ཡན་ལག་མེད་པའི་རྡོ་རྗེའི་ཐབས་ཤེས་གཏམ་ལ་དབབ་པས་གྲུབ་པ།

From Khyentse Lineage - A Tsadra Foundation Project
JKW-KABUM-04-NGA-001-022
Wylie title yan lag med pa'i rdo rje'i thabs shes gtam la dbab pas grub pa JKW-KABUM-04-NGA-001.pdf
Location mkhyen brtse'i bka' 'bum
Volume 4, sde tshan 1, Text 22, Pages 282-286 (Folios 141b2 to 143b1)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Source Author(s) ཡན་ལག་མེད་པའི་རྡོ་རྗེ་ (Anaṅgavajra)
Citation 'jam dbyangs mkhyen brtse'i dbang po. yan lag med pa'i rdo rje'i thabs shes gtam la dbab pas grub pa. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 4: 282-286. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Notes - zin bris

1 Texts in this Section (sde tshan or chos tshan)

[edit]
སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེས་མཛད་པའི་ཐབས་དང་ཤེས་རབ་རྣམ་པར་གཏན་ལ་དབབ་པ་གྲུབ་པ་ལས། །ཤེས་རབ་ཐབས་རྣམ་པར་སྤྲོས་པ་ཕྱེ་བའི་ལེའུ་དང་པོར། །བྱིས་པས་འཁྲུལ་པ་བདེན་མིན་པའི། །ཀུན་ཏུ་རྟོག་པ་ལས་བྱུང་དངོས། །ཀུན་ཏུ་རྟོག་པའི་བདག་ཉིད་ཅན། །དེ་ནི་སྲིད་པར་མཁས་པས་བཤད། །ཅེས་དང་། མར་མེ་འབར་བ་བསད་རུང་གི །ཤི་ནས་ཅི་ཡང་བྱར་མེད་པར། །དངོས་པོར་འཛིན་པ་ཉིད་རུང་གི །དངོས་མེད་འཛིན་པ་དེ་ལྟ་མིན། །ཞེས་དང་། རྟག་ཏུ་རྗེས་མཐུན་སྦྱོར་བ་ཡིས། །སྐྱེ་བོ་མངོན་པར་འདོད་པ་ཡིས། །འབྲས་བུ་གང་ཡིན་ཉེར་སྦྱིན་པ། །དེ་ནི་ཐབས་ཞེས་བྱ་བར་བསྒྲགས། །ཞེས་དང་། དཔག་མེད་བདེ་བའི་རང་བཞིན་ཕྱིར། །དཔལ་ལྡན་བདེ་ཆེན་ཞེས་བྱ་བ། །ཀུན་ཏུ་བཟང་པོ་མཆོག་ཉིད་དང་། །མངོན་པར་བྱང་ཆུབ་བྱེད་པ་པོ། །ཞེས་སོ། །ལེའུ་གཉིས་པར། དེ་འདི་ཡིན་ཞེས་རྒྱལ་བས་ཀྱང་། །དེ་ནི་བརྗོད་པར་ནུས་མ་ཡིན། །སོ་སོ་རང་རིག་རང་བཞིན་ཕྱིར། །ངག་གི་ལམ་གྱིས་གཟུང་བྱ་མིན། །དེ་ལྟ་ན་ནི་དུས་གསུམ་གྱི། །སངས་རྒྱས་འགྲོ་རྣམས་དགའ་མཛད་པ། །མདོ་སྡེ་དུ་མ་གསང་སྔགས་ཀྱི། །སྤྱོད་པ་ལ་སོགས་རིམ་གྱིས་བཤད། །ཅེས་དང་། དེ་བས་དམ་པ་དོན་གཉེར་བའི། །སྐྱེས་བུའི་དངོས་པོ་ཐམས་ཅད་ཀྱིས། །དཔག་མེད་འབྲས་བུ་སྟེར་བ་ཡི། །སློབ་དཔོན་ཀུན་ཏུ་བསྟེན་པར་བྱ། །ཞེས་དང་། བརྟན་པས་གཡོ་དང་ཟོལ་དང་ང་རྒྱལ་སྒྲིབ་པ་ཐམས་ཅད་ཡོངས་སུ་སྤངས་ནས་ནི། །མན་ངག་ལྡན་པའི་བླ་མ་མཚུངས་པ་མེད་པ་དད་པས་འདིར་ནི་བསྟེན་པར་བྱ། །དེས་དེ་ངེས་པར་རྒྱལ་བའི་ཡོན་ཏན་གཏེར་གྱུར་དེ་ཉིད་རིན་ཆེན་རྙེད་གྱུར་ནས། །བདེ་གཤེགས་ཀུན་གྱིས་བརྙེས་པའི་བྱང་ཆུབ་མཆོག་ནི་འཐོབ་པར་འགྱུར། །ཞེས་སོ། །ལེའུ་གསུམ་པ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་ངེས་པར་ཕྱེ་བ་ལས། །ཆོ་ག་འདི་དག་ཉིད་ཀྱིས་དབང་བསྐུར་བྱིན་ནས་ནི། །སློབ་མ་ལྷག་པར་མོས་པའི་ཡིད་ཀྱིས་བརྟགས་བྱས་ལ། །ཟབ་ཅིང་རྒྱ་ཆེ་བ་ལ་ལྷག་པར་མོས་ནས་ནི། །ཚིག་གི་སྒོ་ནས་རིན་ཆེན་དབང་བསྐུར་སྦྱིན་པར་བྱ། །དབང་བསྐུར་མཆོག་ནི་མ་ལུས་ཐོབ་པར་འགྱུར་བ་སྟེ། །རྡོ་རྗེ་མཆོག་འཛིན་རྙེད་དཀའ་མཚུངས་པ་མེད་པའི་གནས། །ལོངས་སྤྱོད་རྫོགས་པ་དང་ནི་དཔལ་གྱི་ཞིང་གྱུར་པ། །བྱང་ཆུབ་སེམས་ཅན་དབང་བསྐུར་དེ་དག་བླང་བར་བྱ། །ཞེས་སོ། །ལེའུ་བཞི་པ་དེ་ཁོ་ན་ཉིད་སྒོམ་པའི་རིམ་པར་ཕྱེ་བ་ལས། གོང་ན་སྒོམ་པ་པོ་མེད་ཅིང་། །རྣམ་པར་བསྒོམས་པ་ཅི་ཡང་མེད། །བསྒོམ་བྱ་ཉིད་ཀྱང་ཡོད་མིན་པ། །དེ་ནི་སྟོང་ཉིད་བསྒོམ་པར་བཤད། ཅེས་དང་། ཀུན་རྟོག་མུན་པ་སྡུག་བསྔལ་སྟུག་པོས་ཟིལ་གནོན་ཞིང་། །འདོད་ཆགས་ལ་སོགས་བཟློག་དཀའི་དྲི་མས་གཡོགས་གྱུར་པའི། །རབ་ཏུ་འཐོར་རླུང་གིས་བསྐྱོད་གློག་ལྟར་གཡོ་བ་ཡི། །སེམས་ནི་འཁོར་བ་ཡིན་པར་རྡོ་རྗེ་ཅན་གྱིས་གསུངས། །རྟོག་པ་ལས་ནི་རྣམ་པར་གྲོལ་ཞིང་འོད་གསལ་བ། །འདོད་ཆགས་ལ་སོགས་དྲི་མའི་སྒྲིབ་གཡོགས་རབ་ཏུ་སྤངས། །གཟུང་བ་དང་ནི་འཛིན་པ་མེད་ན་དེ་ཉིད་ནི། །མྱ་ངན་འདས་པའི་དོན་དུ་སེམས་ཅན་མཆོག་གིས་གསུངས། །ཞེས་སོ། །ལེའུ་ལྔ་པ་དེ་ཁོ་ན་ཉིད་སྤྱོད་པའི་ངེས་པར་ཕྱེ་བ་ལས། །སྒྲུབ་པ་པོ་ལ་ཕན་གདག་ཕྱིར། །ཁམས་གསུམ་པ་ནི་མ་ལུས་པ། །འདི་དག་ཐམས་ཅད་ལོངས་སྤྱོད་ཕྱིར། །རྡོ་རྗེ་སེམས་དཔས་སྤྲུལ་པ་ཡིན། །ཞེས་དང་། །ཡེ་ཤེས་མཐའ་ཡས་རྙེད་པ་ཡི། །དེ་བཞིན་གཤེགས་ལའང་ཕྱག་མིན་ན། །རྟག་ཏུ་བསྒོམས་ལ་འགྲུབ་པ་ཡི། །ལུགས་མ་ལ་སོགས་སྨོས་ཅི་དགོས། །ཞེས་དང་། གཉིས་མེད་མཚུངས་པ་མེད་པ་གང་ཡིན་ཉིན་རེ་བཞིན། །དེ་ཉིད་མཆོག་ནི་རྒྱུན་དུ་རྗེས་སུ་བསྟེན་པར་བྱ། །འདི་ཡིས་དྲི་མ་མེད་ཅིང་རྡོ་རྗེ་ལྟ་བུ་དང་། །གྲིབ་མ་ལྟ་བུའི་སྐུ་ནི་མཚུངས་མེད་ཐོབ་པར་འགྱུར། །བློ་དང་ལྡན་པས་ཤེས་རབ་ཀྱིས་ནི་ཆོས་རྣམས་ཀུན། །རང་བཞིན་གྱིས་ནི་དྲི་མ་མེད་པར་རྣམ་འབྱེད་དེ། །འཇིག་རྟེན་གསུམ་གྱི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར། །ཉིན་རེར་བརྩོན་འགྲུས་གོ་ཆ་ཆེན་པོ་བགོས་ནས་སུ། །དངོས་པོ་ཀུན་གྱི་རང་བཞིན་དཔལ་ལྡན་རྡོ་རྗེ་སེམས། །ཡོན་ཏན་མ་ལུས་པ་ཡི་གཏེར་གྱུར་བསྒོམ་པར་བྱ། །སེམས་ནི་བྱང་ཆུབ་ངོ་བོར་བཞག་ནས་ཡུལ་གྱི་ནི། །བདེ་ལ་དགའ་བས་ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །རང་བཞིན་གྱིས་ནི་མ་ལུས་འདི་དག་རྣམ་དག་སྟེ། །ཐ་མལ་ཡུལ་རྣམས་བདག་མེད་སྒྱུ་མ་ལྟ་བུ་དང་། །མིག་འཕྲུལ་དང་ནི་མིག་ཡོར་དག་དང་མཚུངས་པ་སྟེ། །གནས་མེད་རྟོག་པའི་ཐ་སྙད་དག་ལས་རྣམ་པར་གྲོལ། །གང་ཚེ་སྐྱེས་བུ་དམ་པ་རྒྱ་ཆེན་བསམ་པ་དང་། །འཛིན་པ་མེད་པའི་སེམས་ནི་ཀུན་ཏུ་རྟོག་གྱུར་པ། །དེ་ཚེ་ལྷན་ཅིག་སྐྱེས་པའི་རྟོག་པས་ཟིལ་གནོན་ཏེ། །ཡུལ་འདི་རྣམས་ཀྱི་ནུས་པས་འཆིང་བར་ནུས་མ་ཡིན། །གང་རྣམས་རྙེད་དང་མ་རྙེད་གྲགས་དང་མ་གྲགས་དང་། །བདེ་བ་དང་ནི་སྡུག་བསྔལ་རབ་ཏུ་རྒྱས་པ་དང་། །བསྟོད་པ་དང་ནི་སྨད་པའི་དྲི་མ་མ་ལུས་པ། །ཟད་པས་རང་གི་སེམས་ནི་མཉམ་པ་ཉིད་དུ་བྱ། །ཆགས་པ་མེད་དང་འགྲོ་ལ་སྙིང་ནི་བརྩེ་བ་ཡིས། །རྣམ་པར་རྟོག་པ་ཐམས་ཅད་ལས་གྲོལ་སྤྱོད་པ་དང་། །ལྡན་པ་དེ་ཡི་ཕྱག་ན་བདེ་གཤེགས་གོ་འཕང་ནི། །གནས་པ་ཡིན་ཞེས་རྡོ་རྗེ་སེམས་དཔའ་རབ་ཏུ་གསུངས། །ཞེས་གསུངས་སོ། །གཞུང་འདི་པཎྜི་ཏ་ཤཱནྟི་བྷ་དྲ་དང་། འགོས་ལྷས་བཙས་ཀྱིས་བསྒྱུར་བ་སྟེ། ཉེ་བར་མཁོ་བའི་དུམ་བུ་འགའ་ཞིག་གུད་དུ་ཕྱུང་བ་ཤུ་བྷཾ།། །། ༈

Footnotes

Other Information