JKCL-KABUM-12-NA-058

From Khyentse Lineage - A Tsadra Foundation Project

དཔལ་ས་སྐྱ་པའི་བསྟན་པ་དར་ཞིང་རྒྱས་པའི་སྨོན་ལམ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་།
Wylie title dpal sa skya pa'i bstan pa dar zhing rgyas pa'i smon lam 'jam dbyangs bla ma dgyes pa'i zhal lung JKCL-KABUM-12-NA-058.pdf
Location chos kyi blo gros bka' 'bum
Volume 12, Text 58, Pages 283-289 (Folios 1a to 4a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dpal sa skya pa'i bstan pa dar zhing rgyas pa'i smon lam 'jam dbyangs bla ma dgyes pa'i zhal lung. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 283-289. Bir, H.P.: Khyentse Labrang, 2012.
Genre Prayers - smon lam
Colophon

།ཅེས་པའང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཆུ་རྟ་སྨལ་པོ་ཟླ་བ་འཇམ་དབྱངས་བླ་མ་མངོན་པར་བྱང་ཆུབ་ཆེན་པོར་གཤེགས་པའི་ཚེས་བཅུ་བཞིའི་སྔ་དྲོའི་ཐུན་དང་པོ་ལ་གསོལ་བ་བཏབ་བཞིན་བྲིས་པས་རྟེན་འབྲེལ་མཆོག་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ།།

/ces pa'ang 'jam dbyangs chos kyi blo gros pas chu rta smal po zla ba 'jam dbyangs bla ma mngon par byang chub chen por gshegs pa'i tshes bcu bzhi'i snga dro'i thun dang po la gsol ba btab bzhin bris pas rten 'brel mchog tu dge zhing bkra shis par gyur cig__/mang+ga laM//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། །དཔལ་ས་སྐྱ་པའི་བསྟན་པ་དར་ཞིང་རྒྱས་པའི་སྨོན་ལམ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། །ཕྱོགས་དུས་རྒྱལ་བ་ཀུན་གྱི་སྐུ་ཡེ་ཤེས། །གཅིག་བསྡུས་བླ་མ་མགོན་པོ་འཇམ་པའི་དབྱངས། །སྤྱི་བོར་པད་དཀར་ཟླ་བར་རྟག་བཞུགས་ནས། །མཁྱེན་གཉིས་སྣང་བ་རྒྱས་པའི་བཀྲ་ཤིས་སྩོལ། །ཐུབ་དབང་ཉེ་སྲས་སྒྲོལ་མ་པད་འབྱུང་དང་། །གནས་བརྟན་བཅུ་དྲུག་གཏད་རབས་ཆེན་པོ་བདུན། །རྒྱན་དྲུག་རྣལ་འབྱོར་དབང་ཕྱུག་བརྒྱད་ཅུ་སོགས། །ཐུགས་རྗེས་བསྟན་པ་རྒྱས་པར་བྱིན་གྱིས་རློབས། །སྤྱན་རས་གཟིགས་དབང་བརྩེ་ཆེན་ཀུན་དགའ་སྙིང་། །འཇམ་དབྱངས་བླ་མ་ས་སྐྱ་པཎྜི་ཏ། །གསང་འཛིན་དབང་པོ་ངོར་ཆེན་རྡོ་རྗེ་འཆང་། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །སློབ་དཔོན་ཆེན་པོ་བི་རཱུ་ནཱ་རོ་པ། །རྡོ་རྗེ་གདན་པ་དཱི་པཾ་ཀཱ་ར་སོགས། །འཕགས་ཡུལ་མཁས་གྲུབ་གདམས་པའི་ཆུ་ཀླུང་འཁྱིལ། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཕྱི་ནང་རིགས་གནས་མདོ་སྔགས་ཡོངས་རྫོགས་བདག །གངས་ལྗོངས་སྨྲ་བའི་སེངྒེ་ཐམས་ཅད་མཁྱེན། །འགྲན་ཟླ་ཀུན་བྲལ་ཁམས་གསུམ་ཆོས་ཀྱི་རྗེ། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཀླུ་ཐོགས་ལ་སོགས་འཛམ་གླིང་རྒྱན་མཆོག་གི །བཞེད་གཞུང་མ་ནོར་ཇི་བཞིན་བཀྲལ་བ་ལ། །འཁྲུལ་པའི་དྲི་མས་རྡུལ་ཙམ་མ་གོས་པའི། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཁྱད་པར་རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡི། །དགྱེས་རྡོར་གཞུང་གདམས་འབྲོག་མིའི་ཐུགས་ཀྱི་བཅུད། །རྗེས་འབྲེལ་ལམ་སྐོར་དགུ་དང་བཅས་པ་ཡི། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །དཔལ་ལྡན་རྡོ་རྗེ་འཆང་ནས་ལེགས་འོངས་པའི། །སྔགས་རྒྱུད་རྣམ་བཞིའི་ཆུ་བོ་ཆེན་པོ་བཞི། །རྒྱུད་དང་སྨིན་གྲོལ་འཆད་ལ་ཟླ་མེད་པའི། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མཁས་པའི་འབྱུང་གནས་མཁས་པ་ཡོངས་ཀྱི་རྗེ། །བཙུན་པའི་ཁྱུ་མཆོག་བསླབ་པ་གསུམ་གྱིས་ཕྱུག །གྲུབ་པའི་དབང་ཕྱུག་ནང་གི་ས་ལམ་བགྲོད། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ལྟ་བ་ཤིན་ཏུ་རྣམ་དག་སྤྱོད་པ་གཙང་། །སྒོམ་པ་སྡེ་སྣོད་གསུམ་དང་མཐུན་པ་ཡིས། །ཀུན་མཁྱེན་ཐུབ་དབང་ཉི་མའི་རིང་ལུགས་འཛིན། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཕྱོགས་རེ་མ་ཡིན་བསྟན་པ་མཐའ་དག་ཚང་། །ཚང་ལ་མ་ནོར་ས་སྐྱ་པ་ཞེས་གྲགས། །གྲགས་པའི་བ་དན་ཕྱོགས་བཅུར་སྒྲེང་བ་ཡིས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཆོས་དང་ཆོས་མིན་རྣམ་པར་འབྱེད་པ་དང་། །མུ་སྟེགས་ལ་སོགས་རྒོལ་ངན་བཅོམ་མཛད་ཅིང་། །ཕྱོགས་ལས་རྣམ་རྒྱལ་བསྟན་པའི་རྒྱལ་མཚན་འཛིན། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གཡག་གཞོན་རོང་ཤཱཀ་མདོ་ཡི་བཤད་བརྒྱུད་འཛིན། །བུ་དོལ་རྫོང་པ་ལ་སོགས་རྒྱུད་སྡེ་བཞིའི། །བཤད་དང་སྒྲུབ་པའི་བརྒྱུད་འཛིན་བྱེ་སྙེད་ཀྱིས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མཆོག་གྱུར་རྒྱལ་བས་ལུང་ཐོབ་ཨེ་ཝཾ་པའི། །མཚན་སྙན་འཛིན་མའི་ཁྱོན་ཀུན་ཁྱབ་པ་དང་། །སྡོམ་གསུམ་བཤད་སྒྲུབ་ཕྱག་བཞེས་རྣམ་དག་གིས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཁྱད་པར་རྗེ་བཙུན་གོང་མའི་ཐུགས་བཅུད་རྣམས། །སྙན་ནས་སྙན་བརྒྱུད་བློ་གསལ་རྒྱ་མཚོ་ཡི། །ཐུགས་ཀྱི་བུམ་བཟང་བདུད་རྩིས་ཡོངས་ལ་ཁྱབ། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཐབས་ཤེས་གཉིས་མེད་བཅོམ་ལྡན་ཧེ་བཛྲའི། །རྒྱུད་གསུམ་སྨྲ་མཁས་བསོད་ནམས་སེང་གེ་དང་། །དཀོན་མཆོག་ལྷུན་གྱིས་གྲུབ་པའི་གཏེར་འབྱེད་པས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གཞན་ཡང་རྗེ་བཙུན་དྲིན་གྱིས་ལེགས་འོངས་པའི། །བདེ་གསང་དུས་ཀྱི་འཁོར་ལོའི་རྒྱུད་བཤད་ཀྱི། །མ་དྲོས་མཚོ་ཆེན་གཡས་སུ་འཁྱིལ་བ་ཡི། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྩོད་དུས་ཐུབ་དབང་གཉིས་པ་མཁྱེན་བརྩེའི་དབང་། །གསང་བའི་བདག་པོ་བློ་གཏེར་དབང་པོ་ཡི། །རབ་འབྱམས་བཀའ་ཡི་བསྡུ་བའི་ཆོས་མཛོད་ཀྱིས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །སྙིགས་མའི་མཐར་ཡང་འཁོན་རིགས་རྡོ་རྗེ་འཛིན། །བརྒྱུད་མར་བྱོན་པས་བོད་ཁམས་བདེ་ཞིང་སྐྱིད། །རྡོ་རྗེ་གཞོན་ནུའི་རིགས་སྔགས་གྲུབ་པ་ཡིས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །བདེ་དགྱེས་དུས་འཁོར་རྣལ་འབྱོར་མ་དཔལ་དང་། །འཇམ་དཔལ་ཁྲོས་པ་མ་ཧེའི་ཞལ་ཅན་གྱི། །རྡོ་རྗེའི་ཏིང་འཛིན་གྲུབ་པའི་གཟི་བརྗིད་ཀྱིས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །བསྟན་སྲུང་རྒྱ་མཚོའི་སྡེ་དཔོན་གུར་ཞལ་དང་། །འདོད་ཁམས་བདག་མོ་གནོད་སྦྱིན་བེག་རྩེ་སོགས། །རྒྱུད་གསུམ་དམ་ཅན་དྲེགས་པའི་ཚོགས་རྣམས་ཀྱིས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །སྲིད་གསུམ་དབང་ཕྱུག་རྗེ་བཙུན་རིགས་བྱེད་མ། །ལྷ་ཆེན་ཚོགས་བདག་འདོད་པའི་རྒྱལ་པོ་སོགས། །དབང་བྱེད་ལྷ་ཚོགས་གཟི་བརྗིད་རབ་འབར་བས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྣམ་མང་ཐོས་སྲས་ཛཾ་ལྷ་རིགས་ལྔ་དང་། །ནོར་རྒྱུན་མ་སོགས་བསོད་ནམས་རྒྱ་མཚོ་ཡི། །ནོར་བུའི་སྤྲིན་ལས་འདོད་རྒུའི་ཆར་འབེབས་པས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །བཅོམ་ལྡན་ཚེ་དཔག་མེད་དང་རྣམ་རྒྱལ་མ། །རྗེ་བཙུན་སྒྲོལ་མ་ཡིད་བཞིན་འཁོར་ལོ་ཡིས། །དུས་མིན་འཆི་བདག་དགྲ་ལས་རྣམ་རྒྱལ་བས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ལུགས་གཉིས་ཆབ་སྲིད་ནམ་མཁའི་དགུང་ལྟར་མཐོ། །མདོ་སྔགས་བཤད་སྒྲུབ་ཉི་ཟླ་ལྟར་གསལ་ཞིང་། །བསྟན་འཛིན་དགེ་འདུན་རྒྱུ་སྐར་བཞིན་བཀྲ་བས། །རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །བསྟན་པ་དར་ཞིང་བསྟན་འཛིན་དབུ་འཕང་མཐོ། །བསྟན་པའི་སྦྱིན་བདག་ཚེ་བསོད་དཔལ་འབྱོར་རྒྱས། །ནག་ཕྱོགས་དུས་ཀྱི་རྒུད་པ་ཀུན་ཞི་ནས། །འཇིག་རྟེན་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང་། །ཆོས་ཅན་ཆོས་ཉིད་རྒྱུ་འབྲས་བདེན་པའི་སྟོབས། །བདག་ཅག་ལྷག་བསམ་དག་པས་སྨོན་པ་བཞིན། །འགྲུབ་ཅིང་ཕྱོགས་དུས་ཀུན་ཏུ་དགེ་ལེགས་ཤོག །ཅེས་པའང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཆུ་རྟ་སྨལ་པོ་ཟླ་བ་འཇམ་དབྱངས་བླ་མ་མངོན་པར་བྱང་ཆུབ་ཆེན་པོར་གཤེགས་པའི་ཚེས་བཅུ་བཞིའི་སྔ་དྲོའི་ཐུན་དང་པོ་ལ་གསོལ་བ་བཏབ་བཞིན་བྲིས་པས་རྟེན་འབྲེལ་མཆོག་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ།། །།
[edit]

@#/__/dpal sa skya pa'i bstan pa dar zhing rgyas pa'i smon lam 'jam dbyangs bla ma dgyes pa'i zhal lung zhes bya ba bzhugs so/__/ na mo gu ru many+dzu g+ho ShA ya/__/phyogs dus rgyal ba kun gyi sku ye shes/__/gcig bsdus bla ma mgon po 'jam pa'i dbyangs/__/spyi bor pad dkar zla bar rtag bzhugs nas/__/mkhyen gnyis snang ba rgyas pa'i bkra shis stsol/__/thub dbang nye sras sgrol ma pad 'byung dang /__/gnas brtan bcu drug gtad rabs chen po bdun/__/rgyan drug rnal 'byor dbang phyug brgyad cu sogs/__/thugs rjes bstan pa rgyas par byin gyis rlobs/__/spyan ras gzigs dbang brtse chen kun dga' snying /__/'jam dbyangs bla ma sa skya paN+Di ta/__/gsang 'dzin dbang po ngor chen rdo rje 'chang /__/rigs gsum rgyal ba'i bstan pa rgyas gyur cig__/slob dpon chen po bi rU nA ro pa/__/rdo rje gdan pa dI paM kA ra sogs/__/'phags yul mkhas grub gdams pa'i chu klung 'khyil/__/rigs gsum rgyal ba'i bstan pa rgyas gyur cig__/phyi nang rigs gnas mdo sngags yongs rdzogs bdag__/gangs ljongs smra ba'i seng+ge thams cad mkhyen/__/'gran zla kun bral khams gsum chos kyi rje/__/rigs gsum rgyal ba'i bstan pa rgyas gyur cig__/klu thogs la sogs 'dzam gling rgyan mchog gi__/bzhed gzhung ma nor ji bzhin bkral ba la/__/'khrul pa'i dri mas rdul tsam ma gos pa'i/__/rigs gsum rgyal ba'i bstan pa rgyas gyur cig__/khyad par rnal 'byor dbang phyug chen po yi/__/dgyes rdor gzhung gdams 'brog mi'i thugs kyi bcud/__/rjes 'brel lam skor dgu dang bcas pa yi/__/rigs gsum rgyal ba'i bstan pa rgyas gyur cig__/dpal ldan rdo rje 'chang nas legs 'ongs pa'i/__/sngags rgyud rnam bzhi'i chu bo chen po bzhi/__/rgyud dang smin grol 'chad la zla med pa'i/__/rigs gsum rgyal ba'i bstan pa rgyas gyur cig__/mkhas pa'i 'byung gnas mkhas pa yongs kyi rje/__/btsun pa'i khyu mchog bslab pa gsum gyis phyug__/grub pa'i dbang phyug nang gi sa lam bgrod/__/rigs gsum rgyal ba'i bstan pa rgyas gyur cig__/lta ba shin tu rnam dag spyod pa gtsang /__/sgom pa sde snod gsum dang mthun pa yis/__/kun mkhyen thub dbang nyi ma'i ring lugs 'dzin/__/rigs gsum rgyal ba'i bstan pa rgyas gyur cig__/phyogs re ma yin bstan pa mtha' dag tshang /__/tshang la ma nor sa skya pa zhes grags/__/grags pa'i ba dan phyogs bcur sgreng ba yis/__/rigs gsum rgyal ba'i bstan pa rgyas gyur cig__/chos dang chos min rnam par 'byed pa dang /__/mu stegs la sogs rgol ngan bcom mdzad cing /__/phyogs las rnam rgyal bstan pa'i rgyal mtshan 'dzin/__/rigs gsum rgyal ba'i bstan pa rgyas gyur cig__/g.yag gzhon rong shAka mdo yi bshad brgyud 'dzin/__/bu dol rdzong pa la sogs rgyud sde bzhi'i/__/bshad dang sgrub pa'i brgyud 'dzin bye snyed kyis/__/rigs gsum rgyal ba'i bstan pa rgyas gyur cig__/mchog gyur rgyal bas lung thob e waM pa'i/__/mtshan snyan 'dzin ma'i khyon kun khyab pa dang /__/sdom gsum bshad sgrub phyag bzhes rnam dag gis/__/rigs gsum rgyal ba'i bstan pa rgyas gyur cig__/khyad par rje btsun gong ma'i thugs bcud rnams/__/snyan nas snyan brgyud blo gsal rgya mtsho yi/__/thugs kyi bum bzang bdud rtsis yongs la khyab/__/rigs gsum rgyal ba'i bstan pa rgyas gyur cig__/thabs shes gnyis med bcom ldan he badz+ra'i/__/rgyud gsum smra mkhas bsod nams seng ge dang /__/dkon mchog lhun gyis grub pa'i gter 'byed pas/__/rigs gsum rgyal ba'i bstan pa rgyas gyur cig__/gzhan yang rje btsun drin gyis legs 'ongs pa'i/__/bde gsang dus kyi 'khor lo'i rgyud bshad kyi/__/ma dros mtsho chen g.yas su 'khyil ba yi/__/rigs gsum rgyal ba'i bstan pa rgyas gyur cig__/rtsod dus thub dbang gnyis pa mkhyen brtse'i dbang /__/gsang ba'i bdag po blo gter dbang po yi/__/rab 'byams bka' yi bsdu ba'i chos mdzod kyis/__/rigs gsum rgyal ba'i bstan pa rgyas gyur cig__/snyigs ma'i mthar yang 'khon rigs rdo rje 'dzin/__/brgyud mar byon pas bod khams bde zhing skyid/__/rdo rje gzhon nu'i rigs sngags grub pa yis/__/rigs gsum rgyal ba'i bstan pa rgyas gyur cig__/bde dgyes dus 'khor rnal 'byor ma dpal dang /__/'jam dpal khros pa ma he'i zhal can gyi/__/rdo rje'i ting 'dzin grub pa'i gzi brjid kyis/__/rigs gsum rgyal ba'i bstan pa rgyas gyur cig__/bstan srung rgya mtsho'i sde dpon gur zhal dang /__/'dod khams bdag mo gnod sbyin beg rtse sogs/__/rgyud gsum dam can dregs pa'i tshogs rnams kyis/__/rigs gsum rgyal ba'i bstan pa rgyas gyur cig__/srid gsum dbang phyug rje btsun rigs byed ma/__/lha chen tshogs bdag 'dod pa'i rgyal po sogs/__/dbang byed lha tshogs gzi brjid rab 'bar bas/__/rigs gsum rgyal ba'i bstan pa rgyas gyur cig__/rnam mang thos sras dzaM lha rigs lnga dang /__/nor rgyun ma sogs bsod nams rgya mtsho yi/__/nor bu'i sprin las 'dod rgu'i char 'bebs pas/__/rigs gsum rgyal ba'i bstan pa rgyas gyur cig__/bcom ldan tshe dpag med dang rnam rgyal ma/__/rje btsun sgrol ma yid bzhin 'khor lo yis/__/dus min 'chi bdag dgra las rnam rgyal bas/__/rigs gsum rgyal ba'i bstan pa rgyas gyur cig__/lugs gnyis chab srid nam mkha'i dgung ltar mtho/__/mdo sngags bshad sgrub nyi zla ltar gsal zhing /__/bstan 'dzin dge 'dun rgyu skar bzhin bkra bas/__/rigs gsum rgyal ba'i bstan pa rgyas gyur cig__/bstan pa dar zhing bstan 'dzin dbu 'phang mtho/__/bstan pa'i sbyin bdag tshe bsod dpal 'byor rgyas/__/nag phyogs dus kyi rgud pa kun zhi nas/__/'jig rten bde zhing skyid pa'i bkra shis shog__/dkon mchog rin chen gsum gyi bden pa dang /__/chos can chos nyid rgyu 'bras bden pa'i stobs/__/bdag cag lhag bsam dag pas smon pa bzhin/__/'grub cing phyogs dus kun tu dge legs shog__/ces pa'ang 'jam dbyangs chos kyi blo gros pas chu rta smal po zla ba 'jam dbyangs bla ma mngon par byang chub chen por gshegs pa'i tshes bcu bzhi'i snga dro'i thun dang po la gsol ba btab bzhin bris pas rten 'brel mchog tu dge zhing bkra shis par gyur cig__/mang+ga laM//___//

Footnotes

Other Information