ཕྱོགས་བཅུ་དུས་བཞི་རྒྱལ་བ་སྲས་བཅས་དང་སོགས།

From Khyentse Lineage - A Tsadra Foundation Project
JKCL-KABUM-12-NA-082
Wylie title phyogs bcu dus bzhi rgyal ba sras bcas dang sogs JKCL-KABUM-12-NA-082.pdf
Location chos kyi blo gros bka' 'bum
Volume 12, Text 82, Pages 361-362 (Folios 1a1 to 1b3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. phyogs bcu dus bzhi rgyal ba sras bcas dang sogs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 361-362. Bir, H.P.: Khyentse Labrang, 2012.
Genre Prayers - smon lam
Lotsawa House Link https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/aspiration-for-land-of-great-bliss
Colophon

།ཅེས་པའང་ཆུ་སྦྲུལ་ཟླ་༡༠ཚེས་༦ལ་རང་ལ་ཡིད་སྐྱོ་བས་སྨོན་ལམ་དུ་བྲིས་པའོ།།

/ces pa'ang chu sbrul zla 10tshes 6la rang la yid skyo bas smon lam du bris pa'o//

1 Texts in this Section (sde tshan or chos tshan)

[edit]
ཕྱོགས་བཅུ་དུས་བཞི་རྒྱལ་བ་སྲས་བཅས་དང་། །ཁྱད་པར་བླ་མ་ཨོ་རྒྱན་པདྨ་འབྱུང་། །ཨརྱ་ཏཱ་རེ་རྡོ་རྗེ་གཞོན་ནུ་ཡི། །ཐུགས་རྗེ་བདེན་པ་ཆེན་པོའི་རྩལ་ཕྱུངས་ལ། །བདག་གི་ཤེས་རྒྱུད་སྲེག་པར་བྱེད་པ་ཡི། །ཉོན་མོངས་དུག་ལྔའི་མེ་དབལ་དྲག་པོ་དང་། །ཁྱད་པར་འདོད་སྲེད་བརྐམ་པས་གདུང་བ་ཡི། །སྔར་ཡང་སྲིད་པར་ཡང་ཡང་འཁོར་ཞིང་མནར། །ད་དུང་འདི་འདྲའི་དབང་དུ་བདག་གྱུར་ན། །ངན་སོང་སྡུག་བསྔལ་དྲག་པོ་མྱོང་བར་ངེས། །དེས་ན་མགོན་པོ་ཁྱོད་རྣམས་ཐུགས་རྗེ་ཡིས། །གནས་ངན་ལེན་གྱི་རྣམ་རྟོག་ངན་པ་རྣམས། །མྱུར་བ་ཉིད་དུ་གཞོམ་པར་མཛད་དུ་གསོལ། །ཕྱིན་ཆད་སླར་མི་སྐྱེ་བར་བྱིན་གྱིས་རློབས། །བློ་སྣ་ཆོས་འགྲོ་དམ་ཆོས་ལམ་དུ་ལོངས། །ལམ་གྱི་འཁྲུལ་ཞི་འཁྲུལ་པ་ཡེ་ཤེས་སུ། །འཆར་བ་བླ་མ་ཡི་དམ་ཐུགས་རྗེས་སྐྱོབས། །སྲིད་པའི་མེ་ཚོགས་ཞི་བར་མཛད་དུ་གསོལ། །ཆོས་མཐུན་བསམ་སྦྱོར་ཡིད་བཞིན་འགྲུབ་པ་དང་། །བྱང་ཆུབ་ལམ་གྱི་བར་ཆད་ཞི་བར་མཛོད། །ཀྱེ་མ་ཀྱི་ཧུད་མགོན་པོ་ཐུགས་རྗེ་ཅན། །ལས་ངན་བདག་ལ་སྤྱན་གྱིས་གཟིགས་སུ་གསོལ། །གཟིགས་ནས་ལས་ངན་དབང་དུ་མི་གཏོང་བར། །ཡང་དག་ལྟ་དང་རྟོགས་པ་ཁྱད་པར་ཅན། །མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །འདི་ནས་ཚེ་འཕོས་ཉིད་དུ་བདེ་ལྡན་ཞིང་། །འདྲེན་མཆོག་འོད་དཔག་མེད་མགོན་ཞབས་དྲུང་དུ། །སྐྱེས་ནས་བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །བདག་ལ་འབྲེལ་དང་མིང་ཙམ་ཐོས་པ་རྣམས། །ངན་སོང་སྡུག་བསྔལ་མཐའ་དག་མི་མྱོང་ཞིང་། །ཞིང་མཆོག་བདེ་བ་ཅན་དུ་སྐྱེ་བར་ཤོག །མདོར་ན་བདག་གི་བྱ་བ་ཅི་བགྱིས་པ། །རང་དོན་རྨི་ལམ་ཙམ་དུའང་མི་སེམས་ཞིང་། །གཞན་ལ་ཕན་པ་ཁོ་ནར་འགྱུར་བ་ལ། །མགོན་པོ་འཇམ་དབྱངས་ཀུན་ཏུ་བཟང་སོགས་ཀྱིས། །ཇི་ལྟར་སྨོན་པ་བཞིན་དུ་འགྲུབ་གྱུར་ཅིག །ཅེས་པའང་ཆུ་སྦྲུལ་ཟླ་༡༠ཚེས་༦ལ་རང་ལ་ཡིད་སྐྱོ་བས་སྨོན་ལམ་དུ་བྲིས་པའོ།། །།

Footnotes

Other Information