འཇམ་དཔལ་སྒྱུ་དྲྭའི་རྒྱུད་ཀྱི་དུམ་བུས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་སྟོན་ཚུལ་གྱི་ཟིན་བྲིས།

From Khyentse Lineage - A Tsadra Foundation Project
JKCL-KABUM-08-NYA-014
Wylie title 'jam dpal sgyu drwa'i rgyud kyi dum bus sgrub brgyud shing rta brgyad ston tshul gyi zin bris JKCL-KABUM-08-NYA-014.pdf
Location chos kyi blo gros bka' 'bum
Volume 8, Text 14, Pages 569-574 (Folios 1a1 to 3b4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. 'jam dpal sgyu drwa'i rgyud kyi dum bus sgrub brgyud shing rta brgyad ston tshul gyi zin bris. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 8: 569-574. Bir, H.P.: Khyentse Labrang, 2012.
Genre Notes - zin bris
Colophon

།ཅེས་པའང་ཆོས་ཀྱི་བློ་གྲོས་པས་གང་དྲན་བྲིས་པའོ།།

/ces pa'ang chos kyi blo gros pas gang dran bris pa'o//

1 Texts in this Section (sde tshan or chos tshan)

[edit]
༄༅། །འཇམ་དཔལ་སྒྱུ་དྲྭའི་རྒྱུད་ཀྱི་དུམ་བུས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་སྟོན་ཚུལ་གྱི་ཟིན་བྲིས་བཞུགས་སོ། ། འཇམ་དཔལ་སྒྱུ་དྲྭའི་རྒྱུད་ཀྱི་དུམ་བུས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་སྟོན་ཚུལ་གྱི་ཟིན་བྲིས། གནས་བརྟན་རྒན་པོ་སྟེ། སྟོན་པ་དེ་བཞིན་གཤེགས་པའི་ཆོས་འདུལ་བ་ལ་ལེགས་པར་བསླབ་པ། སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་ལྡན་པའི་གནས་བརྟན་ཆེན་པོ་ཆགས་བྲལ་རྒན་པོར་གྱུར་པ་དེ་ཉིད་ཀྱིས་གཞན་ཕན་དོན་གཉེར་གྱིས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དང་། ཁྱད་པར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོངས་ཤིང་རྒྱལ་བའི་བཀའ་ཐམས་ཅད་གདམས་ངག་ཏུ་དྲིལ་ནས་ལྷ་ཆོས་བདུན་ལྡན་གྱི་བསྟན་པའི་བདག་པོ་ཇོ་བོ་བཀའ་གདམས་པ་གསར་རྙིང་བརྒྱུད་པར་བཅས་པ་དང་། སྐྱེ་རྒུའི་བདག་པོ་ཚངས་པ་དང་ཆོས་མཚུངས་པ་ནི། བཀའ་བཞི་བརྒྱད་པའི་རྒྱུད་སྡེ་རབ་འབྱམས་ཀྱི་ཆོས་ཐམས་ཅད་ཚངས་པའི་ཞལ་བཞི་ནས་རིག་བྱེད་བཞི་བྱུང་བ་ལྟར། གསང་འདུས། བདེ་དགྱེས། གདན་བཞི། སྒྱུ་ཐོད་སོགས་ཀྱི་སྨིན་གྲོལ། རྒྱུད་ཀྱི་བཤད་བཀའ་དང་བཅས་པ། གཏུམ་མོ། རྨི་ལམ། འཕོ་བ། སྒྱུ་ལུས། འོད་གསལ། བར་དོ། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་པ་རྣམས། ནཱ་རོ་མཻ་ཏྲི། ཀུ་ཀུ་རི་པ། ཡེ་ཤེས་སྙིང་པོ་སོགས་ནས་མར་པ་ལྷོ་བྲག་བར་བརྒྱུད་དེ་གྲུབ་ཐོབ་ཟམ་མ་ཆད་པར་བྱོན་པའི་བཀའ་བརྒྱུད་པ་དང་། །སུམ་ཅུ་རྩ་གཉིས་མཚན་འཆང་བ་ནི། རྒྱལ་བའི་ཡབ་གཅིག་རྗེ་བཙུན་འཇམ་དཔལ་དབྱངས་ཏེ་དེ་ཉིད་འོད་གསལ་འཁོན་གྱི་རིགས་ལ་རྗེས་སུ་ཆགས་པ་དཔལ་ས་སྐྱ་པ་ནི། མདོ་སྔགས་རིག་གནས་དང་བཅས་པའི་བསྟན་པ་ཡོངས་རྫོགས་དང་། ཁྱད་པར་བིར་ཝའི་ཐུགས་བཅུད་གསུང་ངག་ལམ་འབྲས་ཀྱི་གདམས་པས་རྟེན་དཀྱིལ་འཁོར་བཞིར་འགྲོས་བཞི་ཐིམ་ནས་སྐུ་བཞི་མངོན་དུ་གྱུར་པ་མཁས་གྲུབ་གསེར་རིའི་ཕྲེང་བ་ལྟ་བུ་བྱོན་པ་དང་། ལྟ་སྤྱོད་ཐམས་ཅད་ལ་དྲི་མ་དང་བྲལ་བ་དཔེར་ན་དེ་བཞིན་གཤེགས་པའི་སྐུ་མཚན་དཔེས་བརྒྱན་པ་ཤིན་ཏུ་རྣམ་པར་དག་པ་ལྟ་བུ་མཐོང་ན་དགའ་ཞིང་མཁས་གྲུབ་ཐམས་ཅད་འདུ་བའི་པད་ཚལ་དང་ཆོས་མཚུངས་པའོ། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས་པ་ནི། ཁྱུང་པོ་དུ་གུ་པ་ཆེན་པོས་རྡོ་རྗེ་གདན་པ་དང་། ཡེ་ཤེས་ཌཱ་ཀི་རྣམ་གཉིས། མཻ་ཏྲི་པ། རཱ་ཧུ་ལ་སོགས་མཁས་གྲུབ་བརྒྱ་ལྔ་བཅུའི་ཐུགས་བཅུད་ཤངས་ལུགས་གདམས་པ་རྒྱ་མཚོའི་སྙིང་པོ་གསེར་ཆོས་རྣམ་ལྔ་སོགས་འཇིག་རྟེན་གསུམ་ན་རྩོད་པ་དང་བྲལ་ཞིང་། ལྷ་ཡི་བདུད་རྩི་ལྟ་བུ་མྱུར་ལམ་ཟབ་མོ་ལུས་སེམས་འཆི་བ་མེད་པར་སྦྱོར་བ་ཤངས་པ་བཀའ་བརྒྱུད། འཇིག་རྟེན་ཤེས་ལེགས་སློབ་དཔོན་ནི། དཔལ་དུས་ཀྱི་འཁོར་ལོ་ཕྱི་འཇིག་རྟེན་ཁམས་ལས། ནང་རྡོ་རྗེའི་ལུས་དང་སྦྱར། གཞན་རྣམ་ཤེས་ཀྱི་ཚོགས་ཐམས་ཅད་ཡེ་ཤེས་སུ་སྦྱོར་བ་སྟེ། རྫོགས་རིམ་གྱི་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པ་དང་། འཇིག་རྟེན་སློབ་དཔོན་ནི། གྲུབ་ཐོབ་ཨོ་རྒྱན་བའི་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཞེས་སྦྱོར་དྲུག་དང་ཆ་འདྲ་བའི་རྫོགས་རིམ་ཟབ་མོའི་སྒོ་གསུམ་རྡོ་རྗེ་གསུམ་དུ་བསྙེན་ཅིང་སྒྲུབ་པས་སློབ་དཔོན་ཆེན་པོར་སྒྲུབ་ཅིང་སྟོན་པའོ། །འཇིགས་མེད་པ་ནི། ཕ་གཅིག་དམ་པ་རྒྱ་གར་ནས་བརྒྱུད་པའི་ཕོ་གཅོད་དང་། མ་གཅིག་ལབ་ཀྱི་སྒྲོན་མའི་བཀའ་སྲོལ་གཅོད་ཡུལ་ཕྱག་རྒྱ་ཆེན་མོས་བདུད་བཞི་དབྱིངས་སུ་གཅོད་ཅིང་། སྣང་སྲིད་ཐམས་ཅད་ཡུམ་ཆེན་ཆོས་སྐུའི་དགོངས་པ་མངོན་སུམ་དུ་མཛད་ཅིང་འཁོར་འདས་ཐམས་ཅད་ལ་འཇིགས་སྐྲག་དང་དོགས་པ་མེད་པའོ། །མགོན་སྐྱོབས་འཇིག་རྟེན་ཡིད་གཅུགས་པ་ནི། ཕ་གཅིག་དམ་པའི་བཀའ་སྲོལ་སྡུག་བསྔལ་ཞི་བྱེད་བརྒྱུད་པ་སྔ་ཕྱི་བར་གསུམ་གྱི་གདམས་པ་ཟབ་མོས་ཉོན་མོངས་རྒྱུ་འབྲས་ཐམས་ཅད་ཞི་བར་བྱེད་པས་སེམས་ཅན་རྣམས་ཀྱི་མགོན་སྐྱོབས། ཨཱ་ལི། ཀཱ་ལིའི་ཕྱི་ནང་གི་རྟེན་འབྲེལ་གྱི་ཐབས་ཚུལ་སྣ་ཚོགས་པས་འཇིག་རྟེན་པས་འཇིག་རྟེན་པ་རྣམས་ཡིད་གཅུགས་པར་བྱེད་པའོ། །སྐྱབས་དང་སྐྱོབ་པ་བླ་ན་མེད། །ནམ་མཁའི་མཐའ་ལ་ལོངས་སྤྱོད་པ། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག། སོགས་ཀྱི་སྔ་འགྱུར་བི་མ། པད་འབྱུང་སོགས་ཀྱི་བཀའ་སྲོལ་ཐེག་པ་རིམ་དགུའི་གདུལ་བྱའི་ཁམས་དབང་བསམ་པ་དང་མཐུན་པར་ཉམས་སུ་བླངས་པས་སྐྱབས་དང་སྐྱོབ་པ་བླ་ན་མེད་པ་དང་། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་གཞི་ཀ་དག་སྤྲོས་བྲལ་གཏིང་ཟབ་ནམ་མཁའི་མཐའ་ལྟ་བུར། ཟག་མེད་ཀྱི་ཆོས་རྣམས་དང་འདུ་འབྲལ་མེད་པ་ལོངས་སྤྱོད་པ་དང་། གནད་གསུམ་གྱིས་གཅུན་པས་ནང་དོན་དམ་འོད་གསལ་ཆེན་པོ་སངས་རྒྱས་སྐུ་ལྔའི་བདག་ཉིད་ཀྱི་གདངས་ཕྱིར་གསལ་དུ་ཤར་བ་རྒྱ་ཆད་ཕྱོགས་བྲལ་ཁྱབ་བདག་ཡེ་ཤེས་ལྔ་ཡི་ཐིག་ལེར་སྐུ་དང་ཡེ་ཤེས་ཀྱི་འོད་ཟེར་ཆེན་པོའི་སྣང་བ་མུ་མེད་པར་བརྡལ་བ་རྣམས་སླར་གདོད་མའི་ནང་དབྱིངས་སུ་ཐིམ་པ་དང་། ཕྱིར་གསལ་སྐུ་དང་ཡེ་ཤེས་ཀྱི་རང་སྣང་ལོངས་སྐུ་དང་། ཕྱེད་སྣང་ལོངས་སྐུའི་སྤྲིན་ཆེན་པོར་བཀོད་པས་གདུལ་བྱའི་དོན་མཛད་པ་ནི། སངས་རྒྱས་མངའ་བདག་ཅོད་པན་སོགས་ཀྱིས་བསྟན་བའོ། །ཅེས་པའང་ཆོས་ཀྱི་བློ་གྲོས་པས་གང་དྲན་བྲིས་པའོ།། །།
[edit]

@#/__/'jam dpal sgyu drwa'i rgyud kyi dum bus sgrub brgyud shing rta brgyad ston tshul gyi zin bris bzhugs so/__/ 'jam dpal sgyu drwa'i rgyud kyi dum bus sgrub brgyud shing rta brgyad ston tshul gyi zin bris/__gnas brtan rgan po ste/__ston pa de bzhin gshegs pa'i chos 'dul ba la legs par bslab pa/__sbyangs pa'i yon tan bcu gnyis dang ldan pa'i gnas brtan chen po chags bral rgan por gyur pa de nyid kyis gzhan phan don gnyer gyis skyes bu gsum gyi lam gyi rim pa dang /__khyad par byams snying rje byang chub kyi sems la blo sbyongs shing rgyal ba'i bka' thams cad gdams ngag tu dril nas lha chos bdun ldan gyi bstan pa'i bdag po jo bo bka' gdams pa gsar rnying brgyud par bcas pa dang /__skye rgu'i bdag po tshangs pa dang chos mtshungs pa ni/__bka' bzhi brgyad pa'i rgyud sde rab 'byams kyi chos thams cad tshangs pa'i zhal bzhi nas rig byed bzhi byung ba ltar/__gsang 'dus/__bde dgyes/__gdan bzhi/__sgyu thod sogs kyi smin grol/__rgyud kyi bshad bka' dang bcas pa/__gtum mo/__rmi lam/__'pho ba/__sgyu lus/__'od gsal/__bar do/__phyag chen lhan cig skyes sbyor gyi gdams pa rnams/__nA ro mai tri/__ku ku ri pa/__ye shes snying po sogs nas mar pa lho brag bar brgyud de grub thob zam ma chad par byon pa'i bka' brgyud pa dang /__/sum cu rtsa gnyis mtshan 'chang ba ni/__rgyal ba'i yab gcig rje btsun 'jam dpal dbyangs te de nyid 'od gsal 'khon gyi rigs la rjes su chags pa dpal sa skya pa ni/__mdo sngags rig gnas dang bcas pa'i bstan pa yongs rdzogs dang /__khyad par bir wa'i thugs bcud gsung ngag lam 'bras kyi gdams pas rten dkyil 'khor bzhir 'gros bzhi thim nas sku bzhi mngon du gyur pa mkhas grub gser ri'i phreng ba lta bu byon pa dang /__lta spyod thams cad la dri ma dang bral ba dper na de bzhin gshegs pa'i sku mtshan dpes brgyan pa shin tu rnam par dag pa lta bu mthong na dga' zhing mkhas grub thams cad 'du ba'i pad tshal dang chos mtshungs pa'o/__/sdug gu 'jig rten gsum na mdzes pa ni/__khyung po du gu pa chen pos rdo rje gdan pa dang /__ye shes DA ki rnam gnyis/__mai tri pa/__rA hu la sogs mkhas grub brgya lnga bcu'i thugs bcud shangs lugs gdams pa rgya mtsho'i snying po gser chos rnam lnga sogs 'jig rten gsum na rtsod pa dang bral zhing /__lha yi bdud rtsi lta bu myur lam zab mo lus sems 'chi ba med par sbyor ba shangs pa bka' brgyud/__'jig rten shes legs slob dpon ni/__dpal dus kyi 'khor lo phyi 'jig rten khams las/__nang rdo rje'i lus dang sbyar/__gzhan rnam shes kyi tshogs thams cad ye shes su sbyor ba ste/__rdzogs rim gyi mthar thug rdo rje'i rnal 'byor sbyor ba yan lag drug pa dang /__'jig rten slob dpon ni/__grub thob o rgyan ba'i rdo rje gsum gyi bsnyen sgrub zhes sbyor drug dang cha 'dra ba'i rdzogs rim zab mo'i sgo gsum rdo rje gsum du bsnyen cing sgrub pas slob dpon chen por sgrub cing ston pa'o/__/'jigs med pa ni/__pha gcig dam pa rgya gar nas brgyud pa'i pho gcod dang /__ma gcig lab kyi sgron ma'i bka' srol gcod yul phyag rgya chen mos bdud bzhi dbyings su gcod cing /__snang srid thams cad yum chen chos sku'i dgongs pa mngon sum du mdzad cing 'khor 'das thams cad la 'jigs skrag dang dogs pa med pa'o/__/mgon skyobs 'jig rten yid gcugs pa ni/__pha gcig dam pa'i bka' srol sdug bsngal zhi byed brgyud pa snga phyi bar gsum gyi gdams pa zab mos nyon mongs rgyu 'bras thams cad zhi bar byed pas sems can rnams kyi mgon skyobs/__A li/__kA li'i phyi nang gi rten 'brel gyi thabs tshul sna tshogs pas 'jig rten pas 'jig rten pa rnams yid gcugs par byed pa'o/__/skyabs dang skyob pa bla na med/__/nam mkha'i mtha' la longs spyod pa/__/sangs rgyas sku lnga'i bdag nyid can/__/khyab bdag ye shes lnga yi bdag/__sogs kyi snga 'gyur bi ma/__pad 'byung sogs kyi bka' srol theg pa rim dgu'i gdul bya'i khams dbang bsam pa dang mthun par nyams su blangs pas skyabs dang skyob pa bla na med pa dang /__khyad par 'od gsal rdzogs pa chen po gzhi ka dag spros bral gting zab nam mkha'i mtha' lta bur/__zag med kyi chos rnams dang 'du 'bral med pa longs spyod pa dang /__gnad gsum gyis gcun pas nang don dam 'od gsal chen po sangs rgyas sku lnga'i bdag nyid kyi gdangs phyir gsal du shar ba rgya chad phyogs bral khyab bdag ye shes lnga yi thig ler sku dang ye shes kyi 'od zer chen po'i snang ba mu med par brdal ba rnams slar gdod ma'i nang dbyings su thim pa dang /__phyir gsal sku dang ye shes kyi rang snang longs sku dang /__phyed snang longs sku'i sprin chen por bkod pas gdul bya'i don mdzad pa ni/__sangs rgyas mnga' bdag cod pan sogs kyis bstan ba'o/__/ces pa'ang chos kyi blo gros pas gang dran bris pa'o//___//

Footnotes

Other Information