ངན་སྔགས་འཕྲུལ་དཔྱད་ནག་པོཿ

From Khyentse Lineage - A Tsadra Foundation Project
Wylie title ngan sngags 'phrul dpyad nag po
Location mdo mkhyen brtse bka' 'bum
Volume 3, Text 41, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Activity Practices - las tshogs
Colophon

བདག་འདྲ་དུས་མཐའི་གཏེར་སྨྱོན་ཁྲག་འཐུང་དཔའ་བོར་བརྡ་རྟགས་ཤར་ཡང་བཀའ་འདི་གཉན་པས་ཕབ་པར་མ་ནུས་པ་ཆོས་བདག་གསང་བའི་མཛོད་འཛིན་ཌཱཀྐི་བློ་གསལ་དབང་མོའི་སྙིང་སྟོབས་དྲག་པོའི་རྟེན་འབྲེལ་སྣ་ཚོགས་བསྒྲིགས་ནས་བརྡ་བཀྲོལ་སྣ་ཚོགས་མཛད་པ་བཞིན་ཨ་ཙར་ནག་པོའི་རིག་པའི་ཀློང་དུ་དབྱེར་མེད་འདྲེས་ཏེ་དག་པར་ཕབ་པ་མཁའ་འགྲོ་འཁྲེན་ཅིང་གཏེར་བདག་འཕྲེང་བའི་རྒྱུས་འཚུབས་སློང་སྣ་ཚོགས་བྱུང་ཡང་ཡང་དག་ལྟ་བས་ཟིལ་གྱིས་མནན་ཞིང་སྙིང་སྟོབས་གཉན་པོས་འགྲུབ་པར་བྱས་པ་སྟེ་ཡི་གེའི་འདུ་བྱེད་རང་སློབ་ཉེ་བར་གནས་པ་འོད་ཟེར་མཐའ་ཡས་ཀྱིས་བགྱིས་པས་གཅིག་བརྒྱུད་དུ་གུ་ཧྱཿ ཞལ་དྲོ་བྱིན་ཆགས་རྣོ་མྱུར་ཐོག་མེད་ཤོགཿ དགེའོ།།

bdag 'dra dus mtha'i gter smyon khrag 'thung dpa' bor brda rtags shar yang bka' 'di gnyan pas phab par ma nus pa chos bdag gsang ba'i mdzod 'dzin DAk+ki blo gsal dbang mo'i snying stobs drag po'i rten 'brel sna tshogs bsgrigs nas brda bkrol sna tshogs mdzad pa bzhin a tsar nag po'i rig pa'i klong du dbyer med 'dres te dag par phab pa mkha' 'gro 'khren cing gter bdag 'phreng ba'i rgyus 'tshubs slong sna tshogs byung yang yang dag lta bas zil gyis mnan zhing snying stobs gnyan pos 'grub par byas pa ste yi ge'i 'du byed rang slob nye bar gnas pa 'od zer mtha' yas kyis bgyis pas gcig brgyud du gu h+ya:_zhal dro byin chags rno myur thog med shog:_dge'o//

[edit]
༄༅། ཨྱྃཿ དྲག་པོ་ཐོད་ཕྲེང་རྩལ་ལ་འདུདཿ གསང་བ་ལས་ཀྱང་ཆེས་གསང་བཿ ཨ་ཙར་དམ་པ་ནག་པོ་ཡིཿ ངན་སྔགས་འཕྲུལ་དཔྱད་ནག་པོ་ནིཿ »ཐོག་མར་རང་ཉིད་སྟོབས་ཀྱི་ལྷཿ གུ་རུ་ནག་པོར་གནས་བསྒྱུར་བཿ རང་གི་སྙིང་དབུས་མཁའ་འགྲོ་མཿ ཟ་བྱེད་འབར་མ་ནག་མོ་ནིཿ མཐིང་གསལ་འབར་བའི་ཕྱག་རྒྱ་ཅནཿ དེ་ལས་བྱུང་བའི་འོད་ཟེར་གྱིསཿ རང་ལུས་ཤ་ཁྲག་དངོས་འཛིན་བསྲེགསཿ སྟོང་པ་ཆེན་པོའི་རང་མདངས་ལསཿ འདོད་ཆགས་ཞེ་སྡང་འབར་བའི་རྩལཿ ཨ་ཙར་པདྨ་བདུད་འདུལ་ནགཿ ཁྲོས་པ་ལས་ཀྱང་ཆེར་ཁྲོས་པཿ མིག་གསུམ་སྡང་མིག་མེ་འོད་འཕྲོཿ ཞལ་གདངས་མཆེ་གཙིགས་ལྗགས་བརྐྱང་བཿ ཁྲོ་ཆུ་ཁོལ་མའི་མཆིལ་མ་འབེབསཿ རལ་པ་གཡུ་མདོག་ཐོར་ཚུགས་ཀྱིཿ རྩེ་མོར་རྡོ་རྗེ་ཕྱེད་པས་མཚནཿ སྨིན་མ་སྨ་ར་ཨག་ཚོམ་ནིཿ དམར་སེར་མེ་ཡི་རང་བཞིན་འབརཿ ཕྱག་གཡས་ཐོ་ཆེན་འབར་བ་ཕྱརཿ ལྷ་འདྲེ་མི་གསུམ་རྡུལ་དུ་འཐགསཿ གཡོན་པས་ལྕགས་ཀྱུ་འབར་བ་ཡིསཿ ཁམས་གསུམ་སྙིང་ནས་འདྲེན་པར་བྱེདཿ སྐུ་སྟོད་མི་ལྤགས་གཡང་གཞི་དངཿ སྐུ་སྨད་སྤྲིན་གྱི་ཤམ་ཐབས་གསོལཿ ཞབས་གཉིས་རླུང་གི་འཁོར་ལོ་ཆིབསཿ སྤྲུལ་པ་བདུད་འདུལ་མཁའ་འགྲོ་མཿ སེང་གེ་གཡུ་མདོག་རྫུ་འཕྲུལ་ལྡནཿ རལ་མཇུག་དམར་སེར་མེ་རུ་འབརཿ སྤལ་སྤྲུལ་སྡིག་པ་ཟས་སུ་ཟཿ ས་བདག་ཀླུ་གཉན་དམྱལ་ཐག་གཅོདཿ སྡེ་བརྒྱད་དྲེགས་བའི་སྲོག་སྙིང་ཕྲོགཿ ཡང་སྤྲུལ་འབར་མ་ཆེན་མོ་ནིཿ ཁམས་གསུམ་སྲོག་ལ་དབང་ཟ་མཿ ཁྲག་རལ་མདོག་ལ་དུག་རླངས་ཕྱུརཿ ཁྲག་མིག་མཆེ་བ་ཟངས་ཡག་གཙིགསཿ སྤུ་གྲི་གཡས་ལ་ནད་རྐྱལ་གཡོནཿ ནུ་མ་འཕྱང་ཞིང་མཚན་མ་བསྒྲདཿ ནད་སྣ་དགུ་ཡི་ཆུ་རྒྱུན་འབེབསཿ མེ་རླུང་འཁྲུགས་ཤིང་རྟ་ལ་ཞོནཿ སྡང་བར་བྱེད་པའི་དགྲ་བོ་ཀུནཿ མཐོང་བ་ཙམ་གྱིས་རྡུལ་དུ་རློགཿ བདུད་འདུལ་དྲག་པོ་གཙོ་འཁོར་གསུམཿ བསྐྱེད་པ་ཙམ་གྱིས་བྱོན་པ་དངཿ དྲན་པ་ཙམ་གྱིས་དབྱེར་མེད་འདྲེསཿ དགྲ་གདོན་ཤ་རུས་ནང་རོལ་ཟོཿ བསད་ཁྲག་དྲོད་མོར་སྐྱེམས་ཕུད་འབུལཿ གདོན་བགེགས་ས་བདག་ཀླུ་གཉན་དངཿ དམིགས་པའི་ཡུལ་གྱི་དམ་ཉམས་དགྲཿ སྔ་དགྲ་བྱས་དང་ད་དགྲ་བྱེདཿ ཕྱི་དགྲ་ཡིད་ལ་བརྣག་པ་ཀུནཿ སྲོག་ཅོད་དབུགས་ལོངས་ལུས་སེམས་ཕྲོགཿ ལུས་ངག་ཡིད་གསུམ་བརླག་པར་མཛོདཿ ཨ་ཎ་ག་རུ་སིང་ཧ་ཙནྚི་སི་པཱ་ར་མུ་ཁེ་ཙ་ཧྲཱིཿ «བསྐྱེད་ཅིང་སྔགས་འདི་འབུམ་བཟླས་ནཿ ཧེ་རུ་ཀ་ཡི་བརྟུལ་ཞུགས་རྟོགསཿ དྲག་པོ་སྔགས་ལ་རང་དབང་བསྒྱུརཿ ཁམས་གསུམ་བརླག་པའི་མཐུ་ལྡན་འགྱུརཿ ལུས་ཀྱི་ན་ཚ་ཞི་བ་དངཿ ས་བདག་ཀླུ་གཉན་སྦལ་སྦྲུལ་དུགཿ འདི་ཡིས་འཇོམས་པར་ཐེ་ཚོམ་མེདཿ རྩ་བའི་སྒྲུབ་པ་འདི་སོང་ནཿ ལས་སྦྱོར་གང་དང་གང་ལ་ཡངཿ དམིགས་པ་སྔགས་དང་རྟེན་འབྲེལ་ལསཿ རྫས་དང་ཡོ་བྱད་སྒྲུབ་མི་དགོསཿ ས་བདག་ཀླུ་གཉན་འཇོམས་པ་ལཿ» ལས་མཁན་མཁའ་འགྲོ་སེང་ཧ་མཿ རྡོ་རྗེའི་ཆོས་བདུན་ལུས་གྱུར་ནསཿ གནོད་བྱེད་ས་བདག་ཀླུ་གཉན་ཀུནཿ སྦལ་སྦྲུལ་སྡོམ་སྡིག་རྣམ་པ་ཅནཿ ལྷག་མ་མེད་པར་ཟོས་པར་བསམཿ སིང་ཧ་ནཱ་ག་ནི་ཧི་ཀ་ཝ་ཙི་བརླག་བརླག་ཆོམཿ «བཟླ་ཞིང་སོར་མོ་བཅུ་བརྐྱང་བསྐུམཿ སྣ་ཚོགས་བྱས་པས་རྟགས་མཐོང་ངོཿ གདོན་ཆེན་བརླག་པར་བྱེད་འདོད་ནཿ »རང་ཉིད་ཨ་ཙར་བདུད་འདུལ་ནགཿ གནོད་བྱེད་ལྕགས་ཀྱུས་སྙིང་ནས་དྲོངསཿ གཡས་པའི་ཐོ་བས་ཕྱི་མར་བརྡུངཿ ལས་མཁན་སེང་ཧ་གྲངས་མེད་ཀྱིསཿ ལྷག་མ་མེད་པར་ཟོས་པར་བསམཿ ཨ་ཀ་ར་ཎ་མ་ར་ཡཿ «བཟླ་ཞིང་རྡོ་རྗེའི་ཁུ་ཚུར་གཉིསཿ མཁའ་ལ་བརྡེག་པས་ལས་འགྲུབ་བོཿ དགྲ་བོ་ཕུང་བར་བྱེད་པ་ལཿ རྩ་བའི་བསྒོམ་བཟླས་ཐ་མ་རུཿ» རང་ཉིད་ཕུང་བྱེད་ནག་པོ་ནིཿ དགྲ་བོའི་མགོན་སྐྱབས་ལྷ་སྲུང་ཀུནཿ ཕྱག་གཡོན་ལྕགས་ཀྱུས་སྙིང་ནས་དྲོངསཿ གཡས་པའི་ཐོ་བས་ཚད་ཙམ་གྱིསཿ སྔངས་སྐྲག་འདར་ཞིང་སྲོག་སྙིང་ཕུལཿ བྱེའུ་ཆུང་ཁྲ་ཡིས་དེད་བཞིན་དུཿ ལྷན་སྐྱེས་འགོ་བའི་ལྷ་ལྔ་བྱེརཿ སྲུང་མ་ཁོ་ཡི་རང་གཤེད་བབཿ ལས་མཁན་འབར་མ་སྲོག་ཕྲོག་མསཿ སྤུ་གྲིས་དགྲ་བོའི་སྙིང་ལ་རྒྱོབཿ བླ་ཚེ་སྲོག་དབུགས་རྔམས་ཟས་གྱིསཿ རྣམ་ཤེས་རྟེན་དང་ཕྲལ་བྱས་ཤིངཿ ལྷག་མ་མེད་པར་ཟོས་པར་བསམཿ བྷྱོཿ དམར་ནག་བདུད་མོ་ཁྲག་མིག་མཿ ཨོ་རྒྱན་ཡུལ་གྱི་དུར་ཁྲོད་དུཿ མནའ་ཐོ་བཅད་ཅིང་དམ་བཅས་བཞིནཿ དམ་ཉམས་དགྲ་བོ་ལས་ངན་པོཿ དམིགས་པའི་ཡུལ་དུ་གྱུར་པ་འདིཿ དོ་ནུབ་ནམ་གྱི་གུང་ཐུན་ལཿ སྲོག་ཆོད་དབུགས་ལོངས་བླ་ཚེ་བསྡུསཿ རྣམ་པར་ཤེས་པ་རྟེན་མེད་ཐོངསཿ ལྷག་མ་མེད་པར་བརླག་པར་གྱིསཿ མ་ཙ་ལ་རུ་ཨ་ཤུ་རྒྱུག་ཨ་མུ་ཀ་ཆེ་གེ་མོ་རྦད་སོདཿ ཆོམ་ཆོམ་ཧབ་ཚལ་རྔུབཿ «དྲག་ཏུ་བཟླ་ཞིང་ཨ་ཙ་རའིཿ ཐུགས་ཀའི་འོད་ཟེར་འབར་མར་ཕོགཿ རབ་ཁྲོས་དགྲ་བོའི་ཡུལ་དུ་སོངཿ སྲོག་གཅོད་ལས་ལ་རྔམ་པར་བསམཿ སྐབས་སུ་མགོ་མཇུག་ཟློག་སྟེ་»«ཉལཿ ནམ་མཁའ་ས་གཞི་རུ་ལོག་བསམཿ ཤཱཀ་ཐུབ་ནག་པོ་རི་ལོག་ཙམཿ དགྲ་བཅོམ་འབུམ་གྱིས་བསྐོར་བ་ཡིསཿ ཁོ་ཡི་འོག་ཏུ་མགོ་མཇུག་ལྡོགཿ ཀུན་ཀྱང་རབ་ཏུ་ཁྲོས་བྱུང་ནསཿ དམོད་པས་ཐལ་མོ་བརྡེབ་པ་ཡིསཿ དགྲ་བོ་བསོད་ཟད་ཁྲག་ཏུ་སྐྱུགཿ འབར་མས་ལྷག་མེད་ཟོས་པར་བསམཿ འདི་ཡིས་དགྲ་བོ་ཞག་བདུན་ནསཿ ཟླ་གཅིག་ཚུན་ཆད་འཆི་བར་ངེསཿ ༈ གཟའ་རྒོད་དྲག་པོའི་ལས་སྦྱོར་ནིཿ དབེན་པའི་གནས་སམ་དྲག་པོའི་སརཿ དགྲ་བོ་ཕོ་མོ་གང་ཡིན་ཡངཿ ཁོ་ཡི་མིང་ངམ་རུས་བྲིས་ལཿ ཤོག་གུས་དྲིལ་བ་སྡོང་བལ་དྲིལཿ ཟན་ཀོང་བཅུག་ཅིང་ཚིལ་ཞུན་བླུགཿ རྟ་ནག་ཁྱི་ནག་ར་ནག་ཁྲགཿ དུག་ཆུར་བསྲེ་ཞིང་ཕོར་གང་བཞགཿ »རང་ཉིད་བདུད་འདུལ་ཨ་ཙར་ནག་པོ་རི་རབ་ཙམ་དུ་གྱུར་པའི་མདུན་དུ་དུག་ཁྲག་རྦ་ཀློང་འཁྲུག་པའི་དབུས་སུ་གཟའ་རྒོད་དྲག་པོ་ཐོག་རྒྱུག་སྐུ་མདོག་ཁྲག་ལྟར་དམར་བ་ཞལ་དགུ་མུན་པའི་མདོག་ཅན་ཁ་ནས་དུག་ཁྲག་དང་ལུས་ལ་དུག་རླངས་ཕྱུར་བ་སྦྲུལ་མཇུག་ནག་པོ་ཁྱུག་ཁྱུག་བྱེད་པ་གྲུ་གང་བ་གཅིག་གསལ་བའི་བདག་གི་ཐུགས་ཀའི་འོད་ཀྱིས་འཇིག་རྟེན་ཁམས་ཀྱི་དྲེགས་པའི་གཟའ་ཐམས་ཅད་བཀུག་ཅིང་ཐིམ་པར་བསམཿ རུ་ར་ཙ་རཱ་ཧུ་ལ་ཀེ་ཏ་ཀེ་ཏ་ཏྲི་ཛཿ «ཞག་གཅིག་བཟླས་པས་འོད་དུ་འཁྱིལཿ» གཟའ་རྒོད་གཟི་བརྗིད་རབ་རྒྱས་ཤིངཿ ཁ་རླངས་མཐོང་རེག་དུག་རྒྱས་པའིཿ དུག་ཁྲག་རབ་ཏུ་ཁོལ་བ་ཡིསཿ དགྲ་བོ་བརླག་པའི་ནུས་ལྡན་གྱུརཿ དགྲ་བོ་གཏན་པ་བྲལ་བར་བཀུགཿ རྟེན་ལ་བསྟིམ་ཞིང་བརྒྱལ་བར་གྱུརཿ ཨ་རུ་བི་ཥི་ཀ་ལ་ཕོ་ཎ་ཕོ་ཎ་ཧ་ལ་ཁོལ་ཁོལ་དགྲ་བོ་རྣྲྀ་ཛ་ཁུགཿ «སྔགས་འདི་ཞག་གསུམ་བཟླས་པ་ཡིསཿ དུག་ཁྲག་རབ་ཏུ་ཁོལ་བར་འགྱུརཿ དེ་ཚེ་དྲག་པོ་ངར་ལྡན་པསཿ མེ་སྦར་དགྲ་བོའི་རྣམ་ཤེས་རྟེནཿ ཁོ་ཉིད་དངོས་སུ་གསལ་བར་དམིགསཿ »རྦད་རྦད་གཟའ་རྒོད་དྲག་པོ་ཐོག་རྒྱུག་དམ་ཉམས་པའི་དགྲ་བོ་འདི་ལ་དྲག་པོ་དུག་སྣ་དགུ་ཡིས་སྐད་ཅིག་ཉིད་ལ་སོད་ཅིག་གཟིར་ཞིགཿ སྲོག་གི་མེ་སོདཿ ཚེ་ཡི་ཀ་བ་བསྒྱེལཿ རྣམ་ཤེས་དུག་མུན་འཐིབསཿ ལུས་སེམས་ཕྲོལ་ལ་ཧུར་ཐུམ་ཐོང་ཞིགཿ «ཅེས་བརྗོད་པ་དང་ཆབ་གཅིག་ར་ཧུ་ལས་ཁོ་ལྷག་མེད་དུ་ཟོས་པར་བསམཿ དུག་ཁྲག་མར་མེའི་ནང་དུ་སྦུབཿ འོ་དོད་དྲག་པོ་འབོད་ཅིང་རོ་མ་ལམ་རྒྱ་གྲམ་གྱི་ཞབས་སམ་བྲག་སྣར་མནན་ནོཿ འདིས་ནི་ཉམས་པ་ཅན་གྱི་དགྲཿ མྱུར་དུ་ཧུར་ཐུམ་ཐེ་ཚོམ་མེདཿ གཟའ་རྒོད་མར་མེ་ཁྲག་གསོད་ཀྱིཿ མན་ངག་རྣོ་མྱུར་ལྡན་པ་སྟེཿ དྲོད་ཚད་གོང་གནོན་ཏིང་འཛིན་ལྡནཿ ལས་སྦྱོར་དུས་སུ་དགྲ་བོ་འཆིཿ ༈ ཡང་གཅིག་ཤིན་ཏུ་གསང་བ་ཡིཿ ལྟ་བ་རྟོགས་པའི་རྣལ་འབྱོར་པསཿ སྤྲོས་མེད་དམིགས་པའི་ཆོ་འཕྲུལ་གྱིསཿ དགྲ་བོ་ཧུར་ཐུམ་གདམས་པ་ནིཿ »རང་ཉིད་ཨ་ཙར་ཧེ་རུ་ཀའིཿ མདུན་དུ་གཟའ་བདུད་དུད་སོལ་མདོགཿ མགོ་དགུ་དུག་གི་ཁ་རླངས་འཕྱུརཿ སྦྱི་བོར་བྱ་མགོས་ཐན་སྐད་སྒྲོགསཿ ཁོག་སྨད་དུག་སྦྲུལ་མཇུག་མ་འཁྱུགཿ ལུས་ལ་ནད་མཚོན་མེ་རླུང་འཕྲོཿ ལག་གཉིས་དུག་མེ་འཁྲུག་པའི་འབརཿ དམིགས་པའི་དགྲ་བོ་གཞོབ་ཐུལ་བསྲེགསཿ ཚེ་བསོད་སྲོག་དབུགས་ཤ་ཁྲག་རུསཿ ལྷག་མ་མེད་པར་རྡུལ་དུ་རློགཿ རྣམ་པར་ཤེས་པ་གཤིན་རྗེའི་གྲོངཿ མུན་པ་གླིང་དགུའི་ནང་དུ་འཐུམསཿ རྟེན་དང་བརྟེན་པ་བྲལ་བར་བརླགཿ ཀེ་ཏ་ཀ་ཏ་ར་ཧུ་ལ་ནྲྀ་འུར་འུར་དགྲ་བོའི་ལུས་ལ་མེ་སྦོར་དུག་ཕྱུར་ཀུམ་ཀུམ་རམ་ཤིག་རྨུག་སོདཿ «བརྒྱ་རྩ་བརྒྱད་སོགས་བཟླས་པའི་མཐརཿ རང་གི་ལུས་པོ་སྤྲིད་ཆིལ་འོངཿ དེ་ཚེ་ཁྲག་ཆང་ཕུད་བཤམས་ཤིངཿ» ཨོཾ་ཨཱཿམ་ཧཱ་རཀྟ་ཧཱུྃཿ བྷྱོཿ གཟའ་བདུད་དུག་སྦུར་ནག་པོ་ཁྱོདཿ དྲེགས་ལྡན་ཀུན་ཀྱི་སྟོབས་འདུས་ཤིངཿ དགྲ་གདོན་ཤན་པར་ཁས་བླངས་བཞིནཿ མྱུར་བར་མྱུར་བར་ལས་ལ་ཆོསཿ བདག་ལ་སྡང་བར་བྱེད་པའི་དགྲཿ དམིགས་པའི་ཡུལ་དུ་གྱུར་པ་འདིཿ སྐད་ཅིག་ད་ལྟ་ཡུད་ཙམ་ལཿ གང་དུ་གནས་ཀྱང་ཧུར་ཐུམ་ཐོངཿ མིང་དང་མཚན་མ་མ་ནོར་ཞིགཿ འབྲས་ཆན་ཁྲག་ཆང་བདུད་རྩི་འདིཿ དཔའ་ཟས་ངར་ཆང་ཚུལ་དུ་སྦྱིནཿ འདི་དང་དགྲ་བོའི་ཤ་ཁྲག་རུསཿ མཉམ་པོར་བཞེས་ལ་མེད་པར་མཛོདཿ འུར་བ་འུར་བ་ཐུན་ཐུན་བྷྱོཿ ཞག་དང་ཟླ་བ་ལས་འགྱངས་ནཿ བདག་ཉིད་གཏུམ་ཆེན་ཧེ་རུ་ཀཿ རབ་ཁྲོས་སྐུ་ལས་མེ་འོད་འབརཿ ཕྱག་མཚན་ཐོ་ཆེན་འབར་བ་ཡིསཿ ཁྱོད་ཀྱི་ཀླད་ཁྲག་དཀྲུགས་བྱེད་ཅིངཿ ལུས་ངག་ཡིད་གསུམ་གཞོབ་ཐུལ་བསྲེགསཿ སེང་ཧའི་ཚོགས་ཀྱིས་རྔམ་ཟས་བྱེདཿ རྣམ་ཤེས་ན་རག་སྡུག་བསྔལ་མྱོངཿ དེ་བས་བདག་ལ་སྡང་བའི་དགྲ༔ སྐད་ཅིག་ཡུད་ལ་རྦད་ཁམ་ཐོང༔ ལས་འགྲུབ་ཁྱོད་ལ་གཏང་རག་གཏོང༔ སྟོབས་ནུས་དྲག་རྩལ་ཡོན་ཏན་རྒྱས༔ ལྕང་ལོ་ཅན་དུ་འཚང་རྒྱའོ༔ ས་མ་ཡ་ཧོ་ན་རཀྐན༔ འུར་འུར་ཆེམ་ཆེམ་ལས་ལ་ཡ༔ «ཅེས་བརྗོད་ཁྲག་ཆང་དགྲ་ཕྱོགས་གཏོར༔ སྐར་མདའ་ཆད་བཞིན་སོང་བར་བསམ༔ རང་གི་ཁྱིམ་དུ་འོད་འཕྲོ་ན༔ གུ་གུལ་རྟ་བོན་དུད་པ་བདུག༔ ཞག་གསུམ་བདུན་ལ་ངེས་པར་འཆི༔ མུ་སྟེགས་ཁ་མཐུ་ནག་པོ་སྟེ༔ དགྲ་བོ་ཁྲག་སྐྱུག་ཧུར་ཐུམ་གསོད༔ རྣམ་པར་ཤེས་པ་མུན་པར་འཁྱམས༔ སྡིག་ཆེ་ལས་མྱུར་ཤིན་ཏུ་གསང༔ གལ་མ་མ་ཐུག་པར་མི་བྱ༔ ཁྱབ་འཇུག་གསང་བའི་མན་ངག་གོ༔ ས་མ་ཡཱཿ རྒྱ་རྒྱ་རྒྱཿ ཀླུ་བདུད་ནག་པོའི་མན་ངག་ནི༔ གོང་གནོན་སྒོམ་བཟླས་ལྡན་པ་ཡིས༔ བསྲུང་བྱ་ཐུགས་སྲོག་མདུན་དུ་སྦ༔» རང་ཉིད་ཨ་ཙརྱ་ནག་པོ་ནག་པོ་པདྨ་བདུད་འདུལ་རབ་ཏུ་ཁྲོས་པའི་མདུན་དུ་ཀླུ་བདུད་ཏི་པ་ར་ཙ་ལུས་མི་ལ་སྲིན་པོའི་གདོང་པ་ཅན་སྦྲུལ་ནག་དགུའི་གདེང་ཀ་ཁ་རླངས་མུན་ལྟར་འཐིབས་པ་ཁོག་སྨད་སྦྲུལ་གྱི་མཇུག་མ་ནག་པོ་འཁྱིལ་ཞིང་ལག་གཡས་སྤྲུལ་ནག་ཞགས་པ་འཕེན་ཞིང་གཡོན་པས་ནད་རྐྱལ་ཐོགས་པ་ལུས་ལ་མིག་བརྒྱ་བསྒྲད་ཅིང་ཁ་གདང་བཿ དེ་ཡི་སྔོན་དུ་ཀླུ་ཡི་བུ་མོ་བདུད་སྲིན་མོ་བུད་མེད་ལུས་ལ་སྦྲུལ་མགོ་ལྔ་པ་མཇུག་མ་སྦྲུལ་དུ་འཁྱིལ་ཞིང་ལག་གཡས་སྤུ་གྲི་ཟོར་བ་དངཿ གཡོན་པས་ཐན་གྱི་རྐྱལ་པ་འཛིན་པ་གཉིས་ཀའང་ལུས་ལ་དུག་གི་རླངས་པ་ཕྱུར་ཞིང་ནད་ཀྱིན་བུན་འཐིབས་པཿ སྦལ་སྦྲུལ་སྡོམ་སྡིག་ཆོ་འཕྲུལ་འགྱེད་ཅིང་དགྲ་བོ་གསོད་པའི་ལས་ལ་རྔམས་སྟབས་སུ་དུག་མཚོ་ཁོལ་མའི་ནང་ནས་གློག་ལྟར་མྱུར་བར་འོང་ཞིང་མདུན་དུ་དམ་ལ་འདུས་ནས་དགྲ་བོ་གསོད་པའི་ལས་ལ་ཆས་པར་བསམཿ ཕེ་ལིང་ཕཾ་ཏི་ནཱ་ག་དུ་ན་ར་ལ་ཧུཿ ཆེ་གེ་མོའི་སྲོག་ལ་ཧུར་ཧུར་བྲེང་བྲེང་ཀུ་ན་ཡ་མ་འབི་འབི་ཁེ་ཧ་ལ་རྣྲྀ་ཙིཏྟ་ཧུར་ཆོདཿ «སྔགས་འདི་བརྒྱའམ་སྟོང་བཟླས་ནཿ ཀླུ་བདུད་དངོས་སམ་གཟུགས་སྟོན་པའོཿ ཡང་ན་སྤལ་སྤྲུལ་སྡོམ་སྡིག་མཐོངཿ ཁྱིམ་དུ་དྲི་ངན་འཐུལ་བའི་ཚེཿ འོ་ཆབ་ཁྲག་དང་བསྲེས་པར་བཤམསཿ» ཧཱུྃ་བྷྱོཿ ང་ནི་སྲིད་པ་གསུམ་ལ་དབར་བསྒྱུར་བའིཿ ཨ་ཙར་པདྨ་བདུད་འདུལ་ཆེ་བའི་མཆོགཿ ཁྱོད་ནི་ཀླུ་བདུད་མིང་སྲིང་དམ་ཚིག་ཅནཿ སྡོན་ཚེ་ཟངས་གླིང་བྲག་དམར་འབར་བ་རུཿ བཀའ་བཞིན་སྒྲུབ་པར་དམ་བཅའ་མི་དྲན་ནམཿ རྡོ་རྗེ་གདན་གྱི་བྱང་ཕྱོགས་ཁུ་ལང་ཡུལཿ དཀྱིལ་འཁོར་དྲུང་དུ་ཇི་ལྟར་དམ་བཅས་སམཿ ཁྱོད་ནི་དམ་ལ་གནས་ཤིང་ཐ་ཚིག་ཅནཿ དགྲ་བོ་མཐོང་བ་ཙམ་གྱིས་གསོད་བྱེད་ནཿ དགྲ་འདིས་བདག་ལ་བརྙས་པ་ཅིས་མི་མཐོངཿ འདུན་པ་དཀར་དམར་སྐྱེམས་ཕུད་འདི་ལ་རོལཿ ད་ལྟ་ཉིད་དུ་དགྲ་བོའི་གནས་སུ་རྒྱུགསཿ སྦལ་སྦྲུལ་སྡོམ་སྡིག་ཚོགས་ཀྱི་ལྟས་ངན་ཐོངསཿ དུག་རླངས་མུན་པ་འཐིབས་པས་རྨོངས་སུ་ཆུགཿ ནད་སྣ་དགུ་ཡིས་སྲོག་ལ་ཧུར་ཐུམ་སོདཿ སྦྲུལ་ནག་ཞགས་པ་ནག་པོས་ལུས་ཆིངས་ལཿ ཟོར་བ་སྤུ་གྲི་རྣོན་པོས་སྲོག་རྩ་ཆོདཿ དབུགས་ཐུམ་ཚེ་ལོངས་མདངས་འཕྲོག་ཤ་ཁྲག་རོལཿ ལོ་དང་ཟླ་བ་ལྟ་ཅི་ཞག་མ་འགྱངསཿ ལས་མྱུར་གནམ་ལྕགས་ཐོག་ལྟར་རྦད་ཆོད་ཐོངསཿ གཡེལ་བར་གྱུར་ན་རྡོ་རྗེའི་ཐ་ཚིག་ཉམསཿ ང་ཉིད་ཁྲོས་ལས་ཁྱོད་ཀྱི་སྲོག་སྙིང་འགསཿ དེ་བས་མ་ཐོགས་མྱུར་དུ་ལས་ལ་རྒྱུགསཿ ཐོ་རངས་སྐྱ་རིང་ཉི་ཤར་ཟེར་ལ་ཞོནཿ ཉིན་གུང་ཟས་དང་དགུང་མོར་གྲིབ་སོར་བསྐུངཿ སྲོག་ལ་སྐར་མདའ་ནམ་གུང་མུན་པའི་སྨགཿ འགྲོགས་ཤིང་སྲོག་དབུགས་བླ་ཡིད་ཕྲོལ་གྱིས་ལཿ ཀླུ་བདུད་ནག་པོ་འཛིན་ཤེས་གཏོང་མི་ཤེསཿ དམིགས་པའི་དགྲ་བོ་མི་ཤོར་སྲོག་ཆོད་ཅིགཿ གཏང་རག་རྡོ་རྗེ་ཅན་གྱི་རྗེས་འཛིན་ཅིངཿ ཡེ་ཤེས་མཁའ་འགྲོ་དབུགས་དབྱུང་གཟེང་བསྟོད་དོཿ ཏྲི་ལང་གུམ་བྷ་ཨ་ཤུ་ས་མ་ཧཿ ཝ་ར་ཧུར་ཝ་བྲེང་ཨ་ས་རྦདཿ« ཁྲག་སྐྱེམས་འཐོར་ཞིང་དམོད་བཅོལ་བྱཿ གུ་གུལ་མུ་ཟིའི་དུད་པས་བདུགཿ དགྲ་བོ་མྱུར་དུ་བརླག་པར་འགྱུརཿ དགྲ་བོ་དྲུང་དུ་འདུད་གྱུར་ནཿ »ཨ་ཤུ་ཀ་ལ་ཙི་ཏ་སྲོག་ལ་རྦདཿ« སྔགས་འདི་བཟླ་ཞིང་སྦྲུལ་ནག་གིཿ ཞགས་པས་ཁོ་ཡི་ལུས་བཅིང་ཞིངཿ ལུས་ཀྱི་རེག་ཚེ་སྦྲུལ་ལྕེ་ཡིསཿ ཁོ་ཡི་ཀླད་ཁྲག་དཀྲུགས་པར་བསམཿ ཟས་ལ་བཏབ་ཅིང་དུག་ཏུ་བསྒྱུརཿ ཡོ་བྱད་སྦལ་སྦྲུལ་སྡོམ་སྡིག་བསྒྱུརཿ བྱ་སླ་མཐུ་ཆེ་རྣོ་དར་ལྡནཿ དགྲ་བོའི་ཟས་ནོར་ལོངས་སྤྱོད་ཀུནཿ རང་གི་གནས་སུ་བླངས་བྱས་ཤིངཿ མལ་གོས་གཅིག་ཀྱང་དམིགས་པ་ཡིསཿ འཕྲུལ་འཁོར་དག་གིས་རྣོ་མི་ཞུདཿ རང་ལ་ལྡོག་པར་མི་སྲིད་དོཿ འདི་ནི་བརྒྱ་བྱིན་རྡོ་རྗེ་བཞིནཿ གང་ལ་གཏད་པར་མི་ལྡོག་རྣོཿ གཞན་ལ་ཟེར་ཕོག་མི་སྲིད་དོཿ མུ་སྟེགས་ཕུང་བྱེད་ནག་པོ་ཡིཿ གདམས་པ་སྙིང་དང་འདྲ་བ་སྟེཿ མཁའ་འགྲོའི་བཀའ་རྒྱ་མ་ཁྲོལ་བརཿ འདི་བསྟན་སྲོག་གི་གཤེད་མར་འགྱུརཿ མཁའ་འགྲོ་མ་ཡི་སྲོག་གི་རྒྱཿ ས་མ་ཡཿ རྒྱ་རྒྱ་རྒྱཿ ཁ་ཐམཿ དམུ་རྒོད་ཇག་རྐུན་འཆིང་བྱེད་ནཿ རི་བོང་འཕར་བ་སྲེ་མོང་སྦུརཿ» རྣྲྀ་ཝཱ་ཀུ་ཙོ་ར་ཀ་ཝཱ་ཙི་མུ་ཁི་ཆིང་ཆིངསཿ «སྔགས་འདི་བརྒྱའམ་སྟོང་དུ་གདབཿ རྒྱ་གྲམ་ས་ཡི་ནང་དུ་བྲིསཿ མལ་འོག་གམ་ནི་ལྷྭམ་ནང་བཅུགཿ རང་གི་བརླ་གཡོན་འདི་྅྅྅བྲིས་ཤིངཿ» རྣྲྀ་ཙོ་ར་ཀུམ་བྷ་ཀུམ་བྷ་ཆིང་ཆིངསཿ «ཞེས་བཟླས་འཆིང་བར་ཐེ་ཚོམ་མེདཿ གཅན་གཟན་གདུག་པའི་ཁ་འཆིང་ནཿ དུག་ཤོག་ངོས་ལ་ཁོ་ཡི་གཟུགསཿ སྤྲུལ་ནག་ཞགས་པས་བཅིང་པ་བྲིསཿ ཁ་ཤུལ་ལམ་ནི་རྗེས་ས་བསྲེསཿ ཤི་སྐྲས་བཅིངས་ཤིང་རེ་བས་དྲིལཿ» རཾ་པཱ་ར་ཧུ་ཤུ་ལ་ཁུ་ཥེ་མུ་རུ་ཧུ་ཀཱ་ཝ་ཙི་ནྲི་ཏི་ཨ་པ་ཡ་ཆིང་ཆིངསཿ «བརྒྱ་སྟོང་བཟླ་ཞིང་སྔགས་ཀྱིས་བཏབཿ གང་ལ་དམིགས་པའི་ཡུལ་གྱུར་ཀུནཿ བསྲུང་བར་ཐེ་ཚོམ་ཡོད་རེ་ཀནཿ ལུས་སེམས་གདོན་དབང་གྱུར་པ་ནཿ སྨྱོན་པ་འཆིང་ཞིང་འདུལ་བ་ནིཿ »རང་ཉིད་ཁམས་གསུམ་དབང་སྒྱུར་བཿ ཨ་ཙར་པདྨ་བདུད་འདུལ་གྱིཿ ཕྱག་གཡོན་འོད་ཟེར་ཞགས་པ་ཡིསཿ ཁོ་ཡི་ལུས་ཀུན་རབ་བཅིང་ཞིངཿ ཐུགས་ལས་རཾ་འཕྲོས་སྙིང་དབུས་ཕོགཿ མེ་འབར་ལུས་ཀུན་བསྲེགས་པར་བསྒོམཿ ཨ་སུ་ཀུ་པཱ་རཾ་ཤིག་རཾ་ཕཊཿ «བཟླ་ཞིང་བྱེ་མར་སྔགས་བཏབ་གཏོརཿ འགུལ་བསྐྱོད་བྲལ་བར་འཆིང་བར་ངེསཿ དེས་ཀྱང་ཞི་བར་མ་ཐུལ་ནཿ དྲག་པོས་ཕཊཿདགུ་བརྗོད་པ་ཡིསཿ བསྲུང་བྱའི་རྣམ་ཤེས་དབྱིངས་སུ་སྤརཿ »རང་ཉིད་བདུད་འདུལ་ཧེ་རུ་ཀའིཿ ཕྱག་གཡས་མེ་ཡི་ཐོ་ཆེན་གྱིསཿ བེམ་པོ་ལུས་གདོན་དང་བཅས་པཿ ཤ་མྱོགས་རུས་མྱོགས་རྡུལ་ཕྲན་བསྲེགསཿ སྤྲུལ་པའི་སེང་ཧ་གྲངས་མེད་ཀྱིསཿ ལྷག་མ་མེད་པར་ཟོས་པར་བསམཿ« »གདོན་གྱི་རྣམ་པར་ཤེས་པ་དེཿ རང་རིག་སྐྱེ་མེད་ཀློང་དུ་བསྲེསཿ ཨ་ཤ་ཀ་ལ་ཕཊཿ« བརྒྱ་རྩ་བརྒྱད་བཟླས་དམིགས་པས་གཅུནཿ ཐ་མར་ཕཊཿབརྒྱ་བརྗོད་པ་ཡིསཿ ངེས་པར་ཐུལ་བར་ཐེ་ཚོམ་མེདཿ »ཨེ་མ་ཧོཿ མཆོག་ཆེན་མི་རྐང་གླིང་བུ་ཉིདཿ ཞོ་འཐུང་རུས་པའི་རང་བཞིན་བསྒོམཿ ནང་དབྱིངས་འོད་ཀྱི་རང་བཞིན་ལཿ མཁའ་འགྲོ་རྡུལ་ཕྲན་འཁྲིགས་བཞིན་གསལཿ དེ་ལས་འོད་ཟེར་འཕྲོས་པ་ཡིསཿ དཔའ་བོ་མཁའ་འགྲོའི་ཐུགས་རྒྱུད་བསྐུལཿ བྱིན་རླབས་འོད་ཀྱི་རྣམ་པར་བསྡུསཿ རྟེན་དང་བརྟེན་པར་སིབ་སིམ་ཐིམཿ ཐམས་ཅད་དགྱེས་པའི་བྲོ་གར་འཁྲབཿ འོད་ཞུ་རྟེན་ལ་ཐིམ་པ་ཡིསཿ རྫས་ནི་ཞོ་འཐུང་རུས་པའི་རྐངཿ སྒྲ་ནི་མཁའ་འགྲོའི་བརྡ་སྐད་བསྒྱུརཿ ཐུགས་དམ་བསྐུལ་དང་ལས་བཞི་འགྲུབཿ འགུགས་འདྲེན་སྤར་བའི་ལས་འགྲུབ་ཅིངཿ མཐོང་རེག་ཐོས་གྲོལ་ནུས་ལྡན་གྱུརཿ ཨ་པཱ་ར་ཊ་ཀ་ཌཱཀྐི་སརྦ་གྷནྡྷེ་སིདྡྷི་ཧོཿ« བརྒྱ་རྩ་བཅུ་གསུམ་བཟླས་པའི་མཐརཿ» «རྟེན་འབྲེལ་སྙིང་པོ་ཉེར་གཅིག་གིསཿ» «རབ་ཏུ་གནས་ཤིང་ཤིས་པ་བརྗོདཿ མཁའ་འགྲོའི་བླ་རྡོ་ཉིད་དུ་འགྱུརཿ» ཨ་ལ་ལ་ཧོཿ ༈ «ལས་ཕྲན་རྩ་འགགས་སེལ་འདོད་ནཿ ལྕིམ་རྩ་མེས་ཚིག་ས་དང་སྦྱརཿ »པཱི་ལ་ཀུ་ཧེ་བ་ཀོ་ཡཾ་ཤུག་ཁྲོལ་ཁྲོལཿ «སྔགས་བཏབ་ཁོང་དུ་བཏང་བས་སེལཿ ཕྲན་བུ་དག་ལ་གཡེར་མའི་ཆུརཿ སྔགས་བཏབ་བཏང་བས་མྱུར་དུ་གྲོལཿ ཆུ་འགགས་ཆང་ལ་རྒྱ་ཚྭ་བཏབཿ» ཨུ་ཤ་ཨུ་ཆུ་སི་མི་སི་མི་ལི་ཁྲོལ་ཁྲོལཿ« སྔགས་འདི་ནུས་ལྡན་བཏབ་བྱས་ཤིངཿ འོད་དམར་ཐིག་ལེ་ཡུངས་འབྲུ་ཙམཿ ལམ་ཕྱེ་ཕྱི་རུ་འབྱིན་པར་དམིགསཿ རྫས་ཉིད་ཁོང་དུ་བཏང་བས་སེལཿ ༈ མིག་གི་ལིང་ཏོག་འབྱིན་པ་ལཿ» ཏྲ་ཙ་ཧུར་ཧུར་མི་ཉི་སོདཿ ཕུ་མི་ཕྱེས་བྱེསཿ «སྔགས་འདི་ཁོང་དུ་བཏང་བའམཿ གྲོ་ག་མེར་བསྲེགས་ཐལ་བ་བཏབཿ བལ་ལ་བཏབ་ཅིང་བྱུག་པས་སེལཿ ༈ ནོར་ལ་འགོང་པོ་ཞུགས་གྱུར་ནཿ» ཡ་མ་ནཱ་ག་ཕུ་མི་སོད་ཨ་སུ་མ་ལ་ཕྱེས་ཕྱེསཿ «ཆུ་ནག་ལ་བཏབ་ཁོང་དུ་བཏངཿ བྱེ་མར་བཏབ་ཅིང་བྲབ་པས་སེལཿ ཨེ་མཿ པདྨ་འདུད་འདུལ་དམ་པ་རྒྱ་གར་བཿ འཛམ་གླིང་ལྡོག་པས་མ་བཅག་ས་མེད་པཿ སངས་རྒྱས་བྱང་སེམས་རིག་འཛིན་མཁའ་འགྲོ་མཿ དྲང་སྲོང་མུ་སྟེགས་ཀུན་ཀྱི་བྱིན་རླབས་ཞུསཿ ཟབ་གསང་གདམ་པ་ཀུན་ཀྱི་སྙིང་བཅུད་ལོནཿ ཟབ་པའི་མན་ངག་ཀུན་ཀྱི་ཉིང་ཁུ་བསྡུསཿ རྒྱ་བོད་འགྲོ་བ་མང་པོའི་དོན་བྱས་ཤིངཿ སླར་ཡང་ཕན་གནོད་གསང་བའི་མན་ངག་གནདཿ འཕྲུལ་དཔྱད་དཀར་ནག་ཁྲ་གསུམ་ལ་བསྡུས་ཤིངཿ མཁའ་འགྲོའི་གསང་བའི་བརྡ་རིས་ཆེན་པོར་བཏབཿ མཁའ་དབྱིངས་ལྕགས་སྒྲོམ་འབར་བའི་ནང་དུ་གཏམཿ མཁའ་འགྲོ་བདུད་འདུལ་མ་ཡི་ཐུགས་ཀློང་སྦསཿ འདི་ནས་མ་འོངས་བསྐལ་བའི་ཐ་མ་ལཿ བྱང་ཕྱོགས་བྷོ་ཊ་པྲེ་ཏ་པུ་རིའི་ཡུལཿ རྡོ་རྗེ་ཕག་མོ་ལྷ་ལྕམ་མནྡ་རའིཿ སྤྲུལ་བསྒྱུར་ཡེ་ཤེས་མཁའ་འགྲོ་ལེགས་འདུས་མཿ སླར་ཡང་སྔོན་ལས་དྲག་པོའི་མཚམས་སྦྱར་གྱིསཿ ཡང་གསངཐུགས་ཐིག་གདམ་པ་སྤེལ་པའི་ཕྱིརཿ ཤ་ཟའི་རུམ་དུ་ཌཱཀྐི་མི་མོའི་གཟུགསཿ གཟུགས་ཅན་གཟུགས་མེད་འགྲོ་དོན་སྤྱོད་པའི་ཚེཿ ནག་ཕྱོགས་ཁ་དར་འདྲེ་སྲིན་འབྱུང་པོས་འཚེཿ དུག་ལྔ་རགས་ཤིང་སྨོན་ལམ་ལོག་པ་ཡིསཿ གཟུགས་ཅན་དགྲ་ཡིས་སངས་རྒྱས་བསྟན་ལ་སྡངཿ སེམས་ཅན་མནར་ཞིང་ཆོས་བཞིན་སྤྱོད་ལ་སྡངཿ དེ་ཚེ་མན་ངག་བསྟན་པའི་ལྕགས་རི་འདིཿ ཡང་གསང་ཐུགས་ཐིག་གདམ་བ་བསྲུང་བའི་མཚོནཿ བརྩེ་བའི་སེམས་ཀྱིས་བུ་མོར་སྨོན་ལམ་བཏབཿ རྟེན་འབྲེལ་ཟབ་མོ་དུས་ལ་བབ་པའི་ཚེཿ ཕ་ནོར་བུ་ཡི་ལག་ཏུ་འཕྲོད་ནས་ཀྱངཿ ཚེ་ཆོས་སྲུང་ཞིང་འགྲོ་དོན་མཐར་ཕྱིན་པའིཿ རྡོ་རྗེ་གོ་ཁྲབ་ཆེན་པོའི་རྒྱས་བཏབ་པོཿ བཀའ་འདི་གཟའ་རྒོད་ཁྱབ་འཇུག་ཆེན་པོ་དངཿ ཀླུ་བདུད་དུག་སྤུར་མིང་སྲིང་ལག་ཏུ་གཏདཿ བླ་མ་མཁའ་འགྲོའི་བཀའ་ལུང་མ་ནོད་ཅིང་ཿ དམ་ཚིག་མི་བསྲུང་རང་འདོད་ཕོ་ཚོད་ཆེཿ ཆོས་ཉིད་ལྟ་བ་མ་རྟོགས་གང་ཟག་ནིཿ གདམ་པ་འདི་ནི་རླུང་ཕྱོགས་ཙམ་ཐོས་ནཿ སྲོག་གི་གཤེད་མར་གྱུར་ཅིང་སྙིང་ཁྲག་འཕོསཿ གཅིག་བརྒྱུད་ལས་གཞན་དམ་ཚིག་སྲོག་གི་རྒྱཿ ས་མ་ཡཿ ཙིཏྟ་རཀྵནྟུཿ རྒྱ་རྒྱ་རྒྱཿ ཁ་ཐཾཿ གུ་ཧྱཿ བདག་འདྲ་དུས་མཐའི་གཏེར་སྨྱོན་ཁྲག་འཐུང་དཔའ་བོར་བརྡ་རྟགས་ཤར་ཡང་བཀའ་འདི་གཉན་པས་ཕབ་པར་མ་ནུས་པ་ཆོས་བདག་གསང་བའི་མཛོད་འཛིན་ཌཱཀྐི་བློ་གསལ་དབང་མོའི་སྙིང་སྟོབས་དྲག་པོའི་རྟེན་འབྲེལ་སྣ་ཚོགས་བསྒྲིགས་ནས་བརྡ་བཀྲོལ་སྣ་ཚོགས་མཛད་པ་བཞིན་ཨ་ཙར་ནག་པོའི་རིག་པའི་ཀློང་དུ་དབྱེར་མེད་འདྲེས་ཏེ་དག་པར་ཕབ་པ་མཁའ་འགྲོ་འཁྲེན་ཅིང་གཏེར་བདག་འཕྲེང་བའི་རྒྱུས་འཚུབས་སློང་སྣ་ཚོགས་བྱུང་ཡང་ཡང་དག་ལྟ་བས་ཟིལ་གྱིས་མནན་ཞིང་སྙིང་སྟོབས་གཉན་པོས་འགྲུབ་པར་བྱས་པ་སྟེ་ཡི་གེའི་འདུ་བྱེད་རང་སློབ་ཉེ་བར་གནས་པ་འོད་ཟེར་མཐའ་ཡས་ཀྱིས་བགྱིས་པས་གཅིག་བརྒྱུད་དུ་གུ་ཧྱཿ ཞལ་དྲོ་བྱིན་ཆགས་རྣོ་མྱུར་ཐོག་མེད་ཤོགཿ དགེའོ།། །།