མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་གསོལ་འདེབས་ཞལ་གསུང་མ་སོགས།

From Khyentse Lineage - A Tsadra Foundation Project
Wylie title mdo mkhyen brtse ye shes rdo rje'i gsol 'debs zhal gsung ma sogs
Location mdo mkhyen brtse bka' 'bum
Volume 2, Text 2, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre Supplications - gsol 'debs
[edit]
༄༅། །ཨོ་རྒྱན་པདྨ་འབྱུང་བི་མའི་སྒྱུ་འཕྲུལ་གར། །ཟབ་གསང་བསྟན་པ་གཞིར་བཞེངས་སློང་མཛད་རྗེ། །ཌཱཀྐིའི་གསང་མཛོད་ཆེན་པོར་དབང་བསྒྱུར་བའི། །གཏེར་ཆེན་འཇའ་ལུས་རྡོ་རྗེར་གསོལ་བ་འདེབས། །མཁའ་སྤྱོད་བདེ་ལྡན་ཞིང་ན་ཝཱ་ར་ཧི། །རྔ་ཡབ་གླིང་དུ་མེ་ཏོག་མནྡཱ་ར། །སླར་ཡང་བསྟན་འགྲོའི་དོན་དུ་མིར་བརྫུར་བྱོན། །ཡི་དམ་གྲུབ་བརྙེས་དངོས་གྲུབ་རྣམ་གཉིས་ཐོབ། །ཡུམ་ཆེན་ཌཱཀྐིའི་མཆོག་ལ་གསོལ་བ་འདེབས། །བློས་བྱས་འདིར་སྣང་ཆོས་ཀུན་སྒྱུ་མའི་ངང༌། །རྨི་ལམ་ཚུལ་གཟིགས་རེ་དང་དོགས་པ་བྲལ། །ང་ཁྱོད་ཕྱོགས་རིས་ཀུན་བྲལ་འགྲོ་བའི་མགོན། །སྐྱབས་མཆོག་བདེ་ཆེན་འོད་ཟེར་གསོལ་བ་འདེབས། །«ཞལ་གསུངས་མའོ།» «།»ཆོས་ཉིད་མངོན་སུམ་དོན་རྟོགས་སྤྲུལ་པའི་སྐུ། །ཉམས་སྣང་གོང་འཕེལ་ཁམས་གསུམ་འགྲོ་བའི་མགོན། །རིག་པ་ཚད་ཕེབས་འཁྲུལ་པ་ཟིལ་གྱིས་གནོན། །ཆོས་ཟད་དགྱེས་པ་རྡོ་རྗེར་གསོལ་བ་འདེབས། «རིན་པོ་ཆེའི་ཞལ་གསུང་མའོ།» «།སྔོན་འགྲོའི་རིམ་པ་ལ། སྔ་བར་རྩ་སྟོང་རླུང་རིག་དྭངས་བའི་ཚེ། རྣམ་སྣང་ཆོས་བདུན་དང་བཅས། རང་གི་སྤྱི་བོར་བླ་མ་ཧེ་རུ་ཀའི་རྣམ་པར་སྒོམ་ལ་གསོལ་བ་བཏབ་པ་ནི། »ཨེ་མ་ཧོ། སངས་རྒྱས་ཀུན་འདུས་བླ་མ་ཆོས་ཀྱི་སྐུ། །མ་གཅིག་ཡུམ་ཆེན་དབྱེར་མེད་བཀའ་དྲིན་ཅན། །སྙིང་ནས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །མ་རིག་མུན་པ་སེལ་བར་བྱིན་གྱིས་རློབས། །«ཞེས་གསོལ་བ་ཅི་ནུས་བཏབ་རྗེས་དམིགས་གནད་དང་ལྡན་པས་རླུང་རོ་བས། སྤྲུག་ལན་གསུམ་བྱ་ཞིང་སྒོ་གསུམ་སྡིག་སྒྲིབ་དག་པར་བསམ། རྒྱུན་དུ་གསོལ་འདེབས་ནི། གོང་གི་ཚིག་རྗེས་མ་དོར་ལ། »འཁྲུལ་སྣང་སྙེམས་བྱེད་བདུད་བཞི་ལས་རྒྱལ་ཞིང༌། །སྐྱེ་མེད་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། «ཞེས་མོས་གུས་ཀྱི་གསོལ་བ་འདེབས་ཤིང་རླུང་འབྱུང་འཇུག་གནས་གསུམ་ཡེ་གེ་གསུམ་དུ་སྦྱངས་སར་བར་རླུང་བུམ་པ་ཅན་དང་མ་བྲལ་བ་གནད་དམ་པའོ།། །།དགེའོ།། །།