གངས་ཅན་གྱི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་རྣམས་ཀྱི་རྒྱུད་སྡེ་དང་མན་ངག་ལས་འཕྲོས་པའི་ཟིན་བྲིས་ཅི་རིགས།

From Khyentse Lineage - A Tsadra Foundation Project
JKW-KABUM-03-GA-001-008
Wylie title gangs can gyi sgrub brgyud shing rta chen po rnams kyi rgyud sde dang man ngag las 'phros pa'i zin bris ci rigs JKW-KABUM-03-GA-001.pdf
Location mkhyen brtse'i bka' 'bum
Volume 3, sde tshan 1, Text 8, Pages 182-212 (Folios 91b2 to 106b1)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. gangs can gyi sgrub brgyud shing rta chen po rnams kyi rgyud sde dang man ngag las 'phros pa'i zin bris ci rigs. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 3: 182-212. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre History Texts - lo rgyus  ·  Notes - zin bris
Colophon

།ཞེས་པའང་ཟིན་བྲིས་ལས་བཏུས་སོ། །སརྦ་མངྒ་ལམ།།

zhes pa'ang zin bris las btus so/__/sarba mang+ga lam/

1 Texts in this Section (sde tshan or chos tshan)

[edit]
འཇམ་དཔལ་དབྱངས་དངོས་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་པའི་བཀའ་ཡང་དག་པའི་ཚད་མ་ཞེས་ལེའུ་བཅོ་ལྔ་པ་ལས། ཆོས་སོ་ཅོག་དབང་དུ་བགྱིད་པ་རིག་པའི་རྣམ་པ་སྨོས་པས་འཇིག་རྟེན་ན་རྒྱལ་པོ་དག་བདག་གི་རིགས་སུ་ཅི་འདོད་པ་ངག་གི་དབང་གིས་འགྲུབ་པ་བཞིན་དུ། ཆོས་སོ་ཅོག་ལ་བདག་གི་ཕྱོགས་སུ་ཇི་ལྟར་བཟུང་བ་ཡང་རིག་པའི་དབང་གིས་འགྲུབ་སྟེ། ཆོས་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བུ་རིག་པ་ཞེས་བྱ་བ་ཆོས་ཀྱི་རྗེས་གསུངས་པའི་རིག་པ་བཞི་བརྗོད་དོ། །དེ་གང་ཡིན་ཞེ་ན། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་གསུངས་པ། རིག་པ་དེ་ཡང་རྣམ་པ་བཞི་སྟེ། བལྟོས་པའི་རིག་པ་དང་། བྱ་བ་བྱེད་པའི་རིག་པ་དང་། གཏན་ཚིགས་སྒྲུབ་པའི་རིག་པ་དང་། ཆོས་ཉིད་ཀྱི་རིག་པ་བཞི། ཞེས་གསུངས་སོ། །རིག་པ་བཞིའི་ཕྱོགས་ཙམ་ཞིག་མདོར་བརྗོད་ན། བལྟོས་པའི་རིག་པ་ཞེས་བྱ་བ་ནི་ཆོས་དང་འབྲས་བུའི་རིག་པ་བརྗོད་པ་ཡིན་ཏེ། འདུ་བྱེད་གང་དང་གང་ལ་ཐ་སྙད་དུ་གདགས་པ་དང་། གང་དང་གང་གི་འབྲས་བུ་སྐྱེ་བ་ཡང་དེ་དང་དེའི་རྒྱུ་རྐྱེན་ལ་བལྟོས་པར་བསྟན་པའོ། །བྱ་བ་བྱེད་པའི་རིག་པ་ཞེས་བྱ་བ་ནི་ལས་དང་རྒྱུའི་སྒོ་ནས་བརྗོད་པ་ཡིན་ཏེ། གང་དང་གང་གི་བྱ་བ་དེ་དང་དེ་ལ་བྱེད་པ་གང་གི་རྒྱུ་དང་རྐྱེན་དུ་ངེས་པ་ནི་དེ་དང་དེའི་འབྲས་བུའི་བྱ་བ་བྱེད་པར་བསྟན་པའོ། །གཏན་ཚིགས་སྒྲུབ་པའི་རིག་པ་ཞེས་བྱ་བ་ནི་ཀུན་ཏུ་འགྲོ་བ་ཡིན་ཏེ། གང་དང་གང་བསྒྲུབ་པའི་ཚད་མའི་མཚན་ཉིད་བསྟན་པའོ། །ཆོས་ཀྱི་རིག་པ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་རང་བཞིན་གྱི་སྒོ་ནས་བརྗོད་པ་ཡིན་ཏེ། ཆོས་རྣམས་ལ་ཀུན་རྫོབ་བདེན་པ་དང་དོན་དམ་པའི་བདེན་པ་གང་དང་གང་གི་རང་བཞིན་ཡོད་པ་དེ་དང་དེ་བསྟན་པའོ། །ཞེས་སོགས་དེ་དག་གི་དོན་ཞིབ་ཏུ་འཆད་པར་སྣང་ངོ་། །དེ་ཡང་གསུམ་པ་གཏན་ཚིགས་སྒྲུབ་པའི་རིག་པའི་སྐབས་སུ། ཡོངས་སུ་དག་པ་དང་། ཡོངས་སུ་མ་དག་པ་གཉིས། ཡོངས་སུ་དག་པ་ལ་རྣམ་པ་ལྔ་སྟེ། མངོན་སུམ། རྗེས་དཔག །དཔེ། གྲགས་པ། ལུང་སྟེ་ལྔར་བཤད། ལེའུ་དགུ་པར། ཚད་མའི་གྲངས་དང་མཚན་ཉིད་ཀྱི་བཀའ་ཐང་ལ། གཏན་ཚིགས་སྒྲུབ་པའི་རིག་པ་དེ་ཡང་། དེ་ལྟར་མངོན་སུམ་གྱི་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མ་དང་། ཡིད་ཆེས་པ་ལུང་གི་ཚད་མ་དང་། མཚན་ཉིད་ལྔས་ཡོངས་སུ་དག་པའོ། །ཞེས་གསུངས་ཏེ། ཚད་མ་འདི་དག་ཅིའི་ཕྱིར་གསུངས་ཞེས་ལྟག་འོག་སྤུན་ཏེ་སྦྱར་ན་འཇིག་རྟེན་གསུམ་གྱི་སེམས་ཅན་དག་ཚད་མ་མ་ཡིན་པར་ཚད་མར་སྟོན་ཅིང་ཚད་མར་མི་རུང་བ་ལ་ཚད་མར་འཛིན་པར་བྱུང་བ་དང་། འབྱུང་བ་དང་། འབྱུང་བར་འགྱུར་བ་མཁྱེན་ནས། ལོག་པར་ལྟ་བའི་དྲྭ་བ་བསལ་པའི་ཕྱིར་ཚད་མ་འདི་གསུངས་པ་ཡིན་ནོ། །ཚད་མ་ཞེས་བྱ་བ་ནི་རིང་ཐུང་ལ་སོར་མོ་ལ་སོགས་པས་གཞལ་བ་དང་། མང་ཉུང་ལ་བྲེ་ལ་སོགས་པས་གཞལ་བ་དང་། ལྕི་ཡང་ལ་སྲང་ལ་སོགས་པས་གཞལ་བ་ལྟ་བུ་ཡིན་ཏེ། ཚད་མ་ནི་མངོན་སུམ་དང་རྗེས་སུ་དཔག་པ་དང་ཡིད་ཆེས་པའི་ལུང་དང་གསུམ་མོ། །ཚད་མ་གསུམ་ནི་དངོས་པོ་བསྒྲིབས་པ་དང་། མ་བསྒྲིབས་པ་དང་། དེ་དག་ལས་ཀྱང་ཤིན་ཏུ་བསྒྲིབས་པའི་ཆོས་དང་གསུམ་ཡོད་པས་ཚང་མ་ཡང་གསུམ་དུ་གསུངས་སོ། །དེ་ལྟ་བས་ན་མངོན་སུམ་གྱི་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མ་དང་། ཡིད་ཆེས་པའི་ལུང་གི་ཚད་མ་ཡང་ཞེས་བྱའོ། །ཚད་མ་དེ་དག་གི་མཚན་ཉིད་ནི་དེ་གཅིག་ཀྱང་ལྔ་ལྔར་ཤེས་པར་བྱ་སྟེ། ཡོངས་སུ་དག་པའི་མཚན་ཉིད་ལྔ། །ཞེས་གསུངས་པ་རྣམས་ཡིན་ནོ། །དེ་ལྟ་བས་ན་མཚན་ཉིད་ལྔས་ཡོངས་སུ་དག་གོ །ཞེས་གསུངས་སོ། །ཇི་ལྟར་ཡོངས་སུ་དག་ཅེ་ན། མངོན་སུམ་དང་རྗེས་སུ་དཔག་པས་ནོར་རམ་མ་ནོར་གཏན་ལ་དབབ། རྗེས་སུ་དཔག་པ་ནི་མངོན་སུམ་མྱོང་བས་དོན་ལ་ངེས་པར་བཞག་སྟེ། མངོན་སུམ་དང་རྗེས་སུ་དཔག་པ་དེ་གཉིས་ལ་ཐེ་ཚོམ་ཡོད་པ་ནི་རང་གི་རིགས་ཀྱི་དཔེས་བསལ་བར་བྱེད་དོ། །དེ་གསུམ་ཚོགས་ནས་འགྲུབ་པ་ལ་གཅིག་ཏུ་ངེས་པས་ཡོངས་སུ་གྲགས་པ་ཡིན་ཏེ། འཇིག་རྟེན་གྱི་ཚད་མའི་གྲངས་སུ་ཆུད་དོ། །ལུང་ནི་མི་ལས་བླ་མར་གྱུར་པའི་ཆོས་ཡོད་པར་མི་ཤེས་པ་དེས་མཚོན་ཅིང་སྟོན། མཚན་ཉིད་འདི་ལྔས་ཡོངས་སུ་དག་པར་འགྱུར་རོ། །ཡང་ནི་འཇིག་རྟེན་གྱི་ཆོས་ཀྱང་རུང་། འཇིག་རྟེན་ལས་འདས་པའི་ཆོས་ཀྱང་རུང་། གང་ལ་དོན་རྟོགས་པར་བྱེད་དོ་ཅོག་ནི་ཡོངས་སུ་དག་པའི་མཚན་ཉིད་རྫོགས་པས་རྟོགས་པར་འགྱུར་ཏེ། འཇིག་རྟེན་ལས་འདས་པའི་ཆོས་དང་། ཤེས་པར་དཀའ་བ་རྣམས་ལ་ནི་མཚན་ཉིད་ལྔ་པོ་རེ་རེ་དང་མཐར་གྱིས་སྦྱར་ཞིངས་རྟགས་དགོས་པས་མཚན་ཉིད་ཀྱི་བྱེ་བྲག་གསལ་བར་མངོན་ནོ། །འཇིག་རྟེན་གྱི་ཆོས་དང་ཤེས་པར་སླ་བ་རྣམས་ནི་མཚན་ཉིད་བཞི་པོ་ཚད་མས་བརྟགས་པར་བྱེད་མོད་ཀྱི། དེ་དག་གི་གཞལ་བྱ་ཡང་འདྲིས་པའི་ཤས་ཆེ་སྟེ། ལན་དུ་མར་བསླབས་མི་དགོས་པས་མཚན་ཉིད་ཀྱི་བྱེ་བྲག་ཀྱང་མྱུར་ཞིང་ཕྲ་སྟེ་གསལ་བར་མི་མངོན་བཞིན་དུ་འབྱུང་ངོ་། །ཞེས་དང་། སྒྲུབ་ཚུལ་ཀྱང་། མངོན་སུམ་གྱི་ཚད་མ་མཚན་ཉིད་ལྔས་ཡོངས་སུ་དག་པས་མི་རྟག་པ་ལ་སོགས་པ་གཞལ་ཞིང་སྒྲུབ་པ་ནི་སྔར་བཤད་པ་བཞིན་དུ་གང་འདུ་བྱེད་དུ་རྟོགས་པ་ཐམས་ཅད་ཀྱི་འདྲ་བ་དང་མི་འདྲ་བའི་རྒྱུན་ཕྱི་མ་སྐྱེས་ནས་སྔ་མ་འགག་པར་མི་དམིགས་པ་དང་འདྲ་བ་དང་མི་འདྲ་བ་ཕྱི་མ་མེད་ཅིང་སྔ་མ་གཏོང་བར་དམིགས་པ་དེ་དག་སོ་སོ་རང་གིས་རིག་པ་ནི་མངོན་སུམ་གྱི་མཚན་ཉིད་དོ། །དེ་ལ་འདྲ་བ་དང་མི་འདྲ་བའི་རྒྱུན་གཞན་བྱུང་བའི་ཚེ། སྔ་མ་འགགས་པའི་ཕྱིར་མི་རྟག་པ་ཉིད་དུ་རྟོགས་པར་ཁོང་དུ་ཆུད་པ་ནི་ཉེ་བར་རྗེས་སུ་དཔག་པའི་མཚན་ཉིད་དོ། །འདུ་བྱེད་རྣམས་ནི་རྟག་པའི་མཚན་ཉིད་དང་ལྡན་པའི་ནང་ནས་ཀྱང་མི་རྟག་པ་མངོན་པ་མེ་ལྕེའི་རྒྱུན་ལ་མེ་ལྕེ་འགགས་ནས་མེ་དག་ལས་ཐལ་བ་དང་སོལ་བར་འགྱུར་བ་བཞིན་ནོ་ཞེས་བྱ་བའི་དཔེས་བསྟན་ཏེ། རིམ་གྱིས་སྲིད་པ་དང་སྦྱར་ཞིང་མི་རྟག་པར་བསྒྲུབས་པ་ནི་རང་གི་རིགས་ཀྱི་དཔེའི་མཚན་ཉིད་དོ། །མཚན་ཉིད་དེ་གསུམ་ཚོགས་པས་འགྲུབ་པ་ལ་གཅིག་ཏུ་ངེས་པ་ནི་ཡོངས་སུ་གྲགས་པའི་མཚན་ཉིད་དོ། །གང་ཐམས་ཅད་མཁྱེན་པས་གསུངས་པ་ཁོང་དུ་ཆུད་པ་ཉེ་བའི་རྗེས་སུ་དཔག་པའི་མཚན་ཉིད་དོ། །འདུ་བྱེད་ཐམས་ཅད་མི་རྟག་ཅེས་འབྱུང་བ་ནི་ལུང་གི་མཚན་ཉིད་དོ། །དེ་ལྟར་ན་མཚན་ཉིད་ལྔས་ཡོངས་སུ་དག་པའི་མངོན་སུམ་གྱིས་མི་རྟག་པར་ཡོངས་སུ་གྲུབ་པའོ། །ཞེས་སོགས་ནས་བདེན་པ་བཞི་ཀར་ཚད་མ་གསུམ་དང་སྦྱར་བའི་རིག་པ་ཞིབ་ཏུ་འབྱུང་ངོ་། །གཞན་ཡང་ཡོངས་སུ་མ་དག་པའི་མཚན་ཉིད་བདུན་གང་ཞེ་ན། དེ་ལས་གཞན་དང་མཐུན་པར་དམིགས་པའི་མཚན་ཉིད་དང་། དེ་ལས་གཞན་དང་མི་མཐུན་པར་དམིགས་པའི་མཚན་ཉིད་དང་། ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་དང་། ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་དང་། རང་བཞིན་གྱི་རིགས་དང་མཐུན་པའི་དཔེའི་མཚན་ཉིད་དང་། ཡོངས་སུ་གྲགས་པའི་མཚན་ཉིད་དང་། ལུང་རྣམ་པར་མ་དག་པའི་མཚན་ཉིད་དོ། །ཞེས་དང་། དེ་རྣམས་རྒྱས་པར་བཤད་ཅིང་། མེའི་རྟགས་ནི་དུ་བའོ། །རང་བཞིན་ནི་དྲོ་བའོ། །ལས་ནི་འཚེད་བར་བྱེད་པའོ། །ཆོས་ནི་འབར་བའོ། །རྒྱུ་ནི་སེམས་ཅན་གྱིས་ཚ་བ་རྣམ་པར་རྟོགས་པའོ། །ཞེས་རྟགས་སོགས་དྲུག་གོ། །བཞི་པ་ཆོས་ཉིད་ཀྱི་རིག་པ་ལ་བདེན་པ་བཅུས་ཤེས་པར་བྱ་སྟེ། འཕགས་པ་ཆོས་ཀུན་འགྲོ་བའི་མདོ་ལས། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་དང་། མཚན་ཉིད་ཀྱི་བདེན་པ་དང་། རྣམ་པར་དབྱེ་བའི་བདེན་པ་དང་། །ངེས་པར་རྟོགས་པའི་བདེན་པ་དང་། དངོས་པོའི་བདེན་པ་དང་། ནུས་པའི་བདེན་པ་དང་། ཟད་པ་དང་མི་སྐྱེ་བ་ཤེས་པའི་བདེན་པ་དང་། ལམ་ལ་འཇུག་པའི་བདེན་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀུན་འབྱུང་བའི་བདེན་པ་སྟེ། འདི་དག་ནི་བདེན་པ་བཅུའོ། །ཞེས་དང་། དེ་དག་གི་དོན་རྒྱས་པར་བཤད། ཡང་ལེའུ་བཅོ་ལྔ་པ་ཚད་མའི་ཡོན་ཏན་སུ་བཀོད་པར། མདོར་བསྡུ་ན་རྣམ་པ་གསུམ་སྟེ། ཡོངས་སུ་དག་པའི་ཡོན་ཏན་རྫོགས་པ་ཡིན། ཡོངས་སུ་མ་དག་པའི་སྐྱོན་གྱིས་མ་གོས་པ་ཡིན། ཕན་ཡོན་གྱི་ལེགས་པ་དང་ལྡན་པ་ཡིན་ནོ། །དེ་ལ་ཡོངས་སུ་དག་པའི་ཡོན་ཏན་རྫོགས་པ་གང་ཞེ་ན། རྣམ་པ་ལྔར་ཤེས་པར་བྱ་སྟེ། ཚད་མ་ཡོངས་སུ་དག་པས་འགྲུབ་པ་ལ་གཅིག་ཏུ་ངེས་པ་དང་། གཞལ་བྱ་ཕུན་སུམ་ཚོགས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཆུབ་པ་དང་། སྒྲུབ་པ་ཡན་ལག་ཡོངས་སུ་རྫོགས་པ་དང་། ལྟ་བ་རྣམ་པར་དག་པ་དང་། ཚད་མའི་བྱེ་བྲག་རབ་ཏུ་ཤེས་པར་འགྱུར་བ་དང་ལྔའོ། །ཞེས་སོགས་དེའི་དོན་རྒྱས་པ་དང་། ཡོངས་སུ་མ་དག་པའི་སྐྱོན་གྱིས་མ་གོས་པ་གང་ཞེ་ན། རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། འགལ་བ་མེད་པ་ཡིན། མ་ངེས་པ་ཡིན། སོ་སོ་སྐྱེ་བོའི་ནོར་བ་མེད་པ་ཡིན་ནོ། །ཞེས་སོགས་དང་། ཕན་ཡོན་གྱི་ལེགས་པ་དང་ལྡན་པ་གང་ཞེ་ན། རྣམ་པ་གཉིས་ཏེ། ཐམས་ཅད་མཁྱེན་པས་གསུངས་པ་བཞིན་དུ་བྲིས་ཏེ་ཆོས་ལ་བརྟེན་པས་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ཤིང་བསྒྲུབས་པ་ལ་མཐུ་ཆེན་པོ་ཡིན། དཔལ་གྱི་ཞལ་ནས་གསུངས་པ་ནང་གཅིག་གིས་གཅིག་བཀྲོལ་ཏེ། ལྷད་མ་ཞུགས་པའི་གསུང་རབས་ཉིད་ཡིན་པས་གང་གིས་བཀླགས་པ་དང་། ཐོས་པ་དང་། བསམ་པ་ཙམ་གྱིས་ཀྱང་སྡིག་པ་འབྱོང་ཞིང་བསོད་ནམས་འཕེལ་བ་ཡིན་ནོ། །ཞེས་སོགས་གསུངས་ཤིང་། མདོར་ན་བསྟན་བཅོས་འདི་ནི་རིག་པ་རྣམ་པ་བཞིའི་ཞར་ལ་ཚད་མ་ལྔས་དེ་བཞིན་གཤེགས་པའི་གསུང་ལེགས་པར་བསྒྲུབས་པ་ཁྱད་པར་ཅན་དུ་སྣང་བས་བློ་གསལ་ཞིང་དོན་དུ་གཉེར་བ་རྣམས་ཀྱིས་ནན་ཏན་དུ་རྟོགས་པར་བྱོས་ཤིག ། ༈

གཞན་ཡང་། མངོན་སུམ་ཡོངས་སུ་དག་པའི་མཚན་ཉིད་ལ། དེ་ལ་འདུ་བྱེད་ཐམས་ཅད་མི་རྟག་པ་ཉིད་དང་། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་ཉིད་དང་། ཆོས་ཐམས་ཅད་བདག་མེད་པ་ཉིད་དུ་གང་འཇིག་རྟེན་ན་མངོན་སུམ་དུ་དམིགས་པའི་མཚན་ཉིད་དོ། །ཞེས་གསུངས་པའི་མཚན་ཉིད་དུ་བཤད་དོ། །མངོན་སུམ་དུ་ཞེས་བྱ་བ་ནི་རྐྱེན་བཞིས་བསྐྱེད་པའི་རྣམ་པར་ཤེས་པའི་སྒྲིབ་པ་དག་གིས་མ་བསྒྲིབས་པས་ཡུལ་ལ་མངོན་སུམ་དུ་དམིགས་པ་ཡིན་ཏེ། ད་ལྟར་བྱུང་བའི་རྣམ་པར་ཤེས་པ་ལྔ་པོ་དག་དང་། དེས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང་བཅས་པས་དུས་གཅིག་སྤྱོད་ཡུལ་གཅིག་ཏུ་ད་ལྟར་བྱུང་པའི་ཡུལ་ཐད་ཀར་བབས་པ་ལ་དམིགས་ནས། ཡུལ་དེ་སོ་སོའི་དོན་རང་གིས་རིག་པ་ནི་མངོན་སུམ་པའི་མཚན་ཉིད་ཅེས་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་འབའ་ཞིག་གིས་ཆོས་ཀྱི་ཁམས་ལ་དམིགས་པའང་ཆོས་ལ་དམིགས་པའི་མངོན་སུམ་ཞེས་བྱའོ། །ཞེས་དང་། རྗེས་སུ་དཔག་པ་ཡོངས་སུ་དག་པའི་མཚན་ཉིད་ལ། འདུ་བྱེད་ཐམས་ཅད་སྐད་ཅིག་པ་ཉིད་དང་། འཇིག་རྟེན་ཕ་རོལ་པོ་ཡོད་པ། དགེ་བ་དང་མི་དགེ་བའི་ལས་རྣམ་པར་ཆུད་མི་ཟ་བ་དང་། གང་དེ་ལ་གནས་པའི་མི་རྟག་པ་རགས་པ་མངོན་སུམ་དུ་དམིགས་པ་དང་། གང་སེམས་ཅན་སྣ་ཚོགས་ལ་གནས་པ་མངོན་སུམ་དུ་དམིགས་པ་དང་། གང་སེམས་ཅན་བདེ་བ་དང་སྡུག་བསྔལ་བ་དགེ་བ་དང་མི་དགེ་བ་ལ་གནས་པ་མངོན་སུམ་དུ་དམིགས་པ་ཡིན་ཏེ། གང་གིས་མངོན་སུམ་དུ་མ་གྱུར་པ་ལ་རྗེས་སུ་དཔག་པར་བྱ་བ་ཡིན་ནོ། །འདི་དང་ཚུལ་འདི་ལྟ་བུ་དག་ནི་དེ་ལ་གནས་པའི་མངོན་སུམ་ལ་དམིགས་པའི་མཚན་ཉིད་དོ་ཞེས་གསུངས་པའི་མཚན་ཉིད་བཤད་དོ། །དེ་ལ་གནས་པའི་མངོན་སུམ་གྱི་དམིགས་པ་ཞེས་བྱ་བ་ནི་གང་རྗེས་སུ་དཔག་པར་བྱ་བ་དེའི་རང་བཞིན་ལྐོག་ན་འདུག་སྟེ། མངོན་སུམ་གྱིས་མ་དམིགས་ཀྱང་དེ་ལ་གནས་པའི་རྟགས་སམ། ལས་སམ། ཆོས་སམ། རྒྱུའམ། འབྲས་བུའམ། དེ་རྣམས་ཀྱི་ནང་ནས་གང་མངོན་སུམ་གྱིས་དམིགས་པའི་རྗེས་སུ་འཇུག་པའི་བློས་རྗེས་སུ་དཔག་སྟེ། དེའི་གནས་དང་རང་བཞིན་ཤེས་པར་བྱའོ། །ཞེས་དང་། རང་གི་རིགས་ཀྱི་དཔེ་དང་སྦྱར་བའི་མཚན་ཉིད་ལ་ནང་དང་ཕྱིའི་འདུ་བྱེད་རྣམས་ཀྱི་འཇིག་པ་དང་། སྐྱེ་བར་དམིགས་པའི་འཇིག་རྟེན་ཐམས་ཅད་ལ་གྲགས་པ་ཉེ་བར་སྦྱར་བ་དང་། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དམིགས་པས་ཉེ་བར་སྦྱར་བ་དང་། རང་དབང་མེད་པར་དམིགས་པས་ཉེ་བར་སྦྱར་བ་དང་། ཕྱི་རོལ་གྱི་ཕུན་སུམ་ཚོགས་པ་དང་རྒུད་པ་ཉེ་བར་དམིགས་པས་འཇིག་རྟེན་ཐམས་ཅད་ལ་གྲགས་པ་ཉེ་བར་སྦྱར་བ་འདི་དང་། རྣམ་པ་འདི་ལྟ་བུ་དག་ནི་རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་དུ་ཤེས་པར་བྱའོ། །ཞེས་གསུངས་པ་དེའི་མཚན་ཉིད་བཤད་དོ། །སོ་སོ་སྐྱེ་བོ་རྣམས་ལ་ཐུབ་པ་དག་གིས་གཙུག་ལག་ཏུ་བསྟན་པ་ནི། གང་འཇིག་རྟེན་ལ་མ་གྲུབ་པ་སྒྲུབ་ཅིང་ཁོང་དུ་མ་ཆུད་པ་ཁོང་དུ་གཞུག་པའི་ཕྱིར་སྟོན་པས་ན། མངོན་སུམ་གྱི་དམིགས་པ་ཡང་རུང་། རྗེས་སུ་དཔག་པས་ཤེས་པར་བྱ་བ་ཡང་རུང་། ཐེ་ཚོམ་སེལ་བའི་གྲོགས་སུ་རང་གི་རིགས་ཀྱི་དཔེས་བསྟན་པར་བྱའོ། །ཞེས་དང་། ཡོངས་སུ་གྲགས་པ་ཡོངས་སུ་དག་པའི་མཚན་ཉིད་ལ། གང་འདི་དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང་། དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང་། རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་ནི། དེ་འགྲུབ་པར་བྱ་བ་ལ་གཅིག་ཏུ་ངེས་པའི་ཕྱིར་ཡོངས་སུ་གྲགས་པའི་མཚན་ཉིད་དུ་རིག་པར་ཤེས་པར་བྱའོ། །ཞེས་གསུངས་པ་དེའི་མཚན་ཉིད་བཤད་དོ། །ཡོངས་སུ་གྲགས་པ་ཞེས་བྱ་བ་ནི་ཆོས་རྣམས་ལ་མངོན་སུམ་དུ་དམིགས་པ་དང་། རྗེས་སུ་དཔག་པས་རིག་པ་དང་། རང་གི་རིགས་གྱི་དཔེ་ཉེ་བར་སྦྱར་བ་གསུམ་འཚོགས་ནས་གཅིག་ཏུ་ངེས་པ་འདི་ནི་ཡོངས་སུ་གྲགས་པའི་མཚན་ཉིད་ཅེས་བྱ་སྟེ། མངོན་སུམ་ལ་སོགས་པ་གསུམ་སོ་སོར་སྨོས་པ་ནི་མཚན་ཉིད་ཀྱི་བྱེ་བྲག་གོ །ཞེས་དང་། ཤིན་ཏུ་རྣམ་པར་དག་པའི་ལུང་གཏན་ལ་དབབ་པར་བསྟན་པའི་མཚན་ཉིད་ལ། གང་ཐམས་ཅད་མཁྱེན་པས་བཤད་པ་འདི་ལྟ་སྟེ། མྱ་ངན་ལས་འདས་པ་ནི་ཞི་བའོ། །ཞེས་བྱ་བ་འདི་དང་། རྣམ་པ་འདི་ལྟ་བུ་དག་ནི་ཤིན་ཏུ་རྣམ་པར་དག་པའི་ལུང་གཏན་ལ་དབབ་པར་བསྟན་པའི་མཚན་ཉིད་དུ་ཤེས་པར་བྱའོ། །ཞེས་དང་། ཅིའི་ཕྱིར་ལུང་ཤིན་ཏུ་རྣམ་པར་དག་པ་ཡིན་ཞེ་ན། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱང་ཆོས་དང་མཐུན་པར་སྟོན་པས་ན་ལུང་ཞེས་བྱའོ། །ཆོས་ཀྱིས་ཚད་མར་བྱས་པའི་མཚན་ཉིད་དང་ལྡན་ལ་རང་བཟོའི་ལྷད་མ་ཞུགས་པས་ན་ཤིན་ཏུ་རྣམ་པར་དག་པ་ཞེས་བྱའོ། །ཞེས་སོགས་རྒྱ་ཆེར་བསྟན་སྣང་ངོ་། །ཞེས་དང་། གཞོན་ནུ་གསེར་མདོག་གི་རྟོགས་པ་བརྗོད་པར། བུད་མེད་མཆོག་རྣམས་ལ་ཐུན་མོང་མ་ཡིན་པའི་ཆོས་རྣམ་པ་ལྔ་ཡོད་དེ། ལྔ་གང་ཞེ་ན། སྐྱེས་པ་ཆགས་པར་ཡང་ཤེས་ཤིང་མ་ཆགས་པར་ཡང་ཤེས་པ་དང་། དུས་ཤེས་ཤིང་ས་བོན་ཤེས་པ་དང་། གང་ལས་མངལ་དུ་འཇུག་པ་དེ་ཤེས་པ་དང་། ཁྱེའུར་གྱུར་པ་ཤེས་ཤིང་བུ་མོར་གྱུར་པ་ཤེས་ཏེ། གལ་ཏེ་ཁྱེའུར་གྱུར་ན་ནི་དཀུ་གཡས་པར་བརྟེན་ཅིང་གནས་ལ། གལ་ཏེ་བུ་མོར་གྱུར་ན་ནི་དཀུ་གཡོན་པར་བརྟེན་ཅིང་གནས་སོ། །ཞེས་དང་། ། ༈ འཕགས་པ་དགོངས་པ་ངེས་འགྲེལ་གྱི་ཊཱིཀ །ཅོ་ཇོ་མཛད་པ་པོ་གང་ཡིན་མི་གསལ་བར་ཕར་ཕྱིན་དྲུག་གི་དབྱེ་བ་བསྡུས་པ། ། ༈ ཆོས་ཀྱི་སྦྱིན་པ་ལའང་། གླེགས་བམ་སྦྱིན་པ། གཞུང་བཞིན་འཆད་པ། མཁན་པོར་སྟོན་པའོ། །ཟང་ཟིང་གི་སྦྱིན་པར། ཕྱིའི། ནང་གི །ཕྱི་ནང་གཉིས་ཀའི་ཟང་ཟིང་གི་སྦྱིན་པའོ། །མི་འཇིགས་པར་རྐྱེན་གྱི་སྡུག་བསྔལ། སྲོག་གི་བར་ཆད། འཁོར་བའི་རྒྱུད་ལས་བསྐྱབས་པའོ། །གསུམ་པོའི་འབྲས་བུའང་། འཇིག་རྟེན་ལས་འདས་པ། ལོངས་སྤྱོད་ཆེན་པོ་འཐོབ་པ། ཚེ་ལ་བར་ཆད་མེད་པར་འགྱུར་རོ། ། ༈ མི་དགེ་བ་ལས་ལྡོག་པའི་ཚུལ་ཁྲིམས་ཀྱང་རྣམ་པ་གསུམ་སྟེ། ལུས། ངག །ཡིད་མི་དགེ་བ་ལས་ལྡོག་པའོ། །དགེ་བ་ལ་འཇུག་པའི་ཚུལ་ཁྲིམས་ལ་ཡང་རྣམ་པ་གསུམ་སྟེ། དཀོན་མཆོག་གསུམ་ལ་སྐྱབས་སུ་རྟོན་པར་འཇུག་པ། བསོད་ནམས་ལ་ཡིད་རྟོན་པར་འཇུག་པ། ཆོས་ཀྱི་དབྱིངས་རྟོགས་པར་འཇུག་པའོ། །སེམས་ཅན་གྱི་དོན་ལ་འཇུག་པའི་ཚུལ་ཁྲིམས་ལའང་། ཡོངས་སུ་མ་སྨིན་པ་སྨིན་པར་བྱ་བ། རྣམ་པར་མ་གྲོལ་བར་གྲོལ་བར་བྱ་བ། ཡོངས་སུ་མྱ་ངན་ལས་མ་འདས་པ་མྱ་ངན་ལས་འདའ་བའོ། །དེ་དག་གི་འབྲས་བུའང་། མཐོ་རིས་སུ་སྐྱེ་བ། བྱང་ཆུབ་ཀྱི་ཚོགས་རྫོགས་པ། གཞན་དོན་ཕུན་སུམ་ཚོགས་པའོ། ། ༈ བཟོད་པ་ལའང་། གནོད་པ་མི་མཇེད་པའི་བཟོད་པར། གཤེ་ཡང་ཕྱིར་མི་གཤེ་བ། བརྡེག་ཀྱང་ཕྱིར་མི་བརྡེག་པ། སྨད་ཀྱང་ཕྱིར་མི་སྨད་པའོ། །སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པར་ཀྱང་། མ་འོངས་པའི་དུས་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བས་མི་སྐྱོ་བའི་བཟོད་པ་དང་། སྤྱོད་ལམ་དམ་ལོག་པར་སྒྲུབ་པའི་སྡུག་བསྔལ་གྱིས་སྤ་མི་བཀང་བའི་བཟོད་པ་དང་། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཞི་ཞིང་སྤང་བར་བཟོད་པའོ། །ཆོས་ལ་ངེས་པར་རྟོགས་པའི་བཟོད་པ་ལ་ཡང་རྣམ་པ་གསུམ་སྟེ། སྟོད་པས་མི་སྐྲག་པ་དང་། མཐའ་གཉིས་ལ་མི་ཆགས་པ་དང་། དཀའ་བ་སྤྱད་པ་ལ་བརྟན་པར་བཟོད་པའོ། །དེའི་ཡོན་ཏན་ཀྱང་འཁོར་ཕུན་སུམ་ཚོགས་པ། མ་རབས་ཀྱི་སེམས་སྤོང་བ། ཟག་མེད་ཀྱི་ཤེས་རབ་སྐྱེ་བའོ། ། ༈ བརྩོན་འགྲུས་ལ་གསུམ་ལས། གོ་ཆའི་བརྩོན་འགྲུས་ལའང་གསུམ་སྟེ། བྱམས་པ་ཆེན་པོའི་གོ་ཆ་བགོ་བ། སྙིང་རྗེ་ཆེན་པོའི་མཐུ་བརྟན་པ། བརྩོན་འགྲུས་ཆེན་པོའི་མཐུ་བརྟན་པའོ། །དགེ་བ་ལ་སྦྱོར་བའི་བརྩོན་འགྲུས་ཀྱང་རྣམ་པ་གསུམ་སྟེ། དད་པ་ཆེན་པོས་དོན་ལ་རྟོན་པ་དང་། སྤྱོད་པ་ཆེན་པོས་དགེ་བ་ལ་འཇུག་པ། བསྔོ་བ་ཆེན་པོས་སེམས་ཅན་ལ་ཁྱབ་པའོ། །སེམས་ཅན་གྱི་དོན་ལ་སྦྱོར་བའི་བརྩོན་འགྲུས་ཀྱང་རྣམ་པ་གསུམ་སྟེ། སྒོམ་པ་དང་ཚུལ་ཁྲིམས་ལ་ཁྱད་པར་མེད་བར་བརྩོན་པ་དང་། བསྡུ་བ་རྣམ་བཞིའི་ཐབས་ཀྱིས་ཆོས་ཀྱི་དོན་ལ་འཇོག་པར་བརྩོན་པ་དང་། གཉེན་པོ་ལ་མི་འགོང་བའི་ཤེས་རབ་ཀྱི་ཐབས་སུ་བརྩོན་པའོ། །དེས་བདུད་བཞི་ཐུལ་བ། ས་བཅུ་རྫོགས་པ། འདྲེན་པ་ཆེན་པོའི་ཐབས་དང་ལྡན་པར་འགྱུར་རོ། ། ༈ རྣམ་པར་མི་རྟོག་ཅིང་ཞི་ལ་རབ་ཏུ་ཞི་བས་ཉོན་མོངས་པ་དང་སྡུག་བསྔལ་གྱི་གཉེན་པོ་བདེ་བར་གནས་པའི་བསམ་གཏན་ལ་ཡང་རྣམ་པ་གསུམ་སྟེ། སེམས་ཆོས་ལ་མི་རྟོག་པ་དང་། ཆོས་སེམས་ལ་མི་རྟོག་པ་དང་། བཏང་སྙོམས་ཀྱི་སེམས་གཉི་གར་མི་རྟོག་པའོ། །ཡོན་ཏན་མངོན་པར་སྒྲུབ་པའི་བསམ་གཏན་ལ་ཡང་རྣམ་པ་གསུམ་སྟེ། སྐུའི་ཡོན་ཏན་མངོན་པར་སྒྲུབ་པ། ཡེ་ཤེས་ཀྱི་ཡོན་ཏན་མངོན་པར་སྒྲུབ་པ། སྟོབས་ལ་སོགས་པའི་ཡོན་ཏན་མངོན་པར་སྒྲུབ་པའོ། །སེམས་ཅན་གྱི་དོན་མངོན་པར་སྒྲུབ་པའི་བསམ་གཏན་ལ་ཡང་། བསྔོ་བའི་ཏིང་ངེ་འཛིན། ཁྱབ་པའི་ཏིང་ངེ་འཛིན། མི་འགྱུར་པའི་ཏིང་ངེ་འཛིན་ཏོ། །དེ་ལ་འབྲས་བུར། རྣམ་པར་མི་རྟོག་ཅིང་ཞི་ལ་རབ་ཏུ་ཞི་བས་ཉོན་མོངས་པ་དང་སྡུག་བསྔལ་གྱི་གཉེན་པོ་བདེ་བར་གནས་པའི་བསམ་གཏན་གྱིས་ནི་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པར་འགྱུར། ཡོན་ཏན་མངོན་པར་བསྒྲུབ་པའི་བསམ་གཏན་གྱིས་ནི་རྒྱུ་ཕུན་སུམ་ཚོགས་པ་འཐོབ་པར་འགྱུར། སེམས་ཅན་གྱི་དོན་སྒྲུབ་པའི་བསམ་གཏན་གྱིས་ནི་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་ལ་སྦྱོར་བར་འགྱུར་རོ། ། ༈ ཀུན་རྫོབ་ཀྱི་བདེན་པར་དམིགས་པའི་ཤེས་རབ་ལའང་རྣམ་པ་གསུམ་སྟེ། འདུས་བྱས་ཀྱི་མཚན་ཉིད་དང་། འཁོར་བའི་རྒྱུད་དང་། འཁོར་བའི་རྒྱུད་ལས་ལྡོག་བ་ལ་མཁས་པའོ། །དོན་དམ་པའི་བདེན་པར་དམིགས་པ་ལ་ཡང་རྣམ་པ་གསུམ་སྟེ། སྟོང་པ་ཉིད་པས་མི་གནས་པ་དང་། མཚན་མ་མེད་པས་མི་རྟོག་པ་དང་། སྨོན་པ་མེད་པས་མི་ཆགས་པའོ། །སེམས་ཅན་གྱི་དོན་ལ་དམིགས་པ་ལ་ཡང་རྣམ་པ་གསུམ་སྟེ། རང་བཞིན་གྱི་སྡུག་བསྔལ་ལ་ཏིང་ངེ་འཛིན་གྱིས་སྦྱོར་བ་དང་། འདུ་བྱེད་ཀྱི་སྡུག་བསྔལ་ལ་གཉེན་པོས་གཅོད་པ་དང་། ཐེ་ཚོམ་གྱི་སྡུག་བསྔལ་ལ་རྒྱས་པར་འགྲེལ་བའི་ཤེས་རབ་བོ། །དེས་ཀྱང་འཁོར་བ་ལ་མི་ཆགས་པ་དང་། འཕགས་པའི་ཤེས་རབ་མངོན་པར་འཐོབ་པ་དང་། སྤྲུལ་པ་མངོན་པར་སྟོན་པར་འགྱུར་རོ། །ཞེས་སོགས་ཕྱིན་དྲུག་གི་རྣམ་དབྱེ་ཤིན་ཏུ་རྒྱས་པར་ཡོད།། །། ༈ ན་མོ་མཉྫུ་གྷོ་ཥཱ་ཡ། སྤྱིར་ཆོས་ཐམས་ཅད་འདུས་བྱས་དང་། འདུས་མ་བྱས་གཉིས་སུ་འདུ་བ་ལས། འདུས་བྱས་ཀྱི་ཆོས་ཐམས་ཅད་ཕུང་པོ་ལྔར་འདུ་སྟེ། རྒྱུད་ལས། གཟུགས་དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་རྣམ་པར་ཤེས་པ་ལ། །ཕུང་པོ་ལྔ་ཞེས་རབ་ཏུ་བརྗོད། །ཅེས་སོ། །དེ་ཡང་གཟུགས་ཞེས་ངོ་བོ་སྟེ། །གཟུགས་སུ་རུང་བ་གཟུགས་ཀྱི་མཚན་ཉིད། ཕུང་པོ་ཞེས་པ་ཁྱད་ཆོས་ཏེ་སྤུངས་བའི་མིང་། དུ་མ་སྤུངས་བ་ཕུང་པོའི་མཚན་ཉིད་དོ། །དེ་ལ་གཟུགས་སུ་རུང་ཞེས་པ་ནི། སྲ་ཞིང་མཁྲེགས་པ་སའོ་སོགས་རང་རང་གི་མཚན་ཉིད་འཛིན་པའོ། །དབྱེ་ན་བཅོ་ལྔ་ལས། རྒྱུའི་གཟུགས། ས་སྲ་མཁྲེགས། ཆུ་བརླན་གཤེར། མེ་ཚ་སྲེག །རླུང་ཡང་གཡོ་ཞེས་རྒྱུ་ས་བོན་ལྟ་བུ། འབྲས་བུའི་གཟུགས། མིག་དབང་ཟར་མའི་མེ་ཏོག །རྣ་དབང་གྲོ་ག་གཅུས་པ། སྣ་ཟངས་སྦུབས་གཤིབས་པ། ལྕེ་ཟླ་གམ། གཟུགས་རེག་ན་འཇམ་གྱི་པགས་པ་ལྟ་བུ་སྟེ། འབྲས་བུ་མྱུ་གུ་ལྟ་བུའོ། །དེ་ལྔ་བྱེ་བྲག་མཐོང་ཡུལ་དུ་མིན་པ་དང་། གཞན་ལས་དྭངས་པའི་ཁྱད་པར་རོ། །མིག་ཁྲ་བ། སྣ་དུང་བ་སོགས་ནི་དེ་ཡི་རྟེན་དང་། གཉིད་དང་། བརྒྱལ་བ་ལྟ་བུའི་ཚེ་རྟེན་བརྟེན་པ་མཚུངས་ཞེས་བཏགས་སོ། །སད་པའམ་བརྒྱལ་སངས་ཚེ་རྟེན་བཅས་སོ། །ཡུལ་ནི་ལྔ་སྟེ། གཟུགས་སོགས་སོ། །དབང་པོ་ཞེས་པའི་དོན། སོ་སོར་དབང་མཐོང་ཚོར་སོགས་སྤྱི་མིང་། དེས་ན་མིག་གི་རྣམ་ཤེས་ཡུལ་ཅན། གཟུགས་ནི་ཡུལ་ལམ་ཕྱི་དོན་ནམ་དམིགས་ཡུལ་ལོ། །དེ་ཡང་གཟུགས་༢༠ལ་སྤྱིར་རྣམ་པ་གཉིས། བྱེ་བྲག་ཏུ་ཉི་ཤུའོ། །དང་པོ་ནི། དབྱིབས་དང་ཁ་དོག་གོ །དབྱིབས་གཟུགས་ནི་བརྒྱད་དེ། རིང་ཐུང་། མཐོ་དམན། ཕྱལ་ལེ་བ་སྟེ་མཉམ་པ་དང་། ཕྱལ་ལེ་བ་མིན་པ། ཟླུམ་པ། ལྷྭམ་པ་སྟེ་གྲུ་བཞིའོ། །ཁ་དོག་གི་གཟུགས་ནི་རྩ་བ་དང་། ཡན་ལག་ནི་ཁ་དོག་གཉིས། རྩ་བ་ནི། སྔོ་སེར་དཀར་དམར་རོ། །ཡན་ལག་ནི། སྤྲིན། དུ་བ། རྡུལ། ཁུག་རྣ། སྣང་བ། མུན་པ། ཉི་འོད། གྲིབ་མ་བརྒྱད་དོ། །དེ་རྣམས་བསྡོམས་པས་བྱེ་བྲག་ཉི་ཤུའོ། །སྒྲ་བརྒྱད་ལ། ཟིན་པ་དང་། མ་ཟིན་པ་གཉིས། ཟིན་པ་ལ་ལུང་སྟོན་པ་དང་། མི་སྟོན་པ་གཉིས། སྔ་མ་ནི་འདིར་སོགས་ལྟ་བུ་སྤྱིར་སྨྲས་པ་དང་། ཕྱི་མ་ནི་དར་དིར་སོགས་དོན་མི་གསལ་བ། མ་ཟིན་པ་ལའང་དོན་སྟོན་པ་ལྷའི་རྔ་བོ་ཆེ་བརྡུངས་པས་ཆོས་ཀྱི་སྡོམ་བཞི་གོ་བ་ལྟ་བུ་ལུང་སྟོན་པ་དང་། འབྱུང་བ་བཞིའི་སྒྲ་ལྟ་བུ་ལུང་དུ་མི་སྟོན་པ་གཉིས། དེ་རེ་རེ་ལའང་སྙན་པ་དང་མི་སྙན་པ་གཉིས་རེར་ཕྱེ་བས་བརྒྱད་དོ། །དྲི་ལ་ཞིམ་པ་དང་། མི་ཞིམ་པ་གཉིས། དེ་ལའང་ལྷན་སྐྱེས་དང་། སྦྱར་བ་གཉིས་སུ་ཕྱེ་བས་བཞིའོ། །རོ་དྲུག་ལ། ཁ། སྐ། ཚ་བ། ལན་ཚ་བ། མངར། སྐྱུར་དྲུག །རེག་བྱ་༡༡ལ་དབྱེ་ན། རྒྱུ་འབྱུང་གི་རེག་བྱ། འཇམ་རྩུབ། ལྕི་ཡང་། བཀྲེས་སྐོམ། གྲང་བ་དང་བདུན། འབྲས་བུ་འབྱུང་བ་བཞིའི་རེག་བྱའོ། །རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི་ལས་ཀྱི་ཤུགས་ཀྱིས་ལུས་སྤྱིར་ཁྱབ་པའོ། །སྡོམ་པ་ལ་དབྱེ་ན་སྡོམ་པ་སྡོམ་མིན། བར་མའི་རིག་མིན་གྱི་གཟུགས་སོ། །དེ་ལྟར་ན་རེ་ཞིག་གཟུགས་ཀྱི་རྣམ་གྲངས་བཅོ་ལྔའོ། ། ༈ གཉིས་པ་ཚོར་བའི་ཕུང་པོ་ནི། ཉམས་སུ་མྱོང་བའི་མཚན་ཉིད་ཅན་གྱི་ཚོར་བ་བདེ་སྡུག་བར་མ་གསུམ། དེ་ལའང་། མིག་གི་འདུས་ཏེ་རེག་པའི་ཚོར་བ་བདེ་བ་སོགས་ཚོགས་དྲུག་སོ་སོར་སྦྱར་བས་ཚོར་བ་དྲུག་གསུམ་བཅོ་བརྒྱད་དོ། ། ༈ གསུམ་པ་འདུ་ཤེས་ཀྱི་ཕུང་པོ་ནི། ཡུལ་ལ་མཚན་ཕོ་དང་མོ་ལྟ་བུ་རང་གི་རྟགས། མར་འཛིན་པའི་མཚན་ཉིད་ཅན་གྱི་འདུ་ཤེས་རྒྱ་ཆེ་ཆུང་བར་མ་གསུམ་སྟེ། རིམ་བཞིན་རྒྱ་ཆུང་བ་འདོད་ཁམས། ཆེ་བ་གཟུགས་ཁམས། ཚད་མེད་པ་ནི་གཟུགས་མེད་ཀྱི་ཁམས་ལ་དམིགས་པའོ། ། ༈ གསུམ་པ་འདུ་བྱེད་ཀྱི་ཕུང་པོ་ནི། མངོན་པར་འདུ་བྱེད་པའི་མཚན་ཉིད་ཅན་གྱི་སེམས་པ་སྟེ། སེམས་བྱུང་གིས་ལས་ཐམས་ཅད་ལ་སེམས་པ། དབྱེ་ན་སེམས་བྱུང་ལྔ་བཅུ་རྩ་གཅིག་ལས། སྡོམ་ནི། ཚོར་འདུ་སེམས་པ་རེག་ཡིད་བྱེད། །འདི་དག་ཀུན་འགྲོ་ལྔ་ཡིན་ནོ། །ཞེས་པས། རྣམ་ཤེས་ཀྱི་འཁོར་དུ་རྣམ་པ་ཀུན་ཏུ་འགྲོ་བའི་སེམས་བྱུང་ལྔ་སྟེ། ཡིད་བྱེད་ཀྱིས་ཤེས་པ་ཡུལ་ལ་གཏད། རེག་པས་ཡུལ་དབང་ཤེས་གསུམ་མཚམས་སྦྱར། འདུ་ཤེས་ཀྱིས་ཡུལ་ལ་མཚན་མར་འཛིན། ཚོར་བས་ཡུལ་ཉམས་སུ་མྱོང་། སེམས་པས་ནང་དུ་སེམས་པར་བྱེད་དོ། །འདུན་མོས་དྲན་ཏིང་ཤེས་རབ་སྟེ། །འདི་དག་ཡུལ་ངེས་ལྔ་ཡིན་ནོ། །ཞེས་པས། ཡུལ་སོ་སོར་ངེས་པར་བྱེད་པ་སྟེ། ཡིད་ཀྱི་རྣམ་ཤེས་ཀྱི་འཁོར་གཞན་དང་ཐུན་མོང་མ་ཡིན་པའོ། །འདུན་པ་ནི་བསམ་པའི་དངོས་པོ་འདོད་པ། མོས་པ་ནི་ངེས་པའི་དངོས་པོ་ལ་ངེས་པར་འཛིན་པ། དྲན་པ་ནི་འདྲིས་པའི་དངོས་པོ་མ་བརྗེད་པ། ཏིང་ངེ་འཛིན་ནི་དམིགས་པའི་དངོས་པོ་ལ་སེམས་རྩེ་གཅིག་པ། ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །དད་དང་བག་ཡོད་ཤིན་ཏུ་སྦྱངས། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །འདོད་ཆགས་ཞེ་སྡང་གཏི་མུག་མེད། །རྣམ་པར་མི་འཚེ་བརྩོན་འགྲུས་ཏེ། །འདི་དག་དགེ་བ་བཅུ་གཅིག་གོ །ཞེས་པས། དད་པ་ནི་སེམས་དྭངས་བ། ངོ་ཚ་ནི་བདག་དང་ཆོས་ཀྱི་དབང་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་འཛེམས་པ། ཁྲེལ་ཡོད་པ་ནི་འཇིག་རྟེན་གྱི་དབང་དུ་བྱས་ནས་ཁ་ན་མ་ཐོ་བར་སེམས་པ། འདོད་ཆགས་མེད་པ་ཞེན་ལོག །ཞེ་སྡང་མེད་པ་སྙིང་རྗེ། གཏི་མུག་མེད་བ་སོ་སོར་ཤེས་པ་སྟེ་མདོར་ན་དུག་གསུམ་གྱི་གཉེན་པོའི་ཕྱོགས་སོ། །བརྩོན་འགྲུས་ནི་ལེ་ལོའི་གཉེན་པོ་སྟེ་འབྲས་བུ་ལ་མྱུར་དུ་སྦྱོར་འདོད་པ། བག་ཡོད་ནི་བག་མེད་ཀྱི་གཉེན་པོ་སྟེ་ཉེས་པ་ལ་བག་ཟོན་བྱེད་པ། ཤིན་ཏུ་སྦྱངས་བ་ནི་ལུས་སེམས་ལས་སུ་རུང་བ་སྟེ་རང་དབང་ཐོབ་པ། བཏང་སྙོམས་ནི་འདུ་བྱེད་རྩོལ་བ་ལྷོད་པ། རྣམ་པར་མི་འཚེ་བ་ནི་བྱམས་པའོ། །འདོད་ཆགས་ཁོང་ཁྲོ་ང་རྒྱལ་དང་། །མ་རིག་ཐེ་ཚོམ་ལྟ་བ་སྟེ། །འདི་དག་རྩ་ཉོན་དྲུག་ཡིན་ནོ། །འདོད་ཆགས་ནི་ལུས་དང་ལོངས་སྤྱོད་ལ་ཆགས་པ། ཁོང་ཁྲོ་ནི་ཕ་རོལ་མནར་སེམས་པ། ང་རྒྱལ་ནི་ཁེངས་པའི་རྣམ་པ་ཅན་ཏེ། དབྱེ་ན། ང་རྒྱལ། ལྷག་པའི་ང་རྒྱལ། ང་རྒྱལ་ལས་ཀྱང་ང་རྒྱལ། ངའོ་སྙམ་པའི་ང་རྒྱལ་ཏེ་བདག་འཛིན། ཡུལ་དེ་དང་ཁྱད་པར་ཆེ་རུང་ཅུང་ཟད་ལས་མེད་སྙམ་པའི་ང་རྒྱལ། ཡོན་ཏན་ལ་རྩིས་དེ་ཙམ་མ་འོས་ཀྱང་། རྩིས་ཆེར་བྱེད་པ་མངོན་པའི་ང་རྒྱལ། ལོག་པའི་ང་རྒྱལ་ཏེ་བདུན་རང་མཐོ་ནོ། །མ་རིག་པ་ནི། དཀོན་མཆོག་གསུམ་དང་། བདེན་པ་བཞི་དང་། ལས་འབྲས་ལ་རྨོངས་པའོ། །བདེན་པ་བཞི་ནི། སྡུག་བདེན་ཆར་ལྟ་བུ། ཀུན་འབྱུང་སྤྲིན་ལྟ་བུ། འགོག་བདེན་ནམ་མཁའ་ལྟ་བུ། ལམ་བདེན་རླུང་ལྟ་བུའོ། །ཐེ་ཚོམ་ནི་ཡིད་གཉིས་ཀྱི་རྣམ་པ་ཅན་ནོ། །ལྟ་བ་ནི། འཇིག་ཚོགས་ལ་ལྟ་བ་སྟེ་བདག་འཛིན། མཐར་འཛིན་གྱི་ལྟ་བ། ལོག་པར་ལྟ་བ། ལྟ་བ་ལ་མཆོག་ཏུ་འཛིན་པ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ཏེ་ལྔའོ། །དེ་ལ་འཇིག་བལྟ་ཉི་ཤུ་ནི། ཕུང་པོ་ལྔ་ལ་བདག་ཏུ་ལྟ་བ་སྟེ། གཟུགས་བདག་ཡིན་སྙམ་པ་སོགས། ལྡན་པར་ལྟ་བ་སྟེ། བདག་གཟུགས་དང་ལྡན་ནོ་སྙམ་པ་སོགས། ཕན་ཚུན་གནས་པར་ལྟ་བ་སྟེ། བདག་ལ་གཟུགས་གནས་སོ་སྙམ་པ་དང་། གཟུགས་ལ་བདག་གནས་སོ་སྙམ་པ་རྣམས་སོ། །མཐར་འཛིན་གྱི་ལྟ་བ་ནི། སྐྱེ་འགགས། རྟག་ཆད། འགྲོ་འོང་། གཅིག་དུ་མ་སྟེ་བརྒྱད་དམ་ཡོད་མེད་རྟག་ཆད་བཞིའོ། །ལྟ་བ་ལྔ་པོ་ལ། འདོད་ཁྲོ་སོགས་གོང་གི་ལྟ་མིན་ལྔ་བསྡོམས་པས་སྲིད་པའི་ཕྲ་རྒྱས་བཅུའོ། །སེམས་ཁྲོ་དང་སྔོན་མར་མཁོན་འཛིན་འཆབ་གསང་དང་འཚིག ཚིག་པ་ཟ། ཕྲག་དོག །ཕྲག་པ་ཡན་ལ་མི་ཤོར་བ་སེར་སྣ་སྒྱུ་དང་གཡོ། །རྒྱགས་ལོང་ཤོར། དང་འཕྱར་གཡེང་ངོ་བདག་དང་ཆོས་ཀྱི་ཚ་མེད། །ཁྲེལ་གཞན་གྱི། མེད་རྨུགས་རྒོད་འདོད་སྲེད། མ་དད་དང་། །ལེ་ལོ་བག་མེད་བརྗེད་ངས་དང་། །ཤེས་བཞིན་གཡང་སར་མཆོང་བ་ལྟ་བུ། མ་ཡིན་རྣམ་གཡེང་སྟེ། །འདི་དག་ཉེ་ཉོན་ཉི་ཤུའོ། །ཞེས་རང་ལ་ཉེ་བར་འོང་བའི་ཉེ་ཉོན་ཉི་ཤུ་དང་། གཉིད་འགྱོད་རྟོག་དཔྱོད་གཞན་འགྱུར་བཞི། །ཞེས་གཞན་དབང་ལས་གྱུར་པ་བཞིའོ། །དེ་ལྟར་ལྔ་བཅུ་རྩ་གཅིག་ལས་ཚོར་འདུ་གཉིས་འཕྲི་བའི་ལྷག་མ་ཞེ་དགུ་ནི་འདུ་བྱེད་ཀྱི་ཕུང་པོ་ཡིན་ལ། སེམས་དང་མཚུངས་པར་ལྡན་པ་ཉིད་དོ། །མཚུངས་པར་མི་ལྡན་པའི་འདུ་བྱེད་ནི་བཅུ་བཞི་ཡོད་དེ། ཐོབ་དང་མ་ཐོབ་སྐལ་མཉམ་དང་། །འདུ་ཤེས་མེད་དང་སྙོམས་འཇུག་གཉིས། །སྲོག་དང་སྐྱེ་རྒ་གནས་མི་རྟག །མིང་ཚིག་ཡི་གེའི་ཚོགས་རྣམས་སོ། །ཞེས་སོ། །དེ་ལྟར་ན་འདུ་བྱེད་ཀྱི་ཕུང་པོ་རེ་གསུམ་མོ། ། ༈ རྣམ་པར་ཤེས་པའི་ཕུང་པོ་ནི། ཡུལ་ལ་རྣམ་པར་རིག་པའི་མཚན་ཉིད་ཅན་ཏེ། དབྱེ་ན་ཚོགས་དྲུག་གོ །ཐེག་ཆེན་ལྟར་ན་ཚོགས་བརྒྱད་ནི། ཀུན་གཞི་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུ། འཇུག་ཤེས་དྲུག་ནི་རྦ་རླབས་ལྟ་བུ། ཉོན་ཡིད་ནི་རང་གི་འཁོར་ཐུན་མོང་མ་ཡིན་པ་བཞི་དང་ལྷན་ཅིག་ཏུ་ཀུན་གཞི་ལ་དམིགས་ནས་ཁ་ནང་བསྟན་དུ་པའོ་སྙམ་དུ་འཛིན་པ། བདག་ཏུ་འཛིན་པའོ། །འཁོར་བཞི་ནི། བདག་ཏུ་རྨོངས་པ། བདག་ཅེས་པ་ལས་རྒྱུ་མཚན་ཅི་ཡང་མི་ཤེས་པ། བདག་ཏུ་ལྟ་བ། བདག་ཏུ་ང་རྒྱལ་བ། བདག་ལ་ཆགས་པ་སྟེ་བཞིའོ། །ཚོགས་བརྒྱད་པོ་བསྡུ་ན་སེམས་གསུམ་སྟེ། ཀུན་གཞི་རྣམ་ཤེས་དམིགས་རྣམ་རིས་སུ་མ་ཆད་པར་འཇུག་ཤེས་སྤྱིའི་རྣམ་པ་ཙམ་དུ་དམིགས་པ། ཉོན་ཡིད་ནི་ཡིད། འཇུག་ཤེས་དྲུག་ནི་རྣམ་ཤེས་སོ། ། ༈ འདུས་མ་བྱས་ནི་གསུམ་སྟེ། ནམ་མཁའ་དང་། སོ་སོར་བརྟག་འགོགས་དང་། སོ་སོར་བརྟག་མིན་འགོག་གོ །དེ་ལྟར་ཤེས་བྱ་སྤྱིར་གཏན་ལ་དབབས་ནས། མཁས་པར་བྱ་བའི་གནས་དྲུག་ལ་འཇུག་པར་བྱ་སྟེ། སྡོམ་ནི། ཕུང་ཁམས་སྐྱེ་མཆེད་རྟེན་འབྲེལ་དང་། །གནས་དང་གནས་མིན་རྣམ་པ་དྲུག །ཅེས་པས། ཕུང་པོ་ནི་ལྔའོ། །ཁམས་ནི། མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་སོགས་བཅོ་བརྒྱད་དོ། །སྐྱེ་མཆེད་ནི། མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་སོགས་བཅུ་གཉིས་སོ། །དེ་ཡང་མིག་གི་ཡུལ་དུ་གཟུགས་སྐྱེ་བ་སོགས་རང་རང་གི་མཚན་ཉིད་དོ། །རྟེན་འབྲེལ་ནི་བཅུ་གཉིས་སོ། །གནས་ནི་རྒྱུ་དགེ་བས་བསོད་ནམས་གནས་ཡིན་པ་དང་། གནས་མིན་ནི་སྡིག་པས་གནས་མ་ཡིན་པ་ལྟ་བའོ། །འདི་དག་གི་སྐབས་སུ་རྒྱུ་འབྲས་རྐྱེན་གསུམ་གྱི་རྣམ་གཞག་ཅུང་ཟད་བཤད་ན། རྒྱུ་ནི། མཛོད་ལས། བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང་། བདག་རྐྱེན་དང་གཅིག །སྐལ་མཉམ་ནས་ལས་ནས་སྐྱེ་བ་ལྟ་བུ། མཚུངས་པར་ལྡན་པ་དང་། ཕན་ཚུན་གཅིག་ལ་གཅིག་བརྟེན་པ། །ཀུན་ཏུ་འགྲོ་དང་རྣམ་སྨིན་ཏེ། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། །ཅེས་སོ། །འབྲས་བུ་ནི། རྣམ་སྨིན་རྒྱུ་མཐུན་རྗེས་རྟོགས། བདག་པོ་དང་། མཁྲིས་ནད་ཅན་གྱིས་དུང་སེར། སྐྱེས་བུ་རྩོལ་བ་བྱས་པ། བྱེད་དང་བྲལ་འབྲས་ལྔ། ཉི་མ་སྤྲིན་བྲལ་རྐྱེན་ནི་རླུང་ཡིན་པ་ལྟར་རྐྱེན་གྱི་འབྲས་བུའོ། །ཞེས་སོ། །རྐྱེན་ནི། དབུ་མ་རྩ་བ་ལས། རྐྱེན་ནི་རྣམ་བཞི་རྒྱུ་དང་ནི། །དམིགས་པ་དང་ནི་དེ་མ་ཐག །བདག་པོ་ཡང་ནི་དེ་བཞིན་ཏེ། །རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཅེས་སོ། །གཞན་ཡང་ཆོས་ཁམས་ནི་བདུན་ཏེ། ཚོར་བ་འདུ་ཤེས་འདུ་བྱེད་དང་། །འདུས་མ་བྱས་ནི་རིག་མིན་བདུན། །ཞེས་སོ། །རྟེན་འབྲེལ་བཅུ་གཉིས་ཀྱང་བསྡུ་ན་གསུམ་སྟེ། ཀླུ་སྒྲུབ་ཀྱིས། དང་པོ་མ་རིག བརྒྱད་པ་སྲེད་པ། དགུ་ལེན་པ། ཉོན་མོངས། །འདུ་བྱེད་སྲིད་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་རྣམ་སྨིན་ནོ། །རྣམ་ཤེས། མིང་གཟུགས། སྐྱེ་མཆེད། རེག་པ། ཚོར། སྐྱེ། རྒ་ཤི། ཞེས་ཉོན་ལས་རྣམ་སྨིན་གྱི་ལམ་གསུམ་མོ། །མཚུངས་པ་ལྔ་མཚུངས་ཀྱི་རྒྱུ་ནི་མཚུངས་ལྡན་གྱི་རྒྱུའི་མཚན་ཉིད་དེ། མཚུངས་པ་ལྔ་ནི། དམིགས་རྣམ་རྫས་རྟེན་དུས་མཚུངས་པའོ། ། ༈ དེ་ལྟར་སྡོམ་དྲུག་ཤེས་ནས། གྲུབ་མཐའ་བཞིའི་ལྟ་བ་ལ་བསླབ་པར་བྱ་སྟེ། དེ་ཡང་ཐེག་པ་ནི་གསུམ་སྟེ། ཉན་རང་བྱང་སེམས་ཀྱི་ཐེག་པ་གསུམ་མོ། །གྲུབ་མཐའ་བཞི་སྟེ། བྱེ་མདོ་དབུ་སེམས་བཞིའོ། །སྔ་མ་གཉིས་ནི་ཐེག་དམན་ཏེ་ཉན་རང་དང་། ཕྱི་མ་གཉིས་ནི་ཐེག་ཆེན་བྱང་ཆུབ་སེམས་ལམ་ཞེས་གཙོ་བོའི་དབང་གིས་བཞག་གོ །གཞན་དུ་གྲུབ་མཐའ་བཞི་ཀས་ཐེག་གསུམ་གྱི་ལམ་དང་འབྲས་བུ་འདོད་པར་མཚུངས་སོ། །བྱེ་མདོ་གཉིས་ཀྱིས་ཤེས་བྱ་ནི་བསྡུ་ན་གཞི་ལྔ་སྟེ། སྣང་བ་གཟུགས་དང་གཙོ་བོ་སེམས། །དེ་འཁོར་སེམས་བྱུང་མི་ལྡན་པའི། །འདུ་བྱེད་འདུས་མ་བྱས་པའོ། །ཞེས་སོ། །དེ་རྣམས་ཀྱི་གྲངས་དང་གོ་རིམ་མཚུངས་ཀྱང་། བྱེ་སྨྲ་བས་གཞི་ལྔ་ལ་བདེན་གྲུབ་འདོད། མདོ་སྡེ་པས། འདུས་མ་བྱས་གསུམ་རྒྱུ་རྐྱེན་ལས་གྲོལ་བའི་ཕྱིར་དང་། རྫས་སུ་མེད་པ། ལྡན་མིན་འདུ་བྱེད་ནི་གཟུགས་སེམས་སེམས་བྱུང་གི་གནས་སྐབས་ཀྱི་ཆོས་ལ་བཏགས་པའི་བཏགས་ཡོད་ཙམ་དང་། སེམས་བྱུང་རྣམས་གཙོ་སེམས་ལས་རྫས་ཐ་དད་པ་མ་ཡིན་པས། དེས་ན་རྫས་སུ་ཡོད་པ་ནི་གཟུགས་སེམས་ཁོ་ནའོ། །ཞེས་འདོད། འདི་གཉིས་ཀས་ཕྱི་དོན་ཁས་ལེན་པས་དོན་སྨྲ་སྡེ་གཉིས་དང་། སེམས་ཙམ་པས་ཕྱི་དོན་ཁས་མི་ལེན་ཀྱང་ཡོངས་གྲུབ་ཡོད་པར་འདོད་པས་དེ་གསུམ་ལ་དངོས་པོར་སྨྲ་བ་ཞེས་འཇོག །འདི་གཉིས་ཀྱི་བདེན་གཉིས་འདོད་ཚུལ་ལ། བྱེ་སྨྲ་བས། མཛོད་ལས། གང་ལ་བཅོམ་ཐོ་བ་ལྟ་བུས། དང་བློ་ཡིས་གཞན། །བསལ་ན་དེ་བློ་སྔ་མའི་གཟུགས་ཀྱི། མི་འཇུག་པ། །བུམ་ཆུ་འཐོར་བའི་ཐིགས་པ། བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་དང་། མདོ་སྡེ་པས། རྣམ་འགྲེལ་ལས། དོན་བྱེད་ནུས་པ་ཀ་བ་ལྟ་བུ། གང་ཡིན་པ། །དེ་འདིར་དོན་དམ་ཡོད་པ་ཡིན། ཕྲ་རབ་ཕུང་པོར། །གཞན་ནི་ཀ་བ་ཞེས་པའི་མཚན་ཉིད་ཆད་པའི་ཀུན་བརྟགས་སོ། །ཀུན་རྫོབ་ཡོད་པ་སྟེ། །དེ་དག་རྡུལ་ཕྲ་རབ་དོན་དམ། རང་དང་སྤྱིའི་ཕྲ་རབ་སྤུངས་པའི་ཀ་བ་ཞེས་ཀུན་རྫོབ་བརྟགས་ཡོད་ཀྱི་ཆོས་ནི། མཚན་ཉིད་དུ་བཤད། །ཅེས་སོ། ། ༈

འོན་ཀྱང་དེ་ནི་རིགས་པའི་རྗེས་འབྲངས་རྣམས་ཡིན་ལ། ལུང་གི་རྗེས་འབྲངས་རྣམས་ཀྱིས་ནི་བྱེ་སྨྲ་བའི་བདེན་གཉིས་འཇོག་ཚུལ་དང་ཁྱད་མེད་དོ། །སེམས་ཙམ་པའི་གྲུབ་མཐའ་ནི། ལངྐར་གཤེགས་པ་ལས། ཆོས་ལྔ་དང་ནི་རང་བཞིན་དང་། །རྣམ་ཤེས་བརྒྱད་པོ་ཉིད་དག་དང་། །བདག་མེད་གཉིས་ཀྱི་དངོས་པོར་ནི། །ཐེག་ཆེན་ཐམས་ཅད་འདུས་པ་ཡིན། །ཞེས་ཆོས་ཀྱི་སྡོམ་བཞིའི་བརྗོད་བྱས་བཅིངས་ཏེ། དེ་ལ་ཆོས་ལྔ་ནི། མིང་དང་རྒྱུ་མཚན་རྣམ་རྟོག་དང་། །ཡང་དག་ཡེ་ཤེས་དེ་བཞིན་ཉིད། །ཅེས་པས་མིང་དང་རྒྱུ་མཚན་ནི་ཀུན་བརྟག་གིས་བསྡུས། རྣམ་པར་རྟོག་པའི་གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཏེ་གཞན་དབང་ཀུན་རྫོབ་བདེན་པ། ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་ནི་གཟུང་འཛིན་གཉིས་མེད་རི་རྭ་ལྟ་བུ། ཀྱི་ཤེས་པ་རང་རིག་རང་གསལ་ཡོངས་གྲུབ་དོན་དམ་པའི་བདེན་པའོ། །མཚན་ཉིད་གསུམ་ནི། ཀུན་བརྟག་གཞན་དབང་། ཡོངས་གྲུབ་བོ། །དེ་ལའང་རྣམ་གྲངས་པ་དང་། མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བརྟག་གཉིས། དག་མ་དག་གི་གཞན་དབང་གཉིས། འགྱུར་མེད་དང་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་གཉིས་ཏེ་དྲུག་གོ །ཚོགས་བརྒྱད་ནི་སྔར་སྨོས་པ་ལྟར་རོ། །བདག་མེད་གཉིས་ནི་ཆོས་དང་གང་ཟག་གི་བདག་མེད་གཉིས་སོ། །གཅིག་གམ་ཐ་དད་པའི་ཚུལ་གྱིས་མ་རྙེད་ན་མེད་ངེས་པས་ཁྱབ། གཞི་གྲུབ་ན་གཅིག་དང་ཐ་དད་གང་རུང་ཡིན་པས་ཁྱབ་བོ། །ནང་པ་སངས་རྒྱས་པས་གང་ཟག་གི་བདག་མེད་པར་འདོད་ཀྱང་། ཆོས་ཀྱི་སྟེང་ནས་བདེན་གཉིས་འཇོག་པར་འདོད། དེ་ཡང་གྲུབ་མཐའ་ལ་བལྟོས་མཐུན་པའི་རགས་པ་ཀུན་རྫོབ་དང་ཕྲ་བ་དོན་དམ་དུ་འདོད། དེ་ཡང་བལྟོས་བཞག་ཡིན་པའི་ཕྱིར། རིམ་པ་བཞིན་ཐེག་པ་འོག་མ་རྣམས་ཀྱི་དོན་མཐར་ཐུག་ཏུ་བཞག་པའི་གྲུབ་མཐའ་དེ། གོང་མ་རྣམས་ཀྱི་རིག་པས་ཕྱིས་ནས་དེ་ལས་ཕྲ་བའི་དོན་དམ་གཞན་ཡོད་པར་འདོད་པའོ། །དབུ་མ་པའི་གྲུབ་མཐའ་ནི། གཏན་ཚིགས་ཆེན་པོ་ལྔས་ཆོས་ཐམས་ཅད་སྐྱེ་མེད་དུ་གཏན་ལ་འབེབས་པའི་ཚུལ་ལ། རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེར་རྣོན་པོ་མ་ནི། སྙེ་མ་རང་ལས་སྐྱེ་བ་མ་ཡིན་པ་སོགས་མུ་བཞི། འབྲས་བུ་ལ་དཔྱད་པ་ཡོད་མེད་སྐྱེ་བྲལ་ནི་ས་བོན་འབྲས་བུ་ཡོད་ནས་སྐྱེ་བ་མ་ཡིན་པ་སོགས་དང་། གཉིས་ཀ་ལ་དཔྱད་པ་མུ་བཞི་སྐྱེ་འགོག་ནི། རྒྱུ་གཅིག་ལས་འབྲས་བུ་དུ་མ་སྐྱེ་བ་མ་ཡིན་པ་སོགས་མུ་བཞི། ངོ་བོ་ལ་དཔྱོད་པ། གཅིག་དང་དུ་བྲལ་ནི། གཞི་གྲུབ་ན་གཅིག་དུ་གང་རུང་ཡིན་པས་ཁྱབ་ཅིང་དེ་རིགས་ལ་མེད་པར་གྲུབ་པའོ། །རྟེན་འབྲེལ་ཆེན་པོའི་གཏན་ཚིགས་ནི། རྒྱུ་རྐྱེན་གཞན་ལ་བརྟེན་ནས་བྱུང་བའི་ཕྱིར་རང་གི་ངོ་བོས་མ་སྐྱེས་པའོ། །མདོར་ན་ཕྱི་ནང་གཉིས་གང་ཟག་གི་བདག་ཡོད་མེད་ལ་རྩོད། བྱེ་མདོ་གཉིས་བཞི་གསུམ་བདེན་གྲུབ་ཡིན་མིན་ལ་རྩོད། ཐེག་པ་ཆེ་ཆུང་གཉིས་ཕྱི་དོན་བདེན་གྲུབ་ཡིན་མིན་ལ་རྩོད། དབུ་སེམས་གཉིས་ཡོངས་གྲུབ་བདེན་གྲུབ་ཡིན་མིན་ལ་རྩོད། དེས་ན་ནང་བ་སངས་རྒྱས་པ་ལ་གང་ཟག་གི་བདག་མེད་མི་འདོད་པ་མེད། ཐེག་ཆེན་པ་ཆོས་ཀྱི་བདག་མེད་མི་འདོད་པ་མེད། དབུ་མ་པ་སྤྲོས་བྲལ་མི་འདོད་པ་མེད་དོ། །ཁྱད་པར་ཤེས་རབ་ཀྱི་བསླབ་པའི་སྐབས་སུ། ཡུལ་མེད་པ་རིག་པས་མ་རྙེད་ན་འཛིན་པ་གཞིག་མི་ནུས་ཏེ། དཔེར་ན་ལ་རྒྱབ་ལ་རྐུན་མ་མེད་སྙམ་པས་ད་གཟོད་འཕྲད་ཡོང་དུས་བེབ་མེད་པ་བཞིན་ནོ། །དེས་ན་ལེགས་པར་རྩད་བཅད་ནས་མེད་པར་ཤེས་དགོས་སོ། །གང་ཟག་གི་བདག་མེད་ནི། ངའོ་སྙམ་པའི་བདག་འཛིན་དང་། དེས་ན་མུ་སྟེགས་བྱེད་ཀྱིས་གསར་དུ་བཏགས་པའི་ལོག་རྟོག་བསམ་གྱིས་མི་ཁྱབ་པ་དང་བཅས་པ་སྟེ་དེ་ནི་ཕུང་པོ་ལྔ་སོགས་གང་ལ་འབད་པས་བཙལ་ཀྱང་བཙལ་མཁན་ལས་ལོགས་སུ་མ་རྙེད། བཙལ་མཁན་གྱི་སེམས་ཁོ་རང་ཡང་དུས་ཀྱི་ཆ་སྐད་ཅིག་མར་ཡལ་བས་ང་མ་རྙེད། ལར་ཡང་ཕུང་པོ་ལྔ་ཚོགས་སྟེང་དུ་ང་ཞེས་མཚན་ཉིད་ཆད་པའི་ཀུན་བཏགས་མིང་ཙམ་ལས་སྒེར་ན་གྲུབ་པའི་ང་མེད་པར་ལ་བཟླའོ། །ཆོས་ཀྱི་བདག་མེད་ནི། རྡུལ་གཅིག་ལ་ཕྱོགས་བཞིའི་རྡུལ་བཀོད། ཡང་དབུས་རྡུལ་དུ་བསིལ་ན་ཆ་མེད་དང་། རྣམ་རྟོག་སྔ་ཕྱི་སྐད་ཅིག་མ་དེ་མ་ཕྲད་ན་སྔ་མས་ཅི་བསམ་རྗེས་མས་མི་ཤེས། ཕྲད་ན་རྣམ་རྟོག་པར་མ་ལ་སྔོན་རྗེས་ཆ་གཉིས་ཡོད་པར་ཐལ། དེ་ཡང་བར་མ་བསིལ་ན་སྐད་ཅིག་ཆ་མེད་པ་ལྟར། ཆོས་བདག་མེད་པས་སྟོང་ངོ་། །དེས་ན་ཤུལ་དུ་ཆོས་སྣང་བ་སོ་སོའི་ལས་ཀྱི་དབང་གི་རྟེན་ནོ། །ཆོས་ནི་ཀུན་རྫོབ་གཟུང་འཛིན་གྱི་སྣང་བ་དང་། དེའི་སྟེང་ན་བདག་མེད་པ་ནི་ཆོས་ཉིད་དོན་དམ་པའོ། །ཀུན་གཞིའི་རྒྱུན་ཡོད་པར་བག་ཆགས་བཞག་པས་དེ་ལས་ཚོགས་དྲུག་དང་། སེམས་སེམས་བྱུང་སོགས་སྐྱེས་པས་ན་སྣང་བ་སེམས་སུ་ངེས་པའོ། །མཉམ་གཞག་སྟེང་ན་རྣམ་རྟོག་རྩད་བཅད་བཞིན་བདག་མེད་དུ་བསིལ། དེ་ཡང་སྟོང་པར་སྟོང་བཞིན་ཤེས་ཙམ་དྲན་ནས་བཞག་པ་ནི་སེམས་སྟོང་པར་ངེས་པའོ། །དེ་ཡང་བློ་འདས་སྤྲོས་བྲལ་དུ་ཤེས་པ་ནི་སྟོང་པ་རིག་པར་ངེས་པའོ། །མན་ངག་གི་དབང་དུ་ན་སེམས་གནས་བཞིན་དུ་མ་འགགས་པའི་ངང་ནས་ཅི་ཡང་ཤེས་པ་དང་གོ་བ་སོགས་ལྷག་མཐོང་ངོ་མ་དང་། ཤེས་བཞིན་པའི་གསལ་ཆའི་ངང་དུ་ལྷམ་མེར་གནས་སེམས་གནས་ཀྱང་ཟེར། པ་ནི་ཞི་གནས་སོ། །ལམ་བསླབ་པ་གསུམ་གྱི་ཚུལ་ཁྲིམས་ནི་སོ་བྱང་སྔགས་ཀྱི་འདུལ་བ་ལས་ཇི་ལྟར་བཅས་པ་བཞིན་མི་འདའ་བའོ། །ཏིང་ངེ་འཛིན་གྱི་ཞི་གནས་ཏེ། དེ་ལ་སེམས་ཀྱི་འཇོག་ཚུལ་དགུ་ནི། འཇོག་དང་རྒྱུན་འཇོག་སླན་ཏེ་འཇོག །དྲན་པས་ཡེངས་མི་འཇུག་པ་རྟ་ཁ་བསྐོར་བ་ལྟ་བུ། ཉེར་ཡེངས་སོང་བ་བསྡུབ། འཇོག་དུལ་ཕན་ཡོན་དྲན་པས་སྤྲོ་བ། དང་ཞི་བྱིང་རྒོད། བར་བྱེད། །རྣམ་དུག་ལྔའི་རྟོག་པ་གཞན། པར་ཞི་བྱེད་རྩེ་རྩོལ་བས་སྒྲིམ་བཞིན་པ། གཅིག་བྱེད། །མཉམ་བསྒྲིམས་ནས་ལྷོད་པའོ། །པར་འཇོག་པ་རྣམ་དགུའོ། །ཞེས་སོ། ། ༈ དེའི་མི་མཐུན་ཕྱོགས་ཉེས་པ་ལྔ་ནི། སྒྱིད་ལུག་དང་བྱ་བ་ངན་ཞེན་ལེ་ལོ་དམིགས་རྟེན་གདམས་ངག་བརྗེད་པ་དང་། །འཛིན་སྟངས་ལྷོད་པ་བྱིང་རྒོད་འདོད་པའི་ཆང་རྒོད་པ་འདུ་མི་བྱེད་མི་བསྒྲིམ་པ། པ་དང་། ཧ་ཅང་བསྒྲིམ་ཆེས་པའོ། །འདུ་བྱེད་རྣམ་པ་ལྔ། ཞེས་སོ། །དེ་སྤོང་བའི་འདུ་བྱེད་བརྒྱད་ནི། ཏིང་འཛིན་ལ་དད་འདུན་མོས་པ། རྩོལ་དང་ཤིན་དགའ་བ་སྐྱེ་བ། སྦྱངས་དང་། །མ་བརྗེད་པ། དྲན་ཤེས་གཡང་སར་འཛེམ་པ་ལྟ་བུ། སེམས་དང་བཏང་སྙོམས་རྩོལ་བ་དོར་བ། སོ། ཞེས་སོ། །ཤེས་རབ་ཀྱི་བསླབ་པ་ནི་ཆོས་ཐམས་ཅད་རྟེན་འབྲེལ་ཙམ་དུ་ཤེས་པའོ། །དེ་ལ་རྟེན་འབྲེལ་ནི་བཅུ་གཉིས་ཏེ། མ་རིག་པ་ཀུན་ཏུ་རྨོངས་པ། འདུ་བྱེད་སྒོ་གསུམ་གྱི་གསུམ། རྣམ་ཤེས་ཚོགས་དྲུག་གམ་བརྒྱད། ཚོར་བ་བདེ་སྡུག་བར་གསུམ། སྲེད་པ་འདོད་གཟུགས་གཟུགས་མེད་ཀྱི་གསུམ། ལེན་པ་བཞི་སྟེ། འདོད་པ། ལྟ་བ། ཚུལ་ཁྲིམས་དང་བརྟུལ་ཞུགས། བདག་ཏུ་སྨྲ་བ་ཉེ་བར་ལེན་པའོ། །སྲིད་པ་འདོད་གཟུགས་གཟུགས་མེད་གསུམ། སྐྱེ་མཆེད་བཅུ་གཉིས། སྐྱེ་ལེན་གྱི་རིགས་ཕུང་སོ་སོར་ཐོབ་པ། ཁམས་སོ་སོར་ཐོབ་པ། སྐྱེ་མཆེད་སོ་སོར་ཐོབ་པ། མངོན་པར་གྲུབ་པ་སྲོག་གི་དབང་པོ་རབ་ཏུ་སྐྱེས་པའོ། །རྒ་ཤི། སྐྲ་དཀར། མཉེར་མ། སྐྱི་ཐེར་སོགས་ཤིན་ཏུ་རྙིང་པ་རྣམས་སོ། །འཆི་བ་སྲོག་གི་དབང་པོ་འགགས་པའོ། །མདོར་ན་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་ཐམས་ཅད་རྒྱུ་རྐྱེན་ཚོགས་པ་ལས་བྱུང་བ་ཆུ་ཟླ་ལྟ་བུ་དང་། ཆོས་ཉིད་དམ་པའི་བདེན་པ་རྒྱུ་རྐྱེན་སྤྲོས་པ་ལས་གྲོལ་བ་བློ་འདས་ནམ་མཁའ་ལྟ་བུར་ཤེས་པའི་ངང་ནས། ཐ་མལ་གྱི་ཤེས་པ་བཟོ་བཅོས་དང་བྲལ་བའི་ངང་དུ་གཉེན་པོའི་བློ་དང་དྲན་པའི་ཐག་པས་མི་འཆིང་བ་ནི་བདེན་གཉིས་ཟུང་འཇུག་དབུ་མའི་ལམ་རྨད་དུ་བྱུང་བ་རྟོགས་པར་བྱའོ། །ཞེས་པའང་ཟིན་བྲིས་ལས་བཏུས་སོ། །སརྦ་མངྒ་ལམ།། །། ༈

Footnotes

Other Information