དཔལ་མངོན་རྫོགས་རྒྱལ་པོའི་ཀལྤ་དུམ་བུའི་རྒྱུད་ཀྱི་ཟིན་བྲིས་ཉུང་གསལ།

From Khyentse Lineage - A Tsadra Foundation Project
JKCL-KABUM-09-TA-010
Wylie title dpal mngon rdzogs rgyal po'i kalpa dum bu'i rgyud kyi zin bris nyung gsal JKCL-KABUM-09-TA-010.pdf
Location chos kyi blo gros bka' 'bum
Volume 9, Text 10, Pages 85-97 (Folios 1a to 7a3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dpal mngon rdzogs rgyal po'i kalpa dum bu'i rgyud kyi zin bris nyung gsal. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 9: 85-97. Bir, H.P.: Khyentse Labrang, 2012.
Genre Notes - zin bris
Colophon

།ཞེས་མངོན་རྫོགས་རྒྱལ་པོ་ཀལྤ་དུམ་བུའི་རྒྱུད་ཀྱི་ཟིན་བྲིས་ཉམས་སུ་བླངས་པའི་ཚུལ་ཞེས་པ་ཡན་ཅོད་༧ཀུན་གཟིགས་མཉྫུ་གྷོ་ཥའི་གསུངས་ལ་དེ་ཕྱིན་རྨོངས་བརྟུལ་ཆོས་ཀྱི་བློ་གྲོས་པས་བླ་མའི་གསུང་གི་སྣང་བ་ལ་བརྟེན་ནས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།།

/zhes mngon rdzogs rgyal po kalpa dum bu'i rgyud kyi zin bris nyams su blangs pa'i tshul zhes pa yan cod 7kun gzigs many+dzu g+ho Sha'i gsungs la de phyin rmongs brtul chos kyi blo gros pas bla ma'i gsung gi snang ba la brten nas bris pa dge legs su gyur cig__/sarba mang+ga laM//

1 Texts in this Section (sde tshan or chos tshan)

[edit]
༄༅། །དཔལ་མངོན་རྫོགས་རྒྱལ་པོའི་ཀལྤ་དུམ་བུའི་རྒྱུད་ཀྱི་ཟིན་བྲིས་ཉུང་གསལ་བཞུགས་སོ། ། ཟབ་བདུན་མ་མོ། །ན་མོ་གུ་རུ་ཤྲཱི་ཧེ་རུ་ཀཱ་ཡ། སངས་རྒྱས་གཉིས་པ་པདྨ་སམྦྷ་བའི་ཐུག་དམ་ཟབ་པ་སྐོར་བདུན་ལས། གནས་སྐབས་རྐྱེན་ཟློག་གི་ཟབ་པ་མ་མོ་རོལ་པའི་ཆོས་སྡེའི་རྩ་བ་ཁྲག་འཐུང་མངོན་རྫོགས་རྒྱལ་པོའི་ཀལྤ་དུམ་བུའི་རྒྱུད་འདི་འཆད་པ་ལ་གཉིས། རྒྱུད་བཤད་པའི་ཚུལ་དང་། མན་ངག་ཉམས་སུ་བླང་བའི་ཚུལ་ལོ། །དང་པོ་ལ་གསུམ། མཚན་དང་། གཞུང་དང་། མཇུག་གི་དོན་ནོ། །དང་པོ་ལ་གཉིས། གླེགས་བམ་གྱི་དབུར་བཀོད་པའི་མཚན་དང་། གཞུང་རང་གི་མཚན་གྱི་དོན་བཤད་པའོ། །དང་པོ་ནི། དཔལ་མངོན་རྫོགས་སོགས་ཏེ། དཔལ་ཁྲག་འཐུང་མངོན་རྫོགས་རྒྱལ་པོ་གཙོ་བོར་གྱུར་པའི་སྲིད་པ་མ་མོའི་རྒྱུད་སྡེ་མཐའ་ཡས་པ་ལས། ཀལྤ་ནི་རྟོག་པ་སྟེ་ལས་དང་དངོས་གྲུབ་སྒྲུབ་པའི་རྟོག་པ་དུམ་བུ་ལོགས་སུ་ཕྱུང་བའི་རྒྱུད་ཆུང་ངུ་བཞུགས་སོ། །ཞེས་པའོ། །གཉིས་པ་ལ་གཉིས། མཚན་བསྒྱུར་བ་དང་། དོན་བཤད་པའོ། །དང་པོ་ནི། ཡང་དག་པའི་སོགས་ཏེ། སྟོན་པ་ཡང་དག་པ་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་དཔལ་ཁྲག་འཐུང་ཆེན་པོས་ཆོས་ཉིད་རྡོ་རྗེའི་རང་སྒྲར་སྣང་བའི་སྐད་དུ། ཤྲི་ཧེ་རུ་ཀ། དེ་བོད་སྐད་དུ་བསྒྱུར་ན། དཔལ་ཁྲག་འཐུང་ཞེས་པ་སྟེ་སྟོན་པ་དང་རྒྱུད་ཀྱི་མཚན་ཐུན་མོང་ངོ་། །གཉིས་པ་དོན་བཤད་པ་ལ་གསུམ། དྲང་དོན་ལྟར་བཤད་པ། ངེས་དོན་ལྟར་བཤད་པ། རྒྱུད་དོན་དང་སྦྱར་བའོ། །དང་པོ་ནི། ཤྲཱི་ནི་བསྟེན་པར་འོས་པས་ན་དཔལ། ཧེ་ནི་ཧི་ལ་སྟེ་རོལ་པ། རུ་ནི་རུ་དྷི་ར་སྟེ་ཁྲག །ཀ་ནི་བདག་པོའི་སྒྲ་སྟེ། སྲིད་ཞི་ཀུན་གྱིས་བསྟེན་པར་འོས་པའི་སྤྱི་དཔལ་ཀུན་ཏུ་བཟང་པོ་ཉིད་གདུལ་བྱ་གདུག་པ་ཅན་རུ་ཏྲ་ལ་སོགས་པའི་སྙིང་ཁྲག་ལ་དགྱེས་རྒུར་འཐུང་ཞིང་རོལ་པའི་ཆེད་དུ་འཇིགས་བྱེད་ཁྲོ་བོའི་རྒྱལ་པོར་བཞེངས་པ་ཆེ་མཆོག་ཧེ་རུ་ཀའི་མཚན་གཞན་མངོན་རྫོགས་རྒྱལ་པོ་སོགས་སུ་སྣང་བའོ། །གཉིས་པ་ནི། དེ་ལྟ་བུའི་དྲང་དོན་བརྡའི་དཔལ་ཁྲག་འཐུང་ཆེན་པོ་དེ་ཉིད་ངེས་དོན་ལྟར་ན། རྒྱུད་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། རུ་ནི་ཚོགས་དང་བྲལ་བ་སྟེ། ཀ་ནི་གང་དུའང་མི་གནས་པའོ། །ཞེས་ཤྲཱི་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ་རང་བཞིན་འོད་གསལ་བའི་རྣམ་པར་ཐར་པ་དང་། ཧེ་ནི་གཞི་སྟོང་པ་ཉིད། རུ་ནི་ལམ་མཚན་མ་མེད་པ། ཀ་ནི་འབྲས་བུ་སྨོན་པ་མེད་པ་སྟེ་རང་བཞིན་དང་། གཞི་དང་། རྒྱུ་དང་། ངོ་བོས་སྟོང་པའི་རྣམ་ཐར་སྒོ་བཞིའི་བདག་ཉིད་ཟུང་འཇུག་འདུས་མ་བྱས་པའི་ཡེ་ཤེས་དཀྱིལ་འཁོར་རབ་འབྱམས་ཀྱི་འཆར་གཞིར་བཞུགས་སོ། །གསུམ་པ་ནི། དེ་ལྟ་བུའི་དྲང་ངེས་ཀྱི་ཧེ་རུ་ཀ་ཡི་གེ་བཞིས་མཚོན་པར་བྱས་ཏེ། མཚོན་བྱ་ནི་གཞི་ལམ་འབྲས་བུའི་རྒྱུད་ཡིན་ལ། ཇི་ལྟར་མཚོན་པའི་ཚུལ་སྲིད་པ་མ་མོའི་གྲུབ་པའི་མཐའ། དབྱིངས་དང་ཡེ་ཤེས་ལས་འཇིག་རྟེན༔ སྲིད་པ་མ་མོ་རྣམ་བཞི་ནི༔ རྩ་རླུང་བྱང་ཆུབ་སེམས་ཡིན་ཏེ༔ གཞི་ལམ་འབྲས་བུའི་ཚུལ་དུ་གནས༔ ཞེས་པ་ལྟར། ཤྲཱི་དབྱིངས། ཧེ་ཡེ་ཤེས། རུ་ལས། ཀ་འཇིག་རྟེན་གྱི་མ་མོ་བཞི་མཚོན་པ་དེ་ཉིད། གཞིའི་དུས་སུ། དབྱིངས་ཀྱི་མ་མོ་སྟོང་པ། ཡེ་ཤེས་གསལ་ཆ། རུ་གཉིས་མེད་ཀྱི་རྩལ་སྣ་ཚོགས་སུ་ཤར་བ། ཀ་དེ་ལས་སྣོད་བཅུད་ཐ་དད་པར་སྣང་བའམ། དོན་དམ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་དབྱིངས། ཀུན་རྫོབ་ཆོས་ཅན་བྱང་ཆུབ་ཀྱི་སེམས་ཡེ་ཤེས། རླུང་ལས། རྩ་འཇིག་རྟེན་པའི་མ་མོའི་ཚུལ་དུ་གནས་པའོ། །ལམ་གྱི་དུས་སུ། བུམ་དབང་གི་ལམ་བསྐྱེད་པའི་རིམ་པ་བསྒོམས་པས་འཇིག་རྟེན་གྱི་མ་མོ་བྲན་དུ་བཀོལ། གསང་དབང་གི་ལམ་རླུང་དང་གཏུམ་མོས་ལས་ཀྱི་མ་མོ་དབང་དུ་བྱས། ཤེར་དབང་ལམ་ཕོ་ཉའི་ཉེ་རྒྱུས་ཡེ་ཤེས་ཀྱི་མ་མོ་དཔེའི་ཚུལ་དུ་དྲངས། དབང་བཞི་པའི་ལམ་དབྱིངས་རིག་དབྱེར་མེད་པས་དོན་དམ་དབྱིངས་ཀྱི་མ་མོ་མངོན་སུམ་དུ་མཐོང་བ་ལ་བརྟེན་ནས། འབྲས་བུའི་དུས་སུ་སྐུ་གསུམ་དབྱེར་མི་ཕྱེད་པའི་དབྱིངས་བདེ་བ་ཆེན་པོའི་སྐུ། ཡེ་ཤེས་ནང་གསལ་དུ་འཁྱིལ་པ་ཆོས་སྐུ། བྱེད་ལས་ཕྱིར་གསལ་དུ་ཤར་བ་ལོངས་སྐུ། འཇིག་རྟེན་དང་རྗེས་སུ་མཐུན་པར་དོན་མཛད་པ་སྤྲུལ་པའི་སྐུ་སྟེ་སྐུ་བཞིའི་གོ་འཕང་མངོན་དུ་འགྱུར་བས་མཚོན་རྒྱ་ཆེར་ཤེས་པར་བྱའོ། །གཉིས་པ་གཞུང་གི་དོན་ལ་ལྔ། གླིང་གཞི་མདོར་བསྟན་པ། གླེང་སློང་གིས་མཚམས་སྦྱར་བ། རྒྱུད་དོན་དངོས་བཤད་པ། གདམས་ཤིང་གཏད་པས་དོན་བསྡུ་བ། ཞར་བྱུང་དགོས་འབྲེལ་གྱི་མཚོན་ཚུལ་ལོ། །དང་པོ་ནི། ཕུན་སུམ་ཚོགས་པ་ལྔ་ལས་དཔེ་མ་མོ་རྣམས་ཞེས་པས། དེས་ཞེས་ཚིག་གོང་མ་དཔལ་ཁྲག་འཐུང་ལ་སྙེགས་པས་ན་སྟོན་པ་དང་། མ་མོ་རྣམས་ཞེས་པས་འཁོར་དངོས་སུ་བསྟན་ཅིང་། གཞན་གསུམ་ཤུགས་ལས་མཚོན། །གཉིས་པ་ནི། དབང་དུ་བསྡུས་ནས་འདི་སྐད་ཅེས་གསུངས་སོ་ཞེས་ཟབ་དབང་གསུམ་བསྐུར་བས་དབང་དུ་བསྡུས་ཏེ་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པ་ཐུན་མོང་མ་ཡིན་པའི་གླེང་སློང་གིས་གཞི་བཟུང་། མ་འོངས་པའི་དོན་དུ་ཞུ་བས་སྐབས་དབྱེ་བ་ལ་འདི་སྐད་དེ་རྒྱུད་དོན་རྫོགས་པར་གསུངས་སོ་ཞེས་ཐུན་མོང་གི་གླེང་སློང་གིས་མཚམས་སྦྱར་བའོ། །གསུམ་པ་ལ་གཉིས། རྒྱུད་གསུམ་གྱི་རྣམ་པར་བཞག་པའི་ཚུལ་གྱིས་ཁོག་ཕུབས་པ་དང་། ལམ་གྱི་ཆ་རྐྱེན་མདོས་ཀྱི་ཆོ་ག་ཁྱད་པར་དུ་དབྱེ་བའོ། །དང་པོ་ལ་གསུམ། སྒྲུབ་པའི་གཞི། སྒྲུབ་བྱེད་ཀྱི་ཐབས། གྲུབ་པའི་འབྲས་བུའོ། །དང་པོ་ལ་གཉིས། ཤེས་བྱ་ངོ་བོའི་གཞི་དང་། སྦྱང་བྱ་བཏགས་པའི་གཞི་སྟེ། དང་པོ་ནི། ཧཱུྃ། སྣང་སྲིད་སོགས་ཚིག་རྐང་དྲུག་དང་། གཉིས་པ་ནི། རིག་སོགས་ཚིག་རྐང་དགུའོ། །གཉིས་པ་ནི། དེ་ལ་ཟློག་པའི་སོགས་ཚིག་རྐང་བདུན་ཏེ། འདི་ལ་ཚིག་ལྟར་བཤད་ན་ཕྱི་མཚན་མ་རྫས་ཀྱི་མདོས། སྤྱི་དོན་ལྟར་བཤད་ན་བསྐྱེད་རིམ་ཕྱག་རྒྱའི་མདོས། སྦས་དོན་ལྟར་བཤད་ན་གསང་བ་རྩ་རླུང་ཐིག་ལེའི་མདོས། མཐར་ཐུག་ལྟར་བཤད་ན་ཡང་གསང་དབྱིངས་རིག་དབྱེར་མེད་བྱང་ཆུབ་སེམས་ཀྱི་མདོས་ཏེ། ལམ་ཡོངས་སུ་རྫོགས་པར་སྦྱར་དུ་ཡོད་ཅིང་། གཞུང་གི་དངོས་བསྟན་ནི་གཙོ་བོར་མཚན་མ་རྫས་དང་། ཞར་བྱུང་བསྐྱེད་རིམ་ཀྱང་མཚོན་ཙམ་བསྟན་ནོ། །གསུམ་པ་ལ་གསུམ། མཆོག་གི་དངོས་གྲུབ་འགྲུབ་ཚུལ། ཐུན་མོང་གི་ཕྲིན་ལས་འབྱུང་ཚུལ། གཉིས་ཀའི་དོན་བསྡུ་བ་སྟེ། དང་པོ་ནི། དེས་ན་སོགས་ཚིག་རྐང་གསུམ། གཉིས་པ་ནི། སྒྲུབ་པའི་སོགས་ཚིག་རྐང་གཉིས། གསུམ་པ་ནི། སྲིད་ཞིའི་སོགས་ཚིག་རྐང་གཉིས་སོ། །གཉིས་པ་མདོས་ཀྱི་ཆོ་ག་ཁྱད་པར་དུ་དབྱེ་བ་ལ་གཉིས། སྤྱིའི་དོན་དང་། ཡན་ལག་གི་དོན་ནོ། །དང་པོ་ལ་ལྔ། མཚན་ཉིད། སྒྲ་དོན། དབྱེ་བ། ཐབས་འབྲས་བུ་སྟེ། དེ་རྣམས་གཞུང་འདིས་ཀྱང་ཅི་རིགས་པར་བསྟན་ཅིང་། རྒྱས་པར་མ་མོའི་རྒྱུད་ལུང་མན་ངག་རྣམས་དང་ལོ་ཆེན་བཻ་རོའི་ཞུས་ལེན་སོགས་སྦྱར་ཏེ་རྒྱ་ཆེར་ཤེས་པར་བྱའོ། །གཉིས་པ་ལ་གཉིས། གློ་བུར་ལས་བཅོལ་གྱི་མདོས་དང་། བསྙེན་སྒྲུབ་ལས་སྦྱོར་དང་འབྲེལ་བའི་མདོས་སོ། །དང་པོ་ནི། ལས་ནི་ཆེ་ཕྲ་སོགས་ཚིག་རྐང་དྲུག་སྟེ། སྒྲུབ་པ་ཆེན་པོ་ལ་སོགས་པའི་ལས་ཆེ་ཕྲ་གང་བརྩམས་ཀྱང་ཐོག་མར་མདོས་ཀྱི་ཆོ་ག་རྒྱས་པར་བྱ་བའམ། སྐོང་བཤགས་དང་། གསོལ་ཁ་ཙམ་གྱིས་ཀྱང་ལས་ལ་བར་ཆད་མེད་ཅིང་མྱུར་དུ་འགྲུབ་པ་ལ་སོགས་པའི་ཕན་ཡོན་རྒྱ་ཆེར་ཡོད་ཅིང་། དེ་ལ་བདག་གི་རྣལ་འབྱོར་ཇི་ལྟར་རིགས་པ་སྔོན་དུ་འགྲོ་བས་མདོས་ཀྱི་ཆོ་ག་ལ་འཇུག་པ་ལས་བསྙེན་སྒྲུབ་སོགས་སྔོན་དུ་འགྲོ་མི་དགོས་པས་གློ་བུར་ལས་བཅོལ་གྱི་མདོས་ཞེས་བྱའོ། །གཉིས་པ་ལ་བཞི། དགོས་ཆེད། ཐབས། ཆོ་ག །ཕན་ཡོན་ནོ། །དང་པོ་ནི། རྣལ་འབྱོར་སོགས་ཚིག་རྐང་གསུམ་མོ། །གཉིས་པ་ནི། ཁ་སྒྱུར་སོགས་ཤློ་ཀ་གཅིག་སྟེ། མདོས་ཀྱི་གཞུང་དང་སྦྱར་ཏེ་ཤེས་པར་བྱའོ། །གསུམ་པ་ནི། དེ་ལ་སོགས་ཚིག་རྐང་གཅིག་སྟེ། དེ་ལྟ་བུ་ཚུལ་བཞིན་དུ་སྒྲུབ་པ་ལ་གསུམ། བསྙེན་པ་ཕྱག་རྒྱ་གཅིག་པ། སྒྲུབ་པ་ཕྱག་རྒྱ་སྤྲོས་བཅས། སྒྲུབ་པ་ཆེན་པོ་ལས་ལ་སྦྱར་བ་སྟེ། དེ་རྣམས་ཀྱི་དོན་འོག་ཏུ་མདོར་བསྡུས་ཙམ་འཆད་པར་འགྱུར་རོ། །བཞི་པ་ནི། སྐོང་དང་སོགས་ཚིག་རྐང་གསུམ་མོ། །བཞི་པ་ལ་གཉིས། ཁྱད་པར་ངེས་དོན་དུ་གདམས་པ་དང་། ཁྱད་པར་དུ་གཏད་པའོ། །དང་པོ་ནི། སྣང་སྲིད་སོགས་ཚིག་རྐང་གཉིས་ཏེ། འདི་ལྟར་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་ཡེ་གདོད་མ་ནས་རྣམ་པར་གྲོལ་བའི་ཡེ་ཤེས་རང་རིག་མཐའ་དབུས་མེད་པའི་དཀྱིལ་འཁོར་དུ་རྫོགས་པ་ནི་དོན་དམ་པའི་མདོས་ཡིན་པས། རྣལ་འབྱོར་པ་རྣམས་ཀྱིས་དགོངས་པ་མི་འགྱུར་བའི་སྲོག་ཏུ་བཟུང་ཞིང་གཟེར་གདབ་པས་ཁྲག་འཐུང་མངོན་རྫོགས་རྒྱལ་པོའི་ཐུགས་དང་དབྱེར་མེད་པའི་མཆོག་གི་དངོས་གྲུབ་ཀྱང་མངོན་དུ་བྱེད་ནུས་ན། ཐུན་མོང་གི་ལས་རབ་འབྱམས་དབྱིངས་གཏད་པ་ཙམ་གྱིས་གྲུབ་པ་སྨོས་ཅི་དགོས་སོ། །གཉིས་པ་ནི། རིག་འཛིན་སོགས་ཏེ། དེ་ལྟར་ན་རིག་པ་འཛིན་པ་རྒྱལ་བའི་གདུང་འཛིན་པ་སྟེ། དཔལ་ཧེ་རུ་ཀའི་སྤྱོད་ཡུལ་ལ་ཞུགས་པ་རྣམས་ཀྱིས། ཀུན་རྫོབ་བརྡར་བཏགས་པའི་མདོས་ཀྱི་ཆོ་ག་ཡང་ཡང་བྱ་ཞིང་། དོན་དམ་ནང་གི་རྣལ་འབྱོར་ལྷག་པའི་བདེན་གཉིས་དབྱེར་མེད་ཀྱི་མདོས་ཆེན་ལྟ་བ་ཐོས་བསམ་གྱིས་གཏན་ལ་ཕབས། བསྒོམས་པས་ཉམས་སུ་བླངས་ཏེ། ཉམས་རྟོགས་ཀྱི་གདིང་བསྐྱེད་ལ་རང་གཞན་གྱི་དོན་དུ་ཐུན་མོང་དང་མཆོག་གི་དངོས་གྲུབ་བསྒྲུབ་པར་གྱིས་ཤིག་ཅེས་གཏད་པའོ། །ལྔ་པ་ནི། ཞར་བྱུང་བརྗོད་བྱ། བརྗོད་བྱེད། དགོས་པ། ཉིང་དགོས། འབྲེལ་བ་དང་བཅས་པ་སྤྱི་ལྟར་སྦྱར་རོ། །གསུམ་པ་མཇུག་གི་དོན་ལ་གསུམ། ཀལྤ་དུམ་བུའི་རྒྱུད་ཀྱིས་མཚོན་ཏེ་རྒྱ་ཆེར་ཤེས་པར་བྱ་བ་དང་། བཀའ་རྒྱས་གདབ་པ་དང་། གཏེར་བྱང་གིས་མཇུག་བསྡུ་བའོ། །དང་པོ་ནི། ཅེས་ལ་སོགས་པ་རྒྱ་ཆེར་གསུངས་སོ། །ཞེས་པ་སྟེ། ཅེས་སྤྱིར་གཞི་ལམ་འབྲས་བུའི་རྒྱུད་དང་། བྱེ་བྲག་ཏུ་དྲང་བ་དང་ངེས་པའི་དོན་གྱི་མདོས་ཆེན་གྱི་རྣམ་པར་བཞག་པ་འདིས་མཚོན། དེ་ལ་སོགས་ཏེ་རྒྱུད་ཀྱི་དངོས་པོ་བཅུ་སོགས་སྦྱར་ཏེ་རྒྱུད་རྒྱས་པ་རྣམས་སུ་རྒྱ་ཆེར་ཤེས་པར་བྱའོ་ཞེས་གསུངས་སོ། །ཞེས་པའོ། །གཉིས་པ་ནི། ས་མ་ཡ་སོགས་མཁའ་འགྲོ་གསང་བའི་བརྡ་རིས་བཅས་དང་། གསུམ་པ་ནི། གུ་རུའི་གསུང་སྲས་སོགས་ཏེ་གོ་སླའོ། །གཉིས་མན་ངག་ཉམས་སུ་བླང་བའི་ཚུལ་ལ། སྒྲུབ་གཞི་ཀུན་གཞི་ལུས་ངག་ཡིད་སྲོག་དང་བཅས་པ་ཁམས་གསུམ་དུ་སྣང་བ་ཉིད་ནང་དུ་རྡོ་རྗེའི་ལུས་ཀྱི་གནས་པ་རྩ་དང་། གཡོ་བ་རླུང་། བཀོད་པ་བྱང་ཆུབ་སེམས་ཀྱི་ཕྲ་རགས་ཐམས་ཅད་རང་བཞིན་གདོད་ནས་ཁྲག་འཐུང་མངོན་རྫོགས་རྒྱལ་པོའི་ཡུམ་གྱི་མཁའ་ཀློང་ལས་མི་འདའ་བར་བཞུགས་པ། ཐོས་བསམ་གྱི་སྒྲོ་འདོགས་ཆོད་ཅིང་། བླ་མའི་མན་ངག་དང་བྱིན་རླབས་ཟབ་མོས་མངོན་སུམ་དུ་གཏན་ལ་ཕེབས་པ་ཉིད་སྒྲུབ་ཆོས་སྒོམ་པས། ཉམས་སུ་བླང་ཐབས་སྐུ་ཕྱག་རྒྱ་བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་རིགས་འདུས་ཞི་བ་རྡོ་རྗེ་དབྱིངས་དང་། འཁོར་འདས་དབང་བསྒྱུར་མངོན་རྫོགས་ཧེ་རུ་ཀ་འབར་བ་ཁྲག་འཐུང་ཁྲོ་བོ་ཆེན་པོའི་དཀྱིལ་འཁོར་ཡེ་ཤེས་ལས་སྤྲུལ་པའི་འཁོར་འདས་དབྱིངས་ཀྱི་དབང་ཕྱུག་ཆེན་མོ། སྲོག་གི་རང་གཟུགས་བདེ་ཆེན་བྷ་གའི་ཀློང་ན་རྟག་ཆགས་ཀུན་ཏུ་བཟང་མོ་ཉིད་བཞི་མུ་ཁ་ལེ། དྭངས་མ་རྣམ་བཞིའི་ངོ་བོ་གསང་བའི་མ་བཞི། གབ་སྤས་རྟག་ཆགས་ཀྱི་མ་མོ་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་སྟེ། སྣང་སྲིད་ཐམས་ཅད་སྲིད་པ་མ་མོའི་དཀྱིལ་འཁོར་དུ་ཤར་བ། ནང་དུ་རྡོ་རྗེའི་ལུས་ལ་རྩ་ཐིག་གཞལ་ཡས་ཁང་དུ་ཤེས་པས་གསལ་དག་བརྟན་པ་ཚད་དུ་ཕྱིན་པས་བསྙེན་པ། དགོངས་པ་རྣམ་བཞིའི་སྒོ་ནས་སྒྲུབ་པ། མ་མོའི་ཕྲིན་ལས་དཔལ་གྱི་མདོས་ཆེན་གྱི་ཆོ་གས་མཐར་དབྱུང་བ་ལས་སྦྱོར་ཏེ། སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་བསྐྱེད་རྫོགས་ཀྱི་ཟབ་དོན་རྣམས་འདིར་ཚང་ཞིང་། མདོར་ན་ཡེ་ཤེས་དང་ལས་དང་སྤྲུལ་པས་བསྡུས་པའི་མ་མོ་རྣམས་རྒྱལ་པོ་དང་། བློན་པོ་དང་། བྲན་མོ་ལྟ་བུའི་རྩ་དང་རླུང་དང་བྱང་ཆུབ་སེམས་ཀྱི་ངང་ལས་མ་གཡོས་པར་གཞི་རང་བཞིན་ལྷུན་གྲུབ་ཀྱི་མ་མོའི་དཀྱིལ་འཁོར་དུ་རྟོགས་པའི་གདིང་ཐོབ་པས་འདོད་ཁམས་དག་བྱེད་སྐུ་དབྱིབས་ཕྱག་རྒྱའི་རྣལ་འབྱོར་དང་། གཟུགས་ཁམས་དག་བྱེད་རླུང་སྔགས་བཟླས་པའི་རྣལ་འབྱོར་དང་། གཟུགས་མེད་ཁམས་དག་བྱེད་ཐུགས་འོད་གསལ་ཆོས་སྐུའི་རྣལ་འབྱོར་དང་མདོས་ཀྱི་འཁྲུལ་འཁོར་གྱིས་ལས་སྒྲུབ་པའི་ཐབས་ཟབ་མོར་བརྩོན་པ་ཆུ་བོའི་རྒྱུན་བཞིན་གོམས་པ་དང་། མཁའ་འགྲོ་ཡང་གསལ་རླུང་གི་ཕོ་ཉས། བཀྲག་གསལ་འབར་བའི་མེ་ལྕེས། གཉེན་གསལ་ཐབས་ཀྱི་ཐིག་ལེ་བཞུ་བཏུལ་སོགས་རྩ་ཐིག་རླུང་གི་རྣལ་འབྱོར་འབར་འཕྲོའི་དྭངས་མ་གནས་སུ་སྨིན་པའི་སྔོན་འགྲོ་དང་། དངོས་གཞི་ཉེ་རྒྱུའི་སྤྱོད་པས་མ་མོ་རྒྱ་མཚོར་རྗེས་ཆགས་རལ་པའི་དགའ་སྟོན་བརྟུལ་ཞུགས་ཀྱི་སྤྱོད་པ་ཟབ་མོས་བོགས་དབྱུང་བས། བསྒྲུབས་པའི་འབྲས་བུ་འཕྲལ་ཡུན་གྱི་ཕྱི་ནང་གསང་བའི་རྐྱེན་བགེགས་ཉམས་ཆག་ཐམས་ཅད་བཟློག །ནང་རྩ་ཐིག་རླུང་གསུམ་རང་སོར་གཞུག་པས་སྣང་སྲིད་ཀྱི་གཡོ་འཁྲུགས་ཞི་ནས་སྲིད་པ་ཁོད་སྙོམས་ཕྲིན་ལས་རྣམ་བཞིའི་འཁོར་ལོས་བསྒྱུར་བ་ཆེན་པོའི་གོ་འཕང་ཐོབ་ཅིང་། སྲིད་པའི་རྒྱལ་མོའི་དམག་གིས་རིགས་དྲུག་གི་གྲོང་ཁྱེར་རྩད་ནས་བརླག །སྲིད་ཞིའི་མཐའ་ལ་མི་གནས་པའི་དབྱིངས་སྟོང་ཆེན་ཀུན་ཏུ་བཟང་མོའི་མཁའ་དབྱིངས་ཡངས་པའི་ཀློང་དུ་སྲིད་གསུམ་ཐམས་ཅད་བསྒྲལ་ནས་དབྱིངས་ཡེ་ཟུང་དུ་འཇུག་པའི་ཁྲག་འཐུང་མངོན་རྫོགས་རྒྱལ་པོ་འགོ་འཕང་དམ་པ་འགྲུབ་པ་ནི་ངེས་པ་ཡང་དག་པའོ། །ཞིབ་པ་ནི་རྒྱུད་དོན་མན་ངག་གིས་བཀྲལ་ཞིང་རྟོགས་པ་མཆོག་དང་ལྡན་པའི་བླ་མའི་ཞལ་ལུང་དང་རང་གི་དད་བརྩོན་གྱི་མྱོང་བས་རྟོགས་པར་བྱ་བ་ཁོ་ནའོ། །ཞེས་མངོན་རྫོགས་རྒྱལ་པོ་ཀལྤ་དུམ་བུའི་རྒྱུད་ཀྱི་ཟིན་བྲིས་ཉམས་སུ་བླངས་པའི་ཚུལ་ཞེས་པ་ཡན་ཅོད་༧ཀུན་གཟིགས་མཉྫུ་གྷོ་ཥའི་གསུངས་ལ་དེ་ཕྱིན་རྨོངས་བརྟུལ་ཆོས་ཀྱི་བློ་གྲོས་པས་བླ་མའི་གསུང་གི་སྣང་བ་ལ་བརྟེན་ནས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།། །།

Footnotes

Other Information