མ་ཧཱ་གུ་རུ་ཨོ་རྒྱན་རྡོ་རྗེ་འཆང་ལ་བསྟོད་ཅིང་གསོལ་བ་འདེབས་པ་བྱིན་རླབས་ཀྱི་གྲུབ་ཆར།

From Khyentse Lineage - A Tsadra Foundation Project
JKCL-KABUM-02-KHA-050
Wylie title ma hA gu ru o rgyan rdo rje 'chang la bstod cing gsol ba 'debs pa byin rlabs kyi grub char JKCL-KABUM-02-KHA-050.pdf
Location chos kyi blo gros bka' 'bum
Volume 2, Text 50, Pages 515-519 (Folios 1a1 to 3a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. ma hA gu ru o rgyan rdo rje 'chang la bstod cing gsol ba 'debs pa byin rlabs kyi grub char. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 515-519. Bir, H.P.: Khyentse Labrang, 2012.
Genre Supplications - gsol 'debs  ·  Verses of Praise - bstod pa
Deity o rgyan rdo rje 'chang
Colophon

།ཅེས་པའང་མེ་ཁྱི་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་བཟང་པོ་དང་པོར་བྲིས་པ་གུ་རུ་རིན་པོ་ཆེའི་ཐུགས་རྗེའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། །

ces pa'ang me khyi cho 'phrul zla ba'i dkar phyogs kyi bzang po dang por bris pa gu ru rin po che'i thugs rje'i byin rlabs myur du 'jug pa'i rgyur gyur cig__/sarba dA mang+ga laM/

1 Texts in this Section (sde tshan or chos tshan)

[edit]
མ་ཧཱ་གུ་རུ་ཨོ་རྒྱན་རྡོ་རྗེ་འཆང་ལ་བསྟོད་ཅིང་གསོལ་བ་འདེབས་པ་བྱིན་རླབས་ཀྱི་གྲུབ་ཆར་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨ་ཀཱ་ར་ཡེ། འཆི་མེད་བདེ་ལྡན་འོད་མཚན་སྟོང་འབར་མགོན། །སོར་རྟོག་ཡེ་ཤེས་ཕྱག་རྒྱའི་གཟུགས་སུ་ཤར། །སིནྡྷཱུའི་དྭངས་མཚོར་པདྨའི་སྡོང་པོའི་རྩེར། །བརྫུས་སྐྱེས་དབང་པོ་པདྨ་འབྱུང་གནས་རྒྱལ། །མཚན་དཔེའི་ལྷུན་སྟུག་སྲིད་ཞིའི་ཁམས་ན་མཛེས། །དྭངས་མའི་སྐུ་མཆོག་འཁོར་བའི་སྒྲིབ་ལས་གྲོལ། །དེ་བཞིན་ཞི་སྒོའི་ལམ་གྱི་མཐའ་བརྒལ་བ། །ལྷུན་གྲུབ་རིག་འཛིན་རྒྱལ་བའི་དབང་པོར་བསྟོད། །གཅིག་ཉིད་མ་ཡིན་ཕྱོགས་བཅུ་མཐའ་ཀླས་པའི། །ཞིང་ཁམས་རབ་འབྱམས་གངྒཱའི་རྡུལ་སྙེད་ན། །པདྨའི་མཚན་འཆང་རྒྱལ་སྲས་ཁྱུ་མཆོག་གི། གསང་བ་བླ་མེད་རྡོ་རྗེའི་དབྱངས་ཀྱིས་བསྙན། །ཁྱད་པར་མི་མཇེད་ཐུགས་ཀྱི་ཞིང་ཁམས་ན། །སྟོན་དང་བསྟན་པའི་རྣམ་འཕྲུལ་བསམ་ཡས་པ། །རྒྱལ་བ་རྣམས་ཀྱི་སྤྱོད་ཡུལ་ཁོ་ན་ལས། །འཕགས་བློས་ཀྱང་ནི་གཞལ་བར་ག་ལ་བཟོད། །འདྲེན་པ་མཉམ་མེད་དོན་ཀུན་གྲུབ་པ་ཡི། །དཔལ་གྱི་མགུལ་ནས་ལེགས་པར་བསྔགས་པའི་སྒྲས། །སྔགས་སྟོན་རྡོ་རྗེའི་རིག་འཛིན་འབྱུང་འགྱུར་གྱི། །ལུང་བསྟན་བདེན་པའི་རྔ་སྒྲས་འཛམ་གླིང་ཁྱབ། །གདོད་ནས་ཡེ་སངས་རྒྱས་ཀྱང་སློབ་ཚུལ་བསྟན། །སྤངས་རྟོགས་ཕར་མཐར་ཕྱིན་ཀྱང་སྦྱོངས་པའི་ཚུལ། །གྲུབ་གཉིས་རྩེ་མོར་གཤེགས་ཀྱང་གྲུབ་ཚུལ་བརྙེས། །སྐྱེ་འཆིའི་འཇིགས་ལས་འདས་ཀྱང་འཆི་མེད་བསྒྲུབ། །རྡོ་རྗེའི་སྐུ་ནི་བེམ་ཆོས་ལས་འདས་ཤིང་། །ཕུང་ཁམས་རྣམ་ཤེས་སྦུབས་ལས་རབ་གྲོལ་བ། །འོད་གསལ་ཡེ་ཤེས་རྡོ་རྗེའི་སྐུ་མཆོག་ནི། །སྲིད་པ་ཇི་སྲིད་གནས་ཀྱི་བར་དུ་རྟག །བདུད་དང་མུ་སྟེགས་རྒོལ་བའི་ཀླད་པ་འགེམ། །སངས་རྒྱས་བསྟན་པའི་རྒྱལ་རྔ་རབ་ཏུ་བརྡུང་། །འཇིགས་མེད་གདོང་ལྔའི་ང་རོ་སྒྲོགས་པ་ཡི། །ཀུན་མཁྱེན་ཐུབ་པའི་རྒྱལ་ཚབ་ཁྱེད་ལས་སུ། །ཁྱད་པར་སྨོན་ལམ་གཅིག་ཏུ་མཐུན་གྲུབ་པའི། །མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་གི། ཐུགས་བསྐྱེད་གསེར་གྱི་ཤིང་རྟས་དྲངས་པ་ན། །བྱང་ཕྱོགས་གངས་རིའི་ལྗོང་འདིར་དཀར་པོ་བྱས། །དེ་ཚེ་འཕགས་པ་དགྱེས་པའི་གནྡྷོ་ལ། །མཆོག་གསུམ་རྟེན་མཆོག་ནོར་བུའི་མཛོད་ཀྱིས་གཏམས། །མདོ་སྔགས་ཡོངས་རྫོགས་བསྒྱུར་བཤད་འཆད་ཉན་དང་། །སྒོམ་དང་སྒྲུབ་པའི་ཉིན་བྱེད་གསར་དུ་འཆར། །བཀའ་བབ་སྙིང་གི་བུ་མཆོག་ཉེར་ལྔ་སོགས། །མི་ཡི་ལུས་ལ་རྡོ་རྗེའི་གསང་གསུམ་གྱི། །བྱིན་རླབས་གྲུབ་པའི་མཚན་རྟགས་བཟང་པོ་ལ། །འཕགས་ཡུལ་རྣལ་འབྱོར་ཆེ་རྣམས་ཕྲག་པར་དོགས། །ས་གསུམ་ཀུན་ཏུ་ཁྱབ་པའི་གཟི་འོད་འཕྲོ། །རྒྱལ་བས་རྒྱལ་བ་ཉིད་ལས་ཆེས་བསྔགས་ཀྱང་། །ཡོན་ཏན་ཆ་ཡི་ཐུབ་པ་མཆོག་དང་མཉམ། །ངོ་མཚར་ཕྲིན་ལས་འདི་ཡི་ལྷག་པར་ངེས། །དབང་འབྱོར་ཆེན་པོའི་ཏིང་འཛིན་མཐུ་ཡི་ནི། །ཟབ་མོའི་ཆོས་རྟེན་ནོར་གྱི་གཏེར་མང་པོས། །བོད་ཁམས་མཐའ་དབུས་ཐམས་ཅད་ཕྱུར་བུར་གཤམས། །ཆེར་སྙིགས་རྩོད་དུས་ཐ་མའང་མངོན་དུ་སྣང་། །བསྟན་པ་ཡོངས་ཀྱི་སྤྱི་མོས་ཨོ་རྒྱན་རྗེ། །གདུལ་དཀའ་འདུལ་ཞིང་སྣང་སྲིད་ཟིལ་གྱིས་གནོན། །དུས་གསུམ་ཀུན་ཏུ་འབྱུང་བར་དཀའ་བ་ཡི། །རྣམ་ཐར་མཚུངས་མེད་སྲིད་པ་གསུམ་ཀྱི་མགོན། །བྱང་ཕྱོགས་འདི་ན་རྒྱལ་བའི་ལམ་སྲོལ་དག །ཅི་དགར་འདྲེན་ཅིང་གང་བདེར་སྤྱོད་པ་འདི། །ཁྱོད་དྲིན་ཁོ་ན་གཟུར་གནས་རྣམས་ཀྱིས་ཤེས། །འཁྱོག་པོར་ཞུགས་པའི་ཡིད་གར་འཇུག་མི་འགྱུར། །དེས་ན་མགོན་པོ་ཁྱོད་ཀྱི་བཀའ་དྲིན་འདི། །གཟུགས་སུ་གྲུབ་ན་ས་ཆེན་འདིས་ཐེག་དཀའ། །ནམ་མཁའ་འདི་ཡང་སྣོད་དུ་ཆུང་བ་ནི། །ཡེ་ཤེས་སྤྱན་ལྡན་རྣམས་ལ་ཚད་མར་གྲུབ། །གང་གི་ཐུགས་རྗེ་དཔྲིི་བཀོལ་མ་མཆིས་ཀྱང་། །ཚེས་བཅུའི་མཛད་པའི་དུས་ཆེན་མཐའ་དག་ལ། །བྱིན་རླབས་ལྷག་པར་མྱུར་བར་ཞལ་བཞེས་བཞིན། །དད་མོས་ཅན་ལ་བདེན་དོན་མངོན་སུམ་སྣང་། །བྱང་ཆུབ་ཕྱོགས་ཀྱི་ཡོན་ཏན་སོ་བདུན་སོགས། །དེ་བཞིན་གཤེགས་ཀྱི་མི་ཟད་རྒྱན་འཁོར་ལྔ། །ཡོངས་སུ་རྫོགས་པས་དེ་དང་དགོངས་པ་གཅིག །སྐུ་གསུམ་སྟོན་པའི་ཡོན་ཏན་བསམ་མི་ཁྱབ། །དེ་ལྟར་རྒྱལ་ཀུན་འདུས་པའི་སྤྱི་དཔལ་ཆེ། །གང་གི་རང་བཞིན་ཟབ་ཅིང་གཏིང་དཔག་དཀའ། །འཇམ་དཔལ་དབྱངས་ཀྱི་མཁྱེན་པས་མ་དཔོག་ན། །བྱིས་བློའི་མཐུ་ཡི་ངལ་བས་ཅི་ཞིག་བྱ། །དེ་ལྟ་ནའང་བཀའ་དྲིན་རྗེས་དྲན་གྱི། །ལེགས་བྱས་བསྟོད་པའི་དགེ་ཚོགས་ཅི་མཆིས་འདིས། །ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་པ་དང་། །དེར་འཛིན་བྱེད་རྣམས་དབུ་འཕང་མཐོ་གྱུར་ཅིག །བསྟན་ལ་གུས་པས་མཆོད་པའི་སྦྱིན་བདག་རྣམས། །དད་དང་དགེ་བའི་བློ་མཆོག་རྒྱུད་ལ་སྐྱེ། །ཕན་ཚུན་བྱམས་པའི་སེམས་དང་རབ་ལྡན་ཞིང་། །ཚེ་བསོད་དཔལ་འབྱོར་ཡར་ཟླ་ལྟར་རྒྱས་ཤོག །ཕྱོགས་བཅུའི་ངུར་སྨྲིག་འཆང་བའི་དགེ་འདུན་རྣམས། །རྣམ་དག་ཚུལ་ཁྲིམས་གཙང་མས་གཞི་གཟུང་ཞིང་། །སྤང་དང་ཀློག་པའི་བྱ་བར་རབ་བརྩོན་ཏེ། །རྒྱལ་བའི་བསྟན་པ་རིན་ཆེན་འཕེལ་གྱུར་ཅིག །གང་ཞིག་བསྟན་ལ་འཁུ་བའི་སེམས་འཆང་བའི། །ལྷ་མིན་ཀླ་ཀློ་མུ་སྟེགས་ཚོགས་རྣམས་ཀུན། །མགོན་པོ་པདྨ་རྒྱལ་གྱི་ཐུགས་རྗེས་གཟིགས། །མིང་གི་ལྷག་མ་ཉིད་དུ་འགྱུར་བར་ཤོག །བདག་ཀྱང་བྱང་ཆུབ་ལམ་བཟང་སྒྲུབ་པ་ཡི། །རྣམ་དཀར་དགེ་བའི་པད་དཀར་རྒྱས་པའི་ཚལ། །མི་མཐུན་བ་མོས་གཞོམ་པར་མ་གྱུར་ཅིག །གང་བསམ་ཐམས་ཅད་འབད་མེད་འགྲུབ་གྱུར་ཅིག །ཤིན་ཏུ་གདུལ་བ་དཀའ་བའི་སེམས་ཅན་རྣམས། །འདུལ་ཐབས་རྣམ་པ་བཞི་ཡིས་རབ་འདུལ་ཞིང་། །བདག་གི་མིང་ཙམ་ཐོས་པས་ཐར་མཆོག་གི། ས་བོན་ཐེབས་ནས་རྣམ་གྲོལ་ལ་འགོད་ཤོག །ཇི་སྲིད་འཁོར་བའི་སེམས་ཅན་མ་སྟོངས་བར། །རྒྱལ་སྲས་འཇམ་དཔལ་དཔའ་བོ་ཇི་བཞིན་དུ། །འགྲོ་བ་སྒྲོལ་བའི་དམ་བཅའ་མི་ལྷོད་པ། །སེམས་ཅན་དོན་རབ་སྒྲུབ་ལ་བརྩོན་པར་ཤོག །འཆི་བདག་བདུད་ཀྱི་གཡུལ་ལས་རབ་རྒྱལ་ཞིང་། །ཐབས་ཤེས་རྣལ་འབྱོར་ཟབ་མོ་བསྒྲོད་པ་ཡིས། །ཟག་བཅས་དྭངས་མ་རྡོ་རྗེའི་སྐུར་སྨིན་ཏེ། །རིག་འཛིན་པད་འབྱུང་རྗེ་དང་དབྱེར་མེད་ཤོག །ཅེས་པའང་མེ་ཁྱི་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་བཟང་པོ་དང་པོར་བྲིས་པ་གུ་རུ་རིན་པོ་ཆེའི་ཐུགས་རྗེའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། ། །།

Footnotes

Other Information