ཀུན་མཁྱེན་ཆེན་པོ་ལ་བསྟོད་པ་རབ་དགའི་དབྱངས་སྙན།

From Khyentse Lineage - A Tsadra Foundation Project
JKCL-KABUM-02-KHA-059
Wylie title kun mkhyen chen po la bstod pa rab dga'i dbyangs snyan JKCL-KABUM-02-KHA-059.pdf
Location chos kyi blo gros bka' 'bum
Volume 2, Text 59, Pages 551-554 (Folios 1a1 to 2b3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ཀློང་ཆེན་རབ་འབྱམས་ (Klong chen pa)
Citation 'jam dbyangs mkhyen brtse chos kyi blo gros. kun mkhyen chen po la bstod pa rab dga'i dbyangs snyan. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 551-554. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Colophon

།ཅེས་པའང་ཤིང་བྱ་ལོ་རྒྱལ་ཟླའི་དུས་དྲན་མཆོད་པའི་ཉིན་སྣང་གསལ་ངོགས་སུ་བློ་གྲོས་རྒྱ་མཚོའི་སྤྲིན་གྱིས་དད་མོས་ཆེན་པོས་བྲིས་པ་དགེའོ། །

/ces pa'ang shing bya lo rgyal zla'i dus dran mchod pa'i nyin snang gsal ngogs su blo gros rgya mtsho'i sprin gyis dad mos chen pos bris pa dge'o/

1 Texts in this Section (sde tshan or chos tshan)

[edit]
ཀུན་མཁྱེན་ཆེན་པོ་ལ་བསྟོད་པ་རབ་དགའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། སརྦ་ཛྙཱ་བི་མ་ལ་ར་སྨི་པྲཱ་ནནྡ་སྭ་ར་སྱེ་སྟུ་ཏི་ན་མ། བོད་སྐད་དུ། ཀུན་མཁྱེན་དྲི་མེད་འོད་ཟེར་ལ་བསྟོད་པ་རབ་དགའི་དབྱངས་སྙན་ཞེས་བྱ་བ། གང་གི་རང་བཞིན་མཁའ་ལྟར་ཟབ་པ་ལས། །དམིགས་མེད་སྙིང་རྗེའི་འོད་ཟེར་ཞགས་པ་ཡིས། །མཐའ་ཡས་འགྲོ་རྣམས་ཉེར་ཞིར་འཁྲིད་མཛད་པ། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལ་ཕྱག་འཚལ། །ཐོག་མའི་མགོན་པོ་འཁོར་འདས་སྤྱི་དཔལ་ཆེ། །སངས་རྒྱས་ཀུན་གྱི་མེས་པོ་འོད་མི་འགྱུར། །མི་གཡོ་མི་འཕོ་མཚན་མཚོན་བརྗོད་འདས་ཀྱང་། །ངོ་མཚར་སྤྲུལ་པའི་གཟུགས་སྐུ་ཞིང་འདིར་འཕོས། །ངག་གི་དབང་ཕྱུག་རྡོ་རྗེ་རྣོན་པོ་ཡི། །མཁྱེན་རབ་གོང་བུ་ཐབས་ཤེས་བཅུད་སྨིན་པས། །རྟ་མཆོག་གྲུབ་པའི་རིགས་ཀྱི་ཐིག་ལེ་ཆེར། །བརྟན་པའི་འཁོར་ལོ་གཞོན་ནུའི་རྣམ་པར་རོལ། །སྐྱེ་བ་སྐྱེ་བར་སྦྱངས་པའི་མཐུ་བརྟས་པས། །ཆོས་ཀུན་གཟིགས་པ་དེ་ཡི་དེ་མ་ཐག །རང་གི་མཚན་ཉིད་མ་ལུས་དཔྱིས་ཕྱིན་པ། །ཐུགས་གསང་དཔལ་བེའི་ལྟོ་བར་རབ་ཏུ་བསྐྱིལ། །ཚུལ་ཁྲིམས་གསེར་རིའི་ལྷུན་པོ་མཐོ་ཞིང་བརྟན། །ཏིང་འཛིན་བང་རིམ་བཞི་ཡིས་མངོན་པར་མཛེས། །ཤེས་རབ་ཉི་ཟླས་མགུལ་པར་རབ་འཁྱུད་པའི། །འོད་ཀྱིས་གླིང་བཞིའི་མུན་པ་སེལ་བར་བྱས། །བློ་གྲོས་རྣམ་རྒྱལ་བ་གམ་བཀོད་མཛེས་པར། །སྒྲ་སྙན་སྡེབས་སྦྱོར་སྐར་རྩིས་ཟློས་གར་དང་། །བཟོ་དང་གསོ་བ་ལོག་སྨྲ་ཚར་གཅོད་པའི། །གཏན་ཚིགས་རིག་པའི་ཉེ་དབང་རྣམས་ཀྱིས་བསྐོར། །མདོ་སྔགས་བསམ་ཡས་ཆོས་ཚུལ་རབ་འབྱམས་རྣམས། །རྒྱལ་གསུང་བཀའ་དང་འཛམ་གླིང་ཤིང་རྟ་ཆེའི། །རིང་ལུགས་ཇི་བཞིན་བཀྲལ་ལ་རྣམ་དཔྱོད་ཀྱི། །སྤོབས་པ་མི་འཕྲོག་འཇིགས་མེད་སྤྱན་སྟོང་བཀྲ། །ཁྱད་པར་ཟབ་མོ་ནང་རྒྱུད་སྡེ་གསུམ་ཞེས། །རྒྱལ་བ་རིག་འཛིན་ཀུན་གྱི་ཐུགས་ཀྱི་བཅུད། །ཆེས་གསང་རྒྱུད་ལུང་མན་ངག་འཛིན་པ་ལ། །གསང་བདག་དཔའ་བོ་རྡོ་རྗེ་ཆོས་སུ་སྣང་། །མཆོག་གསང་རྡོ་རྗེ་རྩེ་མོའི་དགོངས་པའི་མཛོད། །ཀུན་བཟང་རྡོར་སེམས་དགའ་རབ་དཔའ་བོ་ཡིས། །རིལ་པོར་བྱས་ནས་གང་ཐུགས་དབྱིངས་སུ་བསྟིམ། །ཀློང་ཆེན་དགོངས་པའི་རྩལ་གྱི་གནམ་འཕང་གཅོད། །རབ་འབྱམས་བཀའ་ཡི་གཤོག་ཡངས་དཀར་པོར་བསྐྱོད། །སྣ་ཚོགས་ཆོས་ཀུན་རོ་མཉམ་ཆེན་པོར་བརྡལ། །ཐོགས་མེད་རང་གྲོལ་ཤུགས་འཆང་མཁའ་ལྡིང་དབང་། །སྲིད་གསུམ་འགྲན་ཟླ་སྤངས་པའི་ཆོས་ཀྱི་རྗེ། །ཐེག་མཆོག་བསྟན་པ་ནོར་བུའི་དབྱིག་ལྡན་པའི། །འཛམ་བུའི་གསེར་གྱི་ཤིང་རྟ་དྲངས་པ་ལ། །ཁྱོད་འདྲ་འཇིག་རྟེན་གསུམ་ན་གཞན་མ་མཆིས། །དྲི་མེད་བཤེས་གཉེན་དགེ་བའི་བཤེས་སུ་སྟོན། །རྣམ་དག་ལུང་དང་རིགས་པའི་འོད་ཟེར་གྱི། །སྣང་བ་བརྒྱ་ཕྲག་འབྱེད་པའི་སྐབས་ཕྱེས་པས། །གངས་ཅན་མཁས་པ་ཀུན་གྱི་གཙུག་ན་མཐོ། །གྲགས་པ་དོན་ལྡན་ཀུན་མཁྱེན་བླ་མ་རྒྱལ། །ཕྱོགས་ལས་རྣམ་རྒྱལ་སྨྲ་བའི་སེང་གེ་ཡི། །གསུང་གི་སྣང་བས་བློ་གྲོས་པད་ཚལ་འབྱེད། །མཁས་གྲུབ་བུང་བ་འདུ་བའི་ཚལ་ཆེན་པོ། །གངས་ཅན་མཁས་དང་གྲུབ་པའི་མདུན་སར་མཛེས། །སྔར་ཡང་ཁྱོད་ཀྱི་དྲིན་ལས་ལུང་རིགས་ཀྱི། །དགའ་བའི་དཔལ་གྱིས་བརྒྱན་པ་མང་དུ་བྱུང་། །ད་དུང་རྣམ་འདྲེན་བསྟན་པ་མ་རྫོགས་བར། །ཁྱོད་ཀྱི་ལེགས་གསུང་མཐུ་ལས་སྨྲ་མཁས་འགྱུར། །ཚིག་གི་སྤུན་པ་མིན་པའི་དོན་གྱི་བཅུད། །འཆི་མེད་ལྷ་ཡི་བདུད་རྩི་བཞིན་དུ་ལྕི། །བློ་ལྡན་གང་གི་མྱོང་བས་གྲུབ་གཉིས་ཀྱི། །ངོ་མཚར་ནོར་བུའི་གཏེར་ལ་སྤྱོད་པས་འཕགས། །དེ་ཕྱིར་ཀུན་མཁྱེན་མགོན་པོའི་གསང་གསུམ་གྱི། །ཡོན་ཏན་སངས་རྒྱས་ཀུན་དང་མཉམ་པའི་ཕྱིར། །བདག་གི་བརྗོད་པའི་ངལ་བ་འདིས་ཅི་བྱ། །འོན་ཀྱང་བྱིན་རླབས་ཤས་ཙམ་འཇུག་པའི་ཕྱིར། །བསྟོད་པའི་དགེ་བས་བདག་གཞན་སེམས་ཅན་ཀུན། །རྒྱལ་བ་གཉིས་པའི་གོ་འཕང་ཐོབ་ཕྱིར་དུ། །ཀུན་ཏུ་བཟང་པོའི་ཡོངས་བསྔོའི་རྗེས་འགྲོ་ཞིང་། །རླབས་ཆེན་རྒྱལ་སྲས་སྤྱོད་པར་འཇུག་གྱུར་ཅིག །གདོད་ནས་ཡེ་སངས་རྒྱས་ཀྱང་ཕྱི་མའི་མཐར། །བདེ་བར་གཤེགས་ཀྱི་གོ་འཕང་བརྙེས་པའི་ཚེ། །རི་རབ་མར་མེའི་རྒྱལ་མཚན་ཞལ་མཐོང་ཞིང་། །ཆོས་ཀྱི་འཁོར་ལོ་རྫོགས་པར་ལོངས་སྤྱོད་ཤོག །ཐུབ་བསྟན་སྤྱི་དང་སྔ་འགྱུར་རྡོ་རྗེའི་ཐེག །འཕགས་པའི་ལམ་གྱི་རྗེས་འགྲོ་ངེས་གསང་ཆོས། །རྟོག་གེའི་དུག་ཆུས་བསླད་པ་དང་བྲལ་བ། །ཇི་བཞིན་བཤད་དང་སྒྲུབ་པས་ཁྱབ་གྱུར་ཅིག །ཅེས་པའང་ཤིང་བྱ་ལོ་རྒྱལ་ཟླའི་དུས་དྲན་མཆོད་པའི་ཉིན་སྣང་གསལ་ངོགས་སུ་བློ་གྲོས་རྒྱ་མཚོའི་སྤྲིན་གྱིས་དད་མོས་ཆེན་པོས་བྲིས་པ་དགེའོ། ། །།

Footnotes

Other Information