ཀཿཐོག་སི་ཏུ་རིན་པོ་ཆེར་ཁྲི་སྟོན་ལེགས་འབུལ་གྱི་ཡི་གེ་བཀྲ་ཤིས་དབྱངས་སྙན།

From Khyentse Lineage - A Tsadra Foundation Project
JKCL-KABUM-12-NA-035
Wylie title kaH thog si tu rin po cher khri ston legs 'bul gyi yi ge bkra shis dbyangs snyan JKCL-KABUM-12-NA-035.pdf
Location chos kyi blo gros bka' 'bum
Volume 12, Text 35, Pages 127-143 (Folios 1a1 to 9a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. kaH thog si tu rin po cher khri ston legs 'bul gyi yi ge bkra shis dbyangs snyan. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 127-143. Bir, H.P.: Khyentse Labrang, 2012.
Genre Official Letters - chab shog

1 Texts in this Section (sde tshan or chos tshan)

[edit]
༄༅། །ཀཿཐོག་སི་ཏུ་རིན་པོ་ཆེར་ཁྲི་སྟོན་ལེགས་འབུལ་གྱི་ཡི་གེ་བཀྲ་ཤིས་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། ། བཀྲ་ཤིས་མཚན་གྱི་གདུགས་དཀར་གསར་པ་ལྷར་བཅས་བླ་ན་བརྗིད་པའི་སྐུ། །བཀྲ་ཤིས་ཞི་བསིལ་བདུད་རྩིའི་སྣང་བས་འགྲོ་རྣམས་གདུང་བ་སེལ་བའི་གསུངས། །བཀྲ་ཤིས་ཟག་བྲལ་རྣམ་པར་མི་རྟོག་ཤེས་པ་ཀུན་ལ་ཁྱབ་པའི་ཐུགས། །བཀྲ་ཤིས་གསང་གསུམ་བསམ་མི་ཁྱབ་པ་དོན་ཀུན་གྲུབ་པས་དགེ་ལེགས་སྩོལ། །ཅེས་མཉམ་མེད་ཤཱཀྱའི་རྒྱལ་པོར་བསྔགས་པ་བརྗོད་པ་སཾ་བོད་ཀྱི་སྐད་གཉིས་སྡེབ་ལེགས་པར་སྦྱོར་བ་ཚིགས་སུ་བཅད་པའི་མེ་ཏོག་གི་བླ་བྲེ་སྔོན་དུ་བྲེས་ནས། འདིར་བདག་ཅག་གི་འདྲེན་མཆོག་མཚུངས་ཟླ་དང་བྲལ་བ་བྱམས་ཆེན་རྒྱལ་བའི་སྒྱུ་འཕྲུལ་ཏཱའི་སི་ཏུ་ཆོས་ཀྱི་རྒྱ་མཚོ་ཞེས་མཚན་ཉི་ཟླ་ལྟར་གྲགས་པ་དེ་ཉིད་ཞི་བའི་དབྱིངས་སུ་གཟིགས་པ་ཡོལ་བའི་ཚུལ་བསྟན་ནས། སླར་ཡང་བསྟན་འགྲོའི་དོན་ལ་ཐུགས་བསྐྱེད་ཀྱི་དམ་བཅའ་མི་ལྷོད་པར་རྣམ་རོལ་ཆུ་ཟླའི་ཟློས་གར་ཅིར་ཡང་སྒྱུར་བའི་ཡང་སྲིད་རིན་པོ་ཆེ་ཁྲིར་ཕེབས་ཀྱི་སྐབས་འདིར་ལེགས་འབུལ་ཀྱི་མཆོད་སྤྲིན་ཅུང་ཟད་སྤྲོ་བ་ལ་ཐོག་མར་ལོ་རྒྱུས་དང་འབྲེལ་བའི་ཤིས་པ་བརྗོད་པ་ཚངས་སྲས་དགྱེས་པའི་ཏམྦུ་རའི་སྒྲ་ལས་དྲངས་ཏེ་མངོན་པར་གསོལ་བ་ནི། །གདོད་ནས་རྣམ་གྲོལ་མཆོག་ཏུ་ཞི་བ་འོད་གསལ་རྟག་པ་དམ་པའི་མཁར། །ལྷུན་གྲུབ་ཉི་ཟླའི་ཚོམ་བུས་མཛེས་ཤིང་འོད་ཟེར་དྲྭ་བས་ཀུན་ནས་བརྒྱན། །མཆོག་ཏུ་མི་འགྱུར་རྡོ་རྗེའི་ལྷུན་པོ་སྐུ་བཞིའི་བང་རིམ་བཞིས་འཁྱུད་པ། །སྲིད་ཞིའི་བླ་ན་གཙུག་ཏོར་མཆོག་གྱུར་ཐེག་བརྒྱད་གསེར་རིས་དབུས་ན་བརྗིད། ༡ །བྱམས་ཆེན་ཐུགས་རྗེའི་འོད་ཟེར་རྡུལ་ཕྲེང་བྱེ་བ་ཕྲག་བརྒྱ་ཀུན་ཏུ་འཕྲོ། །སྲིད་གསུམ་རྨོངས་པའི་མུན་ཆེན་གཞིལ་ཞིང་བློ་གྲོས་དགེ་བའི་སྣང་བ་རྒྱས། །ཡང་དག་ཐར་པའི་ལམ་བཟང་སྟོན་མཁས་ཀུན་མཁྱེན་འགྲོ་བའི་བླ་མ་ནི། །ཏཱ་ཡི་སི་ཏུ་ཨོ་རྒྱན་ཆོས་ཀྱི་རྒྱལ་མཚན་གྲགས་པའི་མཚན་སྙན་ལྕི། ༢ །གང་གི་ཐུགས་རྗེ་འཛམ་བུའི་གསེར་བཟང་མོས་གུས་དག་པའི་ས་གཞི་ལ། །དུམ་བུར་འཐོར་བས་གང་འདུལ་སྤྲུལ་པའི་རྣམ་རོལ་སྣ་ཚོགས་ཅིར་ཡང་སྣང་། །འགྲོ་ལ་ཕན་པ་ལྷ་ལམ་ཡངས་པའི་རྗེས་སུ་འགྲོ་འདི་བསྟན་འགྲོའི་དབྱིག །རྡོ་རྗེ་རིན་ཆེན་རྒྱན་གྱིས་སྤྲས་པའི་མཆོད་སྡོང་སྲིད་ཞིའི་གཡང་དུ་ཁུག༣། སྔོན་ཚེ་འཕགས་ཡུལ་མ་ག་དྷཱ་རུ་མཉམ་མེད་ཟས་གཙང་སྲས་པོ་ཡིས། །ངོ་མཚར་མཛད་པའི་རོལ་གར་བཅུ་གཉིས་གཞན་ཡང་རྣམ་མང་མཛད་པ་བརྒྱ། །ཇི་སྙེད་བསྟན་པའི་འཇིག་རྟེན་ཁམས་སུ་ཕན་བདེའི་དབུགས་དབྱུང་སྦྱིན་དེ་དང་། །ཐ་དད་མ་མཆིས་བྱང་ཕྱོགས་ཐུབ་དབང་མི་ཡི་སེངྒེ་ཀུན་མཁྱེན་རྗེ། ༤ །གང་གི་རྣམ་ཐར་ཆ་ཤས་ཙམ་ཞིག་ཡིད་ལ་དྲན་པ་དེ་ཡི་མོད། །བདུད་རྩིའི་སྙིང་ལ་ཟུག་རྔུ་སྟེར་ཞིང་བདག་པོའི་རིམ་སེལ་ཀར་སུ་ར། །ནམ་ཡང་མི་བསྙེལ་དད་པའི་གེ་སར་མཆོག་ཏུ་རྒྱས་པའི་ཟེའུ་འབྲུའི་དབུས། །དགྱེས་པའི་འཛུམ་ཞལ་ཉ་རྒྱས་ཟླ་ལྟར་མཆོག་ཏུ་གསལ་བས་རྨོངས་པ་འཕྲོགས། ༥ །ཨེ་མ་བསམ་ཡས་ཡོན་ཏན་རྒྱ་མཚོ་རྡོ་རྗེའི་ལྗགས་ཀྱིས་བགྲང་ནུས་མིན། །བརྗོད་བྲལ་རང་བཞིན་གནས་ལུགས་འདི་ལ་བསམ་དང་བརྗོད་པས་ཅི་ཞིག་བྱ། །དེ་ལྟར་ན་ཡང་ཆུ་ཤེལ་ནོར་བུས་རེག་པའི་མོད་ལ་དབང་མེད་དུ། །བསྟོད་པའི་ཆུ་ཀླུང་མུ་ཏིག་སྦུ་ཕྲེང་ཆལ་ཆིལ་གཡོ་བས་རབ་ཏུ་མཆོད། ༦ །འཇམ་དབྱངས་བླ་མ་བློ་གྲོས་མི་ཟད་རྒྱ་མཚོའི་སྤྲིན་ལས་ཐོན་པ་ཡི། །དཔལ་ལྡན་ཀླུ་དབང་མཁས་གྲུབ་བྱེ་བས་ལེགས་པར་བསྟེན་པའི་གདེང་ཅན་གཙོ། །མདོ་སྔགས་ཆོས་ཚུལ་ནོར་བུའི་གྲུ་ཆར་མཛད་མེད་འཇོ་བས་ཕོངས་པ་སེལ། །ལྟ་ངན་རབ་བསལ་ཡང་དག་རིག་པའི་གློག་ཕྲེང་འཁྱུགས་དང་སྒྲ་བརྒྱ་སྒྲོགས། ༧ །རྡོ་རྗེའི་ཟེར་གྱིས་ལྟ་ངན་གླང་པོ་འགེམ་ལ་མི་འཇིགས་སྤོབས་པ་བརྟན། །འཇམ་དཔལ་རྡོ་རྗེའི་རིག་སྔགས་གྲུབ་པའི་བརྟུལ་ཞུགས་ཟླ་མེད་རྣལ་འབྱོར་རྒྱལ། །རྣམ་ཀུན་མཁྱེན་པའི་མིག་སྟོང་ལྡན་པས་ཇི་སྙེད་ཤེས་བྱའི་ཆོས་ཀུན་གསལ། །ཡང་དག་དོན་ནི་ཇི་བཞིན་གཟིགས་པའི་བདེན་དོན་དེ་བཞིན་ཉིད་དུ་གཤེགས། ༨ །དེ་ལྟར་དམ་པ་དམ་པའི་མགོན་དེ་ཡི། །རྣམ་རོལ་མཆོག་གི་སྤྲུལ་སྐུ་ཁྱོད་ཉིད་ནི། །ངེས་དོན་སྲིད་ཞིའི་འཆིང་ལས་རབ་གྲོལ་བ། །ཡོན་ཏན་རང་བཞིན་བདག་ཉིད་ཆེ་ཁྱོད་བསྔགས། ༩ །བྱིས་པར་བསྟན་ཀྱང་ཕལ་པའི་སྤྱོད་ལས་འདས། །བཟང་པོའི་དྲི་བསུང་རིང་དུ་འཕྲོ་བ་དང་། །གྲགས་སྙན་མ་ལ་ཡ་ཡི་ནགས་ཀླུང་ན། །རྣམ་པར་བརྩེ་བའི་དྲང་སྲོང་གཞོན་ནུ་ལགས། ༡༠། ཁྱོད་ཞལ་འོད་དཀར་ཅན་བཞིན་རབ་ཏུ་དཀར། །ཁྱོད་གསུང་ཨ་དཱི་ཀ་དཱིའི་གླུ་དབྱངས་ལེན། །གང་ཐུགས་ཟག་མེད་བདེ་ལ་སྙོམས་ཞུགས་པ། །གཞོན་ནུ་ཆུ་སྐྱེས་མཆོག་སྦྱིན་རྡོ་རྗེར་མཚུངས། ༡༡། ཚ་ཟེར་ཅན་གྱིས་པདྨ་རྒྱས་པ་ལྟར། །གང་གི་བློ་གྲོས་ནམ་མཁའི་ནོར་བུ་ཡིས། །སྐལ་བཟང་དད་པའི་སྨོན་ལམ་བཞད་པའི་གཉེན། །འགྱུར་བར་ཐེ་ཚོམ་སྒྲིབ་པའི་སྐབས་མ་མཆིས། ༡༢། བྱམས་པའི་ཆུ་ཁུར་ཕྱོགས་རིས་མེད་པར་སྙོམས། །ཐུགས་རྗེའི་གྲུ་ཆར་གདུལ་བྱའི་ཞིང་སར་འབེབས། །ལེགས་བྱས་དགེ་བའི་མྱུ་གུ་སྨིན་པ་འདི། །རྫོགས་ལྡན་དབྱར་གྱི་དཔལ་ཡོན་རྒྱས་པར་སྙམ། ༡༣། མཚན་དཔེའི་གཟི་བརྗིད་ལྟ་བས་མི་ངོམས་ཞིང་། །ཚངས་པའི་དབྱངས་ཀྱིས་ཆོས་སྒྲ་སྒྲོགས་མཛད་པས། །རྒྱལ་བསྟན་སྤྱི་དང་ངེས་གསང་སྙིང་པོ་ཡི། །བསྟན་པའི་རྒྱལ་མཚན་འཛིན་མཁས་གཞན་སུ་ཞིག༡༤། ག་པུར་རྡུལ་བརྩེགས་རྡོ་རྗེ་གདན་གྱི་སྤོར། །འཇིགས་བྲལ་ཆོས་ཀྱི་སེངྒེ་རབ་ཏུ་བརྟན། །བསླབ་གསུམ་གཡུ་ཡི་རལ་པས་མཛེས་པར་བརྒྱན། །བདེ་གཤེགས་གསུང་གི་ང་རོ་སྒྲོགས་མཛད་རྒྱལ། ༡༥། ཅེས་སྔོན་བྱུང་བ་ཆོས་རྗེ་གོང་མ་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་རྣམ་ཐར་རྒྱ་མཚོའི་ཟེགས་མ་དང་། ད་ལྟར་གྱི་སྐབས་དོན་ལས་བརྩམས་པའི་བསྟོད་ཚིག་གི་ཕྲེང་བ་ཉུང་ངུས་མདུན་བསུས་སྟེ་དེང་གི་ཆར་གནས་ཕུན་སུམ་ཚོགས་པ་འཛམ་གླིང་བྱང་ཕྱོགས་སྤུར་རྒྱལ་བོད་ཀྱི་ལྗོངས་འདིར་བོད་དང་བོད་ཆེན་གཉིས་སུ་ཕྱེ་བ་ལས་བོད་ཆེན་པོའི་ཆར་གཏོགས་པ་མདོ་སྨད་འབྲི་ཟླ་ཟལ་མོ་སྒང་གི་ས་ཡི་ཆར་འཕགས་ཡུལ་མ་ག་དྷཱ་གཉིས་པ་ཤར་ཀཿཐོག་རྡོ་རྗེ་གདན་ཞེས་ཨོ་རྒྱན་དུས་གསུམ་མཁྱེན་པའི་རྡོ་རྗེའི་ལུང་གིས་གཏེར་ཁ་ཚད་ཐུབ་དུ་མ་ནས་ཡང་ཡང་བསྔགས་ཤིང་ལོ་ཆེན་བཻ་རོ་ཙ་ན་སོགས་གྲུབ་བརྙེས་རིག་འཛིན་རྣམས་ཀྱིས་ཞབས་ཀྱིས་བཅགས། མཐོང་ལམ་ས་དང་པོ་རབ་ཏུ་དགའ་བ་མངོན་ཏུ་མཛད་པ་དམ་པ་བདེ་བར་གཤེགས་པ་ཡབ་སྲས་ཀྱིས་གཙུག་ལག་ཁང་གི་གཞི་བཏིང་། ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བའི་དགོན་གནས་ཁྱད་པར་འཕགས་པ་འོག་མིན་གྱི་ཞིང་དང་། ས་སྤྱོད་དཔལ་རི་པདྨ་འོད་ཀྱི་གཞལ་མེད་ཁང་ཆེན་པོ་དང་ཁྱད་པར་མ་མཆིས་པའི་གདན་ས་ཆེན་པོའི་འདུ་ཁང་གི་གོང་མ་རིམ་བྱོན་གྱི་བྱིན་གྱིས་བརླབས་པའི་གདོང་ལྔས་བཏེགས་པའི་ཆོས་ཀྱི་ཁྲི་ཆེན་པོ་ག་ལ་བར་སྟོན་པ་ཕུན་སུམ་ཚོགས་པ་དགའ་ལྡན་ལྷ་བརྒྱའི་བདག་པོ་༧རྒྱལ་བ་མི་ཕམ་མགོན་པོའི་རྣམ་རོལ་བྱམས་ཆེན་ཏཱ་ཡི་སི་ཏུ་ཆོས་ཀྱི་འབྱུང་གནས་ཞེས་མཚན་ཀྱི་སྙན་པས་རྒྱ་མཚོའི་ཕ་མཐར་ཁྱབ་པ་དེ་ཉིད་ཀྱི་སྐུ་ཕྲེང་བཞི་པ་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་དེ་བཞིན་གཤེགས་པ་ཐམས་ཅད་སྤྲོ་བ་དང་བསྡུ་བའི་བྱེད་པོ། ཆོས་ཐམས་ཅད་ཀྱི་འབྱུང་གནས། རྒྱལ་སྲས་བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེན་པོ། མཁས་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ། མདོ་སྔགས་རིག་གནས་དང་བཅས་པ་ཡོངས་སུ་རྫོགས་པའི་པཎྜི་ཏ་གྲུབ་ཐོབ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ། བསྟན་འགྲོ་རིས་སུ་མ་ཆད་པའི་གདུལ་བྱ་ཀུན་ལ་མ་འདྲིས་པའི་མཛའ་བཤེས་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད། ངེས་པའི་དོན་དུ་སྐྱེ་འཆི་སྤྲོས་མཚན་ལས་འདས་ཀྱང་། དྲང་དོན་གདུལ་བྱའི་སྣང་ངོར་ཞིང་འདིར་གཟུགས་སྐུའི་མཛད་པ་ཐ་མ་ཉེ་བར་བསྟན་ནའང་། རྒྱལ་བའི་ཕྲིན་ལས་རྒྱུན་ཆད་མེད་པ་རྒྱལ་དང་དེ་སྲས་སེམས་དཔའ་ཆེན་པོ་རྣམས་ཀྱི་རང་བཞིན་དུ་གྱུར་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྤྲུལ་པའི་རོལ་གར་བརྒྱ་ཕྲག་ཏུ་སྤྲོ་བར་མཛད་པ་ལས་བདག་ཅག་རྣམས་ཀྱི་སྐྱབས་མགོན་དུ་བསམ་བཞིན་བྱོན་པའི་རྗེ་བཙུན་འཇམ་དཔལ་གཞོན་ནུ་མཆོག་ཉིད་སྒ་སྟོད་ཀྱི་ས་ཡི་ཐིག་ལེ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་བཞུགས་གནས་གྲུ་འཛིན་གྱི་ཕོ་བྲང་དང་ཉེ་བར་སྐུ་མཚན་དཔེའི་མེ་ཏོག་བཞད་པ་དང་། ལྔ་བརྒྱའི་གཙུག་རྒྱན་དྲི་མེད་བཤེས་གཉེན་གྱི་རོལ་གར་ཆོས་ཉིད་ཀྱི་བདེན་དོན་མངོན་སུམ་དུ་རྟོགས་པའི་འཕགས་ཆེན་གྱི་ཡེ་ཤེས་མེ་ལོང་གཙང་མའི་ངོགས་སུ་གསལ་བའི་ལུང་དོན་མངོན་གྱུར་ལྟར། བདག་ཅག་རྣམས་ཀྱི་དད་གསུམ་ཤིང་རྟའི་ཁ་ལོ་བསྒྱུར་བས་སྤྱན་དྲངས་ནས་ཞབས་པད་བཀྲ་ཤིས་ཀྱི་འཁོར་ལོ་རྩིབས་སྟོང་བཀྲ་བ་གདན་ས་ཆེན་པོར་བཀོད་དེ་འཇིགས་མེད་ཆོས་ཀྱི་ཁྲི་འཕང་མཐོན་པོར་གསང་གསུམ་ཉི་ཟླའི་གཟི་འོད་ལྟར་འཕྲོ་ཞིང་བསོད་ནམས་བརྒྱ་པའི་དཀྱིལ་འཁོར་སྒྲིབ་བྲལ་དུ་བཞུགས་པ་དང་། དུས་ཕུན་སུམ་ཚོགས་པ་ནི། དེ་ཡང་བཅོམ་ལྡན་འདས་ཀྱིས་དཔལ་ལྡན་འབྲས་སྤུངས་སུ་སྤྲུལ་པའི་ཆོས་རྒྱལ་ཟླ་བ་བཟང་པོ་ལ་ལེགས་པར་གསུངས་པའི་ཤྲཱི་ཀ་ལ་ཙཀྲའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཕྱོགས་ཤམྦྷ་ལའི་ཀ་ལ་པའི་གཞལ་མེད་ཁང་ཆེན་པོ་ནས་རིགས་ལྡན་ཆོས་ཀྱི་རྒྱལ་པོས་ཙི་ལུ་པ་དང་དུས་ཞབས་པ་ཆེན་པོར་རྒྱུད་དང་སྨིན་གྲོལ་གྱི་གདམས་པ་མཐའ་དག་སྩལ་ཏེ་རྒྱ་གར་འཕགས་པའི་ཡུལ་དབུས་སུ་དར་ཞིང་རབ་བྱུང་དང་པོ་མེ་ཡོས་ལོར་ཐོག་མར་བོད་དུ་ཕེབས་པ་ནས་བགྲང་བའི་དྲུག་ཅུའི་སྐོར་ཚེས་༡༥འདས་ཏེ་རབ་བྱུང་བཅུ་དྲུག་པའི་མགོ་ཚུགས་ནས་ལོ་ཡི་ཕུང་པོ་རིགས་བྱེད་ཀྱི་གྲངས་འདས་ཤིང་འཕགས་ཡུལ་སྟོད་འགྲེལ་པའི་སྐད་དུ་པྲ་ཛྭ་པ་ཏི། བོད་སྐད་དུ་སྐྱེས་བདག་ཅེས་རྒྱ་རྩིས་པའི་ལུགས་ཀྱི་ཟིན་ཝུའི་ཞེས་པ་ལྕགས་མོ་ལུག་གི་ལོ། དུས་འཁོར་བའི་དཔྱིད་འབྲིང་པོ། རགས་ཞིབ་མཐུན་པ། རྒྱུ་སྐར་གྱི་ལྷ་མོ་དབོ་ཡིས་ཆུ་ཤེལ་དབང་པོར་རྩེན་པའི་ཟླ་བ། རྒྱ་རྩིས་པའི་དབྱར་ར་ཤིང་མོ་སྦྲུལ་ཟླ་ཆུང་བ། རྟ་བདུན་དབང་པོ་ཉ་ཡི་ཁྱིམ་དུ་བསྐྱོད་པའི་དཀར་ཕྱོགས་ཀྱི་བཟང་པོ་གཉིས་པའི་ཚེས་གཟའ་སྐར་གྱི་འཕྲོད་སྦྱོར་ལེགས་ཤིང་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ཉིད་རབ་ཏུ་བྱུང་སྟེ་གུ་རུ་ཤཱཀྱ་སེང་གེའི་མཚན་གྱི་སྒྱུ་འཕྲུལ་ངོམ་པའི་དུས་ཆེན་མངོན་དུ་གྱུར་པ་ལགས། འཁོར་ཕུན་སུམ་ཚོགས་པ་བསླབ་པ་གསུམ་གྱི་ལུས་སྟོབས་ཡོངས་སུ་རྫོགས་ཤིང་། སྡེ་སྣོད་གསུམ་གྱི་འབྱོར་པའི་ཕྱུགས་པ་དང་ལུང་དང་རྟོགས་པའི་ཡོན་ཏན་རྒྱ་མཚོ་ལ་མངའ་དབང་འབྱོར་པས་འཇམ་དབྱངས་བླ་མ་གོང་མ་དེ་ཉིད་ཀྱི་སྲས་ཀྱི་ཐུ་བོ་མཁས་པའི་གཙུག་རྒྱན། གྲུབ་པའི་དབང་ཕྱུག་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེ་རྣམས་དང་། བརྟན་མཁས་ཕན་འདོགས་ཀྱི་ཡོན་ཏན་དུ་མས་མངོན་པར་མཐོ་བ་མཁན་ཆེན་རིན་པོ་ཆེའི་དབུས་སྡེ་སྣོད་འཛིན་པ་ཆེན་པོ་དུ་མ་དང་། ལྡན་གྲོལ་གྱི་འབྱོར་པ་དམ་པས་མཛེས་ཤིང་ངུར་སྨྲིག་འཆང་བའི་འདུས་པའི་སྡེ་ཚོགས་དམར་སེར་ཐུན་མཚམས་གསར་པའི་འོད་སྣང་ལ་འགྲན་པར་ཆས་པ་རྣམས་དང་། སྟོབས་ལྡན་གྱི་རྒྱལ་པོ། འབྱོར་ལྡན་གྱི་ཁྱིམ་བདག་སོགས་རིགས་ཅན་དྲྭ་མ་རྣམས་ཀྱི་འཁོར་ཚོགས་བགྲངས་ལས་འདས་ཤིང་། བསྟན་ལ་མངོན་པར་དགའ་བའི་དཀར་ཕྱོགས་ཀྱི་ལྷ་ཀླུ་གནོད་སྦྱིན་གཞི་བདག་བྱེ་བ་འབུམ་སྡེའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དང་། ཆོས་ཕུན་སུམ་ཚོགས་པ་དུས་གསུམ་ཀུན་མཁྱེན་པདྨ་སཾ་བྷཱ་ཝཱའི་ཐུགས་ཀྱི་ཉིང་ཁུ། ལང་གྲོ་ལོ་ཙཱའི་ཆོས་སྐལ་ཚེ་སྒྲུབ་ཡང་གསང་བླ་མེད་ཀྱི་དཀྱིལ་འཁོར་ཆེན་པོའི་སྒྲུབ་མཆོད་དང་རྗེས་སུ་འབྲེལ་བར་ཞབས་བརྟན་མངའ་དབུལ་གྱི་ཆོ་ག་རྣམ་པར་དག་པ་དང་། ལུང་རིག་སྨྲ་བའི་དབང་པོ་རྣམས་ཀྱིས་དཔྱོད་ལྡན་ཡིད་ཀྱི་བརྟན་པ་འཕྲོག་པའི་ལེགས་བཤད་རྨད་དུ་བྱུང་བའི་མཆོད་སྤྲིན་རྒྱ་ཆེར་སྤྲོ་བས་བླ་ན་མེད་པའི་ཆོས་ཀྱི་མཆོད་པ་ཆེན་པོས་ཕྱོགས་བཅུའི་ཞིང་ཁམས་རྒྱས་པར་འགེངས་པའི་དགའ་སྟོན་ཟབ་མོ་ཉམས་སུ་མྱོང་བ་སྟེ། དེ་ལྟར་ཕུན་སུམ་ཚོགས་པ་དུ་མས་ཁྱད་པར་དུ་བྱས་པའི་སྐབས་འདིར། རྗེ་གོང་མ་དེ་ཉིད་ཀྱི་བཀའ་འབངས་ཀྱི་གྲལ་མཐར་འཁོད་པའི་རྨོངས་བརྟུལ་འདུ་ཤེས་གསུམ་པ་ཡང་སྐྱབས་མཆོག་དེ་ཉིད་ཀྱིས་ཚད་མེད་པའི་བཀའ་དྲིན་ཆེན་པོས་ཡང་ཡང་བསྐྱངས་བའི་ཉེར་ལེན་གྱི་འཐུ་ལས། དེང་གི་དུས་སུ་འཇམ་མགོན་པད་དཀར་གཞོན་ནུ་མཆོག་གི་གསེར་ཞལ་མིག་གི་བདུད་རྩིར་གྱུར། གསུང་གི་བདུད་རྩིས་རྗེས་སུ་གདམས་པའི་སྐལ་བཟང་གི་དགའ་སྟོན་གསར་དུ་འཆར་བའི་དུས་འདིར། ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་ཀུན་ཏུ་བཟང་པོའི་རྣམ་ཐར་ལ་ཅོ་འདྲི་བ་བདག་གིར་བྱེད་པ་དང་ལྷན་ཅིག །དངོས་འབྱོར་གྱི་མཆོད་སྤྲིན་རྒྱ་ཆེར་སྟོབས་པའི་དུས་ཁེལ་གྱུར་ཀྱང་། རྟེན་བཞེངས་སོགས་ཀྱི་བགྱི་སྒོ་མང་བས་རེ་ཞིག་དངོས་རྫས་ཀྱི་བདོག་པ་ཕྲ་མོ་ཆུ་ཐིག་གི་ཟེག་མ་ཙམ་མཎྜལ་མཚོན་བྱེད་དུ་འབུལ་བ་ལ། ཐོག་མར། བཀྲ་ཤིས་པའི་ལྷ་རྫས་ཉིན་མོ་བདེ་ལེགས་ཟླ་ཞུན་ཐགས་སུ་བཏགས་པའི་མདང་ལྡན། ལི་ཡི་མཎྜལ་སྣོད་བཅུད་རི་གླིང་གི་ཚོམ་བུས་བརྒྱན་པ། བཀྲ་ཤིས་རྫས་བརྒྱད་ཀྱི་ཙཀ་ལི། གང་སྐུ་བསྐལ་པ་རྒྱ་མཚོར་ཚེ་འོད་མཐའ་ཡས་ཀྱི་ངོ་བོར་འཚོ་ཞིང་བཞེས་པའི་སླད་དུ་རྒྱལ་བ་ཚེ་དཔག་མེད་ཀྱི་སྣང་བརྙན་གསེར་ཟངས་ལས་གྲུབ་པ། གསུང་འགགས་པ་མེད་པ་རིས་མེད་ཆོས་ཚུལ་རྒྱ་མཚོའི་སྒྲ་དབྱངས་གདུལ་བྱའི་བསམ་པ་དང་མཐུན་པར་འཇུག་པའི་རྟེན་འབྱུང་དུ་བདག་ཅག་གི་སྟོན་པའི་སྐྱེས་རབས་སོ་བཞི་པ་སློབ་དཔོན་དཔའ་བོ་ཞབས་ཀྱིས་མཛད་པ་རྒྱལ་དབང་རང་བྱུང་རྡོ་རྗེས་ཁ་སྐོངས་ཅན་གྱི་པུསྟི་ཀཿགང་ཐུགས་བདེ་སྟོང་ཟུང་འཇུག་སྲིད་ཞི་ཀུན་ཁྱབ་ཀ་དག་འགྱུར་མེད་འོད་གསལ་ལྷུན་གྲུབ་ཆེན་པོ་ལས་ནམ་ཡང་མི་འདའ་བར་མཚོན་བྱེད་རྡོ་རྗེ་དང་དྲིལ་བུ། ཡོན་ཏན་དབང་བཅུ་མི་ཟད་གྲུབ་གཉིས་གཏེར་གྱི་འབྱོར་པས་མངོན་པར་མཐོ་བ་མཚོན་བྱེད་ཟངས་གསེར་གྱི་ཚེ་ཡི་བུམ་བཟང་ཁ་རྒྱུན་དང་སྟེགས་བཅས་རང་འགྲིགས། ཕྲིན་ལས་ཀུན་ཁྱབ་རྡོ་རྗེའི་རོལ་མོ་ཕྱོགས་ཐམས་ཅད་དུ་ཁྱབ་པར་སྒྲོགས་པའི་རྟེན་འབྱུང་དུ་སྦུབས་ཆོལ་ཆ། ༡གསེར་དངུལ་ཕྲ་མའི་ནང་མཆོད་ཁེབས་ལྡན་ཟངས་གསེར་འབྲུ་ཕོར་ལྷུ་གཉིས་མ། ཐོད་ཌཾ་དངུལ་དཀྲིས་ཅན་གཡུ་བྱེ་ཕྲ་ཅན་རྒྱ་ཚེམ་འཕན་ལྡན། རག་གི་སྨན་རཀ་ཆ་༡སྟེགས་བཅས་ཁེབས་ལྡན། དངུལ་གྱི་བདུན་ཚར་ཆ། ༡དངུལ་གྱི་རྐོང་བུ་ཆ། ༡དངུལ་གྱི་ཕུད་ཕོར། ༡ཆུ་ཚོད་འཁོར་ལོ། ༡ཤེལ་དམ་ཆ། ༡མགྲོན་བུ་ཆེ་ཆ། ༡སྦ་གླིང་ཆ། ༡རྒྱ་སྣག་སྦགས་ཆ། ༡ལིང་སྣས་སྤྲས་པའི་སྟེགས་ཁེབས། ༡ཉ་ཕྱིས་པ་ཏྲ་ཅན་གྱི་དུང་ཕོར་ཆ། ༡ཀར་ཡོལ་འབྲུག་མ་ཆ། ༡ཤེལ་སྡེར། ༡གུ་ཤན་གསོལ་སྡེར། ༡གུར་ཤན་སྣོད་ཐོག་འོག་ཅན་ཁེབས་འབྱར། ༡རག་སྡེར་པད་ཁ། ༡གསེར་སྤར། ༡ཤོག་མེ་ཆ། ༡དུང་ཆོས་སྤུས་ལྡན། ༡ལི་མེ་སྤུས་ལྡན། ༡ཀུ་ཤ་དང་། རྨ་བྱའི་སྒྲོ་ཕོན། རྒྱ་གར་རས་ཚོན་ཁྲ་ཅན་གྱི་གཞི་ཁེབས། ཆུ་ཚགས། ༡སྟོང་སྐུད་ཆོས་ཐིགས་ཆ། ༡ཤུད་གཙང་ས་དཀར། སེར། དམར། སྔོ། ལྗང་། ཟམ་དཀར། དམར། ལྗང་། ནག །སྔོ། སེར་བཅས་ཤར་རེ། ཧུ་ཛུས་སེར་པོའི་སྐ་རགས། ཀྱིན་ཁབ་སྟོད་འགག །ཨ་ཐི་སེར་པོ་ཡུག་ཆེན། ཕྲུག་བན་ཚོས་བུབ། ༡རྒྱ་གར་ཐེར་མའི་སྐུ་གཟན་རྒྱུ། གམ་གྲུམ། ནར་གདན། བཟང་གོས་དམར་ཁ་དོ། ༡སྔོ་ཁ་དོ། ༡སེར་པོ་གཡུང་དྲུང་ལག་བརྒྱུད་ཁ་བཅུ། སྔོོ་ཚོས་གཉིས། ལྗང་ཚོས། ༢དམར་ཚོས། ༢སྨུག་ཚོས་གཉིས་རྣམས་ཁ་དོ་རེ། སྦ་ཇ་གྲུ་གུ། ༡༢ཁྲུས་རས་དཀར། ཞྭ་སྣམ་སེར། རྟ་སྡོམ་ཆ། ༡ཡང་ལ་སྦགས་ཆ། ༢བལ་རས་མཆོད་བཅུའི་ཡོལ་བ། རས་འཐགས་འགའ་དཀར་ཁྲ། དམར་ཁྲ། ཕྲུག་པིར་ཐིག་བུབ། ༡མགོ་མཚལ་ཁ་གང་། ཐོག་སྣམ་ལྗང་ཁ་ཕྱེད། ཟིང་ལིང་ཏིང་ཚར་བདུན་ཆ་ཐོག་འོག་འབྱར། ཁོག་ཚི་ཆ། ༨གཟིགས་རྟ་ཆ། ༡ཤ་ཀོ་བུབ། ༡རྣ་པགས། ༢བླ་ཤུན། ༢ཁ་ཤའི་པགས་པ། རལ་གྲི། མེ་བོག །ལྟིར་དཀར། ཟངས་ལྟིར། ཟངས་རག་ཕྲ་མའི་ཞག་སྤར། ཝ། སྤྱང་། སྲམ། གཡི། གུང་། གཟིག །སྟག་བཅས་ཀྱི་ལྤགས་ཤུན། འབྲི། ༢ཁལ། ༣མཛོ་མོ། ༡ཆེ་མཛོ། ༡ཆིབས་དིལ་མགོ་བྲ་ནག་ཟིང་རྟ་སྤུས་ལྡན་རྡོ་ཚད་གསུམ་འགྲོ་ངེས། ཆིབས་རོལ་དཀྱུས་རྟ། ༡དྲེའུ་ཨ་མདོ། ༡ཇ་སྒམ། ༡འབྲུ་ཁལ་ཆིག་བརྒྱ་ལྔ་བཅུ་ཐམ་པ། དངུལ་སྲང་བརྒྱ་ཐམ་པ། སྐྱོགས་དཀར་ཆ། ༡སྟན་དཀར་རྡོ་རྗེ་རྒྱ་གྲམ་དང་གཡུང་དྲུང་གི་རི་མོ་བཀྲ་བ། ཀཱ་ཤི་ཡུག་རིང་བཅས་རྣམ་གྲངས་བརྒྱ་ཕྲག་གཅིག་དང་ལྔ་བཅུ་ང་བདུན་འབུལ་ལམ་ཞུ་ན། དངོས་པོའི་མཆོད་རྫས་པད་སྣལ་ལྟར་ཤིན་ཏུ་ཕྲ་ཡང་། དགྱེས་པའི་སྤྱན་ཟུར་གྱི་འབབ་སྟེགས་དམ་པར་ཡུད་ཙམ་སྨིན་པ་དང་། སླར་ཡང་གསོལ་པ། ཤྲཱི་བི་ཛ་ཡནྟུ། ཚེ་འོད་དཔག་མེད་རྔ་སྒྲའི་རྒྱལ་པོ་ཚེ་ཡུམ་ལྷ་མོ་གོས་དཀར་མོ། །ཡིད་བཞིན་འཁོར་ལོ་རྣམ་པར་རྒྱལ་མ་རྨ་བྱ་ཆེན་མོ་འཆི་བདག་འཇོམས། །འཆི་མེད་རིག་འཛིན་རྡོ་རྗེའི་སྐུ་བརྙེས་པདྨ་ལས་གྲོལ་སྤྲུལ་པའི་སྐུ། །གྲུབ་པའི་རྒྱལ་མོ་མི་ཏྲ་ཛོ་ཀི་དགྲ་ལས་རྣམ་རྒྱལ་བརྩོན་འགྲུས་བཟང་། ༡ །འཆི་མེད་རྡོ་རྗེའི་སྲོག་གི་ཀ་བ་རྟག་པར་སྒྲུབ་ལ་ཟླ་མེད་པའི། །གྲུབ་པའི་རིག་འཛིན་བྱེ་བའི་ཚོགས་ཀྱིས་རྒྱལ་བའི་མྱུ་གུ་བསྐྱེད་བསྲིངས་ཏེ། །མཁྱེན་བརྩེའི་བསིལ་ཟེར་འོད་སྣང་མཐའ་ཡས་ངག་གི་དབང་ཕྱུག་འཇམ་པའི་དཔལ། །རྡོ་རྗེ་སེམས་དཔའི་ལང་ཚོ་རབ་རྒྱས་བདེ་ཆེན་སྙིང་རྗེས་རབ་མྱོས་པ། ༢ །དཔལ་ལྡན་ཁྱབ་བདག་འཇིག་རྟེན་མགོན་པོ་རྡོ་རྗེའི་ཁྲི་ལ་རྟག་བཞུགས་ཤིང་། །གང་འདུལ་གདུལ་བྱའི་བློ་དང་མཚམས་པའི་ཆོས་ཀྱི་འཁོར་ལོ་ཕྱོགས་བརྒྱར་བསྐོར། །ལམ་ལྔར་འཕྱན་པའི་འགྲོ་ཚོགས་རྒྱ་མཚོ་ཐར་པའི་ཁང་བཟང་ཉམས་དགའ་བར། །རིམ་གྱིས་འཁྲིད་ལ་དུབ་པ་མི་མངའ་རྒྱལ་སྲས་སྙིང་སྟོབས་ཆེན་པོ་རྒྱལ། ༣ །གང་གི་རང་བཞིན་ནམ་ཡང་འགྱུར་མེད་རྡོ་རྗེའི་ཆོས་བདུན་ངོ་བོ་རུ། །མི་གཡོ་མི་འཕོ་བརྟན་པར་བཞུགས་ནས་བདག་སོགས་འགྲོ་ལ་རྗེས་བརྩེ་བའི། །ཐུགས་རྗེའི་སྤྱན་གྱི་འདབ་མ་བཟང་པོས་ཡང་ཡང་རྟག་ཏུ་སྐྱོབས་པ་དང་། །མཁས་ཚུལ་གསུམ་གྱིས་ཐུབ་བསྟན་སྒྲོན་མེ་སྲིད་མཐའི་བར་དུ་སྣང་བར་མཛོད། ༤ །བར་ཆད་བདུད་ཀྱི་གཡུལ་ལས་རྣམ་རྒྱལ་ཞིང་། །ཐོས་བསམ་སྒོམ་པའི་རྩལ་ཆེན་རྫོགས་པ་དང་། །འཕགས་ནོར་རིན་ཆེན་བདུན་གྱིས་མངོན་མཐོ་བའི། །ཆོས་ཀྱི་རྒྱལ་པོ་བསྐལ་བརྒྱར་ཞབས་བརྟན་གསོལ། ༥ །བསྟན་འཛིན་སྐྱེས་རྣམས་སྐུ་ཚེ་བརྟན་པ་དང་། །བསྟན་པའི་སྦྱིན་བདག་དབུ་འཕང་རབ་མཐོ་ཞིང་། །བསྟན་ལ་དད་རྣམས་བསམ་དོན་ཡིད་བཞིན་འགྲུབ། །བསྟན་པའི་ཉེར་འཚེ་མིང་ཡང་མེད་པར་ཤོག༦། དཔལ་ལྡན་བླ་མ་རྒྱལ་བ་རྒྱ་མཚོ་དེ་སྲས་འཕགས་པའི་ཚོགས་རྣམས་ཀྱི། །ཐུགས་བསྐྱེད་སྨོན་ལམ་མཛད་པ་ཕྲིན་ལས་ནུས་མཐུ་བསམ་གྱིས་མི་ཁྱབ་པ། །དཀའ་བ་མེད་པར་ལྷུན་གྱིས་གྲུབ་སྟེ་རྒྱལ་སྲས་མཆོག་ལ་ཡོངས་རྫོགས་ཤིང་། །དཔག་བསམ་ཤིང་དང་ཡིད་བཞིན་ནོར་ལྟར་འགྲོ་བའི་རེ་འདོད་ཡོང་བསྐོང་ཤོག༧། སྦྱིན་པའི་གསེར༷་ཉ༷་ཚུལ་ཁྲིམས་བུམ༷་བཟ༷ང་བཟོད་པའི་པ༷དྨ༷་དཀར་པོ་དང་། །བརྩོན་འགྲུས་འཁོར༷་ལོ༷་བསམ་བཏན་དཔལ༷་བེ༷་ཤེས་རབ་དུང༷་ཆེན༷་གཡས་སུ་འཁྱིལ། །ཕྱོགས་ལས་རྣམ་རྒྱལ་མི་ནུབ་རྒྱལ༷་མཚན༷་དབང་བཅུའི་དར་གྱི་ཤམ་བུ་གཡོ། །ཕུལ་བྱུང་རྒྱལ་བའི་བཀྲ་ཤིས་རྟགས་ཀྱིས་ལྷ་མིའི་མགོན་ཁྱོད་མཛེས་གྱུར་ཅིག །མེ༷་ལོ༷ང་གྷི་ཝ༷ཾ་བ་མཆོག་ཞོ༷་དཀར་ཚེ་ཡི་ལྗོན་བཟང་དུཪྺ༷་དང་། །བིལ༷་བའི་འབྲས་བཟང་དབང་མཛད་ལི༷་ཁྲི་ཆོས་ཀྱི་དུང༷་སྒྲས་ཁམས་གསུམ་ཁྱབ། །བགེགས་ཀུན་འཇོམས་བྱེད་ཡུང༷ས་དཀར་ལ་སོགས་བཀྲ་ཤིས་དགེ་བའི་རྫས༷་རྣམས་ཀྱིས། །དུས་ཀུན་བཀྲ་ཤིས་དཔལ་གྱི་འབྱོར་པས་ཕྱོགས་རྣམས་ཀུན་ཏུ་བཀྲ་ཤིས་ཤོག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝ་ཏུ།། །།

Footnotes

Other Information