤང་རྗེ་ཉི་མ་གྲགས་དང་རྗེ་མར་ཇོ་བ་གཉིས་ཀྱིས་ཞུས་སོ། །སྔ་མར་ཟངས་ཕུག་པ་སོགས་ཀྱིས་ཞུས་ནས་དར། ལམ་འབྲས་མང་ལམ་ལུགས་ནི། ཞྭ་མ་ཙིནྡྲཱི་ལས། མང་ལམ་ཇོ་སྟན་སེང་གེ་བཟང་བོའམ། བྱང་ཆུབ་བཟང་པོའམ། རྣལ་འབྱོར་པ་ཀྱཻ་ཡི་རྡོ་རྗེར་གྲགས་པའི་བཤེས་གཉེན་དེས་ཞུས་ཤིང་བསྒོམས་པས་གྲུབ་པ་བརྙེས་ནས་ཡིག་ཆ་ཡང་མང་དུ་མཛད་དོ། །གསུམ་པ་བསྲེས་པའི་ལུགས་ལ། ལམ་འབྲས་བཀའ་རྒྱ་མའམ་ཆ་གན་ལུགས་ནི། ས་པཎ་གྱི་སློབ་མ་ཀུན་མཁྱེན་པུ་ཧྲང་པ་སངས་རྒྱས་གྲགས་ལས་ས་ལུགས་དང་། མ་གཅིག་ཞྭ་མ་ནས། ཞང་རས། མང་ལམ། ཞིག་པོ། ཉང་རས། མ་གཅིག་གི་དེ་ལས་ཞྭ་མ་ལུགས་གཉིས་ཀ་བླ་མ་ཆ་གན་པ་དབང་ཕྱུག་རྒྱལ་མཚན་གྱིས་ཞུས་ཤིང་བསྒོམས་པས་ཉམས་རྟོགས་འཁྲུངས་ནས་ཡིག་ཆ་རྒྱ་ཆེར་མཛད། དེ་ལ་མཉམ་མེད་གྲགས་པ་རྒྱལ་མཚན་སོགས་ཀྱིས་ཞུས་ནས་དར་རོ། །ཇོ་ནང་ལུགས་ནི། ཀུན་སྤངས་ཀུན་ཏུ་བཟང་པོ་དཔལ་མི་བསྐྱོད་རྡོ་རྗེར་གྲགས་པས་ཁ་ཆར་བ་རིན་ཆེན་འོད་ལ་ཞྭ་ལུགས་ཕོ་རྒྱུད་མོ་རྒྱུད་གཉིས་ཀ་གསན་ནས་ཉམས་བཞེས་གནང་། སེ་སྟོན་གྱིས་རྣམ་འཕྲུལ་མཐོང་བ་ལ་བསྟེན། ཞྭ་ལུགས། འབྲོམ་ལུགས། ས་ལུགས་གསུམ་བསྲེས་ནས་རྡོ་རྗེའི་ཚིག་རྐང་རྩ་འགྲེལ་མཛད། དེ་ལ་བྲག་ཁ་གྲགས་པ་སེང་གེ་སོགས་ཀྱིས་ཞུས་ཏེ་དར། དབང་རྒྱལ་ལུགས་ནི། ཇོ་ནང་ཀུན་སྤངས་ཆེན་པོའི་སློབ་མ་ལ་སྟོད་གཉོས་དབང་རྒྱལ་དུ་གྲགས་པ་དེས་ཞྭ་ལུགས་ཀྱི་ལམ་འབྲས་གསན་ནས་སྦྱོར་དྲུག་བསྲེས་ནས་ལམ་འབྲས་སྔ་མ་སུ་དང་ཡང་མི་མཐུན་པའི་རྟོག་བཟོ་ཆེན་པོ་བྱས་སོ། །ལམ་འབྲས་ལྕེ་སྒོམ་ལུགས་ནི། ས་ཆེན་གྱི་སློབ་མ་དཔལ་ཏལ་ཕུག་པ་དང་། ཡང་ས་ཆེན་ཉིང་སློབ་སློབ་དཔོན་ཇོ་བོ་ལ་ལྕེ་སྒོམ་རིན་པོ་ཆེས་ཞུས། བསྒོམས་པས་ཉམས་མྱོང་བསམ་གྱིས་མི་ཁྱབ་པ་ཤར། ལམ་འབྲིང་པོའི་ཡིག་ཆ་ཞིག་མཛད་པ་ཡང་ཕལ་ཆེར་ས་ལུགས་དང་མཐུན། དེས་སྤྲུལ་སྐུ་བརྩོན་འགྲུས་ལ་གནང་ནས་ཅུང་ཟད་འཕེལ། ལམ་འབྲས་ཕག་གྲུ་ལུགས་ནི། ཕག་མོ་གྲུ་པས་ས་ཆེན་ལོ་༡༢བསྟེན། མན་ངག་ཐོབ་པས་གཞུང་བཤད་དཔེ་མཛོད་མ་ཞེས་གྲགས་པ་མཛད་དོ། །གྱི་ཇོ་ལུགས༡། འབྲོམ་ལུགས༢། ཞང་སྟོན་ལུགས༣། ཞམ་ལུགས་༤ཀོ་བྲག་ལུགས༥། སྤང་རྗེ་ལུགས༦། མང་ལམ་ལུགས༧། ཆ་གན་ལུགས༨། ཇོ་ནང་ལུགས༩། དབང་རྒྱལ་ལུགས༡༠། ལྕེ་སྒོམ་ལུགས༡༡། ས་ལུགས༡༢། །མཁར་ཆུ་ལུགས༡༣། གཉོས་ལུགས༡༤། །ཉང་ལུགས༡༥། འགོས་ལོས་འགྱུར་བའི་རྡོ་རྗེའི་ཚིག་རྐང་དང་དབང་གི་རབ་དབྱེ་འདུག་པས་འགོས་ལུགས༡༦། ཕྱི་མ་ཕེབས་པའི་ཚེ་གཉོས་ལོ་ཙཱ་བ་ཡོན་ཏན་གྲགས་པ་ལ་ཡང་གསུངས་པར་ངེས་པས་གཉོས་ལུགས༡༧། གཞན་ཡང་གྲགས་པ་དང་། ས་པཎ་གཉིས་ཀའི་སློབ་མ་ནགས་ཕུག་༡༨པ་འཇམ་དབྱངས་ཤེས་རབ་འོད་ཟེར་ལས་འཕེལ་བ་དང་། གྲགས་པཎ་གཉིས་ཀའི་སློབ་མ་ཤར་བ་ཤེར་འབྱུང་གིས་གཞུང་བཤད་ཆེན་མོ་མཛད༡༩། ཡང་ཆོས་རྗེའི་སློབ་མ་ཚོགས་སྒོམ་པ་ཀུན་དགའ་དཔལ་ལས་གཉགས་སྙིང་པོ་རྒྱལ་མཚན། དེ་ལས་བར་སྟོན་དང་། རྒྱ་རྒན་ཐུགས་རྗེ་བསོད་ནམས་༢༠གཉིས་ཀྱིས་ཞུས་ཤིང་གཉིས་ཀས་ཡིག་ཆ་མཛད། ཡང་ཆོས་རྗེའི་སློབ་མ་དམར་སྟོན་ཆོས་ཀྱི་རྒྱལ་པོས་ལམ་འབྲས་གཞུང་བཤད་དམར་མ་སོགས་མཛད་པ་མཐའ་ཡས་སོ། །ཕྱིས་སུ་ངོར་རྫོང་ཚར་གསུམ་ལས་རྒྱ་ཆེར་འཕེལ་བ་ལགས། ། ༈ གསང་འདུས་ཀླུ་སྒྲུབ་ལུགས་ལ། འགོས་ཀྱིས་པཎ་གྲུབ་མང་པོ་ལས་གསན། དེ་ལ་སློབ་མ་ཀ་བ་ཚུགས་པ་བཞི། གདུང་ཐེག་པ་བརྒྱད་སོགས་ལས་ཚོགས་ཕྲིན་ལས་ལ་མཁས་པ་ཕྱམ་དང་དྲལ་མ་གཤིབས་པ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ལས་དམར་སྟོན་སེང་རྒྱལ་དང་རྔོག་ཡེ་ཤེས་སེང་གེ་སོགས་ལ་བརྒྱུད་པས་རྔོག་ལུགས་ཞེས་གྲགས། མར་པ་ལོ་ཙཱས་ནཱ་རོ་པ་དང་། ནུབ་ཀུ་རུ་ཀྵེ་ཏྲར་ཡེ་ཤེས་སྙིང་པོ་ལ་གསན་པའི་སྔ་མར་གྲུབ་ཐོབ་ཀུ་སཱ་ལི་དང་། ཕྱི་མར་མཁས་པ་པཎྜི་ཏའི་བརྒྱུད་པར་འདོད། ཇོ་བོས་རོང་པ་འགར་དགེ་ལ་གནང་བ་ཇོ་ལུགས་སམ་རོང་ལུགས། ནི་སྐ་ལངྐ་དེ་བ་ལ་ཆག་ལོ་ཙཱ་བས་ཞུས་པ་ཆག་ལུགས། ཡང་རེ་བེནྡྲ་པ་ལ་ཡང་ཞུས། ཤཱཀ྄་ཤྲཱི་ལས་ས་པཎ་གྱིས་ཞུས་པ་ས་ལུགས། དེ་ལ་དཔྱལ་ལོ་ཙཱ་བ་ཆོས་ཀྱི་བཟང་པོས་ཞུས་པ་དཔྱལ་ལུགས་ཏེ། སྔ་མ་ལྔ་དབང་བཤད་གཉིས་ཀ་དང་། ཕྱི་མ་དབང་རྒྱུད་དོ། །ཡེ་ཤེས་ཞབས་ལུགས་ནི། པདྨཱ་ཀ་ར་ལས་ལོ་ཆེན་རིན་བཟང་གིས་གསན་པ་དང་། བ་ལིཾ་ཨཱ་ཙཪྻ་ལས་གཉོས་ལོ་ཙཱ་བ་རྡོ་རྗེ་བླ་མས་གསན་པ་གཉོས་ལུགས་དང་། པུཎྱེ་ཤྲཱི་ལས་རྭ་རྡོར་གྲགས་ཀྱིས་གསན་པ་རྭ་ལུགས་སོ། །བདེ་མཆོག་ལཱུ་ཧི་པ། ཕམ་མཐིང་པ་སྐུ་མཆེད་ནས་ཀློག་སྐྱ་ཤེས་རབ་བརྩེགས། དེས་མལ་ལོ། ས་ཆེན་སོགས་བརྒྱུད་པ་ས་ལུགས། བལ་པོ་བྷ་དནྟ་པ་ལས་མར་པ་དངོས་ལ་བརྒྱུད་པ་མར་ལུགས། ཇོ་བོ་ཤཱནྟི་པ་ནས་རོང་པ་འགར་དགེར་བརྒྱུད་པ་རོང་ལུགས་སམ་ཇོ་ལུགས། ཤཱཀ་ཤྲཱི་ནས། བི་བྷཱུ་ཏི་ཙནྡྲ་ནས་བརྒྱུད་པར་པཎ་ཆེན་ལུགས། ཀ་ཎ་ཤྲཱི། ཕམ་མཐིང་པ། བྷ་དནྟ་གསུམ་ཀར་པུ་ཧྲང་ལོ་ཆུང་གྲགས་མཆོག་གིས་གསན་པར་དབང་བཤད་གཉིས་ཀ་ཡོད། གཞན་ཡང་པུ་ཧྲང་པའི་བརྒྱུད་འཛིན་ལས་གྱེས་པ་དམར་ལུགས་དང་། པཎ་ཆེན་ཀྵི་ཏི་གརྦྷ་ནས་དཔྱལ་ཆོས་བཟང་ལ་བརྒྱུད་པ་དཔྱལ་ལུགས་ཏེ། བཤད་པ་ལ་མལ་གྱོ་དང་། པུ་ཧྲང་ལུགས་གཙོ་ཆེ། ཡང་སྦལ་ཡང་སྣང་ལུགས་ནི། ཇོ་བོ་རྗེ་ལ་ལོ་ཆེན་དང་། ནག་ཚོས་གསན་པའི་རྒྱུན་ལས་སྒོམ་པ་མང་སྒོམ་ལ་སྦལ་ཡང་སྣང་གིས་གསན་ནོ། །ནག་པོ་པའི་དབང་རྒྱུད་ནི་མལ་གྱོ་ལས་བརྒྱུད། དྲིལ་བུ་པ་ཀློག་སྐྱ་ནས་མལ་གྱོ་དང་། ཁ་ཆེ་པཎ་ཆེན་ནས། སྤྱི་བོ་ལྷས་པ་སེང་གེ་དཔལ་ལ་བརྒྱུད་པ་ས་ལུགས་དང་། ཁ་ཆེ་ལུགས་གཉིས་དང་། དྲིལ་བུ་པའི་ལྷ་བཅུ་གསུམ་མ་ནི། སུ་མ་ཏི་ཀཱི་རྟི་ནས་མར་པ་དོ་པ་ལ་བརྒྱུད་པའོ། །ལོ་པའི་མངོན་རྟོགས་རྩ་འགྲེལ། ཕྱི་རོལ་མཆོད་པ། ལག་མཆོད། གཏོར་ཆོག་ལྔ་ལ་ལཱུ་ཧི་པའི་སྨད་ལྔར་གྲགས། དང་པོ་རང་ཉིད་དང་། ཕྱི་མ་༤པྲཛྙ་རཀྵི་ཏས་མཛད། སྒྲུབ་དཀྱིལ་སྦྱིན་སྲེག་སྟེ་བསྐྱེད་རིམ་དང་། དཔྱིད་ཐིག །གསང་བའི་དེ་ཉིད་གསལ་བ། ཨོ་ལ་པ་ཏི་སྟེ་རྫོགས་རིམ་སྟོན་པའི་ནག་པོ་གཞུང་དྲུག །སྒྲུབ་ཐབས། དབང་གི་བྱ་བའི་རིམ་པ། རིམ་ལྔ་སྟེ་དྲིལ་བུ་སྐོར་གསུམ་ཞེས་གྲགས། མངོན་པ་ཀུན་བཏུས་བཤད་པ་སྔ་འགྱུར་གྱི་སྐབས་དཱ་ན། ཛི་ན་གཉིས་ལ་ཅོག་ཞང་། སྐབས་གསན་ནས་རིམ་པར་བརྒྱུད་པ་ལ། ཕྱིས་ལི་སྟོན་ཆོས་གྲགས་ལ་བྲང་ཏི་དར་མ་སྙིང་པོས་གསན་ནས་འཆད་ཉན་རྩལ་དུ་བཏོན། རྣལ་འབྱོར་རྒྱུད་འཇམ་དཔལ་གསང་ལྡན། འཇམ་དབྱངས་ནས་འཇམ་བཤེས། དེས་སྒེག་པའི་རྡོ་རྗེ་ནས་རིམ་པར་བོད་དུ་སྨྲྀ་ཏིས་ཤཱནྟིང་གརྦྷ་ལས་དར་བར་མཛད། ཆད་སྡེ་ངག་གི་དབང་ཕྱུག །ཁམ་པ་ཤེས་རབ་རྡོ་རྗེ། ཡང་ན་ཤཱིནྟཾ་གརྦྷ་ནས། ཉི་མའི་དངོས་གྲུབ། སྐྱི་བྱེ་མ་ལུང་པ། དེ་གཉིས་ཀ་ལས། ཤེར་རྡོར་གྱིས་གསན། དེ་ལ་རྔོག་ཆོས་སྐུ་རྡོ་རྗེ་ནས་རྔོག་པའི་ཕྱོགས་ལ་བཀའ་བབས་པར་བཤད་སྣང་ངོ་། ། ༈ བསྟན་བཅོས་ཉེར་སྦས་སོགས་ཀྱིས་བྱེ་བྲག་བཤད་པའི་ནང་ཚན་འདུལ་བ་བྱེ་བྲག་བཤད་པ། དྲི་མེད་བཤེས་གཉེན་དང་ཁྱད་པར་བཤེས་གཉེན་སོགས་ཀྱིས་སོ་ཐར་གྱི་མདོ་བཀྲལ། དགེ་ལེགས་བཤེས་གཉེན་གྱིས་ལུང་མ་མོ་དང་། དུལ་ལྷས་རྣམ་འབྱེད། དགེ་བའི་བཤེས་གཉེན་གྱིས་ལུང་ཞུ་བ། ཚུལ་ཁྲིམས་བཤེས་གཉེན་གྱིས་ཕྲན་ཚེགས། ཕྱིས་དབྱིག་གཉེན་སློབ་མ་འདུལ་བ་རང་ལས་མཁས་པ་ཡོན་ཏན་འོད་ཀྱིས་མདོ་རྩ་དང་། རང་འགྲེལ། ཆོས་བཤེས་ཀྱིས་རྒྱ་ཆེར་འགྲེལ་སོགས་མཛད། བོད་དུ་བཤད་རྒྱུན་ནི་བསྟན་པའི་གཏད་རབས་བདུན་གྱི་རྗེས། ཕྱིར་མི་འོང་བློས་མི་འབེབས། ཡོན་ཏན་འོད། ཤཱཀྱ་འོད་ཆོས་བཤེས་གཉིས། དེས་སེང་གེའི་གདོང་ཅན། དེས་དཱ་ན་ཛི་ན་གཉིས་ལ་སྐ་ཅོག་ཞང་གསུམ་གྱིས་གསན་ནས་དར། སྡོམ་རྒྱུན་ནི་འཕགས་པ་ཤཱ་རིའི་བུ་ནས་བརྒྱུད་བོ་དྷི་སཏྭ་ལས་བོད་དུ་དར་ཞིང་། བཤད་རྒྱུན་སྟོད་འདུལ་སྨད་འདུལ་གཉིས་ཀ་གཟུས་ནས་ཆུ་བོ་གཅིག་འདྲེས་སུ་གྱུར་པས་གཟུས་ལ་བུ་བཞིར་གྲགས་པ་སོགས་བྱུང་། ཁ་ཆེ་པཎ་ཆེན་གྱིས་ཀྱང་ས་པཎ་ལ་མདོ་རྩ་དང་། ཁྲོ་ཕུར་མེ་ཏོག་ཕྲེང་རྒྱུད་གསུངས་ནས། དེའི་རྒྱུན་ལས་ཕྱིས་སུ་བུ་སྟོན་རིན་པོ་ཆེ་དང་། ཀུན་མཁྱེན་རོང་སྟོན་སོགས་ལ་ལུགས་གསུམ་ཀ་བཀའ་བབས་པར་གྱུར། ། ༈ མར་པས་ནཱ་རོ་པ་སྟེ་རྩོད་མེད་ཞབས་ལ་གཙོ་བོར་དགྱེས་རྡོར། དེས་ལུང་བསྟན་ཏེ་ནུབ་ཀུ་རུ་ཀྵེ་ཏྲར་ཡེ་ཤེས་སྙིང་པོར་གསང་འདུས། ཀུ་ཀུ་རི་པ་ལ་མ་ཧཱ་མཱ་ཡ། མཻ་ཏྲི་པ་ལ་ཕྱག་ཆེན། རུས་པའི་རྒྱན་ཅན་མ་ལ་གདན་བཞི་སོགས་གསན། ཕྱིས་རྔོག་སྟོན་ཆོས་སྐུ་རྡོ་རྗེས་དེ་རྣམས་གསན། དེ་ཡང་དགྱེས་རྡོར་ལྷ་དགུ། བདག་མེད་ལྷ་མོ་བཅོ་ལྔ། གདན་བཞི་ཡབ་བཀའ་ལྷ་མང་། ཡུམ་བཀའ་ཡེ་ཤེས་དབང་ཕྱུག །མ་ཧཱ་མཱ་ཡཱ་ལྷ་ལྔ། གུར་རིགས་བསྡུས་མཁའ་འགྲོ་ལྔ་སྟེ་མར་པ་ལས་བྱུང་བ་དྲུག་དང་། གནམ་བྱེ་མ་ལུང་པ་དང་ཁམ་པ་ཤེར་རྡོར་ལས་མཚན་བརྗོད་རྣལ་འབྱོར་རྒྱུད་ལྟར་བཀྲལ་བའི་བཤད་པ་དང་། འཇམ་དཔལ་གསང་ལྡན་གྱི་སྐོར་གསན་ཏེ་རྔོག་དཀྱིལ་བདུན་དུ་གྲགས་སོ། ། ༈ ངོར་ལུགས་དཀྱིལ་འཁོར༧། ཀྱཻ་གུར་སཾ་གསུམ། ལུ་ནག །གསང་འཇམ་རྣམས་སོ། །དགེ་ལྡན་པས་གསང་བདེ་འཇིགས་གསུམ་རྩལ་བཏོན་བྱས། ཀར་ཕྱོགས་ཁ་ཅིག་བདེ་ཀྱཻ་དུས་གསུམ་ལ་ནན་ཏན་མཛད། ནག་རྒྱལ་ཕག་གསུམ་ཞེས་པའང་སྣང་སྟེ་ཀཾ་ཚང་ལུགས་སོ། །བདེ་མཆོག་མཁའ་འགྲོ་རྒྱ་མཚོ་དང་། རྡོ་རྗེ་མཁའ་འགྲོ་དང་། སྡོམ་འབྱུང་དང་། བོང་ཞལ་ཅན་དང་། སྟོད་འགྲེལ་ལུགས་སོགས་མང་ངོ་། །རྙིང་ལུགས་བཀའ་མ། མདོ་སྒྱུ་སེམས་གསུམ། ལོ་དྲིལ་ནག་གསུམ། གཏེར་མ་བླ་རྫོགས་ཞི་དྲག་གཉིས་ཐུགས་གསུམ། ཞི་དྲག་གཉིས། བཀའ་རྣམ་གསུམ་དགོངས་སྔ་ཕྱི་བར་གསུམ་ཕུར་གསུམ་བཀའ་གཏེར་གཉིས་རྣམས་དར་སོ་ཆེ། བཀའ་འདུས། དགོངས་འདུས། རིག་འཛིན་ཡོངས་འདུས་སམ་གྲོལ་ཐིག་གསུམ་ལ་དགོངས་འདུས་སྔ་ཕྱི་བར་གསུམ། བདེར་འདུས། གསང་རྫོགས། རང་ཤར་གསུམ་ལ་བཀའ་བརྒྱད་རྣམ་གསུམ། ཕུར་པ་ཇོ་ལུགས། འཁོན་ལུགས། ངོར་ལུགས་སོགས་བཀའ་མ་དང་། ཆོས་དབང་། སངས་གླིང་། རཏྣ་གླིང་པ་སོགས་གཏེར་མ་སྔ་ཕྱི་མང་། ། ༈ དུས་འཁོར་རྒྱུད་འདི་བོད་དུ་གྱི་དུས་ཞབས་པ་ཤྲཱི་བྷ་དྲ་དང་། ཞང་རྒྱ་གར་བརྩེགས། ཇོ་ཟླ་འོད་ཀྱིས་འགྱུར། དེ་ནས་བཟུང་མར་འོད་བྱང་ཆུབ་ཤེས་རབ། རྨ་དགེ་བའི་བློ་གྲོས། བློ་གྲོས་སྙིང་པོ། བསོད་ནམས་ཡེ་ཤེས། འབྲོམ། འགོས། གཉན་དར་གྲགས། ལྡི་རི་ཆོས་གྲགས། རོང་གླིང་ལོ་ཙཱ། སྟེང་པ། རྭ་ཆོས་རབ། ཆག །ཤོང་ལོ། དབང་ལོ་རྣམ་གཉིས་འགྱུར་སོགས་ཉི་ཤུ་རྩ་ལྔ་ཙམ་བྱུང་། མན་ངག་གི་བཀའ་ནི། དུས་འཁོར་ཞབས་ཆུང་བ་ལས་ཁ་ཆེ་ཟླ་མགོན་གྱིས་གསན། དེ་ཉིད་པད་དཀར་གྱིས་ལུང་བསྟན་ནས་བོད་དུ་བྱོན། དེས་སྒོམ་པ་དཀོན་མཆོག་སྲུངས། དེས་སྒྲོ་སྟོན་གྲུབ་ཆེན་ཡུ་མོ་བ། མཁས་པ་ཀྲེ་བོ་མགོན་པོ། ལྡུམ་ར་སྒང་པ། སྙེ་མདོ་ཐམས་ཅད་མཁྱེན་པ། སྙེ་མདོ་བསོད་ནམས་དཔལ་དང་། ཀུན་དགའ་དོན་གྲུབ། དེས་རང་བྱུང་པ་སྟེ་ཀར་ལུགས། ཡང་ཡུ་མོ་ནས། གྲུབ་ཐོབ་སེ་མོ་ཆེ། འཇམ་གསར། ཀུན་མཁྱེན་ཆོས་སྐུ་འོད་ཟེར། འཕགས་བོད། བུ་རིན་པོ་ཆེ་སྟེ་བུ་ལུགས། ཀུན་མཁྱེན་ཆོས་འོད་ནས། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་བ་ཡེ་ཤེས། ཡོན་ཏན་རྒྱ་མཚོ། ཀུན་མཁྱེན་དོལ་བུ་པ་སྟེ་ཇོ་ནང་ལུགས་སམ། བཤད་པ་འབྲོམ་འགྱུར་ལ་མཛད་པས་འབྲོམ་ལུགས། གྱི་ཇོ་ཟླ་བའི་འོད་ཟེར་གྱི་གསུང་ཁྲམ་པདྨ་འོད་ཟེར་གྱིས་བྲིས་པ་གྱི་ཇོ་ལུགས། ཙཱ་མི་ལོ་ཙཱ་ནས། རྒྭ་ལོ། ཞང་རིན་པོ་ཆེ་སོགས་ཚལ་ལུགས། ཙ་མི། རྒྭ་ལོ། ས་ཆེན་སོགས་ས་ལུགས། སེ་ལོ་ཙཱ། གཉོས་འོད་མ། བཀྲ་ཤིས་རིན་ཆེན། དེ་གཉིས་ལ་དུས་འཁོར་བ་སངས་རྒྱས་རྡོ་རྗེ། དེས་ཨོ་རྒྱན་པ། དེ་ལ་ལྷ་ཆེན་ཚུལ་ཁྲིམས་རྡོ་རྗེ། དེ་ལ་རྗེ་རང་བྱུང་པས་གསན་པ་སོགས་ཙ་མི་ལུགས། ཤེའུ་ལོ་ཙཱ། རྒྱ་ཐམས་ཅད་མཁྱེན་པ། སྙེ་མདོ་བ་ཡབ་སྲས་ཏེ་སྙེ་མདོ་ལུགས། ས་མནྟ་ཤྲཱི། རྭ་ཆོས་རབ། དྲེ་བོ་མགོན་པོ་སོགས་དང་། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་ཇོ་ནང་བཏབ། བྱང་སེམས་རྒྱལ་ཡེ་སོགས་ཀུན་སྤངས་བུ་བཞིར་གྲགས་པ་བྱུང་བ་དང་། ཕྱིས་དོལ་བུ་པ་ལ་སློབ་མ་ཀུན་སྤངས་ཆོས་གྲགས། ཕྱོགས་རྒྱལ་བ། ཉ་དབོན་པ། མ་ཏི་རྣམ་གཉིས་སོགས་བྱོན་ནས་སློབ་མ་མཁས་ཤིང་སྦྱོར་བ་ཡན་ལག་དྲུག་གི་རྣལ་འབྱོར་ལྷུར་ལེན་པ་མང་པོས་དབུས་གཙང་ཁམས་གསུམ་གྱི་རི་སུལ་ཐམས་ཅད་བཀང་། དེ་ནས་བརྒྱུད་དེ་བུ་ལ་བཀའ་བབས་པ་རྭ་ལུགས། རཏྣ་རཀྵི་ཏ་དང་། རི་བེནྡྲ་སོགས་ལ་ཆག་ལོ། དེས་གོ་ལུང་པ་མདོ་སྡེ་དཔལ། ཨོ་རྒྱན་པ་སོགས་ཆག་ལུགས། པཎ་ཆེན་ཤཱཀྱ་ཤྲཱི། དཔྱལ་ལོ་སོགས་པཎ་ཆེན་ལུགས་སམ་དཔྱལ་ལོ་ལུགས། ཤ་བ་རིས་བི་བྷཱུ་ཏི་ཙནྡྲ་དང་། ཕྱིས་ནགས་རིན་ལ་གསུངས་པ་སོགས་མཐའ་ཡས་སོ། །གསང་འདུས་མར་འགོས་གཉོས་གསུམ། འཇིགས་བྱེད་རྭ་སྐྱོ་ཞང་གསུམ། བདེ་མཆོག་མར་དོ་མལ་ཇོ་ལོ་ཆུང་གསུམ། ཀྱེ་རྡོར་མར་འབྲོག་འགོས་གསུམ། དུས་འཁོར་རྭ་འབྲོམ་ཙ་གསུམ་ལས་བྱུང་ཞེས་བཤད་པའང་ཡོད། ། ༈ མངོན་རྟོགས་རྒྱན་ལ་སློབ་དཔོན་ཐོགས་མེད༡། དབྱིག་གཉེན༢། འཕགས་པ་རྣམ་གྲོལ་སྡེ༣། བཙུན་པ་གྲོལ་༤སྡེ་བཞིས་རང་རང་གི་བློ་གྲོས་དང་འཚམས་པའི་འགྲེལ་པ་རེ་བྱས། དེ་རྗེས་སློབ་དཔོན་སེང་གེ་བཟང་པོས་༥རྒྱ་ཆེར་བཀྲལ། དེ་ཉིད་ཆོས་བཤེས། ཤེར་འབྱུང་བློ་གྲོས། གསེར་གླིང་པ་རྣམས་ཀྱིས་བསྐྱངས། དེ་ལ་ཟུར་ཟ་བར་བཞེད་ནས་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་རིན་འབྱུང་ཞི་བས་༦འགྲེལ་པ་སོགས་རྒྱ་ཆེར་མཛད། ཐོགས་མེད་ཀྱི་མན་ངག་གི་རྒྱུན་ལ་བརྟེན་ཀྱང་། དཾཥྟྭཾ་སེ་ནཱ་དང་། དི་གིརྷ་སྟིས་སྒོ་གསུམ་རྣམ་གྲངས་བཅུ་གཅིག་དང་། གཙོ་བོའི་དོན་གྱིས་༣༢བཀྲལ་ཚུལ་གཞན་མཛད་དོ། ། ༈ བཀའ་གདམས་པ་ནི། ཇོ་བོའི་སློབ་མ་ཁུ་རྔོག་འབྲོམ་གསུམ། འབྲོམ་སྟོན་གྱི་སློབ་མ་རིགས་གསུམ་རྣམ་འཕྲུལ། པུ་ཏོ་བ་རིན་ཆེན་གསལ། སྤྱན་སྔ་ཚུལ་ཁྲིམས་འབར། ཕུ་ཆང་བ་གཞོན་ནུ་རྒྱལ་མཚན་གསུམ། དང་པོ་ནི། གཞུང་པར་གྲགས་ཤིང་སློབ་མ་ཤར་བ་ཡོན་ཏན་གྲགས་དང་། གླང་ཐང་པ་གཉིས། རྡོ་རྗེ་སེང་གེ། རོག་དམར་ཞུང་བ། དོལ་པ་ཤེས་རབ་རྒྱ་མཚོ། འབན་སྒོམ་གུང་རྒྱལ་ཚུལ་ཁྲིམས་རྒྱལ་བ་སོགས་མང་དུ་བྱོན། བར་པ་ལ་གདམས་ངག་པ་དང་། ཕྱི་མ་ལ་མན་ངག་པ་ཞེས་གྲགས་པ་དང། ཡང་ཇོ་བོའི་སློབ་མ་གུང་ཐང་པ་ནག་ཚོ་ལོ་ཙཱ་སོགས་དངོས་སློབ་བརྒྱད་དང་། ཉིང་སློབ་གཉིས་ཏེ་བཅུ་བསྟེན་པ་རོང་པ་ཕྱག་སོར་བ་སྟེ། འདི་ལག་སོར་དགོན་པར་བཞུགས། བརྒྱུད་པ་དང་བཅས་པ་ལ་བཀའ་གདམས་འོག་མའམ་ནག་ཚོའི་བཀའ་བརྒྱུད་ཅེས་གྲགས། འདི་ལ་རོང་པའི་བུ་བཞིར་གྲགས་པ་སོགས་བྱུང་། དེ་ལྟར་ན་བཀའ་གདམས་གཞུང་པ། མན་ངག་པ། གདམས་ངག་པ། ནག་ཚོའི་བཀའ་བརྒྱུད་དེ་བཞི་ནི་རྩ་བ་ལྟ་བུ་ཡིན་ནོ། ། ༈ བཀའ་བརྒྱུད་པ་ནི། དྭགས་པོ་ལྷ་རྗེའི་སློབ་མ་ཁམས་པ་མི་གསུམ་གྱི་ནང་ཚན་ཁམས་པ་དབུ་སེ་ལས་ཀརྨ་ཀཾ་ཚང་གི་བརྒྱུད་པ་དང་། ཕག་གྲུ་ལས་ཕག་གྲུ་བཀའ་བརྒྱུད་དང་། དྭགས་པོ་སྒོམ་ཚུལ་གྱི་སློབ་མ་ཞང་ལས་ཚལ་པ་བཀའ་བརྒྱུད་དང་། ཕག་གྲུའི་སློབ་མ་གླིང་རས་ལས་འབྲུག་པ་དང་། ཀྱུ་ར་རིན་ཆེན་དཔལ་དང། ཉེ་གནས་བཀྲ་ཤིས་དཔལ་གཉིས་ལས་འབྲི་སྟག་བཀའ་བརྒྱུད་དང་། རྒྱལ་ཚབ་རིན་ཆེན་མགོན་པོ་དང་། དེའི་དབོན་པོ་ཀུན་ལྡན་གཙང་པ་རས་ཆུང་གཉིས་ཀྱི་ཕྱི་མའི་དབོན་རྒྱུད་ཁྲོ་ཕུ་ལོ་ཙཱ་བ་གནུབས་བྱམས་པའི་དཔལ་སོགས་ཁྲོ་ཕུ་བཀའ་བརྒྱུད་སྐོར་བྱོན། ། ༈ ཤར་ཆེན་ཡེ་ཤེས་རྒྱལ་མཚན་གྱི་སློབ་མ་ས་བཟང་པ་ཀུན་དགའ་བཟང་པོ་ནི། བོད་ཆོས་རྒྱལ་སྐུ་ཞང་གི་རིགས་ཅོག་རོའི་གདུང་ལས་འཁྲུངས། གསན་བསམ་རྒྱ་མཚོའི་ཕ་རོལ་སོན། ༤༥པར་གཤེགས། ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་སློབ་མ་བླ་བྲང་རྫོང་ཆུང་གི་རྗེས་འབྲང་ཀུན་དགའ་རྒྱལ་མཚན་ནི། ཞང་ཡེ་ཤེས་སྡེའི་རིགས་ལས་ཆུ་བྱི་ལོར་འཁྲུངས། སློབ་མ་དཔལ་ལྡན་ཆོས་སྐྱོང་། གཞོན་ནུ་རྒྱལ་མཆོག་སོགས་སོ། །གཡག་ཕྲུག་པ་ནི། རྩེ་ཐང་གི་ཆེན་པོ་བྱང་ཆུབ་རིན་ཆེན་པའི་སྲས་སུ་འཁྲུངས། ས་སྐྱ་རྩེ་ཐང་སོགས་སུ་མཚན་ཉིད་དང་། གོན་འགྱོ་ཡེ་ཤེས་དཔལ་ལས་གསུང་ངག་སོགས་གསན། རྗེས་འབྲངས་གོང་དཀར་དང་མུས་སྲད་པ་སོགས་སོ། །བུ་དོལ་གྱི་སློབ་མ་ཉ་བརྩོན་གཉིས་ཞེས་གྲགས་པའི་མཁས་པའི་དབང་ཕྱུག་བརྩོན་འགྲུས་དཔལ་ལ་གཙོ་བོར་བསྟེན། སློབ་མའི་གཙོ་བོ་རོང་སྟོན་དང་། གཞོན་ནུ་རྒྱལ་མཆོག་སོགས་བྱུང་། རེད་མདའ་བ་ནི་ས་སྐྱ་དང་ཉེ་བར་འགར་གྱི་རིགས་ལས་འཁྲུངས། མ་ཏི་པཎ་ཆེན་སོགས་གཙོ་བོར་བསྟེན། དབུ་མ་ཐལ་འགྱུར་བའི་སྲོལ་ལྷག་པར་བཏོད། སློབ་མའང་གཞུང་ལུགས་རབ་འབྱམས་སྨྲ་བའི་བཤེས་གཉེན་བདུན་སོགས་བྱུང་། ནཱ་ལེནྡྲ་རོང་རྔོག་ཕྱ་སྟོན་གྱི་སློབ་མ་བྱམས་ཆེན་སངས་རྒྱས་སྐྱེད་ཚལ། འཕེལ་དང་། གསེར་མདོག་ཤཱཀྱ་མཆོག་ལྡན། སངས་རྒྱས་འཕེལ་གྱི་སློབ་མ་གོར་མ་རྟ་ནག་པ་རྣམས་ཀྱིས་ཆོས་གྲྭ་སོ་སོར་བཏབ་ཅིང་མཚན་ཉིད་ལ་ཕན་པར་བྱུང་། ༈ ལམ་འབྲས་ལུགས་སྲོལ་བཅོ་བརྒྱད་ནི། བླ་ཆེན་འབྲོག་མི་དང་གྱི་ཇོ་ལས་༡བརྒྱུད་པ་གཉིས། སྔ་མ་ལས་འབྲོག་མའི་སྲས་ཨིནྡྲ་དང་རྡོ་རྗེ་ལས་བརྒྱུད་པའི་ལམ་འབྲས༢། ཐུགས་ཀྱི་སྲས་འབྲོམ་དེ་བའི་ལམ་འབྲས༣། སེ་མཁར་ཆུང་བ་ནས་འཕེལ་བ་རབ་འབྲིང་ཐ་གསུམ་དུ་ཡོད་པའི། འབྲིང་དུ་ཐོབ་པ་ཞྭ་མ་ནས་འཕེལ་བ་ལས། ཕོ་རྒྱུད་མོ་རྒྱུད་བསྲེས་བརྒྱུད་དང་གསུམ། ཕོ་རྒྱུད་ལའང་། རྗེ་ཁུམ་བུ་པ་ཆོས་རྒྱལ་ནས་སེ་སྒོམ་གྲགས་རྒྱལ། རྗེ་མལ་ཇོ་བ་སོགས་ལས་འཕེལ་བའི་སློབ་བརྒྱུད་༤དང་། སྲས་ཞྭ་མ་ཙནྡྲི་ནས་སྤ་ང་རྗེ་ཉི་མ་གྲགས་ལས་འཕེལ་བའི་སྲས་རྒྱུད་དེ་༥གཉིས། མོ་རྒྱུད་ལའང་། ཞྭ་མའི་སློབ་མ་ཉ་༦སྒོམ། སྨོན་དཀར་བ་སྟོན་གཡུང་༧། དབོན་པོ་ཤེར་༥ཚུལ་གསུམ་ལས་འཕེལ་བའི་ལུགས་གསུམ། བསྲེས་རྒྱུད་ལས། ཞྭ་མ་ཕོ་མོ་བསྲེས་པ་དུམ་བུ་ཀོ་བྲག་པའི་ལུགས༩། ཞྭ་མ་ཕོ་མོ་གཉིས་དང་ས་ལུགས་གསུམ་བསྲེས་པ་ཆ་གན་ལུགས༡༠། འབྲོག་མི་ལུགས་དང་གྱི་ཇོ་ལུགས་བསྲེས་པ་ཇོ་ནང་ཀུན་སྤངས་༡༡ལུགས། ལམ་འབྲས་སྦྱོར་དྲུག་རྫོགས་ཆེན་གསུམ་བསྲེས་པ་ལ་སྟོད་དབང་རྒྱལ་གྱི་ལུགས༡༢། རབ་ཏུ་ཐོབ་པ་ཞང་གི་བརྒྱུད་པར། ས་ལུགས་ལ་སྔ་བུ་ཕག་གྲུ་ལུགས་དང་༡༣། ལྕེ་སྒོམ་ལུགས༡༤། ཕྱི་བུ་ལ་ཉེ་བརྒྱུད་དང་༡༥། རིང་བརྒྱུད་༡༦གཉིས། འབྲོག་མིའི་ཇོ་སྲས་གཉིས། ཞང་སྟོན་མཆེད་གཉིས་ཏེ་བཞིའི་གསུང་གཅེས་པ་བསྡུས་པ་མང་ལམ་ཞིག་པོའི་ལུགས༡༧། སེ་སྟོན་ལས་ཐ་མར་ཐོབ་པ་བྱང་ཆུབ་ཡེ་ཤེས་ཀྱིས་ཞིང་ཕུག་པ་ལ་གདམས་པའི་ལུགས་༡༨སོ། ། ༈ ཆོས་འབྱུང་བསྟན་པ་རྒྱ་མཚོར་འཇུག་པའི་གྲུ་ཆེན་གྱིས་བཅད་ལ། བསོད་ནམས་བསྐྱེད་པའི་ཆེད་དུ་བསྟན་པ་ལ་བྱ་བ་བསྒྲུབ་པའི་ཚུལ། ཡིད་ཆེས་བསྐྱེད་པའི་ཆེད་དུ་བསྟན་པ་ཇི་ལྟར་བྱུང་བའི་ཚུལ། བརྩོན་འགྲུས་བསྐྱེད་པའི་ཆེད་དུ་བསྟན་པའི་གནས་ཚད་བཤད་པའོ། །དང་པོ་ལ། བཤད་སྒྲུབ་ཀྱི་ཕན་ཡོན་བསྟན་པ། བསྒྲུབ་བྱའི་ཆོས་ངོས་བཟུང་བ། བཤད་པ་ཇི་ལྟར་བྱ་བའི་ཚུལ་༤༥དངོས་སོ། ། ༈ གཉིས་པ་ལ་སྟོན་པ་སངས་རྒྱས་བྱོན་ཚུལ། བསྟན་པ་དམ་ཆོས་དར་ཚུལ། དེ་ཉིད་བོད་དུ་བྱུང་༢༡༡ཚུལ་ལོ། ། ༈ གསུམ་པ་ལ་བསྟན་པ་གནས་པའི་གཞི། བསྐལ་པའི་རྣམ་གཞག །བསྟན་པའི་གནས་ཚད་དངོས། བརྩོན་འགྲུས་བསྐྱེད་དགོས་པའི་རྒྱུ་མཚན་༣༤༨ནོ། །འདིའི་བསྟན་པ་ཕྱི་དར་གྱི་རྣམ་གཞག་ལ། སྨད་ནས་ཇི་ལྟར་དར་བའི་ཚུལ་གྱིས་དགེ་ཚུལ་ཆུ་གཏོར་མར་གྲགས་པའི་ལོ་རྒྱུས་ཡན་ཆད་དཀོན་མཆོག་ལྷུན་གྲུབ་དང་། ལྷག་མ་སངས་རྒྱས་ཕུན་ཚོགས་ཀྱིས་ཁ་བསྐངས་བའོ། །པ་ཚབ་ནི། འཕན་ཡུལ་དུ་འཁྲུངས། ཁ་ཆེར་བྱོན། ལོ་༢༣སྦྱངས་པ་མཛད། སླར་དབུས་སུ་ཕེབས། ཤར་བས་ཀྱང་གྲོགས་མཛད་དེ་ཐལ་འགྱུར་བའི་སྲོལ་བཏོད། འབྲོག་མི་རིན་བཟང་ལས་༣༣ཀྱིས་གཞོན། ཆུ་སྦྲུལ་ལ་མང་མཁར་དུ་འཁྲུངས། སྐུ་ཚེའི་སྟོད་ལ་བཤད་པ་དང་། སྨད་ལ་སྒྲུབ་པ་གཙོ་བོར་མཛད། དགུང་ལོ་༥༨པར་གཤེགས། གྱི་ཇོས་དུས་འཁོར། ཐོད་པ། རྡོ་རྗེ་བདུད་རྩི། བདེ་མཆོག་སོགས། བསྒྱུར། འགོས་ཁུག་པ་རྒྱལ་དུ་ལན་༣བྱོན། གྲུབ་༧༢ཐོབ། མཁའ་འགྲོ་མའི་བླ་མ་གཉིས་བསྟེན་ནོ། ༈ །

Footnotes

Other Information