དཔལ་འདོད་པའི་རྒྱལ་པོའི་རྗེས་གནང་གི་ཆོ་ག་འདོད་དགུའི་སྙེ་མ།

From Khyentse Lineage - A Tsadra Foundation Project
JKW-KABUM-11-DA-014-004
Wylie title dpal 'dod pa'i rgyal po'i rjes gnang gi cho ga 'dod dgu'i snye ma JKW-KABUM-11-DA-014.pdf
Location mkhyen brtse'i bka' 'bum
Volume 11, sde tshan 14, Text 4, Pages 424-439 (Folios 11b3 to 19a2)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Source Author(s) ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ (Ngor mkhan chen, 10th)
Citation 'jam dbyangs mkhyen brtse'i dbang po. dpal 'dod pa'i rgyal po'i rjes gnang gi cho ga 'dod dgu'i snye ma. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 11: 424-439. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Permission to Invoke (anujñā) - rjes gnang
Deity 'dod pa'i rgyal po
Colophon

།ཅེས་པའང་རྗེ་ས་སྐྱ་པ་ཆེན་པོའི་གསུང་རབ་ལ་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཆན་བུའི་སྒོ་ནས་གསལ་བར་མཛད་པའི་དགོངས་དོན་མཁས་མཆོག་ངག་དབང་བརྟན་པའི་རྡོ་རྗེས་ལེགས་པར་ཕྱེ་བ་གཞིར་བཞག་སྟེ། སྐབས་སུ་བབ་པའི་བསྣོན་འཕྲི་ཅུང་ཟད་བཅས་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བཀླགས་པས་གྲུབ་པར་བསྡེབས་པ་སརྦ་དཱ་ཤྲེ་ཡོ་བྷ་བ་ཏུ།།

ces pa'ang rje sa skya pa chen po'i gsung rab la thams cad mkhyen pa dkon mchog lhun grub kyis mchan bu'i sgo nas gsal bar mdzad pa'i dgongs don mkhas mchog ngag dbang brtan pa'i rdo rjes legs par phye ba gzhir bzhag ste/__skabs su bab pa'i bsnon 'phri cung zad bcas bya bral ba 'jam dbyangs mkhyen brtse'i dbang pos bklags pas grub par bsdebs pa sarba dA shre yo b+ha ba tu/

1 Texts in this Section (sde tshan or chos tshan)

[edit]
༄༅། །དཔལ་འདོད་པའི་རྒྱལ་པོའི་རྗེས་གནང་གི་ཆོ་ག་འདོད་དགུའི་སྙེ་མ་ཞེས་བྱ་བ་བཞུགས་སོ། །འདོད་པའི་དངོས་གྲུབ་མཆོག་སྩོལ་བ། །བླ་མ་ཁྲོ་བོའི་རྒྱལ་པོ་ལ། བཏུད་ནས་དེ་ཡི་རྗེས་གནང་ནི། །ཕུན་ཚོགས་འདོད་དགུའི་སྙེ་མ་འབྲི། འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། ཟླ་བ་གང་ཡང་རུང་བའི་ཚེས་བརྒྱད་དང་སྐར་མ་རྒྱལ་འཛོམ་པའི་ཚེ། སྣོད་དང་མི་ལྡན་པའི་སྐྱེ་བོས་དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་མཎྜལར་རྡུལ་ཚོན་དམར་པོས་ཟླ་གམ་དམར་པོ་སྒོ་གཅིག་པའི་ནང་དུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ལྕགས་ཀྱུ་བྲི་བའམ་ཚོན་ཕུང་དམར་པོ་བཀོད་ལ་མཉྫིའི་སྟེང་དུ་བཞག །དེའི་མཐར་ཆུ་བཞི་སྔོན་དུ་འགྲོ་བའི་མཆོད་པ་དང་། སྒྲུབ་ཐབས་ནས་བཤད་པ་ལྟ་བུའི་གཏོར་མ་བཤམ། སློབ་དཔོན་གྱི་མདུན་དུ་རྡོ་རྗེ་དྲིལ་བུ་བཞག །གཞན་ཡང་མེ་ཏོག་དམར་པོའི་མཎྜལ་སོགས་དགོས་པའི་ཡོ་བྱད་རྣམས་འདུ་བྱ། མཆོད་པ་ཀྱེ་རྡོར་ཁོ་བོས་བྱས་པའི་རིག་བྱེད་མའི་རྗེས་གནང་གི་ཟིན་བྲིས་ལྟར། ལྟར་བྱིན་གྱིས་བརླབ། རྗེ་དཀོན་མཆོག་ལྷུན་གྲུབ་པས་མཛད་པའི་སྒྲུབ་ཐབས་ནས་འབྱུང་བ་ལྟར་བདག་བསྐྱེད་བསྒོམས་ལ་བཟླས་པ་བྱ། གཞལ་ཡས་ཁང་དང་གདན་རང་ལ་བསྡུས་ནས་མདུན་གྱི་མཎྜལ་བསང་སྦྱང་། །སྟོང་པའི་ངང་ལས་པྃ་ལས་པདྨ་དམར་པོ་ཞེས་པ་ནས། དེ་གསུམ་ཡང་འོད་ཟེར་ཁ་དོག་དམར་པོའི་རྣམ་པར་ཞུ་ནས་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར། ཅེས་པའི་བར་བདག་བསྐྱེད་བཞིན་ལས། རང་ཉིད་ཅེས་པའི་ཚིག་དོར་ལ་མདུན་བསྐྱེད་ཀྱི་ཚུལ་དུ་བསྒྲུབ། ཨོཾ་ཤྲཱི་བཛྲ་ཊཱཀྐི་རཱ་ཛ་ས་པ་རི་ཝཱ་ར་ཞེས་པ་རེ་རེའི་མགོར་སྦྱར་བའི་ཨོཾ་ནི་རཱི་ཧཱུྃ་ཁཾ་སྭཱ་ཧཱ། ཨོཾ་བཛྲ་ནཻ་བི་ཏེ་ཧཱུྃ་ཁྃ་སྭཱ་ཧཱ། ཨོཾ་སརྦ་སཾ་ཤོ་དྷ་ནི་སྭཱ་ཧཱ། ཨོཾ་ཛཿཧཱུྃ་བྃ་ཧོཿཁཾ་རཾ་མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་པུཥྤེ་ནས་ཤཔྡའི་བར་སྦྱར་ལ་མཆོད། མཐར་དྷ་རྨཱར་ཎི་ཏས་རོལ་མོ་དབུལ། བསྟོད་པ་རྒྱས་བསྡུས་ཅི་ལྟར་རིགས་པས་བསྟོད། གཏོར་མ་བྱིན་རླབས་རྒྱས་བསྡུས་གང་རུང་ཀྱེ་རྡོར་ལྟར་བྱ། སྤྱན་འདྲེན་མི་དགོས། སྒྲུབ་ཐབས་ལྟར་གཏོར་མ་ཕུལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་ཀྱིས་མཆོད་ཅིང་བསྟོད་ལ་འདོད་དོན་གསོལ། འཇིག་རྟེན་པའི་གཏོར་མ་སྒྲུབ་ཐབས་ལྟར་ཕུལ། ཐུགས་རྒྱུད་བསྐུལ་བར་དམིགས་ལ་བཟླས་པ་ཇི་ལྟར་རིགས་པ་བྱས་མཐར། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་འདེབས་པ་ནི་སློབ་དཔོན་གྱི་བྱ་བའོ། །གཉིས་པ་དངོས་གཞི་སློབ་མ་ལ་བྱ་བའི་རིམ་པ་ནི། སློབ་མ་ཀྱེ་རྡོ་རྗེའམ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་ཐོབ་ཅིང་དམ་ཚིག་དང་ལྡན་པ། རིམ་གཉིས་ཀྱི་རྣལ་འབྱོར་ལ་གནས་ཤིང་། བསྟན་པ་དང་སེམས་ཅན་གྱི་དོན་ཏུ་ཆོས་འདི་དོན་ཏུ་གཉེར་བ་བདུན་ཙམ་ཇི་ལྟར་འོས་པ་ཁྲུས་བྱས། ཕྱག་དང་ཡོན་ཕུལ་ནས་གུས་པས་འཁོད་པ་ལ། མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། སློབ་དཔོན་གྱིས་སེམས་བསྐྱེད་གསལ་བཏབ་ནས། དེ་ལ་འདིར་གངས་ཅན་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་མདོ་རྒྱུད་ཀྱི་གདམས་པ་རྒྱ་མཚོ་ལྟ་བུ་ཞིག་ཕྱག་ཏུ་བབས་པའི་ནང་ནས་མཆོག་ཏུ་ཟབ་པ། སྙན་བརྒྱུད་གསེར་ཆོས་བཅུ་གསུམ་གྱི་ཡ་གྱལ། ཐུན་མོང་བསྒྲུབ་པས་མཆོག་ཞར་ལ་འབྱུང་བ་དམར་པོ་སྐོར་གསུམ་ཞེས་གྲགས་པ་ནི། དཔལ་ཀྱེ་རྡོ་རྗེའི་རྩ་བཤད་ཀྱི་རྒྱུད་གསུམ་ནས་གསུངས་པ་ལ་བརྟེན་ནས་སློབ་དཔོན་ཆེན་པོ་ལྷན་ཅིག་སྐྱེས་པའི་རོལ་པ་དང་། ཌོམྦི་ཧེ་རུ་ཀས་བཀྲལ་བའི་རྗེ་བཙུན་མ་ཀུ་རུ་ཀུལླེའི་ཆོས་སྐོར་དང་། བདེ་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད་ལ་བརྟེན་ནས་མི་དབང་ཨིནྡྲ་བྷཱུ་ཏི་དང་སློབ་དཔོན་ནག་པོ་པ་ལ་སོགས་པས་བཀྲལ་བའི་དཔལ་ཚོགས་ཀྱི་བདག་པོ་དམར་ཆེན་གྱི་ཆོས་སྐོར་དང་། ཡང་དཔལ་འཁོར་ལོ་བདེ་མཆོག་ལ་སོགས་པའི་རྒྱུད་ལ་བརྟེན་ནས་སློབ་དཔོན་རྡོ་རྗེ་གདན་པ་ལ་སོགས་པས་བཀྲལ་བའི་དཔལ་འདོད་པའི་རྒྱལ་པོའི་ཆོས་སྐོར་དང་གསུམ་དུ་ཡོད་ཅིང་། དེ་ནས་རིམ་པ་བཞིན་ཏུ་བརྒྱུད་པའི་མན་ངག་རྒྱལ་བས་ལུང་བསྟན་པའི་སྐྱེས་བུ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ནས་བརྒྱུད་པ་དང་། ཡར་ཀླུང་པ་སེང་གེ་རྒྱལ་མཚན་ཁུ་དབོན་ནས་བསམ་གཏན་གླིང་པ་ནམ་མཁའ་བསོད་ནམས་སོགས་ལ་བརྒྱུད་པ་དང་། དྭགས་པོ་བཀྲ་ཤིས་རྣམ་རྒྱལ་ནས་བྱང་སེམས་དཀོན་མཆོག་གྲགས་པ་སོགས་ལ་བརྒྱུད་པའི་ལུགས་སྲོལ་གསུམ་ཙམ་ཡོད་པ་ལས། འདིར་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཁུ་དབོན་རྣམས་ཀྱིས་མི་དང་མི་མ་ཡིན་གྱི་ཆེ་དགུ་གྲངས་ལས་འདས་པ་དབང་དུ་བསྡུས་ནས་རྣམ་གྲོལ་ཐར་པའི་ལམ་པོ་ཆེར་དཀྲི་བར་མཛད་པ་ལ་བརྟེན་ནས་རྒྱལ་བོད་ཧོར་གསུམ་དུ་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་རྫོགས་ཤིང་དྲི་མ་མེད་པ་དར་ཞིང་རྒྱས་པའི་ཆ་རྐྱེན་དུ་གྱུར་ལ། རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་ཀྱང་བསྟན་པ་དང་སེམས་ཅན་གྱི་དོན་འབའ་ཞིག་ལ་དགོངས་པའི་ཡི་དམ་གྱི་ལྷ་འདི་དག་གི་སྒྲུབ་པ་ཉམས་གཞེས་ལས་ཚོགས་སོགས་མཛད་པ་ལ་བརྟེན་ནས་བསྟན་པ་སྤྱི་དང་བྱེ་བྲག་དཔལ་ལྡན་ས་སྐྱ་པའི་བསྟན་པ་རྨད་དུ་བྱུང་བ་དེང་སང་གི་བར་དུ་དར་རྒྱས་རྒྱུན་མི་ཆད་པའི་རྟེན་འབྲེལ་ཁྱད་པར་ཅན་དུ་གྱུར་པ་ལ་སོགས་པ་ཡོན་ཏན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་དམར་པོ་སྐོར་གསུམ་གྱི་ནང་ནས། ད་ལམ་འདིར་ཁམས་གསུམ་དབང་དུ་སྡུད་པར་བྱེད་པ་དཔལ་འདོད་པའི་རྒྱལ་པོའི་ཆོས་སྐོར་ཡིན། དེ་ལའང་རྡོ་རྗེ་གདན་པས་བཀྲལ་བ་ནས་བརྒྱུད་པ་རྗེ་བཙུན་བ་རི་ལོ་ཙཱ་བས་རྒྱལ་གྱི་ལྕགས་ཐང་པ་ཆེན་པོ་ལ་གནང་། དེའི་དྲུང་དུ་ཆོས་རྗེ་ས་སྐྱ་པ་ཆེན་པོས་གསན་ནས་འཕྲང་བྲག་དམར་གཉིས་ཀྱི་དགེ་འདུན་གྱི་ཚོགས་མ་དད་པ་དད་པར་མཛད་ཅིང་དབང་དུ་བསྡུས་ནས་ཐུབ་པའི་བསྟན་པ་ཤིན་ཏུ་དར་བར་མཛད་པའི་ནུས་པ་དང་ལྡན་པའི་བྱིན་རླབས་ཅན་འདི་ཉིད་ལ། ཡབ་རྐྱང་དུ་སྒྲུབ་པ་དང་། ཡུམ་རྐྱང་དུ་སྒྲུབ་པ་དང་། ཡབ་ཡུམ་སྦགས་ཏེ་སྒྲུབ་པ་རྣམས་སུ་ཡོད་པ་ལས། འདིར་ཡབ་ཡུམ་སྦགས་སྒྲུབ་ཀྱི་རྗེས་སུ་གནང་བ་བསྒྲུབ་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་སྔོན་ཏུ་སོང་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མའི་བྱ་བ་ལ། ཐོག་མར་སློབ་དཔོན་ལ་སངས་རྒྱས་རྡོ་རྗེ་འཆང་དངོས་ཡིན་སྙམ་པའི་འདུན་པ་དང་ལྡན་པས་རྗེས་གནང་ཟབ་མོ་ཞུ་བའི་ཡོན་ཏུ་མཎྜལ་ཞིག་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། རྡོ་རྗེ་རྣལ་འབྱོར་དབང་ཕྱུག་གཙོ། །གསང་བའི་ཆོ་ག་བླ་ན་མེད། །དབང་དུ་བྱེད་པའི་རིག་སྔགས་མཆོག །བདག་ལ་ངེས་པར་སྩལ་དུ་གསོལ། །རྒྱུད་དག་པར་བྱ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་ཁྲོ་བོ་འདོད་པའི་རྒྱལ་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཁའ་འགྲོ་སུམ་ཅུ་རྩ་གཉིས་ལ་སོགས་པ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ནས་བཞུགས་པའི་སྤྱན་སྔར་ཁྱེད་རང་རྣམས་འཁོད་ནས་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ། ཞེས་པས་རྒྱུད་དག་པར་བྱས་ནས། དཔལ་ས་སྐྱ་པ་ཆེན་པོས་མཛད་པའི་རྩ་བའི་ཡི་གེ་ལས། སློབ་དཔོན་རྡོ་རྗེ་འཆང་དང་ནི། །སློབ་མ་ཁྲོ་བོ་འདོད་རྒྱལ་དུ། རིམ་པ་བཞིན་ཏུ་བསྒོམ་ནས་ནི། ཞེས་གསུངས་པས་དམིགས་པ་འདི་བཞིན་ཏུ་མཛད་པར་ཞུ། སློབ་དཔོན་ཁྲོ་བོ་འདོད་པའི་རྒྱལ་པོའི་སྐུར་གསལ་བ་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཉིད་གདུལ་བྱ་དབང་དུ་བསྡུས་ནས་སངས་རྒྱས་ཀྱི་བསྟན་པ་ལ་གཞུག་པའི་ཆེད་དུ་ཁྲོ་བོ་འདོད་པའི་རྒྱལ་པོའི་སྐུར་བསྟན་པ་དངོས་ཡིན་སྙམ་པའི་མོས་གུས་དྲག་པོ་མཛད་པའི་རྐྱེན་གྱིས། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ཡིག་དམར་པོ་དེ་ལས་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་བྱུང་། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག །ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ། བག་ཆགས་དང་བཅས་པ་དང་ཕུང་ཁམས་སྐྱེ་མཆེད་དུ་སྣང་བ་ཐམས་ཅད་སྦྱངས་ཏེ་ལུས་འོད་ཀྱི་གོང་བུར་གྱུར་པར་མོས་པ་མཛོད། དེ་ཉིད་ལ་དམིགས་ཏེ་སློབ་དཔོན་གྱིས། ཨོཾ་སྭ་བྷཱ་ཝ་ནས་ཧཾ་ཞེས་བརྗོད་པས་ལུས་འོད་ཕུང་དུ་གྱུར་པ་དང་བཅས་པའི་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་དམིགས་པའི་སྟོང་པ་ཉིད་དུ་གྱུར་པར་མོས་པ་མཛོད། སྟོང་པའི་ངང་ལས་པྃ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁྱེད་རང་རྣམས་ཀྱི་སེམས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་ཧཱུྃ་དམར་པོ། །དེ་ལས་ཞེས་སོགས་དང་། དེ་འོད་དུ་ཞུ་བ་ལས། ཁྱེད་རང་རྣམས་ཁྲོ་ཆེན་འདོད་པའི་རྒྱལ་པོ་ཞེས་སོགས་ནས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་ཡབ་ཀྱི་ཐུགས་ཀར་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ཡིག་དམར་པོ་དང་བཅས་པ་གསལ་ལམ་སྟེ་ཡོད་པར་མོས་པ་མཛོད། དེ་ནས་སློབ་དཔོན་ལ་མོས་གུས་མཛད་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་འདོད་རྒྱལ་ཡབ་ཡུམ་དང་། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀར་ཕོག་པས། དེ་རྣམས་ཀྱི་ཐུགས་ཀ་ནས་ཁྲོ་བོ་འདོད་པའི་རྒྱལ་པོ་ཡབ་ཡུམ་བསམ་གྱིས་མི་ཁྱབ་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་པ་ལ། སློབ་དཔོན་གྱིས་ཨོཾ་བཛྲ་པུཥྤེ་སོགས་ལྔས་མཆོད། ཞེས་མཆོད་ནས། ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས་ཁྱེད་རང་རྣམས་འདོད་རྒྱལ་དུ་གསལ་བ་ལ་གཉིས་སུ་མེད་པར་ཐིམ་པར་མོས་པ་མཛོད། སླར་ཡང་སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཞེས་སོགས་ནས། དབང་ལྷ་སྤྱན་དྲང་། སློབ་དཔོན་གྱིས་མཆོད་ཅིང་གསོལ་བ་བཏབ་པས། སངས་རྒྱས་རྣམས་ཀྱིས་སོགས་ནས་དབུ་བརྒྱན་པར་མོས་པ་མཛོད། ཁྱེད་རང་རྣམས་ཀྱི་དཔྲལ་བར་སོགས་ནས། ཞུ་ནས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་དབྱེར་མེད་དུ་གྱུར་པར་མོས་པ་མཛོད། དེ་ནི་རྗེས་གནང་གི་གཞི་དགོད་པ་ཡིན། རྗེས་གནང་དངོས་ལ། བརྒྱུད་པའི་མན་ངག་ཡོད་པའི་ལུང་། དེ་ཡི་བླང་ཐབས་མ་ཤེས་ན། །བསྒྲུབས་ཀྱང་དངོས་གྲུབ་བུལ་པའམ། །ཡང་ན་འབྱུང་བར་མི་འགྱུར་གསུངས། །ཞེས་འབྱུང་བས། བཟླས་པའི་སྔགས་ཀྱི་ལུང་བླང་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་འདོད་པའི་རྒྱལ་པོར་གསལ་བའི་ཐུགས་ཀར་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ཡིག་དམར་པོའི་མཐར་བཟླ་བྱའི་སྔགས་ཀྱི་ཕྲེང་བ་ཁ་དོག་དམར་པོ་གཡས་སྐོར་དུ་འཁོད་ནས་ཡོད་པར་མོས་པ་བྱས། ཁྱེད་རང་རྣམས་འདོད་རྒྱལ་དུ་གསལ་བའི་སྙིང་གར་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ཡིག་དམར་པོ་ཞིག་གསལ་བཏབ། ཙནྡན་དམར་པོས་བྱུགས་པའི་མཎྜལར་མེ་ཏོག་དམར་པོའི་ཚོམ་བུ་བཀོད་ནས། སྔགས་ཀྱི་བཟླས་ལུང་ཞུ་བའི་ཡོན་ཏུ་དམིགས་ཏེ་མཎྜལ་ཞིག་མཛད་པར་ཞུ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དམིགས་མེད་ཐུགས་རྗེ་ལས་འཁྲུངས་པའི། །ཕྲིན་ལས་དངོས་གྲུབ་འབྱུང་བའི་ཕྱིར། །འདིར་ནི་རྗེས་སུ་གནང་བར་མཛོད། །དེ་ལྟར་གསོལ་བ་འདེབས་པའི་སློབ་མ་ལ་སློབ་དཔོན་གྱིས་སྤྲོ་བ་དྲི་བར་བྱས་པའི་མོས་པ་མཛོད། འགྲོ་བ་སེམས་ཅན་དོན་སླད་དུ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དམིགས་མེད་ཐུགས་རྗེ་ལས་བྱུང་བའི། །ཐབས་ཀྱི་ཕྲིན་ལས་ཟབ་མོའི་དོན། །བདེན་ཞིང་བསླུ་བར་མི་འགྱུར་པའི། །གསང་ཆེན་འདི་ལ་ཁྱོད་དད་དམ། །ཞེས་པའི་ལན་བཏབ་པར་མོས་པས་འདིའི་རྗེས་ཟློས་མཛོད། འགྲོ་བ་སེམས་ཅན་སོགས་ནས། །གསང་ཆེན་འདི་ལ་བདག་དད་དོ། །ལན་གཅིག །དེ་ལྟར་ལན་བཏབ་ནས་སློབ་དཔོན་ལ་མོས་གུས་བྱས་པས། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་ཁ་དོག་དམར་པོ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང་། སློབ་དཔོན་གྱི་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃ་ཡིག་གི་མཐར་གཡས་སྐོར་དུ་འཁོད་པར་མོས་པ་བྱས་ནས་སྔགས་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་གནང་བར་ཞུ་བྱས་ལ་སྔགས་ཡོངས་རྫོགས་ཚར་གསུམ་གྱི་རྗེས་ཟློས་བྱར་གཞུག །དེ་ལྟར་བྱས་པས་དང་པོས་འཁོད། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟན་པར་བྱས་པར་མོས་པ་མཛོད། སླར་ཡང་སློབ་དཔོན་གྱིས་མེ་ཏོག་གི་ཕྲེང་བ་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པས་སྔགས་ཀྱི་དངོས་གྲུབ་བརྟན་ཅིང་ནུས་ལྡན་དུ་བྱས་པའི་མོས་པ་མཛོད། ཅེས་མེ་ཏོག་སློབ་མའི་མགོར་བཞག་ལ། བདག་ལ་ཇི་ལྟར་ཡོད་པ་བཞིན། །འདི་ལ་འགོ་བར་མཛད་དུ་གསོལ། ཞེས་ལན་གསུམ་ལ་སོགས་པ་བརྗོད། དེ་ནས་སློབ་དཔོན་གྱིས་གཏོར་མ་ལྷར་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་སྟེ་བཀའ་བསྒོས་ཤིང་ཕྲིན་ལས་ཐམས་ཅད་བསྒྲུབ་པར་རྗེས་སུ་གནང་བ་བྱིན་པའི་མོས་པ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཞི་བའི་ཕྲིན་ལས་ཆེན་པོ་ཡིས། །ནད་དང་གནོད་པ་ཞི་བར་མཛོད། །ཚེ་དང་བསོད་ནམས་རྒྱས་པར་གྱིས། །གདུལ་བྱ་དབང་དུ་འདུ་བར་གྱིས། །བསྟན་ལ་གནོད་པ་གསད་པར་གྱིས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །བྱིན་གྱིས་བརླབས་ཀྱི་ཁྲོ་བོ་ནི། །དབང་བསྐུར་ཕོ་ཉའི་ལས་མཛད་པ། །ཁྲོ་བོ་འདོད་པའི་རྒྱལ་པོ་ཡིས། །འདི་ཡི་བསྒྲུབ་བྱ་སྒྲུབ་པར་གྱིས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །འགྲོ་བ་སེམས་ཅན་གདུལ་བྱའི་ཕྱིར། །མཁའ་འགྲོའི་གཟུགས་སུ་སྣང་མཛད་དེ། །དམ་ཚིག་སྟོང་གྲོགས་མཛད་གྱུར་པའི། །མཁའ་འགྲོ་སུམ་ཅུ་རྩ་གཉིས་ཀྱིས། །འདི་ཡི་བསྒྲུབ་བྱ་སྒྲུབ་པར་གྱིས། ཞེས་སློབ་མ་རེ་རེ་བཞིན་བརྗོད་ཚར་བ་དང་། དེ་ལྟར་བཀའ་བསྒོས་པས་ཁྲོ་བོ་འདོད་པའི་རྒྱལ་པོ་མཁའ་འགྲོ་སུམ་ཅུ་རྩ་གཉིས་འཁོར་དང་བཅས་པས་ཀྱང་དེ་ལྟར་བགྱིའོ་ཞེས་ཕྲིན་ལས་ཐམས་ཅད་བསྒྲུབ་པར་ཞལ་གྱིས་བཞེས་པའི་མོས་པ་མཛོད། ཅེས་བརྗོད་ལ་གཏོར་མ་སྔར་ཤུལ་དུ་བསྒྲིག །དེ་ནས་དམ་ཚིག་བསྒོ་བ་ནི་འདི་ལ་གསན་པས་ཁྱབ་པར་གདའ་སྟེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །འགྲོ་བ་སེམས་ཅན་གདུལ་བྱའི་ཕྱིར། །དམིགས་མེད་ཐུགས་རྗེ་ལས་བྱུང་བའི། །ཐབས་ཀྱི་ཕྲིན་ལས་ཟབ་མོའི་དོན། །བདེན་ཞིང་བསླུ་བར་མི་འགྱུར་བའི། །གསང་ཆེན་འདི་ནི་སྒྲུབ་པར་གྱིས། །འདི་ནི་མཆོག་ཏུ་ངོ་མཚར་ཆེ། །ཕྲིན་ལས་སྙིང་པོ་ངོ་མཚར་ཅན། །གསང་བ་ལས་ཀྱང་ཆེས་གསང་ནས། །བསྒྲུབ་ལ་འབད་ན་འགྲུབ་འགྱུར་བས། །ནམ་ཡང་དོར་བར་མི་བྱ་ཞིང་། །སྤེལ་ན་དངོས་གྲུབ་ཉམས་པར་འགྱུར། །དེས་ན་ཁྱོད་ཀྱིས་ནམ་ཡང་ནི། །སྤེལ་ཞིང་བསྒྲག་པར་མི་བྱ་ཞིང་། །སྣོད་ལྡན་གཅིག་ལ་ནུབ་མི་བྱ། །ཞེས་གསུངས་པས་དེ་ལྟ་བུའི་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་སོགས། རིགས་དང་མཐུན་པའི་ཡོན་དབུལ་བྱ། ཞེས་གསུངས་པས། རྗེས་གནང་ཟབ་མོ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་ཙཎྜན་དམར་པོས་བྱུགས་པའི་མཎྜལར་མེ་ཏོག་དམར་པོ་ལ་སོགས་པའི་ཚོམ་བུ་བཀོད་པ་ཉིད་རི་རབ་གླིང་བཞི་ཉི་ཟླ་ཟུང་གཅིག་ལྷ་མིའི་དཔལ་འབྱོར་མ་ཚང་བ་མེད་པས་ཡོངས་སུ་གང་བར་དམིགས་ཏེ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་ལུས་ལོངས་སྤྱོད་ཐམས་ཅད་ཀྱང་སློབ་དཔོན་ལ་དྲིན་ལན་ཏུ་འབུལ། ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དེང་ནས་བརྩམས་ཏེ་སོགས། དེ་ནས་ཤིས་པ་བརྗོད་ཅིང་སྨོན་ལམ་གདབ། །བཀའ་ཡི་རྒྱ་ཡིས་གདབ་བྱས་ལ། །ཞེས་གསུངས་པས། ཁྱེད་རང་རྣམས་ཁམས་གསུམ་གྱི་དབང་ཕྱུག་ཁྲོ་བོ་ཆེན་པོ་འདོད་པའི་རྒྱལ་པོའི་སྐུར་གྱུར་པ་ལ་སློབ་དཔོན་གྱིས་མེ་ཏོག་གི་ཆར་འབེབས་ཤིང་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པས་ཀྱང་མངའ་གསོལ་བའི་མོས་པ་མཛོད། ཕུན་སུམ་ཚོགས་པ་སོགས་དང་། །འབད་དང་རྩོལ་བས་མ་གོས་པའི། །ཞེས་སོགས་ཤིས་བརྗོད་ཅི་ལྟར་རིགས་པ་བྱ། དེ་ལྟར་ན་གངས་ཅན་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པའི་ཟབ་ཆོས་དམར་པོ་སྐོར་གསུམ་གྱི་ནང་ནས་ཁྲོ་བོ་འདོད་པའི་རྒྱལ་པོའི་རྗེས་སུ་གནང་བ་ལེགས་པར་གསན་པ་ཡིན་པས་རང་རང་གིས་གསང་བའི་ཚུལ་གྱིས་ཉམས་སུ་ལེན་པ་དང་། སྣོད་མིན་ལ་བབ་ཅོལ་དུ་མི་སྟོན་ཅིང་། སྣོད་དང་ལྡན་ངེས་པ་ལ་བཀའ་རྒྱས་གདབ་ཅིང་སྤེལ་བ་སོགས་ཀྱི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པ་དང་། དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པས་རྒྱས་གདབ་པ་འདི་ལྷན་ཅིག་ཏུ་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས་དང་། །ཚེ་རིང་ནད་མེད་འབྱོར་ལྡན་ཞིང་། །འགྲོ་ཀུན་རྟག་ཏུ་འདུན་པ་དང་། །ཇི་ལྟར་བསམ་པའི་དོན་རྣམས་ཀུན། །ཆོས་བཞིན་འགྲུབ་པ་ཉིད་གྱུར་ཅིག །ཅེས་སོགས་བསྔོ་སྨོན་བྱ། ཚོགས་ཀྱི་ཡོ་བྱད་ཡོད་ན་ནང་མཆོད་ལྟར་བྱིན་གྱིས་བརླབས་ནས། ཕུད་མདུན་བསྐྱེད་ལ་གཏོར་སྔགས་ཀྱིས་འབུལ། དེ་ནས་རང་དང་སློབ་མ་རྣམས་ཀྱིས་ཚིམས་པར་ལོངས་སྤྱད་པའི་ལྷག་མ་སྤྱི་ལྟར་བཏང་། སློབ་མ་རྣམས་རང་གནས་སུ་བཀྱེའོ། །གསུམ་པ་རྗེས་ནི། མཆོད་པ་ཁ་གསོས་ལ། བསང་སྦྱང་བྱིན་བརླབ་མདུན་བསྐྱེད་ལ་མཆོད་བསྟོད་འདོད་དོན་གསོལ། ཡིག་བརྒྱ་ལན་གསུམ་དང་། མ་འབྱོར་པ་སོགས་ཀྱིས་བཟོད་པར་གསོལ། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། གནས་གསུམ་བསྲུང་། བསྔོ་སྨོན་ཤིས་བརྗོད་རྒྱས་པར་སྤེལ་ཅིང་ལས་ཀྱི་རྗེས་མི་མངོན་པར་བྱའོ། །འདིའི་བསྙེན་པ་བྱེད་ན། འཁོར་ལོ་ལ་བརྟེན་པ་དང་། མ་བརྟེན་པ་གཉིས་ལས། དང་པོ་ནི། གནས་དབེན་པར་ཚེས་བརྒྱད་རྒྱལ་ཕུར་འཛོམ་པའི་དུས་སོགས་དུས་ཚེས་དགེ་བར་མདུན་ཏུ་བྲིས་སྐུ་དང་མཆོད་གཏོར་བཤམ། འཁོར་ལོ་ཚུལ་བཞིན་བྲིས་པ་གཏོར་མའི་རྒྱབ་དང་། ཐ་ཅན་འཁོར་ལོ་བཟླས་པའི་བར་རྐང་པའི་མཐེབ་འོག་ཏུ་གནོན་རྒྱུ་སོགས་སྟ་གོན་བྱ། དེ་ནས་མཚམས་དམ་པར་བཅད་ལ། ཐུན་གསུམ་མམ་བཞིའི་རིམ་པས་བདག་བསྐྱེད་སྒྲུབ་ཐབས་ལྟར་སྔོན་ཏུ་འགྲོ་བས། མདུན་བསྐྱེད་ཀྱི་འཁོར་ལོ་རང་གིས་བསྒོམས་པ་ལྟར་ལྷར་བསྐྱེད་ནས་བསྙེན་སྒྲུབ་སྦྲགས་མའི་ཚུལ་དུ། ཐུན་རེ་རེ་བཞིན་སྔགས་རིང་བཞི་བརྒྱ་རེ་བཟླ། དེ་ལྟ་བུ་ཞག་ཉེར་གཅིག་ཏུ་བགྱིས་པས་ཆོག་པར་གསུངས། ཐུན་གཉིས་སམ་ཕྱི་ཐུན་གྱི་མཇུག་ཏུ་གཏོར་མ་འབུལ་བ་སོགས་སྤྱི་ལྟར་བྱའོ། །གཉིས་པ་ནི། འཁོར་ལོའི་བཅའ་གཞི་དང་མདུན་བསྐྱེད་གསལ་འདེབས་མི་དགོས་པ་མ་གཏོགས་གཞན་གོང་བཞིན་ནོ། །སྤྱིར་འདིའི་མན་ངག་ལ་འཁོར་ལོ་བྲི་བ། རབ་གནས། བསྙེན་པ། སྒྲུབ་པ། ལས་སྦྱོར། འགྲུབ་པའི་རྟགས། གེགས་བསལ་བ། སྤོག་ཆོག །སྦྱིན་སྲེག །རླུང་འཁོར་བསྐོར་བ། ནང་སྒྲུབ། གསང་སྒྲུབ། དྲིལ་སྒྲུབ་ལས་ཚོགས་ཏེ་རྣམ་གྲངས་བཅུ་བཞིའི་སྒོ་ནས་གཏན་ལ་འབེབས་པའི་ཚུལ་ཞིབ་པར་བཀའ་བཞི་པ་དཔལ་ལྡན་བཟང་པོས་མཛད་པའི་བསྙེན་སྒྲུབ་ཆེན་པོ་ནོར་བུ་གསལ་འབར་དང་། ས་སྐྱ་པའི་དབང་གི་རླུང་འཁོར་སོགས་སྦྱར་ཏེ་བརྒྱུད་ལྡན་གྱི་བླ་མའི་ཞལ་ལུང་ལྟར་རྟོགས་པར་བྱ་བ་ཁོ་ནའོ། །འདོད་རྒུའི་དཔལ་སྟེར་ཁྲོ་བོ་ཆེའི། །རྗེས་གནང་དཔག་བསམ་སྙེ་མ་གང་། །གསལ་བར་བཀོད་འདིས་ས་གསུམ་ན། །ཕན་བདེའི་ཆར་ཆེན་འབེབས་གྱུར་ཅིག །ཅེས་པའང་རྗེ་ས་སྐྱ་པ་ཆེན་པོའི་གསུང་རབ་ལ་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཆན་བུའི་སྒོ་ནས་གསལ་བར་མཛད་པའི་དགོངས་དོན་མཁས་མཆོག་ངག་དབང་བརྟན་པའི་རྡོ་རྗེས་ལེགས་པར་ཕྱེ་བ་གཞིར་བཞག་སྟེ། སྐབས་སུ་བབ་པའི་བསྣོན་འཕྲི་ཅུང་ཟད་བཅས་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བཀླགས་པས་གྲུབ་པར་བསྡེབས་པ་སརྦ་དཱ་ཤྲེ་ཡོ་བྷ་བ་ཏུ།། །། ༈

Footnotes

Other Information