རྗེ་བཙུན་འཕགས་མ་སྒྲོལ་མ་ལཿ དོན་བསྟོད་བྱིན་རླབ་ཆར་རྒྱུནཿ

From Khyentse Lineage - A Tsadra Foundation Project
DKYD-KABUM-05-CA-017
Wylie title rje btsun 'phags ma sgrol ma la don bstod byin rlab char rgyun
Location mdo mkhyen brtse bka' 'bum
Volume 5, Text 17, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Verses of Praise - bstod pa
Deity sgrol ma
Colophon

རྗེ་བཙུན་འཕགས་མ་སྒྲོལ་མ་ལཿ དོན་བསྟོད་བྱིན་རླབས་མྱུར་འགྲུབ་འདིཿ ཌཱཀྐི་མ་ཡིས་ཡང་ཡང་བསྐུལཿ རྟ་ལོ་རྟ་ཟླའི་ཡར་ཚེས་ལཿ འོད་གསལ་ཉམས་ཀྱི་སྣང་བའི་ངོརཿ ཏཱ་རེ་ལྷ་མོའི་ཞལ་གཟིགས་ཚེཿ ཁྲག་འཐུང་བདེ་བའི་རྡོ་རྗེའི་བཀོདཿ ཡི་གེ་རིག་པའི་ཡེ་ཤེས་ཀྱིསཿ བཀོད་པའི་བྱིན་རླབས་ཤིན་ཏུ་ཆེཿ དགོངས་གཏེར་ཐུགས་ཐིག་ཆ་ལག་གོཿ དགེའོཿ

rje btsun 'phags ma sgrol ma la: don bstod byin rlabs char rgyun 'di: DAk+ki ma yis yang yang bskul: rta lo rta zla'i yar tshes la: 'od gsal nyams kyi snang ba'i ngor: tA re lha mo'i zhal gzigs tshe: khrag 'thung bde ba'i rdo rjes bkod: yi ge rig pa'i ye shes kyis: bkod pas byin rlabs shin tu che: dgongs gter thugs thig cha lag go:_dge'o:

[edit]
༄༅། །རྗེ་བཙུན་འཕགས་མ་སྒྲོལ་མ་ལཿ དོན་བསྟོད་བྱིན་རླབ་ཆར་རྒྱུན་བཞུགསཿ

༄༅། །ཨོཾ་སྐྱེ་བ་མེད་པའི་མཁའ་དབྱིངས་སུཿ ཡུམ་རྗེ་བཙུན་འཕགས་མ་སྒྲོལ་མ་བཞུགསཿ མ་སེམས་ཅན་ཀུན་ལ་བདེ་སྟེར་མཿ བུ་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགསཿ ཏཱ་ཐུགས་རྗེ་ཡེ་ཤེས་སྒྲོལ་མ་ཡིསཿ ལས་ཉོན་མོངས་མ་རིག་མུན་འཐིབས་པའིཿ ཡོངས་འགྲོ་བ་མ་རིག་མུན་པའི་སྨགཿ ཀུན་སེལ་མཛད་མ་ལ་ཕྱག་འཚལ་བསྟོདཿ རེ་ཚད་མེད་ཐུགས་རྗེའི་གདུང་ཤུག་གིསཿ ཁོང་རིག་དྲུག་སེམས་ཅན་ཐམས་ཅད་དངཿ བདག་མོས་པའི་བུ་ཡི་དོན་ལ་དགོངསཿ མ་གློག་ལྟར་མྱུར་ལ་ཕྱག་འཚལ་བསྟོདཿ ཏཱཾ་རང་ལས་སྤྲུལ་པའི་ཉི་ཤུའི་འཁོརཿ ཚུལ་ཞི་རྒྱས་དབང་དང་དྲག་པོ་ཡིསཿ བདག་འཇིགས་པ་བརྒྱད་དང་བཅུ་དྲུག་སོགསཿ མ་རྟག་ཏུ་སྐྱོབས་ལ་ཕྱག་འཚལ་བསྟོདཿ སྭཱ་མི་འགྱུར་ཚེ་དང་བསོད་ནམས་སྟོབསཿ རིགས་དབང་ཐང་བུ་དང་ལོངས་སྤྱོད་ནོརཿ མི་བདག་དང་བསྲུང་བྱར་གྱུར་ཀུན་ལཿ མ་དངོས་གྲུབ་སྩོལ་ལ་ཕྱག་འཚལ་བསྟོདཿ ཧཱ་རྟོགས་པར་དཀའ་བ་རིག་པའི་གཤིསཿ ཡུལ་འཁྲུལ་སྣང་དྲག་པོས་མ་བསླུས་ཤིང༌། དོན་ལྟ་སྒོམ་སྤྱོད་པའི་སྒྲོག་ལས་གྲོལཿ མ་རང་ངོ་འཕྲོད་ལ་ཕྱག་འཚལ་བསྟོདཿ ཡུམ་རྗེ་བཙུན་ཨཱརྱ་ཏཱ་རེ་མཿ རྩལ་ཐུགས་རྗེའི་སྤྲུལ་སྒྱུར་ཉི་ཤུའི་འཁོརཿ དུས་རྟག་ཏུ་ཐུགས་རྗེས་གཡེལ་མེད་སྐྱོངསཿ མ་ནམ་ཞིག་འདྲེན་ལ་ཕྱག་འཚལ་བསྟོདཿ དཔལ་སངས་རྒྱས་ཐམས་ཅད་བསྐྱེད་མཛད་ཡུམཿ མ་ཁྱོད་ལ་ཆ་ཙམ་བསྟོད་པ་ཡིསཿ བུ་བདག་དང་འབྲེལ་བས་བསྡུས་པ་ཀུནཿ ཞིང་བདེ་བ་ཅན་དང་པོ་ཊ་ལཿ གནས་གཡུ་ལོ་བཀོད་པར་བརྫུས་ཏེ་སྐྱེསཿ མཆོག་མངོན་པར་རྫོགས་པར་སངས་རྒྱས་ནསཿ མ་ཁྱོད་དང་འགྲོ་དོན་མཉམ་པར་ཤོགཿ ཨོཾ་ཏཱ་རེ་ཏཾ་སྭཱ་ཧཱཿ «རྗེ་བཙུན་འཕགས་མ་སྒྲོལ་མ་ལཿ དོན་བསྟོད་བྱིན་རླབས་མྱུར་འགྲུབ་འདིཿ ཌཱཀྐི་མ་ཡིས་ཡང་ཡང་བསྐུལཿ རྟ་ལོ་རྟ་ཟླའི་ཡར་ཚེས་ལཿ འོད་གསལ་ཉམས་ཀྱི་སྣང་བའི་ངོརཿ ཏཱ་རེ་ལྷ་མོའི་ཞལ་གཟིགས་ཚེཿ ཁྲག་འཐུང་བདེ་བའི་རྡོ་རྗེའི་བཀོདཿ ཡི་གེ་རིག་པའི་ཡེ་ཤེས་ཀྱིསཿ བཀོད་པའི་བྱིན་རླབས་ཤིན་ཏུ་ཆེཿ དགོངས་གཏེར་ཐུགས་ཐིག་ཆ་ལག་གོཿ དགེའོཿ