གསང་འདུས་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ཉུང་ངུ་བྱིན་རླབས་ཟླ་བའི་ཟིལ་དངར།

From Khyentse Lineage - A Tsadra Foundation Project
JKW-KABUM-09-TA-007-001
Wylie title gsang 'dus 'jig rten dbang phyug gi sgrub thabs nyung ngu byin rlabs zla ba'i zil dngar JKW-KABUM-09-TA-007.pdf
Location mkhyen brtse'i bka' 'bum
Volume 9, sde tshan 7, Text 1, Pages 321-329 (Folios 1a to 5a6)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Source Author(s) བློ་གསལ་བསྟན་སྐྱོང་ (blo gsal bstan skyong)
Associated People ཇོ་བོ་རྗེ་ཨ་ཏི་ཤ་ (Atiśa)
Citation 'jam dbyangs mkhyen brtse'i dbang po. gsang 'dus 'jig rten dbang phyug gi sgrub thabs nyung ngu byin rlabs zla ba'i zil dngar. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 9: 321-329. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Sadhanas - Evocation Ritual - sgrub thabs
Cycle གསང་བ་འདུས་པ་འཇིག་རྟེན་དབང་ཕྱུག་ (gsang ba 'dus pa 'jig rten dbang phyug)
Deity thugs rje chen po
Colophon

།ཅེས་པ་འདིའང་ཡོན་གྱི་བདག་པོ་སྨོན་འགྲུབ་ཁྱུང་རྩེ་རམ་པ་བའི་མི་དབང་གཞོན་ནུ་ཀུན་དགའི་མཚན་ཅན་གྱི་ཐུགས་དམ་ཉམས་བཞེས་ཟབ་མོ་སྤེལ་བའི་ཕྱིར་དང་། ཚུལ་འདིའི་རྣལ་འབྱོར་བསྒོམ་པར་འདོད་པའི་དགེ་ཚུལ་མ་རྣམ་རྒྱལ་ཆོས་སྒྲོན་གྱི་བློ་གྲོས་ཀྱི་ནུས་པ་དང་སྦྱར་ནས་བཙུན་པ་བློ་གསལ་བསྟན་སྐྱོང་གིས་སྒྲུབ་ཐབས་མ་མོའི་གཞུང་དོན་ཉུང་ངུར་བསྡུས་ནས་བྲིས་པའོ།

ces pa 'di'ang yon gyi bdag po smon 'grub khyung rtse ram pa ba'i mi dbang gzhon nu kun dga'i mtshan can gyi thugs dam nyams bzhes zab mo spel ba'i phyir dang /__tshul 'di'i rnal 'byor bsgom par 'dod pa'i dge tshul ma rnam rgyal chos sgron gyi blo gros kyi nus pa dang sbyar nas btsun pa blo gsal bstan skyong gis sgrub thabs ma mo'i gzhung don nyung ngur bsdus nas bris pa'o

1 Texts in this Section (sde tshan or chos tshan)

[edit]
༄༅། །གསང་འདུས་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ཉུང་ངུ་བྱིན་རླབས་ཟླ་བའི་ཟིལ་དངར་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་བྷྱ༔ འདིར་གསང་བ་འདུས་པ་འཇིག་རྟེན་དབང་ཕྱུག་གཙོ་རྐྱང་གི་སྒྲུབ་ཐབས་མདོར་བསྡུས་བྱ་ཚུལ་ནི། སྐྱབས་སེམས་སྔོན་དུ་བཏང་ནས། རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས། བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ན་མོ་གུ་རུ་མཎྜ་ལེ་བྷྱཿ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱེ་ཤབྡ་ཨཱཿཧཱུྃ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །ཞེས་ལན་གསུམ་བརྗོད། ཆོས་ཐམས་ཅད་རྣམ་ཐར་སྒོ་གསུམ་དུ་གྱུར། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། སྟོང་པའི་ངང་ལས་ནམ་མཁའི་དབྱིངས་སུ་ཨོཾ་ཨཱཿཧཱུྃ། ཧོཿདམར་པོ་གཉིས་ཀྱི་བར་དུ་ཆུད་པ། དེ་ནས་འོག་ཏུ་རྡོ་རྗེའི་རྭ་གུར་གྱི་དབུས་སུ་སྣ་ཚོགས་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་གཞལ་ཡས་ཁང་། དེའི་ནང་དུ་པད་ཟླའི་གདན་ལ་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་དཀར་པོ། དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འོད་ཀྱི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ཀྱིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་ཀྱིས་པདྨ་དང་འཁོར་ལོ་འཛིན་པ། ཡབ་ཡུམ་རྗེས་སུ་ཆགས་པས་སྙོམས་པར་ཞུགས་པས། ནམ་མཁའི་ཡི་གེ་ལྔ་པོ་ཡབ་ཀྱི་ཞལ་ནས་བརྒྱུད། ཡུམ་གྱི་མཁར་བབས། དེའི་འོད་ཟེར་གྱིས་ཡབ་ཡུམ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་ཞུ། ཐིག་ལེ་ལས་ལྷ་མོ་བཞི་སྤྲོས། དེ་རྣམས་ཀྱིས། སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །དགའ་བ་ཡིད་འོང་དོན་ཆེན་འདོད་པས་བདག་ལ་བསྐྱབ་ཏུ་གསོལ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆི་ཞེ་ན། །སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། །རྡོ་རྗེའི་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། སངས་རྒྱས་དོན་དུ་བྱང་ཆུབ་དོན་དམ་རྗེས་སུ་ཕན་འདོད་པ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆི་ཞེ་ན། ། འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ། །ཁྱེད་ནི་རྡོ་རྗེའི་གསུངས་ཏེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ། །འཇིག་རྟེན་དག་གི་དོན་དང་དགོས་པ་མཛད་ལ་རབ་ཏུ་བརྩོན། །མགོན་པོ་དགའ་བས་སྤྱོད་པ་ཀུན་ཏུ་བཟང་པོས་བདག་ལ་དགྱེས་པར་མཛད་དུ་གསོལ། །ཁྱོད་ནི་རྡོ་རྗེའི་འདོད་པ་དམ་ཚིག་མཆོག་གི་ཕན་དོན་ཆེས། །ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་ཉིད་ཐུགས་བརྩེ་བ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆི་ཞེ་ན། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད། །ཅེས་བསྐུལ་ནས་ཐིམ་པ་ལས། ཐིག་ལེ་དེ་ཉིད་པདྨ་དམར་པོ་ཧྲཱིཿས་མཚན་པར་གྱུར། དེ་ལས་དཀྱིལ་འཁོར་སྤྲོས། སེམས་ཅན་གྱི་དོན་བྱས། སངས་རྒྱས་ཐམས་ཅད་ཚུར་འདུས་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་གསུམ་ཕྱག་དྲུག་པ། སྐུ་ཐམས་ཅད་དང་པོ་དམར་བ། ཞལ་གཡས་པ་སྔོ་ཞིང་གཡོན་པ་དཀར་བ། རྩ་བའི་ཕྱག་གཉིས་ཀྱིས་རང་དང་འདྲ་བའི་རིག་མ་ལ་འཁྱུད་པ། གཡས་ཀྱི་ཕྱག་གཉིས་པ་ན་པདྨ། གསུམ་པ་ན་རལ་གྲི་བསྣམས་པ། གཡོན་གྱི་ཕྱག་གཉིས་པ་ན་རིན་པོ་ཆེ། གསུམ་པ་ན་འཁོར་ལོ་བསྣམས་པ། རལ་པའི་ཅོད་པན་དང་ལྡན་པ། རིན་པོ་ཆེའི་གདུ་བུ་དང་། དཔུང་རྒྱན་དང་། སྐ་རགས་དང་། མུ་ཏིག་གི་དོ་ཤལ་དང་། རྐང་གདུབ་ལ་སོགས་པ་རྒྱན་སྣ་ཚོགས་པས་བརྒྱན་པ། ཤེས་རབ་དང་ཐབས་ཀྱི་རང་བཞིན་ཅན། སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པ་སྣ་ཚོགས་འཕྲོ་བས་ནམ་མཁའི་ཁམས་གང་བར་གྱུར། རང་འདྲའི་ཡུམ་ནུ་མ་རྒྱས་པ། མེ་ཏོག་གི་ཕྲེང་བའི་ཅོད་པན་དང་ལྡན་པ། ལྷ་མོའི་ཆ་བྱད་རྫོགས་ཤིང་། པདྨའི་སྐྱིལ་ཀྲུང་གིས་འཁྱུད་པ། ཨོཾ་དྷ་རྨཱ་དྷཱ་ཏུ་སྭ་བྷཱ་ཝ་ཨདྨཱ་ཀོ྅ཧཾ། ཡབ་ཡུམ་གཉིས་ཀྱི་མིག་ཏུ་ཀྵིཾ་ལས་ས་སྙིང་། རྣ་བར་ཛཱིཾ་ལས་ཕྱག་རྡོར། སྣར་ཁཾ་ལས་ནམ་སྙིང་། ལྕེར་གཾ་ལས་སྤྱན་རས་གཟིགས། དཔྲལ་བར་ཀཾ་ལས་སྒྲིབ་སེལ། ལྟེ་བར་བཾ་ལས་ཀུན་བཟང་། དཔྲལ་བར་ཨོཾ་ལས་སྐུ་རྡོ་རྗེ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ། སྙིང་གར་ཧཱུྃ་ལས་ཐུགས་རྡོ་རྗེ། དེ་རྣམས་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའི་རྣམ་པར་སྤྱན་དྲངས། རང་གི་གནས་གསུམ་གྱི་རྡོ་རྗེ་གསུམ་ལ་ཐིམ་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། རང་གི་སྙིང་གར་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་པདྨའི་ལྟེ་བར་ཏིང་ངེ་འཛིན་སེམས་དཔའ་ཧྲཱིཿས་མཚན་པ། དེའི་འོད་ཀྱིས་དབང་གི་ལྷ་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་འོད་དཔག་མེད་ཀྱིས་དབུ་བརྒྱན། ཡབ་ཡུམ་གྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་དེ་བཞིན་གཤེགས་པ་ལྔའི་ངོ་བོར་གྱུར་པས་འོད་ཀྱིས་གང་། ཧཱུྃ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་དང་། ཨ་ལས་བྱུང་བའི་པདྨ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། སྙོམས་པར་ཞུགས་པས་དགའ་བའི་སྒྲས། སངས་རྒྱས་ཐམས་ཅད་འདོད་པའི་ཡོན་ཏན་དང་བཅས་པ་ཡབ་ཀྱི་སྐུ་ལ་ཞུགས། མཁའ་ནང་དུ་བབ་པ་ལྷ་མོ་བཅུར་གྱུར། ཕྱིར་སྤྲོས་ནས་བདག་ཉིད་ལ་མཆོད་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝཱ་ཨདྨ་ཀོ྅ཧཾ། སྤྲུལ་པའི་འོད་ཟེར་དཔག་མེད་པ། འཕྲོས་པས་འགྲོ་བའི་སྡུག་བསྔལ་སེལ། རྣམ་རྟོག་མེད་བདེའི་བདག་ཉིད་ཅན། དཔལ་ལྡན་རྡོ་རྗེ་ཆོས་ལ་འདུད། ཅེས་བསྟོད་ནང་མཆོད། ཨོཾ་ཨཿབིགྷྣནྟ་ཀྲྀཏ་ཧཱུྃ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཨཱ་ལས་ཀཱ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཤ་ལྔ། བདུད་རྩི་ལྔ། སྦྱངས་རྟོགས་སྦར་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབ། སླར་ཡང་འབྲུ་གསུམ་གྱིས་མྱང་། བཟླས་པའི་དམིགས་པ་ནི། རང་གི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་མཐའ་བསྐོར་དུ་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་སྔགས་ཕྲེང་ལ་ཐིམ་པར་གྱུར། ཨོཾ་ཨཱཿཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ། ཞེས་ཅི་ནུས་བཟླའོ། །ཐུན་མཐར་གཏོར་མ་འབུལ་ན། ནང་མཆོད་ལྟར་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། འཇིག་རྟེན་དབང་ཕྱུག་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨརྒྷཾ་གྱིས་མཆོད་ཡོན་ཕུལ། ཨོཾ་ཨཱཪྻ་ལོ་ཀེ་ཤྭ་ར་པཉྩ་ཨ་མྲྀ་ཏ་ཧཱུྃ་ཕཊ྄། ཞེས་ལྔའམ་བདུན་གྱིས་ཕུལ། ཨ་ཀཱ་རོ་ལན་གསུམ་གྱིས་ཕྱོགས་སྐྱོང་ལ་འབུལ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། བསྟོད་པ་གོང་བཞིན་བྱ། འདོད་དོན་ལ་གསོལ་གདབ་བྱས་ནས་ཡེ་ཤེས་པ་གཤེགས། རང་ཉིད་ལྷ་སྐུར་གསལ་བ་རིལ་འཛིན་རྗེས་གཞིག་གང་རུང་གིས་བསྡུས་ནས་མཉམ་པར་བཞག །དེ་ལས་ཞལ་གཅིག་ཕྱག་གཉིས་པའི་སྐུར་ལངས། གནས་གསུམ་དང་སྐྱེ་མཆེད་བྱིན་རླབས་དྲན་པ་ཙམ་བྱས་ཏེ་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །འདི་ནི་ལྷ་བཙུན་བྱང་ཆུབ་འོད་ཀྱི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་ཞུས་པའི་ཆོས། རྒྱུད་གསང་བ་འདུས་པ། མན་ངག་ཡེ་ཤེས་ཞབས་ལུགས། ལྷ་ཐུགས་རྗེ་ཆེན་པོ་སྟེ། དེ་གསུམ་གཅིག་ཏུ་བསྒྲིལ་བའི་གདམས་པ་ཁྱད་པར་ཅན་ཡིན་པས་ནན་ཏན་དུ་ཉམས་སུ་བླང་ངོ་། །རྒྱུད་རྒྱལ་འདུས་པའི་ཆུ་གཏེར་ལས་འཁྲུངས་པའི། ཡེ་ཤེས་གྲུབ་པའི་ཞལ་ལུང་འོད་དཀར་ཅན། །ཐུགས་རྗེས་སྲིད་པའི་ཚ་གདུང་འཕྲོག་པའི་གཉེན། །འདྲེན་མཛད་ཤིང་རྟ་ཆེན་པོ་ཨ་ཏི་ཤ །མགོན་དེའི་བྱིན་རླབས་ཞལ་འོད་མ་ཉམས་པའི། །སྒྲུབ་ཐབས་གནད་དོན་ཀུན་དྲིལ་ཉུང་ངུའི་ངག །ཟླ་བའི་ཟིལ་དངར་འདི་བྲིས་དགེ་བ་ཡང་། །དོན་གཉེར་ཀུནྡའི་ཚལ་དུ་འཇུག་གྱུར་ཅིག །ཅེས་པ་འདིའང་ཡོན་གྱི་བདག་པོ་སྨོན་འགྲུབ་ཁྱུང་རྩེ་རམ་པ་བའི་མི་དབང་གཞོན་ནུ་ཀུན་དགའི་མཚན་ཅན་གྱི་ཐུགས་དམ་ཉམས་བཞེས་ཟབ་མོ་སྤེལ་བའི་ཕྱིར་དང་། ཚུལ་འདིའི་རྣལ་འབྱོར་བསྒོམ་པར་འདོད་པའི་དགེ་ཚུལ་མ་རྣམ་རྒྱལ་ཆོས་སྒྲོན་གྱི་བློ་གྲོས་ཀྱི་ནུས་པ་དང་སྦྱར་ནས་བཙུན་པ་བློ་གསལ་བསྟན་སྐྱོང་གིས་སྒྲུབ་ཐབས་མ་མོའི་གཞུང་དོན་ཉུང་ངུར་བསྡུས་ནས་བྲིས་པའོ། །གོང་གི་རྗེས་ཆོག་གི་ངག་འདོན་ནི། བསྟོད་པའི་རྗེས་སུ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཡི་གེ་བརྒྱ་པ་ལན་གསུམ་མཐར། མ་འབྱོར་པ་དང་སོགས། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་བཛྲ་མུཿ གཏོར་མགྲོན་གྱིས་ཡེ་ཤེས་པ་གཤེགས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་དང་བཅས་པ་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཉིད་ཀྱང་འོད་གསལ་སྟོང་ཉིད་ཀྱི་དབྱིངས་སུ་ཞུགས་པར་གྱུར། སླར་ཡང་རང་སྐད་ཅིག་གིས་འཇིག་རྟེན་དབང་ཕྱུག་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར་པའི། མིག་ཏུ་ཀྵིཾ། རྣ་བར་ཛཱིཾ། སྣར་ཁཾ། ལྕེར་གཾ །དཔྲལ་བར་ཀཾ །ལྟེ་བར་པཾ། སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །སོགས་བརྗོད། ། ༈

Footnotes

Other Information