རྗེ་བཙུན་རིགས་བྱེད་མ་ལ་བསྟོད་པ་ཡིད་འཕྲོག་རྫོགས་ལྡན་གཞོན་ནུའི་ཆར་སྤྲིན།

From Khyentse Lineage - A Tsadra Foundation Project
JKW-KABUM-01-KA-002-014
Wylie title rje btsun rigs byed ma la bstod pa yid 'phrog rdzogs ldan gzhon nu'i char sprin JKW-KABUM-01-KA-002.pdf
Location mkhyen brtse'i bka' 'bum
Volume 1, sde tshan 2, Text 14, Pages 100-106 (Folios 21b2 to 24b6)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. rje btsun rigs byed ma la bstod pa yid 'phrog rdzogs ldan gzhon nu'i char sprin. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 1: 100-106. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Verses of Praise - bstod pa
Deity rigs byed ma
Colophon

།དེ་ལྟར་ཤེས་དང་ཤེས་བྱ་ཡང་དག་པར་བསྡམས་པ་ཡེ་ཤེས་ཀྱི་སྐུ་ཅན། གཉིས་སུ་འཛིན་པའི་བློས་ནམ་ཡང་བརྟག་པར་བྱ་བ་ལས་འདས་པ། བདེ་ཆེན་རྡོ་རྗེ་བཙུན་མོ་ཀུ་རུ་ཀུལླེ་ཞེས་བྱ་བ་དྲན་པ་ཙམ་གྱིས་རྒྱུ་དང་མི་རྒྱུའི་དངོས་པོ་ཉེར་ལེན་དང་བཅས་པ་མཆོག་ཏུ་མི་འགྱུར་བའི་དེ་ཁོ་ན་ཉིད་ཀྱི་ཕྱག་རྒྱར་དབང་དུ་མཛད་པ་གང་དེའི་ཞབས་ཀྱི་པདྨོ་ལ་བསྔགས་པའི་མེ་ཏོག་ཕྲ་མོ་ཐུན་མོང་མ་ཡིན་པའི་ལམ་རིམ་སྨོན་ལམ་དང་བཅས་པ་འདིའང་། རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་སོགས་ཡོངས་འཛིན་དམ་པ་རྣམས་ལས་ཆོས་ཚུལ་འདིའི་སྐལ་བཟང་མང་དུ་ཐོབ་པའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དཔྱིད་ཟླ་ར་བའི་དཀར་པོའི་ཕྱོགས་ཀྱི་རྒྱལ་བ་གཉིས་པའི་དུས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པའི་ཉིན་གང་ཤར་གསོལ་བ་བཏབ་པ་སྟེ། དགེ་བས་བསྟན་འཛིན་མཆོག་རྣམས་ ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཕྲིན་ལས་མཐའ་ཡས་པ་དང་། འགྲོ་ཀུན་ཕན་བདེའི་དཔལ་གྱིས་དུས་རྟག་ཏུ་འཚོ་བའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།།

de ltar shes dang shes bya yang dag par bsdams pa ye shes kyi sku can/__gnyis su 'dzin pa'i blos nam yang brtag par bya ba las 'das pa/__bde chen rdo rje btsun mo ku ru kul+le zhes bya ba dran pa tsam gyis rgyu dang mi rgyu'i dngos po nyer len dang bcas pa mchog tu mi 'gyur ba'i de kho na nyid kyi phyag rgyar dbang du mdzad pa gang de'i zhabs kyi pad+mo la bsngags pa'i me tog phra mo thun mong ma yin pa'i lam rim smon lam dang bcas pa 'di'ang /__rigs kun khyab bdag rdo rje 'chang byams pa kun dga' bstan 'dzin sogs yongs 'dzin dam pa rnams las chos tshul 'di'i skal bzang mang du thob pa'i bya bral ba 'jam dbyangs mkhyen brtse'i dbang pos dpyid zla ra ba'i dkar po'i phyogs kyi rgyal ba gnyis pa'i dus kyi dge mtshan phun sum tshogs pa'i nyin gang shar gsol ba btab pa ste/__dge bas bstan 'dzin mchog rnams _zhabs pad bskal brgyar brtan cing phrin las mtha' yas pa dang /__'gro kun phan bde'i dpal gyis dus rtag tu 'tsho ba'i rgyur gyur cig__/sarba dA ka l+yA NaM b+ha ba tu

1 Texts in this Section (sde tshan or chos tshan)

[edit]
རྗེ་བཙུན་རིགས་བྱེད་མ་ལ་བསྟོད་པ་ཡིད་འཕྲོག་རྫོགས་ལྡན་གཞོན་ནུའི་ཆར་སྤྲིན་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། བྷཊྚཱ་ར་ཀ་ཀུ་རུ་ཀུལླེ་སྟུ་ཏི་མ་ནོ་ཧ་ར་སཾ་ཡུ་ག་ཀུ་མཱ་ར་སྱ་བྲིཥྟ་མེ་གྷ་ནཱ་མ། བོད་སྐད་དུ། རྗེ་བཙུན་རིགས་བྱེད་མ་ལ་བསྟོད་པ་ཡིད་འཕྲོག་རྫོགས་ལྡན་གཞོན་ནུའི་ཆར་སྤྲིན་ཞེས་བྱ་བ། བཅོམ་ལྡན་འདས་གསུང་གི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཕུལ་བྱུང་རིག་དང་བརྩེ་བ་མི་ཕྱེད་བྱང་ཆུབ་སེམས་གཉིས་འཇོ་སྒེག་དང་། །ལྷ་སྔགས་ཡེ་ཤེས་མཉམ་པ་ཉིད་གྱུར་འབར་གཡོ་བརྟན་པའི་ཕྱག་རྒྱ་ཆེས། །ཕུན་ཚོགས་སྲིད་ཞིའི་དངོས་ཀུན་དབང་མཛད་བདེ་སྟོང་སྙིང་རྗེ་གཟི་འབར་བ། །བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་དེ་རིང་བདག་ལ་བརྩེ་དགས་སྐྱོངས། ༡ །གང་ཞིག་གཟོད་ནས་གཟུགས་ལས་འདས་ཀྱང་བརྟན་གཡོ་ཁྱབ་པའི་སྐུར་སྟོན་ཅིང་། །སྒྲ་དང་ཚིག་གི་ཕ་མཐར་མི་གནས་བརྗོད་པ་ཀུན་གྱི་རྗེས་སུ་འགྲོ། །སྤྲོས་པའི་མཚན་མ་གཞར་ཡང་དབེན་མོད་མཁྱེན་བརྩེའི་ཉམས་འགྱུར་མཐའ་ཡས་པ། །བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་དེ་རིང་བདག་ལ་བརྩེ་དགས་སྐྱོངས། ༢ །ཅི་འདི་པདྨ་རཱ་གའི་ལྷུན་པོར་ཉི་གཞོན་བྱེ་བས་འཁྱུད་པའམ། །ཡིད་འཕྲོག་རིགས་བྱེད་དཔལ་མོའི་ཞལ་སྐྱིན་མིག་གི་བདུད་རྩིར་འཆར་བ་གང་། །བརྒྱད་གཉིས་ལང་ཚོར་མཚན་དཔེས་མཛེས་ཕྱིར་ཁྱོད་སྐུའི་སྣང་བར་ངེས་རྙེད་པའི། །བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་དེ་རིང་བདག་ལ་བརྩེ་དགས་སྐྱོངས། ༣ །རྒྱ་སྐྱེགས་མེ་ཏོག་སར་པའི་མཚར་སྡུག་ཆེས་ཆེར་དར་བའི་ཕོན་པོ་ལ། །ལྷར་བཅས་བརྟན་པ་གཅིག་ཅར་དུད་བྱེད་ཁྲོ་ཆགས་སྒེག་པའི་ཉམས་ལྡན་ན། །ཁྱོད་ཞལ་དག་པའི་དཔེ་ཟླར་འོས་ཅེས་ཕལ་ཆེར་ག་ཞའི་ཚིག་འབྱིན་པ། །བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་དེ་རིང་བདག་ལ་བརྩེ་དགས་སྐྱོངས། ༤ །མཆུ་སྒྲོས་པདྨའི་འདབ་རྒྱ་བྱེ་བར་ཚེམས་དཀར་ཟེའུ་འབྲུའི་ཕྲེང་བ་དགོད། །རོ་འཛིན་རཿཡིག་གཉིས་པའི་འཕུར་ལྡིང་གློག་གི་ཐག་པ་ལྟར་གཡོ་བས། །ཏམྦུ་ར་ཅན་ཁེངས་པ་སྙིལ་བྱེད་སྒྲ་དབྱངས་རྒྱ་མཚོའི་དཔལ་འཛིན་པ། །བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་དེ་རིང་བདག་ལ་བརྩེ་དགས་སྐྱོངས། ༥ །སྤྱན་གསུམ་ཟུར་གྱིས་གཟིགས་པ་ཁོ་ནས་ཆུ་སྐྱེས་འཛུམ་སྒྲོས་ལྷུང་མིན་ཡང་། །སྨིན་མའི་འོད་རིས་སྟུག་པོ་ཡིས་ཀྱང་དེ་དེར་འཁྲུལ་པ་སྐྱེད་བྱེད་པས། །ཕ་རོལ་གང་ལ་ཐེབས་པ་ཙམ་ནས་འདོད་པའི་བུང་བ་གཡོ་ལྡན་པ། །བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་དེ་རིང་བདག་ལ་བརྩེ་དགས་སྐྱོངས། ༦ །ཕྱག་གི་འཁྲི་ཤིང་དང་པོ་གཉིས་ཀྱིས་ཨུཏྤལ་མདའ་གཞུ་འཛིན་པ་ཡིས། །རྩུབ་པའི་རེག་བྱ་བཟུང་བ་མིན་ཡང་ས་གསུམ་སྐྱེ་རྒུའི་ཚོགས་རྣམས་ཀྱི། །ཁེངས་པའི་བརྟན་པ་མཐའ་དག་འཕྲོག་བྱེད་ཡིད་སྲུབས་མཚོན་ཆ་ལས་རྒྱལ་བ། །བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་དེ་རིང་བདག་བརྩེ་དགས་སྐྱོངས། ༧ །ལྷག་མས་མཚམས་ཀྱི་སྤྲིན་པའི་ཆུན་པོ་ལོ་འདབ་གཡོ་བ་ལས་གྲུབ་པའི། །ལྕགས་ཀྱུ་ཞགས་པའི་སྒྱུ་ཐབས་ངོམས་པས་ཚངས་དབང་དྲག་པོར་བཅས་པ་ཡང་། །ཞབས་མཐིལ་འཁོར་ལོ་གུས་པས་རྟག་མཆོད་གྲགས་པའི་སྤྲིངས་ཡིག་བྱིན་པ་ཅན། །བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་དེ་རིང་བདག་བརྩེ་དགས་སྐྱོངས། ༨ །རིགས་ལྔའི་རང་བཞིན་ཐོད་སྐམ་ལྔས་མཚན་དབུ་སྐྲ་སྣུམ་འབོལ་གྱེན་དུ་བརྫེས། །ཐབས་ཤེས་བདག་ཉིད་རྣམ་པར་དག་པའི་མགོ་རློན་ལྔ་བཅུའི་དོ་ཤལ་ཅན། །ཡེ་ཤེས་སྒྱུ་མའི་དར་དང་རིན་ཆེན་རུས་པའི་ཕྱག་རྒྱའི་སྒེག་འཆང་བ། །བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་དེ་རིང་བདག་ལ་བརྩེ་དགས་སྐྱོངས། ༩ །མི་འགྱུར་མཆོག་ཏུ་བདེ་བའི་རོས་གང་དཀར་འཛིན་ཟུང་གི་མྱོས་བུམ་མཁྲེག །དྲན་པས་ལྷན་ཅིག་སྐྱེས་དགའི་སིམ་སྟེར་གསང་བའི་པདྨོ་ལྷག་པར་རྒྱས། །གཟུང་འཛིན་སྤྲོས་པའི་ཚུལ་དང་མི་མཛའ་སྟག་ལྤགས་སར་པའི་ཤམ་ཐབས་ཅན། །བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་དེ་རིང་བདག་ལ་བརྩེ་དགས་སྐྱོངས། ༡༠ །སྲིད་དང་ཞི་བར་ཡོང་ཡེ་མི་གནས་ཞབས་གཉིས་བརྐྱང་བསྐུམ་གར་གྱི་ཚུལ། །པད་ཉི་བམ་རོའི་སྙིང་གར་རོལ་ཞིང་ས་གསུམ་ཁྱབ་པའི་འོད་འཕྲོ་བས། །ཚུལ་མིན་རྒུད་པའི་མུན་པ་ཀུན་བཅིལ་ཕུན་ཚོགས་ཕན་བདེའི་སྣང་སྟེར་བ། །བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་དེ་རིང་བདག་ལ་བརྩེ་དགས་སྐྱོངས། ༡༡ །གསུང་གི་གསང་བ་འཇུག་ལྡང་ལས་འདས་ནཱ་དའི་ངོ་བོར་སོན་གྱུར་ཀྱང་། །གང་གི་བློ་གྲོས་བགོ་སྐལ་ལས་མཚུངས་ཞི་བསིལ་ཟིལ་དངར་འཇོ་བའི་སླད། །ཡན་ལག་དྲུག་ཅུའི་རྒྱུད་མང་ལེན་པས་གྲུབ་པའི་སྐལ་བཟང་སྦྱིན་མཁས་པ། །བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་དེ་རིང་བདག་ལ་བརྩེ་དགས་སྐྱོངས། ༡༢ །གལ་ཏེ་འཆི་མེད་རྫིང་རིང་ཕ་མཐར་མཁྱེན་གཉིས་སྣང་བ་རབ་འབར་བས། །སྒྲིབ་གསུམ་མུན་སྟུག་ཀུན་ནས་བསལ་ཏེ་ཐར་བདེའི་ལམ་བཟང་མཚོན་ནུས་ནས། །ཁྱོད་ཐུགས་བརྩེ་དང་གཉིས་སུ་མི་ཕྱེད་སྟོང་པ་ཉིད་ཀྱི་རྗེས་འགྲོ་བ། །བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་དེ་རིང་བདག་ལ་བརྩེ་དགས་སྐྱོངས། ༡༣ །འགའ་ཞིག་འདོད་པ་ཅུང་ཟད་འཇོ་བ་ཡིད་བཞིན་ནོར་བུའི་གྲགས་སྐམ་ལ། །ཆགས་པས་རྒྱ་མཚོའི་མཇིངས་ཟབ་བརྒལ་ཡང་ཁོ་བོས་ཁྱོད་ཀྱི་ཡོན་ཏན་མཐུ། །དྲན་པའི་མོད་ནས་འདོད་དགུ་སྦྱིན་སླད་རེ་བའི་ཤིང་རྟ་དེར་དྲངས་པས། །བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་དེ་རིང་བདག་ལ་བརྩེ་དགས་སྐྱོངས། ༡༤ །གང་གི་ཐུགས་རྗེའི་ཟེག་མ་རེས་ཀྱང་བརྒྱད་གཉིས་འཇིགས་པ་ཀུན་ཞི་ཞིང་། །ཚེ་དཔལ་འབྱོར་པའི་ཕུན་ཚོགས་རབ་རྒྱས་ཁམས་གསུམ་དབང་དུ་འདུ་བ་དང་། །ཕས་རྒོལ་སྡེར་བཅས་ལྷག་མེད་འཇིལ་ནུས་ཕྲིན་ལས་མཁའ་དང་སྙོམས་འཇུག་པ། །བཅོས་ལྡན་འདས་མ་ཀུ་རུ་ཀུལླེ་དེ་རིང་བདག་ལ་བརྩེ་དགས་སྐྱོངས། ༡༥ །དེ་ལྟར་ཁྱོད་ཀྱི་བསྔགས་འོས་ཆ་ཤས་ཕྱོགས་གཅིག་ཁོ་ནའི་ངོ་མཚར་ལ། །ཅུང་ཟད་བསྟོད་པའི་ཚིག་སྦྱོར་ཡིད་འཕྲོག་རྫོགས་ལྡན་གཞོན་ནུའི་ཆར་སྤྲིན་གསར། །དད་བརྒྱའི་འདུན་སར་རྒྱས་པར་དཀྲིགས་ནས་སྨོན་པའི་གནས་འགའ་གསོལ་བགྱིད་ན། །སྲས་བཅས་རྒྱལ་བའི་ཡུམ་གྱུར་གཅིག་པུ་རྗེས་བརྩེའི་སྤྱན་རས་འདིར་གཏོད་ཀྱེ། ༡༦ །སུ་ཞིག་ངེས་འབྱུང་སྙིང་རྗེའི་དབང་སོང་རླབས་ཆེན་གཞན་ཕན་དོན་གཉེར་ཚེ། །འཕགས་མ་དགྱེས་པའི་སྔགས་རིག་འཛིན་པ་གཙུག་གི་ནོར་བུར་གུས་བསྟེན་ནས། །སྨིན་གྲོལ་བདུད་རྩིའི་རྒྱུན་བཟང་བཏུང་བས་དངོས་གྲུབ་རྒྱ་མཚོའི་སྣོད་གྱུར་ཏེ། །དམ་ཚིག་སྡོམ་པ་སྲོག་བཞིན་སྲུང་བའི་བརྟུལ་ཞུགས་ཉམས་པ་མེད་པར་ཤོག ༡༧ །མྱ་ངན་མེད་པའི་གྲིབ་བསིལ་སྣུམ་པོར་མཚན་དཔེའི་ཞལ་སྐྱིན་མདུན་བཀོད་དེ། །ཇི་སྐད་བཤད་པའི་སྤྱོད་ལམ་དང་བཅས་ཚོགས་ཟུང་སྦྱོར་བས་རྒྱུད་སྦྱངས་ཤིང་། །བཅོམ་ལྡན་འདས་མའི་གཟུགས་སྐུའི་ཉམས་འགྱུར་དྭང་བའི་ཡིད་མཚོར་བསྙེན་པ་ན། །ང་རྒྱལ་རྣམ་པའི་གསལ་སྣང་རབ་རྫོགས་རིམ་པ་དང་པོའི་མཐར་ཕྱིན་ཤོག ༡༨ །རྩ་གསུམ་འཁོར་ལོའི་དབུས་སུ་སོན་པའི་ཧྲཱིཿཡིག་འབར་བའི་འོད་རྣོན་པོ། །ཨུཏྤལ་མདེའུའི་རྩེ་མོ་ལས་ཐོན་བརྟན་གཡོའི་དྭངས་བཅུད་ཀུན་བསྡུས་ནས། །གང་གི་སྙིང་གར་སིམ་པའི་མོད་ལ་གྲུབ་པ་མཆོག་གི་གཟི་འབར་བས། །ས་གསུམ་དྲེགས་ལྡན་བྱེ་བའི་ཚོགས་རྣམས་འདར་བཅས་ཐོར་ཚུགས་དུད་པར་ཤོག ༡༩ །ཁྱད་པར་རླུང་དང་གཏུམ་མོའི་རེག་བྱས་འཕགས་རྣམས་ཡེ་ཤེས་བདུད་རྩི་དང་། །ཧྃ་ཡིག་ག་བུར་བཞུ་བའི་རྒྱུན་གྱིས་དགའ་བཞིའི་ལྷན་སྐྱེས་གསོས་བཏབ་པས། །ཐོག་མ་དབུས་དང་འཁོར་འདས་མ་དམིགས་མཆོག་ཏུ་མི་འགྱུར་བདེ་བ་ཆེ། །དོན་དམ་བདག་མེད་སྒྱུ་མའི་དཔལ་མོས་སྙིང་ལ་རྟག་ཏུ་འཁྱུད་པར་ཤོག ༢༠ །བདུན་གྱི་བདུན་པའི་དཀྱིལ་འཁོར་ལ་གནས་རྡོ་རྗེའི་སྔགས་ཀྱི་ཡི་གེ་ལས། །རབ་དམར་འོད་ཟེར་ཕྲེང་བ་སྤྲོ་བསྡུས་སྲིད་ཞིའི་ཕུན་ཚོགས་ཇི་སྙེད་རྣམས། །པུཎྜ་རཱི་ཀ་རྒྱས་པའི་ཚལ་དུ་བུང་བའི་ཚོགས་ཀྱི་མགྲོན་གཉེར་བཞིན། །ཐོགས་པ་མེད་པར་ངང་གིས་འདུ་བའི་སྙན་པས་ས་ཀུན་ཁྱབ་པར་ཤོག ༢༡ །སླར་ལ་ཁྱོད་སྐུ་མངོན་སུམ་གསལ་བའི་སྤྱན་སྔར་རྩེ་གཅིག་གུས་བཏུད་ནས། །ནུས་ལྡན་སྔགས་ཀྱི་གོ་ཆ་འཆང་ཞིང་རྟེན་འབྲེལ་རྫས་ཀྱི་འཁྲུལ་འཁོར་བཅས། །འཕགས་མའི་ཐུགས་དམ་བདེ་འཐུང་སྤྲིན་ཆེན་ཐུན་བཞིར་བསྐུལ་བའི་སྒྲུབ་པ་ཡིས། །བྱིན་རླབས་ཟིལ་དངར་སྙིང་དབུས་སོན་ལས་གང་དང་དབྱེར་མེད་མཐུ་ཐོབ་ཤོག ༢༢ །དེ་ཚེ་བསམ་གཏན་ཁོ་ནའི་མཆིལ་པས་ལྷར་བཅས་ཡིད་ཀྱི་བརྟན་པ་འཕྲོག །མཚན་མའི་རྟེན་དང་རྫས་ཀྱི་སྦྱོར་བས་བརྟན་གཡོའི་ཕུན་ཚོགས་བདག་གིར་འདུ། །ལས་ཀུན་མྱུར་འགྲུབ་སྲེག་བླུགས་ཆོ་གས་རབ་འབྱམས་ལས་ཀྱི་མཐར་སོན་པའི། །རིག་སྔགས་འཆང་བའི་འཁོར་ལོས་སྒྱུར་བ་ཡིད་སྲུབས་ཕྱོགས་ལས་རྣམ་རྒྱལ་ཤོག ༢༣ །མདོར་ན་རིང་འཚོའི་དཔག་བསམ་རྒྱས་པར་ཆོས་མཐུན་འདོད་དགུས་འབྱོར་པ་དང་། །ཤེས་རབ་གསུམ་གྱི་མེ་ཏོག་མཛེས་འབར་ཐར་བདེའི་སྙེ་མ་གཡུར་ཟ་བས། །ཐུན་མོང་ལས་ཀྱི་སྒྱུ་མས་བསྐྲུན་པའི་མངོན་མཐོའི་ཐེམ་སྐས་ལ་འཛེགས་ཏེ། །ཟུང་འཇུག་མཆོག་གི་ཁང་བཟང་ཉམས་དགར་ཚེ་འདི་ཉིད་ལ་ཕྱིན་པར་ཤོག ༢༤ །གཞན་ཡང་གནས་སྐབས་བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་དར། །འགྲོ་ཀུན་རྫོགས་ལྡན་དུས་སྟོན་ལ་ཆགས་དགེ་བཅུའི་ཚུལ་ལ་ངང་གིས་སྤྱོད། །མཐར་ཐུག་སྐུ་དང་ཡེ་ཤེས་དབྱེར་མེད་རྡོ་རྗེ་བཙུན་མོའི་དཔལ་ཐོབ་ནས། །རང་གཞན་དོན་གཉིས་ཡིད་བཞིན་འཇོ་བའི་ཤིས་པའི་པདྨོ་རྒྱས་གྱུར་ཅིག ༢༥ །དེ་ལྟར་ཤེས་དང་ཤེས་བྱ་ཡང་དག་པར་བསྡམས་པ་ཡེ་ཤེས་ཀྱི་སྐུ་ཅན། གཉིས་སུ་འཛིན་པའི་བློས་ནམ་ཡང་བརྟག་པར་བྱ་བ་ལས་འདས་པ། བདེ་ཆེན་རྡོ་རྗེ་བཙུན་མོ་ཀུ་རུ་ཀུལླེ་ཞེས་བྱ་བ་དྲན་པ་ཙམ་གྱིས་རྒྱུ་དང་མི་རྒྱུའི་དངོས་པོ་ཉེར་ལེན་དང་བཅས་པ་མཆོག་ཏུ་མི་འགྱུར་བའི་དེ་ཁོ་ན་ཉིད་ཀྱི་ཕྱག་རྒྱར་དབང་དུ་མཛད་པ་གང་དེའི་ཞབས་ཀྱི་པདྨོ་ལ་བསྔགས་པའི་མེ་ཏོག་ཕྲ་མོ་ཐུན་མོང་མ་ཡིན་པའི་ལམ་རིམ་སྨོན་ལམ་དང་བཅས་པ་འདིའང་། རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་སོགས་ཡོངས་འཛིན་དམ་པ་རྣམས་ལས་ཆོས་ཚུལ་འདིའི་སྐལ་བཟང་མང་དུ་ཐོབ་པའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དཔྱིད་ཟླ་ར་བའི་དཀར་པོའི་ཕྱོགས་ཀྱི་རྒྱལ་བ་གཉིས་པའི་དུས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པའི་ཉིན་གང་ཤར་གསོལ་བ་བཏབ་པ་སྟེ། དགེ་བས་བསྟན་འཛིན་མཆོག་རྣམས་ ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཕྲིན་ལས་མཐའ་ཡས་པ་དང་། འགྲོ་ཀུན་ཕན་བདེའི་དཔལ་གྱིས་དུས་རྟག་ཏུ་འཚོ་བའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །། ༈

Footnotes

Other Information