ཨོ་རྒྱན་གསུངས་པའི་འཕྲུལ་མོ།

From Khyentse Lineage - A Tsadra Foundation Project
DKYD-KABUM-03-GA-043
Wylie title o rgyan gsungs pa'i 'phrul mo
Location mdo mkhyen brtse bka' 'bum
Volume 3, Text 43, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Activity Practices - las tshogs
Colophon

ཅེས་པའང་བྱ་བཏང་སྙོམས་ལས་པ་མཁྱེན་སྤྲུལ་བས་སོ།།

ces pa'ang bya btang snyoms las pa mkhyen sprul bas so//

[edit]
༄༅། །ཨོ་རྒྱན་གསུངས་པའི་འཕྲུལ་མོ་བཞུགས་སོ། །

«༄༅། །རྡེའུ་ནག་པོ་བཅུ་དྲུག་དཀར་པོ་གཅིག་ལག་ཏུ་ཐོགས་མཐའ་མ་ཡོད་དམ་མེད་ཀྱང་བྱུང་ལ་དང་པོ་བདར་བ་ནི།» མཆོག་གསུམ་རྩ་གསུམ་ལྷ་ལ་སྐྱབས་སུ་མཆི༔ འགྲོ་རྣམས་བྱང་ཆུབ་ཐོབ་པར་སེམས་བསྐྱེད་དོ༔ རང་གི་མདུན་དུ་མཚོ་དབུས་པད་སྡོང་རྩེ༔ དུས་གསུམ་ཀུན་མཁྱེན་པདྨ་འབྱུང་གནས་ལ༔ འཁོར་དུ་རིག་འཛིན་དཔའ་བོ་མཁའ་འགྲོས་བསྐོརཿ གནས་གསུམ་འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ༔ ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི༴« སོགས༴ »གུ་རུ་པདྨ་སིདྡྷི་ཧཱུཾ༔ པདྨ་ཉི་ཟླའི་གདན་ལ་བཞུག༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ དད་ཅིང་གུས་པས་བསྟོད་པར་བགྱི༔ རྩ་གསུམ་ཀུན་འདུས་པདྨ་འབྱུང༔ ཁྱེད་ལས་རེ་ས་གཞན་ན་མེད༔ སྙིང་ནས་གུས་པས་གསོལ་བ་འདེབས༔ མཆོག་ཐུན་དངོས་གྲུབ་ཐོབ་པ་དང༔ རྣོ་མཐོང་གསལ་བར་བསྟན་དུ་གསོལ༔ ཨོཾ་ཨཱཿཧཱུཾ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ༔ ཆུ་བུར་མི་གི་སྒོ་མོ་ཕྱིསཿ རྣོ་མཐོང་གསལ་བའི་སྒྲོན་མེ་སྦོར༔ ཞེས་བཟླས་པས། གུ་རུའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ འདོད་པའི་དོན་ཀུན་གསལ་བར་སྟོན་པར་བསམ་ལ༔ ན་མོ་མཆོག་གསུམ་རྩ་གསུམ་སྲུང་མ་དམ་ཅན་རྒྱ་མཚོ་རྣོ་མཐོང་མོ་ལྷ་མངོན་ཤེས་དང་ལྡན་པ་རྣམས་ཀྱི་མཐུ་དང་ནུས་པ་ལ་བརྟེན་ནས་བདག་གིས་འདོད་པའི་དོན༔ ཆྒཻ་མོ། ཞེས་བྱ་བ་སྒྲིབ་མེད་གསལ་བར་བསྟན་དུ་གསོལ༔ «རྟེན་འབྲེལ་སྙིང་པོ་དང༌། བཛྲ་གུ་རུ་བཟླས་བཞིན་རྡེའུ་གཏོར་རོ། །»དེ་ནས་དང་པོ་གུ་རུ་རིན་པོ་ཆེ་ལ་བབ་ན་ཤིན་ཏུ་བཟང༌། མི་ཁྱོད་བློ་ཕུགས་ཆོས་ལ་གཏོད། །མི་དགེ་སྡིག་པའི་ལས་ལ་འཛེམས། །ཚེས་བཅུ་མཆོད་པ་རྒྱུན་མ་བཅད། །ལེའུ་བདུན་བསམ་ལྷུན་སིདྷི་འབད། །དཀོན་མཆོག་གསུམ་ལ་བསྙེན་བཀུར་བྱ། །པདྨ་ང་ཡིས་བྱིན་གྱིས་རློབས། །ཚེ་འཕོས་རིག་འཛིན་གྲལ་དུ་འཁོད། ༈ །གཉིས་པ་མཆོད་རྟེན་ལ་བབ་ན། །མོ་འདི་བཟང་ཞིང་ཕུགས་བརྟན་ནོ། །སྲོག་ཕྱྭ་མི་འགྱུར་རབ་ཏུ་བརྟེན། །ཁྱིམ་ཕྱྭ་ནོར་རྫས་དབང་ཐང་འཕེལ། །མགྲོན་ཕྱྭ་འགྱོད་མེད་ཕྱི་དལ་ཆེ། །ནད་པ་ཚེ་བརྟེན་ནད་ཡུན་རིང༌། །སྲིད་ཕྱྭ་བུ་མེད་གཟའ་ཚང་མཐུན། །གདོན་ཕྱྭ་བན་བོན་མཐུ་གཏད་གདོན། །དགྲ་ཕྱྭ་དགྲ་མགོ་གྱོད་ཀྱིས་མནན། །དོན་ཕྱྭ་འཕྲད་དཀར་ཕུགས་ན་འགྲུབ། །དེ་སོགས་རིག་པས་འཕྲུལ་ཤེས་བྱ། །སློབ་དཔོན་སྐུ་བཞེངས་གསུང་རབ་སྒྲོགས། །ཆུ་གཏོར་རླུང་རྟ་བྱད་བཟློག་བྱ། ༈ །གསུམ་པ་བུམ་པ་ལ་བབ་ན། །བུམ་པ་ནང་དུ་ཚེ་སྲོག་གནས། །འཆི་བདག་བདུད་ཀྱིས་མི་ཚུགས་ཤིང༌། །ཁྱིམ་ཕྱྭ་བདུད་རྩིའི་རྒྱ་མཚོ་འཁྱིལ། །མགྲོན་པོ་ཞག་གསུམ་ཚུན་ལ་འོང༌། །ནད་པ་ཡོད་ན་ལྷ་ཡིས་སྐྱོབས། །སྲིད་ཕྱྭ་བྱི་སྦ་དུར་ངོ་ཡིན། །གདོན་ཕྱྭ་བན་བོན་རྫས་ཀྱི་གདོན། །དགྲ་ཕྱྭ་དགྲ་མེད་འགྱོད་མེད་དོ། །དོན་སོགས་འཕྲལ་དུ་འགྲུབ་ངོ་ཡིན། ཁྲུས་བྱེད་དབང་ཞུ་ལྷ་གསོལ་བྱ། ༈ །བཞི་པ་ཤིང་སྐམ་ལ་བབ་ན། །ཤིན་ཏུ་ངན་པའི་ཡང་ཐ་ཡིན། །སྔོན་ཕ་མ་ཤིང་ལོ་རྒྱས་པ་འདྲ། རང་བུ་ཚ་ཤིང་སྐམ་བཞིན་དུ་རྒུད། །སྲོག་ཕྱྭ་སྡོང་རྒན་འགྱེལ་བ་འདྲ། །ཁྱིམ་ཕྱྭ་གཡང་གི་ར་བ་སྐམ། །ཁང་ཁྱིམ་ཡོད་ཀྱང་འདུག་དབང་མེད། །མགྲོན་པོ་མི་འོང་འགྱོད་པའི་ངོ༌། །ནད་པ་དུར་ས་ཞུགས་པ་ཡིན། །སྲིད་ཕྱྭ་རབ་ཆད་ཡོང་བའི་ངོ༌། །གདོན་ཕྱྭ་བཙན་དང་ཐེའུ་རང་གདོན། །དགྲ་ཕྱྭ་དགྲ་ཡིས་ཕུང་ངོ་ཡིན། །དོན་སོགས་མི་འགྲུབ་སྙིང་འགྱོད་འོང༌། །རྟེན་གསུམ་བཞེངས་དང་གསུང་རབ་ཀློག །བཟློགས་པ་གཡང་འབོད་སོགས་ལ་འབད། ༈ །ལྔ་པ་ནོར་བུ་ལ་བབ་ན། །ཕ་མྱེས་སྡུག་ཀྱང་བུ་ཕྲུག་སྐྱིད། །ཚེ་སྲོག་ཡིད་བཞིན་ནོར་བུའི་འཚོ། །ཁྱིམ་ཕྱྭ་ཤིང་སྐམ་ཡལ་ག་རྒྱས། །ནད་པ་མྱུར་དུ་སོས་ངོ་ཡིན། །སྲིད་ཕྱྭ་བྲག་སྐམ་ཆུ་མིག་བརྡོལ། །གདོན་ཕྱྭ་ལྷ་ཁང་བན་བོན་གྱི། །ཕྱིན་ས་འདྲེ་གདོན་འོང་ངོ་ཡིན། །དགྲ་ཕྱྭ་དགྲ་མེད་གྲོགས་དང་འཕྲད། །དོན་སོགས་ནོར་བུ་གསོལ་བཏབ་འདྲ། །མགྲོན་པོ་ཞག་གསུམ་ཚུན་ལ་འོང༌། །རྣམ་འཇོམས་བརྒྱ་བཞི་གཟུངས་འདུས་འདོན། །རྒས་ཁ་སྐྱིད་དང་འཕྲད་པའི་ངོ༌། ༈ །དྲུག་པ་སྤྱང་ཀུ་ལ་བབ་ན། །སྲོག་ཕྱྭ་གྲི་རུ་འཆི་ངོ་ཡིན། །ཁྱིམ་ཕྱྭ་ཤ་དམར་ལག་དམར་ངོ༌། །མགྲོན་པོ་འོང་ཀྱང་དགྲ་ནད་ངོ༌། །ནད་པ་ཁྲག་ངོ་ཐུགས་ཟེར་ཆེ། །སྲིད་ཕྱྭ་བུ་མོ་འོང་ངོ་ཡིན། །གདོན་ཕྱྭ་དམར་རིགས་གྲི་བོའི་གདོན། །དགྲ་ཕྱྭ་མཚོན་ངོ་ཁྲག་ངོ་ཡིན། །དོན་མི་འགྲུབ་ཅིང་དགྲ་དང་འཕྲད། །རྔོན་པ་དམར་ཚོགས་སོགས་ལ་བཟང༌། །དེ་མིན་ཀུན་ལ་ངན་པའོ། ༈ །བདུན་པ་སེང་གེ་ལ་བབ་ན། །སེང་གེ་གང་གི་རྩེ་ནས་འགྱིང༌། །གཅན་གཟན་ཐམས་ཅད་དབང་དུ་འདུས། །སྲོག་ཕྱྭ་འཇིགས་པ་ཀུན་དང་བྲལ། །ཁྱིམ་ཕྱྭ་བཙན་ཞིང་ཟས་ནོར་རྙེད། །མགྲོན་པོ་མྱུར་དུ་འོང་ངོ་ཡིན། །ནད་པ་མྱུར་དུ་སོས་ངོ་ཡིན། །སྲིད་ཕྱྭ་བུ་ཆུང་སྐྱེས་ངོ་ཡིན། །གདོན་ཕྱྭ་ཀླུ་གཉེན་ས་བདག་གདོན། །བུད་མེད་མི་གཙང་བ་ཡི་གདོན། །འཁྲུགས་བཅོས་ས་ཚྭ་མནོལ་བསང་བྱ། །ཁྲུས་དང་ཆོས་སྐྱོང་བསྐང་བཤགས་བྱ། །དགྲ་ཕྱྭ་གནོད་པ་མི་ཚུགས་ཤིང༌། །དོན་ཕྱྭ་མུར་དུ་འགྲུབ་ངོ་ཡིན། །བག་མ་བསྐྱལ་བའི་མོ་ལ་ངན། །དེ་མིན་ཀུན་ལ་བཟང་བའོ། ༈ །བརྒྱད་པ་སྤྲེའུ་ལ་བབ་ན། །སྲོག་ཕྱྭ་མི་བརྟེན་འགྱུར་ལྡོག་ཆེ། །ཁྱིམ་ཕྱྭ་དར་རྒུད་སྣ་ཚོགས་ངོ༌། །མགྲོན་པོ་འཕྲལ་དུ་མི་འོང་ངོ༌། །ནད་པ་ནད་ཚབ་ཤིན་ཏུ་ཆེ། །སྲིད་ཕྱྭ་བུ་ཆུང་འོང་ན་ཡང༌། །ཁ་སྨྲ་གླིང་བཞི་སྣ་ཚོགས་བྱུང༌། །གདོན་ཕྱྭ་རྒྱལ་འགོང་དམ་སྲི་གདོན། །དགྲ་ཕྱྭ་འུར་ཟིང་འོང་ངོ་ཡིན། །དོན་སོགས་ཕུགས་ཅུང་འགྲུབ་དཀའ་ཡང༌། །ཕྲན་བུ་མྱུར་དུ་འགྲུབ་ངོ་ཡིན། །རྒྱལ་མདོས་གསེར་འོད་ཚེ་སྒྲུབ་དང༌། །ས་ཚྭ་རྡོ་བརྐོས་སོགས་ལ་འབད། ༈ །དགུ་པ་མ་ཧེ་ལ་བབ་ན། །སྲོག་ཕྱྭ་ལྷ་ཡི་མགོན་སྐྱབས་བྱས། །ཁྱིམ་ཕྱྭ་ཟས་ནོར་འདུ་ཞིང་འཕེལ། །མགྲོན་ཕྱྭ་རེ་ཞིག་ཤོལ་འགྱང་ངོ༌། །ནད་པ་ནད་ཡུན་རིང་བའི་ངོ༌། །སྲིད་ཕྱྭ་སྲིད་ཀྱི་ཆུ་མིག་རྡོལ། །དགྲ་ཕྱྭ་ནོར་རྐུན་འོང་ངོ་ཡིན། །དོན་ཕྱྭ་འཕྲད་དཀའ་ཕུག་ནས་འགྲུབ། །ལྷ་གསོལ་གཡང་སྒྲུབ་སོགས་ལ་འབད། ༈ །བཅུ་པ་འདྲེ་མོ་ལ་བབ་ན། །ཚེ་སྲོག་འདྲེ་ཡིས་ཁྱེར་བ་ཡིན། །ཁྱིམ་ཕྱྭ་འདྲེ་འབྱུང་ནོར་མི་ཆགས། །མགྲོན་པོ་མི་འོང་ཁ་སྨྲ་བྱུང༌། །ནད་པ་འཆི་བདུད་ལག་པས་ཟིན། །སྲིད་ཕྱྭ་ཆུ་མིག་ཕུགས་ན་སྐམ། །གདོན་ཕྱྭ་འགོང་པོས་མི་སྲིད་གདོན། །དགྲ་ཕྱྭ་དར་མ་མཚོན་ཕོག་ངོ༌། །དོན་མི་འགྲུབ་ཅིང་འགྱོད་པ་བྱུང༌། །བཟློག་པ་ཚེ་སྒྲུབ་སྦྱིན་སྲེག་དང༌། །ཆུ་གཏོར་མཆོད་རྟེན་བཞེངས་སོགས་བཟང༌། །བཅུ་གཅིག་པ་ལྗོན་ཤིང་ལ་བབ་ན། །དཔག་བསམ་ཤིང་གི་རྩེ་མོ་ན། །གསེར་གྱི་བྱིས་ཆུང་གསུང་སྒྲ་སྒྲོགས། །སྲོག་ཕྱྭ་ལྗོན་ཤིང་རྒྱས་པ་བཞིན། །ཁྱིམ་ཕྱྭ་ཡུལ་འཛིན་ནོར་སྙེད་བཟང༌། །མགྲོན་པོ་ཡུན་དུ་མི་འགྱང་ངོ༌། །ནད་པ་རིམ་བཞིན་སོས་པར་འགྱུར། །སྲིད་ཕྱྭ་བུ་དང་བུ་མོ་འཕེལ། །དགྲ་ཕྱྭ་མི་འཇིགས་གདིངས་དང་ལྡན། །དོན་སོགས་མྱུར་དུ་འགྲུབ་ངོ་ཡིན། །རྟེན་བཞེངས་གསུང་རབ་ཀློག་ལ་འབད། ༈ །བཅུ་གཉིས་པ་ནེ་ཙོ་ལ་བབ་ན། །མི་ཁྱོད་ཁ་སྨྲ་གླེང་གཞི་འོང༌། །སྲོག་ཕྱྭ་རླུང་ཁའི་དར་ཅོག་འདྲ། །ཁྱིམ་ཕྱྭ་གྱོད་དང་ཁ་མཆུ་འོང༌། །མགྲོན་པོ་མི་འོང་གྱོད་ཀྱིས་མནན། །ནད་པ་ཞག་གསུམ་ཚུན་ལ་འཆི། །སྲིད་ཕྱྭ་བུ་མོ་ཁ་སྨྲ་བྱུང༌། །གདོན་ཕྱྭ་གྱོད་སྲི་གྱོད་འདྲེ་གདོན། །དགྲ་ཕྱྭ་དགྲ་གྱོད་རྒྱུན་དུ་ལྡང༌། །དོན་སོགས་འགྲུབ་པར་མི་འགྱུར་ཞིང༌། །ཁ་མཆུ་བར་བཙལ་མོ་ལ་བཟང༌། ལྷ་གསོལ་དགྲ་མནན་བཟློག་པ་བྱ། ༈ །བཅུ་གསུམ་པ་དུང་དཀར་ལ་བབ་ན། །སྙན་གྲགས་ཀུན་དུ་ཁྱབ་པའི་ངོ༌། །སྲོག་ཕྱྭ་རྟ་འཕང་མགོ་ཆགས་དོགས། །ཁྱིམ་ཕྱྭ་བདེ་ཞིང་སྐྱིད་པའི་ངོ༌། །མགྲོན་ཕྱྭ་གཏམ་སྙན་ཐོས་པའི་ངོ༌། །ནད་པ་ཡོད་ན་ལྷ་ཡིས་སྐྱོབས། །སྲིད་ཕྱྭ་བུ་ཕྲུག་སྐད་ཆེན་འོང༌། །གདོན་ཕྱྭ་ཐེའུ་རང་འགོང་པོས་གདོན། །དགྲ་ཕྱྭ་དགྲ་འོང་གདོན་མི་ཐུབ། །དོན་སོགས་འགྲུབ་ཅིང་གཏམ་སྙན་ཐོས། །གླུད་བསྔོས་གདུགས་དཀར་ཙཀྲ་ཐོན། །རྟ་མགྲིན་དབང་ཞུ་ཤིན་ཏུ་བཟང༌། ༈ །བཅུ་བཞི་པ་ཕོ་རོག་ལ་བབ་ན། །བྱ་ནག་ཁ་ན་ཐན་སྐད་སྒྲོགས། །སྲོག་ཕྱྭ་འདྲེ་ཡི་ཁྱེར་བ་ཡིན། །ཁྱིམ་ཕྱྭ་ཐབ་གཞོབ་དུར་གྱི་ངོ༌། །མགྲོན་པོ་གཏམ་ངན་དང་བཅས་འོང༌། །ནད་པ་མྱུར་དུ་འཆི་ངོ་ཡིན། །དོན་སོགས་འགྲུབ་པར་ཐེ་ཚོམ་མེད། །སྲུང་མ་མཆོད་ཅིང་གཏོར་རྫོགས་སོགས། །མདོས་གླུད་དབང་ཞུ་ཤིན་ཏུ་བཟང༌། ༈ །བཅོ་ལྔ་པ་བེར་རྒ་ལ་བབ་ན། །སྲོག་ཕྱྭ་གདོན་གྱིས་ཐེབ་ངོ་ཡིན། །ཁྱིམ་ཕྱྭ་བ་རྒས་ཆག་གྲུམ་བཞིན། །ཁྱིམ་དུ་འདྲེ་ཁང་བྱེ་བྲག་འོང༌། །མགྲོན་པོ་ཕྱི་དལ་མི་འོང་ངོ༌། །ནད་པ་མི་སོས་མི་འཆི་ངོ༌། །སྲོག་ཕྱྭ་སྡོང་རྒན་གཅོད་པ་འདྲ། །གདོན་དུ་རྒྱལ་སྲིན་ཕོ་མོ་གདོན། །དོན་སོགས་གཏན་ནས་མི་འགྲུབ་ངོ༌། །དགྲ་ཕྱྭ་གཟའ་ཚང་དགྲར་ལོང་ངོ༌། །རྒྱལ་མདོས་དྲག་སྒྲུབ་མདོ་སྟོང་ཚར། །གུ་རུ་གསོལ་བ་བཏབ་ན་ཕན། ༈ །བཅུ་དྲུག་པ་ཀླུ་སྨན་ལ་བབ་ན། །སྲོག་ཕྱྭ་ལྗོན་ཤིང་བྱས་པ་ཡིན། །ཁྱིམ་ཕྱྭ་གསེར་གྱི་རྒྱ་མཚོ་འཁྱིལ། །མགྲོན་ཕྱྭ་བུད་མེད་ཡིན་ན་འོང༌། །དེ་མིན་ཕྱི་དལ་ཆེ་བའི་ངོ༌། །སྲིད་ཕྱྭ་མེ་ཏོག་རྣམ་པར་བཀྲ། །གདོན་དུ་ཀླུ་གཉེན་ས་བདག་གདོན། དགྲ་ཕྱྭ་འོང་ངོ་ཡིན། དོན་སོགས་ཡུས་ཀྱིས་ཕུན་སུམ་ཚོགས། །ས་བདག་འཁྲུགས་བཅོས་ཀླུ་འབུམ་དང༌། །བཀའ་ཐང་སྡེ་ལྔ་སོགས་ལ་འབད། ༈ །བཅུ་བདུན་པ་བཀྲ་ཤིས་རི་བོ་ལ་བབ་ན། །གཞི་བརྟེན་འཕོ་འགྱུར་མེད་པའི་ངོ༌། །སྲོག་ཕྱྭ་རྡོ་རྗེ་བྲག་བས་སྲ། །ཁྱིམ་ཕྱྭ་ཕུགས་བརྟན་བདེ་སྐྱིད་ལྡན། །མགྲོན་པོ་ཟླ་གསུམ་ཚུན་ལ་འོང༌། །ཡང་ན་རང་ཁྱིམ་ཟིན་པ་ཡིན། །གདོན་ཕྱྭ་གསེར་དངུལ་རིན་ཆེན་གདོན། །དགྲ་ཕྱྭ་ཕྲན་བུ་མི་འོང་ཡང༌། །ཕུགས་གསུམ་དམགས་ཆེན་འོང་བའི་ངོ༌། །ནད་ཕྱྭ་ནད་ཕུགས་རི་བས་ལྗིད། །དོན་སོགས་ཡིད་བཞིན་ནོར་བུ་འགྲུབ། །བླ་མ་དཀོན་མཆོག་ཐུགས་རྗེས་འཛིན། །ལྷ་སྲུང་བཟང་པས་མགོན་སྐྱབས་བྱེད། །འཕྲལ་ཏུ་རྒྱལ་ས་ཐོབ་ངོ་ཡིན། །དཀོན་མཆོག་གསུམ་ལ་བསྙེན་བཀུར་བྱ། །བློ་ཕུགས་པདྨ་ཀཱ་རར་གཏོད། །འཕྲལ་ཕུགས་བདེ་ཞིང་སྐྱིད་པའི་ངོ༌། །དེ་སོགས་རིག་པས་འཕྲུལ་ཤེས་བྱ། །ལན་གསུམ་པར་ཏུ་བདར་བ་ཡིན། དང་པོ་ལྷ་ས། བར་པ་ཕྱི་ས། ཐ་མ་རང་ས། དག་ཏུ་དཔྱད། ཐེ་ཚོམ་མེད་ན་གསལ་བར་ངེས། ཨོ་རྒྱན་གསུངས་པའི་འཕྲུལ་མོ་འདི། ཚུལ་བཞིན་ཉམས་སུ་ལེན་ཀུན་ཀྱིས། ཐེ་ཚོམ་མདུད་པ་རང་གྲོལ་ནས། འབྱུང་འགྱུར་ཆོས་ཀུན་གསལ་གྱུར་ཅིག །ཟློས་གར་སྔགས་ཀྱི་རྣལ་འབྱོར་པ། །མཐུ་སྟོབས་བདུད་འདུལ་དཔའ་བོས་སོ། །དགེའོ། དགེའོ། དགེའོ། སརྦ་མངྒ་ལཾ། རྗེ་བཀའ་དྲིན་སུམ་ལྡན་བླ་མ་ལ། །སྤྲང་སྙིང་ནས་གུས་པས་ཕྱག་བགྱིའོ། །ད་ལན་གཅིག་གསོན་དང་མཆེད་གྲོགས་ཀུན། །ལུས་དལ་འབྱོར་རིན་ཆེན་ཐོབ་དུས་འདིར། །ད་མྱུར་དུ་ལྷ་ཆོས་མ་བསྒྲུབ་ན། །ཚེ་མི་རྟག་ནམ་མཁའི་གློག་ལས་མྱུར། །དུས་ནམ་འཆི་ཆ་མེད་སྐལ་ལྡན་ཀུན། །གནས་འཁོར་བའི་འབྲོག་དགོན་ཉམ་ཐག་པར། །ལས་ཅི་བྱས་སྡུག་བསྔལ་བསྐྱེད་པའི་རྒྱུ། །འཕྲལ་དགོས་སྙམས་ཕུགས་སུ་རང་ཕུང་རྒྱུ། །རིགས་དྲུག་པོ་གར་སྐྱེས་སྡུག་བསྔལ་ལས། །བཟོད་ཐུབ་པར་འདུག་གམ་སྐལ་ལྡན་ཀུན། །སེམས་རྣམ་རྟོག་བག་ཆགས་མ་ཟད་པར། །ལས་ཡོད་ཕྱིར་རྒྱུ་དང་འབྲས་བུ་ཡིས། །གནས་ཀུན་ལ་བསམ་ཞིང་ཐར་དང་ནི། །ལས་རྣམ་མཁྱེན་ཕན་ཡོན་ལེགས་བསམ་ནས། །ཕ་བླ་མ་བསྟེན་ཅིག་སྐལ་ལྡན་ཀུན། །ཆོས་ཐུན་མོང་སྔོན་འགྲོས་རྒྱུད་སྤྱངས་ནས། །ཡང་ཐུན་མིན་སྦྱང་བ་མཐར་ཕྱིན་ཅིང༌། །ལམ་མ་ནོར་བསྐྱེད་དང་རྫོགས་རིམ་གནད། །རྗེ་གོང་མས་བསྔགས་པའི་རི་ཁྲོད་དུ། །ཚེ་བློས་བཏང་མཛོད་ཅིག་སྐལ་ལྡན་ཀུན། །གཞི་མ་ནོར་རྫོགས་ཆེན་ཁྲེགས་ཆོད་སྐྱོང༌། །ལམ་ཐུན་མིན་ཐོད་རྒལ་ཉམས་ལེན་གནད། །གྲོགས་རྩ་ཐིག་རླུང་གསུམ་སྦྱངས་ནས་སུ། །རྗེ་ཇོ་བོ་བཀའ་གདམས་ཡབ་སྲས་ཀྱིས། །ཆོས་གཏད་བཞི་མ་བརྗེད་སྐལ་ལྡན་ཀུན། །ལར་དུས་ངན་སྙིགས་མའི་མར་གཤམ་འདིར། །ཚུལ་བྱིས་དང་སྡིག་གྲོགས་རབ་མང་ཞིང༌། །ལས་དགེ་བའི་གྲོགས་པོ་དཀོན་བའི་ནང༌། །ཕ་མཚན་ལྡན་བླ་མ་མ་གཏོགས་པའི། །སུའི་ཁ་ལ་མི་ཉན་སྐལ་ལྡན་ཀུན། །ལས་གང་བྱས་སྡིག་དང་མ་འདྲེས་པར། །གྲོགས་བཟང་པོར་ཆགས་ཉམས་མི་གཏོང་པར། །ཡུལ་རྒྱལ་ཁམས་ཕྱོགས་མེད་འགྲིམ་པ་དང༌། །ཡུལ་ཉེ་དུ་བདུད་ཀྱི་ཕོ་ཉ་སྟེ། །དབང་གཞན་ལ་མ་གཏོང་སྐལ་ལྡན་ཀུན། །ལར་རྟག་ཏུ་ལྟོ་གོས་ཕྲན་བུ་ལ། །ཚུལ་ཆོག་ཤེས་བརྟེན་ཅིང་ངེས་འབྱུང་དང༌། །ཡིད་སྐྱོ་ཤས་དྲག་པོས་རྒྱུད་བརླན་ནས། །སེམས་ཐ་མ་ལ་འཁྲུལ་དབང་མི་གཏོང་བར། །རང་དྲན་ཤེས་བརྟེན་ཅིག་སྐལ་ལྡན་བུ། །རང་གཅིག་པུ་ཐར་འདོད་བློ་སྤངས་ནས། །མ་མཁའ་མཉམ་འགྲོ་ལ་སྙིང་རྗེ་བསྒོམ། །དུས་རྟག་ཏུ་རྫོགས་པ་ཆེན་པོར་སྐྱོངས། །གནས་དབེན་པར་སྒྲུབ་ཚུགས་བཟུང་མཛོད་ལ། །བློ་ངན་གཤིས་མ་གཏོང་སྐལ་ལྡན་བུ། །ཡར་སངས་རྒྱས་ཨེ་ཐོབ་རེ་བ་དང༌། །མར་འཁོར་བར་ལྷུང་བའི་དོགས་པ་ཟད། །ལས་དགེ་སྡིག་གཉིས་ཀྱི་ཕན་གནོད་བྲལ། །ཚུལ་ཀུ་སུ་ལུ་པ་མངོན་གྱུར་ནས། །ཆོས་མཐར་ཕྱིན་ཡིན་ནོ་སྐལ་ལྡན་བུ། །དེ་སྐད་ཅེས་བྱ་བཏང་སྙོམས་ལས་པས། །ཐུན་མཚམས་ཞིག་ཁ་འཆལ་ཚུལ་དུ་བྲིས། །མཐོང་ཚད་ཀུན་འཁོར་བར་ཞེན་ལོག་ནས། །མྱང་འདས་ཀྱི་འབྲས་བུ་ཐོབ་པར་ཤོག ། །། «ཅེས་པའང་བྱ་བཏང་སྙོམས་ལས་པ་མཁྱེན་སྤྲུལ་བས་སོ།། །།