དཔལ་ལྡན་འཇམ་དཔལ་རྡོ་རྗེ་ལ་བསྟོད་པ་ནོར་བུའི་སྤྲིན་ཆེན།

From Khyentse Lineage - A Tsadra Foundation Project
JKCL-KABUM-02-KHA-018
Wylie title dpal ldan 'jam dpal rdo rje la bstod pa nor bu'i sprin chen JKCL-KABUM-02-KHA-018.pdf
Location chos kyi blo gros bka' 'bum
Volume 2, Text 18, Pages 383-384 (Folios 1a1 to 1b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dpal ldan 'jam dpal rdo rje la bstod pa nor bu'i sprin chen. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 383-384. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Deity 'jam dpal rdo rje
Colophon

ཅེས་པའང་ཆུ་སྟོད་ཟླ་བའི་ཚེས་བརྒྱད་ལ་དཔལ་ལྷའི་མདུན་ས་འཇམ་དཔལ་རྡོ་རྗེའི་ཡེ་ཤེས་ཀྱི་སྐུ་ཉིད་ཆགས་བྲལ་གྱི་རྣམ་པར་སྟོན་པ་ཉིན་མོར་བྱེད་པའི་ཆོས་འཁོར་གྱི་གཙུག་ལག་ཁང་གི་ཉེ་ལོགས་གཟིམས་ཁང་ཆེན་པོ་གཡུ་ཐོག་གི་སྐྱེད་ཚལ་ཚེ་རིང་བདེ་ལྡན་འཆི་མེད་ཕུན་ཚོགས་འདོད་འབྱུང་དགའ་བའི་ཚལ་ཆེན་པོར་གཙུག་ལག་ལུང་རིགས་ཉི་མ་སྨྲ་བའི་སེངྒེས་ཡིད་ཀྱི་མཚོ་ལས་ཐོན་པའི་བསྟོད་པ་འདིས་ཀྱང་མཆོག་ཐུན་གྱི་དངོས་གྲུབ་ཅི་དགར་འཇོ་བའི་རྒྱུ་གྱུར་ཅིག །སརྦ་དཱ་མངྒ་ལཾ། །

ces pa'ang chu stod zla ba'i tshes brgyad la dpal lha'i mdun sa 'jam dpal rdo rje'i ye shes kyi sku nyid chags bral gyi rnam par ston pa nyin mor byed pa'i chos 'khor gyi gtsug lag khang gi nye logs gzims khang chen po g.yu thog gi skyed tshal tshe ring bde ldan 'chi med phun tshogs 'dod 'byung dga' ba'i tshal chen por gtsug lag lung rigs nyi ma smra ba'i seng+ges yid kyi mtsho las thon pa'i bstod pa 'dis kyang mchog thun gyi dngos grub ci dgar 'jo ba'i rgyu gyur cig__/sarba dA mang+ga laM/

1 Texts in this Section (sde tshan or chos tshan)

[edit]
དཔལ་ལྡན་འཇམ་དཔལ་རྡོ་རྗེ་ལ་བསྟོད་པ་ནོར་བུའི་སྤྲིན་ཆེན་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། སྐལ་བཟང་ཡིད་འོང་བློ་གྲོས་ཀྱི། །སྤོབས་པའི་གཏེར་ཆེན་འབྱེད་པའི་ལྷ། །སྨྲ་བའི་སེངྒེ་ངག་དབང་ལྷས། །རབ་མཆོག་ཤིས་པའི་སྣང་བ་སྩོལ། ༡། ཉི་ཟླའི་འོད་དང་གསེར་རི་དང་། །ནོར་བུའི་སྒྲོན་མེ་ལྷ་ཡི་འོད། །དེ་བཞིན་ཉན་ཐོས་རང་སངས་རྒྱས། །འོད་ཀྱང་ཀུན་ཏུ་མོག་པོར་བྱེད། ༢། བྱང་སེམས་ཆེན་པོ་རྣམས་ཀྱི་དབུས། །མགོན་པོ་ཀུན་གཟིགས་ལྷམ་མེ་བ། །ཉི་མའི་མདུན་ན་ཟླ་བ་དང་། །བདུད་རྩི་ཅན་མདུན་རྒྱུ་སྐར་བཞིན། ༣། དེ་བཞིན་གཤེགས་པ་རྣམས་དང་ནི། །ཀུན་ཏུ་སྤྱོད་ཡུལ་ཁྱད་པར་ཅན། །གཟི་བརྗིད་ཕྲེང་བ་ལྟ་ན་སྡུག །འཇིག་རྟེན་གསུམ་གྱི་དཔལ་དམ་པ། ༤། དང་པོའི་སངས་རྒྱས་རབ་དགའ་བ། །ཆགས་མེད་རྡུལ་བྲལ་རྣམ་པར་དག །ཡེ་ཤེས་མིག་གཅིག་འགྲོ་བའི་སྐོར། །རང་བྱུང་སྣང་བ་སྟོན་པ་པོ། ༥། ཆགས་མེད་ཆགས་པ་ཆེན་པོའི་བདག །དཔའ་བོ་ཆེན་པོ་ཤུགས་འཆང་བ། །ཁ་དོག་ཤིན་ཏུ་རྒྱས་པར་ལྡན། །ཡན་ལག་ཀུན་ལས་རྣམ་པར་འདས། ༦། ཟབ་ཅིང་རྒྱ་ཆེ་གཏིང་དཔག་དཀའ། །ཤིན་ཏུ་བརྟན་པ་མི་ཕྱེད་པ། །རང་གི་རང་བཞིན་རང་འོད་གསལ། །ལྷུན་གྲུབ་རྡོ་རྗེའི་བདག་ཉིད་དོ། ༧། ཡེ་ཤེས་གསལ་བ་མཐའ་ལས་འདས། །ཆོས་དབྱིངས་རྒྱས་པར་འགེངས་པ་དང་། །སྣ་ཚོགས་དབང་པོའི་གཞུ་བཞིན་དང་། །མཚན་མ་བྲལ་ལ་རྣམ་པར་བརྟག༨། རྒྱུ་རྐྱེན་འདུས་བྱས་མཐའ་ལས་འདས། །ཡེ་གནས་ཐོག་མའི་འཇམ་པའི་དཔལ། །དཔལ་ལྡན་གསུང་གི་དབང་ཕྱུག་ནི། །མཁྱེན་པའི་རྡོ་རྗེ་རང་ཤར་བའོ། ༩། བཀྲ་ཤིས་ཀུན་གྱི་བྱེད་པོ་ནི། །འཇམ་དཔལ་གྲུབ་པའི་བཀྲ་ཤིས་མཆོག །བཀྲ་ཤིས་ཡེ་ཤེས་ཕྱག་རྒྱ་ཆེའི། །བརྟན་གཡོ་ཐམས་ཅད་བཀྲ་ཤིས་ཤོག༡༠། ཅེས་པའང་ཆུ་སྟོད་ཟླ་བའི་ཚེས་བརྒྱད་ལ་དཔལ་ལྷའི་མདུན་ས་འཇམ་དཔལ་རྡོ་རྗེའི་ཡེ་ཤེས་ཀྱི་སྐུ་ཉིད་ཆགས་བྲལ་གྱི་རྣམ་པར་སྟོན་པ་ཉིན་མོར་བྱེད་པའི་ཆོས་འཁོར་གྱི་གཙུག་ལག་ཁང་གི་ཉེ་ལོགས་གཟིམས་ཁང་ཆེན་པོ་གཡུ་ཐོག་གི་སྐྱེད་ཚལ་ཚེ་རིང་བདེ་ལྡན་འཆི་མེད་ཕུན་ཚོགས་འདོད་འབྱུང་དགའ་བའི་ཚལ་ཆེན་པོར་གཙུག་ལག་ལུང་རིགས་ཉི་མ་སྨྲ་བའི་སེངྒེས་ཡིད་ཀྱི་མཚོ་ལས་ཐོན་པའི་བསྟོད་པ་འདིས་ཀྱང་མཆོག་ཐུན་གྱི་དངོས་གྲུབ་ཅི་དགར་འཇོ་བའི་རྒྱུ་གྱུར་ཅིག །སརྦ་དཱ་མངྒ་ལཾ། ། །།

Footnotes

Other Information