འཇམ་པའི་དབྱངས་ས་སྐྱ་པཎྜི་ཏའི་ཞབས་ལ་བསྟོད་པ་དད་གསུམ་པདྨོ་བཞད་པ།

From Khyentse Lineage - A Tsadra Foundation Project
JKCL-KABUM-02-KHA-086
Wylie title 'jam pa'i dbyangs sa skya paN+Di ta'i zhabs la bstod pa dad gsum pad+mo bzhad pa JKCL-KABUM-02-KHA-086.pdf
Location chos kyi blo gros bka' 'bum
Volume 2, Text 86, Pages 669-671 (Folios 1a1 to 2a4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ས་སྐྱ་པཎྜི་ཏ་ (sa skya paN+Di ta)
Citation 'jam dbyangs mkhyen brtse chos kyi blo gros. 'jam pa'i dbyangs sa skya paN+Di ta'i zhabs la bstod pa dad gsum pad+mo bzhad pa. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 669-671. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Colophon

།ཅེས་པའང་ཆོས་ཀྱི་བློ་གྲོས་པས་མི་ཕྱེད་གདུང་ཤུགས་དྲག་པོས་ལྕགས་རྟ་སྣྲོན་ཟླའི་ཚེས་༣ལ་གསོལ་བ་བཏབ་པ་སིདྡྷི་རསྟུ། ཤུ་བྷཾ། མངྒ་ལཾ། །

/ces pa'ang chos kyi blo gros pas mi phyed gdung shugs drag pos lcags rta snron zla'i tshes 3la gsol ba btab pa sid+d+hi rastu/__shu b+haM/__mang+ga laM/

1 Texts in this Section (sde tshan or chos tshan)

[edit]
འཇམ་པའི་དབྱངས་ས་སྐྱ་པཎྜི་ཏའི་ཞབས་ལ་བསྟོད་པ་དད་གསུམ་པདྨོ་བཞད་པ་ཞེས་བྱ་བ་བཞུགས་སོ། །ན་མོཿགུ་རུ་མཉྫུ་གྷོ་ཥ་ཨ་ནནྜ་དྷྭ་ཛ་ཡེ། འཇམ་པའི་རྡོ་རྗེས་ལྷ་ཡི་རིགས་ལ་གཟིགས། །ལོག་སྨྲ་མུ་སྟེགས་ཚོགས་ལ་འཕེན་པ་ཡི། །དཔལ་ལྡན་ས་སྐྱ་ཀུན་དགའི་རྒྱལ་མཚན་ནི། །ལྷ་དང་བཅས་པའི་སྲིད་ཞིའི་གཙུག་གི་རྒྱན། །མ་འབད་པར་ཡང་ཤེས་བྱ་རྒྱ་མཚོ་ཆུབ། །གཞོན་ནུའི་དུས་ནས་ཐམས་ཅད་མཁྱེན་པར་གྱུར། །སྐྱེས་རབས་ཕྲེང་བ་ཉི་ཤུ་རྩ་ལྔ་ནི། །བསྟེན་པའི་འཁོར་ལོས་དགེ་བའི་བཤེས་གཉེན་མཛད། །འཕགས་ཡུལ་ཤིང་རྟ་ཆེན་པོ་རྣམ་གཉིས་དང་། །འཛམ་གླིང་མཛེས་པའི་རྒྱན་མཆོག་ཆེ་རྣམས་ཀྱི། །མཁྱེན་པའི་དཔལ་དང་ཐ་དད་རྡུལ་ཙམ་ཡང་། །བསྟོད་འདོད་དབང་གི་སྒྲོ་བཏགས་ཙམ་མིན་པར། །ཐ་དད་མེད་པའི་ངེས་པ་མཆོག་ཏུ་བརྟན། །སྒྲ་ཚད་བཟོ་གསོ་གྲངས་གནས་ཚིག་རྒྱན་དང་། །འདུལ་མདོ་མངོན་པ་རྡོ་རྗེ་ཐེག་པ་སོགས། །མ་ལུས་ཁྱོད་ཀྱི་ཐུགས་སུ་ཆུད་པ་དང་། །ཇི་བཞིན་རྟོགས་ཤིང་འཆད་རྩོད་རྩོམ་པ་ལ། །འཁྲུལ་པ་ཕྲ་མོའི་ཤས་ཙམ་ཡོད་རེ་ཀན། །གངས་རིའི་ཁྲོད་འདིར་ཐམས་ཅད་མཁྱེན་པ་རུ། །གྲགས་པའི་བ་དན་བཟུང་བ་མང་ལགས་ཀྱང་། །ངེས་པར་མཁས་པའི་འབྱུང་གནས་མཁས་རྣམས་ཀྱི། །འདར་བཅས་མགོ་བོས་ཞབས་རྟེན་པདྨར་འདུད། །གསུང་གི་ཟེགས་མས་བློ་ལྡན་ཡིད་རབ་འཕྲོགས། །ཁྱོད་གསུང་ལྷ་ཡི་བདུད་རྩི་ལྟ་བུར་གྱུར། །སྔོན་ཆད་ཁ་བ་ཅན་གྱི་ལྗོངས་འདི་རུ། །མ་བྱུང་ཕྱིས་ཀྱང་འབྱུང་བར་མི་འགྱུར་ཞེས། །འཕགས་བོད་མཁས་གྲུབ་རྣམས་ཀྱི་མགྲིན་གཅིག་ཏུ། །བསྔགས་པའི་ཨུཏྤལ་དོ་ཤལ་ཉིན་བཞིན་འབུལ། །ལྟ་བ་ངན་སྨྲ་མངོན་པའི་ང་རྒྱལ་གྱི། །ཁེངས་པའི་མུ་སྟེགས་འཕྲོག་བྱེད་གཞོན་ནུའི་ཚོགས། །ཝ་སྐྱེས་བཞིན་དུ་འཇམ་དབྱངས་ཆོས་ཀྱི་རྗེ། །བྱང་ཕྱོགས་སྨྲ་བའི་སེངྒེའི་སྡེར་མོས་བཅོམ། །ཐུབ་པའི་བསྟན་ལ་ཐུབ་དབང་གཉིས་པ་ཞིག །གངས་རིས་ལྗོངས་འདིར་ངེས་པར་བྱུང་ཞེས་སྒྲོགས། །རིས་མེད་ཐུབ་བསྟན་འཛིན་པའི་མཁས་པ་ནི། །གཟུར་གནས་ཀུན་ཀྱང་ཁྱོད་རྗེས་མ་སློབ་མེད། །དེ་ཕྱིར་འཇམ་དཔལ་རྡོ་རྗེ་ཆོས་ཀྱི་རྗེ། །དྲན་པས་སྲིད་ཞིའི་འཇིགས་འཕྲོགས་ས་སྐྱ་པ། །སྐྱབས་གནས་དཀོན་མཆོག་རྒྱ་མཚོ་འདུས་པའི་སྐུ། །ངག་གི་དབང་ཕྱུག་གསུང་གི་རྡོ་རྗེའི་མཛོད། །རྒྱལ་ཀུན་ཐུགས་ཀྱི་གསང་བའི་མཛོད་འཛིན་པ། །འཇམ་དབྱངས་བླ་མ་ཀུན་དགའ་རྒྱལ་མཚན་མཁྱེན། །བདག་ཅག་དེང་ནས་བྱང་ཆུབ་མ་ཐོབ་བར། །འཇམ་དབྱངས་བླ་མའི་ཕྱག་གིས་མ་གཏོངས་ཤིག །ཐུགས་རྗེའི་འོད་ཟེར་སྙིང་ལ་ཁྱབ་པར་མཛོད། །མགོན་པོ་ཁྱེད་ཀྱི་མཚན་དཔེའི་སྐུ་མཆོག་ནི། །མངོན་སུམ་མིག་གི་བདུད་རྩིར་བསྟན་དུ་གསོལ། །གསུངས་དབྱངས་གདམས་པའི་ཆོས་ཆར་དབབ་ཏུ་གསོལ། །ཐུགས་གསང་དཔལ་གྱི་བེའུ་བསྟིམ་དུ་གསོལ། །བདག་གི་སྙིང་དབུས་འོད་ལྔའི་གུར་ཁང་དུ། །འབྲལ་མེད་བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །མགོན་པོ་ཁྱེད་དང་རྣམ་དབྱེར་མེད་པར་ཤོག །ཁྱེད་ཀྱི་དགོངས་པ་བདག་གི་སྒྲུབ་པར་ཤོག །ཁྱོད་གསུང་ཇི་བཞིན་གཞན་ལ་སྟོན་པ་དང་། །ཀུན་དགའི་རིང་ལུགས་ཉིན་བཞིན་གསལ་བ་དང་། །བསྟན་པའི་རྒྱལ་མཚན་ཕྱོགས་བརྒྱར་སྒྲེངས་གྱུར་ཅིག །ཅེས་པའང་ཆོས་ཀྱི་བློ་གྲོས་པས་མི་ཕྱེད་གདུང་ཤུགས་དྲག་པོས་ལྕགས་རྟ་སྣྲོན་ཟླའི་ཚེས་༣ལ་གསོལ་བ་བཏབ་པ་སིདྡྷི་རསྟུ། ཤུ་བྷཾ། མངྒ་ལཾ། ། །།

Footnotes

Other Information