རིག་འཛིན་འཇིགས་མེད་གླིང་པའི་ཡང་སྲིད་སྔགས་འཆང་འཇའ་ལུས་རྡོ་རྗེའི་རྣམ་ཐར་མཁའ་འགྲོའི་ཞལ་ལུང་།

From Khyentse Lineage - A Tsadra Foundation Project
Wylie title rig 'dzin 'jigs med gling pa'i yang srid sngags 'chang 'ja' lus rdo rje'i rnam thar mkha' 'gro'i zhal lung
Location mdo mkhyen brtse bka' 'bum
Volume 1, Text 1, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre Biographies - Hagiography - rnam thar
[edit]

༄༅། །རིག་འཛིན་འཇིགས་མེད་གླིང་པའི་ཡང་སྲིད་སྔགས་འཆང་འཇའ་ལུས་རྡོ་རྗེའི་རྣམ་ཐར་མཁའ་འགྲོའི་ཞལ་ལུང་བཞུགས་སོ། །

ན་མོ་གུ་ར་བེ། ཀ་དག་ནང་གསལ་གཞོན་ནུ་བུམ་པའི་སྐུ། །ཁྱད་ཆོས་དྲུག་ལྡན་གདོད་ནས་མངོན་སངས་རྒྱས། །དགོངས་པ་ཟང་ཐལ་ཉིད་ལས་མི་གཞན་འཁོར། །ཀུན་བཟང་ཡབ་ཡུམ་གཉིས་ལ་གུས་ཕྱག་འཚལ། །ངེས་པ་ལྔ་ལྡན་སྟུག་པོ་བཀོད་པའི་ཞིང༌། །ཁ་སྦྱོར་ཡན་ལག་བདུན་ལྡན་ལོངས་སྤྱོད་རྫོགས། །བུདྡྷ་བཛྲ་རཏྣ་པདྨ་དང༌། །ཀརྨའི་རིགས་ཀྱི་འཁོར་ལ་བརྡ་ཆོས་སྟོན། །རྫོགས་སྐུ་རིགས་མཆོག་ལྔ་ལ་གུས་ཕྱག་འཚལ། །སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱའི་ཞིང༌། །མཁའ་དང་ས་སྤྱོད་སྣ་ཚོགས་སྤྲུལ་པའི་གནས། །གང་ལ་གང་འདུལ་སྣ་ཚོགས་གཟུགས་སྟོན་པའི། །སངས་རྒྱས་སྤྲུལ་པའི་སྐུ་ལ་གུས་ཕྱག་འཚལ། །གྲངས་མེད་གོང་ནས་ད་ལ་ཐུག་གི་བར། །དག་དང་མ་དག་སྐྱེ་བའི་ཕྲེང་བ་ཀུན། །རིགས་ཀྱི་བདག་པོ་འདྲེན་པའི་བླ་མ་མཆོག །དྲི་མ་མེད་ལ་རྩེ་གཅིག་གུས་པས་འདུད། །དེ་སྲས་རྡོར་སེམས་མི་ཡི་བརྫུར་ཞུགས་ཤིང༌། །ཨ་ཏི་སེམས་ཀློང་མན་ངག་སྐོར་གསུམ་དང༌། །ལུས་མེད་མཁའ་འགྲོའི་ཆོས་སྐོར་ཐིག་ལེ་གསུམ། །སྟོན་མཛད་གསང་བདག་དགའ་རབ་དཔའ་བོར་འདུད། །སྐུ་གསུམ་རྒྱལ་བའི་མཁྱེན་ནུས་གཅིག་བསྡུས་དཔལ། །ཞི་ཆགས་ཁྲོ་བོའི་དཀྱིལ་འཁོར་ཀུན་གྱི་གཙོ། །ཌཱཀྐི་ཡོངས་ཀྱི་མེས་པོ་ཧེ་རུ་ཀཿ །ཁམས་གསུམ་དྲེགས་ལྡན་ཡོངས་ཀྱི་སྲོག་སྙིང་བདག །རྒྱུད་ལུང་མན་ངག་འབུམ་གྱི་མཛོད་འཛིན་ཞིང༌། །བཀའ་གཏེར་དག་སྣང་ཆོས་ཀྱི་འབྱུང་གནས་ཆེ། །ཚེ་རབས་རྗེས་སུ་བཟུང་བའི་དྲིན་ལྡན་རྗེ། །བདག་གི་བླ་མ་པདྨ་ཀ་ར་ལ། །རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་བ་འདེབས། །ཐུགས་རྗེ་མ་གཡེལ་རྫུ་འཕྲུལ་ཤུགས་ཕྱུངས་ལ། །བདག་གི་རིག་པའི་ཀློང་དུ་བཞུགས་ནས་ཀྱང༌། །ལོངས་སྤྱོད་འཁོར་ལོའི་གསང་མཛོད་རྡོལ་བར་མཛོད། །གང་ཁྱོད་མ་དག་འཁྲུལ་བའི་སྣང་ངོ་རུ། །ཤ་ཁྲག་སྦུབས་སུ་སོ་སྐྱེ་འཕགས་པའི་ཚུལ། །དག་དང་མ་དག་གདུལ་དཀའི་འགྲོ་བ་ཀུན། །མཐོང་ཐོས་དྲན་རེག་ཐབས་མཁས་བྱང་སེམས་ཀྱིས། །རྗེས་བཟུང་ཡང་དག་ལམ་དུ་འགོད་མཛད་ཅིང༌། །བདག་སོགས་སྨིན་གྲོལ་བདུད་རྩིའི་བཅུད་ཀྱིས་གསོས། །རིག་འཛིན་རྣམ་བཞིའི་ལམ་བཟང་སྟོན་མཛད་མགོན། །ཀུན་བཟང་གཞན་ལ་ཕན་དེས་རྟག་ཏུ་སྐྱོངས། །སྔོན་བྱོན་གྲུབ་བརྙེས་རིག་པ་འཛིན་པ་དང༌། །བསྟན་འཛིན་སྐྱེས་བུ་རིམ་བར་བྱོན་རྣམས་ཀྱི། །ཕྱི་ནང་གསང་བའི་རྣམ་ཐར་ངོ་མཚར་བས། །རྗེས་འཇུག་དད་མོས་ངེས་འབྱུང་སྐྱོ་ཤས་ཀྱིས། །རྒྱུད་བསྐུལ་ཡང་དག་ལམ་དུ་འགོད་བྱེད་པ། །ཡོད་བཞིན་བདག་འདྲ་སོ་སོའི་སྐྱེ་བོ་ཡི། །འཁྲུལ་བའི་བྱ་སྤྱོད་བྲི་བར་མི་འོས་ཀྱང༌། །སྐྱེ་ཀུན་དྲིན་གྱིས་བསྐྱངས་མཛད་ལྕམ་མོ་ཡི། །བཀའ་དང་ཁྱད་པར་བསྐལ་མང་ལས་ཀྱིས་འབྲེལ། །སྨོན་ལམ་དག་པའི་ཆོས་རྒྱལ་སེམས་དཔའ་ཆེས། བཀའ་ནན་ལན་གྲངས་ལྡོག་ཏུུ་མ་ནུས་པར། །དབྱིངས་རིག་སྤྲུལ་བསྒྱུར་ཡེ་ཤེས་ཌཱཀྐིམ་ར། །གསོལ་བ་བཏབ་ནས་བརྗོད་པར་དམ་བཅའོ། །ཨེ་མ་ཧོ། སྔོན་དུས་ཏི་གྲོ་ཁྲ་མོ་བྲག་དཀར་དུ། །གུ་རུ་ཡབ་ཡུམ་སྤྱོད་པར་བཞུགས་པའི་དུས། །རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་ཞལ་ཕྱེས་ཚེ། །རྫུ་འཕྲུལ་གྱིས་བྱོན་བྱིན་གྱིས་བརླབས་པ་དང༌། །ལོ་ཆེན་བཻ་རོ་གཡུ་སྒྲ་སྙིང་པོ་ཡིས། །སྒྲུབ་པ་མཛད་ཅིང་མ་རུང་རུ་ཊ་བཏུལ། །རྩ་གསུམ་གནས་སུ་བྱིན་གྱིས་བརླབས་པའི་གནས། རྒྱལ་རོང་ཀེའི་ཚང་སེང་བྲག་གཡས་ཕྱོགས་ཀྱི། །རྡོ་རྗེ་ཕག་མོས་བྱིན་བརླབས་གནས་མཆོག་ཏུ། །ཡང་གསང་ཐུགས་ཐིག་དཀྱིལ་འཁོར་ཞལ་ཕྱེས་ཚེ། །དབྱིངས་ལ་སྟོན་པ་རྣམ་གསུམ་འབྲལ་མེད་བཞུགས། །ལྷ་སྲས་སྤྲུལ་པ་མ་ཧཱ་ར་ཛ་གཙོས། །གཟུགས་མེད་ལས་ཅན་དག་པའི་འཁོར་རྣམས་འདུས། །མ་འོངས་ཉམས་མཚར་ཕྱིར་དུ་འདྲ་འབག་བཀོད། །སྐྱེ་བའི་ཕྲེང་བ་གོང་མའི་རྣམ་ཐར་གསལ། །འོན་ཀྱང་ཡེ་ཤེས་ཌཱཀྐིས་འདི་སྐད་གསུངས། །དེ་ཡང་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པ་ནི། གསང་བདག་དགའ་རབ་རྡོ་རྗེ་ནས་རིམ་པར་བརྒྱུད་ཅིང༌། འཇམ་དབྱངས་སྤྲུལ་པའི་ཟློས་གར་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་རྣམ་རོལ་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་གྱི་ཐ་མ་དགོངས་འདུས་ལུང་བསྟན་བཀའ་རྒྱ་མ་ལས་ལུང་གིས་ཟིན་པ་ལྟར་ཡིན་འདུག་ཅིང༌། ད་ལྟའི་སྐྱེ་བ་འདི་ཡི་རིགས་རུས་ཆོ་འབྲང་སོགས་ནི། མགོ་ལོག་ཞེས་པའི་སའི་ཆར་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་སྒྲུབ་གནས་རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས་ཤིང་སློབ་དཔོན་ཆེན་པོས་ཟླ་དྲུག་སྒྲུབ་བ་མཛད་ཅིང་ལན་བདུན་བྱོན་པའི་ས། གནས་བདག་སྟོབས་ལྡན་ནག་པོ་དྲེགས་པའི་ཚུལ་བཟུང་བ་གཉན་ཆེན་ཐོད་པ་རྩལ་ཞེས་བྱ་བ་ས་བཅུའི་སེམས་དཔའ་ཆེན་པོ་ཡུམ་ཆེན་ལྷ་མོ་ཀླུ་མོ་གཉན་མོ་བཞི་དང་སྲས་འཁོར་སྤྲུལ་པ་ཡང་སྤྲུལ་དཔག་ཏུ་མེད་པས་བསྐོར་བའི་གནས་སུ་ཕྱིའི་མཚོ་ཆེན་བརྒྱད་ཀྱི་ནང་ནས་སྔོ་མཚོ་གོང་འོག་ཅེས་པ་ལྷ་བདུད་ཀྱི་མཚོ་གཉིས་སུ་གྲགས་པའི་མཚོ་གོང་མའི་འགྲམ་དུ་བྲག་དཀར་རྒྱ་སྟག་འགྱིང་བ་ལྟ་བུ་ཞིག་ཡོད་པ་དེ་ཟོ་དོར་གྱི་སྒོ་ཆེན་ཡིན་པར་འདུག་རེ་ཞིག་གི་ཚེ་གར་སྟོད་ནས་འོང་བའི་གཉན་ལྷ་དེའི་བུ་ལྷང་ཆེན་ཐར་ཟེར་བའི་མདའ་རྩལ་ཐོགས་པ་མེད་བ་ཞིག་སླེབ་ནས་དེར་བསྡད་པས། མཚོ་གོང་འོག་གཉིས་ཀྱི་ནང་ནས་ཆུ་གླང་གཉིས་འོང་ནས་འཐབ་འཛིང་ཁོ་ནར་བྱེད་ཀྱིན་འདུག་པ་མཐོང༌། དེའི་ནུབ་བྲག་དཀར་དེའི་གམ་དུ་ཉལ་བའི་རྨི་ལམ་ལྟ་བུའི་སྣང་བ་ལ། མི་དཀར་རྟ་དཀར་ཅན་ཞིག་བྱུང་ནས་ཁྱོད་གང་ནས་འོང་ཟེར། །སྟོད་མངའ་རིས་ཕྱོགས་ནས་འོང༌། མིང་ལ་ཅི་ཟེར། ལྷང་ཆེན་ཐར་རོ། །ནུས་པ་ཅི་ཡོད། མདའ་སྐྱེན་པོའི་རང་དབང་ཐོབ་བོ་སྨྲས་སོ། །འོ་ན་སང་མཚོ་གོང་འོག་གཉིས་ནས་གླང་གཡག་གཉིས་ཐོན་ཞིང་འཐབ་འཛིང་བྱེད་འོང་བས་གོང་མ་དེ་ངེད་ལྷའི་བླ་ཟོག་ཡིན། འོག་མའི་ནང་ནས་འོང་བ་དེ་ཁོ་བདུད་ཀྱི་བླ་ཟོག་ཡིན་པས། ཁྱོད་ཀྱིས་མདའ་ཡིས་བསྣུན་ཅིང་སྲོག་ཆོད་པར་གྱུར་ན་ངེད་ལྷ་རྒྱལ་ཞིང་ཁོ་བདུད་ཕམ་པར་འགྱུར་བས། རང་ཅག་མཐུན་གྲོགས་བྱེད་ཅིང་ཁྱོད་འདོད་དོན་ཐམས་ཅད་ཡོངས་སུ་འགྲུབ་བར་བྱེད་དོ། །ཞེས་ཐ་ཚིག་བསྒོས་སོ། །ནང་བར་གླང་གཉིས་བྱུང་ནས་འཐབ་ཚེ་དབྱིབས་འདྲ་བས་ངོས་མ་ཟིན་ཞིང་མདའ་བསྣུན་རྒྱུའི་རྔོ་མ་ཐོགས་པར་དེ་ཉིན་ལུས། དེའི་ནུབ་ཀྱང་སྔར་གྱི་མི་དཀར་རྟ་དཀར་ཅན་དེ་བྱུང་ནས་ཁྱོད་ཀྱིས་དེ་རིང་མདའ་མི་བརྡེག་པ་ཅི་ཡིན་ཟེར་བས། ངས་གླང་གཉིས་འདྲ་བར་འདུག་པས་ངོས་མ་ཟིན་ནོ་བྱས་པར་འོ་ན་སང་ངའི་བླ་ཟོག་ལ་རྟགས་ཡོད་པས་ངོས་ཟུངས་ལ་ཧུར་ཐག་གྱིས་ཤིག ཁྱོད་ཀྱིས་འདོད་དོན་རྣམས་ངས་འགྲུབ་པར་བྱེད་དོ་ཟེར་ནས་སོང་ངོ༌། །སང་ནང་བར་གླང་གཉིས་སྔར་ལྟར་འཐབ་ཚེ་ཁོས་ལེགས་པར་བལྟས་བས། གཅིག་གི་ཟེ་བའི་ནང་དུ་མེ་ལོང་ཞིག་འོད་ལྷང་ངེར་བཏགས་འདུག་པས་མེད་མཁན་དེའི་སྙིང་གི་ཐད་དུ་གཟིར་ཞིང་མདའ་ཞིག་བསྣུན་པས་གླང་དེ་མཚོ་འོག་མའི་ནང་དུ་མཆོང་སོང༌། མཚོ་ཡང་ཁྲག་གིས་དམར་ལྟེམ་གྱིས་གྱུར་ནས་སྟོད་ཕྱོགས་ཀྱི་རི་བྲག་མཚོ་ཤིང་ཀུན་གྱིས་ཀི་བསྭོ་ལྷ་རྒྱལ་གྱི་སྒྲ་ས་གཡོ་ནུས་པ་ཙམ་བསྒྲགས་ཤིང༌། སྨད་ཕྱོགས་ཀུན་དུ་ངུ་སྒྲ་དང་སྐད་ངན་དིར་གྱིས་སོང༌། དེའི་ནུབ་ཀྱང་སྔར་གྱི་མི་དེ་བྱུང་ནས། ད་ནི་དཀར་པོའི་ལྷ་རྒྱལ་ནག་པོའི་བདུད་ཕམ། རང་རེའི་འདོད་དོན་གྲུབ་སོང་བས། ངེད་ཀྱིས་ཁྱོད་ལ་བཟང་ལན་འཇལ་བ་ཡིན་པས་སང་ནང་བར་བྲག་རྩ་འདིར་སྲོག་ཆགས་འཇིགས་སུ་རུང་བ་ཇི་ལྟ་བུ་ཞིག་བྱུང་ན་རབ་ཀྱི་ལག་པས། འབྲིང་གི་མདའ་སྒྲོས་བྱུགས། །ཐ་ན་བྱེ་མ་སྤར་གང་དེའི་ལུས་ལ་རྒྱོབ་ཅིག་ཟེར་ནས་སོང་ངོ༌། །སང་ནང་བར་ཉི་མ་ཤར་ཚེ་བྲག་ཐོག་དེ་ན་ལྷ་གཡག་དཀར་པོ་འཇིགས་སུ་རུང་བ་ཁ་གདངས་ཤིང་ལྕེ་བར་སྣང་ལ་གཡུག་པ་ཁ་རླངས་ན་བུན་འཁྲིགས་ཤིང༌། རྨིག་པས་ཕ་ཝོང་ཙོག་པོར་འཕེན་པ་ཞིག་བྱུང་བ་འཇིགས་སྐྲག་གིས་ལྟ་མ་ནུས་པར་ལུས་ནས་མཚོའི་ནང་དུ་ཐལ་ལོ། །དེའི་ནུབ་སྔར་གྱི་གྲོགས་དེ་བྱུང་ནས། ཁྱོད་ཀྱིས་ཕོ་མ་བྱས་སོང༌། ད་ནི་སང་སྲོག་ཆགས་གཞན་མ་ཞིག་འོང་བར་འཇིགས་སྐྲག་མི་དགོས་ཤིང་སྔར་གང་བསྒོས་པ་ལྟར་གྱིས་ཤིག་ཟེར་ནས་སོང་ངོ༌། །ཡང་སང་ཉི་མ་ཤར་ཚེ་བྲག་ཐོག་ནས་སྟག་མོ་འཇིགས་སུ་རུང་བ་ཁ་གདངས་མིག་བསྒྲད་མཆེ་བ་གཙིགས་ཤིང་སྔེར་མོས་རྡོ་ཤིང་ཙོག་པོར་འཕེན་པ་ཞིག་རྔམ་པའི་སྟབས་ཀྱིས་བྱུང་བར་སྔངས་ཤིང་འགུལ་བསྐྱོད་ཙམ་ཡང་མ་ཕོད་བར་བསྔད་པས་དེ་ཡང་མཚོ་ནང་དུ་ཐལ་ལོ། །དེའི་ནུབ་ཡང་སྔར་གྱི་གྲོགས་དེ་བྱུང་ནས། ཁྱོད་ལྟ་བུའི་མི་ཐབས་སྡུག་བསོད་ཟད། ལས་གང་ཡང་མི་འགྲུབ་པའི་མི་ཞིག་གར་ཡོད། །ངེད་ནས་ཁྱོད་ལ་ཕན་ཐོག་དཀའ་བར་འདུག་ཟེར། ཁྱོད་སྔར་གྱི་ཐ་ཚིག་ལ་མི་གནས་སོ་སྨྲས་པས། ངེད་རང་མི་གནས་པར་མིན་ཀྱང་ཁྱོད་ནས་མ་བྱུང༌། ཁར་ཉིན་སྔོན་ནས་ལྷ་གཡག་དཀར་པོ་བྱུང་བ་དེ་ངེད་ཀྱི་སྲས་མོ་ཆུང་བ་ལྷ་མོ་འོད་ལྡན་དཔལ་མོ་ཡིན། གཞན་གྱིས་སློང་ཡང་མ་ཚར་ཀུན་གྱི་མཆོག་ཏུ་གྱུར་བ་ཡིན་པས། ཁྱོད་ལ་ཐོབ་ན་མི་བརྒྱུད་ཆོས་ཀྱི་བསོད་ནམས་ཐོབ་ཅིང་རིག་འཛིན་གདུད་བརྒྱུད་གྲལ་མི་ཉམས་པ། རྒྱ་བོད་ཆོས་ཀྱིས་འདུལ་ཞིང་ཆེ་ཞིང་སྙན་གྲགས་རྒྱ་བོད་ཁྱབ་བ་ཞིག་འོང་བར་ངེས་ཀྱང་དེའི་རྟེན་འབྲེལ་མ་འགྲིགས། །ད་ནང་རྒྱ་སྟག་དེ་ག་གཉན་རིགས་བསོད་ནམས་དཔལ་སྟེར་ངེད་ཀྱི་སྲས་མོ་འབྲིང་བ་ཡིན། སློང་མཁན་བྱུང་ཡང་སྦྱིན་མ་ཚར། ཁྱོད་ཀྱིས་ཐོབ་ན་མི་བརྒྱུད་བསོད་ནམས་ཐོབ་ཅིང་ལོངས་སྤྱོད་མངའ་ཐང་འཕེལ་ཞིང་ཀུན་གྱིས་བཀུར་སྟི་རིམ་འགྲོའི་གནས་སུ་འགྱུར་ཡང་དེའི་རྟེན་འབྲེལ་ཡང་མ་འགྲིགས། ད་ནི་སྲས་མོ་ཆེ་བ་ཀླུ་མོ་གཟི་འོད་སྒྲ་རྒྱལ་ཞེས་པ་ཡོད་ཀྱང་རྨ་རྒྱལ་སྤོམ་རའི་ཆུང་མར་སྦྱིན་ཆད་བྱས་ཚར། ཁྱོད་ལ་ལན་གཅིག་སྦྱིན་ཆོག་ཀྱང༌། ཡུན་དུ་ཕན་ཐོགས་པར་དཀའ། ཁྱོད་ལ་ཐོབ་ཚེ་མི་བརྒྱུད་སྡིག་ལ་རྔམས་ཤིང་ལས་སུ་དམག་ཇག་ཆོམ་རྐུན་དང༌། ལོངས་སྤྱོད་གཞན་ནོར་ཁོ་ནས་འཚོ་ཞིང༌། སྲོག་གཅོད་ཤ་ཁྲག་དམར་སྟོན་བརྩོན་པ། མི་བརྒྱུད་མ་རྫོགས་བར་དུ་རང་མགོ་གཞན་འོག་ཏུ་མི་ཤོར་ཙམ་དུ་འབྱུང་ཡང་རྟེན་འབྲེལ་ཐ་མའོ། །འོན་ཀྱང་སང་ནང་བར་སྙིང་སྟོབས་བསྐྱེད་མ་ནུས་ན། ངེད་ཀྱི་བྱ་ཐབས་བྲལ་བས་ཁྱོད་རང་བདེ་བར་ཡུལ་གཞན་དུ་བཞུད་ཅིག །ཁོ་བོས་ནོར་གྱིས་རྫོངས་པ་ཙམ་བྱེད་དོ་ཟེར་ནས་སོང་ངོ༌། །སང་ཉི་མ་འཆར་དུས་ཡང་བྲག་ཐོག་ནས་རེ་འབྱམས་འཇིགས་སུ་རུང་བ་ཁ་གདངས། མིག་བསྒྲད་ལྕེ་བརྐྱངས་པ་ཞིག་བྱུང་བ་ལག་དང་སྒྲོ་ཡིས་འབྱུག་པའི་སྤོབས་མ་བྱུང་ཡང༌། །བྱེ་མ་སྤར་གང་མཇུག་མ་ཕྱོགས་སུ་གཏོར་བས། དར་གཅིག་ན་བུད་མེད་མཛེས་ཤིང་ཡིད་དུ་འོང་བ་དར་གོས་རིན་པོ་ཆེའི་རྒྱན་ཅན་ཞིང་བྱུང་ནས་གྲོགས་བྱས་སོ། །ཞག་གསུམ་ཙམ་ནས་བུ་མོ་དེ་ན་རེ་ ཁྱོད་དེ་རིང་ལུང་པ་འདིའི་སྟོད་དུ་སོང་དང་མཚོ་ཆུང་ཞིག་གི་ཁ་ན། ང་ཡི་ནོར་རྫོངས་ནོར་ཆ་ཤས་ཡོད་པ་དེ་དེད་ལ་ཤོ་ཟེར་བཞིན་ཕྱིན་པས། ནོར་སྤུ་རིགས་མི་འདྲ་བ་བརྒྱ་ཕྲག་ཙམ་འདུག་པ་དེད་ནས། མར་དགོང་མོར་སླེབས་དུས་ན་མཚོ་འདབས་དེར། སྦྲ་ལེགས་པོ་ཞིག་ཕུབ། དེའི་ནང་དུ་དཀོར་ཆ་ལོངས་སྤྱོད་སོགས་གྱ་ནོམ་པ་བཀོད་འདུག་པས། རང་ཅག་གི་འདི་གང་ནས་བྱུང་དྲིས་པས། ང་ཡི་མིང་པོས་བསྐྱལ་བྱུང་ཟེར། ཁྱོད་ཀྱི་མིང་པོ་ཁར་ཉིན་ངའི་གྲོགས་པོ་དེ་ཨི་ཡིན་དྲིས་པས་ཡིན་ཡང་སྲིད་ཟེར། དེ་ནས་ཁོ་རང་གཉིས་བདེ་སྐྱིད་ལ་ལོངས་སུ་སྤྱོད་ཅིང་རྩེད་འཇོའི་ངང་དུ་གནས་སོ། །རེ་ཞིག་ན་བུ་ཞིག་ཀྱང་བཙས་པ་ལོ་ངོ་ལོན་ཙ་ན་ཆུང་མ་དེས་སྨྲས་པ། ད་ནི་རང་ཅག་འགྲོགས་ནས་ལོ་གསུམ་སོང༌། དེའི་རིང་ལ་བདེ་སྐྱིད་ལྡན་པར་བྱུང༌། བུ་འདི་ཡང་ལོ་ངོ་ལོན་པས་སྔར་བཙས་སྟོན་ཀྱང་མ་བྱས། སང་ནས་བཟུང་ཞག་གསུམ་བར་སྟོན་མོ་རྒྱ་ཆེན་པོ་ཞིག་བྱེད། བུ་འདིའི་ཞང་པོ་ཚང་ལ་ཡང་མཆོད་བ་རྒྱ་ཆེན་པོ་ཞིག་བྱེད་དགོས་ཟེར། ཁྱོ་བོས་ཀྱང་དེ་ལྟར་ཤིན་ཏུ་ལེགས་བྱས་སོ། །བུ་མོ་དེས་དོ་ནུབ་ཁྱོད་རང་བདེ་བར་ཉོལ་དང་ངས་སྟོན་མོ་གྲབ་བྱེད་དོ་ཟེར་བར་ནུབ་དེར་མི་མང་དང་གཅན་གཟན་སྣ་ཚོགས་འདུས་ཤིང་ཡོ་ལོང་བྱེད་པར་སོང་ནས་བསང་དང་ཞལ་ཟས་ཀྱི་མཆོད་པ། ཟས་སྣ་དང་ཤ་ཁྲག་དམར་སྟོན། ཀླུའི་ཞལ་ཟས་དང་བཏུང་བའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་བཤམས་འདུག་པར། སྔར་མཐོང་མ་མྱོང་པའི་ལྷ་ཀླུ་གཉན་གྱི་དམག་ཚོགས་དཔག་ཏུ་མེད་པས་སྐད་ཅིག་སྐད་ཅིག་གིས་ལོངས་སྤྱོད་ཅིང༌། ཐམས་ཅད་རང་གནས་སུ་སོང་བའི་རྗེས་སུ་སྔར་གྱི་མི་དཀར་རྟ་དཀར་ཅན་བསྡད་དེ། ཀྱེ་གྲོགས་པོ་ཁྱོད་ཀྱི་ཆུང་མ་འདི་སྔར་བཤད་པ་ལྟར། གཉན་གྱི་རྒྱལ་པོའི་སྲས་མོ་ཆེ་བ་སྟེ་རྨ་རྒྱལ་སྤོམ་རའི་བུ་ཡི་ཆུང་མར་བྱིན་ཡོད་པ། འདི་ནས་ཞག་གསུམ་གྱི་དུས་སུ་ཁོ་ཡི་ཤུགས་ཀྱིས་ལེན་དུ་འོང་བས། དེའི་དུས་སུ་ཁྱོད་ཀྱིས་བུ་ནོར་ལོངས་སྤྱོད་གང་ལའང་མ་ལྟ་བར་ལག་གཡོན་གྱིས་སྲས་མོ་ལ་དམ་དུ་འཆང་ཞིང༌། ལག་གཡས་པས་རལ་གྲི་འདི་བར་སྣང་ལ་གཡུག་ཅིང༌། ང་ནི་ལྷང་ཆེན་ཐར་པ་རྒྱལ་མཚན་ཡིན། མཚོན་འདི་རལ་གྲི་འབར་བ་ལན་མེད་ཡིན། ཐང་རྙེད་ཆུང་མ་སུ་ལའང་མི་སྟེར་རོ་སྨྲས་ནས་དཔའ་ངར་བསྐྱེད་ཅིང་སྔོད། སྲས་མོ་མ་ཤོར་ན། བུ་ནོར་ལོངས་སྤྱོད་ཐམས་ཅད་ནོར་བུ་རང་འཁོར་ཡོང༌། ཞེས་ཟེར་ནས་ཐལ་ལོ། །དེ་ནས་ཞག་གསུམ་གྱི་དུས་སུ་བྱང་ཕྱོགས་ནས་སྤྲིན་ནག་གཡོ་བ་དང༌། འཇིགས་པའི་སྒྲ་ཆེན་གྲགས་ཤིང༌། གློག་དམར་དྲག་པོ་དང་རྡོ་ཆར་འབེབས་པ་སོགས་བྱུང་བས། ཆུང་མས་རྨ་རྒྱལ་སྤོམ་རའི་དམག་སླེབ་བྱུང་བས། དེ་རིང་ཅི་བྱེད་ཁྱོད་ལ་རགས་པས་སོ་ཟེར་བས། སྔར་གྲོགས་པོས་བསླབ་པ་ལྟར་ཆུང་མ་ལ་དམ་དུ་འཆང༌། རལ་གྲི་གཡུག་ཅིང་བསྡད་པས་སྦྲ་ནོར་ལོངས་སྤྱོད་ཀུན་སྨུག་རླུང་གིས་ཁྱེར་སོང་བར་ཉམ་ང་མེད་པར་བསྔད་ཀྱང༌། ཇི་ཞིག་ན་བུ་ཡང་རླུང་གིས་བཏེགས་པས། ཕོངས་སེམས་དང་སྙིང་གིས་མ་བཟོད་པར། ཆུང་མ་བཏང་ནས་མྱུར་དུ་རྒྱུག་ཅིང༌། བུ་ཆུར་ཟིན་ཞིང་བཟུང་བས་བར་དེར། ཆུང་མ་འུར་དིར་གྱིས་ན་བུན་དང་རླུང་དམར་འདྲེས་པས་བཏུམས་ཏེ་ཁྱེར་སོང༌། དེ་ནས་ཁོ་རང་ཕ་བུ་དང་རལ་གྲི་འཁོར་གསུམ་བཅས་ལས། གཞན་གང་ཡང་མི་འདུག་པའི་མྱ་ངན་གྱིས་ཞག་གསུམ་དུ་ལུས། སླར་གོང་གི་བྲག་རྩར་ཕྱིན་ཏེ་བསྔད་པས། རྟ་མཆོག་ངང་པ་གཡུ་རྔོག་ལ་ཞོན་པ་དཔའ་བོ་གཟི་བརྗིད་བཟོད་པར་དཀའ་བ་ཞིག་དང་སྔར་གྱི་མི་དཀར་རྟ་དཀར་ཅན་དེ་གཉིས་བྱུང་ནས། སྐྱེ་བོ་གླད་མེད་མགོ་འཁོར་བོ། བསྒོས་པའི་ཁ་རུམ་ཉན་ན། །བྱ་སྤྱོད་རླུང་གིས་ཁྱེར་བའི་ལས་འདི་འདྲ་འོང༌། ངས་ཚ་བོ་ལ་བལྟ་སར་ལན་ཅིག་འོང་བ་ཡིན། ཁྱོད་རང་ཅི་དགར་གྱིས་ཤིག་ཟེར། ད་ཆུང་མ་དང་རྒྱུ་ནོར་གང་ཡང་མེད་པས། བུ་འདི་ཡང་འཕྲོག་འགྲོ་སྙམ་ནས་དཔའ་ཞུམ་སྟེ་བསྡད། ཡང་མཚོ་ནང་ནས་བུད་མེད་གཡུའི་ལན་ཚར་ཅན་ཞིག་བྱུང་ནས་བུ་ལག་ཏུ་བླངས་ཏེ། འོ་མ་ཕོར་ཆུང་གང་བླུད་དེ། བྱིས་པ་ཆུང་ངུ་འདི་མ་དང་བྲལ་བས་སྙིང་རེ་རྗེ་ནོར་སྐལ་ཕྲན་བུ་ཞིག་སྦྱིན་དགོས་ཟེར་ནས། སླར་མཚོ་ནང་དུ་དེངས་སོང་ངོ༌། །གནོད་སྦྱིན་དེས་བུ་ཆུང་ཁྱོད་ཆོས་ནོར་གྱི་བསོད་ནམས་མེད་ཀྱང་མ་དང་བྲལ་བས་བདེ་སྐྱིད་ཀྱིས་བསོད་ནམས་ཡང་མེད་འདུག་པ། དཔལ་རྩལ་ཐོགས་པ་མེད་ཅིང་ཁྱོད་ཀྱི་མི་བརྒྱུད་མ་རྫོགས་བར་དུ་རང་དབང་ཆེ་ཞིང་གཞན་འོག་ཏུ་མི་འགྲོ་བར་ཤོག་ཅིག །ཟེར་ཞིང་མགོ་ལ་བྱུག་པ་ཞིག་བྱས། ཕ་ལ་ཁྱོད་མི་ཐབས་སྡུག་ཆིག་འདུག་ཀྱང་ལན་གཅིག་གཉེན་དུ་གྱུར་པས་ད་གྲོགས་ལྡན་མི་བྱེད་ཐབས་མེད་ཡིན། སྤོ་མ་ར་ལ་ཡང་ཤ་ལན་མི་བྱེད་ཐབས་མེད་ཡིན། སྔར་གྱི་གྲི་ཕར་བླང་ནས་ཁོང་གི་རྐེད་པར་ཤུབས་འདུག་པར་བཅུག་སྟེ། ཆིབས་ལ་ཞོན་ནས་མི་སྣང་བར་གྱུར་རོ། །སྔར་གྱི་གྲོགས་པོ་དེ་རང་སར་འདུག་པར། ད་ཀིའི་མི་ཕོ་གཟི་བརྗིད་ཅན་དེ་སུ་ཡིན་སྨྲས་པ། གནོད་སྦྱིན་ཐོད་པ་རྩལ་ཟེར་བ་ཡིན། ཁྱོད་དེའི་སྲས་ཨེ་ཡིན་སྨྲས་པས། ག་ལ་ཡིན་ཁྱོད་དེ་སྐད་མ་ཟེར་ཞིག །ང་ནང་བློན་ལྷ་བུ་མྱུར་འགྱོག་བྱ་བ་ཡིན། ད་ཁྱོད་སྔར་གྱི་རང་མལ་དེར་སོང་ལ་སྡོད་དང༌། བྱི་པའི་ནོར་སྐལ་སླེབ་འོང་ཟེར། དེ་ནུབ་རང་མལ་དུ་ཉལ་བས། སང་ནང་བར་རྨིས་སད་ཚེ་སྦྲ་ཆུང་ཐབས་ཆས་ཡོ་བྱད་ཆ་ཚང་ཞིག་དང༌། སྒོ་ནོར་ལྔ་བཅུ་ཙམ་སླེབ་འདུག །དེ་ནས་མར་འོང་ཞིང་མཚོ་གཉིས་བར་ལོ་གསུམ་བསྡད། བྱིས་པ་དེ་ལོ་ལྔ་ལོན་དུས་མཚོ་གོང་མའི་ཁར་རྩེད་མོར་ཕྱིན་ཚེ། མཚོ་ནང་ནས་སྔར་གྱི་བུད་མེད་དེ་བྱུང་ནས། བུ་ཆུང་ཁྱོད་ཀྱི་རྟ་སྐལ་ཕ་ཀིའི་ལུང་པའི་ནང་དུ་ཡོད། ཁྱོད་ཀྱི་མིང་ལ་དཔལ་རྩལ་འབུམ་དུ་ཐོགས་ཟེར། བྱིས་པས་དཔལ་ཐར་འབུམ་ཨི་ཡིན་སྨྲས་པས། ཁ་ལྟས་ལ་ཉེ་ཡིན་པས། བསོད་ནམས་ཆུང༌། དཔལ་འབྱོར་མེད། དཔའ་བརྒྱུད་འོང་བྲོས་ན་ཐར་མིང་དེ་ག་རང་གྱིས་ཤིག་ཟེར་ནས་མཚོ་ནང་དུ་ཐལ་ལོ། །བུ་དེ་མར་འོང་ནས་ཨ་ཕ་ང་ལ་ཕ་ཀི་མཚོ་འགྲམ་ནས་བུད་མེད་སྔོན་མོ་ཞིག་གིས་ང་རང་མིང་ལ་དཔའ་ཐར་འབུམ་བཏགས་སོང༌། །ཕ་ཀི་ལུང་པའི་ནང་དུ་ངའི་རྟ་སྐལ་ཡོད་འདུག་སྨྲས། ཕ་རྒན་ན་རེ། ཁར་ཉིན་སྤོམ་རའི་དམག་འོང་དུས། ང་རང་དཔའ་བས་དཔའ་ཟེར། ཁྱོད་རང་ཐར་བས་ཐར་ཟེར་བ་རེད་ཟེར་ནས་ཕ་བུ་གཉིས་ཀ་ལུང་པའི་ནང་དུ་བལྟ་རུ་ཕྱིན་པས། རྟ་ཆུང་སྔོན་པོ་སྒ་སྲབ་ཀྱིས་སྤྲས་པ། འཁོར་གསུམ་རལ་གྲི་དང་བཅས་པ་ཕ་ཝཾ་དཀར་པོ་ཞིག་གི་རྩར་འདུག་པས། ཕ་རྒན་གྱིས་གར་འཆམས་ཤིང་འོ་བཟང༌། འོ་བཟང༌། བུ་ཆུང་ཁྱོད་ཀྱི་དོན་འགྲུབ་སོང་ཟེར་བས། ལུང་པ་ལ་འོ་བཟང་ཟེར་བའི་མིང་ཐོགས་ཕ་བུ་གཉིས་འོ་བཟང་མདོ་དེར། ལོ་ཤས་བསྡད་ཅིང་བུ་ལ་ཡང༌། དཔའ་རྩལ་ཐོགས་པ་མེད་པ་བྱུང༌། ཉག་རོང་ཕྱོགས་ཀྱི་བུ་མོ་ལྕགས་མོ་ཞེས་པ། གཞི་བདག་གི་ཤུགས་ཀྱིས་ཁྲིད་ནས་འོང་བ་ཞིག །དེ་གར་སླེབས་ནས་ཁོང་གཉིས་ལས་དབང་གིས་འདོད་འབྲེལ་གྱུར་བས་ཁྱིམ་ཐབ་བྱས་ཤིང་རྨ་ཐ་མའི་སྟོད་དུ་ས་བཟུང༌། བུ་གཅིག་བྱུང་བར་མྱེས་པོ་དགའ་ནས། ས་འདི་ཤིན་ཏུ་ལེགས། ང་རང་ལ་བུ་ཚ་སྐྱེས་པས་སེམས་དགའ། །ས་འདི་ལ་ད་དགའ་མདོ་ཐོགས་ཟེར། བུ་ཆུང་དེ་རིམ་བཞིན་ནར་སོ་ཚེ། དང་པོ་སྨར་གྱི་མདོ་ཐོག་ཟེར་བ་ལ་ས་བཟུང༌། རི་ཁོག་ཀུན་དབལ་ཤུལ་གྱི་མངའ་ཞབས་ཡིན་པས། ཁོང་རྣམས་ཀྱང་དབལ་ཤུལ་མགོ་གཏད་བྱས། ཇི་ཞིག་ན་སྟོད་ཀྱི་ཚོ་སྡེ་རྣམས་རིན་བཞིན་མངའ་འོག་ཏུ་དྲངས། དཔལ་ཤུལ་ཡང་རང་གནས་མ་ཟིན་བས་ཁེ་ཁོག་ཏུ་བྲོས་སོང༌། མོག་གཏད་མགོ་ལ་ཤོར་བའི་ལྕགས་མོའི་བུ་མགོ་ལོག་ཅེས་མིང་དུ་ཐོགས། དེ་ལ་བུ་གསུམ་བྱུང་བར། ཆེ་བ་དབང་ཆེན་འབུམ། འབྲིང་བ་པདྨ་འབུམ། ཆུང་བ་ཨ་སྐྱོང་འབུམ་ཞེས་ཟེར་བས་རྨ་ཁོག་སྟོད་སྨད་བར་གསུམ་བཟུང་ནས། དམག་ཇག་རྔོན་རྐུན་སོགས་མི་དགེ་སྡིག་ལས་ཁོ་ནར་བརྩོན་པའི་མི་བརྒྱུད་ཤ་སྟག་བྱུང༌། ཀཿཐོག་རིག་འཛིན་ཆེན་པོ། རིག་འཛིན་བདུད་འདུལ་རྡོ་རྗེ། དཔལ་ཡུལ་ཀུན་བཟང་ཤེས་རབ་བཅས་ཡུལ་དེར་ལན་རེ་བྱོན་པས་ཆོས་བརྒྱུད་དེ་ལས་མཆེད། ཨ་སྐྱོང་གི་བརྒྱུད་ལས་བྱུང་བའི་སྙིང་དཀར་རྒྱ་ཟེར་བ། བུ་སྤུན་ནང་མ་འགྲིགས་ནས་སྨད་དུ་སོང་སྟེ། གཞི་བདག་གཉན་པོ་གཡུ་རྩེ་ལས་མཆེད་པའི་ག་ཝར་ཞེ་པའི་རྩར་ས་བཟུང་ཞིང༌། ལུང་དཀར་མཚོ་འགྲམ་ནས་གསེར་སྙིམ་པ་གང་རྙེད། གསེར་འབུམ་ཞིག་བཞེངས། སླར་མིང་བསྒྱུར་ཏེ། ཆོས་ཕྱུགས་རྒྱལ་ཞེས་བཏགས། དེའི་བརྒྱུད་ལས་བྱུང་བ་ཀུན་ལ་ཆོས་སྐོར་ཞེས་གྲགས་པའི། །མི་རབས་ལྔའི་མཚམས་སུ་ཕ་ཆོས་སྐོར་བསོད་ནམས་འཕན་ཞེས་བ། བུ་སྤུན་ལྔ་ཡོད་པའི་ནང་གི་ཆུང་བ་དང༌། མ་བསྟོད་ཀྱི་མདའ་པ་ཞེས་པ་ནི་བཙན་གྱི་བུ་བརྒྱུད་ཡིན་པར་གྲགས་ཤིང༌། ཆུང་མ་མགར་ཟ་ཞེས་པ་གཞན་གྱི་བུད་མེད་དང་མི་མཚུངས་པར་རཀྟའི་ཚབས་སུ་འོ་མ་འབབ་ཅིང་མཐོང་སྣང་དང་རྨི་ལམ་མི་འདྲ་བ་འབྱུང་བ་དེའི་བུ་མོ་ཚེ་དབང་སྨན་ཟེར་བ་གཉིས་ཁོ་ཤུག་ཏུ་གྱུར། རེ་ཞིག་གི་ཚེ་ལྷ་ལྡན་དུ་མཇལ་ཕྱག་སོང་སྐབས། ཉིན་ཅིག་ཁོ་རང་རྣམས་ལྷ་སའི་མ་ཅིག་དཔལ་ལྷའི་དྲུང་དུ་སླེབ་ཚེ། བུད་མེད་གཉིས་བྱུང་སྟེ་ཆུང་མ་དེ་མི་མང་ཁྲོད་ནས་ཕྱུངས་ནས། དཔལ་ལྷའི་གཡས་ཕྱོགས་སྒོའི་རྣམ་པ་ལྟ་བུ་ཞིག་ཕྱེས་ཏེ་དངོས་སུ་ཁྲིད་སོང་བར་མོ་རང་སྣང་བ་ཐོམ་ཐོམ་ལྟ་བུའི་ངང་ནས། ཐག་རིང་པོར་བགྲོད་སྙམས་ཀྱི་སྣང་བར་བྱུང་འདུག་པ། རེ་ཞིག་ན་ཕོ་བྲང་ངོ་མཚར་ཅན་ཞིག་གི་སྒོ་དྲུང་དུ་སླེབ་འདུག་པ། ཁོང་གཉིས་ཀྱི་བར་དུ་བཞག་སྟེ་སྒོ་ནང་དུ་ཁྲིད་ནས། ཤེལ་གྱི་ཐེམ་སྐས་ཞིག་ལ་འཛེགས་ཏེ་ཕྱིན་པས། ནང་དེར་ཕོ་བྲང་རྒྱ་ཆེ་ཞིང་མི་དང་གཞན་ཡང་ལུས་པོ་མི་ལ་མགོ་བརྙན་སྣ་ཚོགས་པ་མང་པོ་འདུག་པ། ལ་ལས་ནི་བྲོ་གར་བྱེད། ལ་ལས་མོ་རང་མཐོང་མ་ཐག་ཁ་ཕར་གྱུ། ལ་ལས་རིང་དུ་འབྱེར། ལ་ལ་ནི་ཕག་ཏུ་ཡིབ་པ་ལ་འདི་རྣམས་ཅི་རེད་དྲིས་པས། བུད་མེད་དེ་གཉིས་ཀྱི་འདི་རྣམས་རྒྱལ་པོ་ཆེན་པོའི་འཁོར་རྣམས་ཏེ། ལྷ་རིགས་རྣམས་ཀྱིས་རྩེ་འཇོ་རོལ་པ་ཡིན། གཉན་དང་ཀླུ་རིགས་ཕལ་ཆེར་ལ་མཐོང་རེག་ཁ་རླངས་ཀྱི་དུག་ཡོད་པས་ཁྱོད་ལ་གནོད་ཀྱིས་དོགས་ནས་བཟུར་བ་རེད་ཟེར། དེ་ནས་རིམ་བཞིན་ནང་དུ་ཕྱིན་པའི་ཟུར་གྱི་སྒོ་ཆུང་ཞིག་ཕྱེས་ཏེ། མོ་རང་ལ་ཁྱོད་ནང་དུ་སོང་ཟེར་ནས་ཁོ་རང་གཉིས་དེར་བསྡད། ནང་དུ་ཕྱིན་ཚེ་ཁེའུ་གཉིས་ཀྱི་ཡར་ཁྲིད་པར། རིན་པོ་ཆེའི་ཁྲི་ཟ་འོག་འབོལ་བརྩེགས་ཀྱི་སྟེང་དུ་སྐྱེས་པ་གཞོན་ནུ་མཚར་སྡུག་ལ་འོད་ཆགས་པ། ཟ་འོག་གི་ན་བཟའ་དར་གྱི་ལ་ཐོད་རིན་པོ་ཆེའི་རྒྱན་ཆ་དུ་མས་སྤྲས་པ་ཞིག་བཞུགས་འདུག་པའི་ཞལ་ནས། སྐྱེས་དམན་ཁྱོད་ཡར་ཤོག །ངལ་བར་མ་གྱུར་ཏམ། སྔར་འདི་གར་ཡོད་པའི་ངའི་སྙིང་སྡུག་གི་གྲལ་ཡིན་ཡང༌། རེ་ཞིག་དགོས་ཆེད་ཀྱི་ཁམས་ལ་སྐྱེ་བ་ལེན་དགོས་བྱུང་སོང༌། ད་ལན་འཕྲད་དགོས་་པ་ལ་ཡང་དགོས་ཆེད་ཡོད་གསུངས་ནས། དྲུང་དུ་བཞག་ནས་བཟའ་བཏུང་སོགས་གནང༌། ནུབ་ཅིག་དགའ་མགུར་སྤྱོད་པའི་སྣང་བ་བྱུང༌། ཕྱིའི་ནང་པར་སྐྱེས་པ་དེས་དར་ཆེ་ལེགས་ཞིག་མོའི་མགུལ་དུ་བསྐོན་ཏེ། ང་ནི་ཟུར་ཕུད་ལྔ་བའི་སྲས། །ལྷ་བུ་དུང་ཐོད་ཅན་ཞེས་གྲགས། །ཁྱོད་དང་སྔར་ཡང་ལས་ཀྱིས་འབྲེལ། །ད་ལྟ་པདྨའི་ཕྲིན་ལས་ཀྱི། །ཟློས་གར་ལྷུམས་སུ་འཇུག་པ་ལ། །ཁོ་བོ་ལྷ་རིགས་གཉན་གྱི་སྲས། །ཁྱོད་ནི་ཤ་ཟ་ཌཱཀྐི་ཀི་མ། །བདེ་བ་ཆེན་བོའི་རོལ་པ་ལས། །དཀར་དམར་ཁམས་ཀྱི་ཐིག་ལེའི་བཅུད། །ཤ་ཁྲག་གཟུགས་སུ་སྐུ་བལྟམས་པ། །འཇའ་ལུས་རྡོ་རྗེའི་སྤྲུལ་པའི་སྐུ། །དྲེགས་ཚོགས་བླ་ན་འབར་བར་ཤོག །ཅེས་ཟེར་ཞིང་སྔར་གྱི་བུ་མོ་དེ་གཉིས་ནང་དུ་བྱུང་ནས་ད་ཁྱོད་འགྲོ་རན་ནོ་ཟེར་བར། སྐྱེས་པ་དེས་ཀྱང་ཁང་བའི་སྒོ་དྲུང་བར་གོམ་གསུམ་ཙམ་བསྐྱལ། མ་འོངས་པ་ན་མི་ཡུལ་གྱི་ཚེ་ཚད་རྫོགས་ཚེ་འདིར་ཤོག་ཅིག་ཟེར། མོ་རང་ནས་འོང་མ་འདོད་པར་ཡིད་ཤིན་ཏུ་འཕྲེང་ཡང༌། བྱ་ཐབས་བྲལ་བས་ཕྱིར་ཐོན། དེར་བུད་མེད་སྔོན་མོ་ཞིག་བྱུང་ནས། ང་ནི་ཚེ་རབས་ཀུན་གྱི་མ། བུ་ཁྱོད་རིག་པའི་ཡེ་ཤེས་ཀློང༌། བདེ་བ་ཆེན་པོར་ལོངས་སུ་སྤྱོད། །འགྲོ་དོན་དུས་ལ་བབ་ལགས་སམ། དབྱིངས་ཀྱི་མཁའ་འགྲོའི་བརྡ་ལས་བྱང༌། །ངས་ནི་རྟག་ཏུ་གྲོགས་བགྱིད་དོ། །དར་དཀར་ཡུགས་གཅིག་མོའི་སྐེར་བསྐོན། གོང་གི་སྒོ་ཆུང་ཞིག་གི་ནངནས་མི་ཕོ་གཟི་བརྗིད་ཅན་ཞིག་མར་བལྟ་ཞིང་མེ་ཏོག་འཐོར་བཞིན། པདྨའི་འཛམ་གླིང་སྲོག་གི་བདག་པོ་རུ། །དབུགས་དབྱུང་མ་འོངས་བསྐལ་པའི་ཐ་མ་ལ། །མངལ་སྐྱེས་སྣ་ཚོགས་ཐབས་ཀྱིས་དོན་སྤྱོད་ཚེ། །ཞབས་ཏོག་བསྒྲུབས་པའི་ཁས་བླངས་དམ་བཅས་པ། །དུས་ལ་བབ་པོ་ངོ་མཚར་རྨད་དུ་བྱུང༌། །མ་མཆོད་པར་ཡང་གཡེལ་མེད་བསྲུང་བ་དང༌། །མ་བསྐུལ་པར་ཡང་ཕྲིན་ལས་སྒྲུབ་པ་ཡི། །ཁས་བླང་དམ་ལས་མི་འདའ་ས་མ་ཡ། །བསྟན་པའི་པད་ཚུལ་མདོ་ཁམས་རྨད་དུ་རྒྱས། །གདུལ་བྱའི་འགྲོ་དོན་རོང་གི་ཕྱོགས་སུ་ཡོད། །མཐར་ཐུག་མ་ཧཱ་ཙི་ནའི་གདུལ་ཞིང་སྤྱོད། །སྐུ་ཚེ་མཛད་ཕྲིན་མཐར་ཕྱིན་རྫོགས་པར་ཤོག །ཅེས་ཟེར་ཞིང་སྒོ་ཆུང་བསྒྲིག །བུད་མེད་སྐུ་མདོག་སྨུག་ནག་གཟི་བརྗིད་དང་ལྡན་པ་ཞིག་གིས་དར་དཀར་པོ་གཅིག་མོའི་སྐེ་ལ་བཏགས་ཏེ། ཨ་ལ་ལ་ཧོ། ཨོཾ་སྭ་སྟི་ཟེར་ཞིང་འཛུམ་མོལ་གྱིས་ནང་དུ་ཐལ། དེ་ནས་བུ་མོ་གཉིས་ཀྱི་བར་དེར་བཞག་ནས། ཕྱིར་འོང་བའི་སྒོ་མཚམས་དེར། བན་དེ་རལ་པ་ས་ལ་ཉིལ་བ་འཇིགས་སུ་རུང་བ་ཞིག་འདུག་པས། འོ་འདི་ན་ཁྲག་འཐུང་ཧེ་རུ་ཀཿ མི་ཡུལ་སྲིད་བཟུང་ངོ་མཚར་ཆེ། བུ་མོ་ཤ་ཟ་ཌཱཀྐི་མཿ མངའ་བདག་སྤྲུལ་པ་རང་བྱུང་རྗེ། །སླར་ཡང་བོད་དུ་འབྱོན་པ་ལ། །བསྐྱེད་པའི་ཡུམ་ནི་ཁྱོད་རང་ངོ༌། །ཟེར་བར་མོས་དེའི་ངོ་ལ་ཕར་ཅིག་བལྟས་པས་ལུས་སྤྲིད་ཆིལ་ཆིལ་ས་ལ་འགྱེལ་སྙམས་པ་བྱུང་ཡང༌། བུ་མོ་གཉིས་ཀྱིས་ལག་གཡས་གཡོན་བཏེགས་ཏེ་དར་ཅིག་བསྡད་པས་དེ་ལས་སད། སླར་ཐེམ་སྐས་ནས་བབ་སྒོ་ཆེན་གྱི་ཕྱིར་ཐོན། ཀོ་གྲུའི་ནང་ནས་འོང་བའི་སྣང་བ་ལྟ་བུའི་སྐད་ཅིག་གིས་སྒོ་རྩ་ཞིག་ཏུ་སླེབས་འདུག་པར། ནང་དུ་སོང་བའི་ལྷ་སའི་མ་གཅིག་དཔལ་ལྷའི་མདུན་དེར་སླེབས་འདུག །དེ་ནས་སྒོ་དངོས་ནས་ཕྱིར་འོང་བས། ཁྱོ་བོ་བསོད་ནམས་འཕན་ཡང་དེ་གར་སླེབས་འདུག་པ། བུ་མོ་གཉིས་ཀྱིས་ཁྱོད་ཀྱི་སྐྱེས་དམན་དེ་གའོ་ཟེར། མོ་རང་གི་སྣང་བར་འཇིགས་ཆུམ་མེ་བྱུང༌། ཁྱོ་བོ་ངས་ཁྱོད་བོར་ནས་ཞག་གསུམ་སོང༌། དཔལ་ལྷའི་མདུན་ནས་བོར་བ་ཡིན་ཀྱང༌། ཕྱི་ནང་བལྟས་པས་གཡས་ཕྱོགས་སུ་ཁྲོན་པ་ཞིག་འདུག་པ་དེའི་ནང་དུ་ལྷུང་བ་ཨི་ཡིན་སྙམས། གང་ལྟར་ཆུང་མའི་རོ་ཡང་མ་རེག་པར་བོར་སོང་བ་འདི། མི་སྔོན་ཁྲེལ་དང་ངོ་ཚ་ཆེ་བས་རང་ཡུལ་ཕྱོགས་སུ་འཁོར་དགོས་གཏན་ནས་མི་འདུག་སྙམས་ཡང༌། ཁྱོད་རང་སར་བྱུང་བ་ནི་ཤིན་ཏུ་ལེགས། ཁྱོད་གར་སོང་ཁ་དར་འདི་རྣམས་སུས་བྱིན་པ་ཡིན་ཟེར་བས། ད་ཅིའི་བུད་མེད་དེ་གཉིས་ཀྱི་ཁྲིད་དེ་སོང་བར། བུད་མེད་དང་སྐྱེས་པ་མང་པོ་འདུག་པས་དེ་རྣམས་ཀྱིས་ཟས་དང་དར་སོགས་བྱིན་ཚུལ་ཧ་ལམ་ཙམ་ལས་ཞིབ་པར་བཤད་མ་ནུས། དེ་ནས་བཟུང་མོ་ལ་རང་ལ་སྔར་དང་མི་འདྲ་བའི་ལུས་ཡང་ཤེས་རབ་ཆེ་བ། རྨི་ལམ་གསལ་ཤིང་སྐབས་སྐབས་སུ་མཐོང་སྣང་མི་འདྲ་བ་དང་ལྷ་ལྟ་བུ་ཞིག་བབས་ཏེ། ལྐོག་གྱུར་བཤད་པ་རྣམས་བདེན། གནས་སྐོར་བ་རོགས་གཞན་རྣམས་ནས། བུ་མོ་འདི་ཡང་ན་འདྲེས་བརླབས་འདུག །ཡང་ན་སྨྱོན་མ་ཞིག་འོང་རྒྱུ་རེད། ཁྱོད་རང་ལ་ཕན་མི་ཐོགས་པ་འདྲ། ཞེས་ཟེར། སྐྱབས་མགོན་རྒྱལ་བ་འཇམ་དཔལ་རྒྱ་མཚོའི་དྲུང་དུ་མཇལ་སར་མི་མང་དང་མཉམ་དུ་ཕྱིན་ཚེ། སྐྱེས་དམན་མ་ཀི་ལ་བྱིན་ཅིག་གསུངས་ནས་སྨན་སྐུ་ཞིག་དང་མན་ཛིའི་སྲུང་མདུད་གཅིག་བཅས་གནང་བྱུང་བར་གནས་ཚད་དུ་སླེབ་ཚེ། ཟླ་བོ་ཀུན་གྱི་ལག་བརྒྱུད་དེ་བལྟས་པས། སྡིག་ལྡན་ཞིག་གི་ལག་ཏུ་ཕྱིན་པའི་སྐྱོན་གྱིས་རྒྱལ་བ་ཉིད་མ་དེར་འཁྲུངས་རྒྱུའི་རྟེན་འབྲེལ་མ་བྱུང་འདུག །དེ་ནས་རིམ་བཞིན་གནས་སྐོར་ལ་ཕྱིན་ཚར་ནས། མར་རང་ཡུལ་དུ་ལྡོག་དུས་ས་ཆ་གདུང་བུ་བྲ་ཟེར་བར་སླེབས་ཚེ། འཇའ་འོད་འཁྱིལ་ཞིང་ཁ་བ་མེ་ཏོག་གི་ཆར་བ་ལྟ་བུ་བབས། མོ་རང་གི་མཐོང་སྣང་ཡུལ་ལ་རྟ་མི་བཅུ་གསུམ་དང༌། རོགས་རྣམས་ཀྱི་མིག་སྔར་ཀྱང་བཅུ་གསུམ་གྱིས་བསྐོར་བ་གསུམ་བྱས་ཏེ་མྱུར་དུ་ཡར་ལོག་སོང་བ་གཉན་ཐང་ལྷའི་སྐྱེལ་མ་ཡིན་པར་འདུག །དེ་ནས་ཤུལ་ལམ་རིམ་བགྲོད་ཀྱིས་རང་ཁྱིམ་དུ་བདེ་བར་སླེབས། དེ་ནས་སྐབས་ཅིག་མ་ལ་མ་ཅིག་སྔགས་ཀྱི་སྲུང་མ་ཐོག་བབ་ཏུ་བྱོན་ནས། ཡུལ་འདིར་འདྲེ་བདུད་ཀྱི་ཁ་དར། ལོག་ལྟ་དམ་ཉམས་སྨོན་ལམ་ལོག་པ་འདུས་པས་ང་ཡི་བུ་ཆུང་བཙས་པའི་གནས་ས་ཡིས་མི་ཐེག །ཁྱེད་རང་བཟའ་མི་གཉིས་ལ་གནས་ཁང་གཡར་བ་ཙམ་ལས་དོན་དུ་ང་དང་ལྷའི་སྲས་པོ་ཡིན་ཟེར། རྟགས་མཚན་སྣ་ཚོགས་སྟོན་བྱུང་བས། ཡུལ་མི་ལ་ལས་ནི་རྒྱལ་གདོན་ཆེན་པོས་བརླབས་པ་རེད་ཟེར། ལ་ལས་ནི་སྤྲུལ་པ་ཅན་ཞིག་འདུག་པས། འདི་ལ་གེ་སར་སྐྱེ་རྒྱུ་ཨེ་ཡིན་ཟེར། ལ་ལས་ནི་བདུད་སྐྱེས་ནས་ཡུལ་ཁམས་ཕུང་རྒྱུ་རེད་ཟེར་ཏེ་ཀུན་ཁ་མ་འཆམས། ཡུལ་དེར་མིག་མཐོང་མཁན་ཞིག་ཡོད་པ་དེས། ཕ་མ་གཉིས་ཀྱི་ཁང་པའི་སྟེང་དང་གཡས་ཕྱོགས་ཀྱི་ཞིང་ནང་སོགས་ལ། སྐབས་སྐབས་སུ་སྒྲུང་ཞྭ་གྱོན་པ་མང་པོས་སྒར་བཏབ་ནས་སྒྲུང་ངག་ཤ་སྟག་གིས་ལྷ་འབོད་དང་གསོལ་འདེབས། རྟ་བཤད་དང་གོ་མཚོན་གྱི་བཤད་པ་ཤ་སྟག་བྱེད་པ་མཐོང་བས་མ་དའི་ནད་བདག་ཡིན་པ་འདྲ་ཟེར། འོན་ཀྱང་ཕ་ཡིས་བློ་ཡག་ཉེས་མེད་པ། མ་ཡི་ལྷ་བབ་ཀྱི་ཁར་ཉན་ནས། ད་ཡུལ་གང་དུ་འགྲོ་དགོས་སྨྲས་པས། སྟོད་ཕྱོགས་སུ་སོང་དང༌། དེ་ནས་གསལ་བར་འོང་ཟེར། གཞན་གྱིས་མ་ཐོས་པར་མཚན་ཞིག་ཏུ་བཀྱགས་ནས། སྟོད་ཕྱོགས་སུ་ཞང་པོ་ཚང་གི་རྩར་སོང༌། དེར་ཡང་སྡོད་མ་ཉན་པར་ཡར་ཡར་སོང་བས། མདོ་ཐོག་ཞེས་པར་སླེབས་ཚེ། མ་ལ་ལྷ་ཞིག་བབ་ནས། སྒྲུང་ངག་གིས་ཀི་ཀི་བསོ་བསོ་གོང་མ་ལྷ། སྐྱབས་ལྷ་དང་མ་བྲལ་དཀོན་མཆོག་གསུམ། བླ་མ་ཡི་དམ་མཁའ་འགྲོ་གསུམ། མི་འབྲལ་སྤྱི་བོའི་རྒྱན་དུ་བཞུགས། རྗེ་ཨུ་རྒྱན་པདྨའི་ཐུགས་རྗེས་གཟིགས། །གླུའི་རྒྱབ་བརྟེན་རྒྱལ་བ་རིགས་ལྔས་མཛོད། །གླུ་སྣ་མ་དང་མཁའ་འགྲོས་དྲོངས། །ས་འདི་རུ་མི་འདུག་ཐག་གིས་ཆོད། །བདུད་སྲིན་པོ་གཉིས་ཀྱི་ཁ་བར་རེད། །བཙན་འདྲེ་མོ་གཉིས་ཀྱི་རྒྱུག་ལམ་རེད། །དམ་ཉམས་པ་དང་ཁ་ལག་འབྲེལ་བར་གདའ། །ཡང་མིན་ན་གཡུ་རྩེའི་རྫ་རུ་སོང༌། གཡུ་མཚོ་ཕྱུག་མོའི་པར་ནང་ནས། །དམར་ནག་རཀྟའི་གཡས་ཟུར་ལ། །ཕ་ཝང་གུར་དཀར་ཕུབ་འདྲའི་ནང༌། །མ་ཨ་མའི་བུ་ཆུང་བཙས་ས་ཡིན། །ཡང་མིན་ན་རྨ་ཡུལ་ཁམས་སུ་སོང༌། །རྒྱ་གར་ཆོས་གཡང་འཁོར་ས་ཡིན། །རྒྱ་ནག་ཁྲིམས་གཡང་འཁོར་ས་ཡིན། །སོག་སེར་པོའི་ནོར་གཡང་འཁོར་ས་ཡིན། །བོད་ཁམས་ཕྱྭ་གཡང་འཁོར་ས་ཡིན། །རྨ་གཡང་ཕྱུགས་མོ་གླིང་པའི་ས། །བཀའ་རྒྱུད་བླ་མའི་སྨོན་ལམ་ཐེབས། །ཡི་དམ་ལྷ་ཡི་དངོས་གྲུབ་འཇུག །མ་དང་མཁའ་འགྲོའི་རྟེན་འབྲེལ་འགྲིགས། །ཆོས་སྐྱོང་སྲུང་མའི་ཕྲིན་ལས་ཡོད། སྡེ་བརྒྱད་དྲེགས་པས་སྡོང་གྲོགས་བྱེད། །ཡུལ་དེ་རུ་བུ་ཆུང་བཙས་གྱུར་ན། །དབུ་ནག་གཙུག་གི་ནོར་བུར་འགྱུར། །ཞེས་ཟེར་རོ། །དེ་ནས་ཕ་ཡི་བསམ་པ་ལ། གཡུ་རྩེའི་ནང་གི་ས་དེ་གར་ཡིན་ཡང་མི་ཤེས། གལ་སྲིད་མོ་རང་ལ་ལྷ་འདྲ་བབ་ན་ཤེས་བར་སྲིད་ཀྱང༌། གཞི་བདག་དྲག་རྩལ་ཅན་གྱི་ནང་དུ་བྱིས་པ་སྐྱེས་ན་གཞི་བདག་ལ་ཕོག་ཐུག་ཤོར་ཞིང་བཀའ་ཆད་དང་མི་འདོད་པ་དྲག་པོ་འོང་ངེས། དེས་ན་རྨ་ཁོག་གི་ས་མུ་ར་སྒོམ་དོ་ཞེས་པར་རུ་དུད་ཁ་ཤས་ཡོད་པའི་ནང་དུ་སོང་སྟེ་དེར་བསྡད་ན་དྲག་སྙམས་ནས་ཕྱིན་ཏེ་ཞག་ཤས་སོང་བ་ན། ཡང་རྐྱེན་ཕྲན་བུར་ཁག་བཞག་སྟེ་མ་ན་ཞིང་ཐུ་མོར་གྱུར་ཚེ་རིམ་གྲོ་ཕྲན་བུ་བྱས་ཀྱང་མ་ཕན། ཡུལ་དེར་ལྷ་བ་ཞིག་ཡོད་པར་དམ་ཅན་རྡོ་རྗེ་ལེགས་པ་བབ་ནས། འཛམ་གླིང་གནམ་ས་ཕྱེད་ཀྱི་བདག་པོ་ང་ནི། བུད་མེད་འདིའི་ལུས་སྒྲོམ་དུ་ཡོད་པའི་བྱིས་པ་འདི་ཡི་སྲུང་མ་ཡིན། རུ་མང་ཁྲོད་འདིར་བསྡད་དེ་བྱ་སྤྱོད་མང་བས་ལན། ཡུལ་འདིར་མ་སྡོད་པར་བུད་མེད་གཞན་དང་ཁ་ལག་མི་འབྲེལ་བའི་གནས་སུ་སོང༌། སྨད་ཕྱོགས་སུ་སོང་དང་སང་ཚེས་བཅོ་ལྔའི་ནུབ་མོ་ཟླ་བ་འཆར་ཚེ་འོད་ཆུ་ལ་ངང་ཀྱི་ལེར་ཤར་ཞིང༌། དེའི་འགྲམ་གྱི་སྤང་ཐོག་ཏུ་འཇའ་ཚོན་སྣ་ལྔ་འཁྱིལ་ལེར་ཡོད་པས་དེར་སོང་ལ་སྡོད་དང་འདོད་དོན་ལྷུན་གྱིས་འགྲུབ་པར་ངེས་ཟེར། དེ་ལྟར་བློ་ཐག་བཅད་ནས། སང་སྔ་མོ་ནས་དེའི་ཕྱོགས་སུ་ཕྱིན་པས། དགུང་མོ་ལ་ཁར་སླེབས་ནས་མར་བལྟས་ཚེ་སྔར་དམ་ཅན་གྱིས་ཟེར་བའི་རྟགས་རྣམས་མངོན་འདུག་པས། དེ་གར་ཕྱིན་ནས་ཉེ་ས་ཞིག་ལ་སྤྲ་སར་ཆུང་དུ་ཞིག་ཡོད་པ་གཡར་ཏེ། དེའི་ནང་དུ་ཡ་མ་གཉིས་ཕ་ཡི་ཚ་མོ་ཞིག་དང་གཡོག་མོ་གཉིས་བཅས་བསྡད། གཞན་རྣམས་རང་ཡུལ་དུ་ལོག་སུ་ལའང་ཁ་ལག་མ་འབྲེལ་བར་བསྡད། དེ་ནས་སྨིན་དྲུག་ཟླ་བའི་ཚེས་བརྒྱད་ཀྱི་ཉིན། མ་ལ་ལྷ་ཞིག་བབ་སྟེ། ཆོས་སྐུ་དྲུག་པ་རྡོ་རྗེ་འཆང༌། །རིགས་ལྔའི་སངས་རྒྱས་བྱིན་རླབས་ཅན། །ཏཱ་རེ་ལྷ་མོ་ཚེ་ཡི་ལྷ། །བུ་འདི་ལ་དབང་མཆོག་བསྐུར་དུ་གསོལ། །ས་འདི་ཡི་ས་ངོ་མ་ཤེས་ན། །རྨ་ཆུ་གཡས་ནས་འབབ་ས་ཡིན། །གོང་ཆུ་གཡོན་ནས་འབབ་ས་ཡིན། །གསེར་ཆུ་མདུན་ནས་འབབ་ས་ཡིན། །གོང་སེར་བཀྲ་ཤིས་ཁ་མདོ་ཟེར། །ཡིད་བཞིན་ནོར་བུའི་གདན་སྟེང་ན། །མོ་ང་ཡི་ང་ངོ་མ་ཤེས་ན། །བཀའ་གོང་མའི་ལྷ་གྲལ་ནང་ཤེད་ན། །མ་ཚེ་འཛིན་གྲུབ་པའི་རྒྱལ་མོ་ཡིན། བུ་འདི་ལ་ཚེ་དབང་བསྐུར་དུ་འོང༌། །བྱིན་རླབས་ཀྱི་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཀྱི་ཆར་རྒྱུན་སི་ལི་ལི། །ཐུགས་རྗེའི་འོད་ཕུང་ལྡེམས་སེ་ལྡེམ། །ལུས་མི་འཇིགས་རྡོ་རྗེའི་གོ་ཁྲབ་བགོ། །གསུང་མི་འགྱུར་ཁམས་གསུམ་དབང་དུ་སྡུད། །ཐུགས་མི་ཤིག་ཆོས་ཀྱི་མཛོད་ཞིང༌། །རིག་འཛིན་པདྨ་ཀ་ར་ཡི། །ཟབ་མོའི་གཏེར་ལ་དབང་བསྒྱུར་ཞིང༌། །སངས་རྒྱས་བསྟན་པ་འཛིན་པ་དང༌། །བདུད་སྡེ་ཆོམ་ལ་ཕབ་པར་ཤོག །སྡེ་བརྒྱད་དབང་དུ་འདུ་བ་དང༌། །དཀར་ཕྱོགས་མཐུ་རྩལ་ཆེ་བར་ཤོག །སེམས་ཅན་བདེ་ལ་འགོད་པ་དང༌། །སྨོན་ལམ་མཐའ་རུ་ཕྱིན་པར་ཤོག །ཁམས་གསུམ་དབང་དུ་འདུ་བ་དང༌། །སྲིད་གསུམ་ཟིལ་གྱིས་གནོན་པར་ཤོག །བཀྲ་ཤིས་ཆོས་ཀྱི་ཉི་མ་ཤར། །བདེ་སྐྱིད་དཔལ་ལ་ལོངས་སྤྱོད་ཤོག །ཅེས་ཟེར་བས་མའི་ཁོང་བ་ནས། ཨ་ཅེ་ལེགས་སོ་ཟེར་བ་ཀུན་གྱིས་ཐོས། །དེ་ནས་ཚེས་བཅུའི་ཉིན། མ་ལ་ལྷ་ཞིག་ཕེབས་ཏེ། དེ་རིང་བྱིས་པ་བཙས་པའི་དུས་ལ་བབ་པོ། །རེ་ཞིག་གི་ཚེ་ན། འོ་ད་དུང་མཁའ་འགྲོ་མ་རྣམས་ཀྱང་མ་སླེབས། གཟའ་སྐར་འཕྲོད་སྦྱོར་སོགས་ད་དུང་དུས་ལ་མ་བབ་འདུག་ཟེར་ནས་ལྷ་ཡལ་སོང༌། ཡང་ཚེས་བཅུ་བཞིའི་ནུབ་མོར་ཕའི་རྨི་ལམ་ལ་ཁོ་རང་རྣམས་ཀྱི་སྤྲ་ཆུང་གི་མཐར། གུར་མང་དུ་ཕུབ། སྐྱེས་པ་དང་བུད་མེད་མང་པོ་ཚོགས་ཏེ། དཀྱིལ་དེར་ཐབ་ཆེན་ཞིག་བཙུགས། སྟོན་མོ་དང་ཟས་སྣ་མང་དུ་བཤམས། གོང་དེར་ཁྲི་ཆེན་ཞིག་གི་ཁར། སྐྱེས་བུ་སྒྲུང་ཞྭ་གྱོན་པ་ཞིག་གིས། སྒྲུང་ངག་གིས་ལྷ་འབོད་བྱེད། གཞན་རྣམས་ལ་ལས་གླུ་ལེན། ལ་ལས་བྲོ་གར་འཆམས། ལ་ལས་རྟ་རྒྱུག་དང་མདའ་འཕེན་བྱེད། ཐབས་ཆེན་གྱི་གོང་དེར་ཁྲི་ཞིག་གི་ཁར། བུད་མེད་རྒྱན་ཆ་དུ་མས་སྤྲས་ཤིང་གཟི་བརྗིད་དང་ལྡན་པ་ཞིག་འདུག་པས་བཙས་སྟོན་ཞག་གསུམ་དུ་བྱེད་དགོས་ཟེར། གཞན་ཡང་མི་རིགས་དང་སྐད་རིགས་མི་འདྲ་བ། ཆས་གོས་དང་རྒྱན་ཆ་མི་མཚུངས་པ་དཔག་ཏུ་མེད་པས་མིག་གི་མཐོང་ཡུལ་ཀུན་གང་བ་ཞིག་ཡོད་པ་རྨིས་ཟེར། དེ་ནས་ཚེས་བཅོ་ལྔའི་ནམ་ལངས་པ་དང༌། མ་ལ་ལྷ་དྲག་ཤུལ་ཅན་ཞིག་བབ་སྟེ། ཡ་མྱུར་དུ་གདན་ཤོམས། ཕྱེ་མར་དང་སྐྱེམས་ཕུད་མཚོད། བུ་བཙས་པའི་དུས་ལ་བབ་པོ་ཟེར། ཕ་ཡང་ཆུང་མའི་གཡོག་བྱེད་པའི་སྲོལ་མེད་ཀྱང༌། ལྷ་ལ་སྐྲགས་ཏེ་ཕྱིང་དཀར་གྱི་གདན་བཏིང༌། ཤུག་དུད་དང་མཆོད་པ་རྣམས་བྱས། གཡོག་རྣམས་སྤྲ་ཡི་ཕྱི་རོལ་དུ་བཏོན། ཡ་ཡང་ཕྱིར་སོང་བར། སྤྲ་ལ་ཉི་རྩེ་ཕོག་དུས། ལྷ་དེས་ཧ་ཧའི་གང་རྒྱང་སྒྲོགས་ཤིང༌། སྐྱེས་པ་ཁྱོད་ནང་དུ་འོང་ནས་བུ་ཆུང་གི་ཞབས་ཏོག་མི་བསྒྲུབ་ན་ད་ལྟ་ཉིད་དུ་ཁྱོད་ཀྱི་སྲོག་ལ་ཧུར་ཐུམ་བྱེད་དོ། ངས་གཟུགས་ཅན་མིའི་བྱ་སྤྱོད་མི་ཤེས་ཟེར་བ། འཇིགས་སྐྲག་གིས་ནང་དུ་མྱུར་བར་ཕྱིན་ཚེ། བྱིས་པ་སྐྱེས་ཚར་འདུག་པ་རྡོ་རྗེ་སྐྱིལ་ཀྲུང་བཅས་ཏེ། སྦྲའི་མཚམས་ནས་ཉི་ཟེར་ཤར་བ་ལ་ལག་པས་བཟུང་ཞིང་ཨ་ཨཱཿ ཨི་ཨཱི་བརྗོད་ཅིང་འདུག་ཟེར། ལྷས་ནི་སྐད་རིགས་མི་འདྲ་སྣ་ཚོགས་བརྗོད་ཅིང༌། བར་སྣང་ལ་བལྟ་ཞིང་འདུག་པ། བྱིས་པའི་ལྟེ་ཐག་བཅད་པ་སོགས་ལས་ཀུན་ཕ་ཁོ་རང་གིས་བགྱིས་ཤིང༌། བྱིས་པ་མ་ཡི་ལག་ཏུ་སྤྲད་བར། མ་ཡིས་ཆུ་དཀར་འཇམ་ཞིང་ཁྱེར་ཤོག་ཟེར་ནས། ལུས་ཀུན་ལེགས་པར་བཀྲུས། སྐྱེས་པ་ཁྱོད་ཀྱང་གནོད་སྦྱིན་གྱི་རིགས་ལས་བྱུང༌། སྔོན་གྱི་ལས་ཀྱི་འབྲེལ་བ་ཡིན་པས་སྔར་ཡང་ཞབས་ཏོག་འབྲིང་ཙམ་བྱུང༌། ད་དུང་བུ་འདི་ཡི་ཞབས་ཏོག་ལེགས་པར་གྱིས། སྐྱེས་བུ་འདི་ཁྱོད་འཛམ་བུ་གླིང་པའི་བསོད་ནམས་ཀྱིས་ཐེག་ན་ཆོག་པར་ཡོད་ཟེར་ཞིང་ལྷ་ཡལ། དེ་ནས་ཞག་གསུམ་གྱི་ནུས། མ་ཡི་པང་དུ་ཡོད་པར་ཐོར་ཐུན་གསུམ་པ་ཙམ་གྱི་དུས་སུ། བྱི་པ་གར་སོང་ཆ་མེད་དུ་གྱུར། མ་ཡང་སྡུག་བསྔལ་གྱིས་མནར། ཕས་ནི་རང་ཅག་ཀུན་གཉིད་དུ་སོང་བའི་ཤུལ་དུ་ཡུལ་དེར་ཤ་ཁྱི་རྒམ་པ་ཞིག་ཡོད་པ་དེས་ཁྱེར་བ་རེད་བསམ་སྟེ་སྡུག་བསྔལ་དང་ངོ་ཚས་གདུང༌། ཨ་ཁུ་དང་ཉེ་བ་རྣམས་ཀྱིས་ཐོས་ན་འཁོན་འཛིན་འབྱུང༌། གཞན་གྱི་ཐོས་ན་ཁྲེལ་ཆེ་བས། ད་ནི་འཆི་སོང་ཟེར་ན་དགའ་ཟེར་སེམས་ངལ་གྱི་ངང་དུ་ལུས། ཞག་གསུམ་སོང་བའི་ཉི་ཤར་གྱི་དུས་སུ་མའི་སྔས་ཐོག་དེར་གང་ནས་བྱུང་ཆ་མེད་པར་སླེབ་འདུག་པས་ཁོ་རང་རྣམས་ངོ་མཚར་དང་དགའ་བ་དཔག་ཏུ་མེད་པ་བྱུང༌། དེའི་དུས་སུ་རང་གི་ཉམས་སྣང་ལ། བུད་མེད་དམར་མོ་ཞིག་གིས་དར་གྱི་ཁུག་ཏུ་དྲིལ་ཏེ་ནམ་མཁའི་ཁམས་ནས་ཁྱེར་སོང་བ། རེ་ཞིག་གི་ཚེ་ཤེལ་གྱི་ཕོ་བྲང་རྒྱན་བཀོད་ཕུན་སུམ་ཚོགས་པ་ཞིག་གི་ནང་དུ་སླེབས། སྐྱེས་པ་དང་བུད་མེད་གཟི་བརྗིད་ཅན་དཔག་ཏུ་མེད་པ་འདུག །དབུས་དེར་ཁྲི་གསུམ་གྱི་ཁར་བླ་མ་གསུམ་བཞུགས་འདུག་པར། སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་རང་ཡང་དགའ་བ་དང་དད་འདུན་དཔག་ཏུ་མེད་པ་སྐྱེས། བླ་མ་དབུས་མའི་ཞལ་ནས། འདི་ལ་བག་ཆགས་སྒྲིབ་པ་མི་མངའ་ཡང༌། ཕ་མའི་མངལ་གྱི་དྲི་མས་གོས་སྲིད་ན། །ཤེལ་སྒོང་འདམས་ཀྱི་དྲི་མ་བཀྲུས་པ་བཞིན། །གཟི་བརྗིད་འོད་ཟེར་དཔལ་དུ་འབར་བར་བྱེད། །ཅེས་གསུངས་པར། བླ་མ་གསུམ་གྱི་གཡས་གཡོན་ན། མཁའ་འགྲོ་མ་བསྒྲེས་ཉམས་ཅན་གཉིས་འདུག་པས་མགྲིན་གཅིག་ཏུ། མངལ་སྒྲིབ་དག་ཅིང་རྡོ་རྗེའི་གོ་ཆ་བགོས། །རྟགས་དང་ཡོན་ཏན་མངོན་པར་སྟོན་པ་ཡི། །དུལ་ལ་མ་བབ་དུང་ནང་དུ་སྤོས། །ཉི་ཤུ་བར་དུ་རྨོངས་པའི་རང་གཟུགས་སྟོན། དུས་ལ་བབ་ཚེ་ངེད་ཀྱིས་བརྡ་སྟོན་ནོ། །ཨ་ལ་ལ་ཧོ། བརྔ་ཐིམཿ ཞེས་གསུངས། དེ་ནས་བླ་མ་དབུས་མས། ཤེལ་གྱི་བུམ་པ་ཞིག་གིས་དབང་བསྐུར་ཞིང་ཁྲུས་མཛད། གཡས་པ་དེས་ཐོད་པའི་ནང་ནས་བདུད་རྩི་ཞིག་ལྕེ་ཐོག་ཏུ་བླགས། གཡོན་པ་དེའི་ཐུགས་ཀ་ནས་འོད་ཟེར་སེར་པོ་ཞིག་བྱུང་སྟེ། ལུས་གཡོགས་ཤིང་སླར་ལུས་ལ་ཐིམ་པའི་སྣང་བ་བྱུང༌། དེ་ནས་གཡོན་ཕྱོགས་ཀྱི་མཁའ་འགྲོ་མ་དེས་ང་རང་ཕྱག་ཏུ་བླང་སྟེ། དག་པ་སྐུ་གསུམ་གཟིགས་ངོ་རུ། །ཁྱོད་ནི་རྒྱལ་བ་ཀུན་གྱི་སྲས། །ཡེ་ཤེས་མཁའ་འགྲོའི་སྣང་ངོ་ལ། བུ་ཁྱོད་ཁྲག་འཐུག་ཧེ་རུ་ཀཿ མ་དག་འཁོར་བའི་སྣང་ངོ་རུ། །ཁྱོད་ནི་འཁྲུལ་ཞིག་ཀུ་སུ་ལུ། །ཤ་ཁྲག་མངལ་གྱི་སྒོང་རྒྱའི་སྤུབས། ལན་གཅིག་སྲིད་པ་བཟུང་དུས་འདིར། །རང་གཞན་དོན་གཉིས་ལྷུན་གྲུབ་ཅིང༌། །ནམ་མཁའ་མཛོད་ལ་དབང་བསྒྱུར་ཞིང༌། །འགྲོ་དོན་མཐའ་རུ་ཕྱིན་པར་ཤོག །ཉེར་ལྔ་ཞེ་དྲུག་ང་དགུའི་འཕྲང༌། །ལས་ཐར་དཔེ་བྱད་གྲངས་ལྡན་ཏེ། །དེ་ཚེ་ལས་ཅན་དག་པའི་འཁོར། །གསོལ་བཏབ་འབྲས་བུ་དུས་སྨིན་ན། །གོ་བདུན་མཐའ་རུ་ཕྱིན་ཡང་སྲིད། །འོན་ཀྱང་སྐྱེ་འགྲོའི་བསོད་ནམས་དང༌། །འདུས་པ་འཁོར་ལ་རགས་ལས་ཤིང༌། །དམ་ཚིག་ཉམས་ཤིང་སྐྱོ་སུན་ན། །ཡེ་ཤེས་མཁའ་འགྲོ་འཁྲེན་པའི་རྒྱུ །འཇའི་ཚོན་དར་གྱི་ལམ་ནས་འདྲེན། །བུ་ཁྱོད་རྡོ་རྗེའི་གོ་ཆ་ཡི། །སྙིང་སྟོབས་གཉེན་པོའི་དབང་བཏང་ན། །ཚེ་ཆོས་བར་ཅད་ང་ཡིས་བཟློག །བཞེད་དོན་མཐའ་རུ་ཕྱིན་པར་ངེས། །ཞེས་གསུང་ཞིང༌། སྔར་གྱི་བུར་མེད་དེའི་ལག་ཏུ་སྤྲད། བུད་མེད་སྔོན་མོ་ཞིག་ལ། འཇིག་རྟེན་ཁམས་ཀྱི་མ་ཁྱོད་དེ། །རྟག་ཏུ་གཡེལ་པ་མེད་པར་སྐྱོང༌། །འཁྲེན་ཞིང་གཤུང་བར་མ་བྱེད་པར། །ལུས་དང་གྲིབ་མའི་ཚུལ་དུ་འགྲོགས། །ཞེས་གསུངས་ཕྱག་སྤྱི་བོར་བཞག །ཐོད་པའི་ནང་ནས་བདུད་རྩི་ཧུབ་གསུམ་གནང་སོང༌། དེ་ནས་བུད་མེད་དེས་ཁྱེར་ནས་རང་གནས་སུ་ལྡོག་པའི་སྣང་བ་བྱུང༌། དེ་ནས་བཟུང་སྣང་བ་ཡུད་ལ་སད་ཅིང༌། དུས་ཀུན་སྐུ་དང་ཐིག་ལེ་ལུ་གུ་རྒྱུད་ཀྱི་སྣང་བ་དང་མི་འབྲལ་བ་དང༌། ཁྱེའུ་ཆུང་དུ་གཉིས་བརྩེ་གྲོགས་སུ་ཡོད་པའི་སྣང་བ་རྒྱུད་མི་ཆད་པར་འཆར་འདུག །རིགས་རུས་དང༌། མའི་མངལ་དུ་ཞུགས་ནས་མི་ཡུལ་དུ་སྐྱེ་བ་བླངས་པ་ཡན་གྱི་སྐབས་དང་པོའོ། །དེ་ནས་ཉིན་གཅིག་དངོས་མེད་བྱིས་པ་གཉིས་ཀྱིས་ལག་པར་འཇུས་ནས། ཡར་ལངས་ཏེ་་བལྟས་པས། ལྷོ་ནུབ་ཕྱོགས་སྲིན་ཡུལ་ལང་ཀ་པུ་རིའི་གྲོང་ཁྱེར་དང༌། ཟངས་མདོག་དཔལ་གྱི་རི་བོ་འཇའ་ཚོན་ལྟར་སྒྲིབ་གཡོགས་བྲལ་བར་ཕྱི་ནང་གི་བཀོད་པ་དང༌། གུ་རུ་སྣང་སྲིད་ཟིལ་གནོད་གཙོ་འཁོར་གསུམ་རྗེ་འབངས་རིག་འཛིན་འཁོར་ཚོགས་དང་བཅས་པས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཞིང༌། དཔའ་བོ་དང་མཁའ་འགྲོའི་ཚོགས་བསམ་གྱིས་མི་ཁྱབ་པ་མཐོང་ངོ༌། །མོས་གུས་མཆི་མ་འཁྲུགས་པ་ཙམ་བྱུང༌། །མས་བྱིས་པ་ལངས་འདུག་ཟེར་ནས་སྐད་ཆེན་པོ་ཞིག་བཏོན་བྱུང་བར་ཉམས་དེ་ལས་སད་ཅིང་འགྱེལ། དེ་ནས་བཟུང་ཐ་མལ་གྱི་བྱིས་པ་དངོས་སུ་གྱུར་ཏོ། །དེ་ནས་ལོ་ངོ་ལོན་ཙམ་ན། ཕ་མ་རྣམས་ཡུལ་དེར་སྡོད་གནས་མེད་ཕྱིར་རང་ཡུལ་ཕྱོགས་སུ་ཆས་པར། ཁོ་སག་ལུང་བཟང་ཞེས་པའི་སར་སླེབས་དུས། རྨ་ཡུལ་ཕྱོགས་ཀྱི་བུད་མེད་དྲེའུ་དཀར་པོ་ཞོན་པ། རིན་པོ་ཆེའི་རྒྱན་གྱི་བརྒྱན་ཞིང་མདའ་དར་གཡབ་པ་ཞིག་གིས་སྣ་དྲངས་ཏེ། རྟ་པ་རྒྱན་གོས་མཛེས་པ་དཔག་ཏུ་མེད་པ་བྱུང་ཞིང༌། བཀྲ་ཤིས་གླུ་དབྱངས་བརྗོད་པ་དང་སྨོན་ལམ་བཏབ་ཅིང༌། བུད་མེད་དེས་འོ་མ་ཞིག་བླུད་པའི་སྣང་བ་བྱུང༌། ཀུན་ཀྱང་ཡིད་འཕྲེང་དུང་ངའི་ཉམས་ཀྱི་ཕྱིར་ལོག་སོང༌། མདུན་ཕྱོགས་ནས་ཞུབ་ཆེན་གྱོན་པ་མང་པོ་ཁྲོབ་སིལ་གྱི་བྱུང་ཞིང༌། དེའི་རྗེས་སུ་རྒྱན་དང་ཆ་ལུགས་གཟི་བརྗིད་ཆེ་བའི་རྟ་པ་དཔག་ཏུ་མེད་པ་དང༌། བུད་མེད་དར་གོས་རིན་པོ་ཆེའི་རྒྱན་ཅན། ཆུ་གླང་དང་ཤ་རྐྱང་ལ་ཞོན་པ་ཆ་ཤས་བྱུང་ཞིང་དེའི་ནང་ནས་བུད་མེད་ན་ཆུང་ཞིག་གིས། སྐྱེས་མཆོག་རིགས་ཀྱི་མྱུ་གུ་མ་ཡི་མངལ་སྒོར་འགྲིམ་དགོས་པ་འོ་མ་བརྒྱལ་ལམ་ཟེར། ཀུན་གྱི་གཙོ་མོ་སྔོ་སངས་གཟི་བརྗིད་དཔལ་དུ་འབར་ཞིང་དར་སྔོ་དམར་གྱི་ན་བཟའ་ལྷབ་ལྷུབ་ཏུ་གསོལ་བ་ལ། ཕྱག་ན་རིན་པོའི་ཆེའི་བུམ་པ་ཐོགས་བ་ཞིག་གིས། རིག་འཛིན་མི་ཡི་རྫུར་ཞུགས་པ། །བུ་ཆུང་འཇའ་ལུས་རྔོ་རྗེ་ལ། །བསྟན་དང་འགྲོ་བའི་དོན་བསྒྲུབ་ཕྱིར། །མ་ཡི་མངལ་སྒོར་འགྲིམས་པ་ལ། །དཀའ་ཚེགས་སྡུག་བསྔལ་ལོས་ཏེ་འབྱུང༌། །འོན་ཀྱང་བདེན་མེད་རྟོགས་པ་ལ། །ཚོར་བའི་སྡུག་བསྔལ་ག་ལ་ཡོད། །བདེ་གཤེགས་ཐུགས་ཀྱི་སྲས་པོ་མཆོག །གཟུགས་སུ་གྲུབ་པ་ངོ་མཚར་ཆེ། །དག་བྱེད་ཡེ་ཤེས་བདུད་རྩིའི་ཆུས། །ཁྲུས་གསོལ་ཟག་མེད་བཅུད་ལ་རོལ། །ཞེས་ཟེར་ཞིང༌། མོ་རང་ནས་བུམ་པའི་ཆུས་སྤྱི་བོ་ནས་ཁྲུས་བྱས། །སྔར་གྱི་བུད་མེད་ན་ཆུང་དེས་ཐོད་པའི་དབྱིབས་ཀྱི་ཕོར་བ་སྔོན་པོ་ཞིག་གི་ནང་ནས། །སྐྱེམས་ལྗང་ལྟེམ་མེ་ཞིག་བླུད་བྱུང་བར། ལུས་སེམས་ལ་བདེ་བ་ཁྱད་པར་ཅན་སྐྱེས། དེ་ནས་གཙོ་མོ་དེས་ངེད་ཀྱི་གན་དུ་ན་ནིང་པདྨ་འབུམ་སྡེས་ཉིད་གདན་འདྲེན་འོང་དུས། བླ་མ་རྣམ་གསུམ་གྱི་ཚོའི་དབང་བསྐུར་བའི་ཕོ་བྲང་དེ་ཀ་ཡིན། ད་རེས་འདི་རྣམས་ཐམས་ཅད་ཁྱོད་ཀྱི་བསུ་མ་དང༌། མཐུན་རྐྱེན་སྒྲུབ་ཕྱིར་འོང་བ་ཡིན་ཟེར་ཞིང༌། ཁོང་གི་གཙོས་ཆ་ཤས་འཇའ་སྤྲིན་ལྟ་བུའི་དབུས་ཞིག་ཏུ་ཐིམ་སོང༌། ཞུབ་ཆེན་ཅན་རྣམས་དང་ཆ་ཤས་ངེད་རང་རྣམས་དང་ལྷན་དུ་ཡོད་པའི་སྣང་བ་ཡང་བྱུང༌། དེ་ནས་ལན་ཅིག་མི་མང་འདུས་འཚོགས་ཆེན་པོ་ཡོད་པ་ཞིག་ཏུ་སླེབས། ཕ་སོགས་ཟླ་བོ་མི་ཀུན་གྱིས། ཀི་བསྭོ་ཧོ་དང་མཆོད་མཆོད་བསྟོད་བསྟོད་ཟེར། དེར་ཚོགས་པའི་ཁྲོད་དེར་སྔར་གྱི་སྐྱེས་པ་རྣམས་དང༌། བུད་མེད་གཟི་བརྗིད་ཅན་དེ་རྣམས་འདུག །གཙོ་བོས་ན་རེ། ད་ཁྱེད་རིམ་བཞིན་སྟོད་ཀྱི་ཕྱོགས་སུ་འགྲོ་དགོས་པ་འདྲ། ངེད་ཅག་གི་གནས་འདིར་ཉིད་ལོ་བཅུ་གཉིས་བར་དུ་མི་སླེབས་པ་འདུག །ཁྱོད་བྱིས་པ་ཡིན་པ་དང༌། མི་ཡུལ་སྒྲིབ་པའི་དབང་གིས་རེ་ཞིག་མི་གསལ་ཡང༌། ངེད་ཅག་རྣམས་ནས་དད་པ་ཡིད་ནས་མི་འདོར་བར་བྱེད་དོ་ཟེར། གཙོ་མོ་དེ་ན་རེ། སྟོད་ཀྱི་གངས་དཀར་ཏི་སེ་དང༌། སྨད་ཀྱི་རི་བོ་རྩེ་ལྔའི་བར། །ངེད་ཀྱི་རྫུ་འཕྲུལ་བཀོད་པ་ཡིས། །གོམས་པ་འདེགས་འཇོག་བརྒྱ་ལས་མེད། །ཡ་གིའི་ཕོ་བྲང་ནང་བཞུགས་པའི། །གནོད་སྦྱིན་རྒྱལ་པོ་ཐོད་པ་རྩལ། །འཛམ་བུའི་གླིང་གི་མངའ་བདག་སྟེ། །དོན་ལ་སྟོབས་ལྡན་ནག་པོའོ། །སྲས་མཆོག་དགྲ་འདུལ་རྒྱལ་པོ་ཡང༌། །ཧས་པོ་རི་དང་གཡར་མོ་གངས། །གོམས་པའི་འདེགས་འཇོག་གསུམ་ལས་མེད། །གཞོན་ནུའི་དུས་སུ་སྡུག་བསྔལ་བ། །བག་ཆགས་སྒྲིབ་པ་སྦྱོང་བའོ། །སྤྲུལ་པ་སྤྲུལ་གཞི་ལས་བྱུང་ཕྱིར། །པདྨ་ཀ་རར་གསོལ་བ་ཐོབ། །བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ། །འདོད་པ་ཁམས་ལ་དབང་བསྒྱུར་བའི། །མ་ཅིག་སྔགས་སྲུང་རལ་གཅིག་མ། །ཁྱོད་ལ་ལུས་དང་གྲིབ་བཞིན་འགྲོགས། །སྐྱོ་སུན་མ་མཛད་བདེ་བར་གཤེགས། །ཞེས་ཟེར་ཞིང༌། རང་གི་བྲང་ལ་ཕུ་གསུམ་བཏབ། ཐོད་པ་ཞིག་གཏུགས་ཏེ་ཕར་སོང༌། །སྔར་གྱི་བུ་མོ་དེས། ང་ནི་ཉིད་གང་དུ་བཞུགས་ཀྱང་སྐབས་སྐབས་སུ་སླེབས་འོང་ཞིང༌། མྱེས་དང་ཕ་མའི་ཞབས་ཏོག་ཀྱང་རེ་ཞིག་སྒྲུབ་པོ་ཟེར། བརྩེ་བའི་རྣམ་འགྱུར་སྟོན་ཞིང༌། ཀུན་གྱི་དར་ཅིག་སྐྱེལ་མ་བྱེད་ཅིང༌། གཙོ་མོ་དེས་དར་དཀར་པོ་ཞིག་བྱིན་བྱུང༌། དེར་ཚོགས་པ་ཀུན་ནས་ལྷ་རྒྱལ་ལོ། །ལམ་ཡག །གཞི་ལ་བཀྲ་ཤིས་ཟེར། །གཙོ་བོ་རྣམས་དང༌། གཙོ་མོ་མ་བུ་ཤིན་ཏུ་ཡིད་འཕྲེང་བའི་ཉམས་བྱེད། ང་རང་ཡང་སེམས་འཕྲེང་ཞིང་སྐྱོ་ལྷང་ངེར་བྱུང༌། །རེ་ཞིག་གི་བར་དེར། དེ་རྣམས་ཀྱི་བལྟས་ཡོད་པའི་སྣང་བ་བྱུང༌། དེ་ནས་མས་བྱིས་པ་འདིས་ཁ་དར་ཞིག་གོན་འདུག །གང་ནས་འོང་བ་ཡིན་ཡང་ཟེར། ཕ་ཡིས་ད་ནང་སྔོ་མཚོའི་ཁར། ལ་བཙས་ནང་ནས་དཀར་ལྷབ་ལྷབ་ཞིག་ལུང་གིས་ཁྱེར་བྱུང་བ་དེ་ཨི་ཡིན་ཟེར། རོགས་ལ་ལས་ལ་བཙས་ནང་དུ་ཁ་དར་མེད་ཟེར། འོ་བཟང་བཟང་གཞི་བདག་ནས་གནང་བ་རེད། བུ་འདི་མགོ་ལོག་ཁག་གསུམ་གྱི་མགོ་ནོན་པ་ཞིག་འོང་བ་ཡིན་ཡོང་ཟེར། དེ་ནས་ཉིན་གཅིག་ཁྱིམ་ཡོད་པའི་གྲོང་པར་སླེབས་པ་འདྲ་བར་བུད་མེད་གཅེར་བུ་དང༌། གོས་ཧྲུལ་གྱོན་པ། རྫ་མ་དང༌། སྒྱེ་ནག །སྨྱུག་སིས་སོགས་ཁུར་བ་མང་པོ། ངེད་ཅག་རྣམས་ཀྱི་མདུན་ནས་ཡར་བྱུང་ཞིང༌། འཇིགས་ཚུལ་སྣ་ཚོགས་སྟོན་འདུག་པར། ང་རང་གི་གཡས་ཕྱོགས་དེ་ནས། བུད་མེད་སྔོན་མོ་འཇིགས་སུ་རུང་བ་མཆེ་བ་གངས་རི་ལྟར་གཙིགས་པ་ཞིག་གིས། ཧ་ཧའི་གད་རྒྱངས་ཆེན་པོ་ཞིག་བསྒྲགས་སོང་བ་དང༌། འཁོར་མང་པོས་རྒྱོབ་སོད་ཀྱི་གད་རྒྱང་སྒྲོགས་པས་སྔར་གྱི་དེ་དག་ཀུན་ར་ལུག་སེར་བས་བདས་པ་ལྟར་གར་སོང་ཆ་མེད་དུ་སོང༌། གཅིག་གཉིས་ཙམ་གྲོང་འདབས་དེར་འདར་ཕྲི་ལེར་འདུག་པ། གསོན་འདྲེ་ཡིན་པ་འདྲ། དེ་ནས་ཁྱིམ་ཞིག་གི་ནང་དུ་སླེབས། མུན་པ་ནག་ཐིབ་ཐིབ་འདུག །གཟུགས་མེད་པའི་སྒྲས། ཆོས་ཉིད་ཆོས་ཅན་བདེན་པ་དང༌། །ཡེ་ཤེས་མཁའ་འགྲོའི་བྱིན་རླབས་ཀྱིས། །མི་གཙང་དྲི་མ་ཀུན་དག་ནས། །བྱིན་རླབས་ཆར་རྒྱུན་འབེབས་པར་ཤོག །ཨོཾ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། ཞེས་ཟེར་ཞིང༌། འཇའ་ཚོན་ལྟ་བུའི་འོད་ཀྱིས་མུན་པ་དེ་སངས་ཉམས་བྱུང༌། དེར་བུད་མེད་རྒན་མོ་ཞིག་གིས་བརྩེ་བརྩེ་དུང་དུང་བྱེད་འདུག་པ་ཕྱི་མོ་ཡིན་པར་འདུག །ཡང་སྐབས་དེར། བླ་མ་ཞྭ་མོ་དམར་འཛུག་གོན་པ་ལག་ན་ཕྲེང་བ་དང་བེར་ཀ་ཐོགས་ཤིང༌། ལུས་པོང་ཆེར་སོང་ཚེ་ཁང་བརྩེགས་གཉིས་རྩེར་སླེབ་པ། ཆུང་ངུར་སོང་ཚེ་བྱིས་པ་ལོ་བརྒྱད་ཙམ། སྐྱེས་པ་བུད་མེད་ཆ་ཤས་ཀྱིས་བསྐོར་བ་ཞིག་གིས། ང་རང་ལ་ཐོབ་རྩམས་འདུག་པར། བུད་མེད་ཞིག་གིས་སྲུང་ཞིང་གནོད་མ་ནུས་པ། དགོང་མོ་ཞིག་ཏུ་ཁོ་རང་ཡང་གཟི་བརྗིད་ཆེ་ཞིང༌། འཁོར་ཡག་མང་དུ་སོང་ནས། ལག་ན་གློ་སྙིང་ཞིག་ཐོགས་འདུག་པ་དེས་ང་རང་ལ་བསྣུན་གྲབ་བྱེད་འདུག་པས། རང་ཡང་འཇིགས་སྐྲག་གིས་མ་བཟོད་ནས། ཨོ་རྒྱན་པདྨ་འབྱུང་གནས་མཁྱེན། སྨྲས་པས། སྟེང་ཕྱོགས་ནས་སྒྲ་ཆེན་པོ་ཞིག་བསྒྲགས་བྱུང་བར། ཅི་ཡིན་སྙམས་ནས་ཡར་བལྟས་པས། སྐར་མདའ་ལྟ་བུའི་འོད་ཀྱི་ལེ་བ་ཞིག་བྱུང༌། ཁོ་རང་གི་བྲང་ལ་ཕོག་སོང་བར། སྐད་ངན་དང་དུ་འབོད་སྒྲ་བྱུང༌། འཁོར་རྣམས་གར་སོང་ཆ་མེད་དང༌། ཁོ་རང་མ་ཀིའི་ལོག་ཞིག་ཏུ་འགྱེལ་འདུག་པ། ད་ལྟའི་འོད་དེ་སེར་ལམ་མེར་རང་གནས་སུ་ལྡོག་སོང༌། ཕྱི་ནང་གི་མི་ཀུན་གྱིས་རྩིག་རྩ་མ་ཀིར་སོག་མའི་ཕོན་ཆེན་ཞིག་ལ་ཁྲག་ཕྲན་བུ་ཡང་འགོས། མེས་ཀྱང་ཅུང་ཟད་ཚིག་འདུག་ཟེར་བ། རྒྱལ་དབང་པདམའི་ཐུགས་རྗེས། རང་ལ་གནོད་པའི་ཡུལ་དེའི་རྒྱལ་གདོན་མཐུ་ཆེན་ཞིག་གནས་སྤར་བར་གདའ་འོ། །དེ་ནས་རེ་ཞིག་འཕྱང་མོ་ཉུག་ཏུ་གནས་ཤིང༌། ཡུལ་སྟོད་སྨད་ཀྱི་བདུད་དང་ལོག་འདྲེན་མི་དང་མི་མ་ཡིན་པ་རྣམས་ཀྱིས་ཐོ་འཚམས་སྣ་ཚོགས་བྱུང་འདུག་ཀྱང༌། སྔགས་ཀྱི་སྲུང་མ་དང་ཌཱཀྐི་རྣམས་ཀྱི་ནུས་མཐུས་སྐྱོབས་པས་གླགས་མ་རྙེད། ཉིན་གཅིག་ཁང་པའི་ཕུག་ཏུ་གཅིག་པུར་ཉལ་ཡོད་པ་ཨ་ཕྱི་ཡིན་སྙམས་པའི། བུད་མེད་རྒན་ཉམས་ཅན་གོས་སྔོན་པོ་ལྷབ་ལྷུབ་ཏུ་གྱོན་པ་ཞིག་བྱུང་ནས། ཁྱོད་ཐོག་ཁར་ཕེབས་དང་ལྟད་མོ་ཡག་པོ་ཡོད་ཟེར། ང་རང་ལག་ཏུ་བཟུང་ནས་སོང་བར་སྐས་རིང་པོ་ཞིག་ཡོད་པ། མོ་རང་གིས་སྐས་ཀྱི་འགོ་ནས་ང་རང་གི་གཡས་གཡོན་ནས་བཟུང་ཟིང༌། རིམ་བཞིན་སྐས་ཐེམ་སྤར་ནས་སྟེང་དུ་བཞག་སོང་བར། ཨ་ཕྱི་དང་ཕ་མ་རྣམས་ཁང་སྟེང་དུ་ཡོད་པ། ཁོང་རྣམས་ཀྱིས་བུད་མེད་དེ་མ་མཐོང་འདུག་པས། མ་ཡིས་བྱིས་པ་ཆུང་ངུ་སྐས་ནང་འོང་གིན་འདུག་ཟེར་ཞིག་སྐྲགས་ཏེ་ཡར་བྲོས། ཕ་ཡིས་ཀྱང་བལྟ་མ་ནུས། ཨ་ཕྱིས་སྐས་འགོ་ནས་ཡར་བླང་ཞིང༌། ངས་རང་དང་གཞན་གྱི་བྱིས་པ་ཆུང་ངུ་མང་དུ་མཐོང་ཡང༌། འདི་འདྲ་བྱེད་མཁན་གཏན་ནས་མེད་པས། ངའི་ཚ་བོ་འདི་སྦྲུལ་སྐུ་ཞིག་ཡིན་པར་ངེས་ཟེར། དེ་ནས་ཁང་སྟེང་ནས་ཕར་བལྟས་པས། རི་གཱ་ཝར་ཞེས་པའི་གཞི་བདག་གི་ངོས། སྤྲིན་འཇའ་དབུས་ནས་གཏེར་ཆས་ཅན་གྱི་བླ་མ། སྨ་ར་ཨོག་ཚོམ་ཅན། དབུ་སྐྲ་ཐོར་ཅོག་ཁྲུ་གང་ཙམ་གྱི་ལྷག་མས་སྐུ་རྒྱབ་ཁེབས་པ། འཇིགས་སུ་རུང་བ་ཞིག་ཚུར་བྱུང་སྟེ། དང་པོ་ཧཱུྃ་ཧཱུྃ་ཕཊ་ཕཊཿཀྱི་སྒྲ་སྒྲོགས་ཤིང༌། ས་ཐམས་ཅད་ཡོམ་ཡོམ་ཤིག་ཤིག་བྱེད་པ་ལ། ང་རང་དགའ་བའི་སྣང་བ་ལས་འཇིགས་སྐྲག་གི་ཉམས་མ་བྱུང༌། གཏེར་སྟོན་སངས་རྒྱས་གླིང་པ་དེང་སྐབས་མིའི་ཡུལ་དུ་ཡོད་པ་བླ་མ་བསོད་ནམས་ཆོས་ལྡན་ཟེར། ཁྱོད་ཀྱི་རྩད་ཆོད་པར་མཛོད་ཅིག །ང་རང་ཉིད་ཀྱི་གྲོགས་ལྡན་དུ་རྟེན་འབྲེལ་འགྲིགས་ན་མྱུར་དུ་འོང་དགོས་པ་ཡོད་ཟེར། ངས་ཁྱོད་སུ་ཡིན་བྱས་པར། མི་མཁྱེན་ནམ་ཉང་རལ་པ་ཅན་ནོ་ཟེར་མི་སྣང་པར་གྱུར། དེ་ནས་བཟུང་ང་རང་རང་གི་བླ་མ་བསོད་ནམས་ཆོས་ལྡན་སར་ཁྱེར་ཅིག །དེ་དང་མ་འཕྲད་ན་ང་རང་རང་ཡུལ་འགྲོ་ཤ་སྟག་སྨྲས། ཕ་རྒན་གྱི་མགོ་ལོག་སྨད་དུ་བླ་མ་ཀུན་བཟང་སར་ཕྱིན། བྱི་པའི་ལོ་རྒྱུས་བཤད་ཅིད། བླ་མས་རྩར་བཅད་པས། ཁོང་གིས་མ་ཤེས་ཤིང༌། གང་ལྟར་ཁོ་རང་ཨ་ཁུ་ཡོན་ཏན་རྒྱ་མཚོ་ཟེར་བའི་སྤྲུལ་སྐུ་ཞིག་ཡོད་པ་དེ་གཉིས་ཡར་འོངས་ཏེ། ང་རང་ལ་ཁྲུས་དང་ཚེ་དབང་སོགས་བྱས་པར། ཨུ་རྒྱན་པདྨ་མཁྱེན་དང་བཛྲ་གུ་རུ་མ་ཎི་ཨཱ་ལི་ཀཱ་ལི་སོགས་སྒྲོགས་པར་བླ་རྒན་དེས་བྱིས་པ་འདིའི་ཁ་ལྟས་ལ་ཉེ་བཟང་འདུག །རིགས་བཟང་ཞིག་ཡིན་པར་གདའ། གང་ལྟར་ཀཿཐོག་དགོན་དུ་ཁྱེར་དང༌། བྱིས་པ་ཡང་སྤྲུལ་སྐུ་ཞིག་འོང༌། ཁྱོད་རང་ཕ་མ་གཉིས་ལ་ཡང་དོན་ཆེན་པོ་ཡོད་ཟེར། མིང་ལ་ཆོས་དབྱིངས་རྡོ་རྗེ་བཏགས་སོ། །བླ་སྤྲུལ་གཉིས་རང་གནས་སུ་ལོག །སླར་ཡང་བསོད་ནམས་ཆོས་ལྡན་ཤ་སྟག་གླེང་བར། ཉིན་གཅིག་རྗེ་བཙུན་གྲུབ་པའི་དབང་ཕྱུག་ཐམས་ཅད་མཁྱེན་པ་ཆེན་པོ་དེ་ཉིད། མགོ་ལོག་སྨད་ཕྱོགས་པདྨ་འབུམ་གྱི་སར་བྱོན་ཡོད་པར་ཐོས་པས། ཕ་རྒན་ནས་ཁོང་ཕྱོགས་ཀུན་དུ་བྱོན་བཞུད་མཛད་པ་ཞིག་ཡིན་རྒྱུ་རེད་བས། དེ་ལ་དྲིས་ན་བླ་མ་དེ་མཁྱེན་ནམ་སྙམས་ནས། དྲུང་དུ་ཆས་སོ། །དེའི་ནང་པར་སྔ་མོར་ཐམས་ཅད་མཁྱེན་པ་ཉིད་ནས་དེ་རིང་སྟོད་ཕྱོགས་ནས་མི་སུ་བྱུང་ཡང༌། ཁྱེད་རང་རྣམས་ནས་རྟེན་འབྲེལ་ལེགས་པོ་ཤ་སྟག་ལས་གཞན་བརྗོད་མི་ཉན་འཕྲལ་དུ་ང་རང་གི་གམ་དུ་ཁྲིད་ལ་ཤོག་གསུངས། དེའི་ཉིན་ཕ་ཁོ་རང་སྒར་ཐོག་ཏུ་སླེབས། སྐྱབས་རྗེའི་ཉེར་གནས་འཇིགས་མེད་ཆོས་གྲགས་འཕྲལ་དུ་བྱུང་ནས་འོ་བཟང་བཟང་ཁྱོད་སུ་ཡིན་ཟེར། བར་གཞིའི་ནང་ནས་ཆོས་སྐོར་བསོད་ནམས་འཕན་ཟེར་བ་ཡིན་སྨྲས། ད་ཁྱོད་མྱུར་དུ་བླ་མའི་མདུན་དུ་ཤོག་གསུངས་ཟེར། སྐུ་དྲུང་དུ་ཕྱིན་པར་ཆོས་གྲགས་ནས་འདི་བར་གཞིའི་ཆོས་སྐོར་རེད་ཟེར་ཞིང་མིང་སོགས་ཞུས་སོང༌། སྐྱབས་མགོན་ཉིད་ནས་ཁྱོད་ཀྱི་དེ་རིང་ཁ་ངན་སོགས་གཏན་ནས་བརྗོད་མི་རུང་ཚུལ་གསུངས། དེས་ང་ལ་གཞན་བཟང་ངན་ཞུ་རྒྱུ་མེད་ཀྱང༌། བྱིས་པ་ཆུང་ངུ་ལོ་ཁ་གང་ཙམ་ཡོད་པ། ཁོ་རང་བླ་མ་བསོད་ནམས་ཆོས་ལྡན་རྩར་འགྲོ་དགོས་ཤ་སྟག་ཟེར་འདུག །བླ་མ་དེ་ཉིད་ཀྱི་ཐུགས་ལ་མངའ་འམ་ཞུ་བ་དང༌། སྐྱོན་ཡོད་མེད་ཀྱི་ཐུགས་རྟགས་སོགས་ཞུུ་སར་འོང་བར་ཡིན་ཞུས། བླ་མས་དར་ཅིག་སྤྱན་འབྲུ་ཚུགས་སུ་ནམ་མཁར་གཟིགས་ཏེ། ཕྱག་ཐལ་མོ་སྦྱར་ནས་འོ་བཟང་བཟང༌། རྟེན་འབྲེལ་ལེགས་པོར་འགྲིགས་བྱུང༌། ངའི་རྨི་ལམ་དང་ཁྱོད་ཀྱི་སྐད་ཆ་གཉིས་ཆ་མཚུངས། ང་ཡི་འདོད་དོན་ལྷུན་གྱིས་གྲུབ་པར་གདའ། བླ་མ་བསོད་ནམས་ཆོས་ལྡན་ཟེར་བ་དེའི་རྒྱུས་ང་རང་ལ་ཡོད་ངེད་གཉིས་མཆེད་གྲོགས་བཟང་ས་ཡིན། ཧ་ཧ། ད་གང་ལྟར་ཡང༌། ང་རང་ཁྱོད་ཀྱི་རྩར་སྤྲུལ་སྐུ་དེ་ལ་ལན་གཅིག་བལྟ་རུ་འོང་དགོས། ཁྱོད་ཆོས་སྐོར་དང་ངེད་བོ་ཆུང་གཉིས་ཕ་མའི་རིང་ནས། བཟང་མཛའ་དང་ཤག་པོ་ཡིན་པས། ང་རང་ལ་འབུལ་བཞག་སོགས་མི་དགོས། རང་ཁྱིམ་ལྟར་བྱེད་ཆོག་གསུངས། དེ་ནས་ཕ་རྒན་ཁོ་རང་ཡང་དགའ་ཞིང་རང་གནས་སུ་ལོག་གོ །ཀུན་བཟང་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང༌། །སངས་རྒྱས་གཉིས་པའི་རྒྱལ་ཚབ་འགྲོ་བའི་གཉེན། །གདུལ་བྱ་མ་རུང་འདྲེན་པའི་དེད་དཔོན་ཆེ། །ཁྱོད་ཞལ་པདྨོ་མཇལ་བ་ཅིས་མི་སྤྲོ། །དེ་ནས་རྗེ་བཙུན་ཐམས་ཅད་མཁྱེན་པ་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཕ་ཁྱིམ་གྱི་ཁང་སྟེང་དེར་ཕེབས། ཞལ་གྱི་དཀྱིལ་འཁོར་མཇལ་མ་ཐག་ཏུ་ཨོ་རྒྱན་ཆེན་པོའི་རྒྱན་ཆ་ལུགས་ཡོངས་རྫོགས་སུ་གསལ་བ་ལས་ཐ་མལ་གྱི་གཟུགས་སུ་མ་མཐོང༌། བླ་མའི་ཞལ་ནས་ཁྱོད་ཀྱིས་ང་རང་ཨི་ཤེས་གསུངས། བྱིས་པ་དེས་བསོད་ནམས་ཆོས་ལྡན་ངས་ཁྱོད་ལོས་ཤེས་ཀྱང༌། ཁྱོད་ཀྱིས་ང་རང་དོར་བ་ཨི་ཡིན་ཟེར་ཞིང༌། བླ་མས་བྱིས་པ་ཕྱག་ཏུ་བླངས་ནས་སྤྱན་ཆབ་ཁྲོམ་མེར། འོ་ལེགས་སོ་ཐུགས་བདེན། ཡུས་ཆེ་བ་ཐུགས་ཁག་མེད། ཁོ་བོས་ད་བར་རྩད་མ་ཆོད། ཉིད་ཀྱི་ཞབས་ཏོག་མཐར་ཕྱིན་པ་བྱེད་དོ། །གསུང་ཞིང་དབུ་གཏུགས། དེ་ནས་བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ཤིང༌། ཁྲོ་བོ་སྨེ་བ་བརྩེགས་པའི་བྱབ་ཁྲུས། ཚེ་སྒྲུབ་བདུད་རྩི་བུམ་བཅུད་ཀྱི་དབང་སོགས་གནང༌། མ་མགོན་ལྕམ་དྲལ་གྱི་བསྐང་གསོལ་མཛད་ཅིང༌། བྱིས་པ་གཉེར་གཏད་སོགས་ཐུན་མོང་མ་ཡིན་པ་མཛད། ཕ་མ་གཉིས་ལ་ཁྱོད་ཅག་རྣམས་ཁོ་བོའི་རྗེས་སུ་འགྲོ་དགོས་འདུག །བསོད་ནམས་ཆོས་ལྡན་ཟེར་བ་དེ་ངའི་མིང་ཡིན་ཀྱང༌། སྔར་ང་ཡི་བླ་མ་ཞིག་ཡོད་པ་དེས་མ་གཏོགས་གཞན་སུས་ཀྱང་མི་ཤེས། ད་ཁྱེད་ཅག་ཀུན་ངའི་རྗེས་སུ་འགྲོ་དགོས་བྱིས་པ་འདི་ང་དང་བྲལ་ནས་འདི་གར་བཞག་ན་ཚེ་ལ་བར་ཆད་འོང་ངེས་ཡིན་གསུངས། ཕ་མ་གཉིས་ནས་འགྲོ་བར་སེམས་ཀྱང༌། ཨ་ཁུ་ཆོས་སྐོར་ཟོན་འབུམ་རྒྱལ་ཟེར་བ་བདུད་སྤྲུལ་སྡིག་ལ་རྔམས་ཤིང་ཆོས་ལ་སྡང་བའི་གདུག་པ་ཅན་ཞིག་ཡོད་པ། དེའི་རིགས་བརྒྱུད་རྣམས་ཀྱང་བྱིས་པ་ལ་ཤིན་ཏུ་སྡང་བར་ཡོད་པས། ཁུ་བོ་ནས་ན་རེ། ངས་ཚ་བུ་འདི་སྤྲུལ་སྐུ་ཡིན་ཡང་མི་དགོས། མིན་པར་ཤོག །ངས་མི་རྒྱུད་ལ་དགྲ་ཤ་ཟ་ཞིང་དགྲ་ཁྲག་འཐུང་བ་ལས། སྔར་ཡང་བླ་མ་དང་སྤྲུལ་སྐུ་སྐྱེ་མ་མྱོང༌། ངས་ཚ་བུ་ཡུལ་གཞན་དུ་ཁྱེར་མཁན་ཞིག་ཡོད་ན། ངས་མེ་མདའ་བསྣུན་ཞིང་གསོད་པར་བྱེད་དོ་ཟེར་བར། རེ་ཞིག་ཐབས་མ་བྱུང་འདུག་ཀྱང་རྗེས་སུ་རྗེ་བླ་མའི་གདན་ས་ཤུགས་ཆེན་སྟག་མགོ་ཟེར་བར་འོང་རྒྱུའི་ཞག་དུས་ཀྱི་ཐ་ཚིག་བོར། དེ་ནས་བླ་མ་འབྱོན་པར་ཆས་པར་བྱིས་པས་ཟླ་བ་གཉིས་ནས་ཁྱོད་ཀྱི་དྲུང་དུ་མ་སླེབ་ན་ང་རང་རང་གནས་སུ་འགྲོ་ཟེར། བླ་མས་འོ་ལེགས་སོ་ཅིས་ཀྱང་སླེབས་པར་བྱེད་དོ། །ཕ་མ་གཉིས་ལ་ལེགས་པར་ཡིད་ལ་ཟུངས། རང་ཡུལ་ཟེར་བ་ཞིང་ཁམས་ཡིན་པས་ཡག་ཉེས་ཆེ་ཤིན་ཏུ་གཟབ་དགོས་གསུངས་ནས་ཕེབས་སོང་ངོ༌། །དེ་ནས་ཨ་ཁུ་དེས་ཕ་ལ་ཁྱོད་རང་མི་མགོ་ཡང་གླད་མེད་བྱ་སྒྲོ་རླུང་ཁྱེར་ལྟ་བུ་ཞིག་རེད། བུ་ཆུང་འདི་རང་རེ་ཨ་ཞང་མདའ་པ་ཚང་གི་བརྒྱུད་པ་ཡིན་པས་དཔའ་རྒོད་སྐྱེན་གསུམ་བློ་འཕྲུལ་ཆེ་བ་ཞིག་འོང༌། སངས་རྒྱས་ནམ་མཁར་བྱ་ལྟར་འཕུར་བ་ཞིག་འོང་བ་ལས་རང་རེའི་བརྒྱུད་འཛིན་དམག་དཔོན་ཐུབ་པ་ཞིག་འོང་ན་དེས་དགའ། རང་ལག་ཏུ་ཤི་ཡང་བྱེད་ཐབས་བྲལ་བས་འགྱོད་པ་མེད་ཟེར། ཕ་སྤུན་གཞན་རྣམས་ཀྱིས་བུ་ཆུང་འདིའི་བྱ་སྤྱོད་གང་ལ་བལྟས་ཀྱང༌། རང་རེ་རྣམས་ཀྱི་ཉམས་ཕན་ཞིག་འོང་བ་མི་འདྲ། འཆི་བ་ལས་སྤྲུལ་སྐུ་ཞིག་འོང་ཀྱང་ལེགས་ཟེར། ལ་ལས་ནི་མ་ལ་ལྷ་བབ་འདྲེ་བབ་ཀྱི་སྨྱོ་ལུགས་དང༌། བུའི་བྱ་སྤྱོད་ལ་བལྟས་ན། ཡང་ན་ཆོས་སྐོར་འདི་ཡར་དར་བའི་རྟགས་རེད། ཡང་ན་མཐའ་བརླག་པའི་རྟགས་རེད། ཁ་ཚོན་གཅོད་དཀའ་འདུག་ཟེར། དེ་ནས་སྐབས་སྐབས་སུ་མ་ལ་ཡང་ཌཱཀྐི་ཤ་ཟ་ཁ་མོ་ཆེ་སོགས་བབ་ནས། བླ་མའི་དྲུང་དུ་འགྲོ་དགོས་ཚུལ་ཟེར་བ་དང༌། བྱིས་པས་བསུ་མ་ཡང་སླེབས་བྱུང་བས་བླ་མའི་དྲུང་དུ་འགྲོ་རན། ཡང་ན་དབུས་གཙང་ཕྱོགས་སུ་འགྲོ། དེ་མིན་རང་གནས་སུ་འགྲོ་བ་ཡིན་ཟེར། ཕ་ནས་བུ་ཆུང་འདི་ནི་འཆི་བ་ལས། གསོན་པོའི་ཐབས་ཤིག་བྱུང་ན། ཅི་ལ་ཐུགས་ཀྱང་སྒྲུབ་དགོས་སྙམས་ནས་སུས་ཁར་མ་ཉན་པས། ཕ་མ་བུ་གསུམ་གཡོག་འཁོར་ཁ་ཤས་ཁྲིད་ནས་རྡོ་ཡུལ་སྟོད་དུ་བླ་མའི་དྲུང་དུ་སོང༌། དེར་ཤུགས་ཆེན་སྟག་འགོ་ཞེས་པ་རྗེ་བཙུན་ཆོས་ཀྱི་རྒྱལ་པོའི་གདན་སར་སླེབས། དེར་སྐྱབས་མགོན་རིན་པོ་ཆེ་ཐུགས་དགྱེས་ཤིང་བརྩེ་བ་ཆེན་པོས་རྗེས་སུ་བཟུང་ཞིང༌། ཕ་རྒན་ལ་ཁྱོད་གཞན་དབང་དུ་མ་སོང་བར་བློ་ཐག་བཅད་ནས་འདིར་འོང་བ་གོ་ཆོད་ཤིན་ཏུ་ལེགས། མདངས་ངའི་རྨི་ལམ་ན་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་གནས་འདིར་བྱོན་ནས་གསེར་གྱི་མཆོད་རྟེན་ཁྲུ་གང་བ་ཞིག་གནང་བ་རྨིས། བལྟས་པས་མཆོད་རྟེན་གྱི་བུམ་པ་བང་རིམ་རྣམས་སུ། བརྡ་ཡིག་ཤ་སྟག་འདུག་པས་མ་འོངས་པ་ན་བུ་ཆུང་འདི་གཏེར་སྟོན་ཞིག་འོང་བ་འདྲ། གཡའ་དྲིས་ཅུང་ཟད་ཀྱིས་གོས་འདུག་པས། རེ་ཞིག་གསལ་དཀའ་བར་འདུག་གསུངས། ཕ་རྒན་ནས་གཏེར་སྟོན་ཟེར་བ་ཅི་ལགས་ཞུས་པས། ཁྱེད་ཀྱིས་དེ་མི་ཤེས་རང་བཞིན་རྨི་ལམ་བཤད་པ་ཡིན་གསུངས། ཉིན་གཅིག་ཚོགས་འཁོར་ཞིག་མཛད་འདུག་པར། སྐྱབས་མགོན་ཐམས་ཅད་མཁྱེན་པ་དེ་ཉིད་རིན་པོ་ཆེའི་ཁྲི་བཀོད་ལེགས་ཞིག་གི་སྟེང་དུ་རྒྱལ་པོའི་ཆ་བྱད་ལ་ཐོད་སོགས་ཀྱིས་བརྒྱན་པ། དེའི་ཐུགས་ཀ་ནས་འོད་མེ་ལོང་ཙམ་གྱི་ནང་དུ་སྤྱན་རས་གཟིགས་ཁ་སར་པཱ་ཎི་སེམས་ཉིད་ངལ་གསོའི་བཞུགས་སྟངས་ཅན་ཞིག་འདུག །གཡས་ཕྱོགས་སུ་པཎྜི་ཏའི་ཆ་བྱད་ཅན་གྱི་བླ་མ་སྐུ་མདོག་སྨུག་ཟིལ་ཆགས་པ། པདྨ་སཾ་ཞུ་གསོལ་བ་ཕྱག་གཉིས་མཉམ་བཞག་གི་སྟེང་ན་བདུད་རྩིའི་ཐོད་པ་བསྣམས་པ་ཞིག་གིས་སྤྱན་འབྲུ་ཚུགས་ཀྱིས་ང་རང་ལ་གཟིགས་འདུག །གཞན་ཡང་ཨ་ཙ་ར་ལྟ་བུ་དང༌། བུད་མེད་རུས་རྒྱན་ཅན་མང་པོས་གར་སྟབས་ཤིག་ཤིག་བྱེད་ཅིང་བར་སྣང་ཀུན་འཇའ་འོད་ཀྱི་ལེར་ཡོད་པ་ཞིག་མཐོང༌། དེར་བླ་མའི་ཐུགས་ཀའི་སྤྱན་རས་གཟིགས་ཀྱི་སྐུ་དེ་ལས་འོད་ཟེར་འཕྲོས། ནམ་མཁའ་ནས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འོད་འབར་བ་ཞིག་བྱུང་བ་བླ་མའི་ཞལ་དུ་ཞུགས་པ་མཐོང་ངོ༌། །སྐབས་ཤིག་ཏུ་གྲུབ་དབང་རྡོ་རྗེ་འཆང་ཆེན་པོ་ཆོས་ཉིད་ཉམས་ཀྱི་སྣང་བ་རབ་ཏུ་འུར་ཞིང༌། ཚོགས་ཀྱི་ཉམས་མགུར་དང༌། འབྱུང་འགྱུར་བསྟན་པ་སྤྱིའི་ལུང་བསྟན་སོགས་གནང་སོང༌། དེའི་ཚེ་སྐབས་སྐབས་སུ་བླ་མའི་སྐུ་དེ་ཡང་མཐོང་ལུགས་མི་འདྲ་བ་སྣ་ཚོགས་དང༌། དྲུང་དུ་བུད་མེད་མདོག་དང་རྒྱན་སོགས་རིགས་མི་འདྲ་བ་དང༌། བནྡྷེ་སྔགས་པ་སྐྱེ་བོ་སོགས་སྣ་ཚོགས་ཡོད་པ་མཐོང་ཡང༌། རྗེས་སུ་དཔྱད་ཚེ་མིའི་་རིགས་ཡིན་པ་མི་འདྲ། ནུབ་་གཅིག་མ་ཡི་པང་དུ་ཉལ་ལ་ཡོད་པའི་ཐོ་རངས་ཙམ་མ་དེ་བུད་མེད་དམར་མོ་རལ་པ་དམར་སེར་ཅན། མིག་གསུམ་པ་འཇིགས་སུ་རུང་བ་ཞིག་རེད་འདུག་པས། ང་རང་དང་པོར་འཇིགས་སྐྲག་གི་སྣང་བ་ཞིག་བྱུང༌། དེ་ནས་ཁྱོད་སུ་ཡིན་སྨྲས་པས། སྔགས་འཆང་ཧཱུྃ་ཀར་སྲས་མོ་འཛོམ་པ་སྐྱིད། །ད་ལྟ་ཤ་ཟ་ཁ་མོ་ཆེ་ཞེས་བྱ། །ཆོས་ཀྱི་རྒྱལ་པོའི་མ་ཡི་ཚུལ་དུ་འོང༌། །ལས་དང་རྟེན་འབྲེལ་སྨོན་ལམ་མ་ལོག་ན། །བོད་དུ་ཉི་ཟླ་ཟུང་ཅིག་འཆར་ངེས་ཟེར། །ཕ་ཡིས་འོ་ཅི་རེད་ཟེར་བ། ད་ཅིའི་བུད་མེད་དམར་མོ་མི་འདུག་པར། མོ་རང་གིས་བྱིས་པ་གཉིད་ལོག་བྱེད་པ་རེད་ཟེར། ཡུལ་དེར་གནས་སྐབས་ཕ་མ་གཉིས་ལ་སྲིང་མོ་སྐུ་ལུས་མངལ་དུ་ཆགས་པ་འདྲ། དེ་ནས་རྗེ་བླ་མས་ད་ནི་བུ་ཆུང་མཆོག་གི་སྤྲུལ་སྐུ་ཡིན་པ་འཁྲུལ་བ་གཏན་ནས་མེད། ད་དུང་ཡང་ཁྱེད་རང་གཉིས་ལ་སྤྲུལ་སྐུ་རེ་འཁྲུངས་ལས་ཆེ་བས། ལོ་ཕར་མི་འགྱང་པར་རང་ཡང་སྟོད་ཕྱོགས་སུ་བྱོན་རྒྱུ་ཡིན་པས་ཁྱེད་རང་རྣམས་ཀྱང་ཡར་འོང་དགོས་པ་མ་གཏོགས། སྤྲུལ་སྐུ་འདི་མགོ་ལོག་ཡུལ་དེར་ཡུན་རིང་བསྡད་ན། བར་ཆད་དབང་གིས་གཤེགས་འགྲོ་བར་ཐེ་ཚོམ་མེད་ཅེས་གསུངས་ནན་དཔག་ཏུ་མེད་པ་མཛད། ཕ་ཡིས་དང་པོར་ཁས་ལེན་མ་ནུས་ཀྱང་རྗེས་སུ་བླ་མའི་བཀའ་དང་བུ་ཡི་སྲོག་ཕོངས་པའི་ཕྱིར་བཀའ་བཞིན་སྒྲུབ་པར་ཁས་བླངས། ཡུལ་དེར་ཟླ་བ་གཅིག་དང་ཕྱེད་ཙམ་བསྡད་ནས། སྐྱབས་མགོན་མཆོག་གིས་བསྲུང་བ་རིམ་གྲོ་དབང་དང་བྱིན་རླབས་ཐུགས་གཏད་ཕྲིན་བཅོལ་སོགས་རྒྱ་ཆེར་མཛད་ནས། ངེད་ཅག་ཀུན་སླར་རང་ཡུལ་དུ་ལྡོག་པར་གདའ། དེ་ནས་ཕ་ཁྱིམ་དུ་བྱིས་པའི་རྩེད་འཇོའི་ངང་དུ་གནས། ནུབ་ཅིག་དངོས་སམ་རྨི་ལམ་མ་ངེས་པ་ཞིག་ཏུ་བུད་མེད་རྒན་ཉམས་ཅན་ཕྱག་ན་འཁར་བ་ཐོགས་པ་ཞིག་བྱུང་སྟེ། ཀྱེ་རིགས་ཀྱི་བུ། ཁྱོད་དང་ཚངས་པ་ལྷའི་མེ་ཏོག །ཏཱ་རེ་རྡོ་རྗེ་ཕག་མོ་ཡི། སྤྲུལ་པ་རྣམ་གསུམ་དུས་གཅིག་ཏུ། །བོད་དུ་འགྲོ་དོན་སྤྱོད་གྱུར་ན། མ་འོངས་སྙིགས་མའི་རྟགས་ངོམས་ཚེ། །ཁམས་དབུས་བསྟན་པའི་མེ་རོ་གསོ། །སེམས་ཅན་བདེ་སྐྱིད་སྤེལ་ནུས་ཀྱང༌། །བར་ཆད་བདུད་ཀྱི་འཇུག་སྒོ་དང༌། །འགྲོ་བའི་བསོད་ནམས་དམན་པའི་ཕྱིར། །གཉིས་ལས་འོང་བར་མི་གདའ་སྟེ། །སྤྲུལ་པ་ཕན་ཚུན་གཅིག་བསྡུས་ནས། །ཐབས་དང་ཤེས་རབ་རྟེན་འབྲེལ་གྱིས། །ཉིད་དང་ཏཱ་རེའི་གཟུགས་མངོན་ནོ། །ཞེས་ཟེར་བ་ང་རང་གི་ཡིད་ལ་མེད་པར་ངག་ནས། དབྱངས་ཀྱི་རྗེ་མོའི་བཀའ་ལེགས་སོ། །ང་རང་གི་ཕྲིན་ལས་ཀྱི་ཕོ་ཉ་བ་ཏཱ་རེ་རྡོ་རྗེ་ཕག་མོ་མི་ཡུལ་ཅིས་ཀྱང་འོང་དགོས། གཞན་མ་འོང་ཀྱང་ཆོག །སྤྲུལ་པ་བསྡུས་ཀྱང་ཆོག་བྱས། རྒན་མོ་དེ་མདུན་དེར་ཙོག་གེར་བསྡད་སོང་བར། སྙིང་ཀ་ནས་འོད་ཟེར་ཞིག་འཕྲོས། གར་བྱུང་མེད་པའི་བླ་མ་གཏེར་ཆས་ཅན་ཞིག་ཐོན། བླ་མ་དེ་རྒན་མོའི་ཐུགས་ཀར་འོད་དུ་ཞུ་ཤེལ་གྱི་རྡོ་རྗེ་ཞིག་ཏུ་གྱུར། དེ་ཡང་འོད་ཀྱི་གོང་བུའི་རྣམ་པ་རང་དང་འདྲེས། བུད་མེད་སྔོན་མོ་ཞིག་ཀྱང་འོད་ཀྱི་སྣེ་ལས་བྱུང༌། རྒན་མོའི་ཐུགས་ཀའི་འོད་ཀྱི་དེ་ཉིད་འོད་དུ་ཞུ་བ་ལས་སྒྲོལ་ལྗང་གི་སྐུ་རྒྱ་སྲན་ཙམ་དུ་གྱུར། མར་བལྟས་པས་སྔར་གྱི་ཤ་ཟ་ཁ་མོ་ཆེ་ཡིན་ཟེར་བའི་མ་དེ་འདུག་པ་དེའི་སྤྱི་བོ་ནས་མར་ཞུགས་སོང་ངོ༌། །རྒན་མོ་དེས་རྟེན་འབྲེལ་དུས་སྐབས་དང་འབྲེལ་བ་ཞིག་རྒྱན་དུ་ཆེ་ཟེར་བ་ཡིན་པས་དེ་ག་ཙམ་ཡིན་ལེགས་ཟེར། སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཟེར་ཞིང༌། ང་རང་གི་མགོ་ལ་བེར་རྒ་དེས་གཅིག་རེག །མའི་མགོར་གཅིག་རེག་སྟེ་མི་སྣང་བར་གྱུར་སོང༌། ང་རང་རྨིས་སད་ཚེ་མ་ལ་ལྷ་ཞིག་བབ་སྟེ་སྣ་ཚོགས་བཤད༌། དེའི་ནུབ་མོའི་རྨི་ལམ་ན་ལྷ་སྐུ་གཡུ་མདོག་ཅན་ཞབས་གཡས་བརྐྱང་གཡོན་མི་མངོན་པ་ཞིག་བུད་མེད་གཅིག་གིས་ཁྱེར་ཏེ་འོང༌། འཇིག་རྟེན་ཁམས་སུ་རྗེ་བཙུན་སྒྲོལ་མ་འདི་ལས་མེད་པས་འདི་ཡང་ཁྱོད་ཀྱི་ཚགས་གྱིས་ཟེར་ནས་བང་དུ་བཞག་བྱུང་བ་མོ་རང་གི་སྙིང་ཁར་ཐིམ་པ་རྨིས་འདུག། དེ་ནས་བཟུང་ཕ་མའི་ཁྱིམ་གྱི་ཕྱི་ནང་ཀུན་དང༌། ཁྱད་པར་སྐབས་སྐབས་སུ་མའི་ཉེ་ཕྱོགས་ཀུན་ཏུ། འོད་དམར་མེ་སྟག་ཕྲོམ་ཕྲོམ་བྱེད་པ་ཤ་སྟག་འོང་འདུག་པ། གཞན་མ་ཀུན་གྱི་ཁྱེད་ཀྱི་རྩར་བྱད་ཟོག་ཞིག་ཡོད་པ་ཡིན་ནམ། འདི་བྱད་ཁའི་རྟགས་རེད་ཟེར། ལ་ལས་རྒྱལ་གདོན་རེད་ཟེར། གང་ལྟར་ཡང་སྲིང་མོ་ཉིད་ལ་སྔོན་གྱི་ཐ་ཚིག་དབང་གིས་དྲང་སྲོང་ཆེན་པོ་ལུས་དང་གྲིབ་བཞིན་འགྲོགས་ནས་ཕྲིན་ལས་སྒྲུབ་དགོས་ཕྱིར། མངལ་དུ་ཞུགས་ནས་བཟུང་འཁོར་བ་ཡིན་པར་ངེས་འདུག །དེ་ནས་ཟླ་བཅུ་པའི་ཚེས་བཅུའི་ཐོ་རངས་ཁར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པའི་སྒྲ་ཞིག་གྲགས་ཏེ། ཁྱིམ་ཀུན་འོད་ལྗང་ཀུས་ལྟེམས་ལྟེམས་གང་བ་བྱུང༌། དེའི་ཉིན་དེར་ནམ་མཁའ་ལ་འཇའ་ཚོན་དང༌། གྲོང་པའི་གོང་དེར་རྒོད་མང་པོ་ཚོགས་ནས། མར་ཁྱིམ་ཕྱོགས་ན་བལྟས་འདུག་པ་དང༌། ཁང་སྟེང་ལ་ཡང་རྒོད་ལྔ་བབས། ཡུལ་པ་ཀུན་ནས་ཐན་ལྟས་སུ་བརྩིས། ཨ་ཁུ་གདུག་པ་ཅན་ནས་ཀྱང་མེ་མདའ་ཐོགས་ཤིང་བརྡེག་གྲབ་བྱེད་པར། ང་རང་ནས་ཨ་ཕྱི་ལ། མཁའ་འགྲོ་མ་རྣམས་ཐོན་ལེ་རེད། དེ་རིང་སྐྱིད་པོ་བྱུང་ཟེར་ཞིང་ཡར་རྒྱུག་མར་རྒྱུག་བྱེད་པར། ཨ་ཕྱི་ནས་ཁྱེད་ཀྱིས་དེ་འདྲ་མ་བྱེད་ཅིག །མེ་མདའ་བརྒྱབ་ན་ངའི་ཚ་བུ་སྐྲག་པར་འགྱུར། ཟེར་ནས། རྡོས་བརྡེག་པས་ཁོ་ཕྱིར་ལོག་སོང༌། དེའི་ཉིན་ང་རང་དར་ཅིག་ཉལ་བའི་ཉམས་རྨི་ལམ་མ་ངེས་པར། ནམ་མཁའི་མཐོང་སུ་འཇའ་དང་འོད་ཀྱི་གུར་ཁྱིམ་གྱི་དབུས་ན། རི་དྭགས་སྔོན་མོ་མཐོང་གི་མདོག་ཅན་གསེར་གྱི་རྭ་གཅིག་ལུས་ལ་འཇའ་ཟེར་འཕྲོ་བ་ཞིག་གིས། ཁོ་མོ་མི་ཡུལ་འགྲིམ་པ་ལ། ལོངས་སྤྱོད་རྫོགས་ལས་སྤྲུལ་པའི་གཟུགས། །འོད་ལུས་ཡེ་ཤེས་སྙིང་པོ་ཅན། །བཟུང་ནས་བརྡ་དང་བརྡའ་ཆོས་སྟོན། །སྣ་ཚོགས་ཐབས་ཀྱིས་འགྲོ་བ་སྒྲོལ། །སྒྲ་ཐོས་སེམས་ཅན་གྲོལ་བར་འགྱུར། འབྲེལ་ཚད་དོན་དང་ལྡན་པའོ། །ཞེས་གསུངས་སོ། །དེ་ཡི་མོད་ལ་རང་ཡང་རྨིས་སད། ཨ་ཕྱི་ནས་དེ་རིང་ཁྱིམ་དུ་དྲི་བཟང་པོ་ཞིག་གིས་ཁྱབ་འདུག་ཁྱོད་ཀྱི་མ་ཡང་ད་ཙམ་བཙས་རན་ཡོད་པས། ཁྱོད་ལ་གཅུང་པོ་སྤྲུལ་སྐུ་ཞིག་འཁྲུངས་རྒྱུ་ཨི་རེད་ཟེར། ང་རང་ནས་བུ་མིན་བུ་མོ་མཁའ་འགྲོ་མ་ཡིན་སྨས་པས། ཨ་ཕྱི་ནས་ཁ་ངན་པ་དེ་འདྲ་མ་གྲགས། བུ་མོ་ག་ལ་ཡིན། བུ་ཡིན་ཟེར་ང་རང་ནས་བུ་མི་དགོས། བུ་མོ་ཡིན་ན་ཤིན་ཏུ་ལེགས། ང་ལ་ཡང་ཕན་ཐོགས་སྨྲས་པར། དེའི་ནུབ་དགོང་མོ་དབང་གི་དུས་ནས། ཁྱིམ་ཀུན་འོད་དམར་མེ་སྟག་འཕྲོ་བ་དང༌། འཇའ་ཚོན་འཁྱིལ་བ་སོགས་སྣ་ཚོགས་བྱུང༌། སྲོད་དྲག་པོའི་དུས་སུ་སྐུ་བལྟམས་འདུག །དེའི་ནུབ་ང་རང་ཁང་སྟེང་དུ་བཞག་པ་རེད། སང་སྔ་མོར་བལྟ་རུ་ཕྱིན་པས། ཁྱིམ་ཕུག་མུན་ནག་ཞིག་གི་ནང་དུ་བཞག་འདུག་པ། ནང་ཀུན་འཇའ་ཚོན་སྣ་ལྔས་ཁྱབ་ཅིང༌། །ལྷ་སྐུ་ཆུང་བ་མཐོ་གང་ཙམ་པ་སྐུ་མདོག་མི་འདྲ་བ་དུ་མའི་ནང་དུ། བུ་མོ་མི་ལྟར་དུ་མ་མཐོང་ཞིང༌། འཇའ་ཚོན་ཁྱིལ་ལེ་བ་ཞིག་གི་དབུས་ན། བྱིས་པ་ལྗང་ལྟེམ་ལྟེམ་བྱེད་པ་ཞིག་འདུག །ང་རང་གི་ཁྱོད་ངའི་སྲིང་མོ་ཨི་ཡིན་སྨྲས། འོ་འོ་ཟེར་ཞིང་འཛུམ་མོལ་ལེ་ང་རང་གི་ལག་པར་འཇུས། ཡང་བལྟས་པས་བུ་མོ་ཆུང་ཆུང་ཞིག་གིས་ང་རང་གིས་ལག་པ་བཟུང་འདུག །མས་འོ་བུ་མོ་རེད་ཅི་བྱེད་ཟེར། ཨ་ཕྱིས་གང་ཡིན་ཀྱང་རུང༌། ཚ་བུ་ཁོ་རང་གི་སྲིང་མོ་ཡིན་ཟེར་ཞིང་མོ་རང་གི་པང་དུ་བླང་སོང༌། རྗེས་སོར་གྲུབ་དབང་ཐམས་ཅད་མཁྱེན་པའི་ཞལ་ནས། དེའི་དུས་སུ་ཏཱ་རེ་ཉི་ཤུ་རྩ་གཅིག་ཞལ་ཁྱོད་ཀྱིས་མཐོང་པ་རེད་གསུངས། དེ་ནས་སྐྱབས་མགོན་རིན་པོ་ཆེ་ཡང་སྡེ་དགེའི་ཕྱོགས་སུ་བྱོན་རྒྱུ་ཐོས་འདུག་པ། ཕ་ཁོ་རང་གིས་མ་རྒན་ལ། སྔར་བླ་མའི་གསུང་ཚུལ་རྣམས་ལེགས་པར་བཤད་པས། ཨ་ཕྱི་ནས། ཚ་བུ་འདི་ཚེ་མཐར་ཕྱིན་པ་ཞིག་བྱུང་ན། དེ་ལས་ལྷག་པའི་དོན་ཆེན་མེད། ཁོ་རང་ཡུལ་གང་དུ་གནས་ཀྱང༌། ང་རང་འཆི་དུས་འདྲེན་སྟོན་ཞིག་ནི་བྱེད་འགྲོ། ང་རང་མ་ཤི་གོང་འདིར་བུ་ཁྱོད་རང་དང་ལན་གཅིག་འཕྲད་ལས་ཆེ། གལ་སྲིད་ང་རང་འཆི་བར་གྱུར་ཀྱང༌། ཁྱིམ་གཞན་དུ་གནས་པའི་བུ་རྣམས་ནས་ཀྱང༌། ང་རང་གི་བེམ་པོ་སྐྱུར་ཐབས་མེད་པས། །ཁྱེད་རང་ནས་སེམས་ཆུང་མི་དགོས། ཚ་བུ་འདིའི་དོན་ཞིག་བྱུང་ན། ང་རྒན་མོའི་བསམ་པ་རྫོགས་པ་ཡིན། འོན་ཀྱང་མ་འོངས་པ་ན་ཁང་ཞིང་བྲན་འཁོར་དང་བཅས་པ། ངའི་བུ་གཞན་མ་རྣམས་ཀྱི་བུ་ཚ་བརྒྱུད་དང་བཅས་པའི་ལག་ཏུ་འགྲོ་མི་རུང༌། ལན་གཅིག་འདིར་ཁྱོད་རང་རྣམས་རྡོ་གྲུབ་ཆེན་རིན་པོ་ཆེའི་བཀའ་ལྟར་མ་སོང་ན། ཚ་བུ་འདིའི་ཟེར་ལུགས་དང༌། མནའ་མའི་ལྷ་བབ་ས་འདྲེ་བབས་ཀྱི་ཁ་ལ་ཉན་ཀྱང་བཟང་པོ་ཞིག་འོང་བ་མི་འདྲ་བས། ད་ནི་བློ་ཐག་ཆོད་ལ་སོང་ཟེར། ཕ་ཁོ་རང་ནས་འགྲོ་རྒྱུ་སྟ་གོན་བྱས་ཚེ། ཨ་ཁུ་དང་ཕ་སྤུན་ཉེ་འབྲེལ་ཀུན་ནས། ལ་ལས་ཞི་བ་དང༌། ལ་ལས་དྲག་པོའི་སྒོ་ནས་བཤོལ་བཏབ། ཁྱད་པར་ཨ་ཁུ་ནས་ཕ་མེས་རྒྱ་སྟག་འདྲ་བ་རྣམས་ཀྱང་འཆི་སོང་ཡང༌། ཤུལ་དུ་རང་ཅག་རྣམས་འདུག་དགོས་བྱུང༌། ཚ་བུ་འཆི་ཡང་བྱེད་ཐབས་བྲལ། ཁྱེད་རང་གཉིས་ལོ་ཆུང་ཡིན་པའི། །དང་དུ་བུ་བརྒྱུད་འོང་བར་ངེས། ཆོས་སྐོར་གྱི་མི་ངོ་དྲག་ཤོས་ཞིག་པོ་ཆུང་གི་སྒར་མཐར་ཁྱི་འབྲངས་པ་བཞིན་སོང་ན། བསྟན་དོན་དང་མགོ་རྣ་བསླད་ཅིང༌། རང་ཅག་ཀུན་དེ་ལས་མི་ཁ་ཆེ་བ་མེད་པས། ཁྱོད་འགྲོ་མི་ཆོག་ཐག་ཆོད་ཡིན། གལ་སྲིད་འགྲོ་བར་སེམས་ཀྱང་འཇུ་བཟུང་བྱེད་ཟེར། ཕ་ནས་ཁྱེད་ཅག་བུ་མང་བདག་པོ་རྣམས་ཀྱིས། ཤ་ཚ་མེད་པའི་གཏམ་དེ་འདྲ་ལོས་ཟེར་ཡང༌། ངས་བུ་གཅིག་པུ་འདི་འཆི་སོང་ན་ང་རང་རྒྱ་དཀར་ནག་འགྲིམ་ནས་བེ་རྒ་ཐོགས་ཤིང་འགྲོ་ངེས་ཡིན། ཡུལ་འདིར་མི་སྡོད་ཐག་གིས་ཆོད། བཙན་པོའི་ཤུགས་ཀྱིས་ང་བཟུང་མཁན་ཡོད་ན་ཤོག་དང་ལྟས་མོ་བལྟ་ཟེར་ནས་ཞེ་སྡང་དྲག་པོ་མེ་ལྟར་འབར་ཞིང༌། དེའི་ཤུགས་ཀྱིས་སྡེ་བརྒྱད་ཀྱི་ཁ་ཁྲིད་ལྟ་བུའི་མཚོན་ཆའི་འཕྲུལ་འཁོར་བྱེད་གྲབ་བྱས་འགྲོ་རྒྱུ་ལ་ཅིས་ཀྱང་ལྡོག་རྒྱུ་མེད་པའི་བློ་ཐག་བཅད་ཚེ། ཁོང་རྣམས་ནས་ཀྱང་གླགས་མ་རྙེད་པར་བྱ་ཐབས་བྲལ་བར་ལུས། །དེ་ནས་ཕ་མ་བུ་གཡོག་ཁ་ཤས་བཅས་ལམ་དུ་ཆས། ཨ་ཕྱི་ལ་ཡང་རྒྱལ་དབང་པདྨའི་བྱིན་རླབས་ཀྱིས་མཐུས་བྱིས་པས་གསེར་སྐུ་མགོར་བཞག་ནས་དྷ་དྷིའི་སྒྲའི་རྐྱེན་གྱིས་གསོན་འཕོ་ཐེབས་པའི་རྟགས་མཚན་ཡང་མངོན༑ སྲིང་མོ་ཡང་ཕ་མ་གཉིས་ནས་ཤུལ་དུ་བཞག་རྒྱུའི་བློ་ལོག་རེ་དྲན་ཀྱང༌། ལས་དབང་དང་སྲུང་མའི་མཐུས་བཟློག་ཅིང༌། ཤུལ་ལམ་རིམ་བགྲོད་ཀྱིས་མགོ་ལོག་གི་ཡུལ། ལྕིའི་རྒྱལ་མཚན་ལུང་ཞེས་པའི་སར་སླེབས་ཚེ། ཁོ་བོའི་སྣང་བ་དང་རྨི་ལམ་འདྲེས་པར། ཤར་ཕྱོགས་ན་སྔར་རྨ་སྨར་འཚམས་སུ་འོང་བའི་ཞུབ་ཆེན་ལྡན་པ་རྣམས། སྔར་སྔོ་མཚོ་འགྲམ་དུ་ཡོད་པའི་གཉན་ཆེན་དང༌། བཙུན་མོ་ཆེན་མོ་སྲས་མོར་བཅས་པ་སྔར་ལས་གཟི་བརྗིད་ཆེ་ཞིང་རང་རང་གི་ཞོན་པ་རྣམས་བཅས་འཁོར་ཡང་དཔག་ཏུ་མེད་པས་བསྐོར་ནས་སླེབས། ང་རང་ཁྱོད་ལ་སྔར་བསྒོ་བ་གང་བྱས་པ་ལྟར་ལས་མེད་ཀྱང་སྲས་མོ་འདི་ངེད་ཀྱི་ནང་དུ་ད་དུང་རེ་ཞིག་བཞུགས་སྙམས་ཡོད་ཀྱང༌། དབྱིངས་ཀྱི་རྗེ་མོའི་བཀའ་མ་ལྕོགས་པར་མི་ཡུལ་དུ་སྐྱེ་བ་ལེན་དགོས་བྱུང༌། ད་དབུས་ཀྱི་ཕྱོགས་སུ་འགྲོ་བར་སྐྱེལ་མ་དང༌། སྨོན་ལམ་ཞིག་འདེབས་པར་འོང་བ་ཡིན་ཟེར་ཞིང་གཙོ་མོ་དེས་བུ་མོ་པང་དུ་བླང་སོང་བར། བུ་མོས་ཀྱང་ཨ་མ་ཨ་མ་ཟེར་ཞིང་དགའ་དགའ་ལྟར་བྱེད། གཙོ་མོས་བུ་མོ་འདི་ལ་དམེ་གྲིབ་དང་བུད་མེད་རིགས་ངན་གྱི་ལུས་གྲིབ་ཕོག་འདུག་ཟེར། ཤེལ་བུམ་ཞིག་གི་ནང་ནས་ཆུ་སྔོ་སང་ངེ་བ་ཞིག་གིས་བུ་མོའི་ལུས་ཀུན་བཀྲུས། མོ་རང་གི་ནུ་མ་བླུད་དེ། ཕྱོགས་རྣམས་ཀུན་ནས་བཞུགས་པ་ཡི། །རྒྱལ་བ་སྲས་དང་སློབ་མར་བཅས། །བླ་མ་ཡི་དམ་མཁའ་འགྲོ་ལྷ། །བདེན་ཚིག་གྲུབ་པའི་དྲང་སྲོག་ཚོགས། །དམོད་པ་དྲག་སྔགས་ལྷ་ཚོགས་ཀྱི། །བདེན་མཐུ་ནུས་པའི་རྩལ་ཤུགས་ཀྱིས། །བུ་མོ་འདི་ལ་བྱིན་རླབས་ཤིང༌། །ཅིང་ཀྱང་མི་ཚུགས་རྡོ་རྗེའི་ལུས། །སྲ་བརྟན་གཟི་བརྗིད་ལྡན་པ་དང༌། །ཀུན་གྱི་ཡིད་དུ་འོང་བར་ཤོག །ཅེས་ཟེར་ཞིང༌། །ཕྲེང་བ་ལྟ་བུ་ཞིག་མགུལ་དུ་བཏགས་ནས། །རྗེ་མོས་གཙོས། ཀུན་གྱི་མིག་མཆི་མ་ཕྲོམ་ཕྲོམ་བྱེད་ཅིང་རང་སར་བཞག་སོང་བར། བུ་མོས་ཀྱང་ཨ་མ་ཨ་མ་ཟེར་ཞིང་ངུ་འདུག །མི་ཡུལ་གྱི་མས་མོ་རང་ལ་འབོད་པ་རེད་བསམ་ནས། ཨ་ཨ་ཟེར་ཞིང་པང་དུ་བླང་སོང༌། དེར་ཡང་རྗེ་མོ་དེ་ཡིས། ཁམས་གསུམ་དབང་བསྒྱུར་རྡོ་རྗེ་དྲག་མོ་རྒྱལ། །ཁྱོད་ཀྱི་མཐུ་རྩལ་སུས་ཀྱང་འགྲན་དཀའ་བར། །བུ་མོ་འདིའི་ལུས་དང་འབྲལ་མེད་འགྲོགས། །འཇིགས་སྐྱོབས་དགྲ་གདོན་ཐུལ་ལ་ལེགས་ཚོགས་སྤཻལ། །ཁྱོད་ཀྱི་ས་ལམ་གོང་དུ་འཕེལ་བར་འགྱུར། །ལོགས་སྨོན་བདུད་ཀྱི་དབང་དུ་མ་བཏང་ཞིག །ཅེས་ཟེར་ཞིང༌། །བདུད་རྩི་དཀར་ཡོལ་གང་བླུད། །ཕྲེང་བ་ཞིག་མགུལ་དུ་བསྐོན་ཞིང༌། །དེར་བུད་མེད་དྲེའུ་རྟ་ཞོན་པ་དེས་རྗེ་མོའི་བཀའ་ལྡོག་ཏུ་མི་ནུས། །བུ་མོ་འདི་ཡང་ཚེ་རབས་ཀུན་དུ་དམ་ཚིག་གི་འབྲེལ་བས་བསྡུས་པ་ཅིས་ཀྱང་མི་འབྲལ་འགྲོགས་ཤིང་མཐུན་རྐྱེན་བསྒྲུབ་བོ་ཟེར། དེ་ནས་དེ་ཐམས་ཅད་ཀྱི་འབྲུ་དཀར་དང་མེ་ཏོག་འཐོར། རྟ་བ་བརྒྱ་ཕྲག་བདུན་གྱིས་ས་མཚམས་བར་སྐྱེལ་མ་གྱིས་ཤིག་ཟེར། ཁོ་རང་རྣམས་རྟར་ཞོན་པ་དང་ཆབ་གཅིག་གར་སོང་ཆ་མེད་དུ་ཐལ། དེ་ནས་ཤུལ་ལམ་རིམ་བགྲོད་ཀྱིས་གསེར་ཁོག་ཏུ་སླེབས་པར། སྐྱེས་པ་བུད་མེད་མང་པོས་མཇལ་ཕྱག་བསྐོར་བ་བྱེད་པ་མཐོང་ཡང༌། སླར་འདྲི་བ་བྱས་ཚེ། མི་གཅིག་ཀྱང་མི་འདུག་པ་མི་མ་ཡིན་པ་ཤ་སྟག་ཡིན་པ་འདྲ། རིམ་བཞིན་ཉི་ཟླ་རྫ་ཁོག་བརྒྱུད་ནས་རུ་དམ་ལྷ་ལུང་མདོ་ཟེར་བར་སླེབས་ཤིང་དེར་བསྡད། དེའི་ཚེ་སྐྱབས་མགོན་ཐམས་ཅད་མཁྱེན་པ་ཉིད་རྫོགས་ཆེན་དགོན་དུ་བཞུགས་པས་ངེད་ཅག་ཀུན་སྐབས་དེར་སྐུ་དྲུང་དུ་སླེབས་ཅིང་རྗེས་འཛིན་དང་བྱིན་རླབས་སོགས་མཛད། བུ་མོ་འདི་སྤྲུལ་པའི་སྐུ་ཁྱད་པར་ཅན་ཞིག་ཡིན་ཀྱང༌། ཁྱེད་ཕ་མ་གཉིས་ཀྱི་བྱ་སྤྱོད་ཅུང་ཟད་མང་བའི་རྐྱེན་གྱིས། མོ་ལུས་སུ་གྱུར་བ་རེད། འོན་ཀྱང་ཁོ་རང་མིང་སྲིང་གཉིས་སྤྲུལ་པ་ཕན་ཚུན་བསྡུས་པས། ད་སྤྲུལ་སྐུ་འདིའི་སྲོག་སྲིང་མོ་འདིས་བརྟན་དགོས་པས་བུ་མོ་འདི་འཆི་བར་གྱུར་ན། སྲུལ་སྐུ་འདི་ཡང་ཚེ་མི་བརྟན་ངེས་ཅན་ཡིན་གསུངས། །དེ་ནས་རྫོགས་ཆེན་དཔོན་སློབ་གཉིས་པ་པདྨ་གསང་སྔགས་བསྟན་འཛིན་དང༌། རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེ་མཇལ་ཞིང༌། དབང་དང་བྱིན་རླབས་ཞུས། སླར་ལྷ་ལུང་མདོའི་སྔོན་ཕྱོགས་རུ་དམ་ཕ་ཝང་ཞབས་ཆུང་གི་གནས་མདུན་དེར་རེ་ཞིག་བསྔད། ཀུན་མཁེན་གོང་མའི་དངོས་སློབ་བླ་མ་འཇིགས་མེད་བློ་གསལ་འོད་ཟེར་ཞེས་པས། ངེད་ཅག་མིང་སྲིང་གཅེས་སྤྲས་ཀྱིས་བརྩེ་བར་བསྐྱངས། དེ་ནས་ཉིན་གཅིག་ཕ་ཝང་ཞབས་ཆུང་རྩར་ངེད་ཅག་མིང་སྲིང་གཉིས་དང༌། རོགས་བཟང་པོ་ཞེས་པ་ཞིག་ཡོད་པ། ང་རང་གིས་ཡ་ཀིའི་ལམ་དེ་གང་དུ་འགྲོ་ས་རེད་དྲིས་པ། བཟང་པོ་ནས་དབུས་ལམ་ཉི་མ་ལྷ་སར་འགྲོ་ལམ་རེད་ཟེར། དེའི་རྐྱེན་གྱིས་ཡིད་ཤིན་ཏུ་སྐྱོ་ཞིང༌། དབུས་ཕྱོགས་ཀུན་དང་ཁྱད་པར་མཆིམས་ཕུ་དང༌། བསམ་ཡས་སོགས་ཡིད་ལ་བཀྲ་ལམ་གྱིས་དྲན་པ་ཞིག་བྱུང༌། དེར་གཉིད་དུ་སོང་བའི་རྨི་ལམ་ན། མི་དཀར་རྟ་དཀར་ཅན་ཞིག་བྱུང༌། ཁྱེད་ཅག་ལམ་བར་འོ་མ་བརྒྱལ་ལམ་ཟེར། ང་རང་ནས་ཁྱོད་སུ་ཡིན་དྲིས་པ་ལ། མཆིམས་ཕུའི་གནས་བདག་ཡིན། ཁྱེད་རང་གཉིས་འདི་གར་བཞུགས་པ་ལས། དབུས་སུ་བྱོན་ན། ཚེ་རིང་ལྗོངས་སུ་བཞུགས་གནས་གཟིམ་ཆུང་ཡང་སྐྱིད། གོང་མའི་རྒྱལ་ཡུམ་ཡང་ཡོད། དགོས་པའི་ཡོ་བྱད་གྱ་ནོམ་པ་ཡོད། དབོན་འོད་ཟེར་དང༌། ཉེ་གནས་སྒོམ་ཆེན་པ། འབྲི་གུང་རྒྱལ་སྲས་བཅས་བདེ་བར་བཞུགས། འདི་གར་དོན་མེད་དུ་བཞུགས་པའི་གར་ཡོང་དེར་བྱོན་པར་ཞུ་ཟེར། ང་རང་ནས་ཀྱང་ཤིན་ཏུ་འགྲོ་འདོད་ཆེ་བ་ཞིག་བྱུང་ཕྲལ་གཉིད་སད། ཕ་རྒན་ཡང་དེར་སླེབས་འདུག །ང་རང་ནས་རང་ཅག་རྣམས་འདིར་མི་སྡོད་ལྷ་ལྡན་ཕྱོགས་སུ་འགྲོ། དེ་གར་ང་རང་ལ་གནས་དགོན་དང་ནོར་རྫས། བུ་དང་ཆུང་མ་དཔོན་པོ་བཅས་ཡོད་བས་རང་ཅག་ཤིན་ཏུ་སྐྱིད་པར་འོང་སྨྲས་པས། ཕ་རྒན་ཤིན་ཏུ་ཁྲོས་ཏེ། འོ་ང་རང་ལ་ལས་དེ་ལས་མེད། ཁྱོད་སྔགས་རྒན་ཞིག་གི་སྐྱེ་བ་ཡིན་པར་འདུག །བླ་མས་ཡང་ད་མགོ་གཡོགས་རེད་ཟེར། ང་རང་ལ་བརྡེགས་ཤིང་ཚུར་ཁྱེར་འོད་སྟེ། མ་ཡི་པང་དུ་འཕངས། །ཁོ་རང་དེ་ནུབ་སེམས་ཁོང་དུ་ཆུད་ཅིང་གནས། ཕྱིའི་ནང་པ་སྔ་མོར་བླ་མའི་དྲུང་དུ་ཕྱིན། ཉིད་ནས་ང་རང་མགོ་གཡོག་རེད། བུ་ཆུང་འདི་སྤྲུལ་སྐུ་ག་ལ་ཡིན། སྔགས་རྒན་ཞིག་གི་སྐྱེ་བ་ཡིན་པ་འདྲ་ཞེས། ཁར་སང་བུ་ཆུང་གིས་བཤད་ལུགས་རྣམས་ཞིབ་བར་ཞུས། ད་ཆུང་ཟ་དང་རང་མི་སྡུན་ངོ་ཚ་ཡང༌། མི་འགྱིང་བར་རང་ཡུལ་དུ་ལོག་འགྲོ་རྒྱུ་ཡིན་ཞུས་བར། འོ་ཁར་སང་ཚེས་བཅུའི་དུས་ཆེན་ཡིན་པར་འདུག །ད་གང་ལྟར་ཡང་དཔོན་སློབ་རིན་པོ་ཆའི་དྲུང་དུ་སོང་ལ། དེ་ཚུལ་ཞིབ་པར་ཞུས་གསུངས། ཕ་རྒན་ཁོ་རང་དཔོན་སློབ་སྤྲུལ་སྐུའི་དྲུང་དུ་ཕྱིན་ཏེ། སྐྱབས་མགོན་དྲུང་དུ་གང་ཞུས་ལྟར་སྨས་པས། འཕྲལ་ཐུགས་རྒྱལ་བཞེངས་ཏེ། ཀུན་མཁྱེན་འཇིགས་མེད་གླིང་པ་ཁྱོད་ལྟ་བུའི་བསོད་ཟད་ལས་ངན་སྡིག་པོ་ཆེ་དམ་ཉམས་ཞིག་ལ་འཁྲུངས་དགོས་པ་ཅི་གཟིགས་པ་ཡིན། ཁྱོད་དེ་ལྟ་བུ་ཟེར་བ་དཀོན་མཆོག་གི་བཀའ་ཆད་འོང༌། དམ་ཅན་རྡོ་རྗེ་ལེགས་པས་སྙིང་ཁྲག་འཐུང་སོགས་བཀའ་བཀྱོན་གྱིས་ཚར་བཅད། ཁོང་གི་མདུན་ཆས་གསོལ་སྤར་སོགས་གང་ཡོད་ཀྱིས་བརྡེག་བཙོག་མཛད། ཁོ་རང་འཇིགས་སྐྲག་གིས་བརྒྱལ་བ་ཙམ་བྱས། ཧ་ལས་ཏེ་ཅི་ཡང་ཟེར་མ་ནུས་པར་ལུས། ཅུང་ཟད་ཙམ་ན་བྱིན་རླབས་ཤོག་ཐུམ་གཉིས་ཐུར་མ་ཞིག་གིས་མགོར་བཅིང་སྟེ་དམ་ཉམས་ཁྱོད་ཀྱིས་ཐུར་མའི་སྣེ་མོར་ལག་པས་ཟུང༌། བྱིན་རླབས་ལ་རེག་པ་ལྟ་ཅི་ཁ་རླངས་ཙམ་ཡང་མ་ཕོག་པར་མ་དེའི་ལག་ཁར་སྤྲོད། ཉིན་རེ་བཞིན་སྔགས་ཤུགས་བདུག་ལ་སྨན་སྒྲུབ་གསོལ་དུ་ཆུག །ཁྱོད་ཀྱིས་དེང་ཕན་བཟུང་ལོག་པར་ལྟ་བའི་ཚིག་དང་སྤྲུལ་སྐུ་རང་ཡུལ་ལྡོག་དགོས་རྒྱུ་ཁ་ནས་སྨྲ་བ་ལྟ་ཅི། སེམས་ལ་དྲན་ཀྱང་དམ་ཅན་རྡོ་རྗེ་ལེགས་པས་སྙིང་ཁྲག་ཐང་ངུ་ཕོ་བར་ངེས། གསུང་བྱུང་བར་འཇིགས་སྐྲགས་དབང་གིས་འོ་ལེགས་སོ་ད་ནི་མི་དྲན་ངོ་མ་ཡིན་ཞུས་ནས་རྗེ་བླ་མའི་མདུན་དུ་ལུས་འདར་བཞིན་འོང༌། ཉིད་ཀྱིས་ང་རང་ལ་དེ་ལྟ་བུའི་ངན་མཛད་པ་བླ་མ་སྨྱོན་པ་དེས། ཅུང་ཟད་མ་ཡིན་ན་བསད་བྱུང༌། ཞེས་གོང་གི་གསུང་ཚུལ་རྣམས་ཞུས། རྗེ་བླ་མའི་ཐུགས་ཤིན་ཏུ་དགྱེས་ཤིང་བཞད་བགད་ཆེན་པོ་མཛད། ཁྱོད་རང་ཞེ་སྡང་ཆེ་ཞིང་རང་དོན་ཚབས། ཁོ་བོས་སྨྲས་ཀྱང་རྣ་བར་མི་འགྲོ་འདུག་པས། དཔོན་སློབ་རིན་པོ་ཆེ་གྲུབ་བརྙེས་ཀྱི་གང་ཟག་ཡིན་པས། དེའི་དྲུང་དུ་ཁྱོད་རང་ཡིད་ཆེས་ཕྱིར་མངགས་པ་ཡིན། ཁོང་གི་བརྟུལ་ཞུགས་ཀྱིས་སྤྲུལ་སྐུའི་བར་ཆད་བཟློག་པ་རེད་པས་ད་ཤིན་ཏུ་ལེགས། བཀའ་བཞིན་སྒྲུབ་དགོས་མ་གཏོགས་སྲུང་མའི་ཆད་པ་ཡང་འོང་ངེས་ཡིན་གསུངས། འཕྲལ་དུ་ཁོ་རང་མར་ལོགས་ཏེ། བྱིན་རླབས་རྣམས་མ་ལ་སྤྲད། སྔར་གྱི་མགོ་ལོག་ཕྱོགས་ཀྱི་མི་རྣམས་ཀཿརྫོགས་གཉིས་ཀྱི་སྲུང་མ་ལ་ཤིན་ཏུ་སྐྲག་ཕྱིར། དེ་ནས་བཟུང་རང་ཡུལ་ལོག་རྒྱུའི་སྐད་ཆ་སོགས་གཏན་ནས་སྨྲ་མ་ནུས། དེར་རེ་ཞིག་གི་ཚེ། གྲུབ་དབང་རྡོ་རྗེ་འཆང་ཆེན་པོ་ཡང༌། སྡེ་དགེའི་ཕྱོགས་ལྷུན་གྲུབ་རྒང་དུ་ཕེབས། ངེད་ཅག་རྣམས་ཀྱང་དེ་ཕྱོགས་སུ་ཕྱིན་ནས། མེ་རོང་ནད་དུ་ཞག་ཤས་བསྡད་དེ། སྐབས་ཞིག་ང་རང་བླ་མའི་དྲུང་དུ་ཕྱིན་ནས་དེ་ག་རུ་བསྡད། སྐབས་ཤིག་ན་ཆོས་ལུང་གདོང་ཟེར་བའི་ས་དེར་སྤྲ་གུར་ལ་བརྟེན་ནས་བཞུགས་སོང༌། ང་ཡང་ཕྱིར་གུར་ཆུང་ཞིག་གི་ནང་དུ་བསྡད་སྲིང་མོ་ལ་ཡིད་འཕྲེང་ཙམ་ལས། ཕ་མ་སོགས་ནི་ཡིད་ལ་དྲན་རྒྱུ་ཙམ་མ་བྱུང༌། སྐབས་དེར་ཞེ་ཆེན་རབ་འབྱམས། ཀཿཐོག་སི་ཏུ། མགོ་ཚ་སྤྲུལ་སྐུ་ཟུང་བཅས་འདུས་པ་བརྒྱ་ལྷག་ཙམ་ལ། རྗེ་བླ་མས་མཛོད་བདུན། ཀློང་སྙིང་གཙོས་མཁྱེན་བརྩེའི་བཀའ་འབུམ་ཆ་ཚང་སྙིང་ཐིག་ཡ་བཞི་སོགས་ཀྱི་དབང་ལུང་གནང་བར་ང་རང་ཡང་དེ་གའི་གྲལ་དུ་བཞག་བྱུང༌། དེའི་ཚེ་སྐབས་རེར་ནི། བླ་མ་རྒྱལ་པོའི་ཆ་བྱད་ཅན་དུ་མཐོང༌། སྐབས་རེར་གཏེར་ཆས་ཅན། སྐབས་རེར་ཨོ་རྒྱན་ཆེན་པོ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་སྐབས་རེར་ཁྲོ་བོ་སོགས་མཐོང་སྣང་མི་འདྲ་བ་དཔག་ཏུ་མེད་བ་བྱུང་ཡང༌། དགའ་སྣང་དང་མཚར་ཉམས་ཙམ་ལས་རྣམ་པར་དག་པའི་དད་པ་ནི་བྱིས་པའི་དབང་གིས་སྐྱེ་མ་ཤེས་འདུག །དཀྱིལ་འཁོར་གྱི་འགྲམ་དེར་རྒྱུན་དུ་བུད་མེད་སྔོན་པོ་མིག་གཅིག་པ་ཞིག་དང༌། སྔགས་པ་རལ་པ་མགོར་དཀྲིས་ཡོད་པ་འཇིགས་སུ་རུང་བ། སྐྱ་ཆས་བྱས་པའི་ཕོ་གཞོན་ཞིག་བཅས་གསུམ་གྱིས་དཀྱིལ་འཁོར་ལ་བསྐོར་བ་རེ་བྱེད། ང་རང་ལ་བལྟ་ཞིང་སྔགས་བན་དེས། འདི་བྱིས་པའི་སྐྱོན་གྱིས་སྨིན་མི་ནུས་མོད་ཟེར། བུད་མེད་དེས་ཨའུ་ཙི་ས་བོན་ཐེབས། སླར་སྨིན་པར་ནུས་ཟེར། བླ་མ་ལ་ཞུས་པས། ཁྱོད་བྱིས་པས་མི་རིག་དགུ་རིག་ཡིན། གཞན་ལ་བཤད་མི་རུང༌། ཅི་རིག་ཀྱང་གཞན་ལ་གསང་དགོས་གསུངས། །དེ་ནས་བཟུང་ཅི་ཡང་མ་སྨྲས། དབང་ལུང་རྫོགས་ནས་སྟོན་འཁོར་ཀུན་གྱིས་ཚོགས་འཁོར་རྒྱ་ཆེན་པོ་ཞིག་མཛད་སོང༌། དེའི་ནུབ་ང་རང་གི་རྨི་ལམ་ན་བུད་མེད་ཤིན་ཏུ་གཟུགས་མཛེས་པ། རིན་པོ་ཆེའི་རྒྱན་དང༌། དར་གོས་སྣ་ཚོགས་བས་བརྒྱན་པ་ལྔ་བྱུང་ནས། ངེད་ཅག་ཚེ་རིང་ལྗོངས་ནས་ཉིད་བསུ་རུ་འོང་བ་ཡིན། མིའི་བསུ་མ་ཡང་མི་རུང་བར་སླེབ་པ་ཡོད་ཟེར། ཁྱོད་ཅག་རྣམས་སུ་ཡིན་སྨྲས་པས་གཅིག་གིས་ཚེ། གཅིག་གིས་རིང། གཅིག་གིས་མཆེད། གཅིག་གིས་ལྔ། གཅིག་གིས་འོ་ཟེར་དེ་ནས་ཡར་ལ་ཁ་དེར་འགྲོ་གྲབ་བྱེད་འདུག་པར། གར་འགྲོ་སྨྲས་པས། ནི་གུུ་མ་ཡི་དྲུང་དུའོ། །ཞེས་ཟེར་ཞིང་ཐལ་ལོ། །རྗེ་ཐམས་ཅད་མཁྱེན་པས་སྔར་ལོ་ནས། མགོ་ལོག་ཕྱོགས་ཀྱི་ཕ་མའི་མིང་འདི་སྐད་ཟེར་བ་ལ་བུ་ཆུང་ཞིག་འདུག་པ་ཀུན་མཁྱེན་ཆེན་པོའི་ཡང་སྲིད་ཡིན་ནམ་སྙམ་ཡང༌། ཡིན་མིན་དེ་གནས་ལྷ་དང་བླ་མ་ཆོས་སྐྱོང་བཅས་ཀྱིས་ཐུགས་ཐག་ཆོད་པར་མཛོད་ཅིག་ཅེས། འབྲི་གུང་པ་དང་ཚེ་རིང་ལྗོང་གི་དབོན་འོད་ཟེར་བཅས་ལ། ཁོང་གི་གྲྭ་པ་ཆོས་ལྡན་ཞེས་པ་རོག་ཟུང་བཅས་ལྷ་ལྡན་དུ་བརྫངས་ཤིང༌། གསང་ཚུལ་གྱིས་གསུང་ཤོག་ཞིབ་པར་ཡང་མཛད་ཡོད་སྐད་རེད། སྐབས་དེར་ཆོས་ལུང་གདོང་ནས་སྐྱབས་མགོན་སྡེ་དགེར་ཕེབས་སོང༌། ང་རང་དང་དབོན་དམ་ཆོས་གཙོས་གྲྭ་འཁོར་ཁ་ཤས་རང་མལ་དུ་བསྡད། ལྷུན་གྲུབ་སྒང་དུ་སྐྱབས་རྗེ་བཞུགས་གནས་ཕོ་བྲང་རི་ཁྲོད་ཀྱི་མལ་དུ་གསར་བསྐྲུན་བྱེད་ཀྱིན་འདུག །སྐབས་ཞིག་ན་དེ་གའི་ཉེ་འདབས་ལྷ་ལུང་ཁུག་ཞེས་པར། སྡེ་དགེའི་སྒར་ཆེན་སླེབས། རྗེ་བླ་མ་ཡང་དེ་དང་ལྷན་ཆགས་ཕེབས་འདུག །སྔེ་དགེ་ནས་ཀྱང་ལྷ་ལྡན་དུ་ས་སྐྱ་གོང་མ་འཇམ་མགོན་དབང་སྡུད་སྙིང་པོ་དང་རྗེ་བཙུན་ཨ་ནེ་དྲུང་བཅས་ཀྱི་དྲུང་དུ་སྤྲུལ་སྐུ་ཡིན་མིན་ཐུགས་རྟགས་ཞུས་པར་མངགས་པའི་བང་ཆེན་ཀྱང་མར་འཁོར། འབྲི་གུང་ནས་ཀྱང༌། མགྲོན་གཉེར་ཆེ་གྲས་དཔོན་སློབ་ཆ་ཤ་ང་རང་བསུ་བར་སླེབས། ས་སྐྱ་གོང་མ་གཙོས། བོད་ཀྱི་ལྷ་དང་བླ་མ་ཀུན་ནས་ཀུན་མཁྱེན་འཇིགས་མེད་གླིང་པའི་སྤྲུལ་སྐུའི་མཚན་གྱི་ཅོད་པན་བྱིས་པ་བདག་ལ་གནང་འདུག གསང་བདག་དཔའ་བོ་མི་ཡི་རྫུར་ཞུགས་པ། །འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་མིའི་སེངྒེ། །དངོས་པོར་འགྲོ་བའི་བསོད་ནམས་དམན་གྱུར་ཡང༌། བྱིན་གྱིས་བརླབས་པའི་མཚན་གྱི་ཅོད་པན་འདི། །གོང་མའི་ཡོན་ཏན་ལ་གཞལ་སྐལ་པ་ལྡན། འོན་ཀྱང་བདག་འདྲ་རྨོངས་པ་གཞན་དབང་ཅན། །མཁྱེན་གཉིས་ཡེ་ཤེས་ནོར་གྱི་རབ་སྤངས་ཤིང༌། །བསྐྱེད་རྫོགས་ཟབ་མོའི་གནད་ལ་ཆེར་མ་སྦྱངས། །བསྟན་དང་འགྲོ་བའི་ཁུར་ཆེན་ཐེག་བློ་ཡིས། །དད་གཤིན་དཀོར་གྱིས་ལང་ཚོ་ཆུད་གསན་ནས། །རྣམ་གཡེངས་མི་ཚེ་སྟོད་ཟད་བྱེད་འདི་ལས། །ཀུ་སུ་ལུ་པ་མུ་ཏོའི་བརྟུལ་ཞུགས་འཛིན། །གསང་ཚུལ་རིམ་པ་གཉིས་ཀྱི་ལམ་ལ་སྦྱངས། །གྲོང་མཐའ་མཚོ་གླིང་བྲག་སྐྱིབས་མ་ངེས་པར། །གཏད་མེད་རྒྱ་ཡན་ཞིག་པོ་ཁྲལ་མ་ཁྲོལ། །གང་བྱུང་དེས་ཆོག་ཅན་ཞིག་ཡིན་ན་ཨང༌། །སྙམས་ཡང་ལས་དབང་དྲག་པོའི་མཐུས་སྤྱོད་དོ། །དེ་ནས་ལྷ་ལུང་ཁུག་ཏུ་སྡེ་དགེ་མ་ཡུམ་སྲས་ལྷན་རྒྱས་ཀྱི་དྲུང་དུ་ཁྲིད། རྗེ་བླ་མ་ཡང་བཞུགས་འདུག་པར། །ལྷན་རྒྱས་དྲུང་དུ་འབྲི་གུང་པ་དང༌། ཀཿཐོག་ཞེ་རྫོགས་བཅས་ཀྱི་མགྲོན་གཉེར་རྣམས་འདུས་ནས། སྐུ་གསུང་ཐུགས་རྟེན་སོགས་ངོས་འཛིན་བྱེད་དགོས་བྱས་པར། མོ་སྟོན་ཕག་མགོའི་ལོ་རྒྱུས་ལྟར་མཆོག་དམན་ཀུན་གྱིས་ཡིད་ཆེས་ཀྱི་གནས་སུ་གྱུར། དེ་ནས་སྡེ་དགེའི་གཙོར་དགོན་ཁག་རྣམས་ནས་ཁྲི་སྟོན་སོགས་རྒྱ་ཆེར་མཛད། འབྲི་གུང་པ་ནས་ཞུ་ནན་གྱིས་ངོ་མ་ལྡོག་པ་དང༌། །སྐྱབས་མགོན་རིན་པོ་ཆེ་ཡང༌། དབུས་ཕྱོགས་ནས་ཕུག་ཐག་ཆོད་དགོས་ཕྱིར། ལྷ་ལྡན་འཕྲལ་དུ་འགྲོ་རྒྱུའི་སྟ་གོན་མཛད། སྡེ་དགེ་ལྷ་ལུང་ཁུག་ཏུ་བཞུགས་རིང་ལ། ཡར་ཐེག་རྒྱུ་དཀྲིགས་ཆོད་གནང༌། སྐྱབས་མགོན་ཐམས་ཅད་མཁྱེན་པས་དབང་དང་བྱིན་རླབས་ཐུགས་གཏད་ཀྱིས་མཐའ་བརྒྱན་པའི་བཀའ་དྲིན་ཐོབ། སྡེ་དགེ་དཔོན་མོ་ནས་ཀྱང་ཀུན་མཁྱེན་གོང་མ་དང་ཡོན་མཆོད་འབྲེལ་ཟབ་ཆེ་བའི་ཆོས་དམ་ལ་གཟིགས་ནས། འཇིག་རྟེན་ལུགས་ཀྱི་བརྩེ་གཟིགས་ཡོ་བྱད་མཐུན་རྐྱེན་སྐྱེལ་མ་སོགས་བླ་ན་མེད་པ་མཛད། ང་རང་ཡང་འགྲོ་བའི་དུས་ལ་བབ་ཚེ། རྗེ་བླ་མ་དང་སོ་སོར་བྲལ་བ་ནི་སྙིང་འགས་པ་ལྟ་བུའི་སྡུག་བསྔལ་གྱི་ནོན་ཞིང༌། སྐུ་ལ་འཐམས་ཤིང་བསྡད་པས་དབོན་འཇིགས་བྱང་གིས་ཤུགས་ཀྱིས་སོ་སོར་ཕྲལ་ཞིང་རྟ་ལ་བསྐྱོན་ནས་འོང་བའི་རྗེས་ཁ་དར་གྱི་ཡུག་ཡུག་མཛད་དེ་ཕྱིར་ལན་གསུམ་འཁོར་ཚེ་སྔར་གྱི་བུད་མེད་ལྔ་པོ་དེ་བྱུང་ནས། སྤྲུལ་པའི་སྐུ་ཐུགས་སུན་བར་མ་གནང༌། སླར་ཁམས་སུ་ཕེབ་དུས་རིག་འཛིན་ཆེན་པོ་དང་མཇལ་བར་ངེས། ད་ལན་ཅིག་ཀྱང་ལྷ་ལྡན་ཕྱོགས་སུ་བྱོན་ན་ལེགས་ཟེར་ཞིང་བྲོ་གར་བྱེད། དེ་དག་ལ་ཅུང་ཟད་ཡེངས་ཤོར་བའི་བར་དེར། རྒྱང་རིང་པོ་ཞིག་ཏུ་སླེབས་འདུག །སྲིང་མོ་ཡང་དེ་གར་འདུག་པས། ཨ་བུ་སྤྲུལ་སྐུ་ཁྱོད་ཅི་ལ་ངུ་བ་ཡིན། དེ་རིང་ལས་སྐྱིད་པ་མི་འོང་རང་ཡུལ་སླེབས་རྒྱུ་རེད་ཟེར། དེ་ནུབ་ཀྱི་གནས་ཁང་དུ་སླེབས། ཞག་གཅིག་དེར་བླ་མ་དྲན་ཞིང་རང་གི་སྣང་བ་སྐྱོ་ལྷང་ལྷང་འདུག་པ་རྨི་ལམ་ན་བུད་མེད་སྔོན་མོ་གོས་གཡང་ཤམ་གྱོན་པ་ཞིག་བྱུད་ནས། བུད་ཁྱོད་ཀྱིས་སྡུག་བསྔལ་མ་བྱེད་ཅིག །གསོལ་བ་བཏབ་ན་བླ་མ་རང་དང་འབྲལ་བ་མེད། ལུང་བསྟན་རྡོ་རྗེའི་དུས་ནས་སྨོན་ལམ་འབྲེལ། ཤེས་ན་སངས་རྒྱས་གཉིས་པ་དང་ངོ་བོ་གཅིག་པ་འདི་ཀ་རང་ཟེར། བལྟས་པས་སྔས་འགོ་དེར་བླ་མ་རང་བཞུགས་འདུག་པས། འོ་ང་རང་འདི་གར་སླེབས་ཡོད་དོ་གསུངས། སྣང་བ་དགའ་ཡ་ལེར་སོང་ནས་དེའི་ངང་ནས་གཉིད་སད། དེ་ནས་ལམ་རིམ་བཞིན་བགྲོད་དེ་འབྲི་ཆུའི་མཁར་གསར་མདོའི་གྲུ་ཐོག་ནས་ཕ་རིར་བགྲོད་སྐྱེལ་མ་རྣམས་ཀྱང་ཕྱིར་ལོག །རང་ཅག་ཀུན་ཞག་ཤེས་ནས་རྩེ་ཁོག་ཞེས་པའི་ཕ་དམ་པའི་སྒྲུབ་ཕུག་དེ་རུ་སླེབས། དཔོན་འཇིགས་མེད་བྱང་ཆུབ་ཞེས་པ་ང་རང་གི་སློབ་དཔོན་ཡིན་པ་ཁོང་གིས་སྒྲུབ་ཕུག་ནང་དུ་ཁྱེར་ནས། སྒྲུབ་ཆུ་རེད་ཟེར་བའི་ཆུ་ཞིག་གིས་ང་རང་ལ་ལུས་ཀུན་ཁྲུས་བྱས། དེ་ནས་ཡར་དུམ་པ་གཅིག་འོང་ནས་བསྔད་སོང་བ། དེའི་ནུབ་རྨི་ལམ་ལ་བླ་མ་མདོག་ནག་ལ་གཟི་བརྗིད་ཆེ་བ་རས་ཁའི་སྨད་ཤམ་ཅན། གཟན་དཀར་མནབས་གལ་ཏ་དཀར་པོ་ཞིག་ཕྲག་པར་བཀལ། སྦ་མཁར་ཚིགས་གསུམ་དང་རྫ་མའི་བུམ་པ་ཕྱག་ན་བསྣམས་པ་ཞིག་གིས། བྱིས་པ་ཆུང་དུ་ཁྱོད་རང་སྔོན་ནས་ང་དང་ལས་ཀྱི་འབྲེལ། ད་ཀིའི་བྲག་ཕུག་ནང་གི་སྒྲུབ་ཆུ་དེ་ལས་བྱིན་རླབས་འདི་ཆེ་བ་ཡོད་ཟེར། རྫ་མའི་བུམ་པའི་ནང་གི་ཆུ་དེ། ང་རང་གི་སྤྱི་བོ་དང་ལྕེ་ཐོག་ཏུ་བླུགས་ཁོ་རང་གི་ཞལ་དུ་གསོལ་ནས་ང་རང་གི་ལུས་ཀུན་ལ་ཞལ་ཁྲུས་གཏོར་སོང་བས་དང་པོ་ལུས་སྦྲིད་ཆིལ་ཆིལ། སླར་ལུས་སེམས་ལ་བདེ་བ་ཁྱད་པར་ཅན་སྐྱེས། དེ་ནས་གར་སོང་ཆ་མེད་དུ་ཐལ་ལོ། །བདུད་ཀྱི་བར་ཆད་ནི་མཐུ་ཆེ་བས། ཕ་ཚང་གཡོག་མོ་བདུད་རིགས་སུ་གཏོགས་པ་ཞིག་ཡོད་དེས་སྲིང་མོ་ཆུང་ངུལ་ཐོ་མཚམས་པར་གྱུར་ཡང༌། །སྲུང་མའི་མཐུས་བཟློག་ཅིང་རྟ་ཞིག་ཚབས་སུ་སོང་ངོ༌། དེ་ནས་ཤུལ་ལམ་རིམ་བགྲོད་ཀྱིས་ཟླ་ཤས་ནས། རྒྱལ་བ་འབྲི་གུང་པའི་གདན་ས་ཡང་རི་སྒར་ཞེས་པར་སླེབ། དེར་ཞབས་དྲུང་རིན་པོ་ཆེ་དང་རྒྱལ་སྲས་རྣམ་གཉིས་དང་མཇལ། འབྲི་གུང་བས་ཁྲི་སྟོན་སོགས་མཛད། དེའི་སྐབས་ཤིག་ཏུ་རྨི་ལམ་ན་བུད་མེད་དབུས་ཆས་ཅན་རྒྱན་ཆ་ཤིན་ཏུ་ལེགས་པ་ལག་གཡས་ན་སྦ་ལྕགས་ཐོགས་ཤིང༌། གཡོན་པས་ཐོད་པ་འོ་མས་བཀང་བ་ཐོགས་པ་ཞིག་བྱུང༌། རྗེ་འཇིག་རྟེན་མགོན་པོའི་དྲུང་ནས་རང་ཅག་དམ་ཚིག་འབྲེལ། ཆོས་རྒྱལ་ཕུན་ཚོགས་དུས་སུ་ཞབས་ཏོག་བསྒྲུབས། ཁྱོད་དོན་ལ་ཧེ་རུ་ཀ༔དཔལ་སྟེ། །མ་དག་གདུལ་བྱའི་སྣང་ངོ་རུ། །གནམ་ལྕགས་མེ་འབར་རིགས་ཀྱི་སྲས། །ཆོས་རྒྱལ་ཕུན་ཚོགས་ཉིད་དུ་བྱོན། །ཞེས་ཟེར་ཞིང་ཐོད་ནང་གི་འོ་མ་དེ་ཅུང་ཟད་ད་རང་ལ་བླུད་པའི་སྣང་བ་བྱུང༌། དེར་ཞག་ཆ་ཤས་ནས་འབྲི་གུང་ཞབས་དྲུང་རྣམ་གཉིས་དང༌། ང་རང་བཅས་ཡང་རི་སྒར་ནས་ཐེག །ཕོ་བྲང་རྫོང་གསར་དུ་གང་ན་འཇགས། ང་རང་གནས་ཁང་རྒྱལ་བྱེད་ཚལ་ཞེས་པའི་གཟིམ་ཆུང་དུ་བྱས། འབྲི་གུང་ཞབས་དྲུག་རིན་པོ་ཆེ་ཉིད་ཀུན་མཁྱེན་འཇིགས་མེད་གླིང་པའི་ཆོས་བདག་སློབ་བུ་ཀུན་གྱི་མཆོག་གྱུར་ཞང་སྨྱོན་སྦས་པའི་རྣལ་འབྱོར་གྱི་རིགས་སྲས་ཡིན་པ་དང༌། རྒྱལ་སྲས་རིན་པོ་ཆེ་ཉིད་ཀྱང་འབྲི་གུང་རིན་ཆེན་ཕུན་ཚོགས་ཀྱི་དུས་སུ་སྐྱུ་རའི་གདུང་བརྒྱུད་མ་ཉམས་པའི་རིགས་སྲས་འཁྲུལ་མེད་ཆོས་རྒྱལ་ཕུན་ཚོགས་དང༌། ཡབ་ཉིད་སླར་ཡང་སྲས་སུ་འཁྲུངས་པ། དབུར་སྨྱོན་ཆོས་ཀྱི་གྲགས་པ། དེའི་ཡང་སྲིད་དོན་གྲུབ་ཆོས་རྒྱལ། དེའི་ཡང་སྲིད་དཀོན་མཆོག་ཆོས་ཀྱི་ཉི་མ། དེའི་ཡང་སྲིད་འཇིགས་མེད་གླིང་པའི་སྲས་སུ་འཁྲུངས་ཕྱིར། སྐྱེ་སྲིད་མང་པོའི་བར་དུ་ཆོས་ཀྱི་འབྲེལ་ཟབ་དང༌། ཡབ་སྲས་ཀྱི་སྐྱེ་བ་ཡང་ལན་གསུམ་ཙམ་དུ་གྱུར་པས། མ་འདྲིས་པའི་མཛའ་བཤེས་ཀྱི་བརྩེ་སྐྱོང་དཔག་ཏུ་མེད་པ་དང༌། འབྲི་གུང་ཕྱག་མཛོད་ཆེན་མོ་ཡང༌། ཀུན་མཁྱེན་འབྲི་གུང་དུ་ཕེབས་དུས་གྲྭ་བ་ནང་གྲྭ་བ་ཞིག་ཡིན་པར། ཁྱོད་གནོད་སྦྱིན་གྱི་སྤྲུལ་པས་བསྡུས་པ་ཞིག་ཡིན་པ། ཕྱིའི་འབྲི་གུང་པའི་བསྟན་སྲིད་ཁྱོད་ཀྱི་ལག་ཁར་འབྱོར་དུས་ཞིག་ཡོད་པས་དེ་དུས་ང་ཡི་སྲས་དང་ཡང་སྲིད་ཀྱང་འདི་གར་སླེབས་འོང་བས་དེ་ཚེ་མཐུན་རྐྱེན་ཞབས་ཏོག་གང་འགྲུབ་གྱིས་དང༌། སྐྱེ་ཀུན་རྗེས་སུ་བཟུང་བར་ངེས་ཞེས་བཀའ་ཡོད་པའི་དོན་གྱིས་བྱིས་པ་བདག་ལ་ཡང་གོས་དང༌། ཡོ་བྱད་བརྩེ་སྐྱོང་སོགས་དཔག་ཏུ་མེད་པ་མཛད། སྲིང་མོ་དང་ཕ་མ་རྣམས་ལའང༌། གནས་ཡོ་བྱད་འཚོ་ཆས་སོགས་འབད་མེད་དུ་བྱུང་ངོ༌། །སྐབས་ཞིག་ཚེ་རིང་ལྗོངས་ནས་དབོན་པོ་འོད་ཟེར་མཐའ་ཡས་དང༌། རྒྱལ་ཡུམ་སྒྲོན་དཀར་ཡུམ་སྲས་སོགས་འབྲི་གུང་དུ་བྱོན། ཀུན་མཁྱེན་ཆེན་པོའི་རྟེན་དང་མཆོད་ཆ་སྐུ་ཆས་སོགས་གནང་ཞིང་དང་པོར་ངོས་འཛིན་ཐུབ་མིན་གྱི་ཉམས་ཚོད་ཡང་མཛད་བྱུང་བར། ང་རང་ནས་ཀྱང་ཞུ་ལུགས་གང་ཡང་ཁོང་རྣམས་ཐུགས་ཡིད་ཤིན་ཏུ་ཆེས་སོང༌། དེ་ནས་སྔར་ལྷུན་གྲུབ་སྒང་དུ་རྗེ་བླ་མའི་བྱིན་རླབས་རྟེན་འབྲེལ་གྱི་མཚོན། ཡི་གེ་ཀ་ཁ་ཙམ་བསླབས་ཡོད་པ་སྐབས་འདིར་དབོན་པོ་འོད་ཟེར་ཉིད་ཀྱིས་འཇམ་དཔལ་མཚན་བརྗོད་ཅིག་རྟེན་འབྲེལ་ཡིན་གསུངས་ནས་བསླབས། དེ་ནས་བཟུང་དབོན་འཇིགས་མེད་བྱང་ཆུབ་ཉིད་ཡི་གེ་བསླབ་པའི་སློབ་དཔོན་བྱས། ལོ་རེ་བཞིན་ཟླ་བ་གཉིས་པ་ནམ་ཡོང་དུས་སུ། འབྲི་གུང་པ་སྐྱབས་མགོན་རྣམ་གཉིས་གཙོས་སྟོན་འཁོར་ལྷན་རྒྱས། སྔོན་འབྲི་གུང་གདུང་འཛིན་གྱི་ཚེ་གདན་ས་ཆེན་པོ་ལྷ་རྩེ་ཕོ་བྲང་ཞེས་པ་དེར་བྱོན་ནས། སོས་གཏོར་ཞེས་པའི་དུས་མཆོད་འཛུག་སྲོལ་ཡོད་པ་ལྟར་དེར་བྱོན། ང་རང་ཡང་དེ་གའི་གཟིམ་ཆུང་ཀ་བཞིའི་ནང་ཞེས་བར་བསྡད། དེ་གའི་སྟེང་དུ་རྒྱ་མཐོང་ཆེ་བ་ཞིག་ཡོད་པ། ཉིན་གཅིག་དེ་ག་ནས། མི་ལུས་མགོ་དགུ་བྱ་རོག་གི་དབུ་དང་བཅས་ཁོག་སྨད་སྤྲུལ་མཇུག་ཅན་མིག་སྟོང་ལྡན་པ་ཞིག་གིས་བལྟས་འདུག་པས། ང་རང་གཅིག་པུ་ལས་མེད་པའི་དང་པོ་འཇིགས་སྣང་ཆེར་བྱུང༌། དེ་ནས་མི་དེས། པདྨ་ཀ་རའི་སྤྲུལ་བསྒྱུར་ཡིན་སྲིད་ན། །ཁྱོད་དང་ང་ཉིད་རྡོ་རྗེའི་ཐ་ཚིག་འབྲེལ། །ཡར་སྟོད་ཤམ་པོ་གངས་ཀྱི་ར་བ་རུ། །ལས་སྨོན་དག་པའི་མཚམས་སྦྱོར་མི་དྲན་ནམ། །འཇིགས་མེད་གླིང་པར་སྤྲུལ་པ་གཅིག་བསྡུས་ཚེ། །བཀའ་ལྟར་ཐེག་མཆོག་གླིང་དུ་བྱོན་གྱུར་ན། །ཐོས་བསམ་ཡོན་ཏན་དབྱར་སྐྱེས་ཆབ་དང་མཚུངས། །གནས་འདིར་ངལ་བའི་རྒྱུ་ལས་འཕྱང་མོ་ཉུག །འོན་ཏང་སྔོན་སྨོན་ལས་ཀྱི་འབྲས་བུ་ཀུན། །ཚོགས་ཤིང་དུས་ལ་བབ་ཚེ་ལྷག་པར་མངོན། །ཞེས་ཟེར་ཞིང་མི་སྣང་བར་གྱུར་ཏོ། །སྐབས་དེ་དང་ལྷན་ཅིག་དབོན་འོད་ཟེར་བྱོན་བྱུང་བར། ཁྱོད་ཀྱིས་ནམ་མཁའ་ལ་གཟིགས་ནས་གང་བྱེད་གཟིགས་སྣང་འདྲ་བྱུང་ངམ་གསུང༌། ང་རང་གིས་ལོ་རྒྱུས་ཞུས་པས། རང་རེའི་བསྟན་སྲུང་གཟའ་མཆོག་ཆེན་པོའི་ཞལ་གཟིགས་པར་འདུག །ཐུགས་བདེན་ཀུན་མཁྱེན་དམ་པ་དེ་ཉིད་ཀྱིས། ངའི་སྐྱེ་བ་མི་འབྱུང་བའི་ངེས་པ་མེད། །གཙང་ཐེག་མཆོག་གླིང་གྲྭ་ས་ལ་འཇུག་དགོས། རྩོད་པ་དང་བྲལ་བ་ཞིག་འོང་གསུང་བའི་ཞལ་ཆེམས་ཡོད་པ། ང་རང་གིས་སྨྲས་ཀྱང༌། འབྲི་གུང་པ་དང་ཁམས་པ་རྣམས་དབང་ཆེ་བས་ཐོག་ཁེལ་བ་མི་འོང་བ་འདྲ། ད་གང་དྲག་གསུང་ནས་སྤྱན་ཆབ་མཛད༌། ང་རང་ཕྱག་ཏུ་བླངས་ནས་དབུ་ཐོག་ཏུ་བཞག །ཁྱོད་ལ་འཁྲུལ་པ་མི་འདུག །ང་ཡི་བླ་མ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་མཁྱེན་གསུངས། དེ་ནས་དར་ཅིག་སོང་བ་ན། དབོན་འཇིགས་མེད་བྱང་ཆུབ་སླེབས་བྱུང་བར། དབོན་པོ་ལགས་གང་རེད་ཟེར། ཧ་ལམ་ཙམ་གསུང་སོང༌། སྤྲུལ་སྐུ་དེ་ཡི་ཁ་ལ་ཉན་རྒྱུ་མེད། ལྷ་མཐོང་འདྲེ་མཐོང་ཤ་སྟག་བཤད་ཀྱིན་འདུག་ཟེར། ང་རང་བརྡུང་གྲབ་བྱེད། དབོན་པོ་འཇིགས་མེད་ལགས། དེ་ལྟར་མ་གནང་ཅིག །བྱིས་པའི་རྩེད་མོ་བྱེད་པ་ནི་མ་རེད། ད་རུང་རྫུན་ནི་བཤད་ཤེས་མི་འོང༌། དངོས་གནས་ཡིན་འདུག་ཀྱང་ཁྱེད་རང་རྣམས་ཀྱི་ཐུགས་ལ་མ་བབ་ན་རང་གར་བཞག་ཆོག་གསུངས་ཤིང་ཅུང་ཟད་ཐུགས་མི་དགའ་བའི་ཉམས་མཛད། འཇིགས་མེད་ནས་ངས་ཅི་ཡང་མི་ཟེར་ཐུགས་ལ་མ་ཕོག །སྤྲུལ་སྐུའི་གསུང་རྒྱུ་མང་ན་སྐུ་ཚེ་ལ་གནོད་བསམ་པ་ལགས་ཟེར། དེའི་ཕྱིའི་ཞག་ཆ་ཤས་མཚམས་ཞིག་ན། དཔོན་པོ་འོད་ཟེར་ང་རང་གཅིག་པུར་གནས་སྐབས་ཞིག་བྱོན་ཞིང༌། ད་གཞན་དབང་ཆེ་བས་གཙང་ཐེག་མཆོག་གླིང་དུ་བྱོན་རྒྱུར་མི་འགྲུབ་འདུག །ཀུན་མཁྱེན་དེ་ཉིད་ཀྱི་ཞལ་ཆེམས་ཐོག་ལ་མ་སོང་བས་ཉིད་ཀྱི་སྐུ་ཚེ་ལ་བར་ཆད་སོགས་མེད་མོད་གལ་སྲིད་ཡོད་པར་གྱུར་ཚེ་སྐུ་གླུད་དུ་ང་རང་འགྲོ་བར་ཤོག་ཅིག །གཟིགས་སྣང་སོགས་ཅི་བྱུང་ཡང་གཞན་ལ་གསུངས་མི་དགོས། ཡིད་ཆེས་པ་ཡང་མི་འདྲ། ཉིད་ཀྱི་སྐུ་དྲུང་དུ་གནས་མཁན་རྣམས་ཧ་ཅང་གདུག་རྩུབ་ཆེ་བར་འདུག །འབྲི་གུང་དུ་བཞུགས་རྒྱུ་འདི་ཡང་བཞུགས་གནས་དང་ན་བཟའ་སྐུ་ཆས་སོགས་ཀྱི་དོན་ལེགས་ཀྱང༌། སྐུ་ཡོན་དང་ཕྱི་ནང་གསང་གསུམ་གྱི་དོན་ཆེན་པོ་ཞིག་མེད་པ་འདྲ་གསུངས་ནས། སྦྱན་ཆབ་ཁྲི་མེར་གྱིས་བྱུང༌། ཕུར་པ་ཞིག་ཕྱག་ཏུ་བསྣམས་འདུག་པ་ང་རང་གི་སྐེད་པར་དྲངས་ནས་འདི་མངའ་བདག་ཉང་གི་གཏེར་བྱོན། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དེའི་མགུལ་ཕུར་འཁྲུལ་མེད་ཡིན་པས་ཉིད་ཀྱི་སྐུ་ལུས་དང་མི་འབྲལ་བར་མཛོད་གསུངས། ང་རང་བྱིས་པར་སོང་བས་ཕུར་པ་ལ་དགའ་སྣང་དཔག་ཏུ་མེད་པ་བྱུང༌། རྗེས་སུ་དབོན་འཇིགས་མེད་ལ་ཡང་ཕུར་པ་རྗེ་བླ་མ་གོང་མའི་མགུལ་ཕུར་ཡིན་པས། སྤྲུལ་སྐུའི་སྐུ་དང་འབྲལ་མེད་མཛད་དགོས། ཐུབ་པ་གྲོང་ཁྱེར་མ་འདི་ཐུགས་དམ་གྱི་རྟེན་ཁྱད་པར་ཅན་ཡིན་པས། གང་དུ་བབས་ཀྱང་གདན་དྲོངས་ལ་གཟིམ་ཆུང་དུ་བཞག་དགོས་གསུངས། ཁྱོད་རང་ནས་རྒྱུན་དུ་མ་མགོན་ལྕམ་དྲལ་བསྐང་གསོལ་འབུལ་དགོས་སོགས་ཞལ་བཀོད་མང་དུ་གནང༌། དེ་དག་གི་སྐབས་རྣམས་སུ་སྲིང་མོ་ཆུང་ངུ་ནས་དབོན་པོ་འོད་ཟེར་དང༌། རྒྱ་ཡུམ་རྣམ་གཉིས་ལ་ཤིན་ཏུ་དགའ་ཞིང༌། སྔོན་གྱི་གཏམས་སྣ་ཚོགས་ཀྱང་དྲིས་པས། རྒྱལ་ཡུམ་ཡང་ཤིན་ཏུ་འཕྲེང་ཞིང་དབོན་འོད་ཟེར་ནས། སྐྱབས་རྗེ་དམ་པ་དེ་ཉིད་ཀྱིས། སྤྲུལ་པ་སྣ་ཚོགས་སྟོན་གསུངས་པ་དང༌། ཁོང་ཕྱག་ཆེན་རིག་འཛིན་གྱི་སར་གཤེགས་པའི་ཞལ་བཞེས་ཡོད་ཅིང༌། སྣ་ཚོགས་སྤྲུལ་པ་དུ་མར་བྱུང་བའི་བུ་མོ་འདི་ཡང༌། གསང་བ་གསུམ་གྱི་རྣམ་རོལ་ཞིག་ཡིན་པ་གདོན་མི་ཟ་བས། ལན་གཅིག་རྒྱལ་ཡུམ་གྱི་དྲུང་དུ་བཞག་ན་ལེགས་མོད་གསུང་ཡང༌། ཕ་མ་གཉིས་ནས་བུ་ཡང་སྤྲུལ་སྐུ་བྱས། བུ་མོ་ཡང་ཉིད་རྣམ་གཉིས་ལ་ཕུལ་ཚེ། ང་རང་གཉིས་རང་ཡུལ་དུ་ལོག་དུས་སེམས་ངལ་ཆེ་བས་མི་ནུས་འདུག་ཞུས། ཁོང་རྣམ་གཉིས་ཡང་ཚེ་རིང་ལྗོངས་སུ་ཕྱིར་ཕེབས་ཁར་ང་རང་མིང་སྲིང་ལ་ཐུགས་ཤིན་ཏུ་འཕྲེང་བཞིན་བཞུད་སོང༌། དེར་སོས་གཏོར་ཆེན་པོའི་འཆམས་སོགས་མཇལ་ཚར་ནས་སྐྱབས་མགོན་རྣམ་གཉིས་གཙོས་འཁོར་བཅས་འབྲི་གུང་ཡང་རི་སྒར་དུ་ཕེབས། དེར་བཀའ་བརྒྱད་སྒྲུབ་ཆེན་སོགས་དུས་མཆོད་ཆེན་མོ་བཙུགས། ཉིན་གཅིག་ན། ང་རང་གནོད་སྦྱིན་ཁང་དུ་མཇལ་སར་ཕྱིན་ཚེ། སྐུ་གསོབ་ཀྱི་དྲུང་དེར། གྲྭ་པ་གཟི་བརྗིད་ཅན་ཞིག་ལངས་ཏེ་འདུག་པ། ང་རང་ནས་ཕྱག་མཛོད་ཆེན་པོ་ཡིན་སྙམས་པ་འབྱུང༌། ཁྱེད་ཡུལ་འདིར་བཞུགས་ན་ལེགས་ཀྱང་བར་ཆད་ཤིན་ཏུ་མང༌། བསམ་ཡས་མཆིམས་ཕུ་ནས་ཨོ་རྒྱན་རྗེའི་བཀའ་ལུང་དུས་ལ་བབ་ན་འདི་ག་རང་བཞུགས་པས་ཀྱང་མི་འོང༌། འོན་ཀྱང་ལོ་ཤས་མ་བཞུགས་མཐུས་བྲལ་རེད་པས། དེ་བར་ངེད་རང་རྣམས་ནས་ཞབས་ཏོག་ཅི་འགྲུབ་བྱེད་ནས་གནས་སོ། །དགེ་བསྙེན་ཆེན་མོ་དང༌། སོག་རྭ་བཙན་རྒོད་འབར་བ་གཉིས་གདུག་རྩུབ་ཤིན་ཏུ་ཆེ་ཡང༌། ཉིད་དང་སྔོན་ནས་ཐ་ཚིག་འབྲེལ་བས། མཐུན་རྐྱེན་ལས་འགལ་རྐྱེན་བྱེད་པ་གཏན་ནས་མི་འདྲའོ། །ཞེས་ཟེར་ཞིང་མི་སྣང་བར་གྱུར་ཏོ། །དེ་རྗེས་དུས་མཆོད་སོགས་རྫོགས། །སྔར་སྲོལ་ལྟར་སྟོན་འཁོར་ཀུན་རྫོང་གསར་ཕོ་བྲང་རང་གནས་སུ་ཕེབས་ནས་བཞུགས། ང་རང་ཡང་ཡི་གེ་བསླབས་ཤིང༌། བྱིས་པའི་བརྟུལ་ཞུགས་ངོམས་བཞིན་བསྡད། སྐབས་འགར་མཚན་མོའི་རྨི་ལམ་དུ་རྒོད་ཐང་དཀར་གཉིས་དང་མཉམ་དུ་ནམ་མཁའ་ལ་འཕུར་ནས་ཞིང་ཁམས་མི་འདྲ་བ་མང་པོ་དང་ཡུལ་མི་འདྲ་བ་མང་པོར་ཉུལ་ཞིང་དེ་ནས་གཟུགས་མི་འདྲ་བ་དུ་མ་མཐོང་ཡང༌། བྱིས་པའི་དབང་གིས་ཉམས་སྣང་ཙམ་མ་བྱུང༌། དེ་ནས་ལོ་གཅིག་ཙམ་སོང་བ་ན། ཕ་མ་དང་སྲིང་མོ་བཅས་རང་ཡུལ་དུ་ལོག་པར་ཆས། འབྲི་གུང་རྒྱལ་སྲས་རིན་པོ་ཆེ་དང། ཕྱག་མཛོད་གཉིས་ནས་སྤྲུལ་སྐུའི་ལྕམ་སྲིང་ཆུང་ངུ་འདི། བྱིས་པ་གཞན་དང་མི་འདྲ་བའི་ཁྱད་པར་ཅན་ཞིག་འདུག་ཕྱིར་འདི་གར་བཞག་ན། རྗེས་སུ་རྗེ་བཙུན་མ་ཞིག་འོང་ལས་ཆེ་ཟེར་ཡང་དབོན་འཇིགས་མེད་བྱང་ཆུབ་དང༌། ཕ་རྒན་གཉིས་ཀྱི་བློར་མ་བབ་ནས་ཐོག་ཏུ་མ་ཁེལ། །ང་རང་ཡང་སྲིང་མོ་ལ་ཡིད་འཕྲེང་ཡང་བྱ་ཐབས་བྲལ། ཕ་མ་གཉིས་འགྲོ་བ་ལ་ནི་བློ་སུན་ཙམ་ཡང་མ་བྱུང་བར། ཁོ་རང་རྣམས་ལམ་དུ་ཞུགས་སོང་ངོ༌། །དེའི་ལོ་ཕྱི་མ་ཟླ་བ་དང་པོའི་སྐབས་སུ་འབྲིང་གུང་ཞབས་དྲུང་རིན་པོ་ཆེས་དྲང་སྲོང་ལོཀྟྲི་པ་ལའི་སྐུ་མཚམས་གྲོལ་ནས། རྒྱལ་སྲས་རིན་པོ་ཆེས་གཙོར་གྱུར། ངེད་ཅག་ཉུང་ཤས་ཙམ་ལ་ལྷ་དེའི་དབང་དང་རིག་གཏད་ཁྱད་པར་ཅན་ཞིག་གནང་སོང་བས། ང་རང་གི་ནུས་མོར་རྨི་ལམ་ན་ཡུལ་ལྗོན་ཤིང་སྣ་ཚོགས་སྐྱེས་ཤིང༌། བྲག་རི་མཐོ་ལ་སྨན་ལྗོངས་ཉམས་དགའ་བའི་དབུས་སུ་བྲག་རི་རིན་པོ་ཆེ་སྤྲུངས་པ་ལྟ་བུ་ཞིག་གི་རྐེད་བར། བྲག་ཕུག་ཞིག་གི་ནང་དུ་སླེབས་པས། དེ་ན་དྲང་སྲོང་རྒན་པོ་རས་དཀར་གྱི་གཟན་དང་ཤམ་ཐབས་གསོལ་བ། དབུ་སྐྲ་ཐོར་ཚུགས་དུང་ལྟར་དཀར་བ། སྙན་གཉིས་སུ་དུང་གི་ཨ་ལུང་གིས་བརྒྱན་ཞིང༌། ཕྱག་ན་ལུང་ཐང་ཕྲེང་བ་བསྣམས་པ་ཞིག་དང་མཇལ། ང་རང་ཉམས་སད་པ་ལྟ་བུའི་དད་པ་བླ་ལྷག་ཏུ་སྐྱེས། དྲང་སྲོང་ཆོས་ཀྱི་རྒྱལ་པོ་ཁྱེད་དང་མཇལ་བ་ངོ་མཚར་ཆེ་ཞེས་ཞུས་པས། དྲང་སྲོང་གི་ཞལ་ནས། འོ་ལེགས་འོང་བུ་ཁྱོད་སྐལ་པ་བཟང་ང་ཉིད་སྟོན་པ་དངོས་མ་ཡིན་ཀྱང༌། ཕྲིན་ལས་ཀྱི་ཕོ་ཉ་དྲི་མེད་འོད་ཟེར་རོ། །དངོས་དང་མཇལ་བའི་སྐལ་པ་ད་དུང་དུས་ལ་མ་བབ་ཀྱང༌། ང་དང་འཕྲད་ཚེ་ཁྱད་པར་མེད། ཁྱོད་ལ་བདུད་ཀྱི་བར་ཆད་དང༌། སྨོན་ལམ་ལོག་པའི་དམ་སྲིའི་གནོད་པ་ཡོད་པ། ངས་བཟློག་པ་ཡིན་གསུངས། གནས་འདི་གང་ལགས་ཞུགས་པས། རྡོ་རྗེ་རིའི་བྲག་སྐྱིབས་སོ་གསུངས། ཕྱག་ཐལ་མོ་བརྡབ་ཅིང་བཀའ་བསྒོ་དང༌། ཕྱག་སྤྱི་བོར་བཞག་ནས་བྱིན་རླབས་མཛད། སྤྱི་བླུགས་ནང་གི་བདུད་རྩི་ཞིག་བླུད། ཤེལ་དཀར་གྱི་ཕྲེང་བ་ཆུང་ངུ་ཞིག་སྐེ་ལ་བསྐོན་ནས། སླར་དུས་ལ་མ་བབ་བར་འགྲོ་བའི་བློ་ལ་མི་ཆུད་པས་བྱིས་པའི་བརྟུལ་ཞུགས་འཆང་བར་གྱིས། །ཞེས་གསུང་ཞིང༌། ང་རང་གི་སྙིང་ཁར་བསྡིགས་འཛུབས་ཞིག་གཏད་བྱུང་བས་ང་རང་མལ་དུ་རྨིས་སད། དེ་ནས་སློབ་སྦྱོངས་ཕྲན་བུས་ལོ་ཤས་དུས་འདའ། ས་སྦྲུལ་ལོར་འབྲི་གུང་པའི་ཡང་རི་སྒར་དུ་བཀའ་ཆོས་ཆེན་མོ་འཚོགས། ཟླ་གཅིག་གི་བར་ཐོ་རངས་ནམ་བྱུང་གི་དུས་སུ་ནཱ་རོ་ཆོས་དྲུག་གི་ཁྲིད་གནང་འདུག་བར། ང་རང་ཆོས་གྲལ་དུ་ཡོད་པ་ཉམས་དང་རྨི་ལམ་མ་ངེས་པར། ཞབས་དྲུང་གི་བཞུགས་ཁྲིའི་སྟེང་དེར། དབང་ཕྱུག་མི་ལ་རས་པ། སྐུ་མདོག་ཅུང་ཟད་སྔོ་ཞིང་རས་དཀར་གྱི་ན་བཟའ་དང༌། སྒོམ་ཐག་གསོལ་བ་ཞིག་གིས་མགུང་དབྱངས་ལྷང་ལྷང་མཛད་འདུག་བས། སྔོན་མ་རྣམས་མ་ཐོས་ཤིང༌། སྐབས་ཤིག་ཏུ། བུ་ཕྱག་རྒྱ་ཆེན་པོ་སྒོམ་འདོད་ན། །སེམས་ཉིད་ནམ་མཁའ་ལྟ་བུ་ལ། །ཡེ་ཤེས་ཀྱི་ཉི་མ་ཤར་བའི་ཚེ། །གཟུང་འཛིན་ན་བུན་ཡལ་ནས་འགྲོ། །རྣམ་རྟོག་ན་བུན་འཚུབས་པ་དེ། །བྱུང་ཡང་ནམ་མཁའ་རང་ལས་བྱུང༌། །གྲོལ་ཡང་སེམས་ཉིད་ནམ་མཁའི་ཀློང༌། །རྣལ་འབྱོར་བཞི་ཡི་རིམ་པ་ལ། །བགྲོད་ཚུལ་རྣམ་པ་གསུམ་ཡོད་ཀྱང༌། །དབང་རབ་ཆོས་ཉིད་དོན་རྟོགས་པ། བྱ་རྒོད་ནམ་འཕང་གཅོད་དང་མཚུངས། །ཨ་ཧཾ་འབར་འཛག་གི་གཏུམ་མོ་དང༌། །དགའ་བཞི་ཡེ་ཤེས་གྱི་ཐབས་ལམ་ཟུངས། །རྣལ་འབྱོར་པ་ཡི་ལམ་གྱི་གྲོགས། །ནི་གུ་མ་ཡི་ཁྱད་ཆོས་ཏེ། །སོ་སོའི་སྐྱེ་བོའི་གོལ་སའོ། །དགེ་སྡིག་རོ་མཉམ་གྱི་བརྟུལ་ཞུགས་དང༌། །རང་དོན་ཡས་བོར་གྱི་འགྲོ་དོན་གཉིས། །ཧེ་རུ་ཀ་ཡི་ཁྱད་ཆོས་ཏེ། །སོ་སྐྱེ་འགའ་ཞིག་འཁྲུལ་པའི་ལམ། །གསུམ་པའི་དབང་གི་ངོ་སྤྲོད་དང༌། །ཡི་དམ་ལྷ་ཡི་ཞལ་གཟིགས་གཉིས། ལས་སྐལ་ལྡན་པའི་ཁྱད་ཆོས་ཏེ། །ལོག་ལྟ་ཅན་རྣམས་དམྱལ་བའི་རྒྱུ། །བུ་ཟླ་འོད་གཞོན་ནུའི་སྐྱེ་སྲིད་འདི། །རང་འདོད་ཀྱི་འཁྲི་བ་ཆོད་གྱུར་ན། །གཞན་དོན་བླ་མེད་སྤྱོད་པ་ལ། །ཐེ་ཚོམ་མི་དགོས་ཕ་ཡི་བཀའ། །བཀའ་བརྒྱུད་བླ་མའི་བྱིན་རླབས་ཀྱིས། །ཕྱག་རྒྱ་ཆེན་པོའི་ལམ་མཐར་ཕྱིན། །རྫོགས་པ་ཆེན་པོའི་དོན་རྟོགས་ནས། །སྣང་བ་བཞི་ཡི་ཉམས་ལེན་མཐར། །འཇའ་ལུས་འོད་སྐུར་གྲོལ་བར་ཤོག །ཅེས་གསུངས་པ་དང་ལྷན་ཅིག་ཉམས་སད། དར་གཅིག་ནས་ཚོགས་གྲོལ། །ཀུན་གྱིས་དེ་རིང་གཟིམ་ཆུང་ནང་དུ་སྔར་དང་མི་འདྲ་བའི་དྲི་བཟང་བོས་ཁྱབ་འདུག་པ་ཅི་ཡིན་ཟེར། ལ་ལས་བླ་མའི་བྱིན་རླབས་རེད་ཟེར། ལ་ལས་མཆོད་དཔོན་ཆེན་མོས་སྤོས་དྲི་ལེགས་པོ་ཞིག་སྦར་ཡོད་བ་འདྲའོ་ཟེར། སྐབས་དེར་ང་རང་ཡང་དགེ་ཚུལ་གྱི་སྡོམ་བ་བླངས། གནས་དེར་མངའ་རིས་ཁམས་དབུས་གཙང་གསུམ་གྱི་འདུས་པ་སྟོང་ཕྲག་ཙམ་འདུག །སྔ་དྲོའི་དུས་སུ་ཐམས་ཅད་ལ་སྐྱབས་མགོན་ཞབས་དྲུང་རིན་པོ་ཆེས། དམ་ཆོས་བསྟན་གཉིས་དང་དགོངས་གཅིག་གི་བཀླག་ལུང་གནང་ཞིང༌། ཕྱི་དྲོའི་ཆ་ཁམས་ཉི་རྫོང་ཁྲི་བ་རིན་པོ་ཆེས་རྒྱལ་ཚབ་མཛད་ནས། ཚིག་དོན་རྣམས་བཀྲོལ་ནས་དོན་ཁྲིད་མཛད་པ། ང་རང་གིས་ཀུན་བློར་འཇགས་ནས་དགོང་མོ་ཕར་བཤད་ནུས་པ་ཤ་སྟག་བྱུང༌། ཁྲི་པ་ནས་ཡང་སྲིད་འདི་ད་དུང་སྐུུ་ན་ཆུང་བས་ཀློག་ཆེར་མི་མཁྱེན། །བློར་འཛིན་ཡང་ཉིན་རེ་ཤོག་ལྡེབ་ཙམ་ལས་མི་ནུས་པ་འདུག་ཀྱང༌། དོན་ང་རང་གིས་གང་བཤད་ཀུན་སྤར་བཏབ་པ་ལྟར་འདུག་པ། འདི་གང་ཡིན་ཚིག་ལས་དོན་ལ་མཁས་པ་ཞིག་འོང་བ་འདྲ་གསུངས། དེའི་དུས་སུ་དབོན་འཇིགས་བྱང་སྐྱབས་རྗེས་ཁམས་སུ་མར་འོང་དགོས་བཀའ་ཕེབས་ནས། དེའི་ཚབས་སུ་དབོན་ཉི་མ་རྒྱལ་མཚན་ཟེར་བ་ཞིག་འོངས་ཡོད་པ་དང༌། བོད་པའི་སློབ་དཔོན་ཞིག་ཀྱང་ཡོད་པས། ཁོང་གཉིས་ནས་སྤྲུལ་སྐུ་འདི་གཡོ་སྒྱུ་ཤིན་ཏུ་ཆེ་བས་ཡི་གེ་སོགས་མི་ཤེས་ཚུལ་བྱེད་པ་འདྲ་ཟེར། རྒྱལ་སྲས་རིན་པོ་ཆེ་དང་ཕྱག་མཛོད་སོགས་ལའང་ཞུས་སོང་བས། ཞབས་དྲུང་རིན་པོ་ཆེས་གང་ལྟར་ཡང་ཁོ་རང་དུས་བབ་ཞིག་ལ་མ་ཐོན་བར། རང་བབ་སྔ་རྒྱུན་ལྟར་གྱིས་ཤིག་གསུངས། །དེ་ནས་རྫོང་གསར་ལ་ཕེབས། སྟོང་ལུང་མཚུར་ཕུ་རྒྱལ་ཚབས་རིན་པོ་ཆེ་ཡང་ཕེབས་བྱུང་བས། འབྲི་གུང་སྐྱབས་མགོན་རྣམ་གཉིས་གཙོས། ངེད་ཅག་འདུས་པ་ཉི་ཤུ་ཙམ་ལ་གཡུ་ཐོག་པའི་སྙིང་ཐིག་གི་གཙོས་བཀའ་འབུམ་ཆ་ཚང༌། ཀརྨ་ཞྭ་ནག་པའི་གསུང་འབུམ་སྐོར། མགོན་པོ་ཏྲག་ཤད་དབང་ལུང༌། སྒམ་པོའི་གསུང་འབུམ་བཅས་གནང༌། ཉི་རྫོང་ཁྲི་པ་ནས་ཀྱང༌། མགོན་པོ་བེར་ནག་སྟག་ཞོན། གཞན་ཡང་ཆོས་སྐྱོང་སྐོར་ཁ་ཤས་ཀྱི་དབང་ལུང་གནང༌། འབྲི་གུང་ཞབས་དྲུང་རིན་པོ་ཆེ་ནས་རྗེ་རཏྣའི་བཀའ་འབུམ་ཆ་ཚང༌། གཤིན་རྗེ་ཚེ་བདག་ལྕགས་འདྲ་ལྕགས་སྡིག །ཁྲོ་ཆུ་དུག་སྡོང་སོགས་གཤིན་རྗེའི་སྐོར་ཆ་ཚང་གི་དབང་ལུང༌། འབྲི་གུང་བསྟན་སྲུང་ཡོངས་རྫོགས་ཀྱི་དབང་ལུང་རྣམས་གནང༌། མཚུར་ཕུའི་རྒྱལ་ཚབས་རིན་པོ་ཆེས་སྐབས་ཤིག་ན། མདང་ང་རང་ལ་རྨི་ལམ་ཞིག་བྱུང་བས་མཁྱེན་བརྩེའི་ཡང་སྲིད་འདི་ལ་དེ་རིང་འཇམ་དཔལ་དཀར་པོའི་དབང་ཞིག་དགོས་འདུག་པ་འབྲི་གུང་ཞབས་དྲུང་ཉིད་ཀྱིས་མཛད་པར་ཞུ། སང་ལྷ་མོ་དབྱངས་ཅན་མའི་དབང་ཞིག་ང་རང་གིས་བྱེད་གསུངས་ནས་དེ་གཉིས་གནང༌། སླར་དེ་གཉིས་ཀྱི་བདུན་མཚམས་རེ་འདུག་དགོས་གསུངས། དེ་ནས་རྒྱལ་ཚབས་རིན་པོ་ཆེ་ཡང་གདན་ས་ལ་ཕེབས་སོང༌། དེའི་སྔ་ལོ་ཞིག་ལ་ཀོང་པོ་རྩེ་ལེ་སྣ་ཚོགས་རང་གྲོལ་སྤྲུལ་སྐུ་ཡང་འབྲི་གུང་རྫོངས་སུ་ཕེབས། དེའི་མདུན་ནས་ཕུར་བ་རྒྱུད་ལུགས། རྩེ་ལེའི་བཀའ་འབུམ། ལྷ་བཙུན་ནམ་མཁའ་འཇིགས་མེད་བཀའ་འབུམ། མཁྱེན་བརྩེའི་བཀའ་འབུམ་ཁ་ཤས་བཅས་ཀྱི་དབང་ལུང་ནོད། མ་མགོན་གཡུལ་མདོས་ཚད་ལྡན་ཞིག་ཀྱང་མཛད། གོང་མའི་ཆོས་དམ་ལ་གཟིགས་པས་ང་རང་ལ་སྟོན་འཁོར་ཀུན་ནས་བརྩེ་སྐྱོང་རྒྱ་ཆེར་མཛད། ཁོང་གིས་ང་རང་ཀུན་མཁྱེན་ཆེན་པོའི་རིགས་སྲས་དང་ཡང་སྲིད་རྣམ་གཉིས་དང་ལན་ཅིག་མཇལ་ནས། སྨོན་ལམ་རྣམ་པར་དག་པ་ཞིག་འདེབས་སུ་འོང་བ་ཡིན། ཚེ་འདིའི་ལས་འཕྲོ་དེ་ག་ཙམ་ལས་བློ་ལྷག་ལུས་པ་མེད་གསུངས། སྐབས་དེར་འབྲི་གུང་ཕྱག་མཛོད་དང༌། ངེད་རང་བཅས་གཞོ་སྟོད་ཏི་གྲོ་མཇལ་བ་དང༌། སྨན་ཆུར་ཁྲུས་སོགས་ཀྱི་དོན་ལ་སོང༌། སྐྱབས་མགོན་རྣམ་གཉིས་འབྲི་གུང་མཐིལ་ཞེས་སྐྱོབ་པ་འཇིག་རྟེན་མགོན་པོའི་གདན་ས་མ་དགོན་ཆེ་བར་བྱོན། ངེད་རང་གཉིས་སྨན་ཆུར་ཞག་བདུན་ཙམ་བསྡད་ནས། སླར་ང་རང་གཙོའི་ཆ་ཤས་གནས་མཇལ་ལ་ཕྱིན། ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་རྫུ་འཕྲུལ་གྱི་བཀོད་པ་རྣམ་མཐོང་བས་མོས་གུས་མཆི་མ་འཁྲུགས་པ་ཙམ་བྱུང༌། འཚོགས་ཁང་ཆེན་མོར་སླེབས་པའི་དུས་སུ་རོགས་དགེ་སློབ་གྲྭ་པ་ཐམས་ཅད་རྐང་ཐང་གི་ངལ་དུབ་གྱིས་རྐྱེན་བྱས་ངལ་བསོ་སར་གཉིད་དུ་སོང༌། ང་རང་ནང་དུ་ཕྱིན་པའི་སྒོ་འགྲམ་དེར། མི་དམར་པོ་རལ་པ་དམར་སེར་ཐུར་དུ་ཉིལ་བ་བེར་གོས་ཅན་ཞིག་གིས། ཁྱོད་བྱོན་པ་ལེགས་ཨོ་རྒྱན་ཡབ་ཡུམ་འདིར་བཞུགས་ནས་བདུད་རྩི་སྨན་གྱི་སྒྲུབ་པ་མཛད་བའི་དུས་གཏེར་དུ་སྦས་པའི་ཟབ་གསང་རྒྱ་མཚོའི་སྐོར་དང༌། ཤེལ་དཀར་གྱི་མཆོད་རྟེན། སྐུ་ཚབ་ང་འདྲ་མ། དམ་རྫས་ཨ་ཐམ་མ་བཅས། གནས་འདིར་སྦས་པ་དེ་ག་གཏེར་ནས་མ་བཞེས་བར་ང་རང་འདི་གར་འབྲལ་མེད་སྡོད་དགོས་བ་ཡོད་ཟེར། ང་རང་ཁྲིད་དེ་འཚོགས་ཁང་གི་སྦུག་ཏུ་སོང་བར་འཇའ་ཚོན་གྱིས་ཁྱིལ་ལེར་འདུག །གུ་རུ་ཡབ་ཡུམ་གྱི་ཕྱག་རྗེས། གསང་སྤྱོད་ཀྱི་གནས་བདུད་རྩི་སྨན་གྱི་བསྒྲུབ་པའི་དཀྱིལ་འཁོར། རྗོ་རྗོ་ཕག་མོ་རང་བྱོན་ཤེལ་གྱི་ཀ་བ། གཏེར་སྒོ་གསུམ་ཙམ་ལཉྩ་དང་བརྡ་ཡིག་དཔག་ཏུ་མེད་བ་རང་བྱོན་སོགས་བསྟན། གུ་རུ་ཡབ་ཡུམ་གྱི་བྱང་སེམས་རིལ་བུ་ཡིན་ཟེར་བའི་རིལ་བུ་དཀར་དམར་གྱི་འོད་ཆགས་པ་ཞིག་བྲག་ལྟེ་བ་ཅིག་ནས་བླངས་ཏེ། ང་རང་གི་ལྕེ་ཐོག་ཏུ་བཞག །བྲག་ཆུ་སྙིམ་པ་གང་ཡང་ཁར་བླུགས་སོང་བ་དེའི་རྐྱེན་གྱིས་རིལ་བུ་དེ་ཞུ་སྟེ་ཁོང་དུ་སོང་བར་ལུས་སེམས་ལ་བདེ་བ་ཁྱད་པར་ཅན་སྐྱེས་ཤིང་ཞག་ཆ་ཤས་བར་ང་རང་གི་ལུས་ལ་སྨན་སྤོས་ཀྱི་དྲི་ཐུལ་ལེ་བ་བྱུང༌། དེ་ནས་རོགས་རྣམས་ཀྱང་གཉིད་སད། ང་རང་གར་སོང་ཆ་མེད་ཀྱི་ཁོ་རང་རྣམས་སྔངས་སྐྲག་གིས་འབོད་ཀྱིན་འདུག་པས་མི་དེ་ཡང་གར་སོང་ཆ་མེད་དུ་གྱུར། ང་རང་སྡོད་གནས་དེ་བྲག་ཕུག་གཏིང་རིང་བ་མུན་པ་ནག་ཁྱིལ་ལེ་བ་འདུག་པས། ང་རང་ཅུང་ཟད་སྐྲག་ཅིང་གཞན་གང་ཡང་བྱེད་རྒྱུ་མ་རྙེད་པ། ཨུ་རྒྱན་ཆེན་པོ་མཁྱེན། རྡོ་བླ་བསོད་ནམས་བསྟན་འཛིན་མཁྱེན། ཟེར་གིན་བསྡད་པས། གཉིད་དུ་སོང་བ་ལྟ་བུའི་སྣང་བ་ལ་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་དེ་ཉིད་གུ་རུ་པདྨ་སམ་བྷ་ཝའི་ཆ་བྱད་ཅན་མདུན་དེར་བྱོན་ནས། དེ་རིང་ཡར་ངོའི་ཚེས་བཅུ་ལ། བུ་ཁྱོད་གནས་འདིར་སླེབས་པ་ལེགས། །མཁའ་འགྲོའི་ཚོགས་ཁང་ཆེན་མོ་འདི། དཔལ་རི་རིག་འཛིན་ཞིང་དང་མཚུངས། །མཚོ་རྒྱལ་གྲུབ་པ་ཐོབ་པའི་གནས། །ཏི་གྲོ་ཁྲ་མོ་བྲག་དཀར་འདི། །སྒྲུབ་གནས་གཞན་ལས་ཁྱད་པར་འཕགས། །མ་འོངས་གནས་གཞན་བྱིན་ཉམས་ཚེ། །གནས་འདིའི་ཡོན་ཏན་ལྷག་པར་མངོན། །ཤཱཀྱའི་བསྟན་པ་མ་རྫོགས་པར། །བྱིན་རླབས་དངོས་གྲུབ་ཉམས་མི་འགྱུར། །ཁྱོད་ཀྱི་ད་ལྟའི་སྐྱེ་བ་འདི། །གཏེར་སྟོན་སྐྱེ་བ་བཅོ་ལྔ་པ། རྟེན་འབྲེལ་རབ་གྱུར་འཕགས་ཡུལ་གྱི། །མནྡཱ་ར་བའི་བརྣགས་པའི་ཆོས། །ཡེ་ཤེས་མཁའ་འགྲོས་བརྡས་བསྒྱུར་ཏེ། །དགོངས་གཏེར་ནམ་མཁའ་མཛོད་ལ་དབང༌། །འབྲིང་ན་གནས་འདིའི་ས་གཏེར་འབྱེད། །མཚོ་རྒྱལ་གསང་ཆོས་དག་ལ་དབང༌། །ཅུང་ཟད་དུས་ལ་མ་བབ་སྙམ། །ཐ་ན་ང་ཡི་ཞལ་མཐོང་ཞིང༌། །དག་སྣང་ཆོས་སྐལ་ཕྲན་བུ་ཡིས། །སོ་གསུམ་ལོ་ནས་རང་གནས་འོང༌། །སྐྱེ་དགུའི་བསོད་ནམས་དམན་པ་དང༌། །བདུད་སྤྲུལ་དམར་རྒྱན་ཁྲོམ་སྐྱིད་མའི། །སྨོན་ལམ་ལོག་པའི་རྐྱེན་དབང་གིས། །སྐྱོ་སུན་བར་ཆད་རླུང་ལྟར་འཚུབས། །ཁྱོད་དང་ལྷ་ལྕམ་སྤྲུལ་པའི་སྐུ། །མངའ་བདག་སྨོན་ལམ་མཐུ་བཙན་ཞིང༌། །དངོས་མེད་བདེན་པའི་ཤུགས་ཆེ་ན། །ཚེ་ཆོས་བདུད་ཀྱི་གཡུལ་ལས་རྒྱལ། །ཕྱོགས་མེད་གདུལ་བྱའི་རེ་སྐོངས་ཤིང༌། །ཚེ་མཐར་སྐལ་ལྡན་གདུལ་བྱ་གྲོལ། །བཅུ་ཕྲག་བརྒྱད་མཐར་དགུ་ཡིས་བསྲིང༌། །པདྨའི་རིང་ལུགས་མ་ནོར་བའི། །བསྟན་པ་མཐའ་ནས་རྒྱས་པར་ཤོག །ཅེས་གསུངས་པ། ང་རང་གིས་གཏེར་ཞེས་པ་དེ། ཅི་ལགས་ཞུས་པ། ཨ་ཙ་མ་ད་དུང་བྱིས་པ་རང་དུ་འདུག །བགྲང་བྱ་བཅོ་ལྔའི་དུས་སུ་གསལ། །ཉེར་ལྔའི་དུས་སུ་ལྷག་པར་མངོན། །རེ་ཞིག་བར་དུ་བརྡ་ཐིམ་རྒྱཿ ཞེས་གསུངས་ནས། ཕྱག་སྤྱི་བོར་བཞག་སྟེ། གུ་རུ་དེ་བ་ཌཱ་ཀི་ནཱི། ཨ་ལ་ལ་སིདྡྷི་ཕ་ལ་ཧོཿ །ཞེས་གསུངས་པ་དང༌། །ཆབ་གཅིག་མི་སྣང་བར་གྱུར་ཏོ། །རོགས་རྣམས་ཀྱི་ཀྱང༌། སྣང་གསལ་དང་ལྕེ་ལྡེ་སྤར་བ་སོགས་ཐོག་ནས་ནང་དུ་སླེབས། གཅིག་གིས་ཡང་སྲིད་རིན་པོ་ཆེ་འདིར་བཞུགས་འདུག་ཟེར། དགེ་རྒན་ནས་ཁྱེད་ཀྱིས་ངེད་ཅག་ལ་དེ་ལྟར་སྔངས་སྐྲག་སློང་བཅི་ཡིན་ཟེར་ཞིང་བརྡེག་གྲབས་བྱེད། ཀོང་པོ་དགེ་སློང་རྡོ་རྗེ་ཀློང་གསལ་ཟེར་བ་ཞིག་ཡོད་པ་དེས། ཁོ་རང་མཁའ་འགྲོའི་ཚོགས་ཁང་ནང་དུ་བྱོན་ནས་བཞུགས་པ་དེ་ལེགས། དེ་ལྟར་མ་ཟེར་ཅིག །ཁྱེད་ཁམས་པ་འདི་ཡིས་ཅི་ཡང་མི་ཤེས་པར་འདུག་ཟེར། དེ་ནས་ཁོང་རྣམས་ཀྱིས་དེ་གར་ཕྱག་མཆོད་དང༌། མཎྜལ་རྣམས་བྱས། ཕྱིར་ཐོན་ནས་རིམ་བཞིན་གནས་རྣམས་མཇལ་གྱིན་འོང་བའི་བར་སྐབས་ཤིག་ན། དུར་ཁྲོད་ཤིན་ཏུ་འཇིགས་རུང་ཞིག་ཡོད་པ་དེ་སླེབས། རོ་ཡང་གསུམ་ཙམ་འདུག་པ་ལ། དགེ་སློང་ནས་འོ་འདི་ཤིན་ཏུ་ལེགས་རོ་འདི་དངོས་གྲུབ་ཡིན་ནོ་ཟེར། རང་ནས་སྙིང་རྗེ་ཤས་མི་བཟོད་པ་ཞིག་སྐྱེས། དགེ་སློང་གིས་ཀུ་སུ་ལུའི་ཚོགས་གསོག་ཤིག་བཏང་སོང༌། དེ་ནས་བཟུང་རོ་དེ་རྣམས་མཐོང་པས་རྐྱེན་བྱས། ནམ་འཆི་ཆ་མེད་ཀྱི་བློ་དགོང་མོ་རེ་བཞིན་མི་རྟག་བ་དུང་དུང་རེ་སྐྱེས་པ་བྱུང༌། སླར་སྨན་ཆུ་ཁར་ཕྱག་མཛོད་དྲུང་དུ་སླེབས། ཞག་གཉིས་གསུམ་ནས་ཐེག་ཏེ་འབྲི་གུང་མཐིལ་དུ་སོང་སྐྱབས་མགོན་རྣམ་གཉིས་དང་མཇལ། །དེ་གའི་རྟེན་གྱི་གཙོ་བོ་གསེར་ཁང་ཆོས་རྗེ་ཞེས་པ། སྐྱོབས་པ་འཇིག་རྟེན་མགོན་པོའི་འདྲ་སྐུ་གསུང་ལན་བདུན་བྱོན་པའི་བྱིན་རླབས་ཅན་དང༌། མགོན་ཁང་དུ་ཨ་ཕྱིའི་འདྲ་སྐུ་གསུང་འབྱོན་མ་འབྲི་གུང་པའི་བདེ་སྡུག་གི་རྣམ་འགྱུར་སྣ་ཚོགས་སྟོན་པ་ཞིག་དང༌། གསེར་ཟངས་ཀྱི་དག་པ་ཤྲིའི་ཆགས་ཚུལ། རྟེན་དབུ་ར་ཆེན་པོའི་གཙོར་གྱུར་པའི་འབྲི་གུང་པའི་ནང་རྟེན་རྣམས་མཇལ། གཡས་ཕྱོགས་དེར་བརྟན་འཇགས་མཐིལ་ཞེས་པའི་དུར་ཁྲོད་ཞིག་ཡོད་པ་དེར་བྱོན་ནས་མཁའ་འགྲོའི་ཚོགས་འཁོར་མཛད། རྒོད་དཔག་ཏུ་མེད་པ་བྱུང་བ་དེའི་ནང་ན་ཐང་སྨུག་ཞིག་གིས་ངོ་མཚར་བའི་རྣམ་འགྱུར་མང་པོ་ཡང་བསྟན་སོང༌། དེ་ནས་ཡང་རིའི་མཚམས་པ་རྣམས་ལ་དབང་ལྔ་བཅུ་པ་དང༌། ཉང་གཏེར་དྲག་དམར་གྱི་སྐོར་རྣམས་ཀྱི་དབང་ལུང་གསུངས་ནས། སླར་རང་གནས་རྫོང་གསར་དུ་ཕེབས། ལྕགས་ཕོ་རྟའི་ལོ་ལ་ཡང་རི་སྒར་དུ་བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་ལུང་ཆ་ཚང༌། །ཁམས་པ་ཆ་ཤས་ལ་བཀའ་བརྒྱུད་གསེར་ཕྲེང་གི་རྣམ་ཐར་གྱི་ལུང༌། རྒྱ་སྲས་རིན་པོ་ཆེས་ཀློང་སྙིང་དབང་ལུང༌། ནི་གུ་ཆོས་དྲུག་གི་དབང་ལུང་གནང་བ་ཡང་ཐོབ་དེ་གའི་སྟོན་དགུན་མཚམས་སུ་ཚེ་རིང་ལྗོངས་ནས་བསུུ་མ་བྱུང་ལྟར། རྫོང་གསར་ནས་རིན་བཞིན་ཐེག་ཏེ་བསམ་ཡས་སུ་སླེབས། ཀུན་མཁྱེན་ཆེན་པོའི་སློབ་མ། སྒོམ་ཆེན་ཡེ་ཤེས་རྡོ་རྗེ་ཞེས་པ་སྟོན་འཁོར་ཆ་ཤས་བསུ་བར་སླེབས། སྒོམ་ཆེན་གྱིས་སྣ་དྲངས་ཏེ་དབུ་རྩེ་རིགས་གསུམ། གླིང་བཞི་གླིང་ཕྲན། ཡཀྴ་ལྟག་འོག །མཆོད་རྟེན་བཞི་དང༌། ཇོ་མོ་གླིང་གསུམ་བཅས་རིམ་བཞིན་མཇལ། སྣང་བར་སྔོན་གྱི་བག་ཆགས་ཡད་ཡུད་ཙམ་དྲན་པ་བྱུང༌། དཀོར་མཛོད་གླིང་དུ་ཕྱིན་ཚེ། སྐུ་རྟེན་ལ་གནོད་སྦྱིན་པ་ཐོག་ཕེབས་བྱུང་ཞིང༌། ང་རང་ལ་དབུགས་དབྱུང་གཟེངས་བསྟོད་སོགས་ཆེར་བྱས། བསམ་ཡས་མཆིམས་ཕུར་ཕྱིན། བྲག་དམར་ཀེའུ་ཚང་དུ་ཚོགས་ཀྱི་འཁོར་ལོ་བསྐོར། སྒྲུབ་གནས་ལེགས་པར་མཇལ། ནུབ་མོ་ཞིག་ཏུ་རྨི་ལམ་ན་བུད་མེད་ལྔ་བྱུང་ནས་སྤྲུལ་པའི་སྐུ་ཁྱོད་ལ་སྨྲ་རྒྱུ་ཡོད་ཀྱང༌། ད་དུང་དུས་ལ་མ་བབ་བོ་ཏིཥྛ་བཛྲ་ཟེར་ཞིང་མེ་ཏོག་འཐོར་ནས་སོང༌། མར་ལམ་གནམ་ས་བྲག་ཕུག་པའི་གདན་ས་དེར་བསྡད་པས་སྒོམ་ཆེན་གྲྭ་པ་ཞིག་ལ་མཆིམས་ཕུའི་བྲག་བཙན་ཐོག་བབ་ཕེབས་བྱུང་ནས་སྔོན་ཐ་ཚིག་ཡོད་ཚུལ་དང་ཕྲིན་ལས་སྒྲུབ་པའི་ཐ་ཚིག་མང་པོ་བོར་འདུག སྒོམ་ཆེན་པས་བཅོལ་གཏད་དང་དམ་བསྒྲགས་སོགས་མཛད་སོང༌། དེ་ནས་བསམ་ཡས་ནས་ཐེག རྗེ་ཕག་མོ་གྲུབ་པའི་གདན་ས་མཐིལ། ལབ་སྒྲོན་གདན་ས་ཟངས་རི་མཁར་དམར་སོགས་མཇལ། ཟངས་རིར་བསྔད་པའི་རྨི་ལམ་ན། མི་དམར་རྟ་དམར་ཅན་གཉིས་བྱུང་སྟེ། ཁྱོད་ནི་ཐོད་པ་བྷ་དྲའོ། །ངེད་ཅག་གཉིས་ཀྱང་དམ་ལ་འདུས་ཟེར། ནམ་མཁའ་ནས་བུད་མེད་དཀར་མོ་དྲེའུ་དཀར་པོ་ལ་ཞོན་བ་ཞོག་གིས་ད་དུང་དུས་ལམ་བབ་ཀྱང༌། མ་འོངས་དུས་སུ་བརྡའ་རྟགས་གསལ་ཟེར། དེ་ནས་རྩི་ཐང༌། ཁྲ་འབྲུག །ཡུམ་བུ་བླ་མཁར། རྟག་སྤྱན་འབུམ་པ། རས་ཆུང་འབུམ་པ། གུང་ཐང་འབུམ་པ་སོགས་ལ་མཇལ་ནས་ཚེ་རིང་ལྗོངས་སུ་སླེབས། གོང་མའི་སློབ་བུ་མོན་འབྲུག་གཡོ་རུ་སོགས་དང་དེར་གནས་ཀྱི་སློབ་མ་རྣམས་དང་མཇལ། སྐུ་གདུང་ཆེན་མོའི་མདུན་དུ་ཚོགས་བརྒྱ་དང༌། མགོན་ཁང་དུ་བསྐང་གསོལ་སོགས་བྱས། གཏེར་ཆེན་པྲཛྙཱ་རསྨི་སོགས་གོང་མ་རིམ་བྱོན་གྱི་གདན་ས་ཆེན་པོ་དཔལ་རིར་ཕྱིན། གཙུག་ལག་ཁང་དང་གདུང་རྟེན་རྣམས་ལ་ཕྱག་མཆོད་དང༌། མགོན་ཁང་རྣམས་ལ་གསོལ་མཆོད། གྲྭ་ཚང་རྣམས་ལ་བཏང་སྒོ་དང༌། རྗེ་རཏྣ་གཏེར་བྱོན་གྱི་ཞི་ཁྲོ་དགོངས་པ་ཡང་ཟབ་ཀྱི་དབང་དང་ཚེ་དབང་བཅས་ཕུལ། དེ་ནས་ཐེག་ཅིང་སྲོང་བཙན་བང་སོ་དང་ཚེ་ཆུ་འབུམ་པ་སོགས་མཇལ་ནས་ཡར་ལུང་ཤེལ་གྱི་བྲག་ཕུག་ཏུ་སླེབ། རྟེན་རྣམས་མཇལ་ནས། ཤེལ་ཕུག་ཏུ་ཨོ་རྒྱན་ང་འདྲ་མ་དང་མཇལ་ཚེ་དད་པ་དང་མོས་གུས་བཟོད་བླག་མེད་བར་མཆི་མ་འཁྲུགས། སྣང་བ་ལ་ཐུགས་ཀ་ནས་འོད་ཟེར་ཞིག་འཕྲོས། ང་རང་གི་སྙིང་ཁར་ཕོག་པའི་མོད་ལ་སྨྲ་བསམ་བརྗོད་མེད་ཀྱི་ངོ་བོ་ཀ་དག་རིག་པའི་ངང་དུ་དར་ཅིག་གནས་འདུག་ཀྱང་ངོ་མ་ཟིན་པར་འདུག་དེ་ནས་རིམ་བཞིན་བསམ་ཡས་སུ་ལོག །གཡས་མ་ལུང་དུ་ཀློང་ཆེན་རོལ་པ་རྩལ་དང་མཇལ་ཚེ་དབང་དང་མཁའ་འགྲོའི་སུན་བཟློག་སོགས་མཛད། རང་གནས་འབྲི་གུང་རྫོང་གསར་དུ་སླེབས། ལྕགས་མོ་ལུག་ལོའི་སྟོན་དེར་སྐྱབས་མགོན་ཐམས་ཅད་མཁྱེན་པའི་ཟབས་དྲུང༌། ཁམས་ནས་ཕ་རྒན་དང་དབོན་རིགས་ཀློང་གསལ་སོགས་གྲྭ་ཆ་ཤས་བཅས་ང་རང་རྗེ་བཙུན་དམ་པའི་སྐུ་ན་བསྒྲེས་ཕྱིར། དྲུང་དུ་འོང་དགོས་ཀྱི་བཀའ་ཕེབས་དང་བཅས་བསུ་བར་སླེབ། ཁོ་རང་རྣམས་ནས་འབྲི་གུང་པ་ལ་ནན་ཏན་གྱིས་ཞུ་བ་ཕུལ་བ་དང༌། ལྷག་པར་སྐྱབས་མགོན་བླ་མའི་གསུང་ཤོག་ནན་ཏན་ཆེ་བས་འབྲི་གུང་ནས་ཀྱང༌། སྡེ་པ་གཞུང་ལ་དགོངས་ཞུས་སོགས་མཛད་ཅིང༌། ང་རང་ཁམས་སུ་འགྲོ་རྒྱུ་ཐག་ཆོད་མཛད་སོང༌། ང་རང་ཡང་ལྷ་ལྡན་དུ་ཕྱིན། ཛོ་ཤཱཀ་རྣམ་གསུམ་གཙོས་བའི་རྟེན་གསུམ་ཀུན་ལ་ཕྱག་མཇལ། རྩེ་ཤོད་ཀུན་ལ་དགོངས་ཞུས་བྱས་ཤིང༌། མཁན་པོའི་གོ་ས་བཀའ་ཤོག་ཞྭ་བེར་ཡོ་བྱད་སོགས་དེ་མོ་ཐམས་ཅད་མཁྱེན་པའི་ཐུགས་རྗེས་མིང་གི་ཅོད་པན་གནང་ཞིང༌། སྐབས་དེར་རྨི་ལམ་ཞིག་ལ་དཔལ་ལྷ་ཁང་དུ་ཕྱིན་པར་སྐུ་དེ་དངོས་སུ་གྱུར་ནས། ཁྱེད་རང་དང་པོར་མ་ཡི་ལུས་ལ་ཞུགས་ཚེ་ང་ཡི་གནས་ནས་རྟེན་འབྲེལ་བཟང་པོའི་མཚམས་སྦྱར་དང་བཅས་ཕེབས་པ་ཡིན། སྐྱེ་ལྷའི་གཙོ་བོ་ང་རང་ཡིན་པས་ཐུགས་ནས་མི་བརྗེད་པར་མཛོད། ད་རེས་ལན་ཅིག་ཁམས་སུ་ཕེབས་ཀྱང་བཞུགས་ཡུན་རིང་པོ་རང་མི་འོང༌། ལོ་གསུམ་ཙམ་ནས་གནས་འདིར་ཕེབས་ཐུབ་པ་ཡོད། ད་དུང་བྱིས་པའི་སྐྱོན་ཆེར་འདུག་ཀྱང་ཨའུ་ཙི་ཟེར་ཞིང་དར་དཀར་པོ་ཞིག་སྐེ་ལ་བཀོན་པ་རྨིས། ཕྱིར་ནང་ནས་ཐེག་ནས་བྲག་ཡེར་བ་དང༌། མགོན་ཁང་ཆེན་མོ། །དབུ་རུ་ཀ་ཚལ་སོགས་མཇལ་ནས་འབྲི་གུང་རྫོང་གསར་དུ་སླེབས། ལོ་ཕྱི་མའི་དབྱར་ཐོག་འགྲོ་རྒྱུ་བཀའ་ཕེབས་ཀྱང༌། ཁམས་པ་རྣམས་ནས་མར་ལམ་ཆུས་འཇིགས་པ་མེད་ཅིང༌། མགོ་ལོག་གནས་བསྐོར་བ་རྣམས་དང་ཆད་དུས་བྱས་ཡོད་པ་བཅས་ཀྱིས་དགུན་དེར་འགྲོ་དགོས་ནན་ཞུས་བྱས་པས། ལུག་ལོ་ཟླ་༡༢ཚེས་༣ལ་འབྲི་གུང་རྫོང་གསར་ནས་གཞི་བཀྱག་བྱེད་རྒྱུ་མཛད་སོང་བར། ང་རང་ནས་རྗེ་བླ་མར་མཇལ་འདོད་ཙམ་ཡོད་ཀྱང༌། ཆུང་ནས་འདྲིས་ཕྱིར་སྐྱབས་མགོན་རྣམ་གཉིས་དང་ལྷག་པར་རྒྱལ་སྲས་རིན་པོ་ཆེ། ཕྱག་མཛོད་བཅས་ལ་སོ་སོར་བྲལ་བའི་སྡུག་བསྔལ་གྱི་ཚོར་བ་རྩུབ་མོས་ནོན་ཞིང༌། མྱུར་དུ་མཇལ་བའི་སྐྱབས་འཇུག་ཞུས་ཤིང་སྨོན་ལམ་བཏབ་ནས། འབྲི་གུང་པའི་བླ་མ་ཆན་གཙོས་གྲྭ་འཁོར་བཅུ་དང་ཁམས་པ་མང་རབ་དང་བཅས་ལམ་དུ་ཞུགས། རིམ་བཞིན་ཞག་གཉིས་གསུམ་བར་དུ་སྐྱེལ་མ། སྐུ་དྲག་རྣམས་ཀྱི་གཙོས་བརྒྱ་ཙམ་ཡོད་པ་ཕྱིར་ལོག ཤུལ་ལམ་རིམ་བགྲོད་ཀྱིས་ནག་ཆུ་ཁར་སླེབ། དེ་ནས་མགོ་ལོག །མཛོ་དགེ་ཁེན་ཐ་བཅས་ཀྱི་གནས་བསྐོར་བ་མི་གྲངས་སུམ་བརྒྱ་ལྷག་ཙམ་རྟ་པ་མཚོན་ཆ་ཐོགས་པ། གོས་དང་སྐད་རིགས་སྔར་མཐོང་མ་མྱོང་བ་མང་པོ་འདུག་པ། དེ་དག་རྣམས་ཀྱིས་བཤས་ལུག་གསོད་པ་དང༌། འཕྲོག་བཅོམ་སོགས་མང་དུ་བྱེད་འདུག་པས། སྲིན་པོ་ལྟ་བུའི་མི་འདི་རྣམས་དང་འགྲོགས་དགོས་པ་ཅི་ཡིན་སྙམ་ནས་སྐྱོ་བ་ལྷག་པར་འཕེལ། སྐབས་ཤིག་ནུབ་ཅིག་རྨི་ལམ་ན་མི་དཀར་དུང་གི་ལ་ཐོད་ཅན། ཟ་འོག་གི་ན་བཟའ་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ། ཕྱག་གཡས་སྦ་ལྕག་འོད་ཟེར་ཕུང་ཕུང་འཕྲོ་བ་ཞིག་བསྣམས་ནས་རྟ་མཆོག་ངང་དཀར་ལ་ཆིབས་པའི་གྲལ་གཡས་ཕྱོགས་སུ་རྟ་དཀར་ཅན་གྱི་སྐྱེས་པ་གཞོན་ནུ་ཞིག་དང༌། གཡོན་དུ་མ་ཧེ་ལ་ཞོན་པའི་བུད་མེད་གཟི་བརྗིད་དང་ལྡན་པ་རྒྱན་སྣ་ཚོགས་ཀྱིས་སྤྲས་པ་རྐྱང་བུ་ཁ་དཀར་ལ་ཞོན་པའི་བུ་མོ་མཚར་སྡུག་འོད་ཆགས་པ་ཞིག་གིས་སྣ་དྲངས་ཏེ་འཁོར་དཔག་ཏུ་མེད་པ་དང་བཅས་ལུང་པའི་སྟོད་དེ་ནས་མར་བྱུང་འཕྲད་མ་ཐག །བུ་མོ་དེས་མིང་པོ་ལགས། སྐུ་མཉེས་སམ་ཟེར། ང་རང་ནས་ཀྱང་སྔར་འདྲིས་དང་འཕྲད་པ་ལྟར་བྱུང་བས། ཡབ་ཡུམ་ཕུ་བོ་སྲིང་མོ་དང་བཅས་སྐུ་དཀྱིལ་དྭངས་སམ། བདག་ནི་ཁམས་སུ་འགྲོ་བ་ལགས་ཟེར་འདུག །གཙོ་བོ་དེའི་ཞལ་ནས། བུ་ཆུང་ཁྱོད་སེམས་སུན་པར་མ་བྱེད་ཅིག །ད་བོད་དུ་བསྡད་ཀྱང་དགོས་པ་ཆུང༌། མཐུན་པའི་ཆོས་དང་འཕྲད་པར་དཀའ། །དེ་ལས་མདོ་ཁམས་སྨད་ཕྱོགས་སུ། །ལས་ཀྱི་འབྲེལ་བའི་བླ་མ་བཞུགས། གདམས་ངག་བདུད་རྩི་དངོས་གྲུབ་གནས། དེ་དྲུང་ཕྱིན་ན་དགོས་པ་ཆེ། །འདི་དང་ཕྱི་མ་དོན་ཆེན་འགྲུབ། །ལེ་ལོ་སྤང་ལ་བླ་མར་བརྟེན། །བརྩོན་འགྲུས་དྲག་པོས་ཉམས་ལེན་འབུང། །ལོ་གསུམ་མཚམས་ནས་མཇལ་བར་ངེས། །འཇིགས་པའི་ཚོགས་སྒྲོལ་སྐྱེལ་མ་ཡོང༌། དེ་མིན་བསྒོ་བ་འགའ་ཡོད་ཀྱང༌། ད་དུང་དུས་ལ་མ་བབ་བོ། །ཞེས་ཟེར་ཞིང༌། མེ་ཏོག་སྣ་ཚོགས་ཞིག་འཁོར་དང་བཅས་པས་འཐོར། གཙོ་མོ་དེས་སྨོན་ཚིག་དང་ཤིས་བརྗོད་འགའ་ཞིག་བྱས་སོང༌། གཞོན་ནུ་དེས་ཡར་གཟིགས་དང་མེས་པོ་ཆེན་པོའི་སྐུ་མཐོང་བ་ཡོད་ཟེར། བལྟས་པས་སྟོད་ཕྱོགས་རྒྱང་རིང་པོའི་ནམ་མཁར་སྤྲིན་གསེབ་ཞིག་ན། རྒྱལ་པོ་ཆེན་པོ་བག་དྲོ་བ་ཞིག་མཐོང་ཙམ་བྱུང༌། ཁོ་བ་མིང་སྲིང་གཉིས་ནས་ཡིད་འཕྲེང་ཚུལ་བྱེད་ཀྱིན་སླར་གཙོ་འཁོར་ཀུན་རང་གནས་སུ་ལོག་སོང༌། །དེ་ནས་ཤུལ་ལམ་རིམ་བགྲོད་ཀྱི་མགོ་ལོག་བ་རྣམས་སྔོན་དུ་སོང༌། ང་རང་རྣམས་དལ་བུས་འོང་ནས་རྨ་སྟོད་མཁའ་རིའི་དངུལ་དཀར་སྒྲོན་མའི་ཉེ་འདབས་སུ་སླེབ་དེའི་ནུབ་རྨི་ལམ་ན་བུད་མེད་དཀར་མོ་ཆ་ལུགས་ཡ་མ་ཟུང་ཅན། ཤེལ་དཀར་གྱི་ཕྲེང་བ་དང་གཞོང་པ་ཐོགས་ཤིང་དྲེའུ་དཀར་པོ་ལ་ཞོན་པ་ཞིག་བྱུང༌། ང་ནི་རྨ་སྟོད་ཡུལ་གྱི་གཙོ་མོ་པདྨ་རྒྱལ་པོའི་དམ་ནོད། འཛམ་གླིང་སྐྱེས་བུའི་བཀའ་སྡོད། དཀར་ཕྱོགས་སྐྱོང་བའི་བསྟན་སྲུང་ཡིན། ཁྱོད་དང་མཇལ་བར་སྤྲོ། དགོས་ཆེད་འགའ་ཞིག་ཡོད་ཀྱང༌། ད་དུང་དུས་ལ་མ་བབ་འདུག་ཟེར། དེར་སྐྱེས་པ་དང་བུད་མེད་ཞུབས་ཆེན་ཅན་སོགས་དཔག་ཏུ་མེད་པར་ཚོགས་ནས། ཀཱི་བསྭོ་སྒྲོགས་ཤིང་ཟས་སྣ་དང་དར་སྣ་སོགས་འགྱེད་པར་བྱེད་འདུག་པ། འདི་རྣམས་སུ་རེད་བྱས་པས། རྨ་རིའི་སྤྲུལ་པ་གཞི་བདག་གིས་བསུ་བ་རེད་ཀྱང་ཉིད་ཀྱིས་ཇི་ལྟ་བ་བཞིན་མི་མཁྱེན་ནམ་ཟེར། དེའི་མོད་ལ་གཉིད་སད། དེ་ནས་བལ་གོ་ཞེས་པའི་ས་ནས་མགོ་ལོག་གི་བསུ་མ་རྣམས་དང་འཕྲད། དར་ལུང་ཉག་ཅེས་པར་སླེབས་དུས་ནམ་མཁའ་ལ་འཇའ་ཚོན་སྣ་ལྔ་འཁྲིགས་ཤིང་ཁ་བ་མེ་ཏོག་གི་དབྱིབས་ཅན་གྱི་ཆར་བབ། སྣང་བ་ལ་ས་གཞི་བར་སྣང་ཀུན་སྐྱེས་པ་དང་བུད་མེད་དཔག་ཏུ་མེད་པས་ཁྱབ་ཅིང༌། རོལ་མོའི་སྒྲ་སོགས་ཐོས་པ་ནི། གཞི་བདག་གཉན་པོ་གཡུ་རྩེའི་བསུ་བ་ཡིན་པར་འདུག །དེ་ནས་ཞག་ཤས་འོང་མགོ་ལོག་སྟོད་ཀྱི་མདོ་གོང་མ་ཟེར་བར་དེར་སླེབ་ཅིང་མ་དང་སྲིང་མོ་གཙོས། ཡུལ་མི་རྣམས་དང་འཕྲད། སྲིང་མོ་ཡང་ལྷ་ལྡན་ནས་མར་སོང༌། བླ་མའི་དྲུང་དུ་སླེབས་ཏེ་ལོ་ཤས་བསྡད་པར། སྔོན་གྱི་བག་ཆགས་དང་མཐོང་སྣང་ཡ་མ་ཟུང་སོགས་བྱུང་འདུག་ཀྱང༌། ཨ་ཁུ་དང་ཞང་པོ་རྣམས་དབང་བཙན་པས་ཕ་མ་བུ་གསུམ་ཁྱིམ་གཞི་བཅས་པ་རང་ཡུལ་དུ་འོང་དགོས་བྱུང་འདུག་པར། ཡུལ་དང་གྲོགས་ཀྱི་རྐྱེན་ལས། རེ་ཞིག་དག་པའི་སྣང་བ་ཡལ་ཞིང༌། ང་རང་ལྟར་བྱིས་པའི་སྡུག་བསྔལ་ཤུགས་རིང་དུ་འདུག །དེར་རེ་ཞིག་ནས་མགོ་ལོག་པར་གཞི་ཡན་བཟུང་ཁྱུག་ཙམ་ཕྱིན་ནས་བླ་མའི་ཞབས་དྲུང་བསྙེགས་པར་ལྕེ་མདའ་ཞེས་པ་ནས་ཀུན་མཁྱེན་གོང་མའི་སློབ་བུ་སྡེ་དགེའི་བླ་མ་དཔལ་ལྡན་རྒྱ་མཚོ་ཟེར་བ་དང༌། བོ་ཆུང་གི་བསུ་མ་བཅས་སླེབས། རྡོ་ཁོག་བརྒྱུད་གསེར་སྟོད་འབྲོང་རི་སྨུག་པོའི་མདུན་དུ་སླེབ་དུས། རྗེ་བླ་མའི་སྐུ་དྲུང་ནས་ཉེར་གནས་ཆོས་གྲགས། རས་པ་ཀུན་མཁྱེན། དཔོན་ནོར་བཟང་སོགས་བསུ་བར་སླེབ་ཅིང༌། རྗེ་བླ་མའི་བཀའ་བཀོད་ལྟར་ལས་སྨོན་རྟེན་འབྲེལ་མའི་མགུར་དབྱངས་ཀྱིས་སྣ་དྲངས་པའི་རྟེན་འབྲེལ་ལེགས་ཚོགས་བསྒྲིགས་ཤིང༌། ཁོ་རང་རྣམས་ནས་བསང་མཆོད་སོགས་རྒྱ་ཆེར་མཛད་སོང༌། དེ་ནས་ཞག་གཅིག་ཕྱི་ཉིན་རྗེ་བླ་མའི་གདན་ས་ཆེན་པོ་ཡར་ལུང་པདྨ་བཀོད་ཀྱི་སྒྲུབ་སྡེ་རྩ་གསུམ་མཁའ་འགྲོའི་གླིང་དུ་སླེབ་ནས། རྗེ་བཙུན་བཀའ་དྲིན་གསུམ་ལྡན་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོའི་ཞལ་མཇལ། གསུང་གི་བདུད་རྩི་ལ་ལོངས་སྦྱོད་ཅིང་རྗེས་སུ་བཟུང་བའོ། །བགྲང་ཡས་བསྐལ་པ་དུ་མའི་སྔོན་རོལ་ནས། བསོད་ནམས་ཡེ་ཤེས་ཚོགས་ཆེན་བསགས་པའི་མཐུས། །སངས་རྒྱས་གཉིས་པ་མི་ཡི་རྫུར་ཞུགས་རྗེ། །ཀུན་བཟང་གཞན་ལ་ཕན་དེའི་བཀའ་དྲིན་རྨད། །བདག་འདྲ་སོ་སྐྱེ་རྨོངས་པའི་གཞན་དབང་ཅན། །ལེ་ལོ་སྙོམ་ལས་ངང་དུ་མི་ཚེ་འདའ། །རྒྱལ་བཀའ་མདོ་རྒྱུད་ཉམས་འོག་མ་ཚུད་ཀྱང༌། །ལམ་མིན་གཡང་སར་མ་ལྟུང་རྗེ་དེའི་དྲིན། །ཆོས་ཚུལ་རྒྱ་མཚོ་གཏིང་དཔག་དཀའ་བའི་དོན། །རྟོག་གེ་ཐ་སྙད་ལམ་ལ་མ་སྦྱོངས་ཀྱང༌། །རྣམ་གསུམ་དད་པས་ལེགས་དྲངས་བྱིན་རླབས་ཀྱིས། །ཐུགས་རྒྱུད་དགོངས་པ་འཕོས་པས་བདག་གྲོལ་ལོ། །དེ་ནས་ཡང་གཟིམ་ཆུང་སྟོད་དེར། སྡོད་གནས་གནང་ཞིང་རྗེ་གོང་མའི་སློབ་བུ་པདྨ་ཆོས་གྲགས་ཞེས་པ་སློབ་དཔོན་དུ་བསྐོས། རང་ལུགས་སློབ་སྦྱང་རྣམས་ལ་བརྩོན། དམ་ཆོས་བདེ་ཆེན་ལམ་མཆོག་གིས་སྣ་དྲངས་པའི། སྨིན་བྱེད་དང་མཛོད་བདུན་ཀུན་མཁེན་བཀའ་འབུམ་སོགས་ཀྱིས་གཙོས་དབང་ལུང་རྒྱ་ཆེར་གནང༌། སྤྲེའུ་ལོའི་དབྱར་ཐོག་ནས་འབྲི་གུང་པའི་གྲྭ་ཚང་བླ་མཆན་གཙོས་འཁོར་བཅས་ལྷ་ལྡན་དུ་ཡར་བརྫངས། སྟོན་དེར་མགོ་ལོག་ཕྱོགས་སུ་ནས་བསོད་ཁྱུག་ཙམ་ཕྱིན། དགུན་དེར་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་རྒྱས་བསྡུས་འབྲིང་གསུམ་གྱི་སྒོ་ཕྱེས་ནས་ཐུན་མོངས་དང་ཐུན་མོངས་མ་ཡིན་པའི་སྨིན་ཁྲིད་ཞག་བརྒྱ་ཕྲག་ཏུ་མཛད། ཆུ་བྱ་ལོའི་དཔྱིད་དེར་རྣུ་ཟོག་བླ་མ་བཀྲ་ཤིས་རྒྱ་མཚོ་གདན་དྲངས་ཏེ། གནམ་ཆོས་ཀྱི་ལུང་རྣམས་གནང༌། དབང་རྣམས་རྗེ་ཉིད་ཀྱིས་མཛད། མིག་ལོང་བླ་ནག་དགེ་འདུན་རྒྱ་མཚོའི་དཔོན་བརྒྱུད་མགོན་པོའི་ཞལ་ལན་གསུམ་གཟིགས་པའི་གསེར་དབུ་ཚབ་སྟེང་གི་བླ་རྒན་བསྒྲེས་པོ་ཞིག་གི་དྲུང་ནས་མགོན་པོ་དངོས་གྲུབ་འབྱུང་གཏེར་དང༌། གསང་བ་སྤུ་གྲི་དུག་སྤུར་སོགས་ཀྱི་དབང་དང་ལུང་སོགས་ཆ་ཚང་ཐོབ། ཡང་རྗེ་བླ་མས་འཇའ་ཚོན་ཆོས་སྐོར་དང༌། ཆགས་མེད་རིན་པོ་ཆེའི་བཀའ་འབུམ་རི་ཆོས་ཀར་གཅོད་གཙོས་པོད་བཅུ་ཙམ་གྱི་དབང་ལུང༌། གཙང་མདའ་སྤྲུལ་པའི་སྐུ་དང་དབོན་སྦྱིན་པ་རྒྱ་མཚོ་གཉིས་ཀྱིས་ཞུས་ངོར་བཀའ་བརྒྱད་བདེར་འདུས་ཀྱི་དབང་ལུང༌། རྗེ་བླ་མའི་བུ་སློབ་ཀུན་གྱི་མཆོག་གྱུར་གཞི་ཆེན་བླ་མ་བསོད་ནམས་དཔལ་ལྡན་གྱིས་ཞུས་ངོར་གྲུབ་ཆེན་བརྒྱད་ཅུའི་དབང་དང་སེམས་ཀློང་མན་ངག་སྡེའི་དབང་ལུང་རྣམས་གནང༌། དབྱར་ཐོགས་དེར་རྫོགས་ཆེན་ནས་གྲུབ་དབང་རྫོགས་ཆེན་པའི་སྐྱེ་ཕྲེང་བཞི་པ་རྣམ་འདྲེན་སྤྲུལ་པའི་སྐུ་རིན་པོ་ཆེ་དང༌། དཔོན་སློབ་ནམ་མཁའ་འོད་གསལ་སྐྱེ་ཕྲེང་གསུམ་པ་རྣམ་གཉིས་ཀྱིས་གཙོས་བླ་མ་བཅུ་ཕྲག་དང༌། འདུས་པ་དྲུག་ཅུའི་སྐོར་དབང་ལུང་ཞུ་བར་ཆེད་གཏད་ཀྱིས་བྱོན་པ་ལ། སྙིང་ཐིག་ཡ་བཞི་རྒྱུད་བཅུ་བདུན་ནག་མོ་ཁྲོས་མ་བཅས། དམ་ཆོས་བདེ་ཆེན་ལམ་མཆོག །རིག་འཛིན་སྲོག་སྒྲུབ། རིག་འཛིན་ཡོངས་འདུས་གཙོས་དབང་ལུང་རྒྱ་ཆེར་གནང༌། རྩ་རླུང་དང་རྫོགས་ཆེན་གྱི་ཁྲིད་བསྡུས་རེ་ཡང་གནང༌། དེ་ནས་རྫོགས་ཆེན་རིན་པོ་ཆེས་དགོན་པར་གྲྭ་ཚང་རྣམས་ལ་དཀོན་མཆོག་སྤྱི་འདུས་ཀྱི་དབང་ལུང༌། ཡུལ་པ་རྣམས་ལ་ཁྲོམ་དབང་སོགས་ཀྱི་ཆོས་འབྲེལ་གནང་ནས་སྟོན་འཁོར་ཀུན་ཡར་བྱོན་སོང༌། སྐྱབས་རྗེ་ཉིད་ཀྱིས་གཞི་ཆེན་བླ་མ་ཨོ་རྒྱན་ནོར་བུ། རས་པ་དམ་ཚིག་རྡོ་རྗེ་སོགས་ངེད་ཅག་དོན་གཉེར་འདུས་པ་ལྔ་བཅུ་ཙམ་ལ། དགེ་བ་གསུམ་གྱི་དོན་ཁྲིད་གཅོད་ཀྱི་ཟབ་ཁྲིད་མ་གཅིག་སྙན་བརྒྱུད། གཏེར་གཅོད་དུམ་པ་དྲུག་སོགས་གཅོད་ཀྱི་དབང་ལུང་ཚང་མ་ཞིབ་རྒྱས་སུ་གནང༌། གཞི་ཆེན་བླ་མ་ནས་བརྒྱུད་པ་རྣམ་དག་ཡིན་གསུང་ཞིང་ཀུན་གཟིགས་ལྔ་པའི་དག་སྣང་རྒྱ་ཅན། བཀའ་བརྒྱད་རང་ཤར་བཅས་ཀྱི་དབང་ལུང་གནང༌། དགུན་དེར་སྤྱི་ལ་སྔོན་འགྲོ། ངེད་ཅག་མཆེད་གྲོགས་བཅུ་གསུམ་ཙམ་ལ་རྩ་རླུང༌། སློབ་རྒན་ཁ་ཤས་ལ་རྫོགས་ཆེན་གྱི་སྨིན་ཁྲིད་བཅས་ཞག་བརྒྱའི་བར་དུ་གནང༌། རེ་སྐོང་ནས་སྔགས་འཆང་རྡོ་རྗེ་འཛིན་པ་ལྕང་ལུང་དཔལ་ཆེན་ནམ་མཁའ་འཇིགས་མེད་ཅེས་པ་ཕེབས་པ་དེའི་ངོར་མུན་པའི་རྣལ་འབྱོར་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་རྫོགས་ཆེན་ཨ་ཏི་ཟབ་དོན། གཟའ་གཤིན་ཕུང་གཤིག་ལས་རླུང་སོགས་མན་ངག་གི་སྐོར་ཁ་ཤས་ཀྱི་དབང་ལུང་ཐོབ། སྐབས་དེར་རྨི་ལམ་ཞིག་ན་ལྷ་ཁང་ཞིག་གི་ནང་དུ་ང་རང་བསྡད་འདུག་པར། རྗེ་བླ་མས་ཐུགས་ཤིན་ཏུ་ཁྲོས་པའི་ཉམས་ཀྱིས། ལས་ངན་གྱི་སེམས་ཅན་ཁྱོད་ལྟ་བུ་མི་ཡུལ་དུ་སྡོད་པ་དགོས་པ་ཆུང་གསུངས་ནས། ཕྱག་ན་རལ་གྲི་ཞིག་འདུག་པ་དེས་ང་རང་གི་མགོ་བོ་བྲེག །ཤི་ནས་གཅེར་བུ་བར་དོར་འཁྱམས་འདུག་པ་ལ། ཡང་བླ་མ་མདུན་དུ་བྱོན་ནས་ཁྱོད་བསད་ཀྱང་འཆི་ཁ་དང་ཆོས་ཉིད་བར་དོར་མ་གྲོལ་སོང༌། འདི་སྲིད་པ་ལས་ཀྱི་བར་དོ་ཡིན་པས་ལུས་ལ་རྐང་རྗེས་གྲིབ་མ་སོགས་འདུག་གམ་ལྟོས་གསུངས། དེ་ལྟར་བལྟས་པས་གྲིབ་མ་དང་འཇིམ་པ་ལ་རྐང་རྗེས་སྤར་ཡང་མི་སྣང༌། བར་དོ་ཟེར་བའི་སྒྲ་བོ་ཆེ་དེ་རེད་སྙམས་ནས། ཤིན་ཏུ་སྐྲགས་ནས་བླ་མ་ལ་གསོལ་བ་ཕུར་ཚུགས་སུ་བཏབ་པས་ཇི་ལྟར་ཡང་བཅོས་མིན་གྱི་དད་པ་རང་ཤུགས་ལ་ཡོད་ཕྱིར་ལོག་ལྟ་མི་སྐྱེ་བར་གདའ། འོན་ཀྱང་ལན་གཅིག་དམྱལ་བར་འགྲོ་དགོས་གསུངས། བླ་མ་ནི་གར་བྱོན་ཆ་མེད། རང་གི་སྲིང་མོ་ཡིན་སྙམས་པའི་བུ་མོ་ཞིག་དང་འགྲོགས་ཏེ་ཐང་ཆེན་པོ་ཞིག་ནས་ཕར་སོང་བས་དེར་མི་སྐྱ་ཕོ་མོ་གོས་ཡོད་མེད་དཔག་ཏུ་མེད་པ་ཞིག་འདུག །འདི་རྣམས་སུ་རེད་དྲིས་པ། པར་དོའི་སེམས་ཅན་ཡིན་པར་གདའ་ཟེར། དེར་ལ་ཁ་ཞིག་ཏུ་སླེབས་ནས་མར་བལྟས་པས་ལྕགས་བསྲེགས་ཀྱི་ཡུལ་ལྗོངས་མུན་པ་ནག་ངམ་པ་ཞིག་ཏུ་སླེབས། མི་གཅེར་བུ་དཔག་ཏུ་མེད་པས་ངུ་འབོད་ལྷང་ལྷང་བྱེད་འདུག་པར་སྙིང་རྗེ་བཟོད་བླག་མེད་པར་སྐྱེས། འདི་དག་ཀུན་འདི་ལས་ཐར་པའི་ཐབས་ཞིག་ཅི་དྲག་སྙམས་ནས་ངུས་ཤིང་བླ་མ་ལ་གསོལ་བ་དྲག་ཏུ་བཏབ་པས། བུ་མོ་དེས་གཞན་གྱི་དོན་ལ་ངུས་པས་ཅི་བྱེད། ཁྱེད་རང་ལ་ཡང་འདི་ལྟ་བུ་འོང་རན་ཟེར། ང་རང་ལ་ཅི་ལྟར་བྱུང་ཡང་བཟོད་དེ་འདི་རྣམས་སྙིང་རེ་རྗེ་སྙམས་པ་བྱུང་བར། མགོ་བརྙན་ཅན་གཉིས་གློ་བུར་དུ་བྱུང་སྟེ། ཁྱོད་གཤིན་རྗེ་ཆོས་ཀྱི་རྒྱ་པོའི་མདུན་དུ་མྱུར་བར་ཤོག་ཅིག་ཟེར་ནས། ལག་པར་བཟུང་ནས་ཁྲིད་པའི་སྣང་བ་བྱུང༌། དང་པོ་ཤིན་ཏུ་སྐྲག་ཀྱང་ང་ལ་ལུས་ནི་མེད་པས་ཁོང་རྣམས་ནས་ཅི་ཡང་བྱེད་རྒྱུ་མི་རྙེད་པས་སྐྲག་མི་དགོས་སྙམས་བ་བྱུང༌། དེའི་ང་ལ་ལྕགས་མཁར་འཇིགས་སུ་རུང་བ་ཞིག་གི་ནང་དུ་སླེབས་འདུག་བར། ཁྲི་མཐོན་པོ་མི་ལྤགས་ཀྱི་གཡང་གཞི་བཀྲམ་པ་ཞིག་གི་ཁར། བེར་ནག་ཅན་ཁྲམས་ཤིང་དང་མེ་ལོང་ཐོགས་པ་ཞིག་འདུག་བར་ཞིབ་ཏུ་བལྟས་པས། ཆ་ལུགས་མ་གཏོགས་སྐུ་ནི་སྐྱབས་མགོན་ཐམས་ཅད་མཁྱེན་པ་རང་དུ་འདུག །ཕྱག་འཚལ་ཞིང་ཞབས་སྤྱི་བོར་བླང༌། བླ་མ་རིན་པོ་ཆེ་མ་ཀི་དམྱལ་བའི་སེམས་ཅན་འདི་རྣམས་སྡུག་བསྔལ་འདི་ལས་གྲོལ་བར་ཐུགས་རྗེས་གཟིགས་ཤིག་ཞུས་ནས་ངུས་པས། ཞལ་འཛུམས་པ་དང་བཅས་ཧ་ཧ། སྐྱེས་བུ་ཁོད་ཀྱིས་ང་ཡང་བླ་མར་མཐོང་བར་གདའ། དག་པ་ཡེ་ཤེས་སྣང་ངོ་རུ། ང་ནི་ཆེ་མཆོག་ཧེ་རུ་ཀ༔ མ་དག་ཁྲུལ་པའི་སྣང་ངོ་རུ། ང་ནི་དམྱལ་བའི་དེད་དཔོན་ཆེ། །འཁྲུལ་སྣང་ལས་ཀྱི་ས་པ་ལ། འཕྲལ་དུ་གྲོལ་བ་ག་ལ་སྲིད། སྐྱེས་བུ་ཟངས་མདོག་དཔལ་རིའི་རྩེར། པདྨ་ཀ་རིའི་དྲུང་དུ་དེངས། །ཞེས་ཟེར་ཞིང་སྡིགས་འཛུབ་ཅིག་གཏད་བྱུང་བས་སྔར་གྱི་ལ་ཁ་དེར་སླེབས་འདུག །སྔར་གྱི་སྲིང་མོ་ཡིན་སྙམས་པའི་བུ་མོ་དེ་དང༌། དགེ་སློང་བླ་མ་ཅན་ཞིག་ཀྱང་དེར་འདུག་པས། ང་རང་ཟངས་མདོག་དཔལ་རིར་འགྲོ་དགོས་པ་རེད། ལམ་ཡང་མི་ཤེས་སྨྲས་པས། བུ་མོ་དེས་ལམ་ངས་ཤེས་ཡ་ཀིའི་ལམ་གསུམ་ཡོད་པའི་བར་མ་དེར་ཞུགས་ནས་འགྲོ་དགོས་ཟེར། དེར་གཏད་དེ་ཕྱིན་པས་ལམ་འོད་དམར་ལྟ་བུ་ཞིག་ལས་དངོས་སུ་མི་འདུག་ཅིང༌། རང་ལ་ལུས་ནི་མེད་པས་ཐར་འོང་སྙམས་ནས་ཕྱིན་པས་རེ་ཞིག་གི་ཚེ་མཚོ་འགྲམ་ཞིག་ཏུ་སླེབས་པ་དེར་ཀེང་རུས་དཀར་པོ་བཞི་འདུག་པས་འཆམས་སྟབས་སྣ་ཚོགས་ཀྱིས། ངེད་ཅག་ལ་བསྐོར་བ་བྱེད་ཀྱིན་བགེགས་བསྐྲད་པའི་ཚུལ་མཛད་འདུག །བན་དེ་ཝ་བ་ཅན་དེས། དཔལ་ཆེན་པོའི་ལམ་མཁན་ལམ་བསྟན་དུ་གསོལ། །ཞེས་ཟེར་བར། ཁོང་རྣམས་མཚོ་སྟེང་ནས་ཕར་སོང་བའི་ཤུལ་དུ་འོད་སྣམ་དཀར་བརྐྱང་པ་ལྟ་བུ་ཞིག་འདུག་པ། ངེད་ཅག་རྣམས་ཀྱང་དེར་ཞུགས་ཏེ་ཕྱིན་པས་ཕ་རིར་སླེབས་ཚེ་འོད་དེའི་སྣ་བར་སྣང་ལ་ཟུག་པ་དེར་ཞུགས་ཏེ་ཕྱིན་པས་མར་བལྟས་ཚེ་ཡུལ་ཀུན་མདོག་དམར་ཞིང་གྲོང་ཁྱེར་ལ་ལ་ནི་ཟངས་ལས་གྲུབ། ལ་ལ་ནི་ལྕགས་ལས་གྲུབ། ལ་ལ་ནི་མི་མགོ་དང་ཀེང་རུས། ལ་ལ་ནི་འཇག་མའི་སྐྱིལ་བུ་ལ་བརྟེན་པ་མི་རྣམས་ལ་ནི་སྲིན་པོའི་དྲག་ཆས་ཅན་མགོ་གསུམ་པ་མན་བཟུང་དཔག་ཏུ་མེད་པ། ལ་ལས་ནི་སྲོག་གཅོད་ཀྱི་ལས་བྱེད། ལ་ལས་ནི་བྲོ་གར། ལ་ལས་སོ་ནམས། ལ་ལས་ཤིང་སྡོང་རེའི་དྲུང་ན་ཏིང་ངེ་འཛིན་ལ་གནས། ལ་ལས་ནི་རྩེད་འཇོ་བྱེད་པ་དཔག་ཏུ་མེད་པ་མཐོང༌། ངེད་རྣམས་བར་སྣང་གི་ལམ་དེ་ནས་ཐོགས་པ་མེད་པ་སྒོ་དྲུང་ཆེན་པོ་ཞིག་ཏུ་སླེབས་སོང་བ། སྒོ་འགྲམ་དེ་ན་བུད་མེད་དམར་མོ་ལག་ན་ཟོར་བ་ཐོགས་པ་ཞིག་བྱུང་སྟེ། ཁྱོད་ཅི་ལ་འོང་བ་ཡིན་ཟེར། ང་དམྱལ་བའི་གནས་སུ་སོང་ནས། བླ་མས་ཟངས་མདོག་དཔལ་རིར་ཨོ་རྒྱན་ཆེན་པོའི་དྲུང་དུ་སོང་གསུངས་ནས་མངགས་བ་ཡིན། ད་གར་འགྲོ་དགོས་ཞུས་པར། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་མི་འདུག་གམ་གསུངས། མ་མཐོང་ལགས་ཞུས་པས། ཁྱོད་ཀྱི་བློ་མིག་མ་བསྒྲིགས་པར་འདུག །ད་སྒོ་འདི་ནང་སོང་དང་འོག་ཁང་ཚོགས་ཆེན་འདུས་པའི་ཕོ་བྲང་སྟེ། གུ་རུ་རཀྴ་ཐོད་ཕྲེང་བཞུགས་པའི་གནས་སྦྱོར་སྒྲོལ་གསང་བ་མཆོག་གི་དཀྱིལ་འཁོར་ཡིན། དེར་ད་རུང་འགྲོ་བའི་དུས་ལ་མ་བབ། བློར་ཡང་མི་ཆུན། བར་ཁང་དང་སྟེང་ཁང་རྣམས་སུ་ཡང་འགྲོ་བའི་དུས་ལ་མ་བབ། གཡས་ཕྱོགས་དེར་སྐས་ཤིན་ཏུ་རིང་པོ་ཞིག་ཡོད་པ། སྐས་དེར་འཛེགས་ཏེ་སོང་ན། གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུར་བཞེངས་ཏེ། བོད་ཀྱི་ཁ་གནོན་ལ་དགོངས་པ་གཏད་དེ་བཞུགས་ཡོད་པས་དེའི་དྲུང་དུ་སོང་ཆོག་ཟེར། ང་རང་ཡང་སྤྲོ་བ་དང་བཅས་ཤེལ་གྱི་སྐས་ཐེམ་བརྒྱ་ལྷག་ཙམ་འདུག་པར་དེར་འཛེགས་ཏེ་ཕྱིན་པས། དེའི་རྩེ་མོར་ཕྱིན་རིན་པོ་ཆེའི་ཕུག་པའི་རྣམ་པ་ཤིན་ཏུ་རྒྱ་ཆེ་བ། བྲག་གསེབ་ནས་ཨཱ་ལི་ཀཱ་ལིའི་རང་སྒྲ་སྒྲོགས་ཤིང༌། མཁའ་གྲོ་མང་པོས་གར་སྟབས་ཤིག་ཤིག་བྱེད་པའི་དབུས་སུ། ཟ་འོག་འབོལ་བརྩེགས་ཀྱི་ཁར། སྐྱབས་མགོན་ཆོས་ཀྱི་རྒྱལ་པོ་དེ་ཉིད། གུ་རུ་ཟ་ཧོར་མའི་ཆ་བྱད་ཀྱིས་བཞུགས་འདུག་པར། ང་རང་གིས་བཅོས་མིན་གྱི་དད་པ་གཏིང་ནས་སྐྱེས་ཤིང་སྐྱབས་མགོན་ཆོས་ཀྱི་རྒྱ་པོ་ཁྱེད་མཁྱེན། མ་དག་པའི་ལུས་ངན་དེ་ལས་བསྒྲལ་ནས་དག་པའི་ཞིང་ཁམས་འདིར། ཉིད་དང་མཇལ་བ་ངོ་མཚར་ཆེ། ཐུགས་རྗེས་བཟུང་དུ་གསོལ། བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཞུས་པས། སྤྱན་འབྲུ་ཚུགས་སུ་བདག་ལ་གཟིགས་ནས། དང་པོར་མ་མཁྱེན་པའི་ཚུལ་གྱིས་ཁྱེད་འདི་གར་གང་ནས་སླེབས་པ་ཡིན་གསུངས། སྔར་གྱི་ལོ་རྒྱུས་རྣམས་ཞིབ་བར་ཞུས་པས། ངས་ཁྱོད་བསད་པ་ཡང་མེད། དམྱལ་བའི་གནས་སུ་ཡང་ང་མེད་དོ་གསུངས། ཡང་ཞུ་མ་ནུས་པར་དར་ཅིག་ལུས། ཡང་ཞལ་འཛུམ་པ་དང་བཅས། ཁྱོད་བག་ཆགས་དང་ལས་ཀྱི་སྒྲིབ་པས་ཆེར་མ་གོས་ཤིང༌། རང་གི་བླ་མ་ལ་མོས་གུས་ཀྱི་གདེངས་ཚུགས་པ་ཞིག་འདུག་པ་ལེགས། བླ་མས་བསད་གཏུབ་ཀྱི་སྣང་བ་ཤར་བ་ནི། །ཐེ་ཚོ་མ་དང་ལོག་ལྟ་ཡོད་མེད་ཀྱི་ཉམས་བརྟགས་པ་དང༌། འཁོར་བའི་འཛིན་ཞེན་བསྒྲལ་བའོ། །དམྱལ་བའི་གནས་སུ་ལན་ཅིག་སླེབ་པ་ནི། །འཁོར་བའི་ཉེས་དམིགས་སྟོན་ཕྱིར་རོ། །ཆོས་ཀྱི་རྒྱལ་པོ་བླ་མར་མཐོང་བ་ནི། སྔོན་གོམས་བག་ཆགས་བློ་མིག་དག་པའོ། །ང་ནི་བླ་མ་བླ་མ་ང༌། ཐམས་ཅད་ང་ཡི་སྤྲུལ་བསྒྱུར་ཏེ། །ང་མཐོང་སངས་རྒྱས་ཀུན་མཐོང་ངོ༌། །བུམ་པའི་དབང་གིས་རྒྱུད་སྨིན་ཞིང༌། །མི་རྟག་འཆི་བས་རྒྱུད་བསྐུལ་ནས། །བླ་མར་མོས་གུས་གདེངས་ཚུགས་པ། །ད་དུང་རང་གྲོལ་གཉུག་མའི་གཤིས། །འཕོ་མེད་བཙན་ས་མ་ཟིན་བར། །བདུད་ཀྱི་འཇུག་སྒོ་གྲངས་མང་བས། །ང་ལ་རྩེ་གཅིག་གསོལ་བ་ཐོབ། །གདུག་པ་གླང་དང་ཞེ་སྡང་སྦྲུལ། །ཚེ་ཆོས་བར་ཆད་བརྩམས་གྱུར་ཀྱང༌། །སྔགས་ཀྱི་སྲུང་མས་སྐྱོབ་པར་ངེས། །འདི་ནི་རྨི་ལམ་སྣང་བ་སྟེ། །མྱུར་དུ་རང་གི་གནས་སུ་སོང༌། །འབྲེལ་ཚད་དོན་དང་ལྡན་པར་ཤོག །ཅེས་གསུང་ཞིང༌། ཕྱག་གཡས་གསེར་གྱི་རྡོ་རྗེ་དང་བཅས་སྤྱི་བོར་བཞག་ཅིང༌། བུད་མེད་དཀར་མོ་ཞིག་གིས་ཐོད་པའི་བདུད་རྩི་ཧུབ་གསུམ་བླུད། ཀུན་གྱིས་ཐོད་ཕྲེང་རྩལ་གྱི་འཛབ་དབྱངས་སྒྲོགས་པ་དང༌། ཆབ་གཅིག་ང་རང་ཕྱིར་ཐོན་སྔར་གྱི་སྒོ་ཆེན་འགྲམ་དེར་སླེབས་འདུག་པ། སྔར་གྱི་བུད་མེད་དམར་མོ་དེས་ཁྱོད་གུ་རུ་སྣང་སྲིད་ཟིལ་གནོན་དང་མཇལ་ནས་བྱིན་རླབས་ཐོབ་པ་ཡིན། གཡོན་ཕྱོགས་དེར་སྐས་ཞིག་འདུག་པ་འདིར། །གུ་རུ་པདྨ་རྒྱལ་བོའི་བཞུགས་གནས་ཡོད། གུ་རུ་སྤྲུལ་པ་དགུ་ཡིས་སེམས་ཅན་གྱི་དོན་མཛད་ཅིང༌། སྤྲུལ་པ་རྣམ་གསུམ་གཅིག་བསྡུས་བོད་དུ་བྱོན། །པདྨ་སམྦྷ་ཞིང་ཁམས་ཀུན་དུ་ཉུལ། སྤྲུལ་པ་ལྔ་ཡིས་གནས་འདིར་དོན་མཛད་ཅིང༌། བོད་ལ་ཐུགས་རྗེས་རྒྱུན་ཆད་མེད་པར་གཟིགས། །ད་དུང་མ་འོངས་དུས་ལ་མ་བབ་པར། །སྦྱངས་པའི་ཡོན་ཏན་མཐའ་རུ་ཕྱིན་པར་གྱིས། །ཞེས་གསུངས་ཞིང༌། རྒོད་ཐང་དཀར་གཉིས་ཀྱི་གཤོག་སྟེང་དུ་ང་རང་བཞག་ནས། རང་གནས་སུ་བསྐྱལ། །དེར་རྨིས་སད་པས་བླ་མ་འདི་ཨོ་རྒྱན་ཆེན་པོ་དངོས་སུ་འདུག་སྙམས་པའི་མོས་གུས་ལྷག་པར་སྐྱེས། འཕྲལ་དུ་ཞུ་མ་ནུས་ཀྱང་ཞག་གསུམ་ཙམ་ནས་རྨི་ལམ་རྣམས་ཞུས་པས། ལར་ནི་རྨི་ལམ་འཁྲུལ་པ་ལ་ཚོགས་འོང༌། དེའི་ནང་ནས་བྱིས་པ་རྩ་རིག་དྭངས་པ་རྣམས་ཀྱི་རྨི་ལམ་ནི་བརྟག་དཔྱད་མེད་གསུང་ཞིང་དར་ཅིག་བཞུགས། གང་ལྟར་ཡང་གཞན་ལ་མ་སྨ། ཡིད་དུ་ཟུངས་ལ་མ་བརྗེད་པར་གྱིས་ཤིག་གསུངས། དེ་ནས་ཁྱི་ལོ་གསར་ཚེས་ལ་ཞི་ཁྲོ་དགོངས་པ་རང་གྲོལ་ལ་བརྟེན་པའི་བདུད་རྩི་སྨན་གྱི་སྒྲུབ་པ་ཟླ་བ་གཅིག་གི་བར། རྗེ་བླ་མ་རྡོ་རྗེ་རྒྱལ་པོ་བཞུགས་ནས། སློབ་བུ་དམ་ཚིག་དང་ལྡན་པ་ལྔ་བཅུ་ཙམ་གྱིས་སྒྲུབ་ཅིང༌། ང་རང་ཡང་དེའི་གྲལ་དུ་བསྡད། ངོ་མཚར་པའི་རྟགས་མཚན་ཡང་དཔག་ཏུ་མེད་པར་མཐོང༌། སྨན་སྒྲུབ་གྲོལ་ནས། ཀུན་མཁྱེན་རྣམ་གཉིས་བཀའ་འབུམ་དང༌། །སྔར་གྱི་དབང་ལུང་ཐོབ་པ་རྣམས་ཀྱི་སྨོན་ལམ་གཏད་རྒྱ་བཅས་གནང༌། ང་རང་ཡང་སྡེ་དགེར་འོང་དགོས་ཀྱི་གསུང་ཤོག་འབྱོར་བ་སྐྱབས་མགོན་ཐམས་ཅད་མཁྱེན་པས་དེ་ལྟར་ཆོག་པའི་བཀའ་ཕེབས་ལྟར། མདུན་སྐོར་ཀཿཐོགརིན་ཆེན་རྣམ་རྒྱལ་ཞེས་པ་དཔོན་གཡོག་སུམ་ཅུ་ཙམ་བསུ་བར་སླེབས། ཡར་ཐེག་ཁར་སྐྱབས་མགོན་བླ་མས། སྡེ་དགེའི་བཞེད་དོན་རྫོགས་ནས་རྫ་ཆུའི་རྒྱུད་དུ་གདུལ་བྱ་ཞིག་བྱས་ནས། ཕར་ལོ་ལྷ་ལྡན་དུ་འབུལ་སྐྱེས་དང་བསྒྲགས་ལན་གཅིག་འགྲོ་དགོས་ཀྱི་བཀའ་ཕེབས། དེ་ནས་ང་རང་དང་རྗེ་བླ་མའི་ཉེར་གནས་ཆོས་གྲོགས་དགེ་རྒ་བླ་མཆན་བསྒྲགས་མ་བྱས་པའི་གཙོས། གྲ་འཁོར་མང་ཙམ་བཅས་ཡར་ཐེག །ལམ་བར་དུ་ཞེ་ཆེན་རབ་འབྱམས་སྤྲུལ་པའི་སྐུར་ཁྲི་སྟོན་ཕུལ། གདན་ཚབ་ལ་བྱང་གཏེར་ཐུགས་སྒྲུབ་རྣམ་གསུམ་གྱི་དབང་ལུང་ཞུས། སྡེ་དགེར་སླེབ་ཅིང་བཀུར་སྟི་སོགས་རྒྱ་ཆེན་མཛད་ཅིང༌། ཀློང་སྙིང་གི་དབང་ཚང་མ་ཕུལ་དགོས་བྱུང༌། ལྕང་རའི་བུམ་སྒྲུབ་ཆེན་པོའི་རྡོ་རྗེ་སློབ་དཔོན་བྱེད་དགོས་གསུངས་པ་ལྟར་བྱས། ནོར་རྫས་ཀྱི་འབུལ་བ་སོགས་གྱ་ནོམ་པ་གནང༌། །རྫ་རྒྱུད་ཕྱོགས་སུ་རྙེད་ཚོལ་དུ་ཕྱིན། ཀུན་མཁྱེན་གོང་མའི་དངོས་སློབ་མཆོག་གྱུར་འཇིགས་མེད་རྒྱལ་བའི་མྱུ་གུ། འཇིགས་མེད་ངོ་མཚར་གཙོས་ཁ་ཤས་དང་འཕྲད། གོང་མའི་མཚན་གྱི་ཅོད་པན་བཟུང་བས་དངོས་རྫས་ཀྱང་དཔག་མེད་བྱུང༌། སླར་རང་གནས་སྐྱབས་རྗེ་བླ་མའི་དྲུང་དུ་ལྡོག་ཐུགས་དགྱེས་པར་མཛད་ཅིང༌། དགུན་དཔྱིད་འདིར་སློབ་སྦྱངས་ལ་ནན་ཏན་གྱིས། མཐུན་རྐྱེན་ཡོ་བྱད་ཀྱང་མི་དམན་པར་འདུག་པས། སང་དབྱར་ཐོག་ཏུ་ཅིས་ཀྱང་ལྷ་ལྡན་དུ་འགྲོ་དགོས། རྗེས་དུས་དབང་གིས་ཇི་ལྟར་འགྱུར་ཤེས་དཀའ་གསུངས། དེ་ནས་ང་རང་ལ་ཡོན་ཏན་རིན་པོ་ཆེའི་མཛོད་འགྲེལ་བཤད་ཀྱི་ཁྲིད་གནང༌། །སློབ་བུ་ཁ་ཤས་ལ་དྭགས་པོའི་ཐར་རྒྱན་དང༌། རྫོགས་ཆེན་གྱི་དོན་ཁྲིད་ཡེ་ཤེས་བླ་མ་གནང་སོང་བ་དེའི་གྲས་སུའང་བསྡད། སྐབས་ཤིག་ཏུ་ཉང་ལུགས་གུ་རུ་དྲག་པོ་རྟ་ནག་ཕག་མོའི་དབང་ལུང་སོགས་གནང་སོང་བར། ཕག་མོའི་དབང་གི་ཚེ་ངེད་ཅག་ཁ་ཤས་ལ། ཡེ་ཤེས་བྱིན་དབབ་ཀྱི་རྟགས་མངོན་དུ་གྱུར་ནས་སང་སྐྲི་ཏའི་སྐད་དང༌། ལུས་ནམ་མཁར་འཕུར་པ་ཉིན་ཞག་ཕྲུག་ཅིག་ཏུ་བརྗོད་བྲལ་གྱི་ངང་དུ་འབྱམས་ཀླས་པ་སོགས་བྱུང་བར། ཕྱིའི་ནང་པར་རང་རང་དང་འཚམས་པའི་ངོ་སྤྲོད་གནང༌། དེར་ཞག་བརྒྱ་དང་ལྔ་བཅུ་ཙམ་ནས་ཡོན་ཏན་མཛོད་ཀྱི་འགྲེལ་བཤད་མཐར་ཕྱིན། ང་རང་གཅིག་པུར་དྲང་སྲོང་ལོཀྟྲིའི་དབང་རིག་གཏད་ཆོས་ཚན་གྱི་ལུང་སོགས་ཞིབ་ཏུ་གནང་ཞིང་ལྷ་ལྡན་དུ་འགྲོ་བ་ལ་དགོས་པ་ཆེན་པོ་ལྔ་ཡོད། ཡར་ལམ་ཁམས་མགྱོས་ར་ཉག་སྤྲུལ་སྐུའི་དྲུང་ནས་རྟ་མགྲིན་གྱི་དབང་དང་ཚེ་དབང་ཞུ་དགོས་པ་དང་གཅིག །བསམ་ཡས་སུ་མཎྜལ་འབུམ་ཐེར་འབུལ་དགོས་པ་དང་གཉིས། མཆིམས་ཕུར་ཞག་བདུན་བར་གུ་རུར་གསོལ་བ་བཏབ་ནས་མཚམས་སྒྲུབ་ཞིག་ལ་འདུག་དགོས་པ་དང་གསུམ། དཀོར་མཛོད་གླིང་དུ་ཅི་ལ་ཐུགས་ཀྱང་གཉན་ས་ཆོད་པ་ཞིག་བྱེད་དགོས་པ་དང་བཞི། ལྕགས་ཟམ་ཆུ་བོ་རིར་གནས་འབྲེལ་དམ་པོ་ཞིག་བྱེད་དགོས་པ་དང་ལྔ་འདི་གལ་ཆེ། །གཞན་ཡང་ཕྱི་ནང་གསང་གསུམ་གྱི་བསླབ་སྒོ་མང་དུ་མཛད། ལོ་ཕྱེད་གཉིས་ཙམ་ལམ་ཡུན་རིང་འགོར་ན། ཁོ་བོ་ཡང་བགྲང་བྱ་མང་པས་འཕྲད་པར་དཀའ། འཇིག་རྟེན་ལུགས་ཀྱི་བྱ་སྤྱོད་ཀུན། །ཆོས་གྲགས་ལ་བསྒོ་བ་བྱེད་པ་ཡིན། སྲིང་མོ་ཡང་ཁྱོད་རང་དང་མཉམ་དུ་ལྷ་ལྡན་དུ་འགྲོ་རྒྱུ་ཞིག་བྱུང་ན། ཁྱོད་རང་གི་དོན་ལ་ལེགས་ཀྱང༌། ཁྱེད་གཉིས་མར་མི་སླེབས་པ་འདྲ་བས་བཤོལ་ན་ལེགས་སོགས་གསུངས། དེ་ནས་ངེད་ཅག་ལྷ་ལྡན་དུ་འགྲོ་མཁན་མི་འགོ་ལྔ་བཅུ་ཙམ་ཡོད་པ་ལ་དབང་དང་བྱིན་རླབས་ཐུགས་གཏད་སྨོན་ལམ་གྱིས་མཐའ་བརྒྱན་པ་མཛད་ནས། ཕག་ལོར་ཟླ་༤ཚེས་༣ཉིན་སྐྱབས་རྗེའི་དྲུང་ནས་ལམ་དུ་ཞུགས། རྗེ་བཙུན་དམ་པ་གང་ཉིད་ཀྱང་ཁང་སྟེང་དུ་བྱོན་ནས། དར་དཀར་གྱི་ཡུག་དང་ཆོས་སྐྱོང་ལ་འཕྲིན་བཅོལ་སོགས་མཛད། རྗེ་དཔོན་དམ་ཆོས་ཀྱི་གཙོས་རྟ་པ་ཆ་ཤས་ཉིན་གཅིག་བར་སྐྱེལ་མ་མཛད། དེ་ནས་ཤུལ་ལམ་རིམ་བགྲོད་ཀྱི་རྫ་ཆུ་ཁར་སླེབས་ཅིང༌། དེར་སྡེ་ཆོས་དགེའི་སྐུ་ཚབས་སྐྱེལ་མ་དང༌། ལྷ་སར་རིམ་བགྲོད་མཁན་རྣམས་སླེབས། དངོས་རྫས་ཀྱི་རྫོངས་པ་དང་ལོ་གཅིག་ལས་ཕར་འགྱངས་མི་ཆོག་པའི་བཀའ་བཀོད་དམ་པོར་གནང་བྱུང༌། དེ་ནས་བླ་མ་མཚམས་པ་འཇིགས་མེད་རྒྱལ་བའི་མྱུ་གུ། གི་ལུང་བླ་མ་ངོ་མཚར་སོགས་རྗེ་གོང་མའི་སློབ་བུ་རྣམས་ནས་ཀྱང་སྐྱེལ་མ་སོགས་མཛད་ཅིང༌། ཕ་རྒན་གཙོས་མགོ་ལོག་གསེར་ཐར་སྡེ་དགེ་བ་སོགས་མི་མགོ་བརྒྱ་ལྷག་ཙམ་བཅས། རྫ་སྟོད་ནས་ཡར་ཐེག །སྒར་ཆེན་གྱི་གནས་བསྐོར་བ་འདི་ཡང་ལྟར་སྣང་དགེ་བ་ཡིན་ཁུལ་ལས། དོན་ལ་རྟ་ཁལ་སོགས་ཀྱི་སྡུག་བསྔལ། ལམ་བར་དུ་ཆགས་སྡང་རྨོངས་གསུམ། ཚོང་དང་སྲོག་གཅོད་སོགས་སྡིག་པ་ཁོ་ནར་འབད་ཅིང་ངན་སོང་གི་རྒྱུ་ལས་མི་འདུག་པས་ཨ་ཙ་མ། དེ་ནས་རང་གི་ནུས་པ་ཡོད་ཚོད་ཀྱིས་རི་དྭགས་མི་གསོད་བ་དང༌། ལམ་བར་དུ་རྐུན་མ་མི་བྱེད་པ་སོགས་ཀྱིས་ཆོས་ཁྲིམས་བསྡམས་ཁུལ་བྱས་ཀྱང༌། བྱིས་པའི་ཁར་ཉན་མཁན་བྲལ་བས་ཐོག་ཁེལ་མ་བྱུང༌། ཞག་ཤས་ན་འབྲི་ཆུའི་རྫ་བར་གྲུ་ཁར་སླེབས། སྒར་གཞི་ཆེ་བས་ཞག་ཤས་ཀོ་གྲུར་བགྲོད་པར་དཀའ་ཕྱིར་འགོར་སོང་བ། སྨད་ཕྱོགས་མིག་གིས་མཐོང་ཡུལ་ཙམ་དུ་སྒར་པ་ཞིག་འདུག་པ་ཁོང་རྣམས་ནས་སུ་ཡིན་རྩར་གཅོད་སོང་བས། ཁམས་མགྱོགས་ར་ཉག་གི་སྒར་རེད་ཟེར་བར་སྔར་སྐྱབས་མགོན་ཆོས་གྱི་རྒྱལ་པོའི་བཀའ་བཀོད་ལྟར་ངེད་ཅག་ལོག་ལྟ་མེད་ཁུལ་བླ་མཆན་ཆོས་གྲགས་ཀྱིས་བསལ་ཏེ་དཔོན་གཡོག་ལྔ་ཙམ་མཇལ་དུ་སོང༌། ཞབས་དྲུང་སླེབས་པར་ཁོང་གྲུབ་ཆས་ཤ་སྟག་མཛད་འདུག་པས། དེ་དུས་རང་ཡང་རབ་བྱུང་ཚད་ལྡན་ཡིན་ཁུལ་ལགས་པས། གྲུབ་པའི་དབང་པོའི་མཛད་པ་བློར་མ་ཆུད་པས་སེམས་ལ་ལོག་ལྟ་ཡང་དཔག་མེད་བྱུང༌། དྲུང་དུ་སླེབས་མ་ཐག་ཐོག་མར་བཀའ་བཀྱོན་དྲག་པོས་ཚར་བཅད། རྟ་མགྲིན་གྱི་དབང་ཞུས་པས་མེ་མདའ་ཟངས་རྡིལ་ཅན་ང་རང་གིས་སྙིང་ཁར་གཏད་དེ་བརྡེགས་བྱུང་བར་གནོད་པ་བྲལ་ཞེང་ཟངས་རྡིལ་ལ་རྟ་མགྲིན་གྱི་སྐུ་རང་བྱོན་དུ་དོད་འདུག །ཚེ་དབང་ཞུས་པས་ཞལ་དུད་གསོལ་ཞིང་ཕྱག་སོར་ནས་དུད་པ་ཕྱུངས་པ་དང༌། དཀར་ཡོལ་ནང་ཞལ་ཆབ་ཕྲན་བུ་ཞིག་གནང་བ་བདུད་རྩིས་མེར་གྱིས་གང་བ་སོགས་ངོ་མཚར་བའི་གྲུབ་རྟགས་དཔག་ཏུ་མེད་པ་མཛད་པས། རྨོངས་པ་བདག་ཀྱང་འགྱོད་པ་གཏིང་ནས་སྐྱེས་ཤིང༌། ཕྱིར་མི་ལྡོག་བའི་དད་པ་གཏིང་ཚུགས་པ་ཞིག་སྐྱེས། སླར་ཞལ་གདམས་ལུང་བསྟན་བཀའ་བཀོད་སོགས་གནང་ཞིང༌། ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང༌༑ བཀྲ་ཤིས་སྨོན་ལམ་གྱིས་མཐའ་བརྒྱན་པར་མཛད་བྱུང༌། དེ་ནས་ངེད་ཅག་ཀུན་སྒར་ཐོག་ཏུ་ལོག་ཅིང༌། འབྲི་ཆུའི་གྲུར་དོན་ནས་ལམ་དུ་ཞུགས། ཟླ་བ་གཅིག་དང་ཞག་བཅོ་ལྔ་ཙམ་ནས་ནག་ཤོད་དགོན་གསར་ཞེས་པའི་ནག་ཆུ་ཁར་སླེབས། དེའི་ནུབ་རྨི་ལམ་ན་ཁམས་སྲིན་མོ་རྫོངས་ནས་འོང་བ་ཡིན་ཟེར་བའི་བུད་མེད་ཆ་ལུགས་མི་འདྲ་བ་བདུན་བྱུང་ནས་གཏེར་སྟོན་ཆེན་པོ་ཁྱོད་ཁམས་སྲིན་མོ་རྫོངས་སུ་ལན་གཅིག་བྱོན་པའི་རྟེན་འབྲེལ་ཡོད་གསུངས་འདུག་ཅིང༌། ཁར་སང་ཚེས་བཅུའི་དུས་སོ་ས་གླིང་དུ་དཔའ་བོ་མཁའ་འགྲོའི་ཚོགས་འཁོར་མཛད་དུས་ཌཱ་ཀིའི་གཙོ་མོས་ད་དུང་མི་ལོ་ང་བདུན་བར་དུས་ལ་མ་བབ་གསུངས་པས་ངེད་ཅག་རྣམས་ཉིད་དང་ལན་གཅིག་འཕྲད་པར་འོང་བ་ཡིན་ཟེར་ནས་དབྱངས་སྙན་པོས་ཞབས་བརྟན་སྨོན་ཚིག་འགའ་ཞིག་བརྗོད་སོང་ཀྱང་བློར་མ་ངེས། ཞག་ཤས་སོང་བར་འབྲི་གུང་པའི་བསུ་མ་སླེབས། སྡེ་དགེ་བ་སོགས་ཁམས་པ་རྣམས་གདུག་རྩུབ་ཆེ་བས་མི་སེར་ལ་བཙན་བཙུག་ཤ་སྟག་བྱེད་པར་བླ་ཆེན་གྱི་གོ་ས་འཛིན་ལ་སྐྱོ་བ་དབང་མེད་སྐྱེས། མཐིལ་གྱི་དགོན་པར་སླེབ། ཕྱག་མཆོད་སོགས་བྱས་ཤིང་དུར་ཁྲོད་དུ་སོང་བར་བུད་མེད་ཀྱི་རོ་ཞིག་སླེབས་འདུག །གཅོད་དང་མཁའ་འགྲོའི་ཚོགས་འཁོར་སོགས་བྱས་ཤིང༌། བོད་ཀྱི་སྒྲུབ་གནས་མཇལ་བའི་ཐོག་མ་ཡིན་པས་རྟེན་འབྲེལ་བཟང་པོར་མཐོང༌། དེ་ནས་རྫོང་གསར་དུ་སླེབས། འབྲི་གུང་ཞབས་དྲུང་རིན་པོ་ཆེ་དང་རྒྱལ་སྲས་རྣམ་གཉིས་དང་མཇལ། ཞབས་བརྟན་འབུལ་བ་སོགས་མི་དམན་ཙམ་ཕུལ། དབང་དང་བྱིན་རླབས་སོགས་ཞུས་ནས་ལྷ་ལྡན་དུ་ཕྱིན། བསྟན་རྒྱས་གླིང་དུ་རྒྱལ་ཚབས་དེ་མོ་རིན་པོ་ཆེ་དང༌། ཀུན་མཁྱེན་གོང་མའི་སློབ་བུ་ཀློང་ཆེན་རོལ་པ་རྩལ་བཞུགས་འདུག་པ་གཉིས་དང་མཇལ། རྒྱལ་ཚབ་རིན་པོ་ཆེས་འགོ་འདྲེན་སོགས་བླ་ན་མེད་པ་གནང་ཞིང༌། ཇོ་ཤཱཀ་རྣམ་གསུམ་གཙོས་རྟེན་དང་བརྟེན་པར་བཅས་ལ་སྟོང་མཆོད་ཆེན་མོ་དང་གསེར་ཆབ་སོགས་ཕུལ་ཞིང་མཇལ་ཕྱག་བསྐོར་བ་སོགས་ཅུང་ཟད་བྱས། །ཀློང་ཆེན་རོལ་པ་རྩལ་གྱི་ཕུར་པ་འབུམ་ནག །རྫོགས་ཆེན་དགོངས་པ་ཟང་ཐལ། ཕག་མོ་ཟབ་རྒྱ་སོགས་ཀྱི་དབང་ལུང་དང༌། གཉན་ཁྲོད་འགྲིམ་པའི་ཞལ་ཁྲིད་སོགས་གནང༌། དབུས་རིར་བར་བསྐོར་ལ་ཕྱིན། ཟུར་མཁར་ཐེག་ཆེན་གླིང་གི་རྒྱལ་སྲས་དང་མཇལ། ལབ་ཀྱི་གཏེར་བྱོན་གྱི་ཚེ་དབང༌། རྟ་མགྲིན། ཕུར་པ་དྲེགས་འདུལ་གནམ་ལྕགས་འཁོར་ལོའི་དབང་ལུང་བཅས་ཐོབ། ངོ་མཚར་རྡོ་ཡི་མཆོད་རྟེན་རྣམས་མཇལ་ཞིང་བསམ་ཡས་སུ་སླེབ། དབུ་རྩེ་རིམ་གསུམ་གཙོས་ལྷ་ཁང་ཀུན་ཏུ་ཕྱག་མཇལ་སྟོང་མཆོད་སོགས་ཕུལ། བྱང་ཆུབ་ཆེན་པོའི་དྲུང་དུ་མན↓ ལ་འབུམ་ཐེར་རྗེ་བླ་མའི་བཀའ་བཞིན་བསྒྲུབས། །བར་ཁང་གཡུ་ཞལ་འབར་བར་ཞག་བདུན་ཕྲག་ཙམ་དུ་གུ་རུའི་གསོལ་འདེབས་ཁོ་ནར་འབད་ཅིང་བསྡད། སྔོན་ཚེ་གུ་རུ་ཡབ་ཡུམ་གྱིས་རྗེ་འབངས་སྐལ་བ་དང་ལྡན་པ་རྣམས་ལ། ཟབ་པ་དང་རྒྱ་ཆེ་བའི་སྨིན་གྲོལ་གྱི་གདམས་པ་གནང་བ་རྣམས། ཡིད་ཡུལ་དུ་ལྷང་ལྷང་ལ་དྲན་ཚེ་ཡིད་སྐྱོ་ཞིང༌། མོས་གུས་མཆི་མ་འཁྲུགས་པ་ཙམ་བྱུང༌། ནུབ་གཅིག་དཀར་ཆས་ཅན་གྱི་བླ་མ་རལ་བ་ཐོར་ཚུགས་ཁྲུ་གང་ཙམ་བཅིངས་ཤིང་འཇིགས་སུ་རུང་བ། ཕྱག་ན་ཐོད་པའི་ཌ་མ་རུ་དང་དྲིལ་བུ་འཁྲོལ་བ་ཞིག་ཁྲོབ་སིལ་གྱིས་སྦྱོན། གར་སྟབས་དང་རྣམ་འགྱུར་དུ་མ་སྟོན་ཞིང༌། ད་ལྟ་རྔ་ཡབ་དཔལ་རིའི་རྩེ་མོ་ནས། །ལོངས་སྐུའི་སྟོན་པ་དྲི་མ་མེད་པ་ཡིས། །ལས་ཅན་དག་པའི་འཁོར་ལ་ཆོས་སྟོན་མཛད། །འདི་ནས་མི་ལོ་ཉི་ཤུ་འདས་པའི་དུས། །ལོ་བདུན་བར་དུ་སྲིན་གླིང་གནས་བརྒྱད་དུ། །སྦྱོར་སྒྲོལ་གསང་བ་མཆོག་གི་ཆོས་སྟོན་ཞིང༌། །དེ་ནས་རི་བོ་ཀུན་འདུས་རྩེ་མོ་ནས། །དྲང་སྲོངསྐུར་བཞེངས་དྲི་མེད་འོད་ཟེར་སོགས། །འབུམ་ཕྲག་འཁོར་ལ་རྫོགས་པ་ཆེན་པོ་སྟོན། །སྨོན་ལམ་སྟོབས་ཀྱིས་བྱིན་རླབས་སྤྲུལ་པའི་སྐུ། །བྱོན་ནས་མདོ་ཁམས་སྨད་དུ་ཆོས་ཆར་འབེབས། །དེ་ཚེ་སྐལ་ལྡན་ཁྱོད་ནི་ཆོས་སྐུར་གྲོལ། །དགོངས་གཏེར་ནམ་མཁའ་མཛོད་ཀྱི་གསང་མཛོད་ལ། །དབང་བསྒྱུར་དོན་གཉིས་ལྷུན་གྱི་གྲུབ་པར་ངེས། །ཁོ་བོའི་སྐུ་ཡི་སྤྲུལ་པ་ཌཱ་ཀི་མ། ལུས་མེད་མཁའ་འགྲོའི་ཆོས་སྐོར་གཉེར་ཁ་འཛིན། །བདག་ཀྱང་སྤྲུལ་པ་སྤྲུལ་གཞི་རོ་གཅིག་འདྲེས། །ཁྱོད་ཀྱི་ཞབས་ཏོག་མཐའ་རུ་ཕྱིན་པར་ངེས། །སྐལ་ངན་བདུད་ཀྱི་གཡོ་འཕྲུལ་མཐུ་ཆེ་བས། །སྐབས་འགར་བསླུ་བྲིད་དབང་དུ་འགྱུར་ཡང་སྲིད། །འོན་ཀྱང་སྔོན་གྱི་སྨོན་ལམ་རྣམ་དག་མཐུས། །མཐའ་གཅིག་དཀར་པོའི་ལམ་དུ་འགྱུར་ཡང་སྲིད། །ཅེས་ཟེར་ཞིང་མི་སྣང་བར་གྱུར། དེའི་ཕྱི་ནུབ་བུད་མེད་ཞིག་བྱུང་ནས། །ཁྱེད་སྟེང་དུ་ཤོག་གསུངས་ཟེར། ལག་པ་ལ་འཇུས་ཤིང་ཁྲིད་སོང་བས་སྟེང་ཁང་རྣམ་སྣང་མི་བཞི་རྒྱབ་སྤྲད་ཀྱི་མདུན་དེར་སླེབས། སྐུ་རྣམས་ཀྱིས་མགྲིན་གཅིག་ཏུ། །ཨ་ཧོ་ཡེ། རིག་དང་མ་རིག་ཆོ་འཕྲུལ་ལས། འཁོར་འདས་གཉིས་སུ་རྒྱབ་གྱེས་བ། །རྣམ་བར་རྟོག་པའི་འཁྲུལ་སྣང་ལས། །འགྲོ་བ་རིགས་དྲུག་ཅེས་སུ་གྲུབ། །དག་པ་སྐུ་བཞིའི་སྣང་ངོ་རུ། །སྐུ་གསུམ་ཞིང་ལས་གཞན་དུ་དབེན། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །འགྲོ་བའི་བདེ་སྡུག་མཐོང་བའི་ཚེ། བྱ་གྲུབ་ཡེ་ཤེས་རྩལ་ཤུགས་ལས། ཁམས་དང་དབང་པོ་མཐུན་སྣང་ཤར། །འོན་ཀྱང་དག་དང་མ་དག་དང༌། །དད་དང་ལོག་ལྟ་བྱེ་བྲག་འབྱེད། ཁྱེད་རང་འགྲོ་བའི་དོན་སྤྱོད་ན། །རང་དོན་ཡས་སུ་བོར་བར་གྱིས། །ནམ་མཁའ་ལྟ་བུའི་ཏིང་འཛིན་དང༌། །སྒྱུ་མ་ལྟ་བུའི་ཏིང་འཛིན་དང༌། །དཔའ་བར་འགྲོ་བའི་ཏིང་འཛིན་དང༌། །ཁྱབ་གདལ་ཆེན་པོའི་ཏིང་འཛིན་དང༌། །མཁའ་ཀློང་ཡངས་པའི་ཏིང་འཛིན་ལྔ། །ས་ལམ་བབས་དང་བསྟུན་པར་མཛོད། །དེར་གནས་ཆོས་སྐུའི་གཏན་སྲིད་ཟིན། །བརྟུལ་ཞུགས་ཨ་ཙར་དམར་པོ་ཁྱོད། །རང་གི་བྱ་སྤྱོད་ངོམས་པ་ལ། །ཐེ་ཚོམ་སྒྲོགས་ལས་གྲོལ་བར་མཛོད། །རིན་ཆེན་ཤེལ་གྱི་ཤོག་དྲིལ་བདུན། །ལུས་མེད་མཁའ་འགྲོའི་ལག་ཏུ་སྤྲོད། །དགོས་པའི་དུས་སུ་ཁྱོད་ཀྱིས་ལོངས། །གཏེར་གྱི་སྙིང་པོ་དགོངས་པའི་གཏེར། ཌཱ་ཀིའི་གསང་མཛོད་ཆེན་མོ་ལ། །ལོངས་སུ་སྤྱོད་པ་ཁྱོད་ཉིད་དོ། །ཚེ་འཕྲང་བདུན་ལ་ཌཱ་ཀིའི་མཐུས། །གྲོལ་ནས་དཔེ་བྱད་གྲངས་ཡན་བཟུང༌། །སྐྱེ་འཆི་གཉིས་ལ་རང་དབང་བསྒྱུར། །སྐལ་ལྡན་དག་ལ་རག་ལས་སོ། །ཚེ་འཕོས་རྒྱ་གར་ཟངས་གླིང་དུ། །སྦྱོར་སྒྲོལ་གསང་སྔགས་བསྟན་པ་ནི། །མི་ལོ་བདུན་ཅུའི་བར་དུ་སྤེལ། །དེ་ནས་དཔལ་རིའི་རྩེ་མོར་གཤེགས། །བོད་ཀྱི་སྐྱེ་མཐའ་དེ་ཙམ་མོ། །ཞེས་གསུང་ཞིང་མུན་སྒྲོན་ནས་ཤེལ་གྱི་ཤོག་དྲིལ་བདུན་ཕྱུངས་ནས། ང་རང་གི་སྤྱི་བོར་དབང་བསྐུར། སླར་མདུན་གྱི་ནམ་མཁའ་ལ་བུད་མེད་སྔོན་མོ་ཞིག་འདུག་པ་དེ་ལ་གཏད་སོང༌། ཤེལ་དཀར་གྱི་མཆོད་རྟེན་མཁྱུད་གང་ཙམ་པ། ནང་ཀུན་བརྡ་ཡིག་ཕྲ་མོས་ཐེ་ཚོ་དང་ནེ་ཚོར་གང་ནས་འདུག་པ་ཞིག་རང་གི་སྤྱི་བོར་བཞག་ནས། ཀ་ཡ་ཝཀྐ་ཙིཏྟ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་གསུངས་པ་དང་ཆབ་གཅིག་མཆོད་རྟེན་དེ་ང་རང་གི་སྤྱི་བོ་ནས་མར་ཞུགས་ནས་སྙིང་དབུས་སུ་གནས་པའི་ཉམས་བྱུང་བར། སླར་ཕྱག་སྤྱི་བོར་བཞག་ནས། མི་ལོ་ཉེར་གཅིག་བར་དུ་གུ་ཧྱཿ ཁ་ཐཾ་རྒྱཿ སྤིར་གྱི་ཁ་བཞིན་སྡོམས་ལ་རླུང་ཕྱོགས་ཙམ་ཡང་མ་སྒྲོགས་ཤིག་གསུངས། །ང་རང་གི་སྔར་གྱི་ལམ་ཁྲིད་བུད་མེད་དེ་ལ། རྣམ་པར་སྣང་མཛད་སྐུ་གཅིག་ལས་མི་འདུག་གསུང་འབྱོན་པར་རེ་དགའ། ཨོ་རྒྱན་ཆེན་པོའི་ཐུགས་རྗེས་ཡིན་ལས་ཆེ་སྨྲས་པས། བུད་མེད་དེས་ན་རེ། ཁྱོད་ནི་མངལ་གྱི་སྒྲིབ་པས་འདི་འདྲ་འོང་བ་ག་ལ་སྲིད། །རྣམ་པར་སྣང་མཛད་ལོངས་སྤྱོད་རྫོགས་སྐུ་སྟེ། །མདུན་དང་རྒྱབ་མེད་ཕྱོགས་ཀུན་ཐ་ལེར་གཟིགས། །པད་འབྱུང་ལོངས་སྐུ་ཆེན་པོའི་རྣམ་སྣང་ངོ༌། །ཆུ་སྣོད་ཟླ་གཟུགས་བྱིན་རླབས་ཁྱོད་ལ་ཕོག །ཅེས་ཟེར་ཞིང་བསྐོར་བ་ལ་ཁྲིད་བྱུང༌། སྐུ་གཅིག་པུ་ཕྱོགས་གང་དུ་བལྟས་ཀྱང་མདུན་རྒྱབ་མེད་པར་ཕྱོགས་ཀུན་ཐ་ལེར་གཟིགས་འདུག །བྱང་ཕྱོགས་སུ་སླེབ་དུས་ཞབས་བརྐྱངས་ཤིང༌། ང་རང་གི་སྙིང་གར་གཏད་པས། རིག་པ་སྐྱེ་བ་མེད་པ་ཆོས་ཀྱི་སྐུ། །ཡེ་ཤེས་འགགས་པ་མེད་པ་ལོངས་སྤྱོད་རྫོགས། །རྩལ་སྣང་གནས་པ་མེད་པ་སྤྲུལ་པའི་སྐུ། སྐུ་གསུམ་རང་ལ་གནས་པ་ཤེས་པར་གྱིས། །ཨེ་མ་ཧོ། ཞེས་གསུངས་དེ་ནས་མར་ལོག་ཅིང༌། བར་ཁང་དུ་མལ་སར་སླེབས། ལུས་ལ་བདེ་བ་དང༌། སེམས་ལ་རྟོགས་པ་ཁྱད་པར་ཅན་སྐྱེས་འདུག །དེའི་ངང་ལ་ཨོ་རྒྱན་ཆེན་པོ་དང་བླ་མ་ལ་གསོལ་བ་འདེབས་ཀྱིན་གཉིད་དུ་སོང་བར། ནང་པར་ཉི་མ་འཆར་ཚེ་དཀོན་གཉེར་དབོན་གྱིས་བར་ཁང་གི་སྒོ་མ་ཕྱེས་བར་དུ་གཉིད་མ་སད་འདུག །དེའི་ཉིན་ནས་བཟུང༌། ཕྱིའི་ལོ་ཉེར་གཅིག་མཐར། མེ་སྤྲེལ་ལོར་རྫོགས་ཆེན་མཁའ་འགྲོ་ཡང་ཏིག་གི་དཀྱིལ་འཁོར་ཞལ་མ་ཕྱེས་བར་བརྗེད་པ་ལྟ་བུའི་སེམས་ལ་ཅི་ལྟ་བ་བཞིན་གསལ་བར་མ་བྱུང༌། དེ་ཉིན་ནས་ཞག་བདུན་ཡན་རྫོགས་པར་བར་ཁང་དུ་ཚོགས་ཀྱི་འཁོར་ལོ་ཕུལ། དེ་ནས་ངེད་ཅག་གནས་མཇལ་པ་ཐམས་ཅད་བསམ་ཡས་མཆིམས་ཕུར་ཕྱིན། བྲག་དམར་ཀེའུ་ཚང་དུ་སྡོད་གནས་བྱས་ཤིང་གུ་རུའི་སྐུ་ཚབ་མཐོང་བ་དོན་ལྡན་གྱི་དྲུང་དུ་ཚོགས་བརྒྱ་དང་མཆོད་པ་སོགས་ཕུལ། དཔལ་རི་མཚོ་རྒྱལ་སྤྲུལ་པའི་སྐུ་རིན་པོ་ཆེ་དང་མཇལ། ཐུགས་དགྱེས་པ་ཆེན་པོ་མཛད་ནས། ཁོང་འཕྲལ་དུ་ཕར་དཔལ་རིར་ཕེབས་ཅིང༌། སླར་ངེད་རང་རྣམས་དེར་སླེབས་དུས་དབང་ལུང་སོགས་མཛད་རྒྱུའི་ཞལ་བཞེས་གནང༌། དེའི་སྐུ་ཚབ་དྲུང་དུ་ཞག་གཅིག་ཉལ་བའི་རྨི་ལམ་ན། སྒོ་དྲུང་ནས་བསམ་ཡས་པ་བུད་མེད་ཀྱི་ཆས་ཅན་ཞིག་ཡར་བྱུང༌། དང་པོ་ང་རང་ལ་གུས་གུས་འདྲ་མོ་ཞིག་བྱས། ངས་ཉིད་སུུ་ལགས་སྨྲས་པས། མ་ངོ་མི་ཤེས་བུ་སྡུག་ཅི་ཚུག་བྱེད། །ང་ནི་སྔོན་ཚེ་ཨུ་རྒྱན་ཆེན་པོའི་དྲུང༌། །སྔགས་འཆང་ཧཱུྃ་ཀར་སྲས་མོ་འཛོམ་པ་སྐྱིད། །གུ་རུས་རྗེས་བཟང་དབང་བཞི་ཡོངས་སུ་རྫོགས། །བླ་མ་དགོངས་འདུས་རིག་འཛིན་ཐུགས་ཐིག་དང༌། བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཞལ་ཕྱེས་ཚེ། །སྲོག་སྙིང་ཕུལ་ཞིང་སྨོན་ལམ་དྲག་པོར་བཏབ། །དབང་བསྐུར་དབུགས་དབྱུང་བཀའ་ཡི་སྲུང་མར་བསྐོས། །ཧེ་ཆེན་བརྡུལ་བར་ཚོགས་ཀྱི་རྗེ་མོ་བྱས། །ཌཱཀྐི་ཤ་ཟ་ཁ་མོ་ཆེ་ཞེས་བཏགས། །གསང་བའི་མཚན་ནི་རྡོ་རྗེ་ཀུན་སྐྱོང་མ། །སྤྲུལ་གཞི་བདག་སྟེ་སྤྲུལ་པ་མི་རུ་སྐྱེས། །མ་བུའི་དམ་ཚིག་ཡལ་བར་མི་འདོར་ཏེ། །སྲས་མོའི་སྐུ་ལ་དམེ་ཡུགས་གྲིབ་ཀྱིས་གོས། །སྐབས་འདིར་བོད་དུ་སླེབ་པར་མ་གྱུར་པས། །བོད་ཡུལ་རྟེན་འབྲེལ་འཕྱང་མོ་ཉུག་ཏུ་གྱུར། །འོན་ཀྱང་རྒྱ་གར་སྨོན་ལམ་མཐུ་བཙན་པས། །དགོངས་གཏེར་ནམ་མཁའ་མཛོད་ལ་དབང་བསྒྱུར་ཞིང༌། །ཁམས་ཀྱི་འགྲོ་དོན་མཐའ་རུ་འཁྱོལ་སྲིད་ཀྱང༌། །དམར་རྒྱན་སྤྲུལ་པ་གདུག་བ་གླང་གི་ལོ། །ཁྲོམ་སྐྱིད་སྤྲུལ་པ་སྲོག་འཕྲོག་བྱི་བའི་ལོ། །བདུད་མོའི་སྤྲུལ་པ་ཕུང་བྱེད་ལྟོ་འགྲོའོ་ལོ། །སྨོན་ལམ་ཤུགས་ཀྱིས་བར་ཆད་སྣ་ཚོགས་བརྩམ། །ཚེ་ཆོས་འདུན་མ་རླུང་གིས་ཁྱེར་ལ་ཁད། །བཱི་མ་པད་འབྱུང་ཐུགས་བསྐྱེད་དྲག་པོ་དང༌། །སྔགས་ཀྱི་སྲུང་མས་ལན་བདུན་བར་དུ་སྐྱོབ། །ཐ་མར་གུ་རུ་རང་གནས་སྙོགས་པའི་ཚེ། །དགའ་རབ་དཔའ་བོ་དབྱིངས་ཀྱི་རྗེ་མོ་ཡི། །ཐུགས་བསྐྱེད་སྨོན་ལམ་དུས་སུ་སྨིན་པའི་མཐུས། །བསྟན་པའི་ཉི་མ་བོད་དུ་སླར་འཁོར་ཞིང༌། །ཚེ་ཆོས་འགྲོ་དོན་མཐའ་རུ་འཁྱོལ་བར་ངེས། །འོན་ཀྱང་སྐབས་ཤིག་སྐྱོ་སུན་དྲག་པོ་ཡིས། །ལྭ་བ་པ་ཡི་བརྟུལ་ཞུགས་སྐྱོང་ནུས་ཀྱང༌། །རྒྱ་མཚོའི་གོས་ཅན་འགའ་འགའི་སྤྱོད་པ་ལ། །རྗེས་སུ་ཡི་རངས་བསྐུལ་བའི་བློ་སྐྱེས་ན། །ངེད་ཅག་མ་མོ་མཁའ་འགྲོ་འཁྲུག་པའི་རྒྱུ། །འཇའ་ཚོན་དར་གྱི་ལམ་ནས་འདྲེན་ཡང་སྲིད། །རང་ཉིད་ཤ་ཁྲག་སྦུབས་སུ་ཞུགས་པའི་ཚེ། །དྲང་སྲོང་བཀའ་ལ་གཟུ་ལུམ་རས་ཆོད་དང༌། །ཐེ་ཚོམ་མ་བྱེད་བརྟུལ་ཞུགས་སྤོབས་པ་བསྐྱེད། །དུ་དུང་ཞག་བདུན་བར་དུ་སྒྲུབ་པ་གྱིས། །ཕྱི་ནས་བརྡ་རྟགས་ཇི་བཞིན་གསལ་བར་འོང༌། །ཁོ་མོ་མ་བསྒྲུབ་པར་ཡང་རང་འཁོར་ཞིང༌། །མ་མཆོད་པར་ཡང་འཕྲིན་ལས་ཐོགས་མེད་སྒྲུབ། །ཞེས་ཟེར་ཞིང༌། ཁྲོ་མོ་དམར་ནག་འཇིགས་སུ་རུང་བ་རལ་པ་ཁམ་ནག་ས་ལ་ཉིལ་ཞིང་གཡས་པས་སྤུ་གྲི་འབར་བ་དང་གཡོན་པས་མི་སྙིང་ནད་རྐྱལ་ཐོགས་པ། དར་ནག་གི་བེར་གསོལ་ཞིང་མི་ལྤགས་ཀྱི་གཡང་གཞིས་སྨད་དཀྲིས་པ་ཞིག་ཏུ་གྱུར་ནས། ཧ་ཧའི་གད་རྒྱང་སྒྲོགས་ཤིང་ཕྱིར་དོན་སོང༌། དེ་ནས་གཉིད་སད་ཅིང་ཡར་བལྟས་པས། །སྐུ་ཚབས་མཐོང་བ་དོན་ལྡན་དེ་ཉིད་འཇའ་ཚོན་ཕུང་ངེར་བཞུགས་པའི་སྐུ་ལས་འོད་ཟེར་དཀར་དམར་མཐིང་གསུམ་རང་ལ་ཟུག་པའི་ཉམས་བྱུང༌། བྲག་ཕུག་དེའི་ནང་ཀུན་གཟུགས་མེད་པའི་སྐད་ཤིན་ཏུ་ཕྲ་བ་འགའ་ཞིག་གིས་ཚིག་བདུན་གསོལ་འདེབས་དང་བཛྲ་གུ་རུའི་སྒྲ་དབྱངས་སྒྲོགས་པ་དར་ཅིག་བར་དུ་ཐོས། ནམ་ལངས་དུས་སུ་བྲག་ཕུག་ཕྱིའི་ལྷ་ཁང་ནང་དུ་ཡོད་པའི་གྲྭ་པ་རྣམས་ནས། མདངས་ཁྱེད་ཀྱི་སྐད་སྙན་པོས་མགུར་མང་པོ་བཞེངས་པ་འདྲ་མོ་ཞིག་མཛད་འདུག་པ་དེ་ཅི་ཡིན་ཟེར། ང་ཡིས་མ་ཐོས་སྨྲས་པས། ཆོས་གྲགས་ནས་འོ་གཟིམས་སྣང་ཞབས་ལ་ཡིན་པར་འདུག །མགུར་མ་རེད་བཛྲ་གུ་རུའི་འཛབ་དབྱངས་རེད་ཟེར། དེའི་ཉིནཧཱུཾ་ཆེན་ཕུག་ནས་ཀུན་མཁྱེན་གོང་མའི་སློབ་མ་ཀློང་ཆེན་ཡེ་ཤེས་རྒྱལ་མཚན་ཕེབས་བྱུག་བར། ང་རང་ལ་དབུ་ཞིག་གཏུགས། ཕྱག་གསུམ་གནང༌། ངའི་མདུན་དེར་སྐྱིལ་ཀྲུང་གིས་བཞུགས་ནས་དབང་བཞི་ལེན་པའི་དམིགས་པ་མཛད། གཞན་རྣམས་ཀུན་ལ་གྲུབ་པའི་དབང་ཕྱུག་གི་བརྟུལ་ཞུགས་ཀྱིས། སྣང་བ་ཟིལ་གྱིས་ནོན་པའི་བསླབ་སྟོན་ཤ་སྟག་མཛད། དངོས་རྫས་ཕྲན་ཚེགས་ཕུལ་ཡང་མ་བཞེས་པར། ང་རང་གི་སྙིང་ཁར་དབུ་གཏུགས་ནས་གཞི་ལམ་འབྲ་བུའི་སྨོན་ལམ་ཚར་གཅིག་གསུངས་ནས་ཕེབས་སོང༌། ཁོང་རྩ་རླུང་གི་གྲུབ་འབྲས་མངོན་དུ་གྱུར་ཞིང༌། དྲི་ཆེན་བཅུད་ལེན་ཁོ་ནར་བརྩོན་ནས་ཧཱུྃ་ཆེན་ཕུག་ཏུ་བཞུགས་པ་ཞིག་ཡིན་འདུག །དེ་ནས་ཡུན་དུ་སྡོད་རྒྱུ་མ་རེད་པར་ངེད་ཅག་ཀུན་བསམ་ཡས་སུ་ཕྱིར་འཁོར། ཞག་ཤས་མཎྜལ་འབུམ་ཐེར་ཡང་མཐའ་རྫོགས་པར་བྱང་ཆུབ་ཆེན་པོའི་དྲུང་དུ་ཕུལ། མཆོད་པ་དང་བྱང་ཆུབ་སེམས་བསྐྱེད་ཀྱི་ཆོ་གས་སྡོམ་པ་སོགས་བླང་ཞིང༌། སྨོན་ལམ་བཅས་མཐའ་རྒྱས་བྱས། གནས་མཇལ་བ་གཞན་ཀུན་ནས་བསམ་ཡས་སུ་བསྐོར་ཚད་དང་བརྐྱངས་ཕྱག་བཅས་བྱེད་དགོས་འདུག་པར། ང་རང་དཔོན་གཡོག་གསུམ་ཡར་མཆིམས་ཕུར་ལོག །ཕ་རྒན་ནས་ང་རང་ཆོས་བྲོས་འགྲོ་བར་སྙམས་པས་ཁོ་རང་ཡང་སླེབ། མཚོ་རྒྱལ་སྤྲུལ་པའི་སྐུ་རིན་པོ་ཆེ་དཔལ་རིར་ཕེབས་སོང་བའི་ཤུལ་དུ་གསང་ཕུག་གོང་མར་བསྡད། གཞི་རིག་འཛིན་འདུས་པ་ལ་བརྟེན་ཞིང༌། གུ་རུའི་གསོལ་འདེབས་ཁོ་ནར་འབད། ཞག་གཉིས་གསུམ་བར་དུ་མི་རྟག་པ་ཁོ་ན་སྐྱེས། འཆི་བའི་དུས་ལ་བབ་ཚེ་བླ་མ་ལ་གསོལ་བ་འདེབས་པ་མ་རྟོགས་གཞན་བྱེད་ཐབས་བྲལ་འདུག་པས་མོས་གུས་ཀྱི་གདེངས་ཚུགས་པ་ཞིག་བྱུང༌། ཞག་ལྔའི་ནུབ་སྲོད་ཐུན་གྱི་དུས་སུ་མདུན་མཁར་རྒྱངས་རིང་པོ་ཞིག་ཏུ་ཕར་བལྟས་པས། འཇའ་དང་འོད་ཀྱི་ཀློང་དུ་གུ་རུ་གཙོ་འཁོར་གསུམ་ལ་རྩ་གསུམ་རིག་འཛིན་དཔག་ཏུ་མེད་པས་བསྐོར་འདུག་པ་དེའི་འོད་ཟེར་ཚུར་བྱུང་ནས་ང་རང་གི་གནས་ཁང་ལ་ཁྱབ། ནམ་མཁའ་ས་གཞི་བར་སྣང་ཀུན་གསེར་གྱི་བརྡ་ཡིག་གིས་གང་ཞིང་དེ་དག་རྣམས་ཀྱིས་རང་སྒྲ་སྒྲོགས་པའི་ཉམས་བྱུང༌། ཞག་བདུན་གྱི་ཐོ་རངས་ཁར་རྨི་ལམ་ནང་རང་མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པ་ཡིན་ཟེར་བ་ཞིག་གི་དྲུང་དུ་སླེབས་འདུག་པ། དེར་བུད་མེད་ཤིན་ཏུ་བསྒྲེས་ཉམས་ཅན་དབུ་སྐྲ་སྔོ་སང་ངེ་བ། ན་བཟའ་སློང་ཧྲུལ་མནབས་པ་ཞིག་འདུག་པ། ང་རང་སེམས་ལ་སྙིང་རྗེ་ལྟ་བུ་ཞིག་སྐྱེས་ནས། རྒན་མོ་ཁྱེད་རང་འདི་གར་མཆོད་རྟེན་ལ་བསྐོར་བ་བྱེད་པ་ཨི་ཡིན། སྡོད་གནས་གང་དུ་ཡོད་སྨྲས་པས། ཁྱོད་ཀྱིས་ང་རང་ལ་དེང་སྐབས་ལེགས་པོ་ཞིག་ཏུ་མཐོང་གིན་མེད། ཁར་སང་ལྷ་སའི་མཐིལ་དུ་འོང༌། ཀྱང་མ་མཐོང་གསུངས་ནས་དེ་གར་བཞུགས། ང་རང་ཡང་སྣང་བ་འཇིགས་ཆུམ་མེ་བྱུང་ནས། མདུན་དེར་བསྡད་རྣ་ལམ་དུ་གཟུགས་མེད་པའི་སྒྲས། མ་ཅིག་ཡེ་ཤེས་མཁའ་འགྲོ་འབུམ་གྱི་གཙོ། །ལས་ལ་དབང་བསྒྱུར་ཆོས་སྐུའི་མཁའ་འགྲོ་མ། །ངོ་མི་ཤེས་ཤིང་འཁྲུལ་བའི་་གཞན་དབང་ཅན། །དྲི་མ་དགུ་ཡི་སྦུབས་སུ་འོ་རེ་བརྒྱལ། །ཞེས་གསུངས་པ་ཐོས་པས་མཁའ་འགྲོ་མ་འདི་ཉིད་ཡིན་པར་འདུག་སྟེ། ང་རང་བློ་མིག་མ་དག་པས་ངོ་མ་ཤེས་པར་འདུག་སྙམས་ནས། ཡར་ལངས་ཏེ་ཕྱག་དང་བསྐོར་བ་བྱས་ཞབས་སྤྱི་བོར་བླང་ནས། མ་གཅིག་ཌཱ་ཀིའི་གཙོ་མོ་ཁྱེད་མཁྱེན་ནོ། །གསོལ་བ་འདེབས་སོ། །བདག་རྒྱུད་བྱིན་གྱིས་རློབས་ཤིག །ཐ་མལ་བློ་མིག་མ་དག་པས་བདག་འདྲ་བའི་སེམས་ཅན་ལས་ངན། མཐའ་མེད་པའི་སྡུག་བསྔལ་གྱི་རྒྱ་མཚོར་བྱིངས་པ་ལས་སྒྲོལ་ཞིང་ཁྱོད་ཀྱིས་རྗེས་སུ་འཛིན་པར་མཛད་དུ་གསོལ། །ཞེས་གདུང་བའི་འོ་དོད་ཀྱིས་གསོལ་བ་བཏབ་པས། ཁྱེད་རེས་འགའ་ནི་ང་ལ་སྙིང་རྗེ་སྐྱེ། རེས་འགའ་ནི་དད་པ་བྱེད། །བློ་སྣ་མང་བ་འཇའ་ཚོན་ལྟ་བུ་སྟེ། །ངག་ལའང་གཏད་སོ་མི་འདུག །མི་ཡུལ་ཤ་ཁྲག་སྦུབས་སུ་ཕ་མའི་མངལ་སྒྲིབ་ཀྱིས་གོས། །འཁྲུལ་སྣང་ལ་བདག་ཏུ་གཟུང་བའི་མ་རིག་གཟུང་འཛིན་གྱི་མཐུ་ལས་བྱུང༌། ལུས་ངན་འདི་དང་མ་བྲལ་ན་འོང་བར་མི་འདུག་གསུང་ཞིང༌། ཧ་སྒྲ་དྲག་པོ་གསུམ་བསྒྲགས་སོང་བའི་སྐད་ཅིག་ལ་ཁོ་རང་ཁྲོ་མོ་འཇིགས་སུ་རུང་པ་ཞིག་གི་སྐུར་གྱུར། སེང་གེའི་གདོང་ཅན་དམར་ནག་གཉིས་སླེབ་འདུག་པ། ང་རང་ནི་འཇིགས་སྐྲག་གིས་དྲན་པ་ཉམས་པ་ཙམ་བྱུང༌། ཁོ་རང་རྣམ་གསུམ་གྱིས་ང་རང་གི་ལུས་དུམ་བུར་གཏུབ་ཅིང་ཤ་ཁྲག་རུས་གསུམ་ནང་རོལ་རྣམ་ཤེས་དང་བཅས་པ་ཞལ་དུ་བསྟབ་སོང་བའི་སྣང་བས་དར་ཅིག་བརྒྱལ། སླར་སངས་པ་དང་འཇའ་འོད་ལས་གྲུབ་པའི་གཞལ་ཡས་ཁང་ཉམས་དགའ་བ་ཞིག་གི་དབུས་སུ་པད་ཟླའི་གདན་ལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལོངས་སྤྱོད་རྫོགས་སྐུའི་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པ་ཞིག་གི་དྲུང་དུ་འདུག་པར། ནམ་མཁར་ས་གཞི་བར་སྣང་ཀུན་བརྡ་རེས་དང་ཤོག་དྲིལ་སྣ་ལྔས་ཐེ་ཚོ་དང་ནེ་ཚོར་གང་འདུག །རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་གནས་གསུམ་གྱི་འོད་ཟེར་ང་རང་ལ་ཕོག་པས་འོད་ཀྱི་ལུས་ཡོངས་སུ་རྫོགས་པའི་ཉམས་ཞིག་ཀྱང་བྱུང༌། ཡང་སེམས་དཔའ་ཆེན་པོས། ཀྱཻ་སྐལ་བ་དང་ལྡན་པའི་རིགས་ཀྱི་བུ། འདི་ནི་འོག་མིན་གསང་བ་ཆེན་པོའི་གཞལ་ཡས་ཁང་མཁའ་འགྲོའི་གསང་མཛོད་ཆེན་པོ་སྟེ། རང་ཉིད་ཐེ་ཚོམ་དབང་དུ་མ་གྱུར་ཅིང་གདུལ་བྱའི་བསོད་ནམས་ཀྱི་དབང་སྐལ་དུ་གྱུར་ན་འདི་དག་གི་དབང་དང་གདམས་པ་ཁྱོད་ལ་ཐོབ་པའོ། །ཞེས་གསུངས་པ་དང་ཆབ་གཅིག་ཤོག་དྲིལ་དང་བརྡ་རིས་ཀུན་རང་སྒྲ་དིར་དིར་སྒྲོགས། །རྡོར་སེམས་ཡབ་ཡུམ་གྱི་དབང་རྣམས་རྫོགས་པར་གནང་བའི་ཉམས་བྱུང༌། སྒོ་ནས་ཕྱིར་ཐོན་གནས་ཡུལ་གྱི་བཀོད་པ་འགའ་ཡང་ལམ་ཙམ་མཐོང༌། སླར་ཁྲོ་མོ་དེ་སྔར་གྱི་བུད་མེད་རྒན་མོའི་ཚུལ་དུ་བཞུགས་ཤིང༌། མི་རྐང་གི་གླིང་བུ་ཞིག་སྒྲ་ལན་གསུམ་བསྒྲགས་སོང་བས། བླ་མ་ཧེ་རུ་ཀའི་ཆ་བྱད་ཅན་གསུམ་དང༌། ཌཱ་ཀིའི་གཙོ་མོ་གཉིས་རང་རང་ལ་དཔའ་བོ་མཁའ་འགྲོའི་འཁོར་གྱིས་བསྐོར་བར་བྱོན། །ད་རང་གིས་འོ་ཁྱོད་འདིར་སླེབས་པ་ཤིན་ཏུ་བཟང་བྱས་པས། གཙོ་མོའི་སྤྲུལ་པ་དངོས་དེང་སང་ཡུལ་དང་གནས་གྲོགས་ངན་པའི་དམེ་ཡུགས་ནལ་གསུམ་གྲིབ་ཀྱི་གོས་ཡོད་པས་ད་དུང་འདི་གར་སླེབ་བ་མེད། འདི་གར་སྤྲུལ་གཞིའོ་གསུངས་པ་དང་ཆབ་གཅིག་དངོས་སུ་གྱུར། དེར་བླ་མ་རྣམས་ནས་བྱིན་འབེབས་དང༌། མཁའ་འགྲོ་རྣམས་ཀྱི་ཚོགས་འཁོར་མཛད་ཅིང་དཀྱིལ་འཁོར་ཆེན་པོར་དབང་རྣམས་རྫོགས་པར་ནོད། དེ་ནས་གཙོ་མོ་ཆེན་མོས། བོད་ཀྱི་ས་གཏེར་གྱི་རྟེན་འབྲེལ་ནི་འཕྱང་མོ་ཉུག་ཏུ་གྱུར། ལོ་གསུམ་མཚམས་ནས་ཁམས་སྟོད་སེང་གེའི་རྫོང་དང༌། ཤེལ་དཀར་རྫོངས་ཆེན་གྱི་རྟེན་འབྲེལ་བྱུང་ན་ཆོས་བརྒྱུད་དང་ཡུལ་དེར་ཕན་ཡང་དམ་སྲིའི་དབང་བཙན། རྒྱལ་པོའི་བསོད་ནམས་དམན་ཞིང་བྱ་སྤྱོད་མང་ཕྱིར་འགྲིགས་པར་དཀའ། འོན་ཀྱང་ང་ཡིས་མཚམས་འབྱེད་པར་བྱེད། ཅེས་གསུངས། ཡང་གཙོ་མོ་གཅིག་གིས་གཏེར་རྣམས་ཀུན་གྱི་སྙིང་པོ་བཅུད་ལྟ་བུ། དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ཡི། །མཁའ་འགྲོའི་གསང་མཛོད་དག་ལ་དབང་བསྒྱུར་ཚེ། །ས་གཏེར་ཙམ་གྱིས་དགོས་པ་ཡོད་མིན་ཏེ། །ད་དུང་མ་འོངས་དོན་དུ་གཏད་རྒྱ་མཛོད། །ས་གཏེར་བདུན་གྱི་བདག་པོ་བྱས་གྱུར་ན། །ཁམས་དབུས་གཙང་དང་རོང་ཆེན་གནས་རྣམས་སུ། །རྟེན་འབྲེལ་འགྲིགས་མིན་དཀའ་ཚེགས་མང་དུ་འབྱུང༌། །ས་གཏེར་དགོགས་གཏེར་ཅིག་ཅར་འབྱུང་མི་སྲིད། །ཨ་ཙར་དམར་པོ་བོད་དུ་འགྲོ་བ་ལ། །རྒྱ་གར་གདམས་ངག་མཁའ་འགྲོའི་གསང་མཛོད་བསྒྱུར། །ས་གཏེར་བདུན་པོ་མ་འོང་བཻ་རོས་འབྱེད། །བློ་སྣ་མང་ན་འདུན་མ་རླུང་གིས་ཁྱེར། །དེ་ཕྱིར་རེ་ཞིག་སྤིར་གྱི་ཁ་བཞིན་བསྔམས། །སྣ་ཚོགས་སྤྱོད་པ་ཀུན་གྱིས་གཤེ་སྐུར་གནས། །ཡོན་ཏན་སྦོས་ལ་སྐྱོན་རྣམས་མངོན་དུ་དབྱུང༌། །བཟང་ངན་འབྲེལ་བས་བསྡུས་པའི་སེམས་བསྐྱེད་ཀྱིས། །སྨོན་ལམ་ཐུགས་རྗེས་རྗེས་སུ་འཛིན་པར་གྱིས། །ཞེས་གསུངས། །བླ་མ་རྣམས་ཀྱིས་དུས་གཅིག་ཏུ། །ཁ་བྱང་སྨུག་པོའི་བརྡ་རིས་གནང༌། །དབྱིངས་ཀྱི་རྗེ་མོའི་བཀའ་བཞིན་དང་དུ་ལོང༌། །མི་ལོ་ཉི་ཤུའི་དུས་སུ་བརྡ་རྟགས་གསལ། །གསང་སྒོ་དམ་ན་དངོས་གྲུབ་སྣ་ཚོགས་འབྱུང༌། གཞན་དག་ལོག་པའི་ལམ་དུ་མ་བསྒྱུར་ན། །རང་ཉིད་ཤེལ་སྒོང་འདམ་དུ་ཚུད་མི་སྲིད། །ཨ་ཏིའི་གདམས་ངག་ཚོང་དུས་མ་དགྲིམ་པར། །དབང་རབ་ལས་སྐལ་ལྡན་པ་རྗེས་སུ་ཟུངས། །མོས་པས་སྤྱོད་ཙམ་འབྲེལ་བས་བསྡུས་པ་ཡིས། །སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ཞིང༌། །སྐལ་མེད་ལོག་ལྟ་ཅན་རྣམས་རྒྱངས་སུ་བསྲིངས། །ཞེས་གསུངས། །དེ་ནས་སྟོན་འཁོར་ཀུན་གྱིས་ཚོགས་ཀྱི་འཁོར་ལོ་ལ་རོལ་ཞིང༌། ང་རང་ཡང་གཙོ་མོས་མཆོད་རྟེན་གྱི་ཕྱིའི་སྤང་ལྗོངས་ཞིག་འདུག་པ་དེར་བསྐྱལ། དེ་ནས་ཕྱིར་ལོག་པའི་སྣང་བས་སྒྲུབ་ཁང་དུ་སླེབ་འདུག །དེར་ཞག་བཅུ་གསུམ་སོང་བ་དང་ཚོགས་འཁོར་ཞིག་བྱས། དེའི་ནུབ་རྗེ་བཙུན་ཆོས་ཀྱི་རྒྱལ་པོའི་སྐུ་ལུས་ཀྱི་བཀོད་པ་ཇི་བཞིན་མཐོང༌། སང་ནས་བྲག་དམར་ཀེའུ་ཚང་གི་སྐུ་ཚབ་རིན་པོ་ཆེའི་དྲུང་དུ་སྨོན་ལམ་རྣམ་པར་དག་པ་བཏབ་ཅིང༌། མཆིམས་ཕུའི་དུར་ཁྲོད་དུ་ཚར་སློང་གི་མཐའ་རྫོགས་པར་བྱས་ནས་བསམ་ཡས་སུ་ལོག་དཀོར་མཛོད་གླིང་དུ་རྒྱལ་པོའི་བླ་ཤིང་གི་རྩར་ཞག་གསུམ། སྐུ་འབག་མདུན་དུ་ཞག་གསུམ། འོག་ཁང་འཛམ་གླིང་སྲོག་དབུགས་སྡུད་པའི་སྒོ་དགྲམ་དུ་ཞག་གཅིག་བསྡད་པས། ཕྱིའི་ནང་པར་གནོད་སྦྱིན་བ་ཐོགས་ཕེབས་ཀྱིས་སླེབ་བྱུང་བ། དཀོར་གཉེན་དང་བསམ་ཡས་རྫོང་དཔོན་རྣམས་བོས་ནས། འོག་ཁང་གི་སྒོ་ཕྱེས་ཤིང༌། ང་རང་ནང་དུ་བཏང༌། ཁོ་རང་གིས་ཕྱི་སྒོ་སྔར་ལྟར་སྒོ་ལྕགས་ཀྱིས་བསྡམ་ཕྱག་ཐིལ་གྱིས་མནན་ནས་ཕྱིར་དེངས་སོང༌། དཀོར་གཉེན་རྣམས་ཀྱང་ང་རང་ལ་ལོ་གཞོན་པའི་སྟབས་ཀྱིས་སེམས་ཁྲལ་དུ་གྱུར། ང་རང་ནང་དུ་སོང་བར་མུན་པ་ནག་རུམ་གྱིས་འདུག་པ། དབང་སྡུད་ཟིལ་གནོན་སོགས་གཅོད་ཀྱི་དམིགས་པ་རྣམས་གང་ལྕོགས་འབད་ཅིང་གཙོ་བོར་ཉམས་ལེན་དང་བླ་མར་མོས་གུས་ལ་བརྩོན་བ་དྲག་པོ་བསྐྱེད། མིག་ལམ་དུ་གཟུགས་སྣ་ཚོགས་མཐོང་བ་དང༌། སྒྲ་སྣ་ཚོགས་ཐོས་པ་མིང་ནས་འབོད་པ་བྱེད་འདུག་པར་འཇིགས་སྐྲག་གིས་གདུང་ཡང༌། སྔར་སྐྱབས་མགོན་ཆོས་ཀྱི་རྒྱལ་པོའི་ཞལ་བཀོད་ཡིན་པ་འཇིགས་སྐྲག་གིས་འཆི་ཡང་འགྱོད་པ་མེད་ང་འཆི་བ་ལ་མི་འཇིགས་ན་སྲིད་གསུམ་དགྲར་ལངས་ཀྱང་ཉམ་ང་མི་དགོས་སྙམས་པའི་བརྟུལ་ཞུགས་ཀྱི་དཔའ་ངར་བསྐྱེད་ནས་བསྔད་པའི་མཐར་ཆོ་འཕྲུལ་སློང་ཚད་རྣམས་ཞི་ནས། ཚར་ཚད་མཐར་རྫོགས་པ་བྱུང༌། སྐབས་ཞིག་ན་དུང་རྒྱ་གླིང་སོགས་བྱས་ནས་ཆོས་སྐྱོང་ཐོག་ཕེབས་ཀྱི་སྒོ་ཕྱེས་ནས་བྱུང༌། ང་རང་ཕྱིར་ཁྲིད་ཡོ་བྱད་ཁ་ཤས་བརྗེས། ང་རང་སྟེང་དུ་སྐུ་འབག་གི་དྲུང་དུ་ཁྲིད། ཁ་དར་སྲིད་དུ་རིང་པ་ཞིག་དང་བླ་རྡོ་བཅས་གཏད་ནས་དབུགས་དབྱུངས་གཟེངས་བསྟོད་རྒྱ་ཆེར་བྱས་བྱུང༌། ཕྱིར་ཉེན་དེ་གར་བསྐང་གསོལ་སོགས་བཏང༌། བསམ་ཡས་གླིང་བཞི་གླིང་ཕྲན་ཇོ་མོ་གླིང་གསུམ་སོགས་ལ་ཕྱིན་ཏེ། བསྔོ་སྨོན་བཀྲ་ཤིས་མཐའ་རྒྱན་དུ་བྱས། དེ་ནས་བསམ་ཡས་ནས་ཐེག་ཅིང་གདན་ས་མཐིལ་དང་ཟངས་རི་མཁར་དམར་སོགས་ལ་ཕྱག་མཆོད་དང་ཚོགས་འཁོར་རེ་ཙམ་བྱས་ནས་རྩི་ཐང་སླེབས་མགོན་པོ་རི་བསྐོར་ཞིང་ཁྲ་འབྲུག་ཏུ་སླེབས། དེར་སྲོང་བཙན་སྒམ་པོའི་ཐུགས་དམ་རྟེན་གྱི་གཙོ་བོ་སྒྲོལ་མ་གསུང་བྱོན་མའི་གཙོས་ལྷ་ཁང་ཀུན་ལ་ཕྱག་མཆོད་སོགས་བྱས་ཤིང་ངོ་མཚར་ལྟས་ཀྱང་མཐོང༌། ཚངས་པ་དུང་ཐོད་ཅན་མི་ཁོག་ཏུ་རྫུར་འདུག་པ། ང་རང་ཡང་གློ་བུར་གྱི་ཉམས་འུར་བ་ལྟ་བུས་དམ་བཏགས་ཞིག་བྱས་ནས་ཐེག་སྟེ། ཡུམ་བུ་བླ་མཁར་རྟག་སྤྱན་འབུམ་པ། རས་ཆུང་ཕུག་པ། གུང་ཐང་འབུམ་བ་རྣམས་ལ་ཕྱག་མཇལ་རེ་བྱས་ཤིང༌། འཕྱོང་རྒྱས་རི་བོ་བདེ་ཆེན་ནས་བརྒྱུད་དེ་ཀུན་མཁྱེན་གདན་ས་ཚེ་རིང་ལྗོངས་སུ་སླེབས། སྐུ་གདུང་རིན་པོ་ཆེའི་དྲུང་དུ་ཚོགས་སྟོང་དང༌། མགོན་ཁང་ལ་བསྐང་གསོལ་སོགས་རྒྱ་ཆེར་བྱས། ང་རང་ཡང་རེ་ཞིག་སྡོད་རྒྱུའི་སྣང་བ་ཤར་ཡང༌། ཁམས་སུ་རྗེ་བླ་མ་བཞུགས་པ་དང་ཆོས་གྲགས་གཙོས་གྲྭ་པ་རྣམས་དང་ཕ་རྒན་བཅས་ཨུ་ཚུགས་ཆེ་བས་ཐོག་ཁེལ་པ་མ་བྱུང༌། འོང་ཁར་སྲུང་མ་ཅུང་ཟད་འཁྲེན་པས་ཕ་རྒན་སོགས་འཁོར་རྣམས་ཕལ་ཆེར་ནད་ཀྱི་ཟུག་རྡུས་ཅུང་ཟད་རེ་མནར། དེ་ནས་དཔལ་རིར་སླེབས། དགོན་པར་མང་འགྱེད་དང་ཚོགས་མཆོད་བསྐང་གསོལ་རྒྱ་ཆེར་བྱས། སྐྱབས་མགོན་མཚོ་རྒྱལ་སྤྲུལ་པའི་སྐུ་རིན་པོ་ཆེའི་ཞབས་དྲུང་ནས་གྲོལ་ཐིག་དགོངས་པ་རང་གྲོལ་གྱི་དབང་ལུང༌། ཞལ་ཁྲིད། གཤིན་རྗེ་ནག་པོ་སུམ་བསྒྲིལ་ཆོས་ཚན་ཆ་ལགས་བཅས་ཀྱི་དབང་ལུང༌། གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་འབུམ་སྐོར་ཁ་ཤས། ར་སྟོན་ཕུར་བའི་དབང་ལུང་ཆ་ཚང༌། རིག་འཛིན་ཐུགས་མཆོད་རྡོ་རྗེའི་གཏེར་བྱོན་ཕུར་པ་དྲེགས་འདུལ་གནམ་ལྕགས་འཁོར་ལོའི་དབང་ལུང་ཚང་ཞིབ། མཚོ་རྒྱལ་བཀའ་ཐང་གི་ལུང་བཅས་གནང༌། དེང་སང་ཁམས་པ་གྲུབ་ཆེན་པ་ཞལ་བཞུགས་པའི་སྐབས་འདིར། ཀུན་མཁྱེན་ཆེན་པོའི་སློབ་བུ་ཀུན་གྱི་ཡ་གྱལ་བླ་ན་མེད་པ་སྟེ། གནད་བྱང་ཐུགས་ཀྱི་སྒྲོམ་བུ་ལས། ཆོས་རྒྱལ་ཡབ་སྲས་ཆོས་ཀྱི་སྐལ་བ་ལྡན། །ཞེས་ལུང་ཟིན་གྱི་སྐྱེས་བུ་ལགས་ན་དེའི་དྲུང་ནས་རྫོགས་ཆེན་སྙིང་ཐིག་ཡ་བཞི་དང༌། ཁྱད་པར་ཀློང་ཆེན་སྙིང་གི་ཐིག་ལེའི་དབང་ལུང་སོགས་བསྐྱེད་རྫོགས་ཀྱི་ཞལ་ཁྲིད། གཞི་ཁྲེགས་ཆོད། ལམ་ཐོད་རྒལ། གྲོགས་རྩ་རླུང་གདམས་པའི་གནད་ཀུན་ཐུགས་སུ་ཆུད་པར་མཛད་ནས། སླར་རང་ཅག་རིག་འཛིན་བརྒྱུད་པ་གང་ལའང་སྔོན་ནས་ད་བར་སྐྱེ་བའི་ཕྲེང་བ་ཀུན་ཏུ་ཨོ་རྒྱན་ཆེན་པོའི་བྱིན་རླབས་རྒྱུན་མི་འཆད་པར་འབྱུང་གིན་ཡོད་ཅིང༌། མ་དང་མཁའ་འགྲོའི་གསང་ལུང་སོགས་མི་འབྱུང་བའི་ངེས་པ་མེད་པས་དེ་དང་བསྟུན་པར་མཛོད་མཐར་མཛད་པ་བརྟུལ་བའི་དུས་ལ་བབ་ཚེ། དགོན་འདི་ག་རང་དུ་ཕེབས་ཐུབ་པར་མཛད་ན། དགོངས་པའི་མཐའ་གདན་ས་ཆེན་པོ་འདིར་རྫོགས་བ་ཞིག་ཅི་ནས་གསོལ་བ་ལན་བརྒྱར་འདེབས། ཁོ་བོ་དང་སྨོན་ལམ་དབང་གིས་ལན་ཅིག་ཞལ་མཇལ་ཐུབ་པ་ཞིག་བྱུང་པ་སྤྲོ་ཞིང༌། གལ་ཏེ་སྐྱེ་འདིར་མཇལ་མ་ཐུབ་ཀྱང་རིག་པའི་ཀློང་དུ་ནམ་ཡང་འདུ་འབྲལ་མེད་པས་འཆི་ཁར་བློ་ལྷག་ལུས་པ་ཙམ་མེད། ཁར་སང་གྲོལ་ཐིག་གི་སྨོན་ལམ་གཏད་རྒྱའི་དུས་སུ་བསྟན་སྐྱོང་མའི་རྣམ་འགྱུར་ལ་དཔྱད་ན་ཁམས་སུ་བཞུགས་ཡུན་ཅུང་ཟད་རིང་བ་འདྲ། མ་མགོན་ལྕམ་དྲལ་དང་བསྟན་སྐྱོང་མ་གཟའ་ཚེ་རིང་མཆེད་ལྔ་བཅས་ཀྱི་གསོལ་མཆོད་ཐུགས་ནས་མི་འདོར་བར་ཞུ། ལས་གཤིན་དང་བསྟན་སྐྱོང་མའི་སྲོག་གཏད་གཞན་ལ་མི་གནང་བ་ཅི་ནས་ཞུ། གྲོལ་ཐིག་དགོངས་པ་རང་གྲོལ་འདི་ཕ་ཆོས་ཡིན་པ་ཐུགས་ལ་འདོགས་པར་ཞུ་གསུང་ཞིང་སྨོན་ལམ་དང་བསྟན་སྐྱོང་མ་ལ་ཕྲིན་བཅོལ་སོགས་རྒྱ་ཆེར་མཛད། དེ་ནས་དགོངས་ཞུས་ཀྱིས་དཔལ་རི་ནས་ཐེག །སྲོང་བཙན་བང་སོར་མཆོད་མཇལ་བྱས། བསྐལ་པའི་མར་མེ་ཡང་ཤིན་ཏུ་གསལ་བ་འགའ་ཞིག་གིས་མཐོང་བས་དེར་གནས་ཀུན་གྱིས་ཡ་མཚན་དུ་བརྩི་འདུག །དེ་ནས་ཚེ་ཆུ་འབུམ་པར་སླེབས་ཚེ་ཚེ་ཆུ་འབྱོན་པ་དང་འཕྲད། ཡར་ལུང་ཤེལ་བྲག་གི་དགོན་པར་སླེབས་ཕྱིར་ནང་ལྷ་ཁང་དང་རྟེན་གསུམ་རྣམས་ལེགས་པར་མཇལ་ཞིང༌། གྲྭ་བཙུན་རྣམས་ལའང་མང་འགྱེད་སོགས་བཏང༌། བསམ་འགྲུབ་ཤེལ་གྱི་བྲག་ཕུག་ཏུ་ཕྱིན་ཏེ་ཚོགས་བརྒྱ་སོགས་བཏང་མོས་གུས་མཆི་མ་འཁྲུགས་པ་ཙམ་བྱུང༌། སྐུ་ཚབ་ང་འདྲ་མས་སྤྱན་ཧྲིག་ཧྲིག་དང༌། ཞལ་འཛུམ་པ་མཛད་པ་ངེད་ཅག་ཁ་ཤས་ཀྱིས་མཐོང༌། ང་རང་དཔོན་གཡོག་གསུམ་ཙམ་དེ་ནུབ་པདྨ་ཤེལ་ཕུག་ཏུ་ཕྱིན། ནུབ་མོར་མི་དཀར་ལྭ་ཐོད་ཅན་ཞིག་བྱུང་ནས། སྐྱེས་བུ་ཁམས་ཀྱི་འགྲོ་དོན་རྫོགས་འཕྲལ་བོད་དུ་ཅིས་ཀྱང་ཕེབས་པར་ཞུ། སྐུ་ཚེ་མཐར་ཕྱིན་པ་ཡང་དེ་ག་ལེགས། བཞུགས་གནས་དཔལ་རི་ཚེ་རིང་ལྗོངས་གཉིས་སུ་ལེགས། པདྨ་ཤེལ་ཕུག་འདི་ཡང་དེ་དུས་སྒྲུབ་ཆུ་རྡོལ་ཞིང༌། ཉིད་ཀྱི་སློབ་གྲྭ་རིག་བ་འཛིན་པ་བདུན་ཙམ་འབྱུང་ཟེར། ཁྱོད་སུ་ཡིན་སྨྲས་པས་ཡར་ལྷ་ཤམ་པོའོ་སྨྲས་ནས་ཐལ། ཐོ་རངས་ཙམ་ལ་ཉམས་རྨི་ལམ་མ་ངེས་པར། རྣལ་འབྱོར་པ་གྲུབ་ཆས་ཅན་གཉིས་བྱུང༌། ཉིད་རྣམ་གཉིས་སུ་ལགས་ཞུས་པས། གཅིག་གིས། འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅན། །གུ་རུའི་ཐུགས་རྗེས་ཟག་པ་ཡོངས་སུ་ཟད། །སྐུ་གསུམ་ཞིང་ནས་ཁམས་གསུམ་ཐགོས་མེད་བགྲོད། །ཡུལ་སྣང་སྒྱུ་མ་ལྟ་བུར་ལྟད་མོ་བལྟ། །ང་ནི་ལྕེ་བཙུན་སེང་གེ་དབང་ཕྱུག་གོ། །གཅིག་གིས། འཁྲུལ་པ་རྨི་ལམ་སྒྱུ་མ་ལྟ་བུར་རྟོགས། །ཡུལ་སྣང་སྟོང་པའི་རང་གཟུགས་རྫུན་ཕུག་རྡིབས། ཆོས་སྐུ་ཀ་དག་རིག་པའི་བཙན་ས་ཟིན། བདེ་ཆེན་མཁའ་འགྲོ་འགྲོགས་དང་འདུ་འབྲལ་མེད། །གནས་ཡུལ་ཉེར་བཞིའི་བཀོད་པ་ལུས་ལ་ཚང༌། སྐུ་གསུམ་ཞིང་དུ་ལས་ཀྱི་འཕྲོ་སྦྱངས་ནས། །ད་ནི་རྣམ་པ་ཉི་ཤུ་མངོན་བྱང་ཆུབ། ང་ནི་ཁྲག་འཐུང་ནམ་མཁའ་འཇིགས་མེད་དོ། །ཞེས་ཟེར་བ་དང་ཆབ་ཅིག་ཡང་རྣལ་འབྱོར་པ་ཞིག་བྱུང་ནས། སངས་རྒྱས་སེམས་ཅན་མིང་གི་བླ་དྭགས་ཙམ། །ལྕགས་སྲེགས་ས་གཞི་བཻཌཱུརྱའི་རང་བཞིན། །མནན་ན་ནེམ་ཞིང་བཏེགས་ན་འཕར་བར་གདའ། །སྟུག་པོ་བཀོད་པའི་ཞིང་གི་བཀོད་པ་རྫོགས། །འཁྲུལ་སྣང་རྫུན་རིས་འདི་ལ་དགོད་རེ་བྲོ། །བླ་མ་ཀུན་བཟང་ལས་གཞན་སངས་རྒྱས་མེད། །རང་སེམས་རྩ་བ་གཅོད་ལས་ཉམས་ལེན་མེད། །དགེ་སྡིག་དབྱེར་མེད་རྟོགས་ལས་སྤྱོད་པ་མེད། །ཁྱལ་གདལ་ལྷུན་་འབྱམས་ལས་གཞན་འབྲས་བུ་མེད། །ང་ནི་བྱ་བྲལ་གུ་ཡང་བློ་བདེ་བ། །འཁྲུལ་ཞིག་དབང་དྲག་རྒྱ་མཚོ་ཞེས་བྱའོ། །ཞེས་གསུངས་དེ་ནས་སྔོན་མ་དེའི་གསུང་ལ་རྗེས་མ་གཉིས་ཀྱི་རམ་བུའི་ཚུལ་དུ། ཁྱོད་ལ་ཌཱ་ཀིའི་རྗེ་བོས་འདི་སྐད་གསུངས། །ད་ནི་ཞིང་ཁམས་ཀུན་ལ་དབང་བསྒྱུར་ཞིང༌། །སྤྲུལ་བ་བྱེ་བ་ཕྲག་བརྒྱས་འགྲོ་དོན་སྤྱོད། །འོན་ཀྱང་ཐུགས་ནས་ཐུགས་སུ་སྤྲུལ་པ་ཡིས། །པདྨ་རྒྱལ་པོ་བོད་དུ་གནས་དུས་དེར། །ཐོས་བསམ་རྟོག་གེའི་ཚིག་ལ་མ་འཁྲུལ་བར། །རྣམ་གསུམ་ལྟ་བའི་སྒྲོ་འདོགས་ཆོད་པ་དང༌། །བསྐྱེད་དང་རྫོགས་པའི་་ཉམས་ལེན་མཐར་ཕྱིན་ནས། །སེམས་ཀློང་མན་ངག་སྡེ་ཡི་གནད་རྟོགས་ཤིང༌། །ཐིག་ལེ་སྐོར་གསུམ་རང་བྱན་ཆུབ་པར་གྱིས། །རང་དོན་འཁྲི་བ་བཙན་ཐབས་ཆོད་བ་དང༌། །སེམས་ཅན་དོན་དུ་ལུས་དང་སྲོག་གཏོང་ཞིང༌། ཆོས་ཕྱིར་སྲོག་དང་གཞན་ཕྱིར་ཆོས་ཀྱང་གཏོང༌། །ཤ་ཁྲག་ལུས་ཀྱི་རྒྱ་དང་མ་བྲལ་ཚུན། །རྒྱ་གར་ཨ་སུ་ར་ཡི་བྲག་ཕུག་ན། །བདག་དང་ལྷ་ལྕམ་སེམས་བསྐྱེད་སྨོན་ལམ་དོན། །མཐའ་རྫོགས་བར་དུ་སྤྲུལ་བ་རྣམ་གཉིས་ཀྱིས། །སྙིང་སྟོབས་དྲག་པོས་ཡལ་བར་མ་འདོར་ཞིག །ཤཱཀ་ཐུབ་བསྟན་པའི་ཆགས་ཉམས་འབྱུང་བ་དང༌། །སེམས་ཅན་བསོད་ནམས་ཕྲི་བསྣོན་སྐབས་ཤར་ཚེ། །དེ་ལ་མི་འཇིགས་སྤོབས་པའི་ཤུགས་བསྐྱེད་ལ། །སྔགས་ཀྱི་བསྟན་པའི་མེ་རོ་སློང་བར་གྱིས། །ང་དང་རྒྱལ་བའི་ཐུགས་རྗེས་རྒྱུན་ཆད་མེད། །དཔའ་བོ་མཁའ་འགྲོས་བྱིན་གྱི་བརླབས་པས་ན། །རང་ཉིད་སྙིང་སྟོབས་དྲག་པོ་མ་ཞན་ཚེ། །ནག་ཕྱོགས་ནོན་ཞིང་དཀར་ཕྱོགས་དར་བར་སླ། །དེ་ཕྱིར་སྙིང་ལ་ཆོངས་ཤིག་ཁ་ཐམ་རྒྱཿ སྨྲོས་ཤིག་གསུང་པ་རྣ་བར་བསྒྲགས་པ་ཡིན། །ཁྱོད་བྱིས་བ་བློ་ཆུང་ལེ་ལོ་ཅན་ཞིག་གདའ། །བརྟུལ་ཤུགས་སྙིང་ལ་རྡོ་རུས་མ་གཏུགས་ན། །པདྨའི་གཏེར་མཇུག་འགྲོ་དོན་སྐྱོང་བར་དཀའ། །དུས་ལ་བབ་ཚེ་བློ་སྣ་མ་མང་བར། །གུ་རུའི་ཞལ་གདམས་སྙིང་གི་དཀྱིལ་དུ་ཆོངས། །ཞེས་ཟེར་ཞིང་སྙིང་ཁར་སྡིགས་འཛུབ་རེ་གཏད་ཅིང་མི་སྣང་བར་གྱུར་ཏོ། །ཕྱིའི་ནང་པར་ངེད་རང་ཕྱིར་ལྡོག་ཅིང༌། སྐུ་ཚབ་དྲུང་དུ་ཕྱིན་ནས་སྨོན་ལམ་རྣམ་བར་དག་པས་མཚམས་སྦྱར་ནས། དུར་ཁྲོད་དུ་ཞག་གཅིག་བསྡད་པས་ཚར་སློང་གི་མཐའ་རྫོགས་པ་བྱུང༌། དེ་ག་ནས་ཐེག་ཅིང་བཙན་ཐང་གཡུ་ཡི་ལྷ་ཁང་དུ་ཞག་གཅིག་བསྔད། རིམ་བཞིན་གཙང་ཆུའི་སྲིབ་ངོས་ནས། །བྱམས་བ་གླིང་དང་ཨོ་རྒྱན་སྨིན་གྲོལ་གླིང༌། །ཐུབ་བསྟན་རྡོར་བྲག་སོགས་ལ་མཆོད་མཇལ་ཞུས། །ལྕགས་ལའི་སྲས་མཁན་རིན་པོ་ཆེ་དང་མཇལ་ཞིང་ཐུགས་ཡིད་གཅིག་འདྲེས་སུ་གྱུར། གྲྭ་ཐང་དུ་རྒྱལ་པོ་ཤུགས་ལྡན་ནས་ཚོ་འཕྲུལ་སྣ་ཚོག་བྱུང་ཡང་ཉེ་ཞོ་མ་ནུས། བདེ་བར་ལྕགས་ཟམ་ཆུ་པོ་རིར་སླེབས། དེར་གནས་མཇལ་མཆོད་འབུལ་ཚོགས་འཁོར་སོགས་བྱས་ཤིང༌། སྒྲུབ་ཕུག་གོང་མར་ཞག་གཅིག་བསྡད་པར། རྨི་ལམ་ན་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་དངོས་དང་མཇལ། ཐོད་པ་བདུད་རྩིས་གང་བ་ཞིག་གིས་སྤྱི་བོར་དབང་བསྐུར། ཧྲཱི༔ སྣང་བ་མཐའ་ཡས་འགྲོ་ཀུན་རྗེས་སུ་སྐྱོང༌། སོགས་མཐར་ཆགས་སུ་གསུང་ཞིང་བདུད་རྩིར་སྤྱི་བོར་ཞུགས། ཁར་བླུགས་སྙིང་ག་ལྟེ་བ་གསང་གནས་རྣམས་སུ་བཞག་ཅིང༌། ལུས་ལ་བདེ་དྲོད་འབར། །སེམས་ལ་བདེ་གསལ་མི་རྟོག་པའི་ཉམས་རྒྱས་ཤིང་དར་ཅིག་ལུས། སང་ཁྱོད་ལ་དངོས་གྲུབ་ཀྱི་སྐལ་བ་ཞིག་ཡོད་དོ་གསུངས། ཞབས་སྤྱི་བོར་བླངས་ཏེ་གྲུབ་པའི་དབང་ཕྱུག་ཆེན་པོ། བདག་ཁྱོད་ལྟར་འགྱུར་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པས་མི་སྣང་བར་གྱུར། ཕྱིའི་ནང་པར་རི་སྐོར་དུ་ཕྱིན་ནས་བལྟས་པས། བྲག་ལྟེབ་ཅིག་ན་བྱ་རོག་ཞིག་གིས་སྒྲ་སྒྲོགས་ཤིང་འདུག་པའི་སྟེང་དེར་རྒོད་ཐང་དཀར་ཞིག་བབ་ནས། ང་རང་ལ་མགོ་གུག་གུག་ལན་གསུམ་བྱས་ནས་འཕུར་སོང་བ། གྲོགས་ཞིག་ཡོད་པ་བྲག་ཞབས་དེར་བཞག་ནས་ང་རང་ཕྱིན་པས། བྱ་རོག་ཡོད་པའི་ས་དེར་བྲག་དཀྱིལ་དུ་སྒོ་ཆུང་ལྟ་བུ་ཞིག་འདུག་པས་མདང་གི་རྨི་ལམ་དྲན་ཏེ་ཨོ་རྒྱན་ཆེན་པོ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ནས། རྡོ་ཞིག་འདུག་པ་དེས་སྒོ་ཆུང་ལ་བསྣུན་པའི་ནང་དུ་ཕྱེ་མའི་ཕུང་པོ་ཞིག་བྱུང་བའི་གཏིང་དེར་གུ་རུའི་སྐུ་ཚབ་གསེར་དམར་ལས་གྲུབ་པ། སྲིན་པོའི་ཐོད་པའི་ཞབས་གདན་ཅན་ཞིག་དང༌། ཤེལ་དཀར་ཟུར་དྲུག་མཁྱུད་གང་བ། ལ་དྲིལ་ཆུང་ངུ་ཞིག་གི་ནང་དུ་གུ་རུ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་གྱི་རིམ་བུ་བདུན་ཆ་ཞིག་བཅས་ཐོབ། མཚམས་དེར་སྣང་བ་འལ་མ་འོལ་མ་ལ། སྐྱེས་པ་གཞོན་ནུ་གོས་དཀར་གྱོན་པ་ཞིག་བྱང་སྟེ། ལག་ན་བུམ་གཏེར་ཞིག་བཟུང་འདུག་པ་འདི་གཏེར་ཚབ་ཏུ་ཞོག་ཅིག་ཟེར་བས་རང་སར་བཞག་པས། ཁོ་རང་གི་བྱེ་མ་དང་རྡོ་སྒོ་བསྡམ་སོང༌། ཁམས་པ་བླ་མའི་དྲུང་དུ་མ་སླེབས་བར་གཞན་ལ་ཤིན་ཏུ་གསང་བ་གལ་ཆེ། སྐུ་ཚབ་འདི་དབང་མེད་ཀྱིས་མཐོང་བར་གྱུར་ན། ཀློང་ཆེན་རོལ་པ་རྩལ་ནས་གནང་བྱུང་གསུང་བར་ཞུ་ཟེར། དེ་ནས་ང་རང་ཚུར་ལོག་པ་གྲྭ་པ་ནས་ཅི་འདུག་ཟེར། ཕོ་རོག་འཕུར་སོང་ཅི་ཡང་མི་འདུག་སྨྲས་པས། ཕོ་རོག་ནས་གཏོར་མ་དེ་གར་སྤས་པ་རེད་ཟེར། དེ་ནས་ཤིན་ཏུ་ཚག་དམ་པར་བྱས་ཏེ་རེ་ཞིག་སུས་ཀྱང་མཐོང་བར་མ་གྱུར། དེ་ནས་ཆུ་བོ་རིའི་ལྕགས་ཟམ་བགྲོད་ཅིང་ཐེག་འོང་བས་ལྷ་སར་སླེབས། ང་རང་གངས་རི་ཐོད་དཀར་དུ་འགྲོ་འདོད་ཤིན་ཏུ་ཆེ་ཡང་ཐོག་ཁེལ་མ་བྱུང༌། རྒྱལ་ཚབ་དེ་མོ་རིན་པོ་ཆེ་དང་མཇལ། ཀློང་ཆེན་རོལ་པ་རྩལ་དེ་གར་བཞུགས་འདུག་པ་ལ་བཀའ་ཆོས་ཞིག་གནང་བར་ཞུས་པས། ལྷ་ས་འདིར་འུར་ཟིང་གིས་འོང་བར་མི་འདུག །གཙང་ཆུའི་ཕ་རི་ན་ང་རང་གི་རི་ཁྲོད་བཀའ་བརྒྱུད་ཆོས་སྡེ་ཟེར་བ་ཞིག་ཡོད་པ་དེ་གར་འགྲོ་རྒྱུའི་སྟ་གོན་གྱིས་གསུངས། ཆོས་གྲགས་གཙོས་གྲྭ་པ་རྣམས་ལའང་བཀའ་བཀོད་གནང་སོང་བར། བཀའ་ལྡོག་མ་ནུས་པར་དེ་ཐོག་ཏུ་བཞག །ཁོ་རང་རྣམས་ལྷ་སར་ཕྱག་བསྐོར་དང་ཉོ་ཚོང་སོགས་ཀྱི་དོན་ལ་བསྡད། ང་རང་དཔོན་གཡོག་གཉིས་བླ་མའི་རི་ཁྲོད་དུ་སོང༌། དེར་ཁོ་རང་གིས་ཙ་རི་མི་ལྤགས་རོང་དང༌། མཚོ་དམར་ནག་རཀྟ་སོགས་ནས་སྤྱན་དྲངས་པའི་ཟབ་ཆོས། རྩ་གསུམ་ཡང་གསང་སྙིང་ཐིག་སྐོར་གྱི་དབང་ལུང་ཆ་ཚང༌། རྩ་རླུང་སྨིན་ཁྲིད་འཁྲུལ་འཁོར་བཅས་ཚང་མ་ཟླ་བ་གཅིག་ཏུ་སྦྱངས། དྲོད་རྟགས་སོགས་མི་དམན་པ་བྱུང༌། ན་རོ་ཆོས་དྲུག་གི་ཁྲིད་ལུང་ཉི་གྲགས་ཆོས་ཚན་ཁ་ཤས། སྨིན་གླིང་ཚེ་བདག་སྐོར་ཁ་ཤས་སོགས་ཀྱི་དབང་ལུང་གནང་ནས་ལྷ་སར་རང་མལ་ལོག །བླ་མ་ཡང་ལྷ་སར་ཞག་གསུམ་ཙམ་བཞུགས་ནས་སྨོན་ལམ་གཏད་རྒྱ་ལུང་བསྟན་སོགས་གནང་ནས་ཆུ་བོ་རིའི་ཕྱོགས་ལ་ཕེབས་སོང༌། ངེད་རང་རྣམས་ནས་ལྷ་སའི་སྨོན་ལམ་ཆེན་མོ་ཚོགས་འདུག་པ་ལ། འགྱེད་མང་ཇ་ཕུལ། བཅོ་ལྔའི་མཆོད་པ་རྫོགས་འཕྲལ་རྒྱལ་ཚབ་རིན་པོ་ཆེར་དགོངས་པ་ཞུས། མངའ་གསོལ་དབུགས་དབྱུངས་རྒྱ་ཆེར་གནང་ཞིང་ལྷ་ས་ནས་ཐེག །བྲག་ཡེར་བར་མཆོད་འབུལ་ཕྱག་མཆོད་སོགས་བྱས། དབུ་རུ་ཀ་ཚལ་མཇལ་ཞིང་འབྲི་གུང་རྫོངས་སུ་སླེབས། སྐྱབས་མགོན་རྣམ་གཉིས་ལྷ་རྩེའི་ཕོ་བྲང་དུ་ཕེབས་ནས་སོས་གཏོར་འཛུག་གིན་ཡོད་པ་མཇལ་ཞིང༌། རིམ་བཞིན་སྐུ་རྗེས་སུ་འབྲངས་ནས་རྫོང་གསར་ནས་བརྒྱུད། ཡང་རི་སྒར་དུ་སླེབས། རྒྱལ་སྲས་རིན་པོ་ཆེའི་སྐུ་དྲུང་ནས། ཀུན་མཁྱེན་གོང་མ་ནས་བརྒྱུད་པའི་འདུས་པ་མདོ་དབང་ཆེན་མོ། ཞབས་དྲུང་རིན་པོ་ཆེའི་དྲུང་ནས། ཁྲོ་ཆུ་དུག་སྔོང་དང་འཆར་ཁ་བཅས་ཀྱི་དབང་ལུང་ཐོབ། མ་ཅིག་གྲུབ་པའི་རྒྱལ་མོའི་ཚེ་དབང་གིས་མཐའ་བརྒྱན་པར་མཛད། རྒྱལ་སྲས་རིན་པོ་ཆེས་སྒྲོལ་དཀར་ཚེ་སྒྲུབ་འཆི་མེད་དཔལ་སྟེར་སྒྲ་མི་སྙན་པའི་ལུགས་གསུམ་གྱི་དབང་གིས་མཐའ་བརྒྱན་པར་མཛད་ཅིང༌། བཀའ་བརྒྱད་ཀྱི་སྒྲུབ་མཆོད་ཆེན་མོའི་གཙོས་དུས་མཆོད་ཆེན་མོ་རྣམས་མཇལ། ང་རང་ཁམས་སུ་མར་འོང་རྒྱུའི་དགོངས་པ་ཤིན་ཏུ་གནང་དཀའ་བ་བྱུང་ཡང༌། བླ་མཆན་ཆོས་གྲགས་སྡེ་དགེའི་སྐུ་ཚབ་ཕ་རྒན་བཅས་ཀྱིས་ནན་ཞུས་བྱས་པར་ཐུགས་ཁྲེལ་རྒྱུ་ལས་སྙན་ལམ་འགྲོ་བར་ཤིན་ཏུ་དཀའ་ཡང༌། གྲུབ་དབང་བླ་མའི་སྐུ་ནར་སྨིན་པའི་དོན་གྱིས་ཞབས་དྲུང་རིན་པོ་ཆེས་ལན་གཅིག་ཐབས་མི་འདུག་གསུངས་ནས་དགོངས་པ་གནང་ཙམ་བྱུང་ཡང་ལོ་བདུན་མཚམས་ནས་ཅིས་ཀྱང་ཡང་འོང་དགོས་རྒྱུའི་བཀའ་ནན་གསུང་བྲིས་བཅས་ལྕི་ནན་དྲག་པོ་གནང་སོང་ཞིང༌། འོང་ཁར་ཞབས་དྲུང་རིན་པོ་ཆེ་ནས་ཐུགས་གཏད་སྨོན་ལམ་རྒྱ་ཆེར་གནང༌། རྒྱལ་སྲས་རིན་པོ་ཆེས་ད་ལན་རང་ཅག་འབྲལ་མི་དགོས་ཙམ་ཨི་འོང་སྙམས་ཀྱང་ཐོག་ཁེལ་མ་བྱུང༌། ཡབ་རྗེ་ཆོས་ཀྱི་རྒྱལ་པོ་དེས་འབྲི་གུང་པ་ལ་ང་རང་གནང་རྒྱུ་དེ་ཡང་ཅུང་ཟད་མ་ལེགས་འདུག །སྐྱེ་བ་སྔ་མ་གང་ཡིན་ཀྱང་རུང་སྟེ། སྐྱེ་འདིར་རང་ཅག་སྔགས་འཆང་རིག་པ་འཛིན་པའི་བརྒྱུད་པ་ལ། །ཡབ་རྗེའི་རང་ལུགས་འཛིན་ཞིང་ཉིད་ཀྱི་ཞབས་ཏོག་བསྒྲུབ་པ་ཞིག་བྱུང་ན་མཆོག་ཏུ་གྱུར་པ་ལགས་ཀྱང༌། ད་ནི་གཞན་དབང་དུ་གྱུར་ཅིང་བྱ་ཐབས་བྲལ་ཕྱིར། སྐྱབས་མགོན་རིན་པོ་ཆེའི་སྐུ་རིང་འདིར་བསྟན་སྲིད་ལ་ཞབས་ཏོག་ཞིག་མ་བསྒྲུབས་ན། རྩ་བའི་བླ་མའི་དགོངས་པ་ཁྲེལ་བའི་རྒྱུར་འགྲོ་བ་མ་གཏོགས། ཡུལ་འདིར་སྡོད་སེམས་མེད་ཀྱང་བྱ་ཐབས་བྲལ་བས། སྐྱེ་བ་ཕྱི་མ་ཉིད་ཀྱི་གམ་དུ་སླེབས་ངེས་ཞིག་བྱེད་པ་ཡིན་གསུངས་ནས། སྐྱེ་ཀུན་འབྲལ་བ་མེད་པའི་སྨོན་ལམ་རྣམ་པར་དག་པའི་མཚམས་སྦྱར་གནང༌། དེ་ནས་ངེད་ཅག་གུན་འབྲི་གུང་ནས་དགོངས་ཞུས་ཀྱིས་ཁམས་ཕྱོགས་སུ་ཐེག །འབྲི་གུང་མཐིལ་དུ་སླེབས་ཚེ། །མཆོད་མཇལ་སོགས་བྱས། བསྟན་འཇག་དུར་ཁྲོད་དུ་ཞག་གཅིག་བསྡད། དེའི་ནུབ་འབྲི་གུང་ཨ་ཕྱི་ཆོས་སྒྲོན་བུད་མེད་མཛེས་མ་ལྟག་ལན་ཅན་རིན་པོ་ཆེའི་རྒྱན་ཆ་དུ་མས་སྤྲས་ཤིང༌། དར་གྱི་ན་བཟའ་གསོལ་བ་ཞིག་ཏུ་སྤྲུལ་ཏེ་མདུན་དུ་བྱུང་བར། འདི་ག་རྟེན་གསུམ་མགོན་དྲུགནས་རང་ཅག་སྐྱེ་བ་བདུན་བར་དམ་ཚིག་འབྲེལ། ད་རེས་ཀྱང་ལན་གཅིག་གདན་ས་འདིར་འཁོད་པ་ཡིན། ད་སྐུ་ཚེའི་མཇུག་ཙམ་ལ་གནས་འདིར་ཉིད་ཕེབས་པར་དཀའ་ཡང་ཁོ་བོ་དགོས་པའི་སྐབས་འགར་དྲུང་དུ་འདུད། ལན་གཅིག་བདེ་བར་བཞུད་ཅིག་ཟེར་ཞིང༌། སྐྱེམས་དཀར་ཡོལ་གང་བླུད། རང་ཡང་སྔོན་གྱི་སྐྱེ་བ་དྲན་ཙམ་གྱི་ངང་ནས་རྨིས་སད། ཕྱིར་ཉིན་སྔ་མོ་ནས་མི་རོ་གསུམ་ཙམ་འཕངས་ཤིང༌། བྱ་སྟོན་ཚོགས་འཁོར་བགྱིས་སོང་བ་རྟེན་འབྲེལ་བཟང་པོར་བལྟས། དེ་ནས་རིམ་བཞིན་བྱང་དམར་གཞུང་གི་ཁལ་བྲང་སྟེང་དུ་སླེབས། བསྐང་གསོལ་སོགས་ལམ་ལྷ་བསྒྲུབ་ཅིང་ལམ་དུ་ཞུགས། ནག་ཆུ་མར་བརྒལ་ནས་འོང་བའི་ས་ཞིག་ན། མཚོ་བདུན་པད་འདབ་ཀྱི་ཚུལ་བསྐོར་ཐབས་སུ་འདུག་པའི་ཉེ་ཕྱོགས་སུ་སྒར་པ་ཡང་སྡོད་རྒྱུ་རེད་སོང་བར། ང་རང་མཚོ་དབུས་མ་དེའི་འགྲམ་དུ་ལུས་སྦྱིན་བཏང་ནས་ཞག་གཅིག་བསྡད་པར་རྨི་ལམ་གྱི་སྣང་བར་ཡུལ་་ཁམས་ཀུན་རྟ་བ་དཔག་ཏུ་མེད་པས་གངབ། དེའི་ནང་དུ་གཉན་ཆེན་ཐང་ལྷའི་ཡབ་དྲི་ཟའི་རྒྱ་ཕོ་སེང་གེ་དཀར་མོ་ལ་ཆིབས་ཤིང༌། ཡུམ་སྲས་བློན་པོ་སོགས་འཁོར་ཚོགས་དཔག་ཏུ་མེད་པས་བསྐོར་ཞིང་བྱོན་འདུག །གཉན་པོ་གཡུ་རྩེ་ཡང་འཁོར་ཁྲི་ཕྲག་དང་བཅས་ཕེབས་འདུག །གཞན་ཡང་ངོ་མ་ཤེས་པའི་གཞི་བདག་གཙོ་བོ་དཔག་ཏུ་མེད་པ་ཡང་འདུག་པས། ང་རང་གི་ཕ་ཡིན་ཟེར་བའི་ཐང་ལྷ་ཉིད་ཀྱང་རྟ་མཆོག་ངང་དཀར་ལ་ཆིབས་ཤིང་ཀུན་ལ་བསྒོ་བ་མཛད། གཉན་ཆེན་ཐོད་བ་རྩལ་ནས་ཀྱང་དེ་དང་ལྷན་ཅིག་གྲོགས་ལྡན་མཛད། བུད་མེད་གཟི་བརྗིད་ཅན་དཔག་ཏུ་མེད་པས་ཀུན་ལ་སྟོན་མོ་སྣ་ཚོགས་བཀྲམ་ཞིང་གདའ། དེ་ནས་ཐང་ལྷའི་སྲས་སྲས་མོ་གཉིས་ང་རང་གི་གམ་དུ་བྱུང་སྟེ། མིང་བོ་ཁམས་སུ་ཕེབས་ཕྱིན་བཞུགས་ཡུན་ཤིན་ཏུ་རིང་པོར་ངེས། འོ་ཡང་ཤིན་ཏུ་བརྒྱལ་བར་འདུག །ཅི་ཚུག་བྱེད་ཟེར་ང་རང་ནས་ཉིད་རྣམ་གཉིས་ཁམས་སུ་ཕེབས་ཨི་ཐུབ་སྨྲས་བས། ང་རང་རྣམས་སྐབས་སྐབས་སུ་སླེབ་པར་འདུག་ཀྱང༌། ཉིད་ཀྱི་རྒྱུན་དུ་མི་གཟིགས་པར་འདུག །ང་རང་ལོ་ཅི་ཙམ་ནས་ཡར་སླེབས་ཐུབ་སྨྲས་པས། དེ་རིང་འདིར་སྟོད་གངས་དཀར་ཏི་སེ་མན་ཆད་དང༌། སྨད་ཀྱི་རྒྱ་ནག་ཧ་ཤིང་ཐང་ལྷ་སྨུག་པོ་ཡན་བཟུང་འདུས་ནས་སྟོན་མོ་བྱེད་ཅིང་ཐག་གཅོད་པར་འདུག་ཟེར། དེར་ང་རང་གིས་ཞིབས་པར་བལྟས་ཚེ་མི་རིགས་མི་འདྲ་བ་སྐད་རིགས་མི་འདྲ་བ་ཆས་གོས་མི་འདྲ་བ༌། ས་ཡི་རྡུལ་འཁྲིགས་པ་ཙམ་འདུག །ཇི་ཞིག་ན་ཐང་ལྷ་དང་གཉན་ཆེན་གཉིས་ཚུར་བྱུང་ཞིང༌། བུ་ལན་གཅིག་ཁམས་སུ་བྱོན་ནས་སྨིན་གྲོལ་གྱི་མཇུག་བསྡུ་བ་དང༌། དེ་ནས་བཟུང་དོན་གྱི་བྱ་བྲལ་གང་བྱུང་དེས་ཆོག་གི་མཛད་པ་སྐྱོང་བ་ལས་སྐྱེ་འདིར་ངུར་སྨྲིག་བསྟན་པ་འཛིན་པའི་གོ་སྐབས་མེད་དོ། །ཤར་ཕྱོགས་ལྕང་ལོ་གོས་དཀར་གྱི་བསྟན་པ་བཤིགས་པ་དེ་དག་ཟིལ་གྱིས་གནོན་དགོས། བདུད་དང་མ་རུངས་ལོག་པར་འདྲེན་པ་ཚར་གཅོད་དགོས། ཡུལ་ལ་ངེས་པ་མེད་པ། གནས་ལ་ངེས་པ་མེད་པ། སྤྱོད་པར་ངེས་པ་མེད་པ་སྣང་བ་ཧུར་པོས་སྤྱོད་པ་གདོང་འདེད། །ཨ་ཙར་དམར་པོའི་བརྟུལ་ཞུགས་ངོམས་པ་ཞིག་བྱུང་ན། །ཕ་མའི་བསམ་བ་རྫོགས་པ་ཡིན་གསུངས་འདུག །ལོ་ཚོད་ཀུན་ད་དུང་གསལ་བར་དཀྲིགས་ཆོད་མ་བྱུང་ཀྱང༌། ངེད་ཅག་གཉིས་ནས་གཉེར་འཛིན་རྗེས་སུ་ས་མཚམས་འབྱེད་པ་ཡིན་ཟེར་ཞིང་སོང༌། དེ་ནས་སྲས་མིང་སྲིང་གཉིས་ནས་འདི་དག་རྣམས་ད་དུང་ཞགས་བདུན་གྱི་བར་དུ་གྲོགས་བྱེད་དགོས་བར་འདུག །ངེད་ཅག་གཉིས་ནས་ཉིད་བླ་མའི་དྲུང་དུ་མ་སླེབས་པར་འཁོར་བརྒྱ་ཕྲག་བདུན་དང་བཅས་སྐྱེལ་མ་ཡོད་དོ་ཟེར། དེ་ནས་བུད་མེད་ཞིག་གིས་སྣ་དྲངས་ཏེ། ཕོ་མོ་བརྒྱ་ཕྲག་མང་པོས་ཕན་བདེ་འབྱུང་བའི་གནས་གཅིག་ཕུ་སོགས་དབྱངས་སྙན་པོས་བརྫོད་ཅིང་མེ་ཏོག་འཐོར། དེར་རྫོགས་པ་དང་ཆབ་ཅིག་ང་རང་ཡང་རྨི་ལམ་སད། ནམ་ལངས་མ་ཁད་འདུག་པ། རྗེས་ཆོག་རྣམས་བྱས་ནས་སྒར་ནང་ཕྱིན་ཏེ་ལམ་དུ་ཞུགས་སོ། དེ་ནས་ཤུལ་ལམ་རིམ་བགྲོད་ཀྱིས་བུ་དོན་ཟ་མཁར་སླེབ་དུས། རྗེ་བླ་མའི་དྲུང་ནས་བང་ཆེན་བཟོད་པ་ཞེས་པ་སླེབས་བྱུང་བ། ཆོས་གྲགས་དང་ངེད་ཅག་ཁ་ཤས་མྱུར་མགྱོགས་ཀྱིས་སླེབ་དགོས་པའི་གསུང་ཤོག་གནང་འབྱོར་ལྟར་འབྲི་གུང་ཕྱག་མཛོད་དང་སྡེ་དགེའི་སྐུ་ཚབ་གཙོས་སྒར་གཞི་ཀུན་ཤུལ་དུ་བཞག་ནས། དཔོན་གཡོག་བཅུ་ཙམ་སྒར་ཆུང་ཞིག་བྱས་ནས། ལམ་བར་ཡང་བླ་མ་མཚམས་པའི་དྲུང་དུ་ཞག་གཅིག་ཙམ་བསྡད་པ་ལས། གཞན་སུ་ལའང་འཕྲད་ཙམ་ལས་འགོར་གཞི་མེད་པར། མྱུར་འགྱོགས་ཀྱིས་ཕྱིན་ནས་རྗེ་བླ་མའི་གདན་ས་ཆེན་པོ་ཡར་ཀླུང་པདྨོ་བཀོད་དུ་མེ་བྱི་ཟླ་༦ཚེས་༡༠ལ་སླེབས་ཤིང་ཟལ་མཇལ་གསུང་གི་བདུད་རྩི་ལ་ལོངས་སྤྱོད། ཐུགས་ཤིན་ཏུ་དགྱེས་པའི་རྣམ་འགྱུར་མཛད་ཅིང་ད་ནི་ཁོ་བོའི་བསམ་པ་ཡོངས་སུ་རྫོགས་པ་ཡིན། ལོ་འདིར་རྨི་ལམ་ལུང་བསྟན་ཡང་མང་པོ་བྱུང༌། འདུ་བ་འཁྲུགས་ཤིང་ཚེ་གེགས་དང་རྩུབ་ཆ་ཤིན་ཏུ་ཆེ་བར་འདུག་ཀྱང༌། འདོད་པ་ཁམས་ཀྱི་དབང་ཕྱུག་མའི་སྟོབས་ཀྱིས་ལན་གཅིག་བཟློག་སོང་ཡང་མིག་འདི་ཅུང་ཟད་འགྲིབ་སོང་བས་ཡི་གེ་སོགས་མི་མཐོང་བར་འདུག་འཁོར་རྣམས་དུས་ངན་མིའི་བསམ་སྤྱོད་མང་ཕྱིར། མ་མོ་མཁའ་འགྲོ་ཡང་འཁྲུགས་པའི་རྒྱུར་སོང་ཡང༌། ཚོགས་དང་འཁྲུགས་སྐོང་སོགས་བགྱིས་པས་ལན་གཅིག་ཞི་སྐབས་ཡིན། དང་གཤིན་གྱི་དངོས་རྫས་རྣམས་ཆུད་མི་ཟ་བའི་ཕྱིར་དུ། ལོ་ཕྱི་ནང་འདིར་གཙུག་ལག་ཁང་ཞིག་བཞེངས་དགོས་པ་ཡོད། ཁྱོད་རང་ཡང་ལོ་འདིའི་མཇུག་ཏུ་ཀཿཐོག་རྡོ་རྗེ་གདན་གྱི། དགེ་སྤྲུལ་མ་ཧཱ་པཎྜི་ཏ་ཆེན་པོ་དང༌། གྲུབ་པའི་དབང་ཕྱུག་ཆེན་པོ་ཞིང་སྐྱོང་སྤྲུལ་པའི་སྐུའི་དྲུང་དུ་ཕྱིན་ནས། དབང་ལུང་དང་སློབ་སྦྱངས་ཁ་ཤས་དགོས་པ་རྣམས་ང་རང་མ་ཤི་གོང་འདིར་མཐའ་རྫོགས་དགོས་ཞེས་བཀའ་གནང༌། སྐབས་དེར་ང་རང་ནས་རྩ་རླུང་གི་འཁྲུལ་འཁོར་དང་དམིགས་རིམ་རྣམས་ཞུས་ཤིང་དག་པར་བྱས། ཀུན་མཁྱེན་གོང་མའི་ཞལ་རྒྱུན་ཡིན་གསུང་ཞིང༌། རྒྱུད་གསང་བ་སྙིང་པོའི་དཔེ་ཐོག་ནས་ཚིག་ཁྲིད་ཞིག་དང༌། འགྲེལ་བ་ཕྱོགས་བཅུ་མུན་སེལ་གྱི་ལུང་དང་བཀའ་གཏད་བཅས་གནང༌། སྐབས་ཤིག་ན་སྒར་གཞི་རྣམས་ཀྱང་སླེབས་ཤིང་སོ་སོར་གྱེས། སྟོན་དེར་འཛིར་ཀ་ལ་ནས་བསོད་སྐོར་ཙམ་སོང༌། ཕྱིར་འཁོར་དུས་མགོ་ལོག་ནས་སྲིང་མོ་དང་མ་རྒན་བཅས་རྗེ་བླ་མའི་སྐུ་དྲུང་དུ་སླེབས་འདུག །དེ་ནས་ངེད་ཅག་མིང་སྲིང་དང༌། གྱི་ལིང་མཆོག་སྤྲུལ་ཐུགས་མཆོག་རྡོ་རྗེ་དང༌། རྗེ་བླ་མའི་རུས་དབན་སྟོབས་རྒྱལ། ཚ་དབན་གློང་གསལ་བཅས་ཀྱིས་གཙོས། དཔོན་གཡོག་བཅུ་ལྷག་ཙམ་ཀཿཐོག་ཏུ་འགྲོ་རྒྱུ་མཛད་འདུག །དེར་དབང་ལུང་ཁྲིད་སོགས་ཞུ་རྒྱུ་རྣམས་བཀའ་བཀོད་ཞལ་གདམས་ལུང་བསྟན་བཅས་དམ་པོར་གནང་ནས་ཡར་ཐེག །སྡེ་དགེར་སླེབས་དུས་ཀློང་སྙིང་གི་དབང་ལུང་སོགས་བྱེད་དགོས་གསུངས་ནས་རེ་ཞིག་འགོར། ཀཿ་ཐོག་ཏུ་སླེབས་དུས། ཞིང་སྐྱོང་སྤྲུལ་པའི་སྐུ་རིན་པོ་ཆེ་དང༌། རྨོག་ཚ་བཅས་ལ་མཇལ་ཕྲད་བྱུང༌། དེ་ནས་སྦྲ་འགོ་རི་ཁྲོད་དུ་ཕྱིན། སྐྱབས་མགོན་དགེ་སྤྲུལ་རིན་པོ་ཆེའི་ཞལ་མཇལ་ཞིང༌། ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་ནས། མ་འདྲིས་པའི་འཛའ་བཤེས་དང༌། ནང་ལུགས་ཀྱི་བཀའ་བཀོད་དམ་པོར་གནང༌། སྐབས་དེར་ཕྱག་ཚ་སྤྲུལ་སྐུ་རིན་པོ་ཆེའི་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་པ་གདུང་མཆོད་དང་དགོངས་རྫོགས་བུམ་སྒྲུབ་བཅས་ཀྱི་དབུར་འདུག་དགོས་ཀྱི་བཀའ་ཕེབས་བྱུང་ལྟར། གང་གསུངས་ལྡོག་མ་ནུས་པས་བཀའ་བཞིན་སྒྲུབ་དགོས་བྱུང༌། དེ་ནས་རེ་ཞིག་དཔོན་གཡོག་ཉུང་ཤས་ཙམ་བསྡད་ཅིང༌། སྐྱབས་མགོན་མ་ཧཱ་པཎྜི་ཏ་ཆེན་པོས། ཐོག་མར་བསྙེན་པའི་ཁ་བསྐང་སོགས་མཛད་ནས། ཚོགས་ཆེན་འདུས་པའི་འདུས་པ་མདོ་དབང་ཆེན་མོ་སྒོ་འབྱེད་ཕྱག་རྡོར་ནས། མཐའ་རྟེན་ཚེ་དབང་གི་བར་ཞག་བཅོ་ལྔ་ཙམ་དུ་རྒྱས་པར་གནང༌༑ རྗེས་སྒྱུ་འཕྲུལ་ཞི་ཁྲོ། ཡང་དག །སངས་རྒྱས་མཉམ་སྦྱོར། དོང་སྤྲུགས། རོང་ཕུར་སོགས་བཀའ་མའི་དཀྱིལ་འཁོར་ཆེ་རིམ་གྱི་དབང་ལུང༌། རྒྱུད་གསང་བ་སྙིང་པོའི་འགྲེལ་བཤད་ཞིབ་རྒྱུས་ཟླ་དྲུག་བར་དཔུ་མ་དང་གྲུབ་་མཐའི་རྣམ་དབྱེ། དཀྱིལ་འཁོར་སྤྱིའི་རྣམ་བཞག །ཐིག་ཚོན་དང་བློས་སློང་གི་ཞལ་ཁྲིད་བཅས་དང༌། བཀའ་བརྒྱད་རྣམ་གསུམ་དབང་ལུང༌། རྒྱུད་གསང་བ་སྙིང་པོའི་བཀའ་འགྲེལ་མི་འདྲ་བ་བཅུ་གཅིག་ལུང༌། དམ་པ་བདེ་གཤེགས་ཀྱི་བཀའ་འབུམ་ཐོར་བུའི་སྐོར། རྗེ་ཉིད་དང་ཀུན་བཟང་ངེས་དོན་དབང་པོའི་བཀའ་འབུམ་སྐོར་ཚང་མ། གཞན་ཡང་མན་གང་གི་སྐོར་ཐོར་བུ་བཅས་སྨིན་གྲོལ་དུ་རྗེས་སུ་བཟུང༌། བར་སྐབས་ཀཿཐོག་དགོན་ཆེན་དུ་ཕྱིན་ནས། དགེ་སྤྲུལ་རིན་པོ་ཆེའི་བཀའ་བཀོད་ལྟར་སྒྲུབ་མཆོད་རྣམས་ཀྱི་ཕྱག་བཞེས་མཐོང་བ་བརྒྱུད་པའི་རྣམ་བཞག་སོགས། བློ་ལ་ངེས་པར་བྱས། སྒྲིགས་ལམ་ལ་ཡང་ས་བཅད་མི་སྟོང་ཙམ་ཞུགས། ཞིང་སྐྱོང་རིན་པོ་ཆེའི་སྐུ་དྲུང་ནས་རིག་འཛིན་བདུད་འདུལ་རྡོ་རྗེའི་ཆོསསྐོར་དབང་ལུང་ཚང་མ། རྨོག་སྤྲུལ་རིན་པོ་ཆེའི་དྲུང་ནས་ཀློང་གསལ་ཆོས་སྐོར་ཚང་མ། གོང་མའི་དག་སྣང་ཕྲན་བུའི་སྐོར་བཅས་ཐོབ། རེ་ཞིག་སྡོད་རྩིས་ཡིན་ཡང༌། སྡེ་དགེ་ལྷ་ལྡན་དུ་བྱོན་དགོས་པའི་དོན་གྱིས་འབོད་པ་ནན་ཏན་བྱུང་བར་བརྟེན། ལོ་གཅིག་ལྷག་ཙམ་ལས་སྡོད་རྒྱུ་མ་བྱུང་བར། རྗེ་བཙུན་མ་ཧཱ་པ་ཎྜི་ཏ་ཆེན་པོས་ང་རང་སྲིང་མོར་བཅས་ལ་བརྩེ་གཟིགས་རྒྱ་ཆེན་མི་དམན་པར་མཛད་ཅིང༌། སྨོན་ལམ་གཏད་རྒྱས་མཐའ་བརྒྱན་ཞིང༌། མཁྱེན་བརྩེ་གོང་མའི་བཀའ་ལུང་ལྟར་ཀློང་ཆེན་སྙིང་ཐིག་གི་ཆོས་ཀྱི་བདག་པོ་ཀཿཐོག་པ་ཡིན་བཞིན་སླར་ཡང་བསྟན་པ་གཅིག་དྲིལ་གྱིས་རང་བསྟན་ལ་ཞབས་ཏོག་དགོས་པའི་བཀའ་ནན་ཀྱང་གནང་ཞིང༌། སྤྲ་འགོ་ནས་དགོངས་པ་ཞུས་ཏེ། དགོན་ཆེན་དུ་སླེབས། སྤྲུལ་སྐུ་རྣམས་ནས་ཀྱང་ཐུགས་ཡིད་གཅིག་འདྲེས་ཀྱི་བརྩེ་གཟིགས་མི་དམན་པའི་སྐྱེལ་གཏོག་སོགས་མཛད། སྐྱབས་མགོན་བླ་མས་སྐུ་འབུམ་རིང་མོར་ཕྱག་བསྐོར་གནད་སྨིན་ཞིག་སྒྲུབ་དགོས་གསུང་བཀའ་ནན་ཡོད་ཀྱང༌། སྲིང་མོ་མ་གཏོགས་ང་རང་གཞན་དབང་ཤུགས་ཆེ་བས་ཐོག་ཁེལ་མ་བྱུང་བར་རྗེས་སོར་བསྒྲུབ་པའི་རྟེན་འབྲེལ་དུ་བཞག་སྟེ་ཡར་ཐེག །སྡེ་དགེར་སླེབས་པར་དབུས་ཕེབས་ཀྱི་ཞབས་བརྟན་སྣ་སེལ་གང་དགོས་སྒྲུབ། ལྡན་ཕྲ་བོ་ཐང་བར་ཆིབས་སྐྱེལ་བྱས་ནས་མར་ལོག །སྲིང་མོ་ཡང་རེ་ཞིག་རྗེ་བླ་མའི་དྲུད་དུ་ལོག་སོང༌། ང་རང་རྫོགས་ཆེན་དགོན་ནས་བརྒྱུད་དེ། རྒྱ་རོང་དགོན་དུ་རྗེ་བླ་མའི་བཀའ་བཀོད་ལྟར། རྗེ་བཙུན་ནམ་མཁའ་ཚེ་དབང་མཆོག་གྲུབ་རིན་པོ་ཆེའི་དྲུང་དུ་བཅར། དེ་དུས་མཐོན་པོས་བཀུར་བའི་མཆོད་གནས་དང༌། ཐོས་ཆུང་གི་ང་རྒྱལ་དྲག་པོས་རང་རྒྱུད་བསླད་ཡོད་འདུག་པས། དམ་པ་དེའི་ཐབས་མཁས་ཀྱི་མཛད་པས་ང་རྒྱལ་བཅོམ་ཞིང་རང་སྐྱོན་ངོས་ཟིན་པ་བྱུང༌། རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་དང༌། གསང་བ་སྙིང་ཐིག་ཟུང་འབྲེལ་གྱི་སྨིན་ཁྲིད་ཉི་གྲགས་ཆོས་སྐོར་གྱི་དབང་ལུང༌། རྫོགས་པ་ཆེན་པོའི་རྒྱུད་བཅུ་བདུན། སྨིན་གླིང་བཀའ་འབུམ་སྐོར་ཐོར་བུ། བླ་མ་དགོངས་འདུས་ཀྱི་་དབང་ཆེན་བཅས་གནང༌། མ་གཟའ་དམ་གསུམ་སྲོག་གཏད་མཛད་ཅིང༌། དམ་ཆོས་སྒུབ་པའི་འགལ་རྐྱེན་ཞི་བའི་གཉེར་གཏད་སོགས་མཛད་ནས། བར་སྐབས་ངེད་ཅག་རྣམས་ཡིད་ལྷུང་ཁོག་ཏུ་སྐོར་ཙམ་ཕྱིན་ཏེ། སླར་ཡང་དམ་པའི་མགོན་ཉིད་རྒྱལ་སྣ་སུམ་མདོར་བྱོན་ཞིང་ལྟ་བའི་ངོ་སྤྲོད་ཉམས་མགུར་སྨོན་ལམ་གཏད་རྒྱ་གསུང་སྒྲོས་ཚུལ་ཀྱིས་མ་འོངས་ལུང་བསྟན་སོགས་རྒྱ་ཆེར་གནང་ཞིང་ཡར་ཕེབས་སོང༌། ངེད་ཅག་རྣམས་རྫ་ཆུ་ཁར་དཀོར་སྡུད་ཁྱུག་ཙམ་བྱས་ནས་དངོས་རྫས་ཕྲན་བུ་རྗེ་བླ་མའི་གདན་སར་ལྷ་ཁང་གསར་བཞེངས་ཀྱི་མཐུན་རྐྱེན་དུ་མར་བསྐུར། ངེད་ཅག་དཔོན་སློབ་ཁ་ཤས། གི་ལུང་དགོན་གྱི་བླ་མ་འཇིགས་མེད་ངོ་མཚར་དྲུང་དུ་བསྡད་ནས། རྙིང་མའི་རྒྱུད་འབུམ་གྱི་ལུང་ང་རང་གཅིག་པུས་ཞུས། དེའི་ཚེ་རྨི་ལམ་ན་བི་མ་མི་ཏྲ་རེད་ཟེར་བའི་བླ་མ་སྐུ་མདོག་ཅུང་ཟད་སྨུག་ཅིང་པཎྜི་ཏའི་ཆ་བྱད་ཅན་ཞིག་དང་མཇལ། རྒྱུད་གསང་བ་སྙིང་པོའི་རྩ་བའི་ལུང་དང་བཀའ་གཏད་དོན་འབྲེལ་གནང་བའི་ཉམས་བྱུང་བར་ཟླ་བ་གཅིག་ཙམ་དུ་བློ་ལ་ངེས་པར་སྣང་ཡང་སླར་བཏང་སྙོམས་སུ་ལུས། བཀའ་ལུང་གཏད་རྒྱ་རྣམས་རྫོགས་ནས། མར་ཐེག་ཅིང་རྗེ་བླ་མའི་དྲུང་དུ་སླེབས། དེར་ལྷ་ཁང་ཡང་སངས་རྒྱས་སྟོང༌། ཡབ་སྟོང༌། ཡུམ་སྟོང༌། སྲས་སྟོང༌། རིམ་གྲོ་བ་སྟོང་བཅས་ཀྱི་གྱང་རིས། ཨོ་རྒྱན་ཆེན་པོའི་སྐུ་ཐོག་ཚད། ཀུན་མཁྱེན་རྣམ་གསུམ། གྲུབ་ཆེན་བརྒྱད་ཅུ། རྗེ་འབངས་ཉེར་ལྔ། མར་མི་དྭགས་གསུམ། རྫོགས་ཆེན་བླ་བརྒྱུད་བཅས་ཀྱི་སྐུ་བྲག་རི་མ། ཕྱི་རོལ་དུ་བསྐོར་ཁང་སོགས་འབད་རྩོལ་ཆེར་མི་དགོས་པར་ཐུགས་རྗེས་ཤུགས་ཀྱིས་གྲུབ་འདུག་པ། རྗེ་ཉིད་དང་ཀཿཐོག་ཞིང་སྐྱོང་སྤྲུལ་པའི་སྐུ་སོགས་ཀྱིས་རབ་གནས་གནད་སྨིན་མཛད་འདུག་ཅིང༌། རྗེས་སུུ་ང་རང་ལ་ཡང་རབ་གནས་དགོས་པའི་བཀའ་ཕེབས་ལྡོག་ཏུ་མ་ནུས་ནས་ཞབས་ཏོག་གི་ཚུལ་དུ་བསྒྲུབ། དགུན་དེར་རྩ་རླུང་གནད་སྨིན་ཙམ་སྦྱངས། ས་སྟག་གསར་ཚིས་ལོ་མགོར་རྫ་སྟོད་ཀྱི་སྡེ་དགེའི་སྡེ་ཁྲོམ་གཟའ་གོང་མ་བྲོས་སོང་བའི་རྩད་གཅོད་ལ། རྫོགས་ཆེན་རིན་པོ་ཆེ། ཟེ་ཅེན་དབོན་སྤྲུལ། ང་རང་བཅས་འགྲོ་དགོས་བྱུང་བར་རྨ་སྟོད་དུ་སླེབས་ཚེ་རུ་བ་རྣམས་ཀྱང་རྗེས་ཆོད་ཅིང༌། ཕྱིར་རང་གནས་སུ་འཁོར་རྒྱུར་ཐག་ཆོད། དེའི་ཚེ་མཁའ་རི་དངུལ་དཀར་སྒྲོལ་མར་སླེབས་དུས། བུད་མེད་དྲིའུ་དཀར་མོ་ལ་ཞོན་པ། ལག་ན་མདའ་དར་དང་བུམ་པ་ཐོགས་ཤིང༌། འཁོར་ཤྭ་རྐྱང་ལ་ཞོན་པ་བརྒྱད་ཀྱི་བསྐོར་བ་ཞིག་སླེབས་བྱུང་བར། སྐྱེས་བུ་ཆེན་པོ་ད་རེས་བྱོན་པ་ཤིན་ཏུ་ལེགས། ས་ཕོ་སྟག་གི་ལོ་འདིར་རྟེན་འབྲེལ་དུས་ལ་བབ་པས་ངེད་ཀྱི་གནས་སུ་བྱོན་པར་ཞུ་ཟེར་བས། ང་རང་ཡང་ཁོ་རང་རྣམས་ཀྱི་རྗེས་སུ་འབྲངས་ནས་སོང་བའི་སྣང་བ་བྱུང༌། ཇི་ཞིག་ན་རིན་པོ་ཆེ་ཤེལ་གྱི་སྐུ་མཁར་ཡ་མཚན་བཀོད་པ་ཕུན་སུམ་ཚོགས་པ་ཞིག་འདུག་པའི་ནང་དུ་སླེབས། ང་རང་ལ་འོ་ཞོ་སོགས་བཟའ་བཏུང་སྣ་ཚོགས་བྱིན། སླར་སྒོ་ནང་མ་ཞིག་འདུག་པ་དེ་ནང་ལ་སོང་ཟེར་ལྟར་ཕྱིན་པས། རིན་པོ་ཆེའི་ཁྲི་སྟེང་དུ་གུ་རུ་པདྨ་རྒྱལ་པོ་ཡབ་ཡུམ་བཞུགས་འདུག་པར་ཕྱག་འཚལ་ཞིང་བྱིན་རླབས་ཞུས་པས། ཉི་མ་དང་ནི་འོད་ཟེར་བཞིན། སྤྲུལ་བ་སྤྲུལ་གཞི་དབྱེར་མེད་ཀྱང༌། ཟབ་རྒྱས་ཆོས་ཁམས་རྒྱས་མཚོ་ཡི། །ལྡེ་མིག་ཚུལ་དུ་དག་སྣང་ཆོས། །རང་གི་སྒྲུབ་པ་སྤེལ་བར་གྱིས། །ཞེས་གསུང་ཞིང་དབང་བཞི་རྫོགས་པར་མཛད། སླར་ཡང་ཡབ་ཡུམ་མཉམ་སྦྱོར་གྱི་སྐུ་དེ་འོད་དུ་ཞུ་ནས། རང་ལ་ཐིམ་སོང་བའི་ཉམས་བྱུང་བར། རྡོ་རྗེ་དབའ་རླབས་ཆེན་མོ་ལྟར་ཆོས་ཉིད་བརྗོད་བྲལ་གྱི་ངང་དུ་དར་ཅིག་ལུས། དེ་ནས་སྒོ་ཕྱིར་ཐོན་པས་རིན་པོ་ཆེའི་ཁྲི་ཞིག་འདུག་པ་དེའི་ཁར་ང་རང་བཞག །གླིང་གི་དགྲ་བླ་བཅུ་གསུམ་མདུན་མཁར་བྱོན་ནས་ཤིས་བརྗོད་མཛད་ཅིང༌། ང་རང་གི་གཡས་ཕྱོགས་དེར་གསེར་ཁྲིའི་ཁར་མི་སྨུག་པོ་དུང་གི་སོ་སྒོ་ཅན། ལྭ་བ་སྨུག་པོ་གསོལ་ཞིང་སྒྲུང་ཞྭ་དབུུ་ལ་གྱོན་པ་ཞིག་གིས་ལྷ་འབོད་དང༌། སྡེ་བརྒྱད་ཟིལ་གནོན་གྱི་གླུ་ཆུང་ལེན་ཞིང་གདའ་གཡོན་ཕྱོགས་དེར་བུད་མེད་བྱ་རྒོད་ཐུལ་བ་གསོལ་བ་ཞིག་གིས་ཚེ་དབང་ཞིག་གནང་བྱུང༌། དེ་ནས་སྔར་གྱི་བུད་མེད་དེས། ཀུན་ལ་སྟོན་མོ་ལྟ་བུ་ཞིག་བཞག །སླར་ང་རང་ཡང་རྟ་དཀར་ཞིག་ཞོན་ནས་རང་གནས་སུ་འོང་བའི་ཉམས་བྱུང༌། དེ་ནས་རྨིས་སད་པར་ཉིན་མཚན་གསུམ་སོང་བའི་ཉི་མ་རྩེ་ཤར་ཙམ་དུ་རེད་འདུག །དྲུང་དུ་བླ་མ་མཚམས་པ་དང༌། བློ་བཟང་ནོར་བུ་གཉིས་འདུག་པར། ཁར་སང་ཉིན་གཅིག་དེར་ཉིད་གཉིད་སད་རྒྱུ་གཏན་ནས་མི་འདུག་པས། བླ་མ་བློ་བཟང་ནོར་བུ་སྐྲགས་ནས་རྫོགས་ཆེན་རིན་པོ་ཆེ་ལ་ཡང་ཞུས། བླ་མ་མཚམས་པ་ཡང་གདན་དྲངས་འདུག་པ། རྫོགས་ཆེན་རིན་པོ་ཆེ་བྱོན་ནས་མེ་ལོང་ལ་བརྟེན་པའི་ཁྲུས་གསོལ་ཞིག་མཛད་ཅིང་སྐྱོན་མི་འདུག་གསུངས། བླ་མ་མཚམས་པས་མདངས་ང་རང་གི་རྨི་ལམ་ཡང་ལེགས། སྐུ་ལུས་ཀྱི་བཀྲག་མདངས་ཀྱང་མ་ཉམས་པར་འདུག་པས། བཟང་ལྟས་རེ་ཡིན་པས་ཆེ། གང་ལྟར་གསང་རྒྱ་དམ་པོར་བྱེད་གསུངས་ནས། ཀུན་ལ་གསང་ཞིང་ཁོ་རང་གཉིས་བཞུགས་འདུག །ང་རང་ནས་ཁྱོད་ཅག་རྣམས་ཀྱིས་འབོད་པ་ཡང་མ་ཚོར། རྨི་ལམ་འཁྲུལ་པ་སྣ་ཚོགས་བྱུང་པར་ཡེངས་ནས་ད་བར་ལུས་སོང་སྨྲས། བླ་མ་མཚམས་པ་ནས་འོ་བཀའ་དྲིན་ཤིན་ཏུ་ཆེ་རྟེན་འབྲེལ་ཡང་ལེགས། མཁའ་རི་དངུལ་དཀར་སྒྲོན་མ་འདི་ཡང༌། སྔོན་སློབ་དཔོན་ཆེན་པོའི་ཐ་ཚིག་ལ་གནས་པ། རྨ་སྟོད་རྩེ་ལྷ་བཅུ་གསུམ་གྱི་གཙོ་མོ་གེ་སར་སྐྱེ་བུའི་དགྲ་བླ་ཞིག་ཡིན་ཟེར་བར་འདུག །གང་ལྟར་གསང་རྒྱ་དམ་པོར་མཛད་ན་ལེགས། གཟིམས་ལམ་དང་གཟིགས་སྣང་ཅི་བྱུང་ཡང་མ་འོངས་དུས་ལ་མ་བབ་བར། རྫོགས་ཆེན་རིན་པོ་ཆེས་གཙོར་ངེད་ཅག་སུ་ལའང་མི་གསུང་བ་གསོལ་བ་འདེབས། མ་གསང་ན་བར་ཆད་མང༌། གསང་ན་དངོས་གྲུབ་འབྱུང༌། བྱིན་རླབས་མྱུར་ཞེས་ཟེར་ང་རང་གིས་ཅི་ཡང་མ་སྨྲས་ཀྱང༌། ལྐོག་གྱུར་མངོན་དུ་རིག་པ་ལྟར་དགའ་སྤྲོ་དང༌། དག་སྣང་དཔག་ཏུ་མེད་པ་བྱེད་ཀྱིན་གདའ། སྐབས་འདིར་གུ་རུ་པདྨ་རྒྱལ་པོའི་ཆོས་སྐོར་དག་སྣང་གི་ཚུལ་དུ་བྱུང༌། ཞག་བཅུ་གསུམ་གྱི་མཚམས་སུ་རྟེན་འབྲེལ་མི་འཆུག་པའི་བརྡའ་ཚོན་དུ་སྔོན་འགྲོ་ཙམ་ཕབ་ནས་གཞན་རེ་ཞིག་གསང་རྒྱ་བཏབ་དེ་ནས་རུ་བ་ངེད་ཅག་སྒར་པ་རྣམས་བཅས་མར་འཁོར་ནས་རྫ་ཆུ་ཁར་སླེབས། རུ་བ་རྣམས་རང་གནས་སུ་བཞག་པའི་སྐབས་དེར་དབུ་རྒྱམ་ཁ་མདོ་ཞེས་བྱ་བར་ཞག་གཅིག་གནས་བར། དེའི་ནུབ་རྨི་ལམ་དང་མངོན་སུམ་མ་ངེས་བར་བན་དེ་བཙུན་གཟུགས་གླང་ཆེན་ལ་ཞོན་པ་ཞིག་བྱུང་སྟེ་བདག་ལ་ཐོ་མཚམས་པའི་ལས་སྣ་ཚོགས་བགྱིས་སོ། །སྐབས་དེར་དྲག་པོ་རྟ་ཁྱུང་འབར་བའི་བསྐྱེད་རིམ་ལ་ཞུགས་པར། ཁོ་རང་ཡང་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རིམ་ལ་ཞུགས་ཏེ། ང་ཡི་བསྐྱེད་རིམ་ལས་ལྷག་པའི་མཐུ་སྟོབས་གཟི་བརྗིད་དང་ལྡན་པར་གྱུར་ཏོ། །དེའི་ཚེ་གཟུགས་མེད་པའི་སྒྲ་ཞིག་གིས། པད་མ་རྒྱལ་པོ་མི་ཡི་ཡུལ་དུ་འོང༌། །པདྨ་ལས་བྱུང་པད་འབྱུང་སྤྲུལ་པའི་སྐུ། །པདྨ་འབྱུང་གནས་རོལ་པའི་གར་བསྒྱུར་ལས། པད་འབྱུང་ཁྱོད་ནི་འགྲོ་བའི་དོན་ལས་མེད། །རིག་པ་ཡེ་ཀློང་ཆེན་པོའི་ངང་ཉིད་དུ། །རིག་དང་མ་རིག་ཆོ་འཕྲུལ་ཡོད་མིན་དེ། །རིག་པ་འདི་འོ་ཀ་དག་གདོད་མའི་གཤིས། རིག་ཅེས་བྱ་བའང་རྣམ་རྟོག་འཛིན་པ་བྲལ། །ཨ་ཧོ་འདི་ནི་སྐྱེ་མེད་རིག་པའི་ཀློང༌། །ཨི་སྒྲ་ལ་ཡི་ཆོ་འཕྲུལ་སྟོན་པའི་ཚེ། །ཨ་མ་ལ་ཡི་དཀྱིལ་འཁོར་ཆེན་པོ་རུ། །ཨེ་མ་རང་བྱུང་ཡེ་ཤེས་བརྗོད་མེད་དོན། །ཨོ་ཊཿལ་ཧོ་བྱིན་རླབས་ཤུགས་ཀྱིས་རྟོགས། །ཨ་དོན་སྐྱེ་མེད་རང་བྱུང་ཆེན་པོའོ། །ཨ་ཧཾ་བདེ་བ་ཆེན་པོར་ཡུན་དུ་གནས། །ཞེས་གསུངས་པའི་མོད་ལ་ཁོ་རང་ཡང་དཔའ་ཞུམ་སྟེ་བན་དེ་རྒད་པོ་ཉན་ཐོས་ཀྱི་ཆ་བྱད་ལ་ཞུགས་པ། ལག་གཡས་སུ་ཐོ་བ་དང་གཡོན་དུ་སཱཙྪའི་སྐོས་ཕོར་ཐོགས་པ་ཆོས་གོས་ཀྱི་ངོས་ལ་གསེར་གྱི་ལཉྩའི་ཡི་གེ་མགོ་གྱེན་དུ་བསྟན་ཞིང༌། ཤམ་ཐབས་ཀྱི་ངོས་ལ་དངུལ་གྱི་ལཉྫའི་ཡི་གེ་མགོ་ཐུར་དུ་བསྟན་པ་བགོ་བ་ཞིག་ཏུ་གྱུར་ཏོ། །དེའི་ཚེ་འདི་ཅི་ཡིན་དྲིས་པའི་སྔོན་གནས་རྟེན་གྱི་ལམ་དུ་ཞུགས་པའི་ཚེ་ཞེ་སྡང་གི་མཚམས་སྦྱར་དྲག་པོའི་རྐྱེན་གྱིས་ལོག་པའི་ལམ་དུ་ཞུགས་པས་ན་ཤམ་ཐབས་ཀྱི་མགོ་བོ་ཐུར་དུ་བསྟན་པའོ། མཐར་སྔོན་ལས་ཀྱིས་འབྲས་བུ་ཐོབ་པའི་གང་ཟག་གཅིག་ལ་འབྲེལ་བ་ཐོབ་པའི་ཕྱིར་ཆོས་གོས་གྱེན་དུ་བསྟན་པའོ། །ཞེས་ཟེར། སྐབས་དེར་ང་རང་གི་སྲིང་མོ་ཡིན་སྙམས་པའི་བུད་མེད་གཅེར་བུ་ཞིག་གིས་རོལ་རྩལ་སྣ་ཚོགས་སྟོན་པའི་རྐྱེན་གྱིས་ཁོ་རང་ཤིན་ཏུ་སྐྲགས་ཏེ། རང་ཅག་གི་བརྒྱུད་པ་འཛིན་པའི་གང་ཟག་ལ་ཐོ་མི་མཚམས་པའི་ཁས་བླངས་དམ་བཅས་བྲོ་བོར་སོང༌། སྐབས་དེར་རང་བཞིན་པདྨ་རྒྱལ་པོའི་བྱིན་རླབས་ལས་གང་ལ་ཡང་འཇིགས་པ་མེད་པའི་དཔའ་གདེངས་ཐོབ། གནས་བརྟན་མུ་གེ་ཡང་རང་གནས་སུ་ལོག །དེ་ནས་སྒར་ཁག་གསུམ་པོ་སྡེ་དགེར་སང་བར་དབང་སྐུ་མཆེད་ལྷན་རྒྱས་ཀྱང་ལྷ་ལྡན་ནས་མར་རྒྱལ་སར་ཕེབས་འདུག་པར་མཇལ་ཕྲད་དང་རྫོགས་ཆེན་རིན་པོ་ཆེས་གཙོས། །ངེད་ཅག་ཀུན་ནས་རྫ་ཆུ་བརྒྱུད་པའི་སྐྱིད་སྡུག་གི་ཡར་ཞུ་སོགས་ཕུལ་ཞིང་ངོ་ཆེན་དང་ཐུགས་རྗེ་མི་དམན་ཙམ་བྱུང༌། སྡེ་དགེའི་དབུ་བླར་ཟླ་ཤས་སྡོད་དགོས་རྒྱུ་རེད་སོང་ཡང༌། དངུལ་དཀར་སྒྲོལ་མའི་བརྡ་རྟགས་ཤར་བའི་རྐྱེན་བྱས་སྟེ། བླ་ཆེན་གྱི་གོ་ས་དང་འཁོར་བ་ལ་སྐྱོ་ཤས་གཏིང་ནས་སྐྱེས། དབེན་པའི་རི་ངོགས་འགྲིམ་ཞིང་དམ་ཆོས་ཁོ་ནར་བསྒྲུབ་རྒྱུ་མ་བྱུང་ཡང༌། རྒྱལ་ཁམས་ཉུལ་བའི་མུ་ཏོ་བ་ཞིག་ཨེ་འོང་སྙམས་པའི་རྟོགས་པ་ཁོ་ན་ལས། གཞན་སློབ་གཉེར་དང་འཇིག་རྟེན་བྱ་སྤྱོད་གང་ལའང་སྙིང་པོ་མེད་པའི་ཁོ་ཐག་ཆོད། གི་ལུང་བླ་མ་འཇིགས་མེད་ངོ་མཚར་དང༌། དགེ་རྩེ་བླ་མ་བློ་བཟང་ནོར་བུ་གཉིས་ཀྱིས་ཡི་གེ་པ་བྱས་ནས། སྐབས་སྐབས་སུ་དག་སྣང་འཐོར་བུ་རེ་ཕབས། རྒྱུན་དུ་སྡེ་དགེའི་དབུ་བླའི་བྱ་བ་ཤ་སྟག་བསྒྲུབས་རེ་ཞིག་ནས་རྗེ་བླ་མའི་དྲུང་དུ་མར་འོང་དགོས་གསུངས་བ་ལྟར་སྐོར་ཙམ་ཕྱིན་ནས། མགོ་ལོག་ཕྱོགས་སུ་ལན་ཅིག་སོང་བར་རྨི་ལམ་ན་དངོས་མེད་རྣམས་ཀྱི་བཀའ་ལྟར་གཉན་པོ་གཡུ་རྩེའི་སྔོ་མཚོ་འགྲམ་དང༌། ལྷ་བྲག་བཅས་ལ་ཞག་ཤས་བསྡད་པར་མི་མ་ཡིན་སྡེ་བརྒྱད་དྲེགས་པའི་འདུ་ལོང་དཔག་ཏུ་མེད་བ་བྱུང་ཞིང༌། ཁྱད་པར་ནུབ་གཅིག་ཨོ་རྒྱན་སྤྲིན་ནག་འདུས་པ་ནས་འོང་བ་ཡིན་ཟེར་ཞིང༌། ཌཱ་ཀི་མ་དྲག་མོ་ཞིག་གིས་ཐོག་མ་ང་རང་ལ་འཇིགས་པའི་རྣམ་འགྱུར་མང་དུ་སྟོན་ཞིང༌། སྐབས་ཤིག་ན་རྣ་བར་ཁ་གཏད། །བདུད་འདུལ་གསང་བ་མཆོག་གི་དུར་ཁྲོད་ན། །ཧེ་རུ་ཀ་དཔའ་པྲེ་ཏ་པུ་རིའི་ཡུལ། །མི་ཡི་སྲིད་བཟུང་འགྲོ་དོན་སྤྱོད་པ་ལ། །སྐྱིད་ཉལ་ངང་དུ་མི་ཚེ་མ་གཏོང་པར། །ལྭ་བ་པ་ཡི་བརྟུལ་ཞུགས་འཛིན་རེ་རན། །སྨོན་ལམ་ལོག་པའི་དམ་སྲི་གྲོགས་སུ་འདུག །དད་མེད་ལོག་པར་ལྟ་བའི་འཁོར་གྱིས་བསྐོར། །དགེ་སྡིག་བླང་དོར་མི་འབྱེད་དབང་བཙན་ཞིང༌། ངང་ཁྱུའི་འདུ་བ་སྤེལ་བ་དོན་ཡོད་དམ། །ད་དུང་གཞན་དོན་སྤྱོད་པའི་དུས་མ་བབ། །བློ་ཐག་ཆོད་ལ་སྣ་ཐག་མགོ་རུ་དཀྲིས། །གང་བྱུང་དེས་ཆོག་ངང་དུ་རེ་ཞིག་ཐོངས། །ཞེས་དང་གཞན་ཡང་སྐད་ཆུང་ངུས་ཤབ་ཤུབ་མང་པོ་ལབ་འདུག་ཀྱང་མ་ཐོས། །དེ་ནས་ཕྱིར་ལྡོག་ཅིང་སྡེ་དགེའི་སྡེ་དོན་ཁ་ཤས་སྒྲུབ་རྒྱུ་ཡོད་པ་བཞག་ནས། །ངེད་ཅག་མིང་སྲིང་གཙོས་སྒར་གཞི་ཀུན་བླ་མའི་དྲུང་དུ་འོང༌། འབྲི་གུང་ཕྱག་མཛོད་དང་དབོན་ཀུན་དགའ་སོགས་སྡེ་དགེ་ལ་མོས་པ་དང༌། །ང་རང་ཡང་སྐབས་དེར་ཅུང་ཟད་མི་བློ་བདུད་ཀྱིས་བསླུབས་པ་ལྟར་རྗེ་བླ་འི་དྲུང་དུ་མ་བསྡད་པར་སྡེ་དགེར་སོང༌། ལྷུན་གྲུབ་སྒང་དུ་རེ་ཞིག་མཚམས་སྒྲུབ་ལ་སྡོད་རྒྱུའི་དགོངས་པ་ཞུས་ལྟར་གནང་ནས་རེ་ཞིག་བསྙེན་སྒྲུབ་ལ་འབད། ཆོས་ཀྱི་གྲོགས་པོ་ནི་སྲིང་མོ་དང༌། ཀུན་མཁྱེན་གོང་མའི་དངོས་སློབ་འཇིགས་མེད་བློ་གསལ། རང་གི་ཉེ་གནས་ཀུན་བཟང་བསྟན་དར་གསུམ་ཙམ་མ་ཟད། གཞན་འབྲི་གུང་ཕྱག་མཛོད་དཔོན་ཀུན་དགའི་གཙོས་ཐམས་ཅད་ནས། ད་ནི་སྤྲུལ་སྐུས་བྱ་བྲལ་བྱེད་པར་འདུག་ཟེར་ནས། །སེམས་ཁོང་དུ་ཆུད་ཅིང་དེ་ལས་ལྡོག་པའི་ཐབས་ཁོ་ན་ལ་འབད་ཅིང་གནས། དེར་སྐབས་རྣམས་སུ། མཁའ་འགྲོའི་ལུང་བསྟན་དང༌། རང་ལ་ཡང་བྱིན་འབེབས་རྟགས་མཚན་སོགས་སྣ་ཚོགས་བྱུང་ཡང༌། ཀུན་གྱིས་ལོག་པར་ལྟ་བ་ལས། དག་སྣང་དང་རྗེས་སུ་འཇུག་པ་མ་བྱུང་བས། མཁའ་འགྲོ་རྣམས་ཀྱི་རེ་ཞིག་འཁྲེན་ཞིང་གཤུང་ནས་རང་གནས་སུ་འདྲེན་པའི་བརྡ་རྟགས་ཤ་སྟག་བྱུང་ཡང༌། སྔགས་ཀྱི་སྲུང་མའི་ཕྲིན་ལས། དབྱིངས་ཀྱི་རྗེ་མོའི་བཀའ་ནན། སྲིང་མོའི་གསོལ་བཏབ་འབྲས་བུ་སོགས་ཀྱིས་བཟློག་སོང༌། །ཉིན་གཅིག་སྲིང་མོ་ལ་ཚོགས་ཀྱི་ཡོ་བྱད་དུ་མ་པ་གཅིག་བསྐུར་ཏེ། ལུང་པའི་སྟོད་ཡ་ཀི་ན་རྒན་མོ་ཞིག་ཡོད་པ་དེ་ལ་ཕུལ་ཞིག་སྨྲས་པས། ཁོ་རང་དཔོན་གཡོག་གཉིས་སོང་བར། རྡོ་ར་ཞིག་གི་ནང་དུ་རྒན་མོ་སློག་ཧྲུལ་ཅན། མགོ་དུང་ལས་དཀར་བ་ཞིག་ཉལ་འདུག་པས། ཤ་ཆང་དང་རྩམ་པ་སོགས་གཏད་ཅིང༌། ཁྱོད་ལ་སྤྲུལ་སྐུའི་གསོལ་རས་རེད་བྱས་པར། ཧ་ཧ་རྩམ་པ་འདི་ཡིས་ཅི་བྱེད་ཟེར་ཞིང༌། མཁའ་ལ་གཏོར། ཤ་ཆང་ལ་རོལ། ང་ཡི་བྱིས་པ་སྙིང་རེ་རྗེ། མི་ཡུལ་འདིར་ཁོ་ལས་སྡུག་པོ་མེད། ཡུལ་འདིའི་བསོད་ནམས་ཅུང་ཟད་ཉམས། རྟེན་འབྲེལ་སྒོ་ཡང་མང་པོ་འཁྱུགས། ཁོ་ཡི་ཚེ་གེགས་ངས་བཟློག་ཅིང་ད་ཡུན་རིང་བསྡད་པའི་དགོས་པ་ཆུང་ཟེར་བར། སྲིང་མོའི་རོགས་དེས་ང་རྒྱལ་གྱི་གཏམ་སྣ་ཚོགས་བྱས། ད་འདི་གར་བསྡད་པ་མི་འོང་རང་ཅག་དཔོན་གཡོག་ཕེབ་ན་དགའ། རྒན་མོ་འདི་ཤིན་ཏུ་མི་གཙང་བར་འདུག་ཟེར་བ་ལྟར་མར་ཅུང་ཟད་འོང་བས་རྒན་མོ་ལངས་ཏེ་རྒྱུག་བྱུང་བར། །ཁྱོད་དེ་མན་སོང་ན། ངས་རྡོས་བརྡེགས་ཤིང་མགོ་བོ་ཆོམས་པར་བྱེད། རོགས་བུ་མོ་དེ་ལ་ལས་ཟད་ཁྱོད་རང་གང་དུ་འགྲོ་ཡང་སོང་ཟེར། སྲིང་མོ་སྐྲགས་ཤིང་ཡར་སོང་བར། རྒན་མོ་རྡོ་རིའི་ནང་དུ་གཅེར་བུར་བྱུང་སྟེ་ཡར་རྒྱུག་མར་རྒྱུག་བྱེད་སྲིང་མོའི་ཁར་གཏད་ནས་གཅིན་རྒྱངས་ཅིག་བྱས་ཁར་ཞུགས་ཤིང་ལྟོར་སོང་བར་སྨན་སྒྲུབ་ཀྱི་དྲི་མ་ཐུལ་ལེ་ལུས་ཀུན་སྦྲིད་ཆིལ་ཆིལ་བདེ་ཆེམ་མེ་བ་ཞིག་བྱུང༌། ཕར་བལྟས་པས་རྒན་མོའི་ལུས་ཡང་འཇའ་ཚོན་ཕུང་པོ་ཞིག་འདུག་ཟེར། བུ་མོ་ཁྱོད་སོང་ལ། ད་ང་རང་ཡང་འདི་གར་ཡུན་རིང་དུ་མི་སྡོད། ད་པར་ཁྱོད་སྒུག་པ་ཡིན། བུ་ཁྱོད་དང་མ་འཕྲད་ཀྱང༌། བུ་མོ་དང་འཕྲད་པ་དེས་ཆོག །བུ་སྡུག་ཁྱོད་རང་ཡུན་དུ་མ་སྡོད་ཅིག །ཡུལ་འདིའི་རྟེན་འབྲེལ་འཕྱང་མོ་ཉུག་ཏུ་གྱུར་སོང༌། ཡུལ་གཞན་གང་དུ་ཕྱིན་ཀྱང་ང་ཡི་ཐུགས་རྗེས་སྐྱོབས་ཞེས་སྐུད་པ་དཀར་དམར་གཉིས་ཀྱིས་བཅིངས་པའི་ཤོག་ཐུམ་ཞིག་ལག་ཏུ་བཞག་སྟེ། འདི་བུ་སྡུག་ལ་གཏོད་ཅིག་ཟེར། སྲིང་མོ་ལ་མོ་རང་གི་ཕོར་བའི་ནང་དུ་ཆང་གཞན་དང་མི་འདྲ་པ་ལྗང་ལྟེམ་མེ་ཞིག་གང་བླུགས་འདུག་པ་འདི་འཐུངས་ཤིག །ཁྱོད་ལ་ལོ་གཉིས་ཚུན་དུ་བར་ཆད་ཞིག་ཡོད་ཀྱང་ཨ་མས་སྐྱོབས་བར་ངེས་ཟེར། ཆང་ལྷག་མེད་དུ་བཏུང་ཞིང་སྣང་བ་ཆལ་མ་ཆོལ་མའི་ངང་ནས་ཕྱིར་ལོག་བྱུང་བར། ང་རང་ལ་དམ་རྫས་གཏད་ཅིང་ལོ་རྒྱུས་ཞིབ་མོར་སྨྲ་འདུག །སང་སྔ་མོ་ནས་སྲིང་མོ་དང་ཉེར་གནས་ཀུན་བཟང་བསྟན་དར་གཉིས། ཤ་ཆང་དུུ་མ་པ་ཞིག་ཁྱེར་ཏེ་སོང་བར། ཁར་སང་གི་རྒན་མོ་ཡོད་སར་རྡོ་ལེབ་ཞིག་མ་གཏོགས། གཞན་རྡོ་ར་ཐལ་བ་སོགས་ཤུལ་ཡང་མི་མངོན་པར་འདུག་ཟེར། དེ་ནས་ང་རང་ཡུལ་དེའི་རྟེན་འབྲེལ་ནི་སྒྱུ་མའི་དཔེ་རུ་གྱུར། བསྙེན་སྒྲུབ་བྱས་ཀྱང་འབྲས་བུ་ནི་མི་འདུག །བླ་མ་དྲན་ཞིང་སྐུ་དྲུང་དུ་འགྲོ་འདོད་ཁོ་ན་ལངས། གཞན་གྱི་རྟོག་པ་ཀུན་དབྱིངས་སུ་ཡལ། ཇི་ཞིག་ན་སྲིང་མོ་ཡང་མར་རང་ཡུལ་དུ་ལོག་རྒྱུ་རེད་སོང༌། ང་རང་དང་འབྲི་གུང་ཕྱག་མཛོད་གཙོས། དཔོན་གཡོག་ཁ་ཤས་རེ་ཞིག་བསྡད། སྡེ་དགེ་ཡང་སྒར་བསྐོར་བྱོན་རན་པས་ལྷ་ལུང་ཁུག་ཏུ་སྒར་གཞི་བཏབ། འབྲི་གུང་ཕྱག་མཛོད་སོགས་དམ་ཉམས་ཁ་ཤས་ནས། སྡེ་དགེའི་དྲུང་དུ་རྫུན་ཚིག་གིས་མི་འོས་པའི་ཞུ་བ་སྣ་ཚོགས་ཕུལ་འདུག །གཟིམ་དཔོན་ངག་རྒྱམ་ཀློང་སྙིང་ཆོས་སྐོར་དང༌། རྗེ་བླ་མའི་གཙོར་གྱུར་རང་རེའི་ཆོས་བརྒྱུད་གང་ལ་དད་འདུན་ཤིན་ཏུ་ཆེ་བ་ཡོད་པ་དང༌། ང་རང་ལ་ཡང་བརྩེ་གདུང་བླ་ལྷག་ཏུ་གྱུར་ཕྱིར། གམ་དུ་འོང་སྟེ་སྡེ་དགེའི་བཀའ་ལྟར་འདོད་པ་གང་ཡོད་པ་ཡིན་འདྲི་རྟོག་ཞིབ་པར་བྱེད་འདུག་པར་ཕྲན་ཆུང་གི་གཏད་ཡུལ་དམ་པའི་ཆོས་མ་གཏོག་གཞན་མེད། ལོ་ཤས་དགོངས་པ་ཞིག་བྱུང་ན་གནས་ངེས་མེད་འགྲིམ་ཞིང་བློ་ཕུག་ཆོས་དང་ཆོས་ཕུག་སྤྲང་ལ་གཏད་ཐུབ་པ་ཞིག་ཨི་འོང་ལྟ་ངེས་ལགས། གཞན་གཏེར་སྟོན་སྔགས་འཆང་སོགས་ཀྱི་རེ་བ་ནི་མེད། གལ་སྲིད་ཅིས་ཀྱང་དགོངས་པ་མ་གནང་ཚེ་བཙོན་ཁང་དུ་འཇུག་པར་ཞུ་བ་ལས་བླ་ཆེན་གྱི་གོ་སར་མི་སྡོད་ཐག་ཆོད་སོགས་ཀྱི་སྐད་ཆ་ཞིབ་ཏུ་ཞུས། མཚམས་གྲོལ་ནས་སྐུ་མདུན་དུ་བཅར་དགོས་གསུང་བྱུང་བར། ཚོགས་འཁོར་དངོས་གྲུབ་ལེན་པ་སོགས་བྱས་ནས་མཚམས་གྲོལ། ཞག་ཤས་མཚམས་སྐུ་མདུན་དུ་བཅར་བར། ཁྱོད་བོད་ཀྱི་ས་སྐྱ་གོང་མའི་གཙོས་བླ་མ་རྣམས་ཀྱི་ལུང་བསྟན། ཇོ་བོའི་མདུན་དུ་བརྟགས་བསྒྲིལ། བསམ་ཡས་རྒྱལ་པོའི་བརྟགས་བབ། ཁམས་ཀྱི་རྡོ་གྲུབ་ཆེན་རིན་པོ་ཆེ་དབུར་བཞུགས་བསྟན་འཛིན་གྱི་སྐྱེས་བུ་ཐམས་ཅད་ནས་ལུང་བསྟན། ཀུན་མཁྱེན་རིག་འཛིན་མཁྱེན་བརྩེའི་འོད་ཟེར་གྱི་སྤྲུལ་སྐུ་འཁྲུལ་མེད་ཡིན་ངེས་དགོངས་པ་གཅིག་ཏུ་མཐུན་ཕྱིར་འཁྲུལ་པ་མེད་ཅིང༌། དེ་མཚུངས་མ་ཡུམ་བདེ་བར་གཤེགས་མ་བཞུགས་རིང་ནས་ཁྲི་སྟོན་མཛད་ཅིང་སྡེ་དགེ་རྒྱལ་པོའི་དབང་བསྐུར་མཆོད་གནས་སུ་བཀུར། གསང་སྔགས་སྙིང་མའི་བསྟན་པའི་གཙུག་རྒྱན་དུ་མངའ་གསོལ་བ་ཡིན་པས། བས་མཐར་བྱ་བྲལ་ལུགས་སུ་འཁྱམས་ཐབས་ག་ལ་ཡོད། ཆོས་སྒྲུབ་གསུངས་པ་ལ་རྒྱལ་ཁྲིམས་ཡང་ཀ་ལ་ནུས། གར་ལྟར་ཡང་རྡོ་གྲུབ་ཆེན་གྱི་མདུན་དུ་ངེད་ཀྱི་ངོ་ཚབ་དང༌། ཀཿརྫོགས་གཉིས་ཀྱི་མགྲོན་གཉེར་བཅས་མངག་ནས་ཕུག་ཐག་བཅད་དགོས། དེ་ཚེ་བླ་མའི་བཀའ་ནི་ཅི་ལྟར་ཡོད་ཀྱང་ཁྱེད་ཀྱིས་ཀྱང་རྩི་མོད། ངེད་ནས་ཀྱང་ལྡོག་ཏུ་མི་ནུས་གསུངས། རང་ནས་ཀྱང་རྗེ་བླ་མའི་བཀའ་ཇི་ལྟར་གནང་ཡང་ལྡོག་པར་མི་ནུས་ཞུས། དེའི་ཐོག་ཏུ་ཐག་བཅད་ཅིང༌། ཀཿརྫོགས་མགྲོན་གཉེར་རྣམས་ཀྱང་འཕྲལ་དུ་འབོད་པ་བཏང་ནས། ངེད་ཅག་སྐུ་ཚབ་གསུམ་བཅས་ལྷུན་གྲུབ་སྒང་ནས་ཐེག །ཡར་ལུང་པད་མ་བཀོད་ཀྱི་གདན་ས་ཆེན་པོ་རྗེ་བླ་མའི་དྲུང་དུ་སླེབས། རང་ནས་ཉིན་གྱི་འཁྲུལ་སྣང་དང་མཚན་གྱི་ཉིང་འཁྲུལ་སོགས་ཞིབ་རྒྱས་སུ་ཞུས། རྗེ་བཙུན་བཀའ་དྲིན་འཁོར་མེད་ཆོས་ཀྱི་རྒྱལ་པོ་ཉིད་ཞལ་བཞུགས་དུས་འདིར། བྱིས་པ་བདག་གི་བྱ་སྤྱོད་ཁོ་ཐག་ཆོད་པ་ཞིག་མ་བྱུང་ན། སླར་བསྟན་དགོན་གྱི་མགོ་འཛིན་ཡིན་བློའི། མཆེད་གྲོགས་དང་དམ་འགལ། སེམས་ཅན་ལ་ཁོང་ཁྲོ་གནོད་སེམས། ཟས་ནོར་ལ་བསོགས་འཇོག་སོགས་ངན་སོང་གི་རྒྱུ་སྒྲུབ་རྒྱུ་ཞིང་འོད་ངེས་འདུག་པས། ཐུགས་བརྩེ་བ་ཆེན་པོས་དགོངས་ཁྲོལ་ཞིག་བྱུང་ན། ཉིད་ཀྱི་སྐུ་རིང་ལ་མུ་ཏོའི་བརྟུལ་ཞུགས་ཞབས་ཏོག་བསྒྲུབ་ཅིང༌། བསྟན་དགོན་གྱི་ཁུར་ཕོག་ཆོག་པ་ཞིག་དང་སླར་མཛད་པ་བརྟུལ་བར་ཉེ་ཚེ། རྒྱལ་ཁམས་ཕྱོགས་མེད་འགྲིམ་ཆོག་པའི་བཀའ་གནང་ཞིག་གསོལ་བ་ལན་སྟོང་འདེབས། གལ་སྲིད་ཅིས་ཀྱང་ཐུགས་ལ་མ་བབ་ན། བླ་མའི་བཀའ་ལུང་དང་གནང་བ་མེད་པའི་དམ་ཆོས་སྒྲུབ་ཀྱང་མྱུ་གུ་སད་ཀྱིས་ཁྱེར་ནས་འབྲས་བུ་མེད་པ་ལྟར་བྱང་ཆུབ་ཐོབ་པ་ལྟ་ཅི། དམྱལ་བའི་རྒྱུ་ལས་མི་འདུག་པས་མི་བརྒྱ་དུས་གཅིག་གསོད་དགོས་ཀྱང༌། རྗེ་བཙུན་ཆོས་ཀྱི་རྒྱལ་པོ་བཀའ་དྲིན་གསུམ་ལྡན་ཉིད་ཀྱི་བཀའ་ལས་མི་འདའ་འོ་ཞེས་ཞུས། གཞན་སྡེ་དགེའི་སྐུ་ཚབ། ཀཿརྫོགས་མགྲོན་གཉེར་བཅས་ནས་རབ་ཏུ་བྱུང་ནས་སྡེ་དགེར་དབུ་བླ་མཛད་ཐོག་རྙིང་མ་སྤྱི་དང་བྱེ་བྲག་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་དགོས་པའི་བཀའ་ནན་གནང་བར་ཞུ་བ་དང༌། གལ་སྲིད་ཉིད་ཀྱི་ལུང་བསྟན་ལ་བྱ་བྲལ་མ་མཛད་ཕྱིན། སྤྲུལ་སྐུ་ཉིད་ཀྱི་སྐུ་ཚེ་མཛད་ཕྲིན་ལ་བར་ཆད་འོང་བར་གཟིགས་ན། ལོ་ཤས་ཞག་དུས་ཙམ་གྱི་ཐོག་སླར་བསྟན་དགོན་ལ་གཟིགས་ཤིང༌། སྔ་སོར་ལྟར་སྡེ་དགེའི་མཆོད་གནས་ལ་སྡོད་རྒྱུ་དང༌། དེ་བར་སྐུ་གེགས་བསལ་ཕྱིར་བྱ་བྲལ་མཛད་རྒྱུ་ཆོག་པ་བཅས་ཞུས་སོང༌། འབྲི་གུང་ཕྱག་མཛོད་ནས་གང་ལྟར་བསྐོར་ཀྱང༌། ལྷ་ལྡན་ཕྱོགས་སུ་བྱོན་རྒྱུ་ཞིག་ཞུས་སོང༌། རྗེ་བཙུན་ཆོས་ཀྱི་རྒྱ་པོས་ཞག་གསུམ་ཙམ་གྱི་བར། སུ་ལའང་གསུང་ལན་མ་གནང༌། ཐོ་རངས་ཁ་ཞིག་ཏུ་ང་རང་སྐུ་དྲུང་ལ་ཡོད་པར། ཉེར་གནས་མཆོག་དགའ་ཟེར་བ་ཞིག་ཡོད་པ་དེ་ཕྱིར་བྱུང་ནས། ཁྱོད་རབ་བྱུང་ཚད་ལྡན་གྱིས་བསྟན་དགོན་ལ་ཕན་པ་ཞིག་གི་རེ་པ་ཀུན་ལ་འདུག་ཀྱང༌། སྔོན་གྱི་ལས་དང་ད་ལྟའི་མཛད་སྤྱོད། མཁའ་འགྲོའི་གསང་ལུང་ང་རང་གི་ཉམས་སྣང་གང་ལ་བལྟས་ཀྱང་འོང་བར་མི་གདའ། བྱ་བྲལ་ཁོ་ནས་མི་ཚེ་འདའ་བ་ཞིག་བྱས་ཀྱང་དགོས་པ་ཆུང༌། རེ་ཞིག་བར་ཀུན་གྱིས་ཡིད་གཅག་པའི་གནས་སུ་གྱུར་ཕྱིར། བྱ་བྲལ་ཞིག་གི་ཚུལ་མཛད་ཀྱང་རུང༌། སླར་སྔགས་འཆང་རྡོ་རྗེ་འཛིན་པ་གྲུབ་པའི་དབང་ཕྱུག་གི་སྤྱོད་པ་སྐྱོང་བ་ཞིག་བྱས་ན། སྔར་གྱི་རྟེན་འབྲེལ་ཀུན་མེ་ལོང་གཡའ་བྲལ་བཞིན་གསལ་ཞིང༌། དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལ་དབང་བསྒྱུར་བ་ཞིག་འོང་བར་གདའ། སྔར་ཆུ་བོ་རི་ནས་གསེར་དམར་ལས་གྲུབ་པའི། །ཨོ་རྒྱན་སྲིན་ཐོད་མ་དེ་ཡང་ལག་ཁར་འབྱོར་གདའ་བས། ཁམས་དབུས་ཀྱི་ས་གཏེར་བདག་པོ་ཞིག་བྱས་ན་འོང་བར་འདུག་སྟེ། ས་གཏེར་འདི་ཁེ་ཉེན་ཆེ་ཞིང་རྟེན་འབྲེལ་འགྲིགས་མིན་སྣ་ཚོགས་འབྱུང༌། ལོ་ཟླ་ཞག་དུས་གྲོགས་སོགས་སྐབས་དང་བསྟུན་པ་དགོས་ཕྱིར། དཀའ་ཚེགས་ཤིན་ཏུ་ཆེ་ཞིང་རྫས་གཏེར་རྣམས་ནི་སའི་ནོར་བུ་ཡིན་པས། བླངས་ན་ས་བཅུད་ལའང་ཤིན་ཏུ་གནོད། ཆོས་གཏེར་ནི་གཏེར་རྣམས་ཀུན་གྱི་མཆོག་གྱུར་དགོངས་གཏེར་ཡིན་པས། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དང༌། སྐྱབས་རྗེ་རིག་འཛིན་འཇིགས་མེད་གླིང་པ་རྣམ་གཉིས་ལྟར། ས་གཏེར་དགོངས་གཏེར་དུ་གྱུར་ན་མཆོག་ཏུ་གྱུར་པ་ཡིན་པས་ཡིད་ལ་ཞོག་ཉིད་ཀྱི་ཞལ་གཟིགས་ལུང་བྱང་རྣམས་སུ། མཁའ་འགྲོའི་གསང་མཛོད་ལ་དབང་བསྒྱུར་ཐུབ་པ་ཞིག་འོང་གསུངས་པ། དེ་ལྟར་བྱུང་ན་ཨ་ལ་ལ་ཧོ། གང་ལྟར་ཁོའི་དོན་གྱི་གནང་བ་ཐོབ་པ་ཡིན་པས། བྱ་སྤྱོད་གང་ཡང༌། ཆུ་ཁའི་རབས་སོ་གཉིས་བཞིན། འཇུག་ལྡོག་ངེས་མེད་གྱུར་ན། བརྟུལ་ཞུགས་སྤོབས་པ་བསྐྱེད་ལ། རང་འདོད་ཐོག་ཏུ་ཁེལ་མཛོད། ཅེས་ཁོ་བོའི་ལུང་བསྟན་ཕུལ་བའི་ནང་དུ་ཡོད་པ་ལྟར། རང་ཐག་རང་གིས་ཆོད་པར་མཛོད། ཁོ་བོས་སྡེ་དགེ་ཀཿརྫོགས་འབྲི་གུང་ཕྱག་མཛོད་བཅས་ལ་ཚིག་ལན་སླར་ཡང་དགོན་པ་འདིའི་དཔོན་པོ་བླ་མ་རྣམས་ཀྱི་གཙོས། སྐྱ་སེར་ཀུན་ནས་སླར་ངའི་འཚབས་སུ་ཉིད་བཞུགས་དགོས་ཀྱི་འདི་ཕྱིའི་བཀའ་ནན་གྱིས་གནོན་དགོས་ཞེས་སྔར་ཡང་ལན་མང་ཟེར་འདུག་ཅིང༌། སང་འཆི་ཁར་ཡང་ཟེར་ངེས་སུ་འདུག་པས། ཁོ་རང་རྣམས་ཀྱིས་སྨྲས་པ་ལྟར་བྱས་ན། ཉིད་ཀྱི་མཛད་ཕྲིན་ལ་བར་དུ་གཅོད་འོང༌། ཉིད་ཀྱི་ཐུགས་དགོངས་དང་མི་མཐུན། མ་བྱས་ན་ཁོ་རང་རྣམས་ཡི་ཆད་ཅིང༌། རྒན་བུ་འཆི་ཁར་རྣ་བ་ཚ་བའི་རྒྱུ་ལས་མི་འདུག །ཁོ་བོ་ཡང་འབྲུག་ལོའི་ལོ་མཇུག་ཙམ་ནས་རང་གནས་སུ་འགྲོ་བ་ཡིན་པས། དགུན་དཔྱིད་འདིར་ཁོ་བོའི་གམ་དུ་བཞུགས་ལ་སྒྲོ་འདོགས་ཆོད་ཅིང་བློ་ལྷག་མི་ལུས་པ་ཞིག་མཛོད། སང་དབྱར་མཇུག་ཙམ་ནས་ཐུགས་ལ་གང་བབ་ཞིག་མཛོད་མ་གཏོགས་རྗེས་ནས་ཁོ་བོའི་ཁ་ཆེམས་མ་བརྩིས་སོང་ཟེར་བ་ཡང་མི་ལེགས་སོགས་ཕྱི་ནང་གསང་གསུམ་གྱི་བསླབ་སྒོ་མང་དུ་གནང༌། ང་རང་གིས་ལགས་སོ་ཙམ་ལས་ད་ནི་བླ་མ་ཡུན་རིང་མི་བཞུགས་པ་འདྲ་བསམ་པའི་སྡུག་བསྔལ་གྱིས་མཆི་མ་འཁྲུགས་ཤིང་ཅི་ཡང་ཞུ་མ་ནུས། དེ་ནས་ཉི་མ་ཤར་བ་དང༌། །སྐུ་ཚབ་དང་མགྲོན་གཉེར་ཕྱག་མཛོད་རྣམས་མདུན་དུ་བོས་ཤིང༌། ལར་སྤྲུལ་སྐུ་འདི་རིག་འཛིན་འཇིགས་མེད་གླིང་པའི་སྐྱེ་སྲིད་འཁྲུལ་མེད་ཡིན་པ་ཁོ་བོ་ཙམ་དུ་མ་ཟད། ས་སྐྱ་གོང་མ་རིན་པོ་ཆེའི་གཙོར་མཛད་ཁམས་དབུས་གཙང་གསུམ་གྱི་ལྷ་དང་བླ་མ་འབྱུང་པོ་ཁོག་ཞུགས་ཡན་གྱིས་ཐག་བཅད་པ་ཡིན། དེ་སྔོན་རང་གིས་ཀྱང་བསམ་ཚོད་ལ། རབ་བྱུང་ཚད་ལྡན་ཞིག་གི་ལམ་དུ་ཚུད་ན་མཐར་སྐུ་ཚེ་ཅི་འགྱུར་ཤེས་དཀའ་ཡང༌། རེ་ཞིག་བར་རང་ཅག་ཀུན་གྱི་ཉམས་ལ་ཕན་ཕྱིར་དེ་དགའ་བར་འདུག་སྙམས་ནས་དེ་ལྟར་བྱས་ཀྱང༌། ད་ནི་ཁོ་རང་ལ་སྔ་ཕྱི་བར་གསུམ་ལྷ་དང་མཁའ་འགྲོའི་གསང་ལུང་བྱུང་ནས། གྲུབ་པའི་དབང་ཕྱུག་ཀྱི་སྤྱོད་པ་ལ་འཇུག་དགོས་པར་ངེས་པས། དེ་ཡང་ལུང་བསྟན་དངོས་གནས་མ་གཏོགས་རྫུན་དང་ཟོལ་ཟོག་ནི་སྤུ་ཙམ་མི་འདུག་ཕྱིར། ཁོ་བོས་དེ་ལ་བར་དུ་བཅད་ནས་རྩ་བའི་བླ་མའི་སྤྲུལ་པའི་སྐུའི་སྐུ་ཚེ་མཛད་ཕྲིན་ལ་གནོད་པའི་ལས་བྱེད་ག་ལ་ནུས། ཁྱེད་འབྲི་གུང་སྡེ་དགེ་བཅས་ཀྱི་ཕྱག་ན་ཡོད་པའི་སྤྲུལ་སྐུའི་སྣ་ཐག་ཆད་ཚར་བ་རེད། ང་རང་གི་ལག་ཏུ་ཡོད་པའི་སྣ་ཐག་ཀྱང་ཁོ་རང་གི་དབུར་དཀྲི་ནས་ཅི་དགར་གཏོང་བ་ལས་མེད་ངེས་ཡིན། ལོ་ཟླ་ཞག་དུས་སོགས་བྱེད་རྒྱུ་ངལ་བའི་རྒྱུ་ལས་མེད། མཐར་དུས་ལ་བབ་ཚེ་འཁོར་ཡོང༌། དེ་བར་སྡེ་དགེ་ས་དབང་རིན་པོ་ཆེ་ནས་དགོངས་པ་ཁྲོལ་ཞིང་ཐུགས་བཏང་སྙོམས་སུ་བཞུགས་པ་ལེགས་པས༑ ཁོ་བོས་ཀྱང་ཞུ་ཤོག་སོགས་དམ་པོར་འབུལ་རྒྱུ་ཡིན་ཞེས་གསུངས་སོང༌། ཁོ་ཅག་རྣམས་ནས་སྤྲུལ་སྐུ་རིན་པོ་ཆེ་ལན་ཅིག་སྡེ་དགེའི་སྐུ་མདུན་དུ་བྱོན་པར་ཞུ། གཞན་ངེད་ཅག་རྣམས་ནས་ཞུ་ཕོད་གཏན་ནས་མེད་ཟེར་བར། རྗེ་བླ་མས་དེ་ལྟར་གྱིས་ཤིག་གསུངས་ནས་བཀའ་གནང༌། དེའི་ཕྱི་ཉིན་ཟླ་༤ཚེས་༡༠ལ་བབ་འདུག་པས་ཚོགས་ཀྱི་འཁོར་ལོ་དང༌། རང་གི་དེ་གར་ཡོད་པའི་སྐུ་གསུང་ཐུགས་རྟེན་དཔེ་ཆ་མཆོད་ཆ་གྱོན་པའི་གོས་རྟ་སྒ་རྟེན་ཆས་སོགས་བླ་མའི་དྲུང་དུ་ཕུལ། མི་ལོ་ལྔ་བཅུའི་བར་དུ་བསྟན་དགོན་གྱི་མགོ་འཛིན་མི་བྱེད་པ་དང༌། རང་གི་སྣང་བ་གདོང་འདེད་མ་གཏོགས་སུས་ཁར་མི་ཉན་པའི་ཁས་ལེན་ཞུས། གཞན་ཁས་ལེན་འགའ་རེ་ཞུ་གྲབ་བྱས་ཀྱང༌། ད་དུང་སླར་ཞོག་གསུངས་ནས་མ་བཞེས། དེ་ནས་རྗེ་བླ་མས་ལྕང་ལོ་དང་གོས་སོགས་བྱིན་རླབས་མཛད་ཅིང༌། དེའི་ཉིན་ནས་དཀར་ཆས་ལ་ཞུགས། ཐམས་ཅད་མཁྱེན་པས་ཉམས་མགུར་ཞིག་ཀྱང་གནང༌། །མི་ལོ་ཕྱེད་གཉིས་བར་དུ་ཆས་གོས་འདི་ལྟར་གྱིས་དང༌། དེ་དུས་སྤྱོད་པ་གསར་པ་ཞིག་ངོམས་ཡོང་གསུངས། དེ་ནས་ཞག་གཅིག་གཉིས་མཚམས་ནས་ངེད་ཅག་ཀུན་སྡེ་དགེར་ཕྱིན་ཏེ་སྐུ་མདུན་སླེབས། སྐུ་ཚབ་མགྲོན་གཉེར་རྣམས་ཀྱིས་ལོ་རྒྱུས་སོགས་ཞིབ་རྒྱས་ཞུས་སོང་བར། ས་དབང་ཉིད་ཀྱིས་ཀྱང༌། སྐྱབས་མགོན་རྡོ་གྲུབ་དབང་ཐམས་ཅད་མཁྱེན་པའི་བཀའ་དེ་ལྟར་བྱུང་དུས། ཞུ་ཕོད་གཏན་ནས་མེད་པས་ཉིད་ཀྱི་ཐུགས་དགོངས་གང་བབ་ལྟར་ལས་མ་མཆིས་ཀྱང༌། ལོ་གསུམ་མཚསམ་ནས་ལན་གཅིག་བྱོན་པར་ཞུ། དེ་ཕན་གྱི་ཅི་དགོས་རིམ་བཞིན་ཞུ་ཆོག་པར་འཚལ་ཞེས་གསུངས་ཤིང༌། བརྩེ་གཟིགས་རྒྱ་ཆེར་མཛད། སྒར་གཞི་བཅའ་ལག་ཕྱེད་ཙམ་འབྲི་གུང་ཕྱག་མཛོད་ཀྱི་ལག་ཀར་སྤྲད་དེ་ཡར་བསྐུར། མ་འཕྲོ་ཅུང་ཟད་སྡེ་དགེའི་ཕྱག་ཏུ་བཅོལ། ང་རང་ནི་མུ་ཏོའི་བརྟུལ་ཞུགས་ཀྱིས་རོག་གཉིས་བཅས། བླ་མའི་དྲུང་དུ་ལོག །དེར་ཐུགས་དགྱེས་པའི་རྣམ་འགྱུར་དཔག་མེད་མཛད་ཅིང༌། ད་ནི་བྱ་བྲལ་བ་ཡིན་བས། ཆེ་འདོད་གྲགས་འདོད་མ་མཛད་པར་དམན་པའི་ས་བཟུང༌། ཧྲུལ་པོའི་གོས་གྱོན། ཁེ་དང་རྒྱལ་ཁ་ཐམས་ཅད་མི་ལ་བྱིན། གྱོང་དང་ཕམ་ཁ་ཐམས་ཅད་རང་གིས་ལོངས་ཟེར་བ་ལྟར་བྱེད་དགོས་པ་ཡོད་གསུངས། དེར་ངེད་ཅག་འདུས་པ་ཉི་ཤུའི་སྐོར་ལ། མཁའ་འགྲོར་ཡང་ཏིག་དབང་ལུང་སྤྱན་ཚབ་ལ་བརྟེན་ནས་གནང། རྫོགས་ཆེན་ཁྲིད་ཡིག་ཡེ་ཤེས་བླ་མའི་སྨིན་ཁྲིད་ཟབ་རྒྱས་སུ་ཞག་བརྒྱ་ཕྲག་པར་དུ་གནང༌། ཉིན་མོའི་དུས་སུ་བླ་མའི་ཆོས་ལུང་དང༌། རྨི་ལམ་འོད་གསལ་གྱི་སྣང་བ་ལ་ཀུན་མཁྱེན་དྲི་མེད་འོད་ཟེར་དང་མཇལ་ཞིང་ཡང་ཏིག་གི་དོན་ཁྲིད་གནང་བ་གཉིས་བསྒྲགས་མར་བྱུང༌། ནང་ནུབ་དང་སྐབས་རྣམས་སུ་མུན་པའི་རྣལ་འབྱོར་ཐབས་ཀྱི་ལམ་མཆོག །རིག་པ་ཅེར་མཐོང་སོགས་གདམས་ངག་དཔག་ཏུ་མེད་པ་ཡང་གནང་ཁྲིད་ཆེན་རྫོགས་ནས་ཕྱོགས་ཀྱི་ཆོས་ཞུ་བ་ཁ་ཤས་ཀྱི་གཙོས། དགོན་པོའི་གྲྭ་ཚང་རྣམས་ལ་ཀློང་སྙིང༌། གྲོལ་ཐིག། སེམས་སྡེ། མན་ངག་སྡེ་བཅས་ཀྱི་དབང་ལུང༌། རྟེན་འབྲེལ་སྒོ་ཡིན་པས་ཁྱོད་ཀྱིས་སྒྲུབས་གསུང་པ་བཀའ་མ་ལྕོགས་པར་སྒྲུབ་དགོས་བྱུང༌། རྗེ་བཙུན་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་ཉིད་ཀྱང་སྔར་དང་མི་འདྲ་བའི་སྐུ་ལུས་བདེ་ཞིང༌། སྐབས་རྣམས་སུ་ཐོལ་བྱུང་གི་གསུང་མགུར་གནང་ཡང༌། བྲི་བའི་ལོང་ནི་མེད་པ་ཆོས་ལོངས་སྤྲུལ་སྐུའི་ཞིང་ཁམས་ཀྱི་བཀོད་པ། འགྲོ་བ་རིགས་དྲུག་གི་གནས་ཚུལ་སོགས་སྐབས་སྐབས་གསུང་ཞིང༌། བསྟན་བ་སྦྱི་དང་གང་ཟག་རང་རང་གི་ལུང་བསྟན་སོགས་ཐོལ་བྱུང་གིས་གནང་ཞིང༌། ངེད་ཅག་འགའ་ཞིག་གི་སྣང་ངོར་སྐུ་ལུས་ཀྱི་བཀོད་པ་ཡང་སྣ་ཚོགས་པ། རེ་འགའ་འོད་སྐུའི་རང་བཞིན་ཅན། རེ་འགའ་ན་བཟའ་ལས་སྐུ་ལུས་མཇལ་རྒྱུ་མེད་པ་སོགས་མཐོང་སྣང་མི་འདྲ་བ་སྣ་ཚོགས་སུ་སྟོན་བར་མཛད་པ་དང༌། གདམས་ངག་གི་དཀའ་གནད་མ་ལུས་པ་ཀུན་རང་གིས་སེམས་ལ་དྲན་མ་ཐག་ངག་ནས་བརྗོད་མ་དགོས་པ། བརྡ་རང་གྲོལ་དུ་གསུང་བ་སོགས་ངོ་མཚར་དུ་མ་མཛད་འདུག་པ་ཡང་དོན་ལ་སྐུ་ཚེ་ཡུན་དུ་མི་བཞུགས་པའི་རྟགས་ཡིན་འདུག་པ། ང་རང་གིས་གསང་ཚུལ་གྱིས་ཞབས་པད་ཡུན་བརྟན་གྱི་གསོལ་བ་དུ་མར་བཏབ་ཀྱང༌། ད་ནི་དུས་ལ་བབ་པས་ལྡོག་རྒྱུ་མེད་ཅིང་ད་རེས་ཀྱི་སྐུ་ལུས་འདིར་ལས་ལྷག་མ་སྦྱངས་དགོས་པས་ན་བསྙུན་ཟུག་མི་ཐེག་ཕྱིར་ལན་གཅིག་དོར་ན་དགའ་ཞིང་༌། སྐྱེ་བ་འོག་མ་སྣ་ཚོག་སྤྲུལ་བས་ཉིད་ཀྱི་ཞབས་ཏོག་འགྲུབ་པར་བྱེད། ཉིད་ཀྱང་ང་རང་གི་གམ་དུ་བཞུགས་ཚེ་འདིར་གཉན་ཁྲོད་འགའ་ཞིག་འགྲིམ་ན་དགའ་གསུངས་པར། གསེར་གྱི་འབྲོང་རི་སྨུག་པོ་ནས་བཟུང༌། རྡོ་སྙིང་རལ་བ་རྩེ་དགུ་མན་ཆོད། རྡོ་སྟོད་སྨད་ས་མཚམས་ཡན་བཟུང་གི་གཉན་ཁྲོད་ལྔ་བཅུ་ང་བཞི་རྫོགས་ཕྲལ་བཀའ་བཞིན་སྐུ་དྲུང་དུ་སླེབས། འབྲོང་རིར་རྟེན་འབྲེལ་ཕྲན་བུ་རེ་ཡོད་པར་འདུག་ཀྱང༌། ཡུལ་རྐྱེན་གྱི་བཏང་སྙོམས་སུ་བཞག །དེ་ནས་རྗེ་བཙུན་ཆོས་ཀྱི་རྒྱ་པོས་ཞལ་གདམས་ལུང་བསྟན་སྨོན་ལམ་གཏད་རྒྱ་དང་བཅས་པ་རྫོགས་པར་མཛད་ཅིང༌། དབང་བཞི་ཅིག་ཆར་དུ་རྫོགས་ནས་གསང་བའི་ཞལ་བཀོད་རྣམས་ཀྱང་ལྷག་ལུས་མེད་པར་ཐོབ། ད་ནི་རང་ཐག་རང་གིས་ཆོད་ཅིག་གསུངས། དེ་ནས་ང་རང་ཡང་ལྟར་སྣང་ལ་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོར་གནང་བ་ཞུ་རྒྱུའི་ཁུལ་བྱས། གསང་ཚུལ་དོན་གྱི་གནང་བ་ཐོབ་ཅིང༌། ལྕགས་འབྲུག་ཧོར་ཟླ་དྲུག་པའི་ཚེས་བཅུའི་ཉིན། ཞབས་སྤྱི་བོར་བླང་ཞིང་སྨོན་ལམ་དྲག་པོ་བཏབ་ཅིང༌། རྗེ་ཉིད་ཀྱིས་ཀྱང་ཆེད་གཏད་ཀྱི་ཐུགས་སྨོན་མཛད་ཅིང་ཐུགས་ཅང་ཟད་སྐྱོ་བའི་ཚུལ་བསྟན་ང་རང་སྙིང་འགས་པ་ལྟ་བུའི་སྡུག་བསྔལ་གྱིས་ནོན་ཞིང་བླ་སློབ་སོ་སོར་བྲལ་བ་ཤིན་ཏུ་དཀའ་བར་འདུག་ཀྱང༌། དུས་ལ་བབ་ཚེ་ཐབས་བྲལ་དུ་གྱུར་པས་དགོངས་པ་ཞུས། ང་རང་དངོས་ཀྱི་རོག་ལྡན་གྲོགས་མཆེད་དཔལ་དགེ་དང༌། ལྷག་བསམ་རབ་དཀར་གཉིས། གཞན་ཡང་གྲོགས་ལྡན་གྱི་ཚུལ་དུ། བླ་མ་རིག་འཛིན་དང་ཡོངས་གྲགས་གཉིས་ཀྱི་གཙོར་གནས་སྐོར་བ་ཁ་ཤས་བཅས་ལམ་དུ་ཞུགས་ནས། མཆེད་ལྕམ་ཀུན་གྱིས་ལུང་མདོ་བར་དུ་སྐྱེལ་མ་མཛད་ཅིང་ཕྱིར་ལོག །མགར་ལུང་ལ་ཁ་ཞེས་གདན་ས་མཐོང་བའི་སར་སླེབས་ཚེ་གཞན་ཀུན་སྔོན་དུ་སོང༌། དཔལ་དགེ་དང་ང་རང་གཉིས་ནས་ཕྱག་བརྒྱ་ཕྲག་འཚལ་ཞིང༌། ཚེ་རབས་ཀུན་ཏུ་རྗེ་བཙུན་བླ་མ་མཆོག་དང་འབྲལ་བ་མེད་པར་རྗེས་སུ་འཛིན་ཞིང༌། ཐུགས་སྐད་ཅིག་ཙམ་མི་དཀྲུག་པ་དང༌། རང་དོན་ཡིད་བྱེད་ཀྱི་འཁྲི་བ་བཙན་ཐབས་སུ་ཆོད་ཅིང་སེམས་ཅན་དོན་དུ་ལུས་སྲོག་བཏང་ནུས་པའི་སྨོན་ལམ་དང་གསོལ་བ་རྩེ་གཅིག་ཏུ་བཏབ་ཅིང་ལམ་དུ་ཞུགས། ཞག་ཤས་ན་རྡོའི་རྫོང་ཕུག་ཏུ་སླེབས། ཚོགས་འཁོར་འབྱོར་ཚོད་ཙམ་བྱས། གཡུ་མཚོའི་འགྲམ་དུ་སླེབས་དུས། ང་རང་གཅིག་བུར་མཚོ་སྐོར་ལ་ཕྱིན་ནས། རྡོ་ལེབ་ཞིག་གི་སྟེང་དུ་དར་ཅིག་ངལ་བསོས་པ་ན་མཚོ་དབུས་དེ་ནས་བུད་མེད་སྔོན་མོ་ཆུ་དར་གྱི་ལྭ་བ་གྱོན་པ་ཞིག་ཚུར་བྱུང་སྟེ། ང་རང་ཁམས་གྱི་ཙཱ་རི་ཊ་ནས་མཚོ་གཏིང་བརྒྱུད་དེ་འོང་བ་ཡིན། དམར་ནག་རཀྟའི་མཚོ་དབུས་ན་ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་ཡོད་པ་བཞེས་ལ་སོང༌། སླར་གནས་འདིར་སླེབས་པར་དཀའ། བྱང་ཕྱོགས་སུ་འབྱོན་པར་ཐུགས་གཏད་ཀྱང་ལོ་གསར་རྙིང་མཚམས་སུ་འཚུབས་ཆ་ཤིན་ཏུ་ཆེ། འོན་ཀྱང་ངེད་ཅག་རྣམས་ཀྱིས་ཞབས་ཏོག་གང་ནུས་སྒྲུབ། རྟ་ཁ་སྲབ་ཀྱིས་བསྒྱུར་བ་ལྟ་བུའི་དུས་ཡིན་ནོ། །ཟེར་ཞིང་མཚོ་ནང་དུ་སོང༌། །དེ་ནས་རང་གི་བསམ་པ་ལ། ད་ནི་བླ་མ་དང་བྲལ། གཏེར་སྟོན་མིང་ཐོགས་ཞིག་བྱུང་ཡང་སེམས་ལས་ཆེ་བ་ཁོ་ནར་ཟད། སྔོན་གྱི་གཏེར་སྟོན་མཆོག་གཉིས་གླིང་པ་བརྒྱད་སོགས། གཏེར་ཆེན་གཏེར་ཕྲན་རྣམས་དང༌། ཁྱད་པར་རང་ལུགས་ཀུན་མཁྱེན་རྣམ་གསུམ། སྐྱབས་མགོན་བླ་མ་བཅས་ཀྱི་བཀའ་གཏེར་དག་སྣང་གི་བསྟན་བཅོས་རྒྱ་མཚོ་ལྟ་བུ་ཟབ་ཅིང་རྒྱ་ཆེ་ཚེ་གཅིག་སངས་རྒྱས་སྒྲུབ་པའི་གདམས་པ་ཡོད་བཞིན། བདག་འདྲ་བྱིས་པའི་བློ་ཅན་གྱི་གཏེར་ཆོས་ཡིན་བློས་སེམས་ཅན་མགོ་བསྐོར་གྱི་རྒྱུ་ལས་མེད་པས། དེ་ལས་བླ་མའི་གདམས་ངག་ཉམས་སུ་ལེན་ཞིང༌། མཁྱེན་བརྩེ་ཞེས་པའི་མཚན་མ་ཐོས་པའི་ཡུལ་ཞིག་ཏུ་ཕྱིན་ནས། བློ་ཕུག་ཆོས། ཆོས་ཕུག་སྤྲང༌། སྤྲང་ཕུག་འཆི། འཆི་ཕུག་གྲོག་སྟོང་ལ་གཏད་ནས། ཟག་བཅས་ཀྱི་ཕུང་པོ་འོད་སྐུར་དེངས་པ་ཙམ་མ་བྱུང་ཡང༌། རྡུལ་ཕྲན་ཆ་མེད་དུ་དེངས་པ་ཞིག་མི་བྱེད་རེ་སྙམས་པའི་བློ་ཐག་བཅད་ཅིང༌། མཚོ་བསྐོར་ནས་ཕར་ཕྱིན་པས། གཞན་མ་རྣམས་སྔོན་དུ་སོང་ནས། དཔལ་དགེས་སྒུག་འདུག་སྔོན་མ་རྣམས་གནས་མདུན་དུ་མ་སོང་ན། སྡོད་གནས་ལེགས་པོ་རང་ཡོད་ཚོད་མི་འདུག་པས་དེར་སོང༌། ང་རང་ཞབས་ཕྱི་བསྡད་པ་ཡིན་ཟེར། མར་ཕྱིན་པས་མཚོ་ཁམ་པ་ཞིག་འདུག་པ། མ་ཀི་དམར་ནག་རཀྟ་རེད་ཟེར། ང་རང་ནས་ཉིད་སྔོན་དུ་སོང་ལ་སང་སྔ་བར་བསང་ཞིག་བཏང་རྒྱུའི་སྟབས་ཀ་ཨི་འགྲིགས་ལྟོས། ང་རང་མཚོ་ཕ་ཀིའི་འགྲམ་ལ་ལུས་སྦྱིན་ཞིག་གཏོང་ནས་འོང་བྱས། ང་རང་གཅིག་པུ་མཚོ་ཁར་ཕྱིན་ཏེ། ལུས་སྦྱིན་གྱི་དམིགས་པ་ཞིག་བྱས་པ་ད་ཀིའི་བུད་མེད་དེར། ཁྲོས་པའི་ཉམས་ཀྱིས་མཚོ་ནང་ནས་ཐོན་བྱུང་བར། ཁྱོད་མི་ཡུལ་དུ་སྐྱེ་སྲིད་འཛིན་པ་ལ། པད་མའི་རིང་ལུགས་སྐྱོང་བ་དང༌། ཧེ་རུ་ཀཿཡི་བརྟུལ་ཞུགས་ཀྱིས། །ནམ་མཁའ་མཛོད་ཀྱི་སྒོ་འཕར་ཕྱེས། །བསྟན་དང་འགྲོ་བའི་དོན་ཆེན་སྒྲུབ། །ཡེ་ཤེས་ཌཱ་ཀིའི་དགྱེས་པ་སྐོངས། །ལྷ་སྲིན་སྡེ་བརྒྱད་དབང་དུ་སྡུས། །མ་རུང་འབྱུང་པོ་རྡུལ་དུ་རློག །ཨ་ཏིའི་བསྟན་པ་གཞིར་བཞེངས་སློངས། །དེ་ལྟའི་ཐ་ཚིག་མ་བོར་རམ། །པདྨའི་བཀའ་དང་མཁའ་འགྲོའི་ལུང༌། །སློབ་དཔོན་ངོ་སྤྲོད་ཁྱད་གསོད་ནས། །རང་དོན་ཡིད་བྱེད་ཞི་བདེར་གཞོལ །འབྲས་བུ་ཐོབ་པ་ག་ལ་སྲིད༈ །ལོ་མཇུག་འདི་ནི་གསལ་བར་འོང༌། །འཕགས་པ་འཇིག་རྟེན་དབང་ཕྱུག་གི །གདམས་པ་ཁྱོད་ཀྱིས་མི་ལེན་ན། །ང་ཡི་གནས་སུ་འདྲེན་ནས་འགྲོ། །ཞེས་ཟེར་ཞིང༌། །ཤེལ་གྱི་སྒྲོམ་བུ་དར་སྣ་ལྔ་དང་མཉྫིའི་དྲིལ་བ་ཞིག་ལག་ཏུ་བཟུང་ནས་མཚོ་ཡི་ནང་དུ་ཐལ། །དེ་ནས་མར་འོང་བའི་གནས་མདུན་དུ་ཉལ་པའི་རྨི་ལམ་ན། ཞིང་སྐྱོང་ཡབ་ཡུམ་གཉིས་མངོན་སུམ་དུ་བྱུང་སྟེ། ངེད་ཅག་གཉིས་དམར་ནག་རཀྟའི་མཚོ་དབུས་ཀྱི། ཟབ་གཏེར་སྲུང་ཞིང་ཞག་རེ་ལན་གསུམ་འཁོར་དགོས་པ་ཡོད་ཀྱང༌། ད་ལན་གཙོ་མོའི་ཁམས་གྱི་ཙཱ་རི་ཊར་དྲངས་སོང་བའི་རྗེས་སུ་འགྲོ། །སླར་ཁྱོད་ཀྱང་དེར་སླེབས་བར་གྱིས་ཤིག་ཟེར་ཞིང་ཐལ་ལོ། །དེ་ནས་ངེད་ཅག་ཀུན་རྡོ་སྨད་འཛིར་ཀ་སོགས་བརྒྱུད་ནས། ཁྲོ་སྐྱབས་ཡུལ་གྱི་ཀ་ར་ཞེས་པར་སླེབས། ཡུལ་དེའི་བླ་མ་བཀྲ་ཤིས་རྒྱ་མཚོ་དང༌། ལྷུན་གྲུབ་རྒྱ་མཚོ་ཟེར་བ་གཉིས་གྱིས་སྔར་འབྲེལ་འདྲིས་མེད་ཀྱང༌། རྟེན་འབྲེལ་གྱི་མཚམས་སྦྱར་ལེགས་པོ་རེ་བྱས་བྱུང་བར་ཕྱིས་ཀྱི་རྟེན་འབྲེལ་དུ་གོ། །ཁོ་རང་གཉིས་ཀྱིས་སྣ་དྲངས་ཏེ་གནས་ཆེན་ཐུགས་རྗེ་ཆེན་པོའི་ཉེ་འདབས་སུ་སླེབས། རྨི་ལམ་ན་མི་དཀར་རྟ་དཀར་ཅན་ཞིག་བྱུང་ནས། སྐྱེས་བུ་ཆེན་པོ་གནས་འདིར་བྱོན་པ་ལེགས། ན་ནིང་བདུད་མོ་ཞིག་དང་དམ་སྲིའི་སྤྲུལ་པ་དགེ་སྦྱོང་གཅིག་གཉིས་ཀྱི་བྱ་སྤྱོད་མང་པོས། གནས་འདི་ཅུང་ཟད་ཉམས་ཤིང་རྒྱལ་བའི་སྐུ་ལའང་གྲིབ་ཀྱིས་ཕོག །དཀར་ཕྱོགས་ཉམས་ནས། ནག་ཕྱོགས་ཤུགས་དྲག་ཚག་རག་གཏོང་བ་ཞིག་རེད་ཡོད་ཀྱང༌། ཁར་སོང་ཞག་བདུན་སྔ་རོལ་ན། མཁའ་འགྲོ་མ་ལྔ་བྱུང་སྟེ་ཁྲུས་དང་གྲིབ་སེལ་བྱིན་རླབས་སོགས་གནང་སོང་བར། ཉིད་འབྱོན་པའི་རྟེན་འབྲེལ་དུ་འདུག་ཟེར། སང་སྔ་བར་བླ་མ་གཉིས་དང་ངེད་ཅག་བཅས་འཕགས་པའི་དྲུང་དུ་སླེབས། ཕྱག་དང་བསྐོར་བ་ཁྲུས་གསོལ་སོགས་བྱས་ཤིང་དེར་གནས་བཅས། དེའི་ནུབ་རྨི་ལམ་ན་ཁྱེའུ་དཀར་པོ་ལྟ་བས་ཆོག་མི་ཤེས་ཤིང༌། མཚན་དཔེས་སྤྲས་པ་ཞིག་ཤར་ཕྱོགས་ནས་ཟླ་བ་ཤར་བ་བཞིན་བྱོན་བྱུང་བ་ང་རང་གི་ཐད་དུ་སླེབ་དུས། ཞལ་འཛུམ་པ་དང་བཅས་ཏེ། ཨོ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ རྔ་ཡབ་དཔལ་གྱི་རི་ནས། །འོང་བའི་པདྨ་བཛྲ། །མཐོང་བ་ཙམ་གྱི་ཡིད་སྤྲོ། ཨོ་རྒྱན་དྷུ་མ་ཐ་ལ། །མ་ཚོགས་མཁའ་འགྲོའི་གླིང་ནས། །བསྐུལ་མ་ལན་གསུམ་བྱུང་བའི། །འགྲོ་བའི་མུན་པ་སེལ་ཕྱིར། །བདག་ཀྱང་ཁྱེད་ཀྱི་དཔང་པོར། །གནས་འདིར་ལན་ཅིག་སླེབས་སོ། །འཁོར་བའི་སྡུག་བསྔལ་རྒྱ་མཚོ། །གཏིང་ནས་སྐམ་པར་འདོད་ཀྱང༌། །སེམས་ཅན་ལས་ཀྱི་ས་པ། རང་རང་འཁྲུལ་སྣང་དབང་གིས། །དོང་ནས་སྤྲུག་པར་མ་ནུས། །འོན་ཀྱང་ཐབས་མཁས་སྣ་ཚོགས། །གང་ལ་གང་འདུལ་སྤྱོད་པས། །འགྲོ་དྲུག་སྒྲོལ་བར་དམ་བཅས། །ཇི་སྲིད་འཁོར་བའི་རྒྱ་མཚོ། །སྟོང་པར་མ་གྱུར་དེ་སྲིད། །བདག་གིས་བྱང་ཆུབ་སེམས་བསྐྱེད། །ཡལ་བར་མི་འདོར་དམ་བཅས། །པདྨའི་སྣ་ཚོགས་སྤྲུལ་པ། བྱེ་བ་ཕྲག་བརྒྱས་སྙིགས་དུས། །འགྲོ་བའི་རྒུད་པ་སེལ་བ། །ཁྱོད་ཀྱང་ཐུགས་ཀྱི་སྤྲུལ་པ། ཆུ་སྣོད་ཟླ་གཟུགས་ཇི་བཞིན། །སླེབས་འདི་ངོ་མཚར་རྨད་བྱུང༌། །མེ་ཚོགས་སྤུ་གྲིའི་སོ་ཡང༌། བརྒལ་ནས་སེམས་ཅན་དོན་དུ། །སེམས་དཔའི་བརྟུལ་ཞུགས་མ་ཞན། །རང་དོན་ཞི་བདེར་གཞོལ་ནས། །དམ་བཅའ་རིས་སུ་བོར་རམ། །མ་མོ་མཁའ་འགྲོས་འཁྲེན་ཞིང༌། །ཤ་ཁྲག་ལུས་པོ་བརྗེ་སྲིད། །དུས་གཞན་ལོ་གསུམ་སྒྲུབ་ལས། །སྐབས་དེར་ཞག་བདུན་བསྒྲུབ་པའི། །གྲུབ་འབྲས་མངོན་དུ་འགྱུར་ཕྱིར། །དེ་དོན་ཐོག་ཏུ་ཁེལ་མཛོད། །ལེགས་པའི་རྟེན་འབྲེལ་འགྲིགས་ན། །མ་འོངས་འབྲས་བུ་སྨིན་ངེས། །ཞེས་གསུང་ཞིང་སྐུ་རྟེན་དང་དབྱེར་མེད་དུ་འདྲེས་སོང་བ་རྨིས། སང་སྔ་བར་བལྟས་པས་སྐུ་རྟེན་ཡང་སྔར་དང་མི་འདྲ་བ། །བཀྲགས་མདངས་རྒྱས་ཤིང་འོང་ཟེར་ཕུང་ངེར་ཡོད་པར། །ཕྱག་དང་མཎྜལ་ཕུལ་བས། ཡིག་དྲུག་གི་སྒྲ་ལན་གསུམ་གསུངས་བ་ངེད་ཅག་ཁ་ཤས་ཀྱིས་ཐོས། །དེ་ནས་རིམ་བཞིན་མཐུན་རྐྱེན་ཡང་འབད་མེད་དུ་བྱུང་བ་ལ་བརྟེན། སྔག་བསྔལ་རང་གྲོལ་གྱི་སྒྲུབ་པ་ཞག་བདུན་བྱས། སྐབས་རྣམས་སུ་རང་ཡང་སྔར་དང་མི་འདྲ་བའི་ཉམས་ཀྱི་སྣང་བ་འུར་ཞིང་རྟགས་མཚན་སྣ་ཚོགས་བྱུང་བ་དང༌། གནས་དེའི་འབྱུང་བོ་མི་མ་ཡིན་པ་རྣམས་ཚར་བཅད་ཅིང༌། རྒུད་པ་གསོ་བ་དང་བྱིན་འཇུག་པ་སོགས་ཀྱིས་ཕྲིན་ལས་ཐུན་མོང་དང་ཐུན་མོང་མ་ཡིན་པ་དངོས་དང་བརྒྱུད་ནས་བསྒྲུབས། སླར་ཡང་ཚོགས་སྟོང་དང་རིན་པོ་ཆེའི་མཎྜལ་ཕུལ། རང་འདོད་དང་བྲལ་བའི་སྨོན་ལམ་དཔག་ཏུ་མེད་པ་བཏབ་ཅིང༌། སྐུ་རྟེན་གྱི་ཞལ་ནས། འོ་རིགས་ཀྱི་བུ། དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །ཅེས་མཐུན་འགྱུར་མཛད་པ་དེར་གནས་ཁ་ཤས་ཀྱིས་ཐོས། །ཀའུ་ཀོང་དུ་ལན་ཅིག་འོང་རྩིས་སྙམས་པ་བྱུང་ཡང༌། རྨི་ལམ་དུ་འཕགས་པའི་ཞལ་ནས་ད་ལན་གནས་དེར་འགྲོ་བའི་རྟེན་འབྲེལ་མེད་པས་བཤོལ་ན་ལེགས་ཞེས་གསུངས་ལྟར་བྱས། རིམ་བཞིན་རྫོང་འགགས་སྟོང་པར་བརྒྱུད། བླ་མ་དགོན་དུ་སླེབས། དེར་ང་རང་བྱང་ཕྱོགས་སུ་འགྲོ་བར་ཆས་ཤིང༌། སླར་ལྡོག་མིན་མི་འཚལ་བས། ང་རང་གཉིས་གསུམ་ཙམ་མ་གཏོགས་གནས་མཇལ་བ་གཞན་རྣམས་ཕྱིར་ལོག་ན་འཐད་སྨྲས་ཀྱང༌། ལ་ལ་ནི་བྱང་གནས་ཨི་མཇལ་གྱི་རེ་བ་དང༌། ལ་ལ་ནི་ཁྱེད་ཀྱི་རྗེས་ཅི་ཆོད་ཞིག་བྱེད་ནས་འགྲོ་རྒྱུ་ཡིན་ཟེར་བ་སོགས་ཕྱིར་ལྡོག་ཏུ་མ་ཉན། འོ་ན་ད་ནས་བཟུང་ཁྱེད་རང་བླ་མས་བླ་མ་མཛོད། རས་པས་རས་པ་མཛོད། ང་རང་གིས་བྱིས་པའི་དུས་ནས། ཀུན་མཁྱེན་ཆེན་པོའི་མཚན་གྱི་ཅོད་པན་བཅིངས་ནས། རྣམ་སྨིན་དང་བག་ཆགས་དཀོར་ལ་ལོངས་སུ་སྤྱོད། རང་གི་བསམ་ཐོག་ཏུ་སོངན་ད་ནས་བཟུང་སྤྲང་ཚུལ་གྱི་ཆོས་པ་ཁོ་ན་ཞིག་ཨེ་འོང་སྙམས་ཀྱང༌། བླ་མའི་གསུང་ལུགས་སུ་ཚེ་སྨད་ལ་ཡང་ཅི་འགྱུར་ཤེས་དཀའ་འདུག་པས། ད་རེས་ལན་ཅིག་འདིར་སྤྲུལ་སྐུ་ཡིན་པའི་མིང་ཙམ་ཡང་མི་བསྒྲགས་པར། འཚོ་བ་སློང་མོ་ལ་བརྟེན་པ་སྤྲང་ཆུང་གི་མངོན་རྟོགས་ངོམ་ཞིང༌། ཁྱེད་ཅག་གི་འཁོར་འདབས་སུ་འགྲོ་རྒྱུ་ཞིག་བྱུང་ན་རང་ཅག་རེ་ཞིག་བར་འགྲོགས་ཆོག །དེ་མིན་སོ་སོར་དབྱེ་བ་ལས་འོས་མེད་ངེས་ཐག་བཅད་པས། ཁོང་རྣམས་ནས་ཀྱང་དེ་ལྟར་བགྱིད་ཅིང༌། སུ་ལའང་མི་བཤད་པའི་མནའ་ཐོ་བཅད་དེ། དངོས་རྫས་ཀུན་ཁོ་རང་རྣམས་ལ་བགོ་བཤའ་བྱས་ནས་བྱིན། དཔལ་དགེ་དང་ང་རང་གཉིས་ཨར་ཅོ་རྣམས་ཀྱི་སྒར་མཐའ་འབྲངས་ནས་ཕྱིན། ཨ་མཆོག་ཏུ་སླེབས་དུས་ནག་ཚོད་གཅོད་པ་ཟེར་བ་རྗེ་བླ་མའི་དངོས་སློབ་ཞིག་འདུག་པ་དེས་ངོ་ཤེས་ནས། ཕ་མཐའ་རིན་པོ་ཆེའི་གཙོར་མཛད་ཆ་ཤས་ཀྱིས་གོ་ཐོས་ཙམ་དུ་གྱུར། དེ་ཕན་སུས་ཀྱང་ཤེས་ན་མཁན་མེད་པའི་འདོད་ཐོག་ཁེལ་བ་བྱུང་ཞིང༌། མཛོད་དགེའི་ཐང་སྐོར་དུ་སླེབས་དུས། མགོ་ལོག་རྟག་ཤོག་ལྕགས་ཐར་རྒྱལ་དང་ལན་གཅིག་འཕྲད། དེར་རྗེ་བླ་མའི་སྐུ་དྲུང་དུ་བྱང་ཕྱོགས་མཚོ་སྔོན་དུ་འགྲོ་བའི་དགོངས་ཞུས་དང༌། ལན་ཅིག་གཟུགས་སྐུ་མཇལ་བ་མེད་ཀྱང༌། སྐྱེ་ཀུན་འབྲལ་བ་མེད་པའི་སྨོན་ཚིག་གི་ཞུ་ཤོག་དང༌། སྲིང་མོ་ལ་ཡང་རྗེ་བླ་མ་བཞུགས་རིང་བར་ལ་སྐུ་དྲུང་དུ་བཅར་བ་དང༌། དེ་རྗེས་ང་རང་བསྙེགས་ནས་མིང་སྲིང་གཉིས་པོ་དབེན་པའི་རི་ལ། ལྷ་ཆོས་གཤའ་མ་ཞིག་སྒྲུབ་དགོས་ཀྱི་ཡི་གེ་བསྐུར། དེ་ནས་ཤུལ་ལམ་རིམ་བགྲོད་ཀྱིས་སོང་བ། དགྲ་ཇག་གིས་གནོད་པ་ཅུང་ཟད་རེ་ཡོད་གྲབ་བྱས་ཀྱང༌། སྲུང་མའི་ཕྲིན་ལས་ཀྱིས་བཟློག་ཅིག་ཉེ་ཞོ་མ་ནུས། རྡི་ཚ་སྒར་ཞེས་པའི་ཐད་དུ་ཨ་མྱེ་དམུ་རི་ཞེས་པའི་སར། ང་རང་གསང་ཞིང༌། རས་པ་ཡོངས་གྲགས་ཡིན་ཚུལ་གྱིས། སངས་རྒྱས་སྟོང་རང་བྱོན་དུ་ཡོད་པའི་གནས་ཕུག་ཞིག་གི་སྒོ་ཕྱེས། ཀུན་གྱིས་རས་པ་ཡོངས་གྲགས་ལ་དད་པའི་གནས་སུ་གྱུར་ཅིང༌། ངོ་མཚར་བའི་རྟགས་མཚན་དང༌། ཡུལ་དེར་ཕན་པ་རྒྱ་ཆེ་བའི་མངོན་རྟོགས་ངོམས། ངེ་ནས་རིན་བཞིན་བགྲོད་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་སླེབས། དེར་གནས་མཇལ་བ་རྣམས་ནས་ཞག་ཤས་བར་ཕྱག་བསྐོར་སོགས་བྱས། ང་རང་ནས་ལམ་བར་གསང་ཚུལ་གྱིས་གཉན་ཁྲོད་འགྲིམ་པར་དེ་གའི་དུར་ཁྲོད་ཆེན་པོ་བརྒྱ་དང་བརྒྱད་ཀྱི་ཁ་གང་ཞིང༌། མ་ཡམས་ཞེས་པའི་དམ་སྲི་གདུག་པ་ཅན་ཞིག་འདུག་པ་གསང་ཚུལ་གྱིས་དམ་ལ་བཏགས། གུང་ཐང་རྡོ་རྗེ་འཆང་ཆེན་པོའི་དྲུང་དུ། གནས་སྐོར་བ་ཀུན་ཕྱག་མཇལ་དུ་སོང་བ་ང་རང་གྲལ་མཐར་གནས་ཀྱང༌། ལྐོག་གྱུར་དུ་གཟིགས་པའི་ངོས་འཛིན་མཛད་ཅིང༌། ཅིས་ཀྱང་གསུང་ནན་གྱིས་ཁྱོད་རང་སུ་ཡིན་བཤད་དགོས་གསུང་པས། གསང་ཚུལ་གྱིས་ང་རང་གི་ལོ་རྒྱུས་བཤད་དགོས་བྱུང༌། ཆོས་འབྲེལ་ཡང་རྒྱ་ཆེར་གནང༌། བསྟན་དང་འགྲོ་ ལ་ཕན་པའི་ཐུགས་སྨོན་སོགས་མཛད། དེ་ནས་ཐེག་ཅིང་ཞག་ཤས་ནས་རེ་སྐོང་དུ་སླེབས། དེར་སྐྱབས་རྗེ་ཆོས་ཀྱི་རྒྱལ་པོའི་སློབ་བུ་མང་བས་ཅི་ལྟར་གསང་ཡང་ངོ་ཤེས་ཕྱིར་ཐབས་མ་བྱུང༌། ཞག་ཤས་ནས་ངེད་ཅག་སོ་སོར་བྲལ་ཞིང་གནས་བསྐོར་མང་མ་ཀུན་ཕྱག་མཐལ་དུ་སོང༌། དཔལ་དགེ་དང་ངེད་གཉིས་རོག་ལྷག་བསམ་བཅས། མཚོ་སྙིང་མ་ཧ་དེ་ཝར་གནས་འབྲེལ་དུ་ཕྱིན། དེ་ནས་མར་འཁོར་ཞིང་རེ་སྐོང་དུ་སླེབས་དུས། འབྲུམ་ནད་མཆེད་འདུག་པས་དཔལ་དགེ་གཙོར་གྱུར། གནས་མཇལ་བ་རྣམས་ཀྱང་དེར་འཁོར་འདུག་པ་བཅས་ཡར་ཐེག་ནས་རང་ཡུལ་དུ་སོང༌། ང་རང་དང་ལྷག་བསམ་རབ་དཀར་གཉིས་གྲུབ་པ་ཐོབ་པའི་གནས་བརྒྱད་འགྲིམ་རྒྱུའི་སྟ་གོན་བྱས་པར། འཇའ་མོ་ཐང་གི་ཉེ་འདབས་དུར་ཁྲོད་ཞིག་ཏུ་ཞག་གསུམ་གཉན་སར་བསྡད་ནས་ཚར་སློང་གི་མཐའ་རྫོགས་ཚེ། འབྲུམ་ནད་ཀྱིས་ཐེབས། ནད་ཟུག་ཤིན་ཏུ་ལྕི་བས། རྗེ་བླ་མའི་དངོས་སློབ་པདྨ་ཚེ་རིང་ཟེར་བ་ཁོ་རང་གི་གནས་ཁང་དུ་ཁྱེར་ནས་བཞག །དེར་ཞག་གཅིག་ཙམ་ནས། འཁྲུལ་སྣང་བྱུང་བ་ནི་བརྗོད་ཀྱིས་མི་ལངས་ཤིང༌། འཛམ་བུ་གླིང་གི་ལྷ་འདྲེ་ཀུན་འདུས་ནས། ཐོག་མར་ཐོ་མཚམས། བར་དུ་འགའ་ཞིག་ནི་དམ་འོག་ཏུ་འདུས། འགའ་ཞིག་ནི་གླགས་མ་སྙེད་པར་སྐྱེངས་་ཤིང་རང་གནས་སུསོང༌། དེ་ནས་བུད་མེད་སྔོན་མོ་ལག་ན་ཟོར་བ་ཐོག་པ་ཞིག་དང༌། སྔར་གྱི་གཡུ་རྩའི་སྲས་མོ་མཐུ་སྟོབས་ཐོགས་པ་མེད་པ་ཞིག་ཡོད་པ་དེ་དང༌། རང་གི་སྲིང་མོ། གྲུབ་ཐོབ་གར་ཆས་ཅན་ཞིག་བཅས་ངེད་ཅག་ལྔ་པོ་སྲིད་པའི་རྩེ་མོ་མན་ཆད། ན་རག་དམྱལ་ཁམས་ཡན་ཆད་ཀུན་ཏུ་ཉུལ་ཞིང༌། ལ་ལས་ཚོགས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་མཛད་པའི་གྲལ་དུའང་ཆུད། ཞིང་ལ་ལ་ན་ལོངས་སྤྱོད་རྫོགས་སྐུའི་ཆས་ཅན་རྣམས་ཀྱིས་དབང་བསྐུར་བ་ཡང་ཐོབ། །སྔགས་ཀྱི་རྒྱུད་སྡེ་མང་པོའི་ཆོས་གསུང་པ་ཡང་ཐོས། ཞིང་ལ་ལ་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་གསུང་བ་ཡང་ཐོས། ཞིང་ལ་ལ་ན་མདོ་སྡེའི་སྡེ་སྣོད་དཔག་ཏུ་མེད་པ་གསུང་བ་ཡང་ཐོས། །ཁྱད་པར་དུ་ཟངས་མདོག་དཔལ་རིའི་གནས་ཡུལ་གྱི་བཀོད་པ་སྲིན་པོའི་གླིང་ཆེན་བརྒྱད་དང་གླིང་ཕྲན་བཅུ་དྲུག་བཅས་མཐོང་ཞིང༌། སྐད་མི་ཐོས་པ་རྣམས་ཀྱང་རིག་པ་གཏད་རེས་ཀྱིས་གོ་བརྡ་འཕྲོད་པ་བྱུང༌། དེ་ནས་ཟམ་ཆེན་ཁར་ཀེང་རུས་བཞི་དང་ཁྲོ་བོ་བཅུ་ཡིས་བགེགས་བསྐྲད་ཅིང༌། རིམ་བཞིན་སྒོ་ཆེན་གཉིས་བརྒལ་བའི་ས་ན། གྲུབ་ཆེན་དཀར་ཆས་ཅན་ཞིག་གིས་བུམ་པའི་བདུད་རྩིས་བདག་ལ་ཁྲུས་མཛད། ནང་དུ་སོང་བས་གཞལ་ཡས་ཁང་གི་བཀོད་པ་ནི་བློས་དཔག་བར་དཀའ་བ་མཐོང་ཞིང༌། དབུས་སུ་རིན་པོ་ཆེའི་ཁྲི་སྟེང་སྲིན་པོ་ཕོ་མོའི་རོ་བསྣོལ་བའི་ཁར། གུ་རུ་རཀྴ་ཐོད་ཕྲེང་རྩལ་ཁྲོ་བོའི་ཆས་ཐམས་ཅད་ཀྱིས་ལེགས་པར་བརྒྱན་ཞིང༌། ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས་པ། གཟི་བརྗིད་བཟོད་བར་དཀའ་བའི་ཉམས་ལྡན་མཇལ་མ་ཐག་ཏུ་དྲན་པ་ཉམས་པ་ཙམ་བྱུང༌། དེར་སླར་བརྒྱལ་སངས་པ་དང་མཉམ་དུ་ཀུན་གྱིས་བེམས་པོའི་ཚོགས་འཁོར་ཞིག་རོལ་འདུག་པ། ང་རང་གི་ལུས་ཨེ་ཡིན་སྙམས་པའི་སྣང་བ་ཞིག་ཀྱང་བྱུང༌། སྐབས་དེར་ཁྲོ་མོ་གཉིས་བྱུང་ནས། ང་རང་གི་གམ་དེར་སྲིང་མོ་འདུག་པ་གྲི་གུག་གིས་ལྤགས་པ་དམར་ཤལ་གྱི་བཤུས་ནས་ཤ་ཁྲག་ནང་རོལ་ཀུན་སྤུངས་ཤིང༌། ནམ་མཁའ་ནས་ཧེ་རུ་ཀཿཞིག་བྱུང་བས་བྱིན་གྱིས་བརླབས། མཁའ་འགྲོ་མ་གཉིས་ཀྱིས་གཙོ་བོ་ལ་སྙིང་དང༌། གཞན་ཡང་ཤ་ཁྲག་ནང་རོལ་དང་བཅས་པ་བསྟབ་ཅིང་གསོལ་སོང་བར། སྙིང་རྗེ་དང་ཕོངས་སེམས་བཟོད་བླག་མེད་པ་ཞིག་ཀྱང་བྱུང༌། ཧེ་རུ་ཀཿདེས་ང་རང་གི་སྙིང་ཁར་སྡིགས་མཛུབ་གཏད་ཅིང༌། ཁྱོད་ད་དུང་མངལ་གྱི་སྒྲིབ་པ་རེ་ཆེ་གསུངས། གཞན་བསད་པ་དང་བཅད་པ་ཤ་ཁྲག་ཟ་བ་ཡང་དཔག་ཏུ་མེད་པར་འདུག །དེར་ངེད་ཅག་ཀྱང་ཤོག་སྐྱ་རླུང་གིས་བསྐྱོད་པ་བཞིན། ཤེལ་གྱེ་ཐེམ་སྐས་ཞིག་ཏུ་བརྒྱུད་དེ། བར་ཁང་དུ་སླེབས་པ། དཔལ་རིའི་སྨོན་ལམ་གྱི་བཀོད་པ་ཅི་ལྟ་བ་བཞིན་འདུག་པ། དབུས་སུ་རིན་པོ་ཆེའི་ཁྲིའི་ཁར། གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་རྣམ་པར་བཞུགས་པའི་སྐུ་ལས་འོད་དང་འོད་ཟེར་མུ་མཐའ་མེད་པར་འཕྲོ་ཞིང༌། ནམ་མཁའ་ས་གཞི་བར་སྣང་ཀུན། སངས་རྒྱས་བྱང་སེམས་རྩ་གསུམ་རིག་འཛིན་དཔའ་བོ་མཁའ་འགྲོ་སྤྲིན་འཐིབས་པ་ལྟར་བཞུགས་པར་མཐོང༌། ང་རང་གི་སྣང་བ་ལ་ཕྱག་དང་བྱིན་རླབས་ཤིག་ཞུ་དགོས་ཀྱང༌། །ལུས་ནི་མེད་སྙམས་པའི་སྐྱོ་སང་ངེ་བ་ཞིག་བྱུང་བར། བླ་མའི་གཡོན་ཕྱོགས་ནས་མཁའ་འགྲོ་མ་དཀར་མོ་ཕྱག་ན་བྷནྡྷ་བསྣམས་པ་ཞིག་བྱུང་ནས། བུ་ཁྱོད་མ་ཡེངས་མ་ཡེངས་ངག་ལ་ཉོནཿ གུ་རུ་པད་འབྱུང་བླ་མའི་སྐུ་གཅིག་ལཿ དུས་གསུམ་སངས་རྒྱས་ཀུན་གྱི་བཀོད་པ་རྫོགསཿ སྟོང་གསུམ་འཛམ་གླིང་བྱེ་བ་ཕྲག་བརྒྱ་ནཿ གུ་རུའི་སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡོདཿ ཆུ་སྣོད་ཟླ་གཟུགས་ཉི་མ་འོད་ཟེར་བཞིནཿ སྤྲུལ་གཞི་གཅིག་ལ་སྤྲུལ་བ་སྐར་ཚོགས་མཚུངསཿ ཁྱོད་ཀྱང་མེ་ལོང་ངོས་སུ་གཟུགས་འཕོས་ལྟརཿ དེང་སྐབས་ལྔ་ཕྲག་ཐ་མའི་དུས་ཀྱི་ཚེཿ མཐོང་ཐོས་དྲན་རེག་འབྲེལ་པས་བསྡུས་སོ་ཅོགཿ འདྲེན་ཞིང་གཟུགས་མེད་དྲེགས་པའི་རྗེ་བོ་རུཿ མངའ་གསོལ་གུ་རུའི་ཐུགས་ཀྱི་སྤྲུལ་པའི་སྐུཿ སླར་ཡང་སྤྲུལ་པ་རྣམ་གསུམ་གཅིག་བསྡུས་ཏེཿ མནྡཱ་ར་བ་མངའ་བདག་སངས་རྒྱས་དཔལཿ ཆོས་ཀྱི་མཛོད་འཛིན་ལས་ཀྱི་ཕོ་ཉ་བརཿ མངའ་གསོལ་ཤ་ཟའི་རུམ་དུ་སྲིད་བཟུང་ཞིངཿ ལྔ་ཕྲག་ཐ་མའི་གཏེར་མཇུག་སྐྱོང་བ་ལཿ ཁྱོད་ཉིད་མཁའ་འགྲོའི་གསང་མཛོད་བདག་པོ་རུཿ མངའ་གསོལ་མཐའ་འཁོབ་གདུལ་བྱ་སྐྱོང་བ་དང་ཿ ཁྱད་པར་གཟུགས་མེད་དཀར་ཕྱོགས་སྟོབས་བསྐྱེད་ཅིང་ཿ ནག་ཕྱོགས་བདུད་སྡེ་ཆོམ་ལ་འབེབས་པའི་ཕྱིརཿ མངགས་པའི་ཕོ་ཉ་ཡིན་པར་མི་དྲན་ནམཿ མངལ་ལས་སྐྱེས་པའི་སྒྱུ་ལུས་ཟུག་རྔུས་མནརཿ ཁྱོད་གཉིས་བག་ཆགས་སྣང་གཟུགས་ཚོགས་སུ་ཕུལཿ སྐབས་འདིར་འོད་ལུས་ཡེ་ཤེས་སྙིང་པོ་ཅནཿ སྤྲུལ་གཞི་བླ་མའི་བྱིན་རླབས་ལས་བྱུང་བཿ ཐོབ་དུས་དབང་བཞི་ཡོངས་སུ་རྫོགས་པ་དང་ཿ རིག་འཛིན་རྣམ་བཞིའི་ས་བོན་ཐོབ་བར་མཛོདཿ དུས་བབ་གནས་དང་གཏེར་གྱི་སྲུང་མ་ཆེཿ བསམ་བཞིན་དྲེགས་པའི་སྡེ་དཔོན་སྲིད་བཟུང་བཿ ཁམས་ཀྱི་ཙཱ་རི་ཊ་ལ་གནས་པ་ཡིཿ དཔའ་བོ་ཌཱ་ཀིས་ལུས་ཀྱི་རྐྱེན་བསལ་ཞིང་ཿ ཚེ་འཕྲང་བདུན་གྱི་བར་ཆད་བཟློག་བར་ངེསཿ མ་ཡི་བསླབ་བྱ་སེམས་ཀྱི་དཀྱིལ་དུ་ཟུངསཿ ཞེས་སོགས་བསླབ་བྱ་མང་དུ་གནང་ཞིང༌། གཙོ་བོའི་གཡས་ཕྱོགས་མནྡཱ་ར་བའི་དྲུང་དེར་བཞག །དེར་བླ་མ་རིག་འཛིན་ཀུན་འདུས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཤིང༌། མངའ་བདག་ཆེན་པོ་མཁའ་འགྲོའི་བསུ་བ་བཅས། བོད་ནས་བྱོན་ཞིང་རྡོ་རྗེའི་རྒྱལ་ཐེབས་མཛད། གུ་རུ་ཆོས་ཀྱི་དབང་ཕྱུག་གིས་བྱང་འདྲེན་དང༌། རིག་འཛིན་ཉི་མ་གྲགས་པས་ཀརྨའི་ལས་མཁན། བདུད་འདུལ་རྡོ་རྗེ་དང་ཀརྨ་གླིང་པ་རྣམ་གཉིས་བར་ཆད་སྲུང༌། རྒོད་ལྡེམ་ཅན་གྱིས་བྱིན་འབེབས་པའི་ལས༑ གཞན་ཡང་རིག་འཛིན་དཔའ་བོ་མཁའ་འགྲོ་མ་དཔག་ཏུ་མེད་པ་བཅས། ཞག་བདུན་གྱི་བར་དུ་སྒྲུབ་པར་མཛད་ཅིང༌། དངོས་གྲུབ་ཀྱི་ཚེ་དབང་བཞི་རྫོགས་པར་ནོད། མཁའ་འགྲོའི་གསང་མཛོད་སྒྲོམ་བུ་བདུན་ཀྱི་གཏད་རྒྱ་སྨོན་ལམ་བཅས་གནང་ཞིང༌། མི་ལོ་བཅུ་གསུམ་བར་དུ་སྤིར་གྱི་ཁ་བཞིན་བསྡམས། རླུང་ཕྱོགས་ཙམ་ཡང་མི་སྒྲོགས་པའི་དམ་བསྒྲགས་མཛད། སླར་ཡང་རྟེན་འབྲེལ་དུས་སྐབས་དང་མཚུངས་བར། གསང་ཚུལ་ཙམ་ལས་ཁྱབ་གདལ་དུ་མི་སྤེལ་བ་ཌཱ་ཀི་རྣམས་ཀྱི་བཀའ་རྒྱ་ཁྲོལ་མིན་ལ་རག་ལས་དགོས་པའི་གཉེར་གཏད་གནང༌། རང་ནས་གཟུགས་ཅན་གཟུགས་མེད་ཀྱི་དོན་སོགས། ཌཱ་ཀི་རྣམས་ཀྱི་སྣང་བ་གར་བསྒྱུར་ལས་རང་དོན་ཡིད་བྱེད་ཞི་བདེར་མི་གཞོལ་བ་དང༌། གདམས་ངག་དང་ཡོན་ཏན་ངོམ་ཆོས་ཟོག་པོ་མི་བྱེད་པའི་དམ་བཅའ་ཕུལ། གཞན་ཡང་ངོ་མཚར་བའི་ལྟད་མོ་སྣ་ཚོགས་མཐོང་ཡང༌། བྲི་བར་ཡང་མི་ལངས་ཤིང་ཕལ་ཆེར་བརྗེད་ནས་ཐལ༑ དེ་ནས་སྒྲུབ་པ་གྲོལ་བའི་དུས་ལ་བབ་ཚེ། དགའ་སྟོན་གྱི་ཚོགས་འཁོར་མཛད་ཅིང༌། །གིང་ཕོ་གིང་མོ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་བྲོ་གར་རོལ་མོ་གླུ་དབྱངས་སོགས་ཀྱི་མཆོད་པ་དང༌། སྦྱོར་སྒྲོལ་རྨད་དུ་བྱུང་བའི་ཡ་མཚན་གྱི་ལྟད་མོ་སྣ་ཚོགས་མཐོང་ཞིང༌། ཚོགས་ཀྱི་དགའ་སྟོན་སྟོན་འཁོར་ཡོངས་རྫོགས་ཀྱིས་རོལ། ལྷག་གཏོར་གྱི་ཚེ་ཌཱ་ཀི་བཞིས་བཏེགས་ཤིང༌། སྒོ་ཁྱམས་ཀྱི་གཉེར་འཛིན་དང་དམ་ཚིག་ཤ་ཟའི་མཁའ་འགྲོ་རྣམས་ལ་འགྱེད་བའི་གྲལ་དུ་སྣ་ཚོགས་འདུག །དེ་ནས་བསྟན་སྲུང་རྣམས་ལ་ཕྱི་རོལ་དུ་གཏོར་མ་སྦྱིན་ཞིང་ཚིམས་པ་དྲུག་ཏུ་མཛད་མཐར་བླ་མ་དང་གུ་རུ་དབྱེར་མེད་པའི་ཞལ་ནས། ཨེ་མ་ཧོཿ སྤྲོས་བྲལ་མ་བཅོས་ཆོས་དབྱིངས་དོན་གྱི་ལྷཿ ཀུན་བཟང་ཐོག་མའི་མགོན་པོ་དབྱེར་མེད་པའིཿ སྟོན་པ་དྲི་མ་མེད་ལ་གུས་ཕྱག་འཚལཿ བུ་ཁྱོད་སྣང་བ་བདེན་མེད་རྟོགས་པའི་ཚེཿ གཅིག་བུར་དབེན་བ་བརྟེན་པའི་དགོས་པ་ཆུང་ཿ ཆོས་ཅནསྣང་བའི་རྫུན་ཕུག་རང་སར་རྡིབཿ ཆོས་ཉིད་མ་བཅོས་གཉུག་མའི་ངོ་འཕྲོད་ཚེཿ གཟུང་འཛིན་ཕྲ་མོའི་སྤུ་རིས་འབྱེད་བྱེད་ཅིང་ཿ ཟག་བཅས་དགེ་བའི་རྩོལ་སྒྲུབ་མ་ཞེན་པརཿ ཀ་དག་ཀློང་དུ་བཙན་ས་ཟིན་པར་མཛོདཿ འཁྲུལ་པའི་སྣང་བ་རྨི་ལམ་སྒྱུ་མ་རུཿ རྟོགས་ཚེ་སྒྱུ་མའི་ཡུལ་ལ་རྩེ་འཇོར་རོལཿ འཁྲུལ་སྣང་འཁོར་བར་དགག་སྒྲུབ་མ་མཆིས་ཀྱངཿ དེར་ཞེན་ཕ་མའི་རང་བཞིན་ཡིན་པ་ལཿ སྙིང་སྟོབས་མ་ཞན་འབྲེལ་ཚད་དོན་ལྡན་མཛོདཿ བཟང་འབྲེལ་ཆོས་ཀྱི་གདུལ་བྱར་གྱུར་པ་དང་ཿ ངན་འབྲེལ་ལོག་ལྟ་སྒྲོ་སྐུར་སུན་འབྱིན་རྣམསཿ བརྟུལ་ཞུགས་རོ་སྙོམས་ཆེན་པོའི་ཀློང་ཉིད་དུཿ མཉམ་ཉིད་ཡེ་ཤེས་སྨོན་ལམ་ཐེབས་པར་མཛོདཿ སེམས་དཔའ་ཆེན་པོས་བཟང་ངན་དབྱེ་རུ་མེདཿ བྱང་ཆུབ་སྤྱོད་པ་རླབས་ཆེན་རྟག་ཏུ་སྤྱོདཿ ཉིན་སྣང་ཆོས་སྐུའི་འོད་གསལ་ངོས་ཟིན་ཞིང་ཿ མཚན་སྣང་ལོངས་སྤྱོད་རྫོགས་པའི་རྩལ་གདངས་ཀྱིསཿ སྐུ་དང་ཐིག་ལེ་དབྱིངས་རིག་མ་བུ་འདྲེསཿ ས་བཅུ་ལམ་ལྔ་ཉི་ཟླའི་བགྲོད་པ་བཞིནཿ བདེ་ཆེན་འཕོ་མེད་ཆེན་པོར་ལ་བཟླ་ཚེཿ ང་དང་དབྱེར་མེད་བཙན་ས་ཟིན་པའོ༑ མི་གཡོ་མི་སྨྲ་མ་བཅོས་སོར་བཞག་གསུམཿ ཐ་མའི་གྲོལ་ལུགས་ཡིན་པ་ཤེས་པར་གྱིསཿ ང་ཡི་གདམས་པ་མཁའ་འགྲོའི་སྙིང་གི་ཁྲགཿ སྟོན་པའི་གསུང་གི་བདུད་རྩི་ཐུགས་ཐིག་ཆོསཿ ཁར་ཁྱེར་ཟོག་ཆོས་གསང་སྒོ་འཆོལ་བའི་ལསཿ མ་བྱེད་གསང་སྒོ་དམ་ཞིང་སྤེལ་མཁས་ཀྱིསཿ རྟགས་དང་ཡོན་ཏན་རྫུ་འཕྲུལ་ནུས་སྟོབས་སོགསཿ ཤུགས་འབྱུང་གྱུར་ཀྱང་མི་ངོམས་ནང་དུ་སྦོསཿ འཁྲུལ་པའི་སྣང་བ་མེ་ལོང་གཟུགས་བརྙན་བཞིནཿ སྐྱོན་ལ་སྐྱོན་གྱི་རང་བཞིན་སྟོན་མཛོད་དང་ཿ མ་དག་སྣང་བ་རྫུན་པར་ཡལ་ཏེ་འགྲོཿ བསྐལ་མང་བསོད་ནམས་བསགས་པའི་སྟོབས་ཤུགས་དང་ཿ རྩ་གསུམ་དཔའ་བོ་ཌཱ་ཀིའི་བདེན་པའི་མཐུ༔ གཉེར་འཛིན་དམ་ཅན་རྒྱ་མཚོའི་སྟོབས་རྩལ་གྱིསཿ བདུད་སྡེའི་གཡུལ་ལས་རྒྱལ་ཞིང་སྨོན་པའི་མཐུསཿ གེགས་མེད་ལྷུན་གྱིས་གྲུབ་པའི་རྡོ་རྗེའི་ཚིགཿ འགྲོ་བའི་དོན་དུ་དགོས་འདོད་ཀུན་འབྱུང་ནོརཿ སླར་ཡང་བསྐུལ་མ་བྱུང་ན་འོད་སྟོང་འབརཿ ཁྱུ་མཆོག་མ་ཧེ་སྟག་གཟིགས་དོམ་དྲེད་སོགསཿ སླར་ཡང་འཇའ་རིས་བཀྲ་བ་འོད་དུ་འཁྱིལཿ མཁའ་ལྡིང་རྒྱལ་པོ་རིན་ཆེན་རྒྱན་ཆ་ཅནཿ ཀུན་གྱི་བླ་རུ་མཆོད་ཚེ་བདེ་སྐྱིད་ལྡནཿ འབྲོང་བུ་དར་མའི་ར་རྩེ་བདར་བའི་ཚེཿ སེངྒེ་གཡུ་རལ་བསིགས་ཤིང་ས་བླར་འཕྱོཿ ཟིལ་གནོན་ཁྲོ་གཏུམ་ཁེངས་པའི་རྩལ་ཤུགས་ཀྱིསཿ ས་ཀུ་ཙི་རྣམས་སྙིང་རྩ་འགས་འགྱུར་ཞིང་ཿ འཚུབས་མ་ལན་གསུམ་གཡོ་ཞིང་དྲངས་ཤན་འབྱེདཿ བསྟན་པར་གྱུར་ཚེ་རྫོགས་ལྡན་གསར་པ་ངོམསཿ བསྟན་པའི་མེ་རོ་བསླང་བར་གདོན་མི་ཟ༔ བྱ་རོག་དཀར་པོའི་བརྟུལ་ཞུགས་འཛིན་པ་འགའཿ ཡིད་རྩ་ཁོལ་བར་གྱུར་ཀྱང་ལས་སུ་སོམཿ བུམ་ཐང་གཏེར་སྒོ་འབྱེད་པའི་དུས་ཀྱི་ཚེཿ གཏེར་སྟོན་མུ་ལ་ས་མནྟབྷ་དྲཿ འབྱུང་བ་བཞི་ལ་རང་དབང་བསྒྱུར་བ་ཡིསཿ ཁྱོད་ཀྱི་གདམས་པ་འཛིན་ཞིང་གཏེར་མཇུག་སྐྱོངསཿ དེ་ཚེ་གནམ་སྐས་བྲག་སྒོ་བར་མ་རུཿ ལོ་གསུམ་སྒྲུབ་པ་མཐར་ཕྱིན་ལས་ལྷག་རྫོགསཿ རང་གནས་ང་ཡི་དགོངས་པའི་ཀློང་དུ་འདྲེསཿ དེ་བར་འབྱུང་བཞིའི་གཡོ་འཁྲུགས་གྱུར་ན་ཡང་ཿ མི་འཇིགས་གོ་ཆ་བཙན་པོས་ལུས་བསྲུང་ཞིངཿ སྙིང་སྟོབས་མ་ཞན་སྐྱོ་སུན་ཡས་སུ་བོརཿ སེམས་དཔའ་ཆེན་པོའི་བརྟུལ་ཞུགས་འཛིན་པར་མཛོདཿ ལྷ་ལྕམ་རྡོ་རྗེ་ཕག་མོའི་བྱིན་རླབས་ལསཿ ཟབ་གསང་གདམས་པའི་སྣ་ཁ་འབྱེད་གྱུར་ཅིངཿ ང་སྤྲུལ་ཉང་རིགས་རལ་པའི་ཅོད་པན་ཅནཿ ཁ་ན་མ་ཐོ་ཟིལ་གནོན་དཔའ་བོ་ཡིསཿ ཐུགས་རྗེའི་ཤུགས་ཀྱིས་རྒས་པ་བཅུད་དུ་གསོསཿ སྨོན་ལམ་མཐའ་རྫོགས་བར་ཆད་སེལ་བར་ངེསཿ དབྱིངས་ན་བཞུགས་པའི་སྟོན་པ་ཧེ་རུ་ཀའིཿ ཞལ་འཇལ་གསུང་གི་བདུད་རྩིར་ལོངས་སྤྱོད་ཅིངཿ དོན་གྱི་དབང་མཆོག་ཐོབ་པ་སྐལ་པ་བཟངཿ བརྡ་རྣམས་གོ་བར་གྱིས་ཤིག་རིགས་ཀྱི་བུཿ རང་གི་རིགས་ལ་གྲོས་སུ་གདམས་པ་སྟེཿ འདི་ནས་མི་ལོ་བཅུ་གསུམ་མ་འདས་བརཿ སྟོན་པའི་མཚན་ཙམ་གཞན་ལ་མ་བསྒྲགས་ཤིག༔ སྙིང་ཁུང་རུས་པའི་གཏིང་ནས་གསོལ་བ་ཐོབཿ དུས་ལ་བབ་ཚེ་འབྲས་བུ་སྨིན་པར་ངེསཿ མཚོ་རྒྱལ་བརྡ་རིས་ལ་ཐོབ་སླར་ཡང་སྟོནཿ ཞེས་གསུང་ཞིང་བཞད་གད་ཆེན་པོ་ལན་གསུམ་སྒྲོགས་པ། སྲིན་ཡུལ་ཀུན་ཡོམས་ཡོམས་ཤིག་ཤིག་བྱེད་པའི་ཉམས་བྱུང༌། དེ་ནས་མངའ་བདག་དང༌། ལང་གྲོ། རྨ་ཐོགགསུམ་བྱ་རྒོད་གནམ་འཕང་གཅོད་པ་ལྟར་བོད་དུ་གཤེགས། ངེད་ཅག་རྣམས་ཀྱིས་བླ་མའི་ཞབས་སྤྱི་བོར་བླང་ཞིང་གསོལ་པ་བཏབ་པས། གཡོན་ཕྱོགས་ཀྱི་ཌཱ་ཀི་མ་དེས། ང་རང་གི་ལག་ལ་འཇུས་ནས། བུ་ཉིད་ཉི་མ་ལས་ནི་འོད་ཟེར་བཞིནཿ སྤྲུལ་དང་སྤྲུལ་གཞི་ཐ་མི་དདཿ འོན་ཀྱང་རྟེན་ཅིང་འབྲེལ་འབྱུང་ཆོསཿ ད་ལྟ་གཙོ་དང་འཁོར་གྱི་ཚུལཿ མ་འོངས་ཆུ་ལ་ཆུ་བཞག་མཚོནཿ མཐའ་འཁོབ་འགྲོ་དོན་སྤྱོད་པ་ལཿ ཁྱོད་རང་སུན་པར་མ་མཛད་ཅིགཿ ང་སྤྲུལ་ལྷ་མོ་བདེ་ལྡན་མསཿ ཐུགས་ཀྱི་བཞེད་དོན་བསྐང་བར་ངེསཿ ད་ནི་སྤྲུལ་སྐུའི་ཞིང་ཉུལ་ལཿ མྱུར་དུ་རང་གནས་ལྡོག་པར་མཛོདཿ ཅེས་གསུང་ཞིང༌། འོག་ཁང་དུ་ཁྲིདཿ དེར་ཧེ་རུ་ཀས་དྲེགས་པ་རྣམས་ལ་བཀའ་ནན་མཛད་ཀྱིན་འདུག་པ། རང་ལ་སྦྱན་གྱིས་ཧྲིག་གེར་གཟིགས་ནས། ཁྱོད་གནས་དང་ཡུལ་ལ་མ་ཆགས་པརཿ བསྐོས་པའི་ལས་ཀུན་མཐར་ཕྱིན་གྱིསཿ ང་ཡི་ཐུགས་རྗེས་གཡེལ་བ་མེདཿ ཁམས་སུམ་ཟིལ་གནོན་མངོན་འཚང་རྒྱཿ ཞེས་གསུངས་པ་དང་ཆབ་གཅིག་ངེད་ཅག་རྣམས་སྒོ་ཆེན་གྱི་ཕྱི་རོལ་དུ་སླེབས། ཌཱ་ཀི་མ་ནང་དུ་ཡར་ཕེབས། གུ་རུའི་ཐུགས་རྗེས་མཁའ་ལ་བྱ་ལྟར་ལྡིང་ཐུབ་པ་འདུག་པས། བདེ་བ་ཅན་དང་པོ་ཏ་ལའི་ཞིང་དུ་ཡུད་ཙམ་རེ་སླེབས། སྟོན་པ་ཉིད་ཀྱི་ཞལ་མཇལ་ཙམ། སྒྲ་ཚིག་གི་ཆོས་སྐད་ཐོས་ཙམ་རེ་བྱུང༌། གཡུ་ལོ་བཀོང་དུ་ཏཱ་རེ་ལྷ་མོ་ཉི་ཤུའི་ཞལ་མཇལ། གཙོ་མོ་ནི་བོད་དུ་ཡོད་ཟེར། སླར་འཛམ་གླིང་གི་གནས་ཀུན་ཉུལ་ཙམ་བྱས། སྐབས་དེར་སྐད་རིགས་མི་འདྲ་བ་ཡང་དཔག་ཏུ་མེད་པ་ཤེས། སྡེ་བརྒྱད་རྣམས་ལ་ཡང་རང་རང་དང་མཐུན་པའི་བསླབ་སྒོ་དང་དམ་བསྒྲགས་རེ་ཡང་བྱེད་ནུས་པར་འདུག །རྗེ་བཙུན་གུ་རུའི་ཐུགས་རྗེ་ཁོ་ན་ཡིན་པར་གདའ། དེ་ནས་ཐོ་རངས་ཤིག་ཏུ་སྐྱབས་གནས་བཀའ་དྲིན་གསུམ་ལྡན་གྱི་བླ་མའི་དྲུང་དུ་སླེབས། འོ་ཁྱེད་རང་སླེབས་པ་ཨི་ཡིན་གསུངས། སླེབས་ཡོད་ལགས་ཞུས་པ། ལན་ཅིག་འཕྲད་པ་ཤིན་ཏུ་ལེགས། འཆི་ཁར་ཁྱེད་ལ་ཡིད་འཕྲེང་བ་ཙམ་འོང་འདུག་ཀྱང༌། ད་བློ་ཐག་ཆོད་པ་ཡིན། ང་རང་ཡང་ཟླ་བ་དང་པོའི་ནང་འདིར་རང་གནས་སུ་འགྲོ་བའི་དུས་ལ་བབས། ཉིད་ལ་བསྒོ་བ་ཀུན་སྲིང་མོ་ལ་བྱས་ཡོད། སྦྲུལ་ལོའི་ཟླ་བ་ལྔ་པའི་བར། རེ་སྐོང་རང་ལས་ཡུལ་གཞན་དུ་མ་བགྲོད་ཅིག །དེ་ཚུན་དུ་ཐག་ཆོད་པར་འོང༌། ལོ་འདིར་ཉིད་ཀྱི་སྐུ་གེགས་ཆེ་བ་བཟློག་ཟིན། ད་ལོ་ཤས་བར་ཐ་མལ་གྱི་སྤྱོད་པ་ཁོ་ནར་མཛད་ན། སྐུ་ཚེ་མཐར་ཕྱིན་པ་དང༌། ཚེ་མཇུག་གི་འགྲོ་དོན་རྒྱས་པ་ལ་ཡང་དེ་ག་ལེགས་གསུངས། དབུ་གཏུགས་ཏེ་སྨོན་ལམ་ཞིག་གནང་སོང༌། ཕར་བལྟས་པས་ཐུགས་ཀར་ཨ་དཀར་པོ་ཤེལ་གྱི་མདོག་ལྟ་བུ་ཞིག་འདུག་པ། དེ་ལ་རིག་པ་གཏད་པས་བརྗོད་མེད་ཀྱི་ངང་དུུ་དར་ཅིག་ལུས། དབུའི་གཙུག་ན་འོད་ཁ་དོག་ལྔ་ལྡན་གྱི་དབུས་སུ། སེམས་དཔའ་ཆེན་པོའི་སྐུ་མི་མངོན་ཙམ་ཞིག་འདུག་པ་ཡང་མཐོང༌། བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག་ཙམ་ལས། ང་རང་གིས་ཅི་ཡང་སྨྲ་རྒྱུ་མ་རྙེད། དེ་ནས་ཕྱིར་ལོག་ཅིང་ཁམས་ཀྱི་ཙཱ་རི་ཊའི་གནས་མཆོག་རྡོ་རྗེའི་རྫོང་ཆེན་དུ་སླེབས། དེར་བཞུགས་པའི་དཔའ་བོ་ཌཱ་ཀི་རྣམས་ཀྱིས་ཀྱང་དགའ་སྟོན་དང་ལྐོག་གྱུར་མངོན་དུ་རིག་པས། དཔལ་རིའི་མཁའ་འགྲོའི་རྗེ་བོའི་བཀའ་ཡལ་བར་མི་དོར་བའི་བསྒོ་བ་དཔག་མེད་མཛད། སྡེ་བརྒྱད་རྣམས་ནས་ཀྱང་དམ་བླངས། དེ་ནས་སྲིང་མོ་ནི་བླ་མའི་དྲུང་དུ་སླེབས་ནས་བཟུང་མི་འདུག །བུད་མེད་སྔོན་མོ་དེ་དང༌། གཡུ་རྩེའི་སྲས་མོ། ང་རང་གསུམ་རྨ་ཡུལ་སྟོད་སྨད་རྒྱལ་མོ་རོང་ཡན་གྱི་ཟོ་དོར་ཀུན་གྱི་གམ་དུ་ཡུད་ཙམ་རེ་ཉུལ་ཞིང༌། སླར་རང་གི་བེམས་པོ་རྩར་སླེབས། བུད་མེད་སྔོན་མོ་དེ་ནི་གར་སོང་ཆ་མེད་དུ་ཐལ། སྲས་མོས་ད་ནི་ལས་དོན་གྲུབ་པ་ཡིན་པས། ང་རང་ཡང་ལན་གཅིག་རང་གནས་སུ་འགྲོ། སང་དབྱར་སྟོད་ཆིབས་བསུ་སླེབ་པར་ཡོད་པས། དེ་དུས་བླ་མའི་བཀའ་གསུང་ལྟར་མཛོད། ངེད་ནས་ཀྱང་གསེར་ཐར་ཆིབས་བསུ་སླེབས་པར་བྱེད་ཟེར། ཡིད་དུང་དུང་ངང་ནས་ཐལ༑ བེམས་པོའི་སྤྱི་གཙུག་ནས་བུད་མེད་དམར་མོ་ཞིག་ཐོན་ནས་ཐལ་བར། ང་རང་གི་བེམས་པོ་ལག་པར་བཟུང་བའི་སྣང་བ་ཞིག་སྐྱེས་མ་ཐག་ལུས་ནང་དུ་སླེབས་འདུག་པ། མིག་གིས་གཟུགས་མི་མཐོང༌། ངག་གིས་སྨྲ་མི་ནུས། ལུས་འགུལ་བསྐྱོད་ཙམ་ཡང་མི་ཤེས་པའི་ཟུག་རྡུས་མནར་འདུག་པ། སྟོབས་ཤུགས་བསྐྱེད་དེ་ཡན་ལག་ཅུང་ཟད་འགུལ་བསྐྱོད་བྱས་པར། གམ་དུ་གནས་ཚང་གི་སྔགས་པ་དང་གཞན་ཞིག་བཅས་ཡོད་འདུག་བས། ཐབས་དུ་མའི་སྒོ་ནས་ཁ་མིག་གི་སྐྱོན་རྣམས་བསལ། རྒྱ་སྨན་པ་ཞིག་མངགས་ནས་སྨན་མང་པོ་ཡང་ལྟོར་བཏང་བྱུང་བར་ཞག་ཤས་ནས་འབྲུམ་པ་ཀུན་ཕྱིར་ཐོན། སྐྲངས་པ་རྣམས་ཞི་ནས། དབང་པོའི་སྒོ་རྣམས་ཀྱང་ཅུང་ཟད་གསལ་ཞིང་སྨྲ་ཤེས་པར་བྱུང༌། ཞག་བཅོ་ལྔ་ཙམ་གྱི་བར་དུ་ཤི་མིན་སོས་མིན་དུ་ལུས་འདུག་ཀྱང༌། ཡུལ་དེའི་ལྷ་འབབ་པ་ལ་རྩིས་རྩོད་ཤིན་ཏུ་ཆེ་བར་འདུག་པས། ཁོ་རང་རྣམས་ཀྱི་གཞི་བདག་ཨ་མྱེ་ལྷ་རི་ཞེས་པ་དེ། མི་ཕལ་པ་ཞིག་ལ་ཐོག་ཕེབས་བྱུང་ནས། སྐུ་འགུལ་བསྐྱོད་ཙམ་ཡང་མ་བྱེད་པར་རང་གར་ཞོག་དང༌། ཞག་ཉེར་གཅིགཚུན་དུ་རང་སོར་ཆུད་པར་འོང་ནད་འདིའི་རྐྱེན་གྱིས་ཚེ་ཡི་བར་ཅད་མི་འབྱུང་བ། འབྱུང་པོ་ངས་ཁས་ལེན་ཞེས་ཐ་ཚིག་མང་དུ་པོར་པ་ལ། ཡིད་རྟེན་བཅས་ནས་བསྡད་འདུག །ཡུལ་ཁོག་ཀུན་ནས་རིམ་གྲོ་སོགས་རྒྱ་ཆེར་འབད་ཟིན། དེ་ནས་སྔགས་པ་པདྨ་ཚེ་རིང་དང༌། སྙིང་དཀར་བྱམས་ཟེར་བ་གཉིས་ཀྱི་ཉིན་མཚན་གཡེལ་བ་མེད་པར་ཞབས་ཏོག་བསྒྲུབས་ནས། ཟླ་གཅིག་ཙམ་ནས་ལངས་འདུག་ཕྲན་བུ་ཐུབ་པར་བྱུང་ཞིང་རིམ་བཞིན་ནད་ལས་གྲོལ། ལྕགས་སྦྲུལ་གསར་ཚེས་ཀྱི་ཚེས་བཅུ་གསུམ་ཐོ་རངས་ཁར། ནམ་མཁའི་དབྱིངས་སུ་འཇའ་དང་འོད་ཀྱི་ཀློང་ནས་མཁའ་འགྲོ་བཞིས་ཟ་འོག་གི་ཁྱོགས་མདོ་ལི་ལ་བཏེགས་པའི་བཀའ་དྲིན་གསུམ་ལྡན་འགྲན་གྱི་དོ་མེད་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་སྐུ་ལུས་འོད་ཀྱི་རང་བཞིན་ལ་དར་སྣ་ལྔའི་ན་བཟའ་གསོལ་ཞིང༌། གཟི་བརྗིད་འོད་དུ་འབར་བར་བཞུགས་འདུག་པ་གསུང་སྙན་པའི་དབྱངས་ཀྱིས། །ང་འགྲོ་ཆོས་དབྱིངས་ཡེ་ཤེས་ཀློང་དུ་འགྲོ། །ཆོས་དབྱིངས་ཡེ་ཤེས་སྨྲ་བསམ་བརྗོད་པ་བྲལ། །ང་འགྲོ་མེ་ལོང་ཡེ་ཤེས་ངང་དུ་འགྲོ། །གསལ་མདངས་མ་འགགས་ས་ལེ་ཧྲིག་གེ་བ། །ང་འགྲོ་མཉམ་ཉིད་ཡེ་ཤེས་ཀློང་དུ་འགྲོ། །འཁོར་འདས་གཟུང་འཛིན་རྣམ་རྟོག་དབྱིངས་སུ་ཡལ། །ང་འགྲོ་སོར་རྟོག་ཡེ་ཤེས་ངང་དུ་འགྲོ། །མངོན་ཤེས་དྲུག་གི་འཆར་སྒོ་ས་ལེ་བ། །ང་འགྲོ་བྱ་གྲུབ་ཡེ་ཤེས་ངང་དུ་འགྲོ། །གདུལ་བྱར་མཐུན་སྣང་སྤྲུལ་བ་སྣ་ཚོགས་སྟོན། །ང་འགྲོ་དཔལ་རིའི་རིག་འཛིན་ཞིང་དུ་འགྲོ། །ཧེ་རུ་ཀ་དང་དགོངས་པ་མཉམ་པའི་ཚེ། །སྤྲུལ་པ་རྣམ་གསུམ་ཁྱོད་ཀྱི་གྲོགས་སུ་འོང༌། །འདས་རྗེས་མཁའ་འགྲོ་གསང་བའི་བརྡ་རིས་ལ། །གསལ་བར་ནམ་ཞིག་དུས་ལ་མ་བབ་པར། །སྤིར་གྱི་ཁ་བཞིན་སྔོམས་ཤིག་གསང་བའི་རྒྱཿ བརྡ་རིས་ཡལ་བར་མེད་དོ་ཏིཥྛ་ལྷནཿ བུ་ཁྱོད་རེ་ཞིག་སྐུ་ཁམས་བདེ་བར་བཞུགས། །ད་ནི་སྐུ་འཕྲང་བར་ཆད་གཡུལ་ལས་རྒྱལ། །སྣང་སྲིད་བརྡ་དང་དཔེ་ཆར་མ་གྲོལ་བར། །འཁོར་འདས་རྨི་ལམ་སྒྱུ་མར་ཤེས་ཀྱིས་ལ། །གང་ལ་གཏད་སོ་མེད་པའི་ལམ་ཁྱེར་འབུངས། །གཏད་རྒྱ་སྨོན་ལམ་ཚང་སྤྲུགས་གདབ་པའི་དབང༌། འདི་ནི་དབང་གི་ནང་ནས་དབང་དཀའ་འོ། །ཞེས་གསུང་ཞིང་ཐུགས་ཀའི་ཨ་དཀར་པོ་ཆུ་ཤེལ་གྱི་མདོག་ལྟར་གསལ་བ། དེ་ལས་འོད་ཟེར་ཁ་དོག་ལྔ་ལྡན་ཞིག་ཆད་དེ་རང་ལ་ཐིམ། སླར་ཨ་གཉིས་པ་ཞིག་ཆད་དེ་སྙིང་དབུས་སུ་འདྲེས་པས་དར་ཅིག་བརྒྱལ་ཞིང་རྡོ་རྗེའི་དབའ་རླབས་ཆེན་མོའི་ངང་དུ་ལུས་པར། བླ་མ་ཡང་གར་བྱོན་ཆ་མེད་དུ་ཐལ། ཉི་མ་འཆར་ཀའི་ཚེ་ན་བརྒྱལ་སངས་ཡང༌། ཕྲ་རགས་གྱི་རྣམ་རྟོག་ཀུན་གང་ཤར་འཛིན་མེད་དུ་གྲོལ་ཞིང༌། རང་བྱུང་གི་རིག་པ་རྗེན་ལྷག་གེར་མཐོང་ཞིང༌། །ཐེ་ཚོམ་ཡིད་ཆེས་གང་གིས་ཀྱང་མ་བསླད་པར་ལྟ་བ་ཡིན་མིན་ཀྱི་དཔྱད་འཇུག་དང་བྲལ་ཞིང་མ་བཅོས་ཟང་ཁ་མའི་ངང་དུ་ཞག་གསུམ་ཙམ་དུ་ལུས། སླར་ཀུན་རྟོག་ཞིག་ལ། རྗེ་བཙུན་བཀའ་དྲིན་གསུམ་ལྡན་སངས་རྒྱས་གཉིས་པ་དེ་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་ཤེས་ཤིང༌། རང་དང་རང་འདྲ་བའི་རྗེས་འཇུག་ཀུན་དྭ་ཕྲུག་ཐང་དུ་འཁྱམས་པ་ལྟར་གྱུར་པ་ལ། རེ་ཞིག་སྡུག་བསྔལ་གྱི་མུན་ཁུང་དུ་ལུས། ཀྱེ་མ། ལྔ་ཕྲག་ཐ་མའི་དུས་ཀྱི་ཚེ། །དུག་ལྔའི་འཆིང་བ་དམ་པོས་རབ་བཅིང་ཞིང༌། །སྡུག་བསྔལ་གསུམ་གྱི་ཁུར་པོས་ནོན་པ་ཡི། །མགོན་མེད་སྡུག་བསྔལ་སྐྱོབ་པའི་གཉེན་གཅིག་བུ། །པད་དཀར་འཆང་བའི་ཐུགས་བསྐྱེད་ལྷུར་བཞེས་མགོན། །སེམས་དཔའི་སྙིང་སྟོབས་ཆེན་པོའི་བྱང་ཆུབ་གླིང༌། །རེ་ཞིག་རྔ་ཡབ་གླིང་དུ་གཤེགས་གྱུར་པ། །འཛམ་གླིང་གསལ་བའི་སྒྲོན་མ་ནུབ་རིར་གཤེགས། །སྡིག་སྡུག་འཐོར་རླུང་དྲག་པོའི་སྨག་རུམ་ཚུད། །ཀྱེ་མ་ཀྱེ་ཧུད་ད་ནི་སུ་ལ་རེ། །སྐུ་གསུམ་ཞིང་ཁམས་གང་དུ་བཞུགས་གྱུར་ཀྱང༌། །ཐུགས་རྗེས་གློག་ལྟར་མྱུར་བའི་རྩལ་ཤུགས་ཀྱིས། །བདག་སོགས་ཁྱེད་ཀྱི་གདུལ་བྱར་གྱུར་པ་རྣམས། །ལམ་ལོག་གོལ་ཤོལ་འཕྲང་ལས་བསྒྲལ་ནས་ཀྱང༌། །བེམ་པོའི་རེག་བྱ་དོར་བར་གྱུར་མ་ཐག །བུམ་པ་ཆགས་པའི་ནམ་མཁའ་ཇི་བཞིན་དུ། །རིགས་བདག་བླ་མའི་དགོངས་ཀློང་དབྱེར་མེད་འདྲེས། །སྤྲུལ་པ་མང་པོས་སེམས་ཅན་དོན་བྱེད་ཅིང༌། །འཁོར་བའི་རྒྱ་མཚོ་དོང་ནས་སྤྲུགས་པར་ཤོག །ཞེས་སོགས་སྡུག་བསྔལ་གྱི་གླུ་ཆུང་ཁ་ཤས་བླངས། དེ་ནས་རང་ལུས་ཅུང་ཟད་སོར་ཆུད་གདའ་བས། གནས་དེར་བླ་མ་མཆོད་པ་དང་ཚོགས་ཙམ་བཏང་ནས། རེ་སྐོང་གྲུབ་པ་ཐོབ་པའི་གནས་བརྒྱད་དུ་གནས་འབྲེལ་ཞོར་བྱུང༌། སྦྱིན་སྲེག་འབུམ་གསུམ་ཙམ་དང་ཚོགས་འཁོར་འབྱོར་ཚོད་བཅས་དགོངས་རྫོགས་ཕུལ། །བཅུ་གཅིག་ཤེལ་གྱི་དགོན་པ་ཞེས་དམོད་པ་དྲག་སྔགས་ཀྱི་གནས་དེར་མཐའ་རྫོགས་པར་རི་རབ་ཀྱི་ཁོང་སེང་སྲོག་ལ་ཕོངས་པ་མེད་པར་ཕྱིན་ན་ཕྱིར་ལྡོག་མི་དགོས་པར་ས་སྤྱོད་ཀྱི་གནས་སུ་ཞག་བདུན་ནས་སླེབས་པ་ཞིག་འདུག་པ། རང་ནས་ད་ནི་བླ་མ་ཡང་མི་བཞུགས། གཏེར་སྟོན་དང་གྲུབ་ཐོབ་དགོས་པའི་བླ་མ་མཁའ་འགྲོའི་ལུང་བསྟན་མང་དུ་ཡོད་ཀྱང༌། མི་ཡུལ་དུ་མ་བསྔད་ཕྱིན་འགལ་བ་མེད་མོད། སྲིང་མོ་གནས་མིན་དུ་འཁྱམས་སམ་སྙམས་པའི་ཞེན་ཆགས་ཞིག་ཡོད་ཀྱང༌། དཔའ་བོ་མཁའ་འགྲོ་ལ་གསོལ་བ་བཏབ་ན་རང་གནས་སུ་འདྲེན་ལོས་ནུས། ཕ་མར་འཆི་ཁར་སྨོན་ལམ་དྲག་པོ་རེས་མཚམས་སྦྱར་ན་དེས་ཆོག །ད་ནི་ཆགས་ཞེན་མེད་པར་འགྲོ་བར་དགའ་སྙམས། ཞག་བདུན་གྱི་ཟས་ཆང་དང་སྣང་གསལ་གྱི་ཡོ་བྱད་སོགས་སྟ་གོན་བྱས་པར། ལས་དབང་ལྟ་བུའི་སྔགས་པ་གསུམ་ཀྱང་སླེབས། ཁོ་རང་རྣམས་ལ་ཁྱེད་རང་རྣམས་སྒོ་དྲུང་དུ་སྒུག་དང་ང་རང་བར་སྐབས་གཅིག་ཏུ་གནས་འབྲེལ་ཞག་གཅིག་བསྡད་ནས། ཕྱིར་ལོག་སོགས་ཐབས་དུ་མས་བསྐོར་ཡང་མ་ཉན་པར། རྗེས་སུ་འབྲང་བྱུང་བས་རེ་ཞིག་ནས་སྣང་གསལ་ལ་བརྟེན་ཏེ། ཞག་གསུམ་གྱི་བར་ཙམ་སོང་བར་དུར་ཁྲོད་ཆེན་པོ་ཤ་རུལ་དང༌། རུས་པའི་གྲམ་ཁྲོད་ཡོད་བ་ཞིག་ཏུ་སླེབས། དེར་ལུས་སྦྱིན་དང་ཚོགས་འཁོར་ཞིག་བཏང༌། ཁོ་རང་རྣམས་ཆང་གིས་མྱོས་སུ་བཅུག་ནས་ང་རང་བྲོས་འགྲོ་སེམས་ཡང༌། ཆང་མི་འཐུང་བར་ང་རང་གི་ལུས་ལ་འཆང་ནས་འདུག་པར་ཅིས་ཀྱང་ཐབས་མ་བྱུང༌། དེ་ནས་དར་ཅིག་སོང་བར་ཤ་ཁྲག་རློན་པ་གཅལ་དུ་བཀྲམ་པ་དང༌། ལྕེ་སྦྱངདང་ཀེང་རུས་རྒྱུག་པ་སོགས་མཐོང་འདུག་པ། ཁོང་རྣམས་སྙིང་འགས་པ་ལྟ་བུའི་སྐྲགས་སྔངས་ཤར་འདུག་པས། ང་ནི་འདི་དག་རྣམས་འཆི་བ་ལས་འོས་མི་འདུག་བས། ནང་དུ་འགྲོ་བའི་ཐབས་ནི་བྲལ། སྐྱེ་འདིར་འཇའ་ལུས་འོད་སྐུར་དེངས་བ་ཞིག་འོང་རྒྱུའི་སྐལ་བ་ནི་མི་འདུག །ད་ནི་ཚེ་འདིར་སྐྱིད་སྡུག་གང་བྱུང་ཕྱི་མ་དམྱལ་བར་ལྷུང་ཡང་བླ་མ་མཁྱེན། སྔར་གྱི་རྨི་ལམ་ལུང་བསྟན་གང་བྱུང་གི་སྟེང་དུ་ཕྱི་ཚུལ་ཐ་མལ་སྤྱོད་པ། ནང་ཚུལ་བྱ་བྲལ་ཞིག་པོ། །གསང་བ་སྔགས་ཀྱི་ཉམས་ལེན་ཁོ་ནས་མི་ཚེ་འདའ་བ་ཞིག་བྱེད་ཅིང༌། བྱ་སྤྱོད་ཀུན་གཟུགས་མེད་ལྷ་འདྲེས་གར་བསྒྱུར་ལས། རང་ཐག་རང་གིས་གཅོད་བར་མི་བྱེད་ཅིང༌། ཨོ་རྒྱན་ཆེན་པོའི་ཕ་ཕོགས་དགོངས་གཏེར་གྱི་སྐལ་པ་རེ་ཐོབ་ནའང༌། དམ་ལྡན་རེ་གཉིས་ཙམ་ལས་ཤིན་ཏུ་གསང་བ་ལས། ཟོག་ཆོས་དང་ངོམས་ཆོས་སུ་འགྲོ་བ་ཞིག་བྱེད་རེ་ཤི །སྒོ་གསུམ་ལྷ་དང་བླ་མར་དེ་རིང་ནས་ཕུལ་བས། ཟག་བཅས་ཟག་མེད་ཀྱི་དགེ་བས། །བླ་མའི་ཐུགས་དགོངས་རྫོགས་པ་དང༌། ཌཱ་ཀིའི་བཞེད་དོན་མཐར་ཕྱིན་ནས། །མཁའ་ཁྱབ་སེམས་ཅན་ཡོངས་གྲོལ་ཞིང༌། འཁོར་བ་དོང་ནས་སྤྲུགས་པར་ཤོག །ཅེས་དམ་བཅའ་སྨོན་ལམ་བཏབ་ཅིང༌། དངོས་གྲུབ་ཀྱི་རྫས་ཕྲན་བུ་རེ་བླངས་ནས་ཕྱིར་ལོག །སླར་བྲག་ཕུག་སྒོ་དྲུང་དུ་སླེབ་ཚེ་ཉིན་ཞག་ལྔ་འདས་པའི་ཉི་དྲོས་ཙམ་རེད་འདུག །དེ་ནས་གཡའ་མ་བཀྲ་ཤིས་འཁྱིལ་ཞེས་བའི་རི་ཁྲོད་དུ་རྗེ་བླ་མའི་དངོས་སློབ་པདྨ་རད་གྲོལ་ཟེར་བ་ཞིག་ཡོད་པ་དེའི་གམ་དུ་ཕྱིན་ཏེ། སྔོན་འགྲོའི་ཁྲིད་བསྡུས་ཞིག་འདུས་པ་ལྔ་བཅུ་ཙམ་ལ་བཤད། རྗེ་བླ་མའི་ཆོས་འབྲེལ་ཡོད་པའི་རྐྱང་ལུག་མགོན་བོ་རྒྱལ་ཞེས་པའི་དྲུང་དུ་ཕྱིན་ཏེ། ཚེ་དབང་ཟབ་མོ་ཞིག་དང་ཆོས་འབྲེལ་ཁ་ཤས་ཞུས། སྟག་མོ་རྫོང་ཟེར་བ་སྔགས་པ་ནུས་ལྡན་མངོན་སྤྱོད་ཀྱི་རྟགས་མཚན་མངོན་དུ་གྱུར་བ་སྡེ་བརྒྱད་ཟིལ་གནོན་ཞེས་པ་ཞིག་ཡོད་བ་དེའི་དྲུང་ནས་མན་ངག་ཟབ་གནད་ཅན་མང་པོའི་ལུང་དང་ཕྱག་བཞེས་སོགས་བསླབས། །རྗེ་བླ་མའི་དངོས་སློབ་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་འཕྲད་དུ་བྱུང་བར་ཆོས་འབྲེལ་ཕྲན་བུ་རེ་བྱས། དེ་ནས་གཡའ་མའི་བཀྲ་ཤིས་འཁྱིལ་དུ་རྗེ་བླ་མའི་དངོས་སློབ་གསུམ་གྱི་གཙོས་སྔགས་མང་འདུས་ནས་སིདྡྷིའི་བུམ་སྒྲུབ་གནད་སྨིན་ཞིག་འཛུགས་པར། བྱིན་འབེབས་དང་དངོས་གྲུབ་ལེན་པའི་དུས་བཅས་ལ་ངོ་མ་ཚར་བའི་རྟགས་མཚན་ཡང་སྣ་ཚོགས་བྱུང༌། དེ་ནས་ང་རང་རྒྱུན་དུ་སྡོད་གནས་གླིང་རྒྱ་ཨར་མྱེ་ལྷ་རི་ཞེས་པའི་ངོས་སུ། བྲག་ཕུག་གསར་བསྐྲུན་ཞིག་ཡོད་པ་དེར། བྱ་བ་དགུ་ཕྲུགས་སུ་བཏང་ནས་རེ་ཞིག་བསྡད། སྐབས་དེར་སྡེ་བརྒྱད་རྣམས་ཀྱི་བསུ་བ་སླེབས་པ་དང༌། རང་གི་ལྷ་སྲུང་རྣམས་འགྲོ་བར་ཆས་པའི་སྟ་གོན་བྱེད་འདུག་པ་རྨི་ལམ་དུ་མཐོང༌། མཚམས་གྲོལ་ཏེ་སྔགས་མང་གིས་བཀའ་བརྒྱད་སྒྲུབ་པ་གླིང་རྒྱའི་སྔགས་ཁང་དུ་འཚོགས་ཡོད་པ་དེར་ལན་ཅིག་ཕྱིན་ནས་བསྡད་ཡོད་སྐབས། ཁམས་ནས་རང་གི་སྲིང་མོ་བློ་གསལ་སྒྲོན་མ་དང༌། རྗེ་བླ་མའི་ཚ་དབོན་ཀློང་གསལ་གཙོས་དཔོན་གཡོག་བདུན་ཙམ་འབྱོར་བྱུང་བར། རྗེ་བླ་མ་ཐམས་ཅད་མཁྱེན་པ་ཆེན་པོ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་དང་ཞལ་ཆེམས་གསུང་ཤོག་བཅས་འབྱོར་ཞིང༌། ང་རང་ཡང་ཡར་འོང་དགོས་ཀྱི་བསུ་བ་དང་སྟབས་ཅིག །སྲིང་མོས་ཀྱང་ང་རང་མ་བསྔད་པའི་ཤུལ་དུ་རྗེ་བླ་མ་འདས་ཁར་ཐུགས་དགོངས་ཡོངས་སུ་རྫོགས་པར་བྱས་འདུག། ཕྱི་ནང་གསང་གསུམ་གྱི་ཞལ་ཆེམས་བསླབ་སྟོན་སོགས་ལྷག་ལུས་མེད་བར་གནང་འདུག་པ། སྔར་གྱི་རྨི་ལམ་ལུང་བསྟན་བཅས་ཀྱིས་ཡར་ལོག་རྒྱུའི་བློ་ཐག་གཅིག་ཏུ་བཅད། པདྨ་རང་གྲོལ་གྱི་གཙོས་ཡུལ་དེའི་བན་སྔགས་ཀུན་ལ་ཀློང་སྙིང༌། སྨིན་གླིང་དྲག་དམར། བཀའ་བརྒྱད་ཆོག་སྒྲིགས་མ་བཅས་ཀྱི་དབང་ལུང་བྱས། མི་མ་ཡིན་གྱི་འཁྲུགས་སློང་འདུག་པ་ཁ་ཤས་ཀྱངབདེ་བར་བཀོད། སྔགས་པ་རྣམས་ནས་ཀྱང་འབྲལ་མི་ཕོད་པའི་སྡུག་བསྔལ་དཔག་མེད་བྱེད་འདུག་ཀྱང༌། རང་རང་དང་འཚམས་པའི་ཞལ་གདམས་ངོ་སྤྲོད་བསླབ་བ་སྒོ་གང་འཚམས་བགྱིས་ནས་ཡར་ཐེག །རྒན་གྱི་གསེར་ཆེན་ཐང་བར་སྔགས་པ་བརྒྱ་ཕྲག་ཙམ་གྱིས་སྐྱེལ་མ་བྱས། །སྨོན་ལམ་རྣམ་པར་དག་པའི་མཚམས་སྦྱར་བཅས་ཕྱིར་ལོག །དེ་ནས་བླ་བྲང་བཀྲ་ཤིས་སྒོ་མང་ནས་གསང་ཁོ་ཚོ། །དངུལ་རྭ་ལྷ་སྡེ་སོགས་བརྒྱུད་དེ་མགོ་ལོག་ཏུ་སླེབས། སྲིང་མོ་རེ་ཞིག་ཕ་ཁྱིམ་དུ་བསྡད་ནས། ང་རང་ཡར་ཐེག་པས་སྐྱབས་མགོན་ཆོས་ཀྱི་རྒྱལ་པོའི་གདན་ས་ཡར་ཀླུང་པདྨ་བཀོད་དུ་སླེབ། རྗེ་བླ་མའི་གདུངརུས་རིངབསྲེལ་བཅས་བུམ་པར་བཞུགས་འདུག་པར། ཕྱག་མཆོད་དང་གསོལ་འདེབས་སྨོན་ལམ་སོགས་ཞག་བདུན་གྱི་བར་དུ་གང་ལྕོག་བྱས་རང་གི་བྱ་སྤྱོད་ཀུན་སྔར་གྱི་རྨི་ལམ་ལུང་བསྟན་ལྟར། བཅུ་གཅིག་ཤེལ་གྱི་དགོན་པ་ནས་དམ་བཅས་པ་ལྟར་བློ་ཐག་རྦད་ཀྱིས་བཅད། དེར་བཞུགས་ཀྱི་དཔོན་འཇིགས་མེད་བྱང་ཆུབ་གཙོར་གྱུར་བླ་གྲྭ་ཀུན་ནས། རྗེ་བླ་མའི་རྒྱལ་ཚབ་ཏུ་སྡོད་དགོས་ཀྱི་བཀའ་ནན་དཔག་མེད་གནང་འདུག་ཀྱང༌། སྒྲ་བྲག་ཆ་ལྟ་བུར་ལྟ་བ་ལས། གསུང་དང་དུ་ལེན་པར་སྒོ་གསུམ་གྱི་ནུས་པས་མི་ལྕོག་ཕྱིར་མ་ནུས། དེ་ནས་བཟུང་སྒོ་གསུམ་འཆོལ་བུར་གྱུར་ཅིང་ཕྱི་ཚུལ་ཐ་མལ་གྱི་སྤྱོད་པ་བག་མེད་ཁོ་ནའི་དབང་དུ་གྱུར་ཅིང༌། སྣང་བ་འལ་འོལ་བྱ་སྤྱོད་འདི་བྱ་འདི་བྱེད་མེད་པའི་ངང་དུ་འབྱམས་སོང༌། ཞག་ཤས་ནས་སྡེ་དགེའི་ཕྱོགས་སུ་ཐེག །ལྷ་ལུང་ཁུག་ཏུ་མཇལ་འཕྲད་ཙམ་བྱུང༌། རྗེ་བླ་མའི་སློབ་གྲལ་འཇིགས་མེད་སྐལ་བཟང་ཡང་དེར་འདུག་པས། ལུས་སྐྱ་ཆས་བྱས་ན་མི་ལེགས་གཏེར་ཆས་བྱེད་དགོས་ཟེར་འདུག་ཀྱང༌། ང་གཏེར་སྟོན་མིན་པས་གཏེར་ཆས་བྱེད་དུ་མི་རུང༌། སྡོམ་པ་ཉམས་པས་སྐྱ་ཆས་རབ་དུ་འཐད་སྨྲས། དེ་དུས་མཆོག་དམན་ཀུན་ནས་རང་གི་བྱ་སྤྱོད་ཐ་མར་ཅི་འགྱུར་ཤེས་དཀའ་ཕྱིར། སྡེ་དགེའི་གཙོ་གྱུར་བཟང་ངན་ཁ་ཚོན་གཅོད་དཀའ་ཞིང་རྟོག་དཔྱོད་བྱེད་དགོས་དགོངས་ཕྱིར་རེ་ཞིག་རྫ་སྟོད་སོགས་ཐུགས་གང་བབ་པར་བཞུགས་དང༌། རིམ་བཞིན་ཞབས་ཏོག་སྒྲུབ་འོངས་གསུངས། ཆས་གོས་གོ་མཚོན་བཅའ་ལག་སོགས་འཕྲལ་དུ་དགོས་རིགས་སྔར་གྱི་དབུ་བླའི་ཐ་ཚིག་གིས་གྱ་ནོམས་པ་གནང༌། རྫོགས་ཆེན་རིན་པོ་ཆེས་གྲུབ་པའི་དབང་ཕྱུག་ཡིན་པར་མངའ་གསོལ་གཟེངས་བསྟོད་རྒྱ་ཆེར་གནང༌། རིམ་བཞིན་རྫ་སྟོད་དུ་འགྲོ་བའི་ལམ་པར་དུ། དཔོན་སློབ་སྤྲུལ་སྐུ་དང་མཇལ་བ་ད་ལོ་ང་རང་གི་རྨི་ལམ་སྣང་བ་གང་ལ་བལྟས་ཀྱང་དམ་ཉམས་ཞིག་གི་རྐྱེན་གྱིས་ཚེ་འཕོ་བར་ངེས་པས། ཉིད་ཁམས་གསུམ་ཟིལ་གནོན་གྲུབ་བའི་དབང་ཕྱུག་ཡིན་ཕྱིར། ངས་ཚེའི་ལྷག་མ་ཉིད་ལ་འབུལ་གསུངས། རང་ནས་ཞབས་པད་བརྟན་པའི་གསོལ་བ་ནན་ཏན་བཏབ་ཀྱང༌། ཉིད་ཀྱི་ཐུགས་བསྐྱེད་རྨད་དུ་བྱུང་ཡང་གཞན་རྐྱེན་དྲག་པོའི་དབང་གིས་ལོ་འདིར། ང་རང་ལ་ཐབས་ཅི་ཡང་མི་འདུག་པས། ཅིས་ཀྱང་ཉིད་ཀྱི་སྐུ་གླུད་དུ་འགྲོ། ཉིད་ཀྱང་ལོ་གསར་རྙིང་མཚམས་འདིར་ཡུལ་འདིར་མ་བཞུགས་ན་དགའ་གསུང་ཞིང༌། དར་དཀར་པོ་ཉིན་མོ་བདེ་ལེགས་ཞིག་ལ་མདུད་པ་གསུམ་པོར་ནས། ང་རང་སྐེར་བཏགས་ནས་མ་འོངས་སྐྱེ་བ་ཀུན་ཏུ་འབྲལ་བ་མེད་པའི་སྨོན་ལམ་བཏབ་ཅིང་ཕེབས་སོང་བར་ཅི་ཡང་ཐབས་མ་བྱུང༌། དེ་ནས་ཕྱག་ཚ་ཡུལ་དགོན་དུ་ཀུན་མཁྱེན་གོང་མའི་དངོས་སློབ་རྣམས་དང༌། རང་གི་སྔར་གྲྭ་འཁོར་ཀུན་དང་འཕྲད་ཅིང་བསམ་པ་རྫོགས་ཙམ་རེ་བྱས། དེ་ནས་རྫ་སྟོད་དུ་མཚམས་པ་བླ་མ་འཇིགས་མེད་མྱུ་གུའི་དྲང་དུ་ཕྱིན། ཡུལ་ཁམས་ཀུན་ནས་སྔར་གྱི་ཀུན་མཁྱེན་གོང་མའི་རྣམ་འཕྲུལ་ཡིན་སྙམས་གྱི་དག་སྣང་སོགས་ཆེར་བྱེད་འདུག་ཀྱང་འཕྲད་ཅིང་བྱིན་རླབས་རེ་ཙམ་ལས། སྐྱེ་བོ་ཕལ་བ་ཡིན་ཁུལ་གྱིས་དབང་བསྐུར་ཆོས་བཤད་སོགས་གཏན་ནས་མ་བྱས་པར་ཉིན་མོ་རྩེད་འཇོ་རྩལ་སྦྱངས་དང༌། མཚན་མོ་གསང་ཚུལ་གྱིས་ཁྲེགས་ཆོད་ཐོད་རྒལ་རྩ་རླུང་གསུམ་གྱི་སྦྱངས་པ་ལ་འབད་ཅིང༌། སྣང་བ་གདོང་འདེད་ཀྱི་ངང་དུ་གནས། ཉིན་གཅིག་རྫ་རྒྱལ་འཕེན་ཕྱུགས་ངོས་ལ། རི་དྭགས་བཤོལ་ཚུལ་གྱིས་བསྐོར་བར་ཕྱིན་པས། སྒང་ཐོག་ཞིག་ན། ངོ་མ་ཤེས་པའི་སྐྱེས་བུ་དྲག་རྩལ་ཅན་ཞིག་དང་འཕྲད། སློང་རྐྱེན་གང་ཡང་མེད་པར་ངེད་རང་གཉིས་ཀྱི་གཅིག་གིས་གཅིག་ལ་ཞེ་སྡང་དྲག་པོ་མེ་ལྟར་འབར་བས།མཚོན་ཆ་སྣ་ཚོགས་བརྡེག་རེས་དང༌། འཐབ་འཛིང་སྣ་ཚོགས་བྱས་ཀྱང་ཕན་ཚུན་གླགས་མ་རྙེད་པར། རིའི་རྩེར་ཕྱིན་ཏེ་བྲོ་གར་སྣ་ཚོགས་བྱས་ཤིང༌། སླར་སྔོན་གྱི་བག་ཆགས་སྐྱེ་བ་དྲན་པས་ཐུགས་ཡིད་གཅིག་ཏུ་འདྲེས་ཤིང༌། ཞག་གཅིག་བར་ཉམས་རྟོགས་བསྡུར་ཞིང་སང་སྔ་བར་བརྩེ་གདུང་འབྲལ་མི་ཕོད་པའི་ངང་ནས་སོ་སོར་གྱེས། དགོས་པ་ནི་ཡུལ་དེའི་ཟོ་དོར་ཡུལ་ཕུད་ཅིང༌། གསར་སྐྱེས་རྒྱལ་བསེན་འབྱུང་པོས་བཟུང་འདུག་པ། གནས་དབྱུངས་ཏེ་ཟོ་དོར་རང་གནས་སུ་བཀོད་པ་དེ་ཡང་གསང་ཚུལ་ཙམ་ལས་ཁྱབ་གདལ་དུ་མ་སྤེལ། རི་དེའི་རྩེར་ཞབས་རྗེས་མི་འདྲ་བ་གསུམ་ཙམ་ཡོད་ཀྱང༌། སུ་ཞིག་གིས་མཐོང་ཐོས་སུ་མ་གྱུར། སྐྱེས་བུ་དེ་ནི་ར་ཉག་གྲུབ་པའི་དབང་ཕྱུག་གི་སྲས་ཆུང་སྦས་པའི་གྲུབ་ཐོབ་ཆེན་པོ་ཡིན་པར་གདའ། དེ་ནས་ཁྲི་ལེབ་ཞེ་གསུམ་མན་དུ་ལྷར་སྣང་གི་དོན་ཅི་ཡང་མེད་པའི་སྐོར་ཙམ་རེ་ཕྱིན། སྐབས་དེར་རྨི་ལམ་ན་ཉི་མ་ཤིན་ཏུ་གསལ་བ་ཞིག་ཤར་དྲོས་ཙམ་དུ་སླེབས་འདུག་པ། གློ་བུར་གྱི་འོད་ནག་པོ་ཞིག་གིས་རྐྱེན་བྱས་ཏེ་ནམ་མཁའི་དབྱིངས་སུ་ཐིམ་སོང་བར་རྨིས། དེའི་ཉིན་དཔོན་སློབ་སྤྲུལ་པའི་སྐུ་མཆོག་རིན་པོ་ཆེ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པར་གདའ། དེ་ནས་ང་རང་ཡང་ཡུལ་དེར་སྡོད་རྒྱུའི་བློ་ལོག་སྟེ། སྒར་གཞི་ཕྲན་བུ་ཡོད་པ་རྣམས་གཏོར་ནས། གར་འགྲོ་གཏད་སོ་བྲལ་བར་རྨ་སྟོད་ཕྱོགས་སུ་འོང༌། དངོས་མེད་རྣམས་ཀྱི་བརྡས་བསྐུལ་ལྟར། མགོ་ལོག་ཕྱོགས་སུ་འོང་བར་ཆས་ཀྱང་རེ་ཞིག་ལ་ལུང་ཀུན་ཉུལ་ཞིང་རྔོན་པའི་བརྟུལ་ཞུགས་འཆང༌། བསད་པ་གསོ་ནུས་པ་གང་ཟག་བདག་ལྟ་བུར་རེ་བ་ཟད་ཀྱང༌། རེ་ཟུང་ཙམ་རང་མལ་དུ་ལྡོག་ནས་སྐྱོན་བྲལ་དུ་སོང་བ་ནི་བླ་མའི་ཐུགས་རྗེ་དང་ཡེ་ཤེས་མཁའ་འགྲོའི་བྱིན་རླབས་ཁོ་ནར་བལྟས། དེ་ནས་གླིང་གི་ལས་ཟོག་གི་གཏེར་ཁ་ཆ་ཤས་འདུག་ཀྱང་གྲོགས་ངན་གྱི་རྐྱེན་དང་མཐུན་རྐྱེན་བྲལ་བས་བཏང་སྙོམས་སུ་བཞག །ལོ་གསར་རྙིང་མཚམས་དེར་མགོ་ལོག་ཏུ་སླཻབ་ནས། རྡོ་རྫོང་དུ་བྲག་ཕུག་གསར་པ་ཞིག་བསྐྲུན་ཞིང༌། ངེད་ཅག་མིང་སྲིང་གཙོས་འདུས་པ་ཁ་ཤས་ཀྱིས་མཁའ་འགྲོའི་གསང་ལུང་ལྟར་སྒྲུབ་པ་དང་རྟེན་འབྲེལ་གྱི་སྣ་ཁ་སྒྲིག་པར་སེམས་ཀྱང༌། སྨོན་ལམ་ལོག་པའི་དམར་རྒྱན་ཁྲོམ་སྐྱིད་དབང་བཙན་ཞིང་རང་ཡང་ཉམས་རྟོགས་ཀྱི་རྩལ་འགྲིབ་བས་རྟེན་འབྲེལ་དང་བྱ་སྤྱོད་ཀུན་མོག་པོར་གྱུར། འདུས་པ་ཆ་ཤས་ལ་སྔོན་འགྲོའི་ཁྲིད་བསྡུས་ཙམ་བྱས། བར་སྐབས་མཁའ་འགྲོ་འཁྲེན་པའི་རྒྱུས་ལུས་སེམས་བྲལ་ལ་ཁད་པའི་རྟགས་མཚན་འགའ་རེ་ཡང་བྱུང་ཡང་སྲིང་མོའི་སྨོན་ལམ་དྲག་པོའི་མཐུ་དང༌། ཁམས་ཀྱི་ཙཱ་རི་ཊའི་དཔའ་བོ་ཌཱ་ཀིའི་ནུས་པས་བཟློག་སོང༌། གཡུ་རྩེའི་མཚོ་འགྲམ་དུ་ལན་གཅིག་སོངབས་སྒོ་གསུམ་གྱི་གྲིབ་བསལ་ཞིང་སླར་རྡོ་རྫོང་པདྨ་རྒྱལ་པོའི་སྒྲུབ་པ་ས་བཅད་མ་སྟོང་ཙམ་བྱས། དེར་ལན་གཅིག་སྲིང་མོ་ལ་གསང་ཚུལ་གྱིས་སྔགས་ཀྱི་སྲུང་མ་བབས་ཏེ། ད་ཡུལ་འདིར་མ་སྡོད་པར་དམ་ཉམས་རྣམས་དང་སོ་སོར་ཕྱེས་ལ། གནས་ཆེན་ཐུགས་རྗེ་ཆེན་པོར་སོང་ཤིག་གསུངས་འདུག་པ་ལྟར་ཆས། སྲིང་མོ་ནི་ཕ་རྒན་གྱིས་འོང་དུ་མ་སྟེར། ང་རང་དཔོན་གཡོག་ཆ་ཤས་འོང་ཡང་ལས་དབང་དྲག་པོས་རིགས་ངན་ཞིག་ཀྱང་རྗེས་སུ་འབྲངས། དེ་ནས་ཐུགས་རྗེ་ཆེན་པོར་སླེབ་ཤིང༌། གྲོགས་མཆེད་དཔལ་དགེ་ཡང་སླེབ་འདུག རྟེན་ལས་གསོ་སྦྱོང་བླང་ཞིང་བསྙུང་བར་གནས་པའི་ཆོག་གནད་སྨིན་ཞིག་བསྒྲུབ་པར། ཟས་རྐྱེན་ཕྲན་བུ་ལས། རྐྱེན་བསླང་སྟེ་ཞག་ཤས་བར་ན་ཚ་ཤིན་ཏུ་ལྕི་བ་བྱུང་བ་ནི་ཉམས་གྲིབ་དག་པའི་རྟགས་སུ་འདུག །དེར་སྡུག་བསྔལ་རང་གྲོལ་ལ་བརྟེན་པའི་སྒྲུབ་པ་ཞག་བཅུ་གསུམ་གྱི་བར་དུ་བྱས། སྐུ་རྟེན་བཞད་པ་དང་བདུད་རྩི་ཁོལ་བ་ཙམ་ལས། སྔར་དང་འདྲ་བའི་རྟགས་མཚན་ཆེར་མ་བྱུང་ཞིང༌། ཨོ་རྒྱན་ཆེན་བོ་ལ་གསོལ་བ་དྲག་ཏུ་བཏབ་པས། ཉིན་གཅིག་དཔལ་དགེ་ལ་ཌཱཀྐི་ཤ་ཟ་ཁ་མོ་ཆེ་ཐོག་ཕབ་ཏུ་བྱུང་ཞིང༌། དང་པོ་ནི་མཁའ་འགྲོའི་བརྡ་སྐད་ལས་མི་སྨྲ་འདུག་ཀྱང༌། བྱིན་འབེབས་གཉེར་གཏད་དྲག་པོ་བྱས་པས་རིམ་བཞིན་མི་སྐད་དུ་བརྡ་ཁྲོལ་ཞིང༌། སྔར་བྱས་ལ་སྐྱོ་སུན་དབྱུང་བ་དང༌། སླར་གཏད་མེད་ཀྱི་ངང་དུ་བྱ་སྤྱོད་ཤིན་ཏུ་མ་གཟབ་ན། རེ་ཞིག་འདུན་མ་རླུང་ཁྱེར་ངང་དུ་མི་ཚེ་འཛད་པར་ངེས། དེ་ཚེ་དབྱིངས་ཀྱི་མཁའ་འགྲོ་འཁྲེན་པའི་རྒྱུར་གྱུར་ན། ཚེ་ཆོས་བར་ཆད་དྲག་པོའི་དབང་དུ་འགྱུར་ཏ་རེ། དེ་བས་ལུག་ལོ་གསར་ཚེས་ནས་བཟུང༌། ཏཱ་རེ་ལྷ་མོའི་སྤྲུལ་པ་ལྕམ་ཆེན་མོ་གཙོས་དམ་ལྡན་ཀུན་བསྡུས་ཤིང༌། ལོ་ཤས་བར་རྟེན་འབྲེལ་བཟང་པོའི་སྣ་ཁ་ཁོ་ན་བསྒྲིག་དགོས་གསུངས་ལྟར། སྲིང་མོ་ཡང་བསུ་བར་བཏང༌། ངེད་རང་རྣམས་ཀྱང་ཐུགས་རྗེ་ཆེན་པོར་ཕྱག་སྐོར་རྫོགས་འཕྲལ་འབྲོང་རྫོང་བརྒྱུད་ཚ་ཁ་རྒྱར་བཀྲ་ཤིས་ཐང་ཟེར་བར་སླེབས། མ་དང་སྲིང་མོ་སོགས་ཀྱང་འབྱོར། ང་རང་ཞག་བརྒྱ་ཕྲག་གི་བར་ཡུལ་བཞི་པདྨ་སེང་གེའི་གཙོས་ཉེ་སྐོར་གྱི་འདུས་པ་བརྒྱ་ཕྲག་ཙམ་ལ། སྔོན་འགྲོ་རྩ་རླུང་གི་ཁྲིད་བྱས། སྐབས་རྣམས་སུ་སྣང་བ་གང་ཤར་བྱིས་པའི་རྩེད་འཇོ་ལྟར་རྟེན་འབྲེལ་སྣ་ཚོགས་དཔའ་བོ་མཁའ་འགྲོ་དགྱེས་པའི་ཐབས་ལ་འབད། དེར་སྐབས་ཤིག་བླ་མ་དཔལ་དགེས་སྣ་དྲངས། སྲིང་མོ་མཆོག་གི་གཙོ་གྱུར་དམ་ལྡན་བདུན་ཙམ་ལ། ཡེ་ཤེས་མཁའ་འགྲོ་དངོས་སུ་བྱིན་ཕེབ་ཅིང་རྟེན་འབྲེལ་གྱི་སྒོ་འཕར་ཕྱེས། དབེན་པ་ཞིག་ཏུ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་ཞིག་བསྐོར་བ་ལ། སྲིང་མོ་ཆེན་མོ་ལ་ཊཱ་ཀི་ས་འཛིན་ཆེན་མོ་བརྫུས་ཤིང་དཀྱིལ་འཁོར་གྱི་བྱ་བ་ཀུན་བསྒྲུབས། གཞན་མི་ཕོ་མོ་ལྔ་ལ་མཁའ་འགྲོ་སྡེ་ལྔ་བབ་ཅིང་བརྡ་ནས་ཚོགས་སྟོན། དཔལ་དགེ་ལ་སེང་ཧ་མུ་ཁ་བབ་ནས་ས་མཚམས་འཛིན། པདྨ་སེང་གེ་ལ་ཧྱ་གྲི་བ་བརྫུས་ནས་བགེགས་འདུལ། རིགས་ངན་གཉིས་བདུད་མོ་རང་གཟུགས་ངོམ་ཞིང་དཀྱིལ་འཁོར་གྱི་ཕྱིར་བྲོས། གཞན་འདུས་པ་རྣམས་ཀྱང་ཆོས་ཉིད་ཉམས་ཀྱི་སྣང་བ་རབ་ཏུ་འུར་ཞིང༌། རྡོ་རྗེའི་གླུ་གར་བསྒྱུར་བ་དང༌། སང་སྐྲི་ཏའི་སྐད་སྨྲ་བ་སོགས་བྱེད་ཅིང་ཉིན་ཞག་ཕྲུག་ཅིག་ཏུ་གཏད་མེད་རྒྱ་ཡན་གྱི་ངང་དུ་ལུས། དཀྱིལ་འཁོར་ལ་འཇའ་འོད་འཁྱིལ་བ་དང༌། ཚོགས་རྫས་ཀྱི་རོ་ནུས་ཕུན་སུམ་ཚོགས་པ། དྲི་བཟང་གི་ངད་པ་འཐུལ་པ་སོགས་ཐུན་མོངས་ཀྱི་རྟགས་མཚན་སོགས་ནི་དཔག་ཏུ་མེད། སྐབས་དེར་གསང་བ་རྨད་དུ་བྱུང་བའི་རྟེན་འབྲེལ་ཕུན་སུམ་ཚོགས་པར་གྱུར། སྲིང་མོ་ཆེན་མོ་ལ་ཡང་ཌཱ་ཀི་པད་མ་འབུམ་སྡེ་བརྫུས་ཤིང༌། བར་སྣང་ལ་སྐྱིལ་ཀྲུང་གིས་བཞུགས་པ་དང༌། ཕཊཿསྒྲ་དྲག་པོའི་རྐྱེན་གྱི་གནས་སྤར་ཞིང་བེམས་པོར་གྱུར་པ་དང༌། སླར་ཡང་རྣམ་ཤེས་བཀུག་ནས་བེམས་པོར་འཛུད་པ་སོགས་ངོ་མཚར་བའི་རྫུ་འཕྲུལ་དཔག་ཏུ་མེད་པ་མཛད་ཅིང༌། ཞག་བདུན་ཕྲག་གི་བར་དུ་འཚོ་བའི་ཟས་ལ་ལོངས་སུ་མི་སྤྱོད་ཅིང༌། གཉིད་སྤངས་ནས་ཉིན་མཚན་ཀུན་ཏུ་ཉམས་མགུར་དང༌། མཁའ་འགྲོའི་བརྡ་སྐད་སྣ་ཚོགས་སྒྲོགས་ནས་མཁའ་འགྲོ་འདུ་བའི་ཐབས་ལ་འབད་པར་གདའ། དེ་ནས་ཞག་བདུན་གྱི་རྟེན་འབྲེལ་ཆེན་མོ་མཐའ་ལེགས་པར་རྫོགས། རང་ལའང་གྲུབ་པའི་དབང་ཕྱུག་གི་མིང་གི་ཅོད་པན་ཌཱ་ཀི་རྣམས་ཀྱིས་གནང༌། འོན་ཀྱང་གཏེར་གྱི་ལོ་རྒྱུས་སྤིར་གྱི་ཁ་བཞིན་བསྡམས་ནས། སླར་ཡང་གསང་རྒྱ་དམ་པར་བྱས། ཁྲིད་མཐར་ཆགས་སུ་རྫོགས་འཕྲལ་ཀློང་སྙིང་གི་ལུང་དང་དབང་ཁ་ཤས་ཙམ་རེ་བྱས། དེ་འཕྲལ་འཛིར་ཀ་དང་མགོ་ལོག་ཏུ་སྐོར་ཙམ་ཕྱིན་ཏེ། སླར་ཡུལ་བཞི་གཙང་ཁོག་རྣམས་སུ་དད་ལྡན་ཀུན་ལ་ཆོས་ཀྱི་འབྲེལ་བ་ཐོབ་ཙམ་རེ་བྱས། གོན་ཙ། ས་མགོ། ར་ཧོབ། སེང་གེའི་དགོན་བཅས་པའི་བླ་མ་རྣམས་ལའང་མཇལ་འཕྲད་དང་ཆོས་འབྲེལ་ཉམས་རྟོགས་བསྡུས་ཙམ་རེ་བྱས། གཙང་སྟོད་སྨད་ནས་བརྒྱུད་གཡི་ཁོག་ཏུ་སླེབས། དེའི་ཚེ་བར་མཚམས་ཀུན་ཏུ་གསང་ཚུལ་གྱིས་མཁའ་འགྲོ་དགྱེས་སྐོང་གི་དམ་ལྡན་རྣམས་ཀྱིས་རྟེན་འབྲེལ་གྱི་སྣ་ཁ་བསྒྲིགས་ཤིང༌༑ དཀར་ཕྱོགས་སྐྱོང་ཞིང་ནགས་ཕྱོགས་དམ་འོག་འཛུད་པ་དང༌། བགེགས་འདུལ་སྣ་ཚོགས་སྒྲུབ་པ་སོགས་རང་ཉིད་ནུས་པ་དབེན་ཡང་ཌཱ་ཀིའི་བཀའ་ལུང་གང་བྱུང་ཐོགས་མེད་དུ་བསྒྲུབས། །གཡི་ཁོག་ནས་ལམ་བར་ཀུན་ཏུ་མཆོག་དམན་ཐམས་ཅད་ལ་འབྲེལ་ཐོགས་ཙམ་རེ་བྱས་ཤིང༌། རྟ་ཤར་གནས་ནང་སིང་ཚངས་བླ་མ་བསྟན་རྒྱས་གཙོས་འདུས་པ་བརྒྱ་ལྷག་ཙམ་ལ་ཀློང་སྙིང་དབང་ལུང་གིས་འདོད་དོན་བསྐང་ཞིང༌། ཁྲོ་སྐྱབས་ནང་སོ་རྒྱལ་ས་བཅས་ལ་བྱ་མ་རྟའི་གདོང་ནས་ཡོན་མཆོད་ཀྱི་རྟེན་འབྲེལ་མགོ་ལེགས་པར་ཚུགས། མདོ་མུར་རྣམས་ལ་ཆོས་འབྲེལ་རེ་བྱས་ནས་རྒ་ཟི་ཁོ་རར་བརྒྱུད་ཐུགས་རྗེ་ཆེན་པོར་ཚོགས་འཁོར་ཞིག་བཏང་སྟེ། དགུན་དེར་འབྲོང་རྫོང་སར་ཝཱ་ཧའི་རི་ཁྲོད་དུ་གནས། མཚོ་རྒྱལ་སྤྲུལ་པའི་མེ་ཏོག་འཛིན་པའི་མྱུ་གུ་གསར་སྐྱེས་ཞིག་བལྟམས། ལོག་སྨོན་ཅན་གྱི་བདུད་ཕྲུག་ཞིག་སྐྱེས་པའང༌། རེ་ཞིག་གཞན་རྐྱེན་རང་ཐོག་ཏུ་ལེན་དགོས་པའང་བྱུང༌། དེ་ནས་སྐྱབས་རྗེའི་དབོན་འཇིགས་བྱང་སྡེ་དགེའི་ཆེད་གཏད་ཀྱིས་ང་རང་འབོད་པར་བཏང་བ་ཡང་སླེབས། ངེད་ཅག་འཁོར་བཅས་ཀུན་སར་ཝཱ་ཧ་ནས་ཐེག་ཅིང༌། ཡུལ་བཞིར་སླེབ་དུས། ཕ་རྒན་ཡང་ཐུགས་རྗེ་ཆེན་པོ་མཇལ་འདོད་ཀྱིས་བྱུང་བར། ཕྱག་མཇལ་གྲུབ་ནས་ཡར་འཁོར་འཕྲལ། ལམ་དུ་ཞུགས་ཤིང་འཛིར་ཀ་ན་མདའ་ནས་ཕ་མ་སྲིང་མོ་རྣམས་མགོ་ལོག་ཏུ་སོང་ཞིང༌། ང་རང་སྡེ་དགེའི་ཕྱོགས་སུ་ཐེག་ཅིངསོ་སོར་གྱེས། སྐྱབས་རྗེའི་གདན་སར་སྐུ་གདུངཕྱག་མཇལ་ཙམ་བྱས་ནས་རིམ་བཞིན་སྡེ་དགེར་སླེབས། དེ་ནས་བཟུང་དབུ་བླར་སྡོད་དགོས་ཀྱི་བཀའ་ནན་ཆེར་བྱུང་ཡང༌། སྔར་ནས་རྟེན་འབྲེལ་མོག་པོར་གྱུར་པས་སྡོད་རྒྱུའི་རེ་བ་བྲལ་ཡང༌། རེ་ཞིག་ཐབས་མཁས་ཀྱིས་བདག་འདྲ་སྐྱེ་བོ་ཕལ་པའི་སྤྱོད་པར་གྱུར་ཕྱིར། དབུ་བླའི་ཞབས་ཏོག་གི་རེ་བ་གཏན་ནས་བྲལ། འོན་ཀྱང་ཕྲན་བུ་ཆུང་ནས་སྐུ་དྲིན་གྱིས་བསྐྱངས་ཕྱིར། མདུན་ཧོར་ཙམ་གྱི་ཞབས་ཏོག་ཅིས་ཀྱང་སྒྲུབ་དགོས་མི་ཞུ་ཀ་མེད་ལགས་ཚུལ་ཞུས་པས། ཀཿཐོག་ཞིང་སྐྱོང་མཆོག་དང་རྫོགས་ཆེན་རིན་པོ་ཆེ་རྣམ་གཉིས་དེ་གའི་ལྕང་རའི་བུམ་སྒྲུབ་ཕེབས་ཡོད་པས་རྣམ་གཉིས་ནས་ཀྱང་ཁོང་ནི་ར་ཉག་གྲུབ་པའི་དབང་ཕྱུག་ཆེན་པོ་ལྟར་བཟང་ངན་བླང་དོར་ལས་འདས་པ། ཧེ་རུ་ཀའི་བརྟུལ་ཞུགས་ཁོ་ན་རེད་ཕྱིར་བདག་པོའི་དབུ་མཆོད་གནས་ནི་མི་མཛད་པར་གདའ། མདུན་ཧོར་སོགས་གསུང་བ་མི་འོས་མི་རུང་བའི་ལས་ཡིན་པ་རེ་ཞིག་བཏང་སྙོམས་སུ་འཇོག་པར་ཞུས་སོང་བ་བཅས་ཀྱིས། རྫ་སྟོད་ཕྱོགས་སུ་སྡེ་དགེའི་ཡུལ་ཁམས་སྣང་བ་གང་བདེར་གང་བབ་ཀྱི་སྤྱོད་པ་བསྐྱང་ནས་སྡོད་དགོས་པའི་བཀའ་གནང་བྱུང༌། ཡུལ་གདོན་ཁ་ཤས་བཏུལ་བའི་དུས་ལ་བབ་པར་སྣང་ཡང༌། དགོས་པའི་ལ་ཉེ་མི་འགྲིག་བས་བཏང་སྙོམས་སུ་ལུས། དེ་ནས་ལྷུན་གྲུབ་སྒང་དུ་སྐྱབས་རྗེའི་དངོས་སློབ་གཟིམ་དཔོན་ངག་དབང་རྒྱ་མཚོ་རང་ལ་ཡང་དད་འདུན་ཤིན་ཏུ་ཆེ་བར་ཡོད་པས། ཁོང་གི་གམ་དུ་རེ་ཞིག་བསྡད་ནས་བསམ་པ་རྫོགས་པར་བྱས། ཡུན་རིང་སྡོད་རྒྱུ་ཡུལ་ཁམས་ཀྱི་རྟེན་འབྲེལ་དབང་གིས་རེ་བ་ཟད། དེར་རྫོགས་ཆེན་དགོན་དུ་རིན་པོ་ཆེ་དང་གླིང་རྗེ་དྲུང་བཅས་མཇལ་འཕྲད་ཞུས། ཐུགས་དགོངས་ཕྲན་བུ་རྣམས་རྫོགས་པར་བྱས། ཤྲཱི་སེང་ཧར་ཞག་ཤས་བསྡད་ནས། དངོས་མེད་འགྲོ་བ་ཁ་ཤས་ཀྱི་དོན་བསྒྲུབས། འབྱུང་འགྱུར་གྱི་རྟེན་འབྲེལ་བཟང་པོ་འཕྲོ་ཅན་དུ་བཞག་ནས་ཡར་ཐེག །ཞེ་ཆེན་དུ་ཀུན་མཁྱེན་གོང་མའི་དངོས་སློབ་འཇིགས་མེད་བློ་གསལ་དང༌། གསང་སྔགས་གཉིས་ཀྱི་གམ་དུ་ཕྱིན་ཏེ། སྒྲུབ་པ་བསྲེགས་མནན་འཕང་པའི་ལས་སོགས་གོང་མའི་ཞལ་རྒྱུན་མན་ངག་གབ་པ་སོགས་ལྷག་ལུས་མེད་པར་བསླབས། ཁོ་རང་གཉིས་ལའང་དབང་དང་བཀའ་གཏད་སྨོན་ལམ་རྣམ་པར་དག་པའི་མཚམས་སྦྱར་དང་བཅས་ཏེ། སྤྲུལ་སྐུ་རྣམ་གཉིས་ལ་མཇལ་འཕྲད་ཙམ་རེ་བྱུང༌། ཕྱག་ཚ་ནས་བཟུང་ཀུན་མཁྱེན་གོང་མ། སྐྱབས་རྗེ་ཐམས་ཅད་མཁྱེན་པ་བཅས་ཀྱི་དངོས་སློབ་རྣམས་གཙོས་དད་ལྡན་ཀུན་ལ་ཆོས་འབྲེལ་རེ་ཐེབས་པར་བྱས་ཤིང༌། སློབ་རྒན་རྣམས་ལའང་སྨོན་ལམ་རྣམ་བར་དག་པའི་མཚམས་སྦྱར་ངོ་སྤྲོད་དང་བྱིན་འཇུག་ཐེབས་པར་བྱས་ནས། འཇིགས་མེད་རྒྱལ་བའི་མྱུ་གུའི་གམ་དུ་སླེབས། ཁོང་གི་ཚེ་འཕྲང་བར་ཆད་སོགས་བསལ། རྫོགས་པ་ཆེན་པོ་སྙན་བརྒྱུད་ཡི་གེ་མེད་པའི་སྐོར་ཁ་ཤས་ཀྱི་ངོ་སྤྲོད་ཐེབས་པར་བྱས། ཕྱི་མཚན་མ་རྫས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་དབང་བཞི་རྫོགས་པར་བསྐུར་ཞིང༌། རང་རིག་བླ་མར་རྟོགས་པའི་ངོ་སྤྲོད། དེ་ནས་རྫ་ཉིན་སྟོད་སྨད་དུ་དད་སྦྱིན་འཐོར་བུ་ཙམ་གྱི་རེ་བ་བསྐང་ཞིང༌། ཕུག་ཁང་བླ་མ་རྣམས་དང་མཇལ་འཕྲད་རེ་བྱས་ཤིང་ཉམས་རྟོགས་བསྡུར། དེར་ཀཿཐོགས་པ་སྐྱབས་མགོན་དགེ་སྤྲུལ་མ་ཧཱ་པཎྜི་ཏ་རྫ་ཡོ་དར་ཐང་དུ་སྒར་བཏབ་ནས་བཞུགས་འདུག་པར་སྐུ་དྲུང་དུ་ཕྱིན་ཚེ། དང་པོ་ཁྱོད་ཀྱིས་སྐྱ་ཆས་བྱས་པའི་དགོས་པ་ཅི་ཡོད། ལྷ་དང་བླ་མའི་ལུང་བསྟན་ཅི་བྱུང༌། རྩ་བའི་བླ་མའི་གནང་བ་ཐོབ་བམ་སོགས་སྣང་བ་ཟིལ་གྱིས་ནོན་པའི་བཀའ་མང་པོ་གནང༌། རང་ངོས་ནས་ཟོལ་ཟོག་དང་གཡོ་སྒྱུ་མེད་པའི་ཡར་ཞུ་བྱས་པར། སླར་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང༌། ཚེ་དབང་རིགས་མི་འདྲ་བ་གསུམ་གནང༌། ཕྱི་ནང་གསང་བའི་བསླབ་བྱ་མང་དུ་མཛད་ཅིང༌། བྱིན་རླབས་གཏད་རྒྱའི་སྨོན་ལམ་དང་བཅས་པའི་བཀའ་དྲིན་ཐོབ། དེ་ནས་སྲུང་མའི་ཕྲིན་ལས་ལྟ་བུས། སྡེ་དགེས་སྟོང་སྐོར་ཟིལ་གནོན་དུ་འགྲོ་དགོས་གསུངས་པ་ལྟར་ལམ་དུ་ཞུགས། དེང་གི་གསེར་ཁ་དྲུག་མདོར་ཞག་གཅིག་ཉལ་བའི་ཐོ་རངས་ཁར། བུད་མེད་དཀར་མོ་དར་དཀར་གྱི་ན་བཟའ་ལྷབ་ལྷུབ་གསོལ་ཞིང༌། རིན་པོ་ཆིའི་རྒྱན་ཆ་དུ་མས་སྤྲས་པ་ཞིག་གིས་ཕྱག་ཌ་དྲིལ་སིལ་སིལ་མཛད་ཅིང༌། ཌཱ་ཀི་ང་ནི་སྐུ་གསུམ་ཞིང་གི་གཙོ། །རྔ་ཡབ་དཔལ་རི་སྤྲུལ་པའི་ཞིང་ནས་འོང༌། འགྲོ་དང་འོང་བའི་རྣམ་རྟོག་ཡོད་མིན་ཏེ། །བསམ་པ་ཙམ་གྱི་རྫུ་འཕྲུལ་ཤུགས་ཀྱིས་སླེབས། །རིག་འཛིན་རྗེ་པོ་དྨ་ཀར་ཡིས། །མཐའ་འཁོབ་བོད་ཀྱི་གདུལ་བྱའི་དོན་སླད་དུ། །ཆུ་སྣོད་ངོས་ལ་ཟླ་གཟུགས་ཤར་བ་བཞིན། །སྤྲུལ་པ་ཁྱོད་ནི་སྨོན་ལམ་མཐུ་ལྡན་ཡང༌། །ལོག་སྨོན་བདུད་ཀྱི་དབང་དུ་ཅུང་ཟད་ཤོར། །ནམ་མཁའི་སྙིང་པོའི་བྱིན་རླབས་རྩལ་ཤུགས་དང༌། །རྨ་ཐོག་རིན་ཆེན་ལྷག་བསམ་རྣམ་དག་མཐུས། །ཤེལ་སྒོང་འདམ་གྱི་དྲི་མ་བཀྲུས་པ་བཞིན༑ ཉམས་གྲིབ་བྱང་ཞིང་བདུད་ལས་རྒྱལ་བའི་དུས། སྔུར་གྱི་རྟེན་འབྲེལ་བཟང་པོའི་འཕྲོ་མཐུད་ཅིང༌། །དུས་ལ་བབ་པའི་སྤྱོད་པ་སྐྱོང་བར་འཐད། །ད་དུང་བདུད་ཀྱི་འཇུག་སྒོ་གྲངས་མང་བས། །ཧེ་རུ་ཀ་ལ་གསོལ་བ་དྲག་ཏུ་ཐོབ། །སྔུགས་ཀྱི་སྲུང་མར་གསོལ་མཆོད་རྒྱུན་མར་བཅས། །སློབ་བུ་རྗེས་འཛིན་སྨིན་གྲོལ་སྒོ་འཕར་འབྱེད༑ །བསྡུ་དངོས་བཞི་ཡིས་འགྲོ་དོན་སྤྱོད་པ་ཡི། །ད་དུང་དུས་ལ་མ་བབས་ཡས་སུ་བོར། །ཤིང་ཁམས་བྱ་སྤྲེལ་ལོ་ཡི་བར་མཚམས་འདིར། །ཁྱོད་ཀྱི་ཚེ་འཕྲད་བདུན་གྱི་ཆེ་ཤོས་ཏེ། །བྱང་ཕྱོགས་ཙཱ་རི་ཊ་ཡི་ཟོ་དོར་དང༌། ཏཱ་རེའི་སྨོན་ལམ་ལས་གཞན་ལྡོག་ཐབས་བྲལ། པད་མས་བྱིན་བརླབས་པདྨ་འབུམ་རྫོང་དུ། ང་དང་ང་ཡི་སྤྲུལ་པ་ཚེ་བཅུད་སོགས། མཁའ་ལྡིང་ལོ་ལ་གྲིབ་ཀྱི་འདུ་བ་འཁྲུགས། ནོར་སྐྱོང་ལོ་ལ་སྤྱོད་པ་ཁྲ་བོར་ངོམ། ངུར་མོར་པདྨའི་གནས་སུ་སྒྲུབ་པ་གྱིས། སླར་ཡང་མཁའ་འགྲོའི་ལུང་བྱང་རིམ་གྱིས་སྟོན། བདེ་སྡུག་སྣང་བ་མིག་མང་འགྱེད་དང་མཚུངས། སྐྱོ་སུན་མ་མཛད་གཏད་མེད་རྒྱ་ཡན་ཐོང༌། ཅི་ཞིག་རྟ་བདུན་ཆུ་འཛིན་རུམ་འཐོ་ན་བཞིན། །སྔོུན་གྱི་སྨོན་ལམ་དུས་སུ་སྨིན་བར་ངེས། །ཞེས་གསུངས། ནམ་མཁའ་ནས་འཇའ་འོད་སྣ་ཚོགས་འཁྲིགས་པའི་དབུས་ནས། དཔའ་བོ་ཌཱ་ཀི་དཔག་ཏུ་མེད་པ་ཞིག་འདུག་པ། ཌཱ་ཀི་དེས་སྣ་དྲངས་ཏེ་བྱང་ཕྱོགས་སུ་གཤེགས་སོང༌། ཕྱི་ནང་པར་ནས་སྟོང་སྐོར་ཕྱོགས་སུ་འགྲོ་རྒྱུའི་བློ་ལོག་སྟེ། སྐྱབས་རྗེའི་གདན་སར་ཕྱིན་ཏེ་ཞག་ཤས་ཙམ་བསྡད། གྲོགས་ཀྱང་གཞན་དབང་དུ་སོང་འདུག་པས་ཕྱི་མའི་སྒྲིབ་བར་མི་འགྱུར་བའི་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ནས་ཐེག་ཅིང༌། མགོ་ལོག་ཏུ་སླེབས། རྡོར་རྫོང་སུ་བསྙེན་སྒྲུབ་ཕྲན་བུ་དང༌། སྲིང་མོ་ཆེན་མོར་ཡེ་ཤེས་ཌཱ་ཀི་རྣམས་མངོན་སུམ་དུ་བརྫུས་ནས། རྟེན་འབྲེལ་གྱི་ཐབས་དུ་མས་ལུང་བསྟན་ཞིང་བསྒོ་བ་མཛད་ནས། ཉེ་བར་གནས་པ་རྣམས་ཀྱིས་ཉིན་མཚན་གཡེལ་བ་མེད་པར་སྙིང་སྟོབས་དྲག་པོ་བསྐྱེད་ཅིང༌། ལོ་དེའི་ཚེའི་ཀེག་ཆེན་བཟློག །དེ་ནས་ཌཱ་ཀིའི་ལུང་བསྟན་ལྟར་བྱ་ལོ་ཟླ་བ་དང་པོར། རྨ་ཡུལ་པདྨ་རི་མཐོར་ངེད་ཅག་མིང་སྲིང་གྲྭ་འཁོར་བཞི་ཙམ་བཅས་སོང༌། གླིུང་ལྷ་རྣམས་ཀྱིས་བསུ་བ་དང་ངོ་མཚར་བའི་ལྟས་བཟང་སྣ་ཚོགས་ཀྱང་བྱུང༌། པདྨ་རྒྱལ་པོའི་ཕྲིན་ལས་ཀྱི་སྤྲུལ་པ་གེ་སར་སྐྱེས་མཆོག་ནོར་བུ་དགྲ་འདུལ་གྱི་སྒྲུབ་གནས། སེང་ལུས་སྒོམ་ཁང་ཁྲ་མོ་ཞེས་པའང་རྙེད། དེར་ཞག་བདུན་ཙམ་བསྡད་མ་གཅིག་གྲུབ་པའི་རྒྱལ་མོ་མངོན་སུམ་མིག་གི་སྦྱོད་ཡུལ་དུ་གྱུར་ནས་ཚེའི་དབང་བསྐུར་ནས། སྲིང་མོར་རྒོད་ལྕམ་དཀར་མོ་ཕེབ་ཅིང་ཚེ་བཅུད་གསོལ། གླིུང་གི་བླ་ཟོག་དང་ཕ་ཆོས་སོགས་ཀྱི་གཏེར་རྣམས་བསྟན་ཀྱང༌། ས་གཏེར་ནི་སླར་ཡང་འཛམ་གླིང་ས་བཅུད་དུ་གཏེར་བདག་རྣམས་ལ་གཉེར་ཁ་དམ་པར་བྱས། ཟོ་དོར་དགྲ་བླ་ཀུན་ལ་མངའ་གསོལ་དབུགས་དབྱུང་གཟེངས་བསྟོད་སོགས་བྱས་ཤིང༌། རྟེན་འབྲེལ་འཕྲོ་ཅན་གྱིས་ཕྱིར་ལོག །དེར་རྫ་ཆུ་ཁ་ནས་གྲྭ་པ་སྒར་གཞི་སོགས་ཀྱང་སླེབས། རེ་ཞིག་ན་ངེད་ཅག་མིང་སྲིང་གཙོས་སྒར་གཞི་ཀུན་ཐེག་ཅིང༌། འཛིར་ཀ་ནས་བརྒྱུད་ཡུལ་གཞིར་སླེབས། དེར་བླ་མ་པདྨ་སེང་གེའི་རེ་འདོད་བསྐང་ཕྱིར་རེ་ཞིག་འོ་འགོར་བསྡད། ཀློང་སྙིང་དབང་ལུང་ཙམ་བྱས༑ ཉམས་པ་ཅན་ཁ་ཤས་བྱུང་བ་དང་སྨོན་ལམ་ལོག་པའི་རིག་ངན་མོ་དག་གི་རྐྱེན་གྱིས་མྱུ་གུ་སད་ཀྱིས་ཁྱེར་རྟེན་འབྲེལ་རེ་ཞིག་མོག་པོར་གྱུར། དེར་ཕུན་ཚོགས་རྫོང་ནས་བསུ་བ་སླེབས་ལྟར་ཐེག་ཅིང༌། ཐུགས་རྗེ་ཆེན་པོ་ཕྱག་མཇལ་ཙམ་བྱས་ནས་འབྲོང་རྫོང་སར་ཝཱ་ཧར་སླེབས་ཚེ། སོ་སོར་གྱེས་ནས་སྲིང་མོ་མགོ་ལོག་ཏུ་བྱོན། ང་རང་ཕུན་ཚོགས་རྫོང་དུ་སོང༌། རྒྱལ་པོ་ཚེ་དབང་ལྷུན་གྲུབ་དང༌། མ་ཡུམ། ཀཿཐོག་དགེ་སྤྲུལ་རིན་པོ་ཆེའི་ལྕམ་སྲིང་བསོད་ནམས་སྒྲོལ་མ་སྲས་བཅས་ལ་མཇལ་འཕྲད་བྱུང༌། རྒྱལ་པོའི་ཐུགས་རྒྱུད་བཟང་ཞིང་སྐུ་ཡོན་རྒྱས་པ་དང༌། ཆོས་ལ་ཐུགས་འདུན་གཏད་ཅིང༌། འཁོར་བ་མི་རྟག་སྒྱུ་མའི་རང་མཚངས་གཟིགས་པ་ཞིག་ཡོད་པ། རེ་ཞིག་པར་གསང་ཚུལ་གྱིས་ཀློང་སྙིང་གི་ཐུན་མོང་དང་ཐུན་མོངས་མ་ཡིན་པའི་གདམས་པ་ཁྲིད་ལུང་རྣམས་ཕུལ་དགོས་བྱུང༌། སྤྱི་ཁྱབ་ཀྱི་སྐུ་རིམ་ཁ་ཤས་བསྒྲུབས། སྐུབས་ཤིག་མགོ་ལོག་ཏུ་སྐོར་ཙམ་ཕྱིན། སྲིང་མོ་ཡང་འབྲོང་རྫོང་དུ་སྐོར་ཙམ་བྱོན་ནས་ཡར་ཐེག །ང་རང་སོ་མང་དུ་ལན་གཅིག་ཕྱིན། ཨ་བ་ཏོ་ཏ་རོ་སྟག་སྐྱབས་དང༌། ནག་ཉོ་བླ་མ་བཟོད་པ་སོགས་དོན་གཉེར་འགའ་ལ་ཀློང་སྙིང་དབང་ལུང་བྱས། རྒྱལ་པོ་ལ་ཡང་མཇལ་འཕྲད་ཆོས་འབྲེལ་ཙམ་གྱི་ཐོག་ཕྱིར་ལྡོག །ཕག་ལོ་གསར་ཚེས་སུ་རྒྱལ་པོ་ཚེ་དབང་ལྷུན་གྲུབ་ཀྱང༌། གཞན་སྦྱོར་གདུག་པའི་དབང་གིས་ཞི་བར་གཤེགས་པ་སྦྱངས་ཆོག་དང་གདུང་ལས་སོགས་བགྱིས་ཤིང༌། ཤར་ཕྱོགས་མངོན་པར་དགའ་བར་དབུགས་དབྱུང༌། གནས་ཆེན་ཀ་ཀེའུ་སེང་གེ་ཡོངས་རྫོང་དུ་ཁྲོ་སྐྱབས་ནང་སོ་ནམ་མཁའ་ལྷུན་གྲུབ་ཀྱིས་འོང་དགོས་བཀའ་ཕེབས་ལྟར་སྐོར་ཙམ་ཕྱིན། ཨོ་རྒྱན་རང་བྱུང་དང་གནས་ལ་མཇལ་ཕྱག་བསྐོ་གསུམ་ནང་སོ་རིན་པོ་ཆེ་མཇལ་འཕྲད་ཆོས་འབྲེལ་སོགས་ཕུལ་ཞིང༌། དགྱེས་པ་ཆེན་པོས་ཐུགས་ཡིད་གཅིག་ཏུ་འདྲེས། མ་འོངས་པའི་རྟེལ་འབྲེལ་འཕྲོ་ཅན་གྱི་མངོན་རྟོགས་ཤར། དེ་ནས་ཕྱིར་ལོག་ཅིང་འབྲོང་རྫོང་ནས་ཐེག་ཅིང༌། མགོ་ལོག་རྡོང་རྫོང་དུ་སླེབས། རྨ་སྟོད་དུ་ཨ་སྐྱོང་གོང་མ་དཔོན་སྡེ་ཀུན་ལ་ཆོས་འབྲེལ་ཙམ་བྱས་ནས། ངེད་ཅག་མིང་སྲིང་གཙོས་སྟོན་འཁོར་ཀུན། སྔོུན་གྱི་ལུང་བྱང་ལྟར་པདྨ་རི་མཐོར་ལོ་ངོ་གསུམ་ཙམ་བསྡད། མི་མ་ཡིན་ཟོ་དོར་དངོས་མེད་ཀྱི་རྟེན་འབྲེལ་ཀུན་དབྱིངས་ཀྱི་རྗེ་མོ་རྣམས་དང་ཊ་ཀིའི་རྟེན་འབྲེལ་ལ་བརྟེན་ནས་ལེགས་ལམ་དུ་གྱུར། མི་ཡུལ་གྱི་ལེགས་ཚོགས་ཀུན་ཡུལ་དུས་གྲོགས་དང་གནས་སྐབས་ཀྱིས་རྐྱེན་བྱས་སྣ་ཚོགས་སུ་གྱུར། གླུང་ལོར་རྗེ་བླ་མའི་ལུང་བསྟན་ལྷར་སྤྲུལ་པའི་རིགས་ཀྱི་མྱུ་གུ་གསར་པ་འཁྲུང༌། སྟག་ལོར་ཡང་རིགས་ཤིག་བྱུང༌། དེ་ནས་གཞན་རྐྱེན་འཐོར་ལུང་དྲག་པོས་བསྐྱོད་དེ་སྲིང་མོ་མགོ་ལོག་རང་སར་གནས། ང་རང་ཀུན་རྒྱལ་རོང་ཕྱོགས་སུ་འོང་ཞིང་ཁྲོ་སྐྱབས་ནས་བརྒྱུད་དགེ་བཤེས་རྒྱལ་སར་འབོད་པ་ལྟར་སླེབས་ཤིང༌། གསར་སྐྱེས་ཀྱི་འབྱུང་པོ་འགའ་འགའ་བཏུལ། རེ་ཞིག་སྨྱོན་པའི་བརྟུལ་ཞུགས་ཏུ་གནས། ཡོས་ལོར་ཀ་ཀེའུ་སྐོར་ཙམ་སླེབས་ཤིང༌། ནང་སོའི་བཞེད་དོན་ཕྲན་བུ་བསྐང༌། སྔོུན་སྨོན་ལམ་ཀྱིས་འབྲེལ་བའི་ལྷ་སྲས་རིན་པོ་ཆེ་ཡང་ཞལ་མཇལ་འཕྲད་ཙམ་བྱུང༌། སླར་དགེ་བཤེས་སུ་རེ་ཞིག་གནས་ཤིང་ལོ་མཇུག་ལྕགས་ལ་དང་ཡུ་ཐང་ནས་སོགས་འབོད་པ་བྱུང་ལྟར་ཐེག །རིམ་བཞིན་ལྷ་སྒང་དུ་སླེབས་ཚེ་བཞག་བྲ་གངས་དཀར་བཅས་ཀྱིས་བསུ་བ་བྱུང་ཞིང་ངོ་མཚར་ལྟས་བཟང་སྣ་ཚོགས་མཐོང༌། དར་མདོར་མཁན་ཆེན་རྣམ་གཉིས། ས་དབང་སྲས་ལྷན་རྒྱས་ཐམས་ཅད་ལ། མཇལ་འཕྲད་དང་ཆོས་འབྲེལ་སོགས་ཕུལ། སྲིང་མོ་ཆེན་མོ་ཡང་དེ་གར་ཕེབས། རྟེན་འབྲེལ་དུས་འཛོམས་བྱུང༌། དེ་ནས་རེ་ཞིག་དགོངས་པ་ཞུས་ཤིང་ཡུ་ཐང་དུ་སོང༌། དེར་ཡུ་ཐང་རྒྱལ་པོ་ཁོ་རང་ཡང་ཀུན་མཁྱེན་གོང་མ་དང་བླ་སློབ་ཀྱི་ལས་འབྲེལ་ཡོད་པའི་སྐྱེ་བ་ཞིག་ཡིན་པ་དང༌། རྗེ་བླ་མའི་བྱིན་རླབས་ཀྱི་ནིར་མ་ཀ་ཞིག་དང༌། ས་སྐྱ་པའི་བུ་སློབ་ཆ་ཤས་རི་ཁུད་སྤྲུལ་པའི་སྐུ་སྐུ་ངོ་ལྷན་རྒྱས་ལ་མཇལ་འཕྲད་གྱུར། ལོ་གསར་གྱི་དགའ་སྟོན་སོགས་རྫོགས་ནས། སྐུ་ངོ་རྣམས་ཀྱི་གཙོས་རྒྱལ་པོ་ཁོ་རང་གི་ལྷག་བསམ་རྣམ་དག་གིས་སྙིང་ཐིག་ཆོས་སྐོར་གསར་བཙུགས་ཀྱི་བླ་གྲྭ་བཅས་ལ། ཀློང་སྙིང་གི་དབང་ལུང་སྔོན་འགྲོའི་ཁྲིད་བཅས་རྫོགས་པར་བྱས། འབྲུག་ལོ་ཟླ་བ་དང་པོའི་ཚེས་ཉེར་ལྔའི་ཐོ་རངས་ཀྱི་ཆར། མདུན་གྱི་ནམ་མཁར་འཇའ་འོད་ཀྱི་ཀློང་ནས། མ་གཅིག་ལབ་ཀྱི་སྒྲོན་མ་ལ་འཁོར་མཁའ་འགྲོ་ལྔས་བསྐོར་བ། རྣལ་འབྱོར་ཕོ་མོ་སྐར་ཚོགས་ཤར་བ་ལྟ་བུ། བྲོ་གར་ཤིག་ཤིས་ཧཱུྃ་ཕཊཿཀྱི་སྒྲས་འབྲུག་སྟོང་ལྡིར་བ་ལྟར་ཡོད་པ་ཞིག་དང་མཇལ། དེར་རང་ཡང་སྔར་ནས་མ་གཅིག་ལ་དད་གུས་ཆེ་བའི་བག་ཆགས་དང་བཅས་ཕྱག་འཚལ་ཞིང༌། མཚོ་རྒྱལ་སྤྲུལ་པ་མ་ཅིག་སྤྲུལ་པའི་སྐུ། བདག་རྒྱུད་གཟུང་འཛིན་རང་སར་གྲོལ་བ་དང༌། རྣམ་པར་རྟོག་པ་བདུད་བཞི་དབྱིངས་སུ་གཅོད༑ སྟོང་ཉིད་ཉམས་ཀྱི་ཤུན་པ་ཀུན་བྲལ་ནས། ཡུམ་ཆེན་ཁྱེད་ཀྱི་བྱིན་རླབས་འཇུག་པ་དང༌། ཐུགས་རྒྱུད་དགོངས་པ་རྟོགས་བར་བྱིན་གྱིས་རློབས། །ཞེས་གསོལ་ཞིང་རྟོག་པ་ལ། སྙན་བརྒྱུད་ཆེན་མོའི་དོན་ཁྲིད་ཞིག་ཀྱང་ཞུ་དགོས་བསམ་མ་ཐག་འཁོར་རྣམས་གཅིག་ལ་གཅིག་བསྡུས་ཀྱིས། དཔའ་བོ་ཀུན་དམ་པ་རྒྱ་གར་ལ་ཐིམ། དཔའ་མོ་ཀུན་ཌཱ་ཀི་ལྔ་ལ་བསྡུས་ཤིང༌། མ་ཅིག་གི་ཞལ་ནས། ཀྱེ་མ་སྐལ་ལྡན་སྐྱེས་བུུ་མ་ཡེངས་ལེགས་པར་གསོན། །རྫོགས་སངས་རྒྱས་ཀྱི་བཀའ་འཁོར་བར་པ་ནི། །ཤེས་རབ་ཕ་རོལ་ཕྱིན་མའི་དགོངས་པའི་བཅུད། །སྤྲོས་བྲལ་དབུ་མ་སྟོང་ཉིད་ནམ་མཁའ་ཆེ། །སེམས་ཉིད་ཕྱག་རྒྱ་ཆེན་པོའི་ལམ་བགྲོད་ནས། །རྫོགས་པ་ཆེན་པོའི་འབྲས་བུ་རྟོགས་བྱེད་པ། །ཁོ་མོའི་ཁྱད་ནོར་ཟབ་མོ་བདུད་གཅོད་ཆོས། །ཚད་མེད་བཞི་དང་ཕར་ཕྱིན་དྲུག་གི་ལམ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་གཞིར་བཞག་ཅིང༌། །འགྱེད་ཆེན་བཞི་ཡིས་བསྐལ་མང་ཚོགས་ཆེན་འདུམ། །ན་ཚ་ལམ་སློང་རྐྱེན་ངན་གྲོགས་ཤར་ཞིང༌། འཁོར་བ་མ་སྤང་མྱང་འདས་སྒྲུབ་ཏུ་མེད། །བདུད་བཞི་དབྱིངས་སུ་བཅོམ་ཞིང་ཕྱིན་དྲུག་ལྡན༑ །འཁོར་བ་ལས་འདས་རང་སེམས་སངས་རྒྱས་རྟོགས། །འདི་དོན་ཟུང་འཇུག་མདོ་ལུགས་གཉིས་མེད་གསུམ། །ཌཱ་ཀིའི་གཙོ་མོ་ལྷ་ལྕམ་མན་དཱ་རའི། །སྤྲུལ་བསྒྱུར་སྲས་མོ་རྡོ་རྗེ་སྒྲོན་མ་ལ། །སྤྱི་དྲིལ་སྔགས་ལུང་གདམས་བ་ཡོངས་སུ་གཏད། །རེ་ཞིག་གདམས་པའི་བྱིན་རླབས་མ་ཉམས་ཕྱིར། །མོ་རང་ཉམས་བླང་འདའ་ཀ་མ་ཡི་དུས༑ །བདེ་ཆེན་དཀར་མོའི་ཐུགས་ཀྱི་ཀློང་དུ་སྤས། ཁྱོད་ནི་མཁའ་འགྲོའི་གསང་མཛོད་བདག་པོ་སྟེ། །ནམ་ཞིག་འགྲོ་དོན་དུས་ལ་བབ་པའི་ཚེ། །གདུལ་བྱའི་མོས་བློ་སྐལ་བར་འཚམས་པ་ཡིས། །རྒྱ་མཚོར་ཐོད་སྣོད་འགྱེད་བཞིན་སྤེལ་མཁས་མཛོད། །ལ་འདུལ་སྐྱེ་བའི་མཐའ་རྫོགས་སྐབས་འདི་རུ། །ང་ཡི་ཐུགས་བརྒྱུད་དགོངས་པའི་བྱིན་རླབས་འཕོ། །གཟུགས་ཅན་གཟུགས་མེད་འགྲོ་དོན་མཐར་ཕྱིན་ནས། །ཚེ་མཐར་འཁྱོལ་ཞིང་འཁོར་བར་ལྡོག་མེད་མཛོད། །ཁྱོད་ནི་སྤྲོས་བྲལ་ནམ་མཁའ་ལྟ་བུ་ལ། །སྤྲོས་བཅས་གདམས་བ་སྐར་ཚོགས་ཤར་བ་བཞིན། །གདུལ་བྱའི་བསོད་ནམས་ལས་སྐལ་དག་ལ་རག །འདི་ནས་བཟུང་སྟེ་བདུད་ཀྱི་གཡུལ་ལས་རྒྱལ། །ཕྱོགས་མེད་གདུལ་བྱའི་རེ་བ་ཡོངས་བསྐང་ཞིང༌། །ཐབས་མཁས་གསང་བའི་ཚུལ་དུ་དགོངས་པའི་གཏེར། །གཉེར་འཛིན་ཌཱ་ཀིའི་ལུང་བཞིན་སྤྱོད་མཁས་མཛོད། །ཅེས་གསུང་ཞིང་གླེགས་བམ་ཞིག་སྤྱི་བོར་བཞག་ཅིང་བཀའ་གཏད་གནང༌། རང་གི་བསམ་པ་ལ་དབང་ཁྲིད་ཞིག་ནོད་ན་བསམ་མ་ཐག་བདུད་རྩི་ཐོད་པ་གང་ང་རང་མིང་སྲིང་གཉིས་ཀྱིས་འཐུང་བའི་ཉམས་དང༌། ཤེལ་གྱི་མེ་ལོང་ཆུང་ངུ་འཇའ་རིས་ཕུང་ངེ་བ་ཞིག་གནང་སྟེ། ང་ཡི་སྙན་བརྒྱུད་ཞལ་གདམས་ཆེན་མོ་ཁྲིད་ཡིག་སངས་རྒྱས་ལག་བཅང༌། མན་ངག་བདུད་རྩི་བུམ་བཟང་བཅས། དཔེ་ཙམ་མཐོང་བས་ཁྱོད་ཀྱི་བློ་ལ་གསལ་བར་འོང༌། །ད་དབང་ཁྲིད་ལུངདང་གདམས་ངག་ཀུན་གཅིག་ཆར་དུ་རྫོགས་པ་ཡིན་པས་ཐེ་ཚོམ་མ་བྱེད་གསུངས། ཤེལ་དེ་སྲིང་མོའི་ལག་ཏུ་བཞག་སྟེ་འདི་ཚག་དམ་པར་གྱིས་སྨྲས་པས། །འདི་གར་བཟུང་ན་དམ་ཉམས་རྣམས་ཀྱིས་མཐོང་ཚེ་སྐྱོན་འཇུག་པས་ཚག་བྱས་ན་ལེགས་ཟེར་ཞིང་ཁར་བཅུག་ནས་མིད་སོང༌། དེར་དམ་པ་རྒྱ་གར་གྱི་ཕྱག་ཌ་རུ་ཁྲོལ་་ཁྲོལ། །ཞབས་གར་སྟབས་ལིང་ལིང་མཛད་ཅིང༌། ཞི་བྱེད་དང་གཅོད་ཡུལ་དབྱེར་མེད་ཅིང༌། རྟེན་འབྲེལ་སྣ་ཚོགས་ཐབས་ལ་མཁས། གྲོ་དྲུག་སེམས་ཀྱི་ཆོ་འཕྲུལ་ཏེ། ཉོན་དྲུག་རྩལ་གྱི་འཁྲུལ་སྣང་ཡིན། དབྱིངས་ཆོས་སྐུའི་རང་རྩལ་རྫོགས་པའི་ཚེ། །བསྐྱེད་རྫོགས་ཀྱི་འཛིན་པ་ཞིག་སྟེ་ཐལ། །བདེ་ཆེན་ཉམས་ཀྱི་སྣང་བ་ལ། །གཏད་མེད་ཆེན་པོ་ལ་བཟླ་ཚེ། །ཁྱུང་གི་སྒོང་རྒྱ་གྲོལ་བ་བཞིན། དབྱིངས་ཆོས་སྐུའི་མཁའ་ལ་བཙན་ས་ཟིན། །སླར་དགོས་པའི་དུས་སུ་བརྡ་ཆོས་སྟོན། །དོན་གོ་བར་གྱིས་ཤིག་མཆེད་ལྕམ་ཟུང༌། །ཞེ་གསུང་ཞིང་ཐམས་ཅད་འཇའ་ཚོན་ཡལ་བ་ལྟར་སོང་མ་ཐག་གཉིད་སད་ཅིང༌། གནས་ཁང་ཀུན་དྲི་བཟང་གི་ངད་པས་ཁྱབ། འཇའ་འོད་འཁྲིགས་ཤིང་ཀིང་རུས་ཚོན་གང་བ་བཞི་ཕྱོགས་ཀུན་ཏུ་རྒྱུག་པར་མཐོང༌། དེའི་ནུབ་སྲིང་མོ་ལའང་མཐོང་སྣང་དཔག་ཏུ་མེད་པར་བྱུང་བར་གདའ། འདི་ནས་བཟུང་རེ་ཞིག་སྨོན་ལམ་ལོག་པའི་གཡུལ་ལས་རྒྱལ་ཞིང༌། རྣལ་འབྱོར་དབང་ཕྱུག་གི་སྤྱོད་པའི་མགོ་བརྩམ་བའོ། །དེ་ནས་རྒྱལ་པོ་དང་སྤྲུལ་པའི་སྐུ་གཉིས་ལ་དབུགས་དབྱུང་གཟེངས་བསྟོད་རྒྱ་ཆེར་བྱས་ནས་ཡར་ཐེག་ཅིང་དར་མདོར་སླེབས། སྐུ་ངོ་ལྷན་རྒྱས་ལ་ཀློང་སྙིང་གི་དབང་ལུང་ཁྲིད་བཅས་གནད་སྨིན་ཕུལ། མཁན་ཆེན་རིན་པོ་ཆེའི་དྲུང་ནས་བྱང་གཏེར་གྱི་ཀ་དག་དང༌། ཟང་ཐལ་གཙོས་དབང་ལུང་བརྒྱུད་པ་དཀོན་པ་མང་རབ་ཞུས། མཁན་པོ་ཆུང་བ་ཉིད་དང་ལྷ་ལྡན་ནས་གྲོགས་མཆེད་ཐུགས་ཡིད་གཅིག་འདྲེས་སུ་གྱུར་བ་དང༌། མཁན་ཆེན་རིན་པོ་ཆེ་དེ་ཉིད་སྐྱབས་མགོན་ཐམས་ཅད་མཁྱེན་པའི་ཐུགས་ཀྱི་གཏད་ཡུལ་འགྲན་ཟླ་བྲལ་ཞིང༌། ས་དབང་ལྷ་སྲས་རིན་པོ་ཆེ་ཡབ་སྲས་གླིང་གི་དུས་ཀྱི་སྨོན་ལམ་འབྲེལ་པའི་སྟོབས་ཀྱིས། ཡོན་མཆོད་ཀུན་ལན་གཅིག་ལེགས་པའི་རྟེན་འབྲེལ་ཕུན་སུམ་ཚོགས་པའི་དུས་དེར་དགའ་སྟོན་ཚོགས་འཁོར་ལ་སོགས་ཀྱི་གཏང་རག་ཕུལ་ནས། ལན་གཅིག་དགོངས་ཞུས་ཀྱིས་ཡར་ཐེག་ཅིང༌། རིམ་བཞིན་ལྷ་སྒང་དུ་སླེབས། དེ་གའི་ཇོ་བོ་རྒྱ་ཟ་ཀོང་ཇོས་བཞེངས་བས་བྱིན་རླབས་ཤིན་ཏུ་ཆེ་ཕྱིར་ཕྱག་མཆོད་བསྐོར་བ་རེ་ཞིག་བྱས། ཉིན་གཅིག་ཡུལ་ཀུན་འཇའ་འོད་ཀྱིས་ཁྱབ་འདུག་པར། སྲིང་མོ་ཁོ་རང་གཅིག་པུ་བསྐོར་བ་ཕྱིན་པས། མི་རྒན་རྒྱ་བོ་ལག་ན་འཁར་བ་ཐོགས་པ་ཞིག་གིས་མཆོད་རྟེན་བརྒྱ་རྩའི་དབུས་སུ་ཁྲིད་དེ། །ཁྱེད་རང་རྒྱ་ཟ་ཀོང་ཇོར་སྐྱེ་དུས། རྒྱ་བོད་གཉིས་ཀྱི་མཚམ་འདིར་བློན་པོ་མགར་ཡུན་རིང་སྒུག་དགོས་ཤོར་བས་ཇོ་བོ་ཡིད་བཞིན་ནོར་བུའི་སྐུ་ཚད་ཇོ་བོ་འདི་བཞེངས་ཚུལ་དང༌། དེ་དུས་ཨ་ཙ་ར་དྲང་སྲོང་ཞིག་བྱུང་སྟེ། འབར་མ་སྦྱང་གདོང་མས་དེ་སེ་དང༌། འཛམ་བུ་གླིང་གི་ས་བཅུད་རྣམས་བསྡུས་ཏེ་སྐུ་བཞེངས་པ་དང༌། དྲང་སྲོང་མཆོད་རྟེན་ཡང་ཁྱད་པར་འཕགས་པའི་ལོ་རྒྱུས། སྒང་དྲུག་སྤྱི་དང་ཁྱད་པརརང་མི་ཉག་སའི་རྟེན་མཆོག་ཁྱད་པར་ཅན་ཡིན་པས་མ་ཉམས་པར་གསོས་ན་ཕན་ཡོན་འབྱུང་ལུགས། སྲོང་བཙན་སྒམ་པོ་འཕགས་མཆོག་ཕྱག་ན་པདྨ་དངོས་ཡིན་པ་དང༌། རྗེ་བཙུན་ཐམས་ཅད་མཁྱེན་པ་བློན་པོ་མགར་གྱི་སྐྱེ་བ་བཞེས་ཚུལ། ཇོ་བོ་ལྷ་ཁང་དང་མཆོད་རྟེན་རྫོགས་ཚེ། སྟོན་པ་རྣམ་གསུམ་ནམ་མཁར་བྱོན་ནས་རབ་ཏུ་གནས་ཤིང༌། ལྷའི་མེ་ཏོག་གི་ཆར་འབབ་པ་སོགས་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་བྱུང་ཞིང༌། ནམ་མཁའི་ལྷ་རྣམས་ཀྱང་དགའ་བའི་རྣམ་འགྱུར་གྱིས་གླུ་གར་རོལ་མོའི་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་བ་ཕུལ་བས། ཇོ་བོའི་མཛོད་སྤུ་ནས་འོད་ཟེར་འཕྲོས་ཤིང་ལྷ་རྣམས་ལ་ཕོག །དེའི་འོད་ཀྱིས་ཡུལ་ཀུན་ཁྱབ། དྲང་སྲོང་དང་རྒྱ་ཟ་འཁོར་རྣམས་ཀྱང་རང་རང་གི་སྐལ་བ་དང་འཚམས་པའི་བྱིན་རླབས་ཐོབ། དེར་ལྷ་རྣམས་དགྱེས་པས་ལྷ་དགའ་ཇོ་བོ་ཞེས་དྲང་སྲོང་གིས་མཚན་གསོལ་བ་དང༌། དུས་ཕྱིའི་ཕལ་སྐད་ཀྱིས་མིང་ཟུར་ཆགས་པས་ལྷ་སྒང་ཞེས་མིང་དུ་གྲགས་པའི་ལོ་རྒྱུས་དང༌། སྐྱེ་སྲིད་ཀྱི་ལུང་བསྟན་རྣམས་ཀྱང་གསུང་ཞིང༌། སླར་བེར་རྒ་སྙིང་ཁར་གཙུག་ནས་ཧཱུྃ་གི་སྒྲ་དྲག་པོ་བསྒྲགས་པས་དར་ཅིག་དྲན་མེད་དུ་བརྒྱལ། དེར་མོ་རང་ཡང་ཆོས་ཉིད་ཉམས་ཀྱི་སྣང་བ་ཅུང་ཟད་འུར་བའི་ངང་དབང་རྫོགས་པར་ཐོབ། ང་ནི་པདྨ་ཐོད་ཕྲེང་རྩལ། སྤྲུལ་པས་བོད་དུ་འགྲོ་དོན་སྤྱོད། །སྤྲུལ་གཞི་སྐུ་གསུམ་ཞིང་ཁམས་ཉུལ། །གཅིག་ནི་སྲིན་ཡུས་ཆོས་འཁོར་བསྐོར། །སྐྱེ་ཀུན་རྗེས་སུ་བཟུང་བའི་ཕྱིར། །ད་ལྟ་ཁྱོད་ཀྱི་དོན་ངུ་འོང༌། །བར་ཆད་བསལ་ཞིང་དངོས་གྲུབ་སྦྱིན། །རྣམ་རྟོག་ལོག་ལྟ་ཐེ་ཆོམ་བདུད། །དབང་དུ་མ་གཏོང་དག་སྣང་སྦྱངས། སྟངས་དཔྱལ་འགྲོ་དོན་མཐར་ཕྱིན་ཚེ། །སྐུ་གསུམ་ཞིང་དུ་མངོན་འཚང་རྒྱ། །ང་འགྲོ་བདེ་ཆེན་བརྩེགས་པ་རུ། །མཁའ་འགྲོའི་ཚོགས་ཀྱི་རྗེ་བོར་གཤེགས། ཞེས་གསུངས་ཤིང༌། འོད་ཀྱི་ཕུང་པོར་གྱུར་ནས་ཡལ་སོང་འདུག །སྐུབས་དེར་ཡུལ་ཀུན་སྨུག་རླངས་ཀྱིས་ཁྱབ་ཅིང༌། དྲི་བཟང་པོ་འཐུལ་བ་དང༌། འཇལ་སྤྲིན་འཁྲུག་པ་སོགས་བྱུང༌། ཁོང་ཡང་དྲན་པ་རྙེད་དེ་ཚུར་བསྐོར་ལམ་དུ་འོང་བར། དྲང་སྲོང་མཆོད་རྟེན་གྱི་དྲུང་དུ་ང་རང་དང་འཕྲད༌། དེ་བར་གྲྭ་འཁོར་རྣམས་ཀྱིས་ཀུན་ནས་ཀུན་ཏུ་བཙལ་ཡང་མ་རྙེད། དེའི་ནུབ་རྨི་ལམ་ན་བུད་མེད་རྒན་མོ་ཞིག་གིས་གསང་སྔགས་གསང་ཐུབ་དངོས་གྲུབ་མྱུར། གསང་མ་ཐུབ་ན་དམ་ཚིག་ཉམས། དངོས་གྲུབ་ཡལ་ཞིང་བར་ཆད་འབྱུང༌། །དེ་བས་སྤིར་གྱི་ཁ་བཞིན་བསྡམ་ཞེས་གསུང་བྱུང་ཟེར། ང་རང་མ་གཏོགས་སུ་ལའང་མ་སྨྲས་པ་གཉིས་ཀ་ནས་གསང་རྒྱས་བཏབ་བོ། །དེ་ནས་ཡར་ཐེག་གསེར་ཕྱེ་ཐང་དུ་ང་རང་སྣང་བ་གཏད་མེད་ཀྱིས་གཅིག་པུར་ཕྱིན་པར། མི་དཀར་རྟ་དཀར་ཅན་ཞིག་གིས། །ཧས་པོ་རི་ཡི་རྩེ་མོ་ནས། །མ་ཧཱ་གུ་རུའི་བཀའ་ལུང་དང༌། སྐྱེས་མཆོག་ནོར་བུ་དགྲ་འདུལ་གྱི། །ཐུགས་བསྐྱེད་དུས་སུ་བབ་བ་ན། །ང་ཡི་གནས་སུ་གསང་སྔགས་ཀྱི། །བསྟན་པ་སྤེལ་བའི་རྟེན་འབྲེལ་ཡོད། །དུས་ལ་བབ་ཚེ་བསུ་བར་སླེབས། །བར་ཆད་དབང་དུ་མི་གཏོང་ཞུ། །ཞེས་ཟེར་ཞིང་མི་སྣང་བར་གྱུར་སོང༌། །དེ་ནས་ཡར་འོང་ཞིང་ལྟའུ་རྒྱལ་ཁག་ཡན་མན་མི་སྡེ་སོགས་ཀྱི་འཁོན་པ་ཅུང་ཟད་བསྡུམ། དགེ་བཤེས་རྒྱལ་སར་སླེབས། སྲིང་མོ་མགོ་ལོག་ཏུ་ཐེག །ང་རང་ནས་སྐབས་སུ་བབ་པའི་གཞན་དོན་ཅུང་ཟད་རེ་བྱས། དགུན་དེར་སྲིང་མོ་མར་འཁོར་འཕྲལ། །སྐྱིད་ལུང་དགོན་པ་གསར་བསྐུན་དུ་འདུས་བ་བརྒྱ་ལྷག་ཙམ་ལ། །སྔོུན་འགྲོ་རྩ་ལུང་གི་ཁྲིད་དང༌། །ཀློང་སྙིང་དབང་ལུང༌། བླ་མ་ཁ་ཤས་ལ་ཡེ་ཤེས་བླ་མའི་ཁྲིད་བཅས་བྱས། སྦྲུལ་ལོར་རི་ཁྲོད་གསར་བཏབས་སུ་སྲིང་མོས་མཚམས་སྒྲུབ་མཛད་ཅིང༌། ང་རང་མགོ་ལོག་ཕྱོགས་སུ་སོང༌། ཨ་སྐྱོང་གོང་མ་གཙོར་གྱུར་སྤྱིན་བདག་རྣམས་ལ་འཕྲད་ཙམ་རེ་དང༌། གཉན་པོ་གཡུ་རྩེར་གཡུ་མཚོའི་འགྲམ་དུ་བདུན་གསུམ་གནས་ཤིང༌། དེར་གནས་དཔའ་བོ་ཌཱ་ཀི་དང་མི་མ་ཡིན་རྣམས་ནས། འོད་གསལ་ཉམས་ཀྱི་སྣང་བར་མཁའ་དབྱིངས་ཀློང་སྒྲོམ་སྨུག་པོ་འབྱེད་པའི་རྟེན་འབྲེལ་གྱི་སྣ་ཁ་བསྒྲིགས། སླར་སྐྱིད་ལུང་དུ་སྲིང་མོའི་དྲུང་དུ་འཁོར་ཞིང༌། པད་མ་མཁའ་འགྲོའི་སྐོར་སོགས་གསང་ཚུལ་གྱིས་ཐུགས་གཏེར་ཕྱི་ཆོས་ཁ་ཤས་ཕབ། རྟ་ལོར་གཡི་ཁོག་ཕྱོགས་སུ་ཕྱིན། ཕ་རྒན་ཉིང་མཚམས་སྦྱར་བའི་འདྲེན་སྟོན་སོགས་བྱས་ཤིང༌། མིང་སྲིང་གཉིས་ཀ་མགོ་ལོག་ཏུ་སྐོར་ཙམ་ཕྱིན་ནས་མར་འཁོར་འཕྲལ་སྡེ་ཆ་རྒྱལ་སྲས་ཀྱི་འདོད་པ་ལྟར། རི་ཁྲོད་གསར་བསྐྲུན་ཞིག་འདུག་པར་ཕྱིན་ཏེ་སྡོད་པར་རྩོམ་ཡང་ཡུལ་དེར་ངེད་ཅག་འདུག་པའི་སྐལ་བ་མེད་ཕྱིར། སྔུགས་ཀྱི་སྲུང་མ་ཐོག་ཕེབས་ཀྱིས་འཕྲལ་དུ་སྨད་ཕྱོགས་སུ་འགྲོ་དགོས། ལེགས་པའི་རྟེན་འབྲེལ་དུས་ལ་བབ་ཚུལ་དང༌། ཡུལ་དེར་བསྡད་ན་སྐྱེས་བུའི་སྲོག་ལ་ཧུར་ཐུག་འབྱུང་གསུང་བྱུང་ལྟར། ཉག་རྐེད་ནོར་བུ་ཚེ་རིང་འབོད་པར་བྱུང་བའི་ནན་ཏན་ཆེ་བའི་ངོ་མ་ལྡོག་སྟེ། ཁོ་བོའི་སར་སྐོར་ཙམ་ཕྱིན་ནས། སླར་སྡེ་ཆ་ནས་སྒར་གཞི་ཐེག་སྟེ་མི་ཉག་བཞག་བྲ་ལྷ་རྩེར་མཁའ་འགྲོའི་ལུང་བསྟན་ལྟར་སླེབས། སྲིང་མོའི་གཙོར་གྱུར་སྒར་གཞི་ཀུན་གནས་མདུན་ནགས་ཁྲོད་དབེན་པ་ཞིག་ཏུ་བཞག་སྟེ༑ ང་རང་དང་ཉེ་གནས་འོད་གསལ་སྙིང་པོ་གཉིས་གངས་འདབས་སུ་སྒྲུབ་ཕུག་བཙལ་ཕྱིན་སོང༌། དེར་རི་རྐེད་ཙམ་དུ་བྲག་སྐྱིབས་ཞིག་འདུག་པར་ཞག་གཉིས་ཙམ་བསྡད་པའི་ནུབ་གཅིག་མི་རྒོད་ཞིག་བྱུང་སྟེ། ཕྱག་གསུམ་འཚམ་ཞིང་ང་རང་རྒྱབ་ཏུ་ཁུར་སྟེ་སོང་བར། གངས་ཁྲོད་བྲག་དཀར་རིན་ཆེན་སྤུངས་པ་ལྟ་བུའི་དབུས་ན་བྲག་ཕུག་བྱིན་ཆགས་པ་ཞིག་འདུག་པ་དེར་སླེབས། སྔོུད་གནས་སྐྱིད་ཅིང་མལ་ས་སོགས་རྩྭདང་ཤིང་བལ་ལས་བྱས་པས་བདེ་ཞིང་བྲག་ལྟེམ་ཞིག་ཏུ་རྩི་མར་ལྟ་བུའི་རིལ་བུ་ཤྭ་བའི་རིལ་མ་ཙམ། མདོག་དཀར་ལ་དྲི་ཞིམ་པ་ཟོས་ན་བཀྲེས་སྐོམ་སེལ་བ་ཞིག་འདུག་པས་དེར་བག་ཕེབས་བསྡད་ཅིང༌། མི་རྒོད་ནས་ལག་པའི་བརྡ་སྣ་ཚོགས་བསྟན་ཅིང་རང་གནས་སུ་སོང༌། དེས་ཞག་བདུན་ཙམ་ཏིང་ངེ་འཛིན་གྱི་ངང་དུ་འབྱམས་ཀླས། ནུབ་དེའི་ཐོ་རངས་ཙམ་ཌཱ་ཀི་མ་དཀར་མོ་དར་དཀར་ཀྱི་ན་བཟའ་ལྟབ་ལྷུབ་གསོལ་བ༑ རིན་པོ་ཆེའི་རྒྱན་ཆ་དུ་མས་སྤྲས་པ། ཕྱག་ན་བདུད་རྩིའི་བུམ་བ་ཐོགས་པ་ཞིག་བྱུང་བའི་ཞལ་ནས། རྔ་ཡབ་དཔལ་རི་སྤྲུལ་པའི་ཞིང་ཁམས་ནས། །བུ་མོ་ང་ནི་པད་མའི་པོ་ཉ་བ། །རྡོ་རྗེ་རྣལ་འབྱོར་སྐུ་སྤྲུལ་བདེ་ཆེན་དཀར། །རིག་འཛིན་སྐྱེས་བུ་ཁྱོད་ཀྱི་གྲོགས་སུ་འོང༌། །གནས་འདིར་ལོ་གཅིག་བཅུད་ལེན་ལ་བརྟེན་ཞིང༌། སྒྲོན་མ་བཞི་ཡི་ལམ་ལ་སྦྱངས་མཛད་ན། །ཟག་བཅས་ཕུང་པོ་འོད་སྐུར་དེངས་པར་ངེས། །འོན་ཀྱང་བླ་མའི་བཀའ་དང་མཁའ་འགྲོའི་ལུང༌། ཁྱད་གསོད་ཌཱ་ཀིའི་གསང་མཛོད་སྒོ་གདམས་ན། །ཁྱོད་ཀྱང་ནག་པོ་སྤྱོད་པ་ལྟར་འགྱུར་ཞིང༌། །གྲོགས་དང་སྐལ་ལྡན་གདུལ་བྱ་གཏན་ཆུད་ཟོས། །འདི་ནས་མི་ལོ་བཅུ་གསུམ་འདའ་བའི་འོག །དུས་ངན་ཤར་ཞིང་སེམས་ཅན་གདུལ་དཀའི་དུས། །དཀར་ཕྱོས་ཕམ་ཞིང་ནག་ཕྱོགས་འབྱུང་པོ་རྒྱལ། །ཨ་ཏིའི་བསྟན་པ་ནུབ་རིར་ཕྱོགས་གྱུར་ན། །སྨོན་ལམ་དམ་བཅའ་ཉམས་པར་གྱུར་ཏ་རེ། །དེ་བས་དེ་ནས་སྨིན་གྲོལ་སྒོ་འཕར་ཕྱེས། །གསོལ་འདེབས་སྐལ་ལྡན་ལས་ཅན་སྨིན་བར་མཛོད། གཟུགས་ཅན་བློ་སྣ་བྱ་སྒྲོ་རླུང་བསྐྱོད་ཅིང༌། །གཟུགས་མེད་ལས་སྐལ་ལྡན་པ་མང་དུ་གྲོལ། །ཌཱ་ཀིའི་བརྔའ་གྲོལ་ཆེན་མོའང་དུས་ལ་བབས། །རྒྱུད་སྡེའི་ལུང་བསྲང་མན་ངག་མངོན་ཕྱུགབར། །སྣ་ཚོགས་ཐབས་ཀྱིས་རྟེན་འབྲེལ་འགྲིགས་པ་དགོས། །དུས་ཀྱི་རྒྱལ་པོ་མེ་ཕོ་སྤྲེལ་འདི་ནས། །བསྡུ་བ་རྣམ་པ་བཞི་ཡི་དཔུང་གྲོགས་བཅས། །གང་ལ་གང་འདུལ་གཞན་དོན་སྒོ་འབྱེད་པའི། དུས་ལ་བབ་པོ་སྐྱེས་བུའི་ཐུགས་ལ་ཞོག །ཁོ་མོས་གྲོགས་ཀྱི་མཐུན་རྐྱེན་འབད་མེད་སྒྲུབ། །ཞེས་སོགས་གསུང་ཞིང༌། །བདུད་རྩི་ཐོད་པ་གང་སྦྱིན་པ་བཏུང་ཞིང་བླ་མ་པད་འབྱུང་དབྱེར་མེད་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པས་མཉམ་བཞག་ལས་སད་ཅིང༌། རྗེས་ཐོབ་སྔར་ཀྱི་བླ་མ་མཁའ་འགྲོའི་བཀའ་ལུང་ཀུན། ཡིད་ལ་ལྷང་ངེར་གསལ་ཞིང་དེ་དང་མི་འགལ་བའི་དམ་བཅའ་བཟུང༌། ཕྱི་ནང་ཉི་མ་འཆར་བ་དང་སྲིང་མོ་གཙོས་གྲྭ་འཁོར་ཁ་ཤས་ཀྱང༌། གཟུགས་མེད་རྒྱ་མིའི་རྫུར་ཞུགས་པ་གཅིག་གིས་སྣ་དྲངས་ཏེ། མ་ཀའི་བྲག་རྩ་དེར་སླེབས་འདུག །ང་རང་གི་དྲུང་དུ་འོང་རྒྱུ་ནི་གཟུགས་ཅན་གྱིས་བགྲོད་པའི་ལམ་མེད་ཕྱིར་རེ་བ་ཟད་པས་མར་འོང་དགོས་ཀྱི་གདུང་བའི་འོ་དོད་ལྷང་ལྷང་འབོད་ཀྱིན་བཞུགས་འདུག་པ་ང་རང་ཡང་རང་ནུས་ཀྱིས་བགྲོད་པ་དཀའ་ཕྱིར། ལྷ་དང་བླ་མར་འདུན་བ་རྩེ་གཅིག་ཏུ་གཏད་པས་ཉམས་འར་མ་འུར་མའི་ངང་དུ་ཁོ་རང་རྣམས་ཀྱི་རྩར་སླེབ་འདུག །དེར་འོད་གསལ་སྙིང་པོ་སྔར་གྱི་བྲག་སྐྱིབས་སུ། བཟའ་བཏུང་ཡང་མ་བྱས། གཞན་དུ་ཡང་འགྲོ་མ་ཕོད་པར་སྡུག་སྒུར་བྱས་པས་འཆི་ལ་ཁད་དུ་འདུག་པ་རིམ་བཞིན་ཐབས་མཁས་ཀྱི་ཟས་སྤྱོད་ཀྱིས་གསོས་ཤིང༌། སྟོན་འཁོར་ཀུན་སྔར་གྱི་རང་གནས་དབེན་པའི་ནགས་ཁྲོད་དུ་གནས་བྱས་ཤིང༌༑ ཞག་བདུན་ཕྲག་གི་བར་ཚོགས་ཀྱི་འཁོར་ལོ། ཕུང་པོའི་མཆོད་སྦྱིན། ཆོས་སྐྱོང་ལ་གཏོར་མ། སྡེ་བརྒྱད་ལ་བསང་བརྔན། གཞན་ཡང་རྟེན་འབྲེལ་གྱི་སྣ་ཁ་དུ་མས་དཔའ་བོ་ཌཱ་ཀིའི་དགྱེས་པ་བསྐང་བ་སོགས། ཉིན་མཚན་གཡེལ་བ་མེད་པར་འབད་སྐབས་དེར་འཛམ་བུ་གླིང་གི་ཟོ་དོར་རྡོ་རྗེའི་མིང་འཛིན་བཞི་འདུག་ནས་ཉམས་ཀྱི་སྣང་བར་གསོལ་བ་བཏབ་པ་དང༌། སྲིང་མོའི་དགོངས་བཞེད་གཉིས་ཕྱོགས་གཅིག་ཏུ་གྱུར་པའི་རྟེན་འབྲེལ་འགྲིགས་ནས། བི་མ་མི་ཏྲ་སླར་ཡང་མི་ཡི་རྫུར་ཞུགས་པའི། །རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་སྙིང་དབུས་མི་ཤིགས་ཀློང་དུ་འདྲེས་ཤིང་རྫོགས་ཆེན་མཁའ་འགྲོ་ཡང་ཏིག་ཆེན་མོའི་སྨིན་གྲོལ་གྱི་སྒོ་འཕར་ཕྱེས་ཏེ། སྐུལ་ལྡན་གྱི་གདུལ་བྱ་བདུན་དང༌༑ མི་མ་ཡིན་ཁྲི་ཕྲག་ཡང་དག་གི་ལམ་དུ་བཀོད། སྤྱི་ཁྱབ་ལ་ཀློང་ཆེན་སྙིང་ཐིག་གི་སྨིན་ཁྲིད་ཟབ་རྒྱས་སུ་བྱས། ཡང་ཏིག་ཆེན་མོའི་སྨིན་གྲོལ་གྱི་སྐབས་འདིར། རྡོ་རྗེ་རྣལ་འབྱོར་མ་དང༌། སྔུགས་ཀྱི་སྲུང་མ་ནས་དགོས་པའི་དུས་སུ། སྲིང་མོའི་ཆོས་ཉིད་རིག་པའི་རྩལ་སྣང་དུ་བརྫུས་ནས། དཀྱིལ་འཁོར་གྱི་བྱ་བ་ཁྲིད་གཞུང་དང་རྒྱབ་ཆོས་ཁྲིགས་སུ་སྡེབ་པའི་ཕྱག་ལེན་རྣམས་གསལ་བར་སྟོན་པ་དང༌། འཁོར་རྣམས་ཀྱི་ཐེ་ཚོམ་དང་རྟོག་ངན་བསལ་ཞིང༌། མོས་གུས་དང་དག་སྣང་བརྩོན་འགྲུས་ཀྱི་ལམ་དུ་འཛུད་པར་མཛད། ཉིན་གྱི་དུས་སུ་བྱ་རིགས་དང་སྲོག་ཆགས་མི་འདྲ་བས་གནས་ཁང་ལ་བསྐོར་བ་བྱེད་པ་དང༌། མཚན་གྱི་དུས་སུ་གཟུགས་མེད་པའི་སྐད་ཀྱི་གསོལ་འདེབས་དང༌། གླུ་གར་བྱེད་པ་སོགས་ཀུན་གྱིས་ཐོས་པར་བྱུང༌། གཞན་ཡང་བུམ་ཆུ་འཕེལ་བ་དང༌། བདུད་རྩི་ཁོལ་བ། དཀྱིལ་འཁོར་ལ་འཇའ་འོད་འཁྲིགས་པ། ཀིང་རུས་ཚོན་གང་བ་བཞིས་བསྐོར་བ་བྱེད་པ་སོགས་དམ་ལྡན་ལ་ལས་དངོས་སུ་མཐོང་བ་བྱུང༌། སྡེ་བརྒྱད་དང་མི་མ་ཡིན་རྣམས་ཀྱང་མི་ཁོག་ཏུ་བརྫུས་ནས། རང་རང་གི་སྐྱེ་བརྒྱུད་བཤད་པ་དང༌། སྔུར་བྱས་མི་དགེར་འགྱོད་སེམས། ཕྱིན་ཆད་མི་བགྱིད་པའི་སྡོ་མ་སེམས་ཀྱི་དམ་བཅའ། གནས་ཡུལ་དང་མཐོང་སྣང་མི་འདྲ་བ་བཤད་པ་དང༌། མ་གཟའ་གཉིས་དང་རེ་མ་ཏི་སྲོག་སྒྲུབ་མ་བཅས། སྲིང་མོའི་རིག་པའི་རྩལ་དུ་བརྫས་ཤིང་ཏི་གྲོ་དང་མཆིམས་ཕུ། ལྷོ་བྲག་བཅས་ལ་གུ་རུ་ཡབ་ཡུམ་གྱིས། མཁའ་འགྲོ་སྙིང་ཏིག་གི་དཀྱིལ་འཁོར་ཞལ་ཕྱེ་བའི་དུས་ཀྱི་རྣམ་ཐར་རྫས་དང་ཡོ་བྱད་ཀྱི་ཆེ་བརྗོད་རྫུ་འཕྲུལ་དཔག་ཏུ་མེད་པའི་ལོ་རྒྱུས་ཞིབ་རྒྱས་སུ་བཤད་ཅིང༌། ཡང་ཏིག་ཆེན་མོའི་བསྟན་པ་གཞིར་བཞེངས་སུ་སློང༌། བྱིན་འབེབས་ཆེན་མོའི་ཚེ། །འཁོར་རྣམས་ཀུན་གྱི་སཾ་སྐྲྀ་ཏ་དང༌། ཨོ་རྒྱན་ཡུལ་གྱི་སྐད་སྨྲ་བ་དང༌། ལུས་འཕར་ཞིང་སེམས་ཆོས་ཉིད་ཀྱི་ངང་དུ་ཉིན་ཞག་ཕྲུག་གཅིག་གནས་པ་བྱུང་ཞིང༌། གཞན་ཡང་ཕྱི་ནང་གསང་བའི་རྟགས་མཚན་ངོ་མཚར་བ་དཔག་མེད་བྱུང་བ་ནི། རྒྱལ་དབང་པད་མ་ཡབ་ཡུམ་གསུམ་དང༌། ཀུན་མཁྱེན་ཆོས་ཀྱི་རྒྱ་པོ་དྲི་མེད་འོད་ཟེར། ཡེ་ཤེས་མཁའ་འགྲོའི་བྱིན་རླབས་ཁོ་ན་ལས་བྱུང་བར་གདོན་མི་ཟ་ཞིང་བདག་འདྲ་སོ་སོའི་སྐྱེ་བོ་རྨོངས་པའི་གཞན་དབང་ཅན་ལ་གྲུབ་འབྲས་རྟགས་མཚན་བྱུང་བ་ལྟ་ཅི་སྨོས། འདི་ལྟའི་དཀྱིལ་འཁོར་གྱི་གྲལ་དུ་ཚུད་པ་ཙམ་ཡང་སྐལ་པ་བཟང་པོར་བལྟས། ཐོད་རྒལ་རིག་པའི་རྩལ་དབང་གི་དུས་སུ། མདུན་གྱི་ནམ་མཁར་བཞག་བྲ་ལྷ་རྩེའི་རིའི་རྩེར་སྤྲིན་དང་འཇའ་འོད་འཁྲིགས་པའི་ཀློང་དུ་སྟོན་པ་ཐུགས་རྗེའི་མངའ་བདག་འགྲན་གྱི་དོ་མེད་དེ་ཉིད། དྲང་སྲོང་དྲི་མ་མེད་པའི་སྐུའི་རྣམ་པར་བསྟན་ནས། བརྡ་ཆོས་དཔག་མེད་སྟོན་ཞིང་འཁོར་དུ་དྲང་སྲོང་གི་རིག་འཛིན་དང་མཁའ་འགྲོ་མ་དམེག་ཏུ་མད་པས་བསྐོར་བ་རྣམས་ཀྱི་སྟོན་པ་ལ་ཕྱག་འཚལ་ཞིང་ཐུགས་ཡིད་བསྲེས། སྟོན་པའི་ཐུགས་ཀ་དང་མཛོད་སྤུ་ནས་འོད་ཟེར་འཕྲོས་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེ་ཁམས་ཐམས་ཅད་ཡོངས་སུ་ཁྱབ། ཡང་དྲང་སྲོང་རིག་འཛིན་དང་མཁའ་འགྲོ་མ་རྣམས་ཀྱི་སྐུ་ཡིས་གར་སྟབས། གསུང་གིས་བརྡ་གླུ་བསྒྲུར་ཞིང་བྱིན་དབབ༑ མི་མ་ཡིན་ས་ལ་གནས་པ་རྣམས་ཀྱིས་མཐོང་ཞིང་མོས་གུས་ཀྱི་ཕྱག་དགུ་ཕྲུགས་སུ་འཚལ་ཞིང་བྱིན་རླབས་ཞུ་བ་ལས། ཐུགས་ཀ་ནས་འོད་ཟེར་རེ་རེ་ཁོ་རང་རྣམས་ཀྱི་སྙིང་གར་འཕོས་པ་སོགས་ངེད་ཅག་མིང་སྲིང་གཉིས་ཀྱིས་མཐོང་ཞིང༌། དེའི་དུས་སུ་སྟོན་པ་ཆོས་ཀྱི་རྒྱལ་པོའི་ཞལ་ནས། ཨེ་མ་ཧོ། ཆོས་དབྱིངས་ཐིམ་ལ་མ་རྨུགས་བུམ་པའི་སྐུཿ ཀུན་བཟང་ཡབ་ཡུམ་ཐུགས་ཀྱི་མཁའ་ཀློང་ནསཿ ལོངས་སྤྱོད་རྫོགས་ཤིང་སྤྲུལ་པའི་སྐུ་ཤར་བཿ ཐུགས་ཀྱི་སྟོན་པ་དྲི་མ་མེད་པའི་དཔལཿ ཧེ་རུ་ཀ་དཔལ་ཨ་ཙར་དམར་པོ་ཡིས༑ གསོལ་བཏབ་སྨོན་ལམ་འབྲས་བུ་དུས་སྨིན་ཕྱིརཿ རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རིའི་རྩེརཿ རིག་འཛིན་རིག་པའི་འཁོར་ལ་བརྡ་ཆོས་བསྟནཿ ད་ནི་མ་དག་སྒྱུ་མའི་གྲོང་ཁྱེར་དུཿ ཤ་ཁྲག་སྒྱུ་མའི་ལུས་སུ་མི་བརྫུ་ཡངཿ སྨོན་ལམ་འབྲེལ་བའི་སྐྱེ་བུ་ཕོ་མོ་ཡིཿ རང་བྱུང་རིག་པ་མི་ཤིགས་ཐིག་ལེའི་དབུསཿ འཕོ་མེད་ངང་ལས་འགགས་མེད་རྩལ་འཕྲོ་ཞིངཿ མགྲིན་པ་ལོངས་སྤྱོད་འཁོར་ལོའི་གསང་མཛོད་ལསཿ ཡང་གསང་ཐུགས་ཐིག་ཕྱི་ནང་གསང་བའི་སྐོརཿ ལུས་མེད་མཁའ་འགྲོའི་ཆོས་སྐོར་སྙིང་གི་བཅུདཿ མཁའ་འགྲོའི་གསང་མཛོད་འབྱེད་པའི་དུས་བབས་ནཿ ལུས་ཀྱི་འཁྲུལ་འཁོར་ཅི་དགར་རུ་ཤན་ཕྱེསཿ ངག་ནི་ཐོལ་བྱུང་ཕུ་ཆུ་འབྲུབ་བཞིན་ཐོངསཿ སེམས་ནི་རྟོག་འཁྲུལ་རང་ཞིག་པར་དུ་སྤེལཿ རུ་ཤན་གསུམ་གྱི་རྫུན་ཕུག་རྡིབ་གྱུར་ཚེཿ རྡོ་རྗེ་གསུམ་གྱི་ས་བོན་ཐེབས་འགྱུར་ཞིངཿ སྐུ་གསུམ་མངོན་གྱུར་ཌཱ་ཀིའི་གསང་མཛོད་དབངཿ འདས་པའི་རྟོག་པ་བྱ་ལམ་རྗེས་མེད་ཐོངཿ ད་ལྟའི་རྟོག་པ་ཆུ་ལ་རི་མོ་བཞིནཿ མ་འོངས་རྟོག་པ་ལུང་སྟོང་རྐུན་བུ་ལྟརཿ བདག་མེད་རིག་པའི་རྒྱལ་པོའི་བཙན་ས་ཟུངསཿ ལྕགས་ཀྱིས་ལྕགས་གཅོད་ཆུ་ཡིས་ཆུ་འབྱིན་བཞིནཿ འཁྲུལ་པས་འཁྲུལ་པ་དབྱིངས་སུ་བཅད་གྱུར་ནཿ གཞི་མེད་རྩ་བྲལ་འཁྲུལ་པ་སླར་མི་ལྡོགཿ སྤྲུལ་གཞི་ང་དང་དགོངས་པ་མཉམ་མོད་ཀྱངཿ སྤྲུལ་པ་ཁྱོད་ཟུངས་ཤ་ཁྲག་ལུས་རྒྱའི་སྤུབསཿ མཐུམས་པས་ཉོན་ཤེས་གཟུང་འཛིན་ཞགས་པས་བཅིངཿ གྲོལ་བའི་ཐབས་སུ་ང་ཡི་གདམས་པར་བརྩོནཿ གྲོང་དང་གྲོང་ཁྱེར་གྲོང་བརྡལ་ལ་སོགས་པརཿ སྣང་སེམས་ཞིག་པའི་ཐབས་ལ་འབད་གྱུར་ནཿ ཨ་ཏིའི་རྣལ་འབྱོར་གུ་ཡང་བློ་བདེ་ཡིསཿ གཅིག་པུར་དབེན་པ་བརྟེན་པའི་དགོས་པ་ཆུངཿ མི་གནས་གསུམ་པོ་ང་ཡི་ཁྱད་ཆོས་སོཿ ལམ་ཁྱེར་བདུན་གྱི་གནད་ཐེབས་རྫོགས་སངས་རྒྱསཿ དབང་འབྲིང་ཐ་མ་བྱིས་པའི་བློ་ཅན་གྱིསཿ ང་ཡི་གདམས་པ་མི་རྟོགས་མགོ་མ་སྨྲཿ ད་ནི་ཐེ་ཚོམ་མ་བྱེད་ང་རྗེས་ཞུགསཿ ཞེས་གསུང་ཞིང་འོད་ཕུང་དུ་ཡལ། རྗེ་བཙུན་བཀའ་དྲིན་འཁོར་ཐབས་བྲལ་བ་དྲང་སྲོང་ཆོས་ཀྱི་རྒྱལ་པོའི་ཞལ་དང་པོ་མཇལ་ཞིང་གསུང་གི་བདུད་རྩིའི་རོ་ལ་མྱོང་ནས། ངེད་ཅག་མིང་སྲིང་ཡང་མི་ལུས་དོན་དང་ལྡན་པའི་སྐལ་བ་བཟང་པོར་གྱུར་པའི་སྐབས་སོ། །སྨོན་ལམ་གཏད་རྒྱའི་སྐབས་སུ་གུ་རུ་ཉིད་དང་ལྷ་ལྕམ་ཟུང་གི་བྱིན་རླབས་ཞུགས་ཤིང༌། རང་གི་རྒྱུད་ཀྱི་ཤེས་སྒྲིབ་རགས་པ་བཅོམ་ཞིང༌། འཁོར་རྣམས་ཀྱང་སྐལ་ངན་ལ་ལ་ཙམ་ལས་དངོས་གྲུབ་སྣ་རེ་ཐོབ་པར་གྱུར། བཀའ་སྲུང་རྣམས་ཀྱི་སྲོག་གཏད་ནི་སྲོག་སྒྲུབ་ནག་མོ་གདུག་རྩུབ་ཆེ་བས། སྲིང་མོ་རང་ལ་གཅིག་བརྒྱུད་དུ་བྱས། དགའ་སྟོན་ལ་བབས་སྐབས། ལྕགས་ལ་དང་ཡུ་ཐང་རྣམས་ནས་མཐུན་རྐྱེན་དང་ཡོ་བྱད་ཀྱི་སྐྱེས་དང་བཅས། རྒྱལ་རོང་སྲས་དང་ཡུ་ཐང་ལྷ་སྲས་ཆེ་བ་བཅས་བྱུང་བར། ཁོ་རང་གཉིས་པོ་ཚེ་བསྲིང་བར་བྱས་ཤིང་རང་གནས་སུ་ལོག །རང་རེ་ནས་ཀྱང་དཔའ་བོའི་དྲིན་གྱི་ཅི་འབྱོར་པའི་ཚོགས་རྫས་འདུ་བྱས་ཏེ་ཞག་བདུན་གྱི་བར་དུ་ཚོགས་ཀྱི་འཁོར་ལོ་ཚིམ་བ་དྲུག་ལྡན་ཏུ་བསྐོར། དེ་ནས་མི་མ་ཡིན་གྱི་སྡེ་ཚོགས་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ནས་རང་རང་གི་གནས་སུ་གཤེགས། དཔའ་བོ་མཁའ་འགྲོ་རྣམས་ཀྱང་བརྟན་བཞུགས་གཤེགས་གསོལ་སྐབས་དང་སྦྱར་ཏེ་དཀྱིལ་འཁོར་གྱི་མཐའ་བསྡུས། ཕྱིའི་ཐུན་མོང་པའི་འཁོར་ཡང་ཆོས་ཐུན་རྫོགས་ནས་བཀྲ་ཤིས་སྨོན་ལམ་གྱིས་མཐའ་བརྒྱན་བར་བྱས་ཤིང༌། སྐུབས་དེར་པ་ཝཾ་རྒྱལ་པོ་བདག་ཡུམ་བཞག་བྲའི་སྨན་ཆུར་བྱོན་པ་དང་སྟབས་ཅིག་མཇལ་དུ་བྱུང་བར། ཁོང་གིས་མཐུན་རྐྱེན་བསྒྲུབས་ནས་རྒྱལ་མོ་དམུ་རྡོར་ངེད་ཅག་མིང་སྲིང་དུས་བབ་ལྟར་ཆས། རྒྱལ་སར་ཞག་གསུམ་ཙམ་བསྔད་ནས། མདུན་ངོས་སྨན་པ་རི་ཁྲོད་དུ་སྡོད་གནས་ལྟ་བུ་བྱས་ཤིང༌། ངེད་ཅག་མིང་སྲིང་གཙོས་དཔོན་གཡོག་ལྔ་ཙམ་རྩེ་ཡི་དྲང་སྲོང་ཕུག་པར་བདུན་གསུམ་ཙམ་བསྡད། དེ་སྐབས་སུ་བདུད་རྩི་ཆང་ལ་ལོངས་སུ་སྤྱོད་ཅིང༌། ཞག་བདུན་ཙམ་ཉིན་མཚན་ཀུན་གཉིད་འོད་གསལ་གྱི་ངང་དུ་འབྱམས་ཀླས་པའི་སྣང་བར་དམུ་རྡོ་དེ་ཉིད་ཀྱང༌། སྔུར་དམུ་བདུད་བཤོས་པའི་སྲས་མིང་སྲིང་གསུམ་ཡོད་འདུག་པ། དྲག་གཏུམ་རྔམ་ཞིང་མཐུ་སྟོབས་ཐོགས་པ་མེད་པ། འཁོར་ཡང་བདུད་བཙན་ཀླུའི་རིགས་སུ་གཏོགས་པ་དཔག་ཏུ་མེད་པས་བསྐོར་ཞིང༌། ཤར་ཕྱོགས་རྒྱལ་མོ་རོང་གི་ཟོ་དོར་ཀུན་གྱི་བླ་ན་འཕགས་ཤིང༌། ཤ་ལ་དགའ་བ། ཁྲག་ལ་རྔམས་པ། ལོ་རེ་བཞིན་མི་རྟ་བ་གླང་གི་དམར་མཆོད་བྱེད་དགོས་པ༑ ལས་སུ་ཤ་ཁྲག་མཆོད་ན་ལས་ཀུན་ཐོགས་པ་མེད་པར་སྒྲུབ་པ་ཡིན་པར་གདའ་སྟེ། ལོ་ཆེན་བཻ་རོ་ཙ་ན་ཡུལ་དེར་བྱོན་དུས། དང་པོ་ཆོ་འཕྲུལ་སྣ་ཚོགས་ཀྱིས་ཐོ་འཚམས་ཡང༌༑ བཻ་རོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་གླགས་མ་རྙེད་ཅིང་གྲོགས་བགྱིད་པའི་དམ་བཅས། བར་དུ་གའུ་བྲག་རྡོ་རྗེའི་རྫོང་ཆེན་དུ་སྒྲུབ་པ་མཛད་པའི་དུས་སུ༑ གུ་རུ་ཡབ་ཡུམ་རྫུ་འཕྲུལ་གྱིས་གནས་དེར་བྱོན་ནས། རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས་ཤིང་དམུ་རྡོ་མིང་སྲིང་གསུམ་དང་འཁོར་སྤྲུལ་པ་ཡང་སྤྲུལ་དང་བཅས། གཞན་ཡང་རྒྱལ་མོ་རོང་གི་ཟོ་དོར་དྲེགས་པ་སྡེ་བརྒྱད་ཀྱི་ཚོགས་དང་བཅས་པ་བཀའ་རྟགས་ཀྱི་ཕྱག་རྒྱ་གཉན་པོའི་ཟིལ་འོག་ཏུ་བཅུག་ཅིང༌། སྲོག་གི་སྙིང་པོ་ཕུལ་ཞིང་ཁས་བླང་དམ་བཅས་དཀར་ཕྱོགས་ཀྱི་གྲལ་དུ་བཞག །དམུ་རྡོ་ལ་བཞག་བྲ་ཀླུ་སྨན་དུང་མདོག་འབར་བ་གྲོགས་སུ་བཀུག་ནས། གཏེར་གྱི་སྲུང་མར་བསྐོས། སྲིང་མོ་ཁམས་གསུམ་ཟ་བྱེད་མ། རྡོ་རྗེ་ཕུར་བའི་སྲུང་མའི་གྲལ་དུུ་བཞག །གདམས་པ་རྫས་གཏེར་བཅས་བྲག་རི་མཁའ་འགྲོའི་གར་བྱེད་པ་འདྲ་བའི་ལྟེ་བར་སྦས། དེ་ནས་བཟུང་བཻ་རོས་ཡུལ་ཁམས་ཆོས་ལ་འཛུད་ཅིང༌། འགྲོ་དོན་ཕྲིན་ལས་སྤེལ་བའི་གྲོགས་ལྡན་བྱས། ཤར་ཕྱོགས་རྒྱལ་མོ་རོང་མུན་པའི་གླིང་དུ་སྒྲོན་མེ་སྦར་ཞིང༌། ཆོས་ཀྱི་བསྟན་པ་དར་བའི་མཐུན་རྐྱེན་བསྒྲུབས། མི་རབས་རིམ་ཅན་སོང་བའི་འོག་ཏུ། སྔོུན་ཚེ་དཔལ་གྱི་བསམ་ཡས་སུ་གུ་རུའི་དྲུང་དུ་བཻ་རོ་ལ་ལོག་པར་བལྟས་ཤིང་སྨོན་ལམ་ལོག་པའི་བདུད་བློན་དམ་སྲི་ཙི་ནའི་ཡུལ་དུ་སྐྱེ་བ་བླང་བ་དང༌། བདུད་སྤྲུལ་རོང་ཡུལ་བློན་གསར་གཉིས་ཀྱིས་རྐྱེན་བྱས་ཏེ། དུས་ཀྱི་གཡོ་འཁྲུགས་བསླང་པས་བླ་མཚོར་མནོལ་ཕབ། བླ་རྡོ་བསྲེགས། བླ་ཤིང་བཅད། བླ་རིར་རྫས་ངན་སྤས་པ་སོགས་ཀྱི་རྐྱེན་ལས། ཟོ་དོར་གནས་འཕོས། གནས་ཀྱི་བྱིན་རླབས་ཅུང་ཟད་ཉམས་པར་གདའ། །འོན་ཀྱང་རིགས་ལས་སྐྱེས་པའི་བུ་ཆུང་བཞག་བྲར་གནས་ཤིང་བློན་པོ་དང༌། སྲོག་བདག་གིས་རེ་ཞིག་གནས་སྲུང་བར་གདའ། སྲིང་མོ་ནི་གུ་རུའི་བྱིན་རླབས་ཀྱིས་ཉམས་ཉེས་མ་བྱུང་བས། གཏེར་དང་ནང་གི་གནས་རྣམས་མ་ཉམས་པར་གདའ་འོ། །ད་དུང་མ་འོངས་ལེགས་པའི་རྟེན་འབྲེལ་འགྲིགས་ན་སླར་ཡང་དབུས་ཀྱི་གནས་ཆེན་བདུན་གྱི་བྱིན་རླབས་འདུས་ཤིང་གཞི་བདག་རང་མལ་གནས་ཤིང་ཉམས་པ་སོས་བར་གྱུར་ན། མི་རབས་བདུན་དུ་ཆོས་ལ་སྦྱོད་པར་སྲིད་ཀྱང༌། རྟེན་འབྲེལ་དང་བསོད་ནམས་ལ་རག་ལས་སོ། །ཞེས་སོགས་མཐོང་ཐོས་སུ་གྱུར་ཅིང༌། གཞན་ཡང་ཉམས་སྣང་དང་མ་འོངས་ལུང་བསྟན་ཁ་ནས་བྱུང་བ་རྣམས་ཡི་གེར་བཀོད་ཟིན་པས་ད་ལྟ་བྲི་བར་མི་ནུས་སོ། །དེར་སྲིང་མོ་ལ་ཡང་བླ་མའི་ཞལ་གཟིགས་ཀྱིས་གཞན་དོན་བྱེད་པའི་དུས་ལ་བབ་པའི་ལུང་བསྟན། ངེད་ཅག་རྣམས་སྨན་པ་རི་ཁྲོད་དུ་མར་འོང་ནས་རང་དོན་དུ་ཕུར་སྒྲུབ་ཞིག་དང༌། པ་ཝཾ་རྒྱལ་པོ་བདག་ཡུམ་ཀྱང་དེར་བྱོན་བྱུང་བར་སྐུ་རིམ་ཕྲན་བུ་དང་ཚེ་དབང་སོགས་ཕུལ་ཞིང༌། ལམ་དུ་ཆས་ཏེ་བཞག་བྲ་རང་གནས་སུ་སླེབས་ཤིང༌། སྲིང་མོ་དཔོན་གཡོག་གསུམ་བཞི་ཙམ་བཞག་བྲ་གཡུ་མཚོའི་ཁར་རི་ཁྲོད་དུ་རེ་ཞིག་སྐུ་མཚམས་ལ་བཞུགས། །ལྕགས་ལ་མཁན་རིན་པོ་ཆེ། །ས་དབང་ཡུམ་སྲས་བཅས་ནས་ཁོང་གི་ས་ཐོག་དགོན་པ་གར་བདེ་ཞིག་ལ། རེ་ཞིག་མ་བསྡད་ཐབས་མེད་གསུང་ནན་མ་ལྡོག་པར། གཏེར་སྟོན་ཉི་ཟླ་སྙིང་པོའི་གདན་ས་དཔལ་རི་དགོན་ཞེས་པར། ངེད་ཅག་སྒར་གཞི་བཅས་སོང་ནས་རེ་ཞིག་བསྡད། དེར་ལའུ་ཐང་ནས་ཀྱང་གྲྭ་ཚང་རྣམས་ཀྱིས་ནན་ཏན་གྱིས་འབོད་པ་བྱུང་ལྟར་ཕྱིན་ཞིང༌། གྲྭ་ཚང་ཡོན་བདག་ཀུན་གྱིས་ནན་ཏན་ཆེན་པོས་དེ་གར་སྡོད་དགོས་ཟེར་བ་དང༌། མི་མ་ཡིན་རྣམས་ནས་ཀྱང་ལོ་ཤས་ཙམ་སྡོད་རྒྱུའི་རྟེན་འབྲེལ་ཡོད་ཟེར་ལྟར། སླར་སྒར་གཞི་དེ་གར་འོང་རྒྱུ་བྱས་ཤིང༌། སྲིང་མོའི་སྐུ་མཚམས་རྫོགས་ནས་དེ་གར་ཕེབས་པ་གདོང་འཛོམས། དེ་ནས་ལན་གཅིག་དཔལ་རི་དགོན་དུ་ཕྱིན་ནས་པདྨ་རྒྱལ་པོའི་སྒྲུབ་མཆོད་གནད་སྨིན་བྱས། འདི་ནས་བཟུང་ལྷག་བསམ་རྣམ་དག་གི་གཞན་ཕན་གྱི་མགོ་ཚུགས། ལྕགས་ལའི་བསུ་བ་བྱུང་ལྟར་ང་རང་མིང་སྲིང་དར་མདོར་ཕྱིན་ཏེ་སྐུ་ངོ་ལྷན་རྒྱས་དང་མཇལ་འཕྲད་དགའ་སྟོན་རྫོགས་ནས། ཡུ་ཐང་རྒྱ་པོའི་འདོད་པ་རྫོགས་ཕྱིར་སྐོར་ཙམ་ཕྱིན། དེ་ནས་ཡུལ་དུས་ཀྱི་འཁྲུགས་སློང་བཅོས་ཕྱིར་རྒྱ་མིའི་འདོད་པ་ལྟར་ང་རང་ཧོར་བྲག་མགོར་ཕྱིན་པས། སྲུང་མའི་འཁྲེན་རྡུར་གྱིས་ན་ཟུག་ཤིན་ཏུ་ཆེ་བར་བྱུང་ཀྱང༌། སྔུགས་ཀྱི་སྲུང་མའི་ཕྲིན་ལས་ཀྱིས་བར་ཆད་ལས་གྲོལ། །སྲིང་མོ་ཡང་ཡུ་ཐང་ནས་ཅུང་ཟད་བསྙུན་པ་ཡར་ཐེག་ནས་དཔལ་རིའི་དགོན་དུ་སླེབས་ཕྲལ་མི་མ་ཡིན་གྱིས་ཐུགས་བརྒྱུད་བསྐུལ་བ་ལྟར། སྒར་གཞི་བཅས་ལའུ་ཐང་དུ་གཞི་འཇགས། ང་རང་ཡང་དེ་གར་སླེབ་ཅིང༌། དགུན་དེར་དགོན་དེའི་གྲ་བ་ཚང་མ་ལ་སྔོན་འགྲོ་ཟླ་ཁྲིད་ཙམ་བྱས་ཤིང༌། བྱ་ལོ་གསར་ཚེས་ལ་མགོ་ལོག་ཏུ་འབོད་པ་བྱུང་ལྟར་ང་རང་མིང་སྲིང་སྐོར་ཙམ་ཕྱིན། སྲིང་མོ་ལྕགས་ལ་དགེ་བཤེས་བཅས་ནས་འབོད་པ་བྱུང་ལྟར་མར་སྔོན་དུ་ཐེག་ཅིང༌། ང་རང་རྨ་སྟོད་རྩེ་བ་ཞེས་པ་སྡིག་པའི་འཐོར་རླུང་འཁྲུགས་པའི་ཡུལ་སྡེ་ཞིག་ཡོད་པར་དད་ལྡན་འགས་ནན་ཏན་འབོད་པ་བྱུང་ལྟར་ཕྱིན། ཆོས་ཀྱིས་འབྲེལ་བ་ཐོགས་ཙམ་བྱས་ཤིང༌། མཐོང་ཐོས་དྲན་རེག་མ་འོངས་ཨོ་རྒྱན་ཆེན་པོའི་གདུལ་བྱར་འགྱུར་བར་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ཏེ་མར་འཁོར། སྲིང་མོ་ཆེན་མོ་ཡང་སྒར་ཐོག་ཏུ་དམ་ཉམས་རེ་ཟུངསླེབས་པའི་རྐྱེན་གྱིས་བསྙུན་གཞི་ཕོག་ཚུལ་གྱི་འབོད་པ་བྱུང་ལྟར། མྱུར་མགྱོགས་ཀྱིས་མར་སླེབས་མ་ཐག །རྟེན་འབྲེལ་ཐབས་ལ་མཁས་པར་བྱས་པས་དཔའ་བོ་མཁའ་འགྲོའི་འཁྲུགས་པ་ཞི་ནས་བསྙུན་གཞི་ཡར་དངས་སུ་གྱུར་པ་རྟེན་འབྲེལ་གྱིས་བསྐུལ་མ་ཡང་ཡིན་འདུག་བ་ལྟར། བཞག་བྲའི་དབེན་གནས་སྔར་གྱི་རི་ཁྲོད་རྙིང་པར་ཕྱིན། པདྨ་མཁའ་འགྲོའི་ཐུགས་ཐིག་སྐོར་རྣམས་བསྒྱུར་ཞིང་ཆ་ལག་སྐོར་ཀྱང་འཐོར་བུ་ཕབ། སློབ་བུ་བདུན་ཙམ་ལ་རང་སྐལ་དང་འཚམས་པའི་ཆོས་འབྲེལ་རེ་ཡང་བྱས། འོན་ཀྱང་དམ་ཉམས་རེ་ཟུང་གི་རྐྱེན་གྱིས་རྟེན་འབྲེལ་འབྲིང་ཙམ་གྱུར། དེ་ནས་ཡང་ལའུ་ཐང་དུ་སླེབས། ཁྱི་ལོ་གསར་ཚེས་ལ་དགེ་བཤེས་རྒྱལ་པོའི་དགོངས་བཞེས་ལྟར་སྐྱིད་ལུང་དགོན་དུ་སླེབས། སྲིང་མོ་རི་ཁྲོད་དུ་མཚམས་སྒྲུབ་ལ་བཞུགས་ཤིང༌། ང་རང་ཁྲོ་སྐྱབས་སུ་ས་དབང་ཆོས་ཀྱི་རྒྱལ་པོའི་དགོངས་བཞེས་ལྟར་དམུ་ཁྲིའི་རྒྱལ་སར་སླེབས། སྔུར་བཞག་བྲར་མཁའ་འགྲོ་འདུ་བའི་དུས་སུ། །མེ་ཏོག་འདབས་མཛེས་ཁྲོད་ཉིད་ནས། སྨོན་ལམ་གཅིག་ཏུ་འབྲེལ་བ་ཡི། །རཱ་ཛ་ནམ་མཁའི་མིང་མཐའ་བརྒྱན། །ཁྲོ་གཏུམ་གདུག་པ་སྟག་གི་ལོ། །ཐུགས་ཐིག་ཆོས་ཀྱི་བདག་པོ་བྱེད། །མཐར་ཐུག་རིག་འཛིན་གྲལ་དུ་འཁོར། །ཅེས་གསུངས་པ་དེ་ཡིན་པར་སྣང་ཞིང༌། མ་འདྲེས་པའི་མཛའ་བཤེས་ཀྱི་ཐུགས་ཡིད་གཅིག་འདྲེས་སུ་གྱུར། ཞབས་བརྟན་ཡང་ཕྲན་བུ་བསྒྲུབས་བས་ལེགས་པའི་དགེ་མཚན་ཤར། འོན་ཀྱང་མི་ཆེན་ལ་ངོ་བསྲུང་གིས་སྐྱེ་བ་ངོས་འཛིན་སོགས་བྱེད་པ་རང་ཉིད་ཟོལ་ཟོག་ཏུ་འགྲོ་བ་དང༌། མཁའ་འགྲོའི་གསང་ལུང་ལ་བཀའ་རྒྱ་ཡོད་པས་རླུང་ཕྱོགས་ཙམ་ཡང་མ་ཞུས། སླར་ཡང་ཇི་སྲིད་བར་ཡོན་མཆོད་རྒྱུན་རིང་འོང་བའི་གསུང་འཕྲོས་སོགས་ཤིན་ཏུ་སྨིན་པར་གནང་ཞིང༌། ང་རང་ཡར་རང་གནས་སྐྱིད་ལུང་རི་ཁྲོད་དུ་ལོག་ནས། དགུན་དེར་དོན་གཉེར་བརྒྱ་ལྷག་ཙམ་ལ་ཀློང་སྙིང་གི་དབང་ལུང་ཁྲིད་སོགས་བྱས། ཕག་ལོར་ལའུ་ཐང་ནས་བཟུང༌། དར་མདོ་དང་ཡུ་ཐང་སོགས་ལ་སྐོར་ཙམ་རེ་ཕྱིན་ཞིང༌། སླར་རང་གནས་སུ་ལྡོག་ཚེ་བཞག་བྲའི་གནས་འདབས་སུ་ཞག་གཅིག་བསྡད་པའི་རྨི་ལམ་ན། །མཁའ་འགྲོ་མ་ཁྲོ་མོའི་ཆས་ཅན་ཞིག་གིས། །ད་དུང་རིག་པ་ཚད་ལ་མ་ཕེབས་པས། །ཡུལ་གྱི་སྤྲོས་པའང་མེད་པ་མ་ཡིན་ཏེ། །ཁྱོད་ཅག་སྡོད་པའི་གནས་དེ་འཕྱང་མོ་ཉུག །ལན་ཅིག་གནས་འདིར་རྟེན་འབྲེལ་མཐའ་རྫོགས་དགོས། །ཞེས་གསུང་ཞིང་མི་སྣང་བར་གྱུར། དེ་ནས་རང་གནས་སུ་སླེབ་འཕྲལ་དགུན་དེར་ཐུགས་སྒྲུབ་ཡང་སྙིང་འདུས་པའི་སྒྲུབ་མཆོད་གནད་སྨིན་བྱས། བྱི་བའི་ལོ་ཁྲོ་སྐྱབས་ནས་བརྒྱུད། དམ་པ་རྒྱལ་ནག་གི་སར་རྐྱེན་སེལ་དུ་འོང་བ། ཚ་ཀོ་སོ་མང་རྒྱལ་ཁབ་ནས་ལན་གཅིག་འོང་དགོས་བཀའ་ནན་བྱུང་ལྟར་ཕྱིན། ཆོས་རྒྱལ་ཡབ་ཡུམ་ཀྱང་རིགས་ལྡན་བྱང་ཆུབ་སེམས་དཔའ་ཐར་པའི་ལམ་མཆོག་ཁོ་ནར་དགྱེས་ཤིང༌། ཐུགས་དམ་ཉམས་བཞེས་ལ་ཤིན་ཏུ་དགྱེས་པར་འདུག་པས། དྲག་པོ་དཔལ་ཆེན་འདུས་པའི་སྒྲུབ་པས་སྣ་སེལ་བཅས་བཀའ་བརྒྱད་བདེར་གཤེགས་འདུས་ཆེན་གྱི་དབང་ཆེན་ཕུལ་ཞིང༌། དགོན་དུ་སླེབས་ནས་བདེར་འདུས་པོད་དགུའི་ལུང་དང༌། ཀློང་ཆེན་སྙིང་ཐིག་གི་དབང་ལུང་ཚང་མ། གཞན་ཡང་ཆོས་ཚན་འཐོར་བུ་མང་རབ། ཁྲིད་བསྡུས་བཅས་ཕུལ། ཞབས་བརྟན་ཡང་ཁ་ཤས་བསྒྲུབ་ཅིང༌། རྟེན་གསུམ་རྣམས་ལ་རབ་ཏུ་གནས་པའི་ཆོ་གས་བྱིན་འཇུག་པར་བྱས་ཤིང༌། ཡོན་མཆོད་ལས་བླ་སློབ་ལྟར་དད་འདུན་ཐུགས་ཡིད་གཅིག་འདྲེས་སུ་གྱུར། དེ་ནས་ཕུན་ཚོགས་རྫོང་དུ་སྔར་ནས་ཡོན་མཆོད་རྙིང་པར་གྱུར་གཤིས། སླར་སྲས་བདག་ཡུམ་གྱིས་འཕྲོ་མཐུད་མཛད་བཟང་དང༌། ཞབས་བརྟན་ཁ་ཤས་་སོགས་སྒྲུབ་ནས་ཁྲོ་སྐྱབས་སུ་སླེབས་ཚེ། ས་དབང་རིན་པོ་ཆེའི་ཐུགས་བབ་རྒྱལ་ས་གསར་བཞེངས་དགོས་པ། ས་མིག་བལྟ་བ་དང༌། སྣ་སེལ་ས་འདུལ་བྱེད་དགོས་ཀྱི་བཀའ་ཕེབ་ལྟར། ཁྲོ་ཆེན་སའི་ཐིག་ལེ་དཔལ་ལེགས་ཞེས་པ་གླང་ཆེན་མ་བུ་འཕྲད་པའི་ས་དམིགས་དེར༑ ཞག་གཅིག་ཉལ་པའི་རྨི་ལམ་ན། །མི་དམར་ཁྲག་གི་མདོག་ཅན་རལ་པ་བསྙིལ་ཞིང་བེར་ནག་དང་གོ་མཚོན་གསོལ་བ། སྟག་ལ་ཞོན་པ་ཞིག་བྱུང་སྟེ། པད་མ་འབྱུང་གནས་རྒྱལ་བའི་སྲས་པོ་ལགས། ཁྱོད་དང་བཻ་རོ་གཉིས་ཀྱིས་དམ་ལ་བཏགས་པའི་རྔམས་ཆེན་འབར་བ་ང༌། ཡུལ་འདིའི་ས་བདག་སྡེ་བརྒྱད་དྲེགས་པ་ཀུན་གྱི་གཙོ་པོ་སྟེ། བཀའ་བཞིན་ད་དུང་མི་ལོ་བརྒྱ་ཕྲག་གཉིས་དང་སུམ་ཅུ་གནས་པ་ལ། དམ་ཚིག་མ་ཉམས་བསྲུང་ཕྱིར་ང་ཡི་མཐུ་སྟོབས་ནུས་པ་རྩལ་དང་རྫུ་འཕྲུལ་ཉམས་པ་མེད། འོན་ཀྱང་ཨ་ཙ་རའི་ངན་སྔགས་སྟོབས་ལས་འཁོར་དང་གནས་ལ་ཆགས་འཇིགས་ཅུང་ཟད་འབྱུང་ནའང༌། ས་ཡི་གནད་ལ་ཐབས་དང་རྟེན་འབྲེལ་བཅུད་ཀྱིས་ལེགས་པར་གསོས་བྱས་ཚེ། ད་དུང་ཟླ་བ་ཡར་འཕེལ་བཞིན་དུ་འོང་བའི་ཐབས་ནི་མེད་པ་མ་ཡིན་ནོ། །བཞེད་དོན་བསྐང་ན་ཡུན་དུ་བརྟན་པའི་གནས་ཁང་གང་བ་ན་ཡུལ་འདིར་ས་མིག་འདི་ལས་ལྷག་པ་མེད། འོན་ཏེ་གཟུགས་ཅན་མི་ཡི་སྣང་བ་བསྒྱུར་དང་རླུང་རྟ་ཚེ་བསོད་སྙན་གྲགས་སྤེལ་བར་བྱེད་པ་ལ། ངེད་ཅག་གཟུགས་མེད་འབྱུང་པོ་སྡེ་བརྒྱད་དྲེགས་པའི་ཚོགས་རྣམས་མཉེས་ཤིང་ཚིམ་པར་བྱེད་ཅིང་མཆོད་དེ་བསྟོད་པའང༌། ཡུན་དུ་རྒྱ་ཆེ་རྒྱུན་མི་ཆད་པ་བྱས་ན་འདོད་པའི་དོན་ཀུན་འབད་མེད་ལྷུན་གྱིས་འབྱུང་བར་སྲིད་དོ་ལགས། ཞེས་ཟེར་ཞིང་སོང༌། དེར་ས་མིག་རང་དུ་བློ་ཐག་བཅད་ནས། དཔལ་དགུའི་དཀྱིལ་འཁོར་ལ་བརྟེན་པའི་བསྲེགས་མནན་འཕང་བའི་ཆོ་ག་བྱས་ཤིང༌། ཁྲོ་བོ་བཅུས་ས་འདུལ་དང༌༑ བསང་བརྔན་ཕུད་རབས་རྒྱས་པ་སོགས་ཀྱིས་ས་བསླང་བ་དང༌། སྦྱང་བ་དང་བཟུང་བ་སོགས་རང་ནུས་དང་འཚམས་པར་བྱས་ཤིང༌། རྒྱལ་ས་དྲུག་ཟུར་དུ་ས་དབང་དྲུང་དུ་ཕྱིན་ནས་དགའ་སྟོན་སོགས་རྒྱ་ཆེར་གནང༌། ལོ་མཇུག་དེར་དགེ་བཤེས་རྒྱལ་པོ་ཁོ་རང་ཡང་ཚེ་དུས་ལས་ཡོལ་བར། ཕུང་པོའི་སྦྱངས་ཆོག་དང༌། རྣམ་ཤེས་རྗེས་འཛིན་སོགས་རང་ནུས་གང་ལྕོགས་ཙམ་བྱས། གླུང་ལོར་གཞན་ཕན་ཕྲན་བུ་རེ་བྱས་ཤིང༌། ཁྲོ་སྐྱབས་མི་དབང་ལ་སྲིང་ཆུང་ཐབས་ཤེས་ཀྱི་རྟེན་འབྲེལ་འགྲིགས་དགུན་མཇུག་ཧོར་ཁོག་ཏུ་འཁོན་སྡུམ་ལ་ཕྱིན། སྟག་ལོ་གསར་ཚེས་ནང་དམ་གྲིབ་དང་མི་གཙང་བས་རྐྱེན་བྱས། རིགས་ཀྱི་མྱུ་གུ་ནིརྨ་ཀ་ཡང་བསྙུན་གཞིས་ཐེབ་ཅིང་ལས་དབང་དང༌། དུས་སྐབས་སྐྱེ་འགྲོའི་བསོད་ནམས་ཀྱི་དབང་གིས་ཁོ་བོའི་རིགས་བརྒྱུད་འཁྲུལ་བྲལ་གཅིག་ལས་གཉིས་སུ་མི་ཡུལ་དུ་འགྲོ་དོན་སྤྱོད་པ་ཤིན་ཏུ་དཀའ་བས་དམ་པ་འདི་ཉིད་ཀྱང་གཅིག་ཏུ་ཁོ་བོའི་རིགས་རྒྱུད་དུ་གྱུར་བ་དང༌། གཉིས་སུ་ཀུན་གྱིས་ཡ་མཚན་གྱི་གནས་སུ་གྱུར་པ་དང༌། གསུམ་དུ་ཡོན་ཏན་ངོམས་སྔ་བ་བཅས་དང་རྟེན་འབྲེལ་ཀྱང་ཅུང་ཟད་འཆུག་ཕྱིར་ཞི་བར་གཤེགས་པས་དགོངས་རྫོགས་མཐའ་རྒྱས་སུ་བྱས། སྲིང་མོ་ཉིད་རང་གནས་སུ་མཚམ་སྒྲུབ་མཛད་ཅིང༌། ང་རང་དར་མདོ་དང་ཡུ་ཐང་སོགས་ལ་སྣང་བ་གཏད་མེད་ཀྱིས་ཕྱིན། སྐུབས་ཤིག་སྲིང་མོ་དང་ང་རང་གཉིས་པོ་དུས་འཛོམས་སུ་ལྷ་སྒང་དུ་སླེབས། སྐུབས་དེར་བཞག་པྲར་རྟེན་འབྲེལ་འཕྲོ་འཐུད་གྱུར་ན་ལེགས་ལམ་ཤར་ཡང༌། སྟེས་དབང་གིས་ཕྱི་བཤོལ་དུ་གྱུར་ཞིང་སྲིང་མོ་སྐྱིད་ལུང་དུ་རང་སར་ཕེབས། ང་རང་དར་མདོར་ལྕང་སྐྱར་མཇལ་འཕྲད་ཙམ་བྱས་ནས། ལྕགས་ལའི་བཞེད་དོན་ཅུང་ཟད་བསྐང་ནས་སྐྱིད་ལུང་དུ་སླེབས་པར། ལུས་ཀྱི་དྲིན་ལྡན་མ་རྒན་བདེ་ལྡན་དུ་སོང་བ་དབུགས་ཆད་མ་ཐག་ཌཱ་ཀི་ཤ་ཟ་ཁ་མོ་ཆེ་དང་དབྱེར་མེད་དུ་འདྲེས། ཕུང་པོའི་སྦྱངས་ཆོག་དང་དགེ་བ་སོགས་འགྲུབ་ནས། ཡོས་ལོར་གསར་ཚེས་སྨད་ཕྱོགས་ཀྱི་འགྲོ་དོན་ཕྲན་བུ་བྱས་ཤིང༌། ལོ་མཇུག་ཡུལ་དེར་སྡོད་པའི་འགྲོ་དོན་རྫོགས་པ་དང༌། སྲིང་མོ་ཡང་བསྙུན་གཞི་ཅུང་ཟད་བྱུང་བ་བཅས་ཀྱིས། འབྲུག་ལོ་གསར་ཚེས་ལོ་མགོར་ཡར་ཐེག་ནས་གཡི་ཁོག་ཏུ་སླེབས། སྲིང་མོའི་སྙུང་གཞི་ཡང་སྨན་དཔྱད་སོགས་ཀྱིས་ཅུང་ཟད་དྲག་ནས་སྟོད་ཕྱོགས་སུ་འགྲོ་བར་སེམས་ཀྱང་ལམ་དུ་ཆས་འཕྲལ། སྨད་ཕྱོགས་ཀྱི་འགྲོ་དོན་མཐའ་མ་རྫོགས་པར་འགྲོ་བའི་སྐབས་མེད་པའི་བླ་མའི་ལུང་བསྟན་དང་སྡེ་བརྒྱད་ཀྱི་བཤོལ་མ་སོགས་བྱུང་ལྟར། དེ་བཞིན་བློ་ཐག་བཅད་ཅིང་སྦྲུལ་ལོ་གསར་ཚེས་ལ་ང་རང་གསེར་ཐར་ནས་བརྒྱུད་རྗེ་བླ་མའི་གདན་ས་ཡར་ལུང་པད་མ་བཀོད་ཀྱི་སྤྲུལ་སྐུ་རིན་པོ་ཆེ་ལ་མཇལ་འཕྲད་དང༌། ཀློང་ཆེན་སྙིང་ཐིག་གི་དབང་ལུང་ཁྲིད་གསུམ་བཅས་ཕུལ། དེར་རིམ་བཞིན་གཉན་པོ་གཡུ་རྩེར་སོང་ནས། གཡུ་མཚོའི་འགྲམ་དུ་ཞག་བདུན་ཙམ་སྒྲུབ་པ་བྱས༑ ཉིན་མོར་མིའི་གནས་སུ་གུ་རུའི་གསོལ་འདེབས་དང་ཚོགས་ཀྱི་འཁོར་ལོ་སོགས་ལ་འབད། མཚན་མོར་ཁམས་ཀྱི་ཙཱ་རི་ཊའི་སྤྲུལ་པའི་གཞལ་མེད་ཁང་དུ་དཔའ་བོ་དང་མཁའ་འགྲོ་ཟོ་དོར་ཡབ་ཡུམ་སྲས་གསུམ་ལ་བགྲོ་བ་བྱས་ཤིང༌། ནུབ་གཅིག་མཁའ་འགྲོའི་མགྱོགས་བྱང་མལ་བརྟེན་པས་ལྷོ་ནུབ་ཀྱི་ཕྱོགས་སུ་སོང་བར། རྡོ་རྗེ་གདན་གྱི་ནམ་མཁར་སླེབས་ཚེ། མདུན་དུ་མཁའ་འགྲོ་མ་དམར་མོ་ཕྱག་གཡས་ཅང་ཏེ་དང༌། གཡོན་མི་རྐང་གི་གླིང་བུ་འབུད་པ་ཞིག་གིས། བུ་ཁྱོད་མར་ལྟོས་དང༌། རྒྱ་གར་རྡོ་རྗེ་གདན་གྱི་སངས་རྒྱས་སྟོང་གི་བཞུགས་ཁྲིའོ། ཞེས་གསུངས་བར། བཞུགས་ཁྲི་གསུམ་གྱི་སྟེང་དུ་འོད་ཟེར་ཁ་དོག་སྣ་ལྔ་འཕྲོ་ཞིང༌། བཞུགས་ཁྲི་བཞི་བར་བདག་ཅག་གི་སྟོན་པ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུའི་སྤྲས་པ་དང་མཇལ། ཕྱག་དང་བསྐོར་བ་བྱས། སྟོན་པ་མཉམ་མེད་ཤཱའ་ཀྱའི་རྒྱལ་པོ། གུ་རུ་ཤཱཀྱ་སེངྒེ་ཁྱེད་ལ་སྐྱབས་སུ་མཆིའོ། །བདག་རྒྱུད་བྱིན་གྱི་བརླབ་ཏུ་གསོལ། །ཞེས་སོགས་གསོལ་བ་དྲག་ཏུ་བཏབ་པས། སྔོུན་ཚེ་འདས་དུས་བསྐལ་པའི་དང་པོ་ལ། མེ་ཏོག་འདབས་མཛེས་ཞེས་བྱའི་ཞིང་ཁམས་སུ། །རང་ཉིད་དྲང་སྲོད་བློ་གྲོས་ཐོགས་མེད་དང༌། བཅོམ་ལྡན་འོད་སྲུང་དྲུང་དུ་ཐོས་པ་དགའ། །བསྐལ་བཟང་འདི་ལ་བུ་རམ་ཤིང་པ་སྟེ། །ཤཀ་ཐུབ་་པད་འབྱུང་མེ་ཤེལ་ཟེར་གྱི་ཚུལ། གུ་རུ་ཤཱཀྱ་སེང་གེ་ཞེས་ཀྱང་བྱ། ཕྱི་རྒྱུད་མདོ་དང་བར་རྒྱུད་ཀྲི་ཡོག་གསུམ། ཐབས་ཀྱི་ཐེག་པ་ཡོ་ག་རྣམ་གསུམ་སོགས། །རྩ་བ་རིམ་གཉིས་ལྟ་སྒོམ་སྤྱོད་པར་འདུས། །དེ་ཡང་གཟུང་འཛིན་མཚན་མ་རང་སར་གྲོལ། །ལམ་དུས་རིག་པའི་ཀ་དག་ངོ་འཕྲོད་ཚེ། ཐེག་བརྒྱ་བློ་ཡི་གྲུབ་མཐའ་ལས་གཞན་གང༌། །པདྨ་ལས་བྱུང་པད་འབྱུང་སྤྲུལ་པའི་སྐུ། །དབང་ཆེན་རྟ་ཕག་སྲས་ཀྱི་ཚུལ་བཟུང་བ། །ད་ལྟའི་སྒྲོན་མེའི་བསྐལ་པ་འདིར་བྱོན་ཏེ། །དབང་རབ་ཚེ་གཅིག་དབང་འབྲིང་འཆི་ཁ་ལ། །དབང་མཐའ་ཆོས་ཉིད་བར་དོར་གྲོལ་བ་ཡི། །གདམས་ཟབ་ནོར་བུ་དགོས་འདོད་ཀུན་འབྱུང་བ། །ལུས་མེད་མཁའ་འགྲོ་འབུམ་་གྱི་སྙིང་གི་ཁྲག །སྟོན་པས་འགྲོ་དྲུག་སེམས་ཅན་སྐལ་པ་བཟང༌། །དེ་ཕྱིར་ད་ནི་བརྩོན་འགྲུས་ཤུགས་བསྐྱེད་ལ། ཨ་ཏི་ཡང་གསང་ཐིག་ལེ་སྐོར་གསུམ་གྱི། །མཁའ་འགྲོ་ཐུགས་ཀྱི་ཐིག་ལེ་བརྡ་བསྒྱུར་བའི། །དུས་ལ་བབ་པོ་ད་ནི་རང་གནས་སོང༌། །ཞེས་གསུངས་ཤིང༌། ཕྱག་གཡས་པས་གསེར་གྱི་རྡོ་རྗེ་སྤྱི་བོར་བཞག་པ་དང་ཆབ་ཅིག །གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་འཁོར་མཁའ་འགྲོ་སྡེ་ལྔས་བསྐོར་བར་ལམ་གྱིས་གྱུར་ནས་ཕྱག་གཡས་པས་ཁ་ཌཱཾ་སྙིང་གར་བཙུགས་ནས། །སྤོང་ཤིག་སྤོངས་ཤིག་འཁོར་བ་སྤོངས། །སྤང་བྱ་འདུག་ན་དོན་མ་རྟོགས། །སྒྲུབས་ཤིག་སྒྲུབས་ཤིག་མྱང་འདས་སྒྲུབས། །བསྒྲུབ་བྱར་གོལ་ན་འབྲས་བུ་མེད། །ལྟོས་ཤིག་ལྟོས་ཤིག་སེམས་ལ་ལྟོས། །བལྟ་བྱ་འདུག་ན་ཞེན་པས་བཅིང༌། མ་བཅོས་མ་བསླད་ཟང་ཁ་མ། །འདི་ནི་ང་ཡི་དགོས་པ་སྟེ། །སྐུ་དང་འཇའ་ཟེར་ཐིག་ལེའི་ཀློང༌། །ཤེལ་དང་གསེར་གྱི་ཤོག་དྲིལ་ལས། །ལུ་གུ་རྒྱུད་ཀྱི་བརྡ་རིས་གཟུགས། །ཤར་བ་ཐེ་ཚོམ་མེད་པར་བརྗོད༑ བརྗོད་དང་ཆབ་གཅིག་དོན་རྟོགས་ནས། །སྤྲུལ་པ་སྤྲུལ་གཞི་དབྱེར་མེད་འདྲེས། །ཞེས་གསུངས་ཤིང༌། འོད་ཀྱི་ཕུང་པོར་གྱུར་ནས་ལྷོ་ནུབ་ཏུ་གཤེགས། ངེད་ཅག་རྣམས་ཀྱང་དཔག་ཚད་གསུམ་ཙམ་ནམ་མཁར་ཇེ་མཐོར་བཏེགས་ཤིང་སོང་པའི་སར་འོད་སྣང་ལས་གྲུབ་པའི་གཞལ་ཡས་ཁང་མཁའ་ལ་རྫུ་འཕྲུལ་གྱི་བཀོད་པ་རྫོགས་པའི་གནས་ཅིག་ཏུ་སླེབས། དེ་ན་གཟུགས་མི་འདྲ་བ་དང༌། ཆ་ལུགས་མི་འདྲ་བ། ཁ་དོག་སྣ་ཚོགས་པའི་བུད་མེད་དཔག་ཏུ་མེད་པས། ལ་ལས་ནི་གླུ་དང་གར་ལ་བརྩོན། ལ་ལས་ནི་ཕྱག་དང་བསྐོར་བ་བྱེད། ལ་ལས་ནི་བཾ་རོ་གསར་རྙིང་ཁྱེར་ནས་འོང༌། ལ་ལས་རང་ལུས་བདུད་རྩིའི་ཆུས་བཀྲུས་ཤིང་ཚོགས་ལ་འབུལ་བའི་གྲབ་བྱེད། ལ་ལས་ཉམས་ཆགས་བཤགས་ཤིང་གདུང་བའི་འོ་དོད་འབོད༑ ལ་ལས་ནི་རྫུ་འཕྲུལ་གྱི་རྩལ་སྣ་ཚོགས་སྟོན། ལ་ལ་ནི་ཏིང་ངེ་འཛིན་ལ་གནས་པར་མཐོང༌། དེར་སྔར་གྱི་ཌཱ་ཀི་མ་དེ་ཡིས། འདི་ནི་འཁོར་འདས་གཉིས་ཀྱི་ས་མཚམས། མཁའ་སྤྱོད་ཆུང་ངུ་ཞེས་བྱ་བ་སྣ་ཚོགས་མཁའ་འགྲོའི་གནས་ཡིན། གཙོ་མོ་ནི་ས་མཚམས་འཛིན་ཞིང་དམ་ཚིག་ཤན་འབྱེད་པའི་ཌཱ་ཀི་པདྨ་འབུམ་སྡེ་ཡོད་ཅིང༌། འཁོར་དུ་རྡོ་རྗེ་མཁའ་འགྲོ་དང་དམ་ཚིག་གི་མཁའ་འགྲོ་ཤས་ཆེ། མི་ཡུལ་ན་གསང་སྔགས་ཀྱི་སྒོར་ཞུགས་ཤིང་བསྐྱེད་རྫོགས་དང་ལྟ་བ་ལ་གོམས་འདྲིས་ཅུང་ཟད་སོང་ཞིང༌། དམ་ཚིག་རྩ་བ་མ་ཉམས་ཤིང་ཡན་ལག་ལ་བཤགས་སྡོམ་གྱི་རྩིས་ཟིན་པ་དག །འདི་ག་ནས་ལས་ཀྱི་ལྷག་མ་སྦྱང་དགོས། ངེད་ཅག་རྣམས་ཀྱང་དུས་དང་དགོས་པ་ཁྱད་པར་ཅན་གྱི་ཚེ། ཚོགས་འཁོར་དང་རྗེས་འཛིན་ལ་ལན་རེ་ཙམ་འོང་བ་ཡིན་གསུངས་ནས་ནང་དུ་བྱོན་པའི་རྗེས་སུ་ངེད་ཅག་རྣམས་ཀྱང་ཞུགས་པས། དབུས་སུ་ཀེང་རུས་ཀྱི་ཁྲི་ཞིང་ཆེན་གཡང་གཞི་གཅལ་དུ་བཀྲམ་པའི་ཁར། ཁྲོ་མོ་དམར་མོ་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པ་ཞིག་འདུག་པ་བཞེངས་ཏེ་ས་ལ་བབ་ཌཱ་ཀི་མ་ལ་ཕྱག་དང་བསྟི་སྟངས་ཕུན་སུམ་ཚོགས་པ་བྱས་ནས། གཙོ་མོ་བྱོན་པ་སྐལ་བ་བཟང༌། ཚོགས་ཀྱི་འཁོར་ལོའི་དུས་ལའང་བབ་ཞེས་ཟེར་ཞིང༌། ཁོ་རང་གི་ཁྲིའི་ཁར་མེ་ཏོག་སྣ་ཚོགས་ལས་གྲུབ་པའི་གདན་ཞིག་བཀྲམ་སྟེ། ཌཱ་ཀི་མ་དེའི་ཁར་བཞུགས་སུ་གསོལ་བའི་སྐབས་དེར་སྲིང་མོ་ཆེན་མོ་ཡང༌། ཌཱ་ཀི་བདུན་གྱི་དར་ཁྱོགས་ལ་བརྟེན་པས་དེར་སླེབ་བྱུང༌། །མ་ལ་ཕྱག་དང༌། མི་ཡུལ་དུ་ནད་དང་སྡུག་བསྔལ་ཆེ་ཞིང༌། ལུས་ཀྱང་ཉས། སྐྱོ་སུན་སྣ་ཚོགས་བྱུང་བའི་ལོ་རྒྱུས་དང༌། རང་གནས་སུ་འོང་ཆོག་པའི་གསོལ་བ་འདེབས་པར་མཛད། དེར་ཌཱ་ཀི་པདྨ་འབུམ་སྡེའི་ཞལ་ནས༑ ཌཱ་ཀིའི་གཙོ་མོའི་སྤྲུལ་པའི་ཟློས་གར་འདི་ཉིད། །དེ་སྔོན་འདི་ནས་ལན་བདུན་བར་དུ་ང་ཡིས་བཟློག་པ་ལགས། ད་ནི་རྗེ་མོ་རྣམས་ཀྱི་དགོངས་པར་བསྟུན་ཞིང་ཡུམ་སྲས་བགྲོ་བ་མཛོད། སྐྱེས་བུ་འདི་ཡི་རྩ་ཁམས་ཕ་མའི་དབང་བཙན་སྐྱོར་ཁ་ཡང་ཞིང་དམ་ལ་མི་གནས་ཚིག་མི་བཙན་ཞིང་བྱ་སྤྱོད་མང་བར་གདའ། ཞེས་སོགས་ང་རང་ལ་སུན་མང་དུ་དབྱུང་བར་མཛད། རང་ཉིད་ཀྱི་གནོང་ཞིང་འགྱོད་པ་དང་བཅས་ཏེ། ལུས་གཅེར་བུར་ཕྱག་མང་དུ་འཚལ་ཞིང་ལུས་ཚོགས་སུ་རོལ་པར་ཞུས། གཙོ་མོས་སྲིང་མོ་ལ་བུ་མོ་ཁྱོད་ཉིད། མི་ཡུལ་དུ་སྐྱོ་སུན་བྱུང་བ་བདེན་ཡང༌། ད་དུང་བགྲོ་བ་བྱེད་དོ་གསུང་ཞིང༌། སྤྱན་འབྲུ་ཚུགས་སུ་ནམ་མཁར་གཟིགས་ནས། ཕྱག་གཡས་ཌ་མ་རུ་ཁྲོལ་ཁྲོལ་སྒྲོགས་ཤིང༌། གཡོན་པས་མི་རྐང་གི་གླིང་བུའི་སྒྲ་ཆེན་ལན་གསུམ་བསྒྲགས་སོང་བས་མཐའ་འཁོར་གྱི་བུད་མེད་རྣམས་དྲན་པ་ཉམས། དེ་དག་དང་ཆབ་ཅིག་ནམ་མཁའ་ནས་ཡེ་ཤེས་ཀྱི་ཌཱ་ཀི་མ་རུས་པའི་རྒྱན་དྲུག་གསོལ་བ་འགའ་དང༌། ཧེ་རུ་ཀའི་ཆ་བྱད་ཅན་གྱི་གྲུབ་ཆེན་གསུམ་ཡང་བྱུང༌། བུད་མེད་རྒན་སོང་ཞིག་བྱོན་ནས་སྔར་གྱི་ཁྲིར་གཙོ་མོ་དང་ལྷན་ཅིག་བཞུགས། དབུས་སུ་དཀྱིལ་འཁོར་གྲུ་བཞི་རྒྱ་ཤིན་ཏུ་ཆེ་བའི་དཀྱིལ་དུ། ཐོད་པ་ཡངས་ཤིང་རྒྱ་ཆེ་བ་ཞིག་བཞག །མཐའ་སྐོར་དུ་བམ་ཆེན་གསར་རྙིང་རྣམས་དང༌། སྔུར་ལུས་བཀྲུས་པ་རྣམས་ཀྱང་པདྨ་འབུམ་སྡེས་སྙིང་ཁར་གྲི་གུག་ཚད་ཙམ་གྱིས་ལུས་སེམས་ཕྲལ་ནས་བེམས་པོའི་ཚོགས་འཁོར་གྱི་གྲལ་དུ་བཞག །དེར་ཧེ་རུ་ཀ་གསུམ་དང༌། ཌཱ་ཀི་རྒྱན་དྲུག་གསོལ་བ་ལྔས་བསྐོར་བ་ལན་གསུམ་མཛད་ཅིང༌། ནམ་མཁའ་ནས་འོད་ཟེར་ཁ་དོག་ལྔ་ལྡན་བྱུང་བ། རྫས་ལ་ཐིམ་ཞིང་ཀླད་ཁྲག་རྣམས་དབུས་ཀྱི་ཐོད་པའི་ནང་དུ་བླུགས་ཏེ། པདྨ་འབུམ་སྡེས་གྲི་གུག་གིས་ལན་གསུམ་དཀྲུག་ཅིང༌། ཧེ་རུ་ཀ་གསུམ་དང་ཌཱ་ཀི་དཀར་དམར་མཐིང་གསུམ་སྦྱོར་བའི་བྱ་སེམས་ཐོད་པར་བླུགས། །བདུད་རྩི་འོད་ཟེར་ཁ་དོག་ལྔ་ལྡན་གྱི་རླངས་པ་འཕར་བའི་རྩེ་ལས། མཆོད་པའི་སྤྲིན་འཕྲོ་བར་གྱུར། དེ་ནས་གཙོ་མོ་གཉིས་ཀྱིས། ཨོཾ་ཨཱཿ་ཧཱུྃ་ཧ་ཧོ་ཧྲིཿ ཞེས་གསུངས་པ་དང་ཆབ་ཅིག་ཐམས་ཅད་ཀྱིས་ཚོགས་ལ་རོལ། ང་རང་གཙོ་མོ་གཉིས་ཀྱི་དྲུང་དུ་ཕྱིན་ཏེ། ངའི་ལུས་འདི་ཚོགས་ཀྱི་འཁོར་ལོར་འབུལ་ལོ་བཞེས་ནས་མི་ཡུལ་འཁྲུལ་པའི་དབང་གིས་ཉམས་པ་ཀུན་སོར་ཆུད་པར་མཛད་དུ་གསོལ། ཞེས་གདུང་ཤུགས་དྲག་པོས་མཆི་མ་ཕྱུངས་ནས་ཞུས་པས། ད་ལྟ་ཁྱོད་ལ་བག་ཆགས་སྤྲུལ་པའི་ལུས་མེད། །ཤ་ཁྲག་མི་ཡི་ལུས་ནི་ཚོགས་འཁོར་བྱེད་མི་བཏུབ། །གནས་འདིར་ངེད་ཅག་དྲུང་དུ་གནོང་འགྱོད་སྐྱེས་མ་ཐག་ཏུ་ཉམས་པ་ཞེས་བྱ་མཁའ་ལ་སྤྲིན་དེངས་མཚུངས། །ཞེས་གསུངས། ཕྱག་མཚན་མགོ་ལ་བསྣུན་པས་དར་ཅིག་དྲིན་མེད་དུ་བརྒྱལ་སོང་ཚེ་བལྟས་པས་བུད་མེད་མང་པོ་ཡང་དྲག་པོའི་ཤུགས་ཀྱིས་བསྒྲལ་ནས། །ཁྲོ་བོ་དང་ཁྲོ་མོ་འགའ་ཞིག་གིས་རོལ་སོངབ། །ཚོགས་བསྒྲལ་ཡིན་པརགདའ། དེ་ནས་ལྷག་མ་རྣམས་ཕྱི་རོལ་དུ་ཁྱེར། ཌཱ་ཀི་གཙོ་མོ་གཉིས་ཀྱི་བུམ་པ་དང་ཐོད་པ་ལས་བྱུང་བའི་བདུད་རྩི་སྲིང་མོ་ལ་གནང་ཞིང་བསྒོ་བ་འདི་ལྟར་མཛད་དོ། ཆོས་ཉིད་ཀུན་ཏུ་བཟང་མོའི་མཁའ་ཀློང་ལས། །རུ་ཏྲ་འདུལ་ཕྱིར་རྡོ་རྗེ་ཕག་མོའི་སྐུར། །ཡོངས་བཞེངས་ཡེ་ཤེས་ཌཱ་ཀིའི་སྤྲུལ་གཞི་སྟེ། བླ་མེད་ཨ་ཏིའི་གདམས་པ་བྱུང་བའི་གནས། །དེ་ཡི་ཐུགས་སྤྲུལ་ལྷ་ལྕམ་མན་དཱ་ར། བརྫུས་སྐྱེས་སྤྲུལ་སྐུ་པདྨ་འབྱུང་གནས་ཀྱིས། །འཆི་མེད་རིག་འཛིན་པརྙེས་པའི་སྒྲུབ་སྡེ་མོ། །ཟག་པ་ཡོངས་ཟད་ཚེ་ ལ་དང་བསྒྱུར་ཞིང༌། །འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅན༑ །སྐུ་གསུམ་ཞིང་དུ་སྤྲུལ་པའི་ཟློག་གར་བསྒྱུར། །ཡང་གསང་ཐིག་ལེ་སྐོར་གསུམ་སྤེལ་བའི་ཕྱིར། མངའ་བདག་རྗེ་དང་སྤྲུལ་པ་གཅིག་བསྡུས་ནས། །ད་ལྟ་མ་རིག་ཕལ་པའི་གཟུགས་སུ་སྤྲུལ། །ལྔ་ཕྲག་ཐ་མ་ཐུག་པའི་དུས་འདི་རུ། །སེམས་ཅན་དུས་ཀྱི་རྒུད་པ་སྣ་ཚོགས་ཤར། །དུག་ལྔ་རགས་ཤིང་ནད་མཚོན་མུ་གེ་དར། །ཐེ་ཚོམ་ལོག་ལྟ་སྒྲོ་སྐུར་རླུང་ལྟར་འཚུབས། །རྒྱལ་བཀའ་མདོ་རྒྱུད་ལུང་དང་མན་ངག་ཆོས། །ཡོ་ག་རྣམ་གསུམ་བྱིན་རླབས་མ་ཡལ་ཞིང༌། །གསང་སྔགས་ཆོས་ཀྱིས་འདུལ་བའི་དུས་བབ་ཀྱང༌༑ །སྒྲུབ་པའི་ལོང་མེད་སྙིང་རུས་བརྩོན་འགྲུས་ཆུང༌། །དེ་ཕྱིར་འཕྲད་པ་ཙམ་གྱིས་གྲོལ་བ་ཡི། །རྨ་བྱ་ལྟ་བུའི་སྐལ་ལྡན་དོན་ཆེད་དུ། །ཐུགས་ཀྱི་ཐིག་ལེ་བོད་དུ་བསྒྱུར་བྱེད་ཅིང༌། སྣ་ཚོགས་ཐབས་ཀྱིས་འགྲོ་བའི་རེ་བ་སྐོང། །བཟང་ངན་འབྲེལ་བས་བསྡུས་པ་འདྲེན་པའི་ཕྱིར། །རིག་འཛིན་སྐྱེས་བུའི་གྲོགས་དང་མཐུན་འགྱུར་སྒྲུབས༑ །རིག་རྩལ་འཇའ་ཚོན་སྤྲུལ་པའི་ཤོག་སེར་ལས། །རྟེན་འབྲེལ་ཐབས་ཀྱི་བརྡ་རིས་སྟོན་བྱེད་ཕྱིར། །བསམ་བཞིན་སྐྱེ་སྲིད་བཟུང་བ་མི་དྲལ་ནམ། །སྔོུན་སྨོན་ཐ་ཚིག་ཡལ་བར་འདོར་གྱུར་ན། །ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེའོ། །འཛམ་གླིང་སེམས་ཅན་བསོད་ནམས་དམན་པ་དང༌། །དམུ་རྒོད་གདུལ་བྱ་རང་རྒྱུད་ངན་པའི་ཕྱིར། །ནད་དང་སྡུག་བསྔལ་སྐྱོ་སུན་དྲག་པོ་ཡིས། །སྒོ་གསུམ་མནར་ཞིང་ཅི་བྱ་གཏོལ་མེད་དུ། །ཐུག་ཚེ་ཡང་དག་ལྟ་བས་ཟིལ་གནོན་ཞིང༌། །སྙིང་སྟོབས་གཉེན་པོའི་དབང་དུ་བཏང་གྱུར་ནས། །བསྐལ་པའི་མུན་པ་ཉི་མས་བསལ་བ་བཞིན། །སྡུག་བསྔལ་མིང་མེད་བདེ་སྐྱིད་དཔལ་དང་ལྡན། །གང་དུ་གནས་ཀྱང་བདེ་ཆེན་དག་པའི་ཞིང༌། །ཇི་ལྟར་སྒྲུབ་ཀྱང་འགྲོ་བའི་དོན་ལས་མེད། །རང་དོན་ཞི་བདེའི་གནས་ལ་མ་གཞོལ་བ། །མ་དག་སེམས་ཅན་གཅིག་གི་དོན་དུ་ཡང༌། །ལུས་སྲོག་ཕོངས་པ་མེད་པར་རྗེས་སུ་བཟུང༌། །བླ་མ་སངས་རྒྱས་མཐོང་བའི་མོས་གུས་དང༌། །སེམས་ཅན་ཕ་མར་ཤེས་པའི་བྱང་ཆུབ་སེམས། །རང་རིག་ཆོས་སྐུ་རང་ཞལ་མཇལ་གྱུར་ན། །དགེ་སྡིག་རྒྱུ་འབྲས་མིང་གི་བླ་དགས་ཙམ། །དམྱལ་སོགས་སྡུག་བསྔལ་གློ་བུར་འཁྲུལ་སྣང་ལས། །དོན་ལ་གྲུབ་པ་རྡུལ་ཙམ་ཡོད་མ་ཡིན། །ལོ་གསུམ་དུས་སུ་ལས་འབྲེལ་མཐུན་པར་འཕྲད། །སྣ་ཚོགས་ཐབས་ཀྱིས་གང་ལ་གང་འདུལ་བརྩོན། །སྐྱེ་འདིའི་འགྲོ་དོན་མཐའ་རུ་མ་ཕྱིན་པར། །ཞིང་ཁམས་བགྲོད་པའི་གོ་སྐབས་ཡོད་མ་ཡིན༑ །འདིར་ནི་ཤ་ཁྲག་ལུས་ཀྱི་སྐྱེ་མཐའ་ཆོད། །སྤྲུལ་པའི་མཁའ་འགྲོ་འབུམ་གྱི་འགྲོ་དོན་སྤྱོད། །སྤྲུལ་པ་སྤྲུལ་གཞི་དབྱེར་མེད་འདྲེས་གྱུར་ཚེ། །སྐྱོ་སུན་མི་འབྱུང་ཡིད་བཞིན་ནོར་བུ་ལ། །གསོལ་བཏབ་ཇི་བཞིན་མཐོང་ཐོས་དྲན་རེག་ཀུན། །དངོས་གྲུབ་རྣམ་པ་གཉིས་ཀྱི་བྱིན་ཆེར་འབེབས། །མཐའ་ཁོབ་གདུལ་བྱའི་འགྲོ་དོན་མཐར་ཕྱིན་ཚེ༑ །མཁའ་འགྲོའི་བྲག་ནས་འོད་སྐུར་གྲོལ་ཡང་སྲིད། །མ་ཡི་སྙིང་གཏམ་སྙིང་གི་དཀྱིལ་དུ་ཆོངས། །རིག་འཛིན་སྤྲུལ་བསྒྱུར་ཁྲག་འཐུང་དཔའ་བོ་ཡང༌། །དཔའ་བོ་ཌཱ་ཀིས་སྣང་བ་བསྒྱུར་བ་ལ། །རྣམ་རྟོག་བདུད་ཀྱིས་བསླུ་བ་མ་འཇུག་པར། །རྨོངས་པའི་སེམས་ཅན་འཁྲུལ་པའི་གཞན་དབང་ཅན། །ཅ་ཅོའི་སྙིང་གཏམ་ངག་ལ་མ་ཉན་པར༑ །དྲི་མེད་པད་འབྱུང་བླ་མ་དབྱེར་མེད་ལ། །གསོལ་བ་ཐོབ་ཅིག་ལྟ་བའི་ངང་མདངས་སྐྱོངས། །གཏན་གྱི་འདུན་མའི་གཏད་ཡུལ་རྫུན་ཕུག་རྡིབ། །གང་བྱུང་གང་བབ་ཐད་ཀའི་སྤྱོད་པ་སྐྱོངས། །ཌཱ་ཀིའི་བསྐུལ་མ་བྱུང་ཚེ་བརྡ་རིས་བསྒྱུར། །གསང་བའི་མན་ངག་ཐུགས་ནས་ཐུགས་སུ་བརྒྱུད། །ཐེ་ཚོམ་མ་བྱེད་མ་ཡི་ཐུགས་ཀྱི་ཆོས། །འདི་དོན་སོ་སོའི་སྐྱེ་བོས་རྟོགས་པར་དཀའ། །ཡོ་གའི་གཞུང་ཆེན་དག་ལ་གབ་པ་སྟེ། །གྲུབ་འབྲས་མངོན་གྱུར་རྟགས་མཚན་མཐོང་བར་ངེས། །ཡིད་ཆེས་གདེངས་ཚུགས་གདམས་ངག་ཆུད་མ་གསོན། །ནམ་ཞིག་འགྲོ་དོན་མཐའ་རུ་ཕྱིན་པའི་ཚེ། །མཁའ་ལྡིང་རྒྱལ་པོས་གནམ་འཕང་གཅོད་པ་བཞིན། སྐུ་གསུམ་ཞིང་ཁམས་མིག་འཕྲུལ་ལྟ་བུར་བགྲོད། །སྤྲུལ་གཞིའི་ཐུགས་ཀློང་དབྱེར་མེད་རོ་གཅིག་འདྲེས། །དེ་བར་སྐྱོ་དང་སུན་མ་མ་མཛད་པར། །སྡུག་བསྔལ་བདེ་བར་སེམས་ལ་རིག་རྩལ་སྦྱོངས། །མ་དང་འབྲལ་བ་མེད་དོ་ས་མ་ཡཿ །ཞེས་གསུངས་ཤིང༌། དཀར་དམར་འདྲེས་པའི་བདུད་རྩི་ཐོད་པ་གང་གནང༌། དེ་ནས་སྲིང་མོ་ཡང་གཙོ་མོ་གཉིས་ཀྱིས་འཁོར་བཞི་ལ་བཀའ་བསྒོ་ཞིང་ཕྱིར་གཤེགས། །ང་རང་རྣམས་ཀྱང་ཡུད་ཙམ་ལ་ཁམས་ཀྱི་ཙཱ་རི་ཌའི་ཕོ་བྲང་ལ་སླེབ་ནས་གདའ། །དེར་གཉན་གྱི་རྒྱལ་པོས་དོ་དགོང་སྲས་མོ་ཆེན་མོ་ཁམས་ཤིན་ཏུ་འཁྲུགས་པར་གདའ་སྟེ། ད་རྐྱེན་ལས་གྲོལ་སོང་ཟེར། དེར་ང་རང་ཡང་རང་གནས་སུ་སླེབས། སེང་ཚོགས་ཀྱི་དགའ་སྟོན་དང༌། །གཏེར་བདག་རྣམས་ལ་བསང་བརྔན་མཆོད་པ་སོགས་གཏང་རག་བྱས། །དེ་ནས་ཞག་ཤས་ཀྱི་བར་འོད་གསལ་གྱི་སྣང་བས་གནས་ཀུན་ཉུལ་ཏེ་དེ་རྗེས་སྔོ་མཚོའི་ཁར་སླེབ་ཚེ་རྗེས་ཀྱི་བྱ་བ་རྣམས་རྫོགས་པར་བྱས༑ འདི་དུས་སུ་གཡི་ཁོག་ན་སྲིང་མོ་ཡང་གློ་བུར་གྱི་སྙུན་གཞི་དྲག་པོས་ཐེབས་པ་ཞག་གསུམ་ཙམ་ནས་དངས་སོང་འདུག །ང་རང་མགོ་ལོག་སྟོད་དེར་ཁ་ཤས་རེ་བ་རྫོགས་ཙམ་གྱི་ཆོས་འབྲེལ་རེ་བྱས་ནས། རྨ་ཉིན་ཟལ་མོའི་སྒང་དུ་གླིང་ལྷ་རྣམས་དང་འཕྲད་ཙམ་གྱིས་ལྷ་སྲིན་དམ་འདོགས་རྒྱས་པར་བྱས། །ཨ་སྐྱོང་གོང་མའི་དཔོན་བློན་གཙོས་དད་ལྡན་རྣམས་ལ་འཕྲད་ཅིང་ཚེ་དབང་ཁྱུག་ཙམ་རེ་བྱས། །དེ་ག་ནས་ལམ་དུ་ཞུགས་ཏེ། རྗེ་བླ་མའི་གདན་སར་སྐོར་ཙམ་ཕྱིན་ནས་གཡི་ཁོག་ཏུ་སྒར་གཞིའི་ཐོག་སླེབས། དེར་ལྕགས་ལ་ནས་མར་འོང་དགོས་ཀྱི་བཀའ་ནན་དང་མི་བཏང་བཅས་སླེབས་འདུག་པ། གཡི་ཁོག་ནས་ཐེག །དེམ་ཁོག་ཏུ་དགེ་བཤེས་བློན་པོ་ཧོར་བསོད་ནམས་ཚང་ལ། ཀུན་མཁྱེན་གོང་མའི་སློབ་བུ་སྦས་པའི་རྣལ་འབྱོར་བ་ཞིག་གི་ཡང་སྲིད་འཁྲུངས་འདུག་པ་ཡང་ལག་ཏུ་སོན། སླར་ཞབས་ཏོག་འགྲུབ་པའི་ལྟས་ཀྱང་ཤར། དེར་བཞག་བྲའི་བསུ་བ་དང་བཅས། །ལའུ་ཐང་དགོན་པར་སྒར་གཞི་ཀུན་གདན་འཇགས། དགོན་སྡེ་གྲྭ་ཚང་ཡུལ་མི་ཀུན་ནས། སྲིང་མོའི་སྙུང་གཞི་ཡར་དྭངས་སོང་བ་དང༌། སྟོད་ཕྱོགས་སུ་འགྲོ་རྒྱུ་མ་ཐོན་པ་མར་འཁོར་བ་བཅས་ཀྱིས་དགའ་ཞིང་བསམ་བ་ཡོངས་སུ་རྫོགས་པར་གྱུར། དེར་དར་མདོ་ནས་འབོད་པ་ལྟར་སོང་ཞིང་ཞབས་བརྟན་ཕྲན་བུ་བསྒྲུབས། །རིགས་ཀྱི་མྱུ་གུ་བདེ་བར་གཤེགས་པའི་སྤྲུལ་པ་ཡུ་ཐང་ལ་མངལ་དུ་ཞུགས་པ། སྔུར་གཡི་ཁོག་ནས་ངེད་རང་མིང་སྲིང་གཉིས་ཀ་ལ་འོད་གསལ་གྱི་སྣང་བར་མངོན་རྟོག་གསལ་བར་བྱུང་ལྟར་ཡུ་ཐང་དུ་སྐོར་ཙམ་ཕྱིན། སྔུ་མའི་ཉམས་སྣང་དང་མཚུངས་པའི་བྱིས་པ་མའི་མངལ་ནས་ཨོཾ་ཝཱ་ཀྱེ་དམ་ན་མ་ཟེར་བ་ཞིག་ཡོད་ཚུལ་འདུག་པ། མའི་ལྷུམས་སུ་ཡོད་དུས་ནས་ངོས་འཛིན་བྱས་ཤིང༌། རྒྱལ་པོ་སྔགས་འཆང་དམ་པ་ལ། སླར་སྐྱེས་མ་ཐག་ཏུ་ངེད་ཀྱི་སྤྲུལ་སྐུ་ཡིན་པས་ཉིད་ཀྱིས་བདག་པོ་མཛད་ནས་ཡར་གནང་དགོས་སོགས་ཀྱི་བསྒོ་བ་དམ་པོར་བྱས། དེ་ནས་ཡར་དར་མདོར་འཁོར་ནས་བདུད་རྩིའི་མཆོད་པའི་སྐབས་ཤིག་ལུང་བསྟན་བྱུང་ལྟར། ལྕགས་ལའི་ས་དབང་ལྕམ་དྲལ་གྱི་གཙོས་ངེད་ཅག་ཀུན་བཞག་བྲའི་གཡུ་མཚོའི་འགྲམ་དུ་ཕྱིན། ས་དབང་གི་སྐུ་ཚེའི་འགལ་རྐྱེན་སོགས་བསལ་ཞིང་ལེགས་པའི་རྟེན་འབྲེལ་བསྒྲིག །ནུབ་གཅིག་མཚོ་འགྲམ་དུ་ཕྱིན་པར། བུད་མེད་སྔོན་མོ་ཞིག་གིས་ལོ་གསར་རྙིང་མཚམས་འདིར་འཚུབས་ཆ་ཤིན་ཏུ་ཆེ་ཞིང༌། བདུད་མོ་ཞེ་སྡང་སྤྲུལ་ལོ་བ། །དམར་རྒྱན་གདུག་པ་གླང་གི་ལོ། །ཁྲོམ་སྐྱིད་སྤྲུལ་པ་མི་གསུམ་པ། །ཚེ་ཆོས་བསོད་ནམས་རླུང་རྟ་ལ། །ནམ་ཡང་བར་དུ་གཅོད་པ་ཡི། །གུ་རུའི་ལུང་བསྟན་མི་དྲན་ནམ། །གཞན་ལ་ཕན་པ་བྱུང་སྲིད་ཀྱང༌། །ལོ་འདིར་རང་ལ་ཉམས་ཉེས་ཡོད། །ཞེས་གསུངས་སོ། །དེར་ཚོགས་འཁོར་དང༌། བསང་བརྔན་མཆོད་བསྟོད་སོགས་རྒྱས་པར་བྱས་ནས། གཞན་རྟེན་འབྲེལ་ཀུན་འཕྲོ་ཅན་དུ་བཞག །ས་དབང་ལྕམ་དྲལ་གཙོས་འཁོར་བཅས་དར་མདོར་སླེབས། དེར་ང་རང་ཡང་ལོ་གཅིག་ཙམ་སྒྲུབ་གནས་ཉུལ་རྒྱུའི་འདུན་པ་གཏད། ལྕགས་ལ་མཁན་རིན་པོ་ཆེ་གཙོས་ཡུམ་སྲས་ཀུན་ནས་རིང་འཚོའི་བརྟན་བཞུགས་རྒྱས་པར་མཛད། དེར་ཡར་ཐེག་ཅིང་ལའུ་ཐང་དུ་སླེབས། དགེ་བཤེས་དེམ་ཁོག་ནས༑ སྤྲུལ་པའི་སྐུ་ཡང་གདན་དྲངས། ཕ་མ་ཡོན་གྱིས་ཚིམ་པར་བྱས་ནས་ཕྱིར་ལོག །དེ་ནས་བཟུང་རེ་ཞིག་མཚམས་སྒྲུབ་ལ་གནས་པ། སློབ་བུ་དམ་ལ་མི་གནས་པ་ཕོ་མོ་འགའ་ཞིག་གིས་བཀའ་འགལ་ཐུགས་དཀྲུགས་སྣ་ཚོགས་བྱས་པའི་རྐྱེན་གྱིས། པདྨ་མཁའ་འགྲོའི་ཆོས་སྐོར་ལ་སེལ་ཞུགས་ཅུང་ཟད་སོང་ཞིང༌། དཔའ་བོ་མཁའ་འགྲོ་རྣམ་ཀྱང་ཅུང་ཟད་འཁྲུགས་པར་གྱུར་པས། གཏེར་ཆོས་རྙིང་པ་རྣམས་གོས་དཀར་མོའི་ཀློང་ནས་དབྱིངས་སུ་གཤེགས། སླར་ཡང་སྲིང་མོ་སྤྲུལ་པ་ལ། སྤྲུལ་གཞི་རྡོ་རྗེ་ཕག་མོ་དངོས་སུ་བྱིན་ཕེབ་ཅིང༌། ལུས་མེད་མཁའ་འགྲོའི་ཆོས་སྐོར་ཡང་གསང་མཁའ་འགྲོའི་ཐུགས་ཐིག་གཏན་ལ་འབེབས་པའི་སྒོ་འཕར་ཕྱེས་ཤིང༌། འཛིན་པ་རང་གྲོལ་གྱི་ཆོས་སྐོར་ལ་བརྟེན་པའི་རྐྱེན་ངན་གྲོགས། འགལ་རྐྱེན་ལམ། བར་ཆད་དངོས་གྲུབ་ཏུ་བསྒྱུར་ནས་གསེར་ཡིག་ཅན་གཏན་ལ་འབེབས་པའི་མཐུན་རྐྱེན་འཁོར་དམ་ལྡན་རྣམས་ནས་ཉིན་མཚན་གཡེལ་བ་མེད་པར་རྟེན་འབྲེལ་གྱི་སྣ་ཁ་དཔག་མེད་བསྒྲིགས་ཤིང་བརྡ་བསྒྱུར་གྱི་མགོ་བརྩམ། ཡི་གེའི་འདུ་བྱེད་སློབ་བུ་རིག་པའི་ཡེ་ཤེས་ཀྱིས་བྱས། སྐུབས་དེར་སྔོན་མའི་ཉམས་ཆགས་ཀྱི་ཤུགས་དང༌། ཚེ་གེགས་ཆེ་བ་བཅས་ཀྱིས་ཁོ་བོ་ཡང་འདུ་བ་རབ་འཁྲུགས་ཤིང་ཌཱ་ཀྐིའི་བསུ་མ་མང་དུ་བྱུང་ཞིང་འཛམ་གླིང་གཞི་བདག་དྲེགས་ཚོགས་ཕལ་ཆེར་གྱིས་སྐྱེལ་བའི་སྣང་བ་བྱུང་འདུག་ཀྱང༌། སྲིང་མོ་ཆེན་མོའི་ལྷག་བསམ་རྣམ་པར་དག་པའི་སྙིང་སྟོབས་ཀྱིས་རྒྱུ་བྱས། ཁམས་ཀྱི་ཙཱ་རི་ཊའི་དཔའ་བོ་ཌཱ་ཀྐིའི་མཐུ་རྩ་གྱི་རྐྱེན་བྱས། གསང་བདག་དགའ་རབ་དཔའ་བོའི་ཐུགས་བསྐྱེད་དང༌། མ་གཅིག་དབྱིངས་ཀྱི་རྗེ་མོའི་སྔོན་གྱི་བཀའ་དམ་སྨོན་ལམ་རྣམ་པར་དག་པའི་ཐུགས་རྗེས་རྩལ་ཤུགས་ཕྱུངས་ཏེ་ལས་མཛད་སྔགས་ཀྱི་སྲུང་མ་རཱ་ཧུ་ལས་རྟེན་འབྲེལ་གྱི་སྣ་ཁ་སྣ་ཚོགས་བསྒྱུར་ཞིང་ཚེ་གེགས་ཆེན་མོ་བཟློག་པར་མཛད། །བདུད་སྤྲུལ་རྣམས་ཀྱང་དཀྱིལ་འཁོར་གྱི་ཕྱི་རོལ་དུ་བསྐྲད། དམ་ལྡན་རྣམས་རྗེས་སུ་བཟུང་ནས་བཞག་བྲར་ཡང་དབེན་དུ་ཕྱིན་ཏེ། རྡོ་རྗེའི་མིང་འཛིན་བཞིའི་དམ་ལྡན་རྣམས་ལ་ཁོག་ཞུགས་ཀྱིས་དངོས་དང་དངོས་མེད་ཀྱི་ཚུལ་གྱི་རྟེན་འབྲེལ་སྣ་ཁ་ཉིན་མཚན་གཡེལ་བ་མེད་པར་བསྒྲིག །སྲིང་མོ་ཆེན་མོའི་གཙོས་ཡེ་ཤེས་ཌཱ་ཀི་རྣམས་ཀྱང༌། རིག་རྩལ་དུ་བརྫུ་བ་དང༌། རང་ཉིད་ཀྱི་མཐོང་སྣང་ལ་དངོས་གཟུགས་བསྟན་ནས་བརྡ་བསྒྱུར་གྱི་གཉེན་ཁ་འཛིན་ཞིང༌། ཕྱི་ནང་གི་ས་མཚམས་སྲུང་མ་རྣམས་ཀྱིས་བསྲུང་ནས། གསེར་ཡིག་ཅན་གྱི་བརྡ་རིས་བསྒྱུར། དེ་ནས་སྲིང་མོ་ཆེན་མོ་ཡང་གཏེར་སྒྲུབ་ཀྱི་ཡི་དམ་ལྷའི་བསྟེན་སྒྲུབ་ལ་གནས་ཚེ། ས་གཡོ་རི་ངུར་ཆུ་རླུང་རྣམས་ཀྱང་སྔགས་ཀྱི་རང་སྒྲ་སྒྲོགས་པ་དང༌། སྒྲུབ་ཁང་ལ་མེ་འབར་བ་སོགས་ཐུན་མོངས་ཀྱི་རྟགས་དང༌། ཐུན་མིན་དངོས་གྲུབ་ཀྱི་རྟགས་མཚན་ཡང་དཔགཏུ་མེད་པ་བྱུང་འདུག །དེ་ནས་སུམ་ཅུ་གནས་སུ་ཤ་ཟ་མཁའ་འགྲོ་དངོས་སུ་རྒྱུ་བའི་སར་ཕྱིནཏེ། དབང་སྡུད་ཟིལ་གནོན་གྱིས་དམ་འོག་ཏུ་ཚུད་པར་བྱས་ཤིང༌། སྲིང་མོ་སྐུ་མཚམས་གྲོལ་ཞིང་ཕེབ་བྱུང་བ་སླར་ཡང་སྒྲུབ་པ་ལ་ཞུགས་ཤིང་འཁོར་རྣམས་ནས་ཀྱང་གུ་རུའི་གསོལ་འདེབས་བརྩོན་ཞིང༌། ལེའུ་བདུན་མའི་དམིགས་ཁྲིད་བསྡུས་པ་ཞིག་བྱས། སྐུབས་སུ་བརྡ་རིས་དུས་བབ་ཁ་ཤས་ཌཱ་ཀིའི་བསྐུལ་མ་ལྟར་བསྒྱུར་ཞིང་གཉན་ཆེན་ཐང་ལྷ་ཞབས་བརྟན་འབུལ་ཕྱིར་བྱུང་བ་དང༌། དཔལ་ཆེན་སྟོབས་ལྡན་ནག་པོ་སླར་ཡང་དྲེགས་པའི་སྐུར་བཞེངས་པ་གནོད་སྦྱིན་དགྲ་ལྷའི་རྒྱལ་པོ་མཐུ་བོ་ཆེ་ཡང་སྙིགས་མའི་གདུལ་དཀའ་འདུལ་བའི་དུས་ལ་བབ་པར་གབ་པ་མངོན་དུ་ཕྱུངས་ནས་དངོས་གཟུགས་བསྟན་པ་བཅས་ཀྱིས་རྟེན་འབྲེལ་གྱི་སྐྱོན་ཀུན་བསལ་ཞིང༌། ཕྱིའི་ལོག་སྨོན་དབང་དུ་མི་འགྱུར་པའི་ས་མཚམས་ཕྱེས་ཤིང་ཐུགས་ཐིག་ཡང་གསང་ཆེན་མོ་བཀའ་བཙན་ཞལ་དྲོ་བྱིན་རླབས་མྱུར་བར་བྱས། མི་མ་ཡིན་ཀུན་གྱི་གོང་གནོན་གཉེར་འཛིན་ཆེན་མོ་སྲིང་མོ་ཆོས་བདག་ཌཱ་ཀི་མ་ཆེན་མོ་མ་དབྱིངས་ཀྱི་རྗེ་མོ་རྣམ་གསུམ་གྱིས་བསྐོར་ཤིང་གཉེར་དུ་གཏད། དེར་སླར་ཡང་ཚེ་གེགས་ཀྱི་མཐའ་བསལ་བའི་ཕྱིར། ངེད་ཅག་དཔོན་གཡོག་ཁ་ཤས་རྒྱལ་མོ་དམུ་རྡོར་ཕྱིན། སྙིང་རྟེན་ནས་ཚོགས་ཀྱི་འཁོར་ལོ་བསྐོར་ཞིང༌། རྫུ་འཕྲུལ་ཕུག་ཏུ་ཟླ་གཅིག་སྒྲུབ་པ་བྱས། སྐྱེམས་ཀྱིས་མྱོས་པའི་རྐྱེན་བྱས་ནུབ་གཅིག་སྣང་བ་འལ་འོལ་གྱི་ངང་དུ་གཡུ་བྲག་ཏུ་སོང་བར། བུད་མེད་རལ་བ་ཐང་དུ་བསྙིལ་བ་ཞིག་གིས་འདི་གའི་ས་གཏེར་རྣམས་མི་བཞེས་སམ་ཟེར་བར། ང་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལ། །དབང་བསྒྱུར་ཧེ་རུ་ཁཿདཔལ་ཏེ། །ས་གཏེར་གྱི་དགོས་པ་ཡེ་མ་མཆིས། །འཛམ་གླིང་ས་བཅུད་མི་ཉམས་ཕྱིར། །བཀྲ་ཤིས་རབ་ཏུ་གནས་པར་བྱ། །མ་འོངས་བཻ་རོའི་སྤྲུལ་པ་ཡིས། །དུས་ལ་བབ་ཚེ་འབྱིན་པར་བྱེད། །དེ་བར་གཉེར་ཁ་དམ་པར་གྱིས། །ཞེས་སྨྲས་ཤིང་རྫུ་འཕྲུལ་གྱིས་ཕྱིན་པས། བྲག་མཁའ་འགྲོའི་གར་བྱེད་པ་ལྟ་བུའི་གསང་གནས་རྡོའི་སྒོ་མོ་འདུག་པ་སླར་ཡང་སྒོ་བསྔམ་ཞིང་རབ་ཏུ་གནས་པར་བྱསཏེ། སྨོན་ལམ་གཏད་རྒྱས་བཏབ། དེར་བུད་མེད་དེས་གཡས་ཕྱོགས་ཀྱི་བྲག་སྒོ་ཞིག་ཕྱེས་ཏེ། ལྷ་ལྕམ་ཞབས་པད་ཡུན་དུ་བརྟན་པའི་ཕྱིར། ཚེ་ཡི་རྫས་མཆོག་འདི་དང་འདི་གཉིས་ཕུལ། །ཞེས་ཟེར་ཞིང་སྨན་ཐུན་རྫས་བཅས་གཏད། དེར་རང་གནས་སུ་ལོག །དབུ་རྩེར་ཕྱིན་ཞིང་མཚོ་དང་རིའི་ཉམས་པ་དང་མནོལ་བ་ཀུན་སེལ་བའི་ཐབས་ཨོ་རྒྱན་ཆེན་པོ་དང་ཡེ་ཤེས་མཁའ་འགྲོ་ལ་གསོལ་བ་དྲག་ཏུ་བཏབ་ཅིང༌། །མི་མ་ཡིན་རང་རང་ལ་ནུས་པ་ཐོན་པར་བྱས། རྩེ་མོར་ལྷ་སྲིན་དམ་འདོགས་དང༌། དཀར་ཕྱོས་མངའ་གསོལ་ནག་ཕྱོགས་དཔའ་བཀོང་སོགས་དུས་སྐབས་དང་འཚམས་པར་བྱས། དེར་མི་མ་ཡིན་རྣམས་ནས་སླར་ཡང་དུས་ལ་བབ་ཚེ་རྟེན་འབྲེལ་བསྒྲིག་དགོས་ཀྱི་གསོལ་བ་བཏབ་ལྟར་འཕྲོ་མཐུད་འོང་བའི་གནང་བ་བྱིན། དེ་དག་གི་ལས་དོན་གྲུབ་འཕྲལ་མཚམས་གྲོལ་ནས། སྙིང་རྟེན་དགོན་གྲུབ་ནང་ཕྱོགས་བཅས་ལ་དད་མོས་ལྡན་པ་རྣམས་ཀྱི་མོས་པ་དང་མཐུན་པའི་ཆོས་འབྲེལ་གྱིས་རེ་བ་རྫོགས་ནས། ལའུ་ཐང་དུ་ཡར་འཁོར་དེར་ཡུ་ཐང་རྒྱལ་པོ་གཙོས་སློབ་བུ་ཁ་ཤས་ལ་རྩ་རླུང་དང༌། གསར་ཞུགས་རྣམས་ལ་སྔོན་འགྲོའི་སྨོན་ཁྲིད་བཅས་བྱས། ལུག་ལོ་གསར་ཚེས་ལ་ཚེ་གེག་དང་བར་ཆོད་ཀུན་གྱི་མཐའ་དག །ཀུན་མཁྱེན་གོང་མའི་སློབ་བརྒྱུད་དུ་གཏོགས་ཤིང་རང་གི་དངོས་སློབ་ཧོར་པ་མདོ་སྨྱོན་ཚེ་དབང་རྒྱལ་བ་ཞེས་པ་བླ་མའི་སྐུ་གེགས་བཟློག་པ་དང༌། ཕྱིན་ཆད་རྟེན་འབྲེལ་གྱི་ཉེ་བར་འཚེ་བ་ཀུན་ཡོངས་སུ་ཞི་བའི་ཕྱིར་དུ་སྨོན་ལམ་བཏབ་ནས་འཕོ་བའི་གདམས་པར་འབད་ཅིང་ཚེ་འཕོས་སོང་བར། སྦྱངས་ཆོག་དང༌། བསྔོ་སྨོན་རྗེས་འཛིན་གྱིས་དཔལ་རི་པདྨ་འོད་དུ་ལུས་རྒྱ་བྲལ་མ་ཐག་དབུགས་དབྱུང་བར་བྱས། འདི་ནས་བཟུང་བདུད་དང་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་བར་རྒྱལ་ཞིང༌། །ལེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པའི་རྟེན་འབྲེལ་གྱི་མགོ་ཚུགས། ཡུ་ཐང་ནས་རིགས་ཀྱི་མྱུ་གུའི་ཟློག་གར་ནིརྨ་ཀ་ཡང་ཡར་ཕེབས་ཅིང༌། ལའུ་ཐང་དུ་ཁྲི་སྟོན་སོགས་བྱས་ཤིང་དགེ་མཚན་བཟང་པོ་དང་ཨ་ནེའི་གཙོ་གྱུར་སྔར་གྱི་གྲྭ་པ་རྣམས་དང༌། གླེུགས་བམ་ཡོ་བྱད་སོགས་ངོས་འཛིན་དང་སྔོན་གནས་རྗེས་དྲན་གྱི་གཏམ་དང༌། ཤ་ཁྲག་ལ་ལོངས་སུ་མི་སྤྱོད་པ་སོགས། སྐྱེ་སྔོན་ལྟར་རྒྱུས་ཡོད་རྣམས་ཡིད་ཆེས་པར་བྱུང༌། སྐབས་དེར་དད་ལྡན་ཁ་ཤས་ལ་གསེར་ཡིག་ཅན་གྱི་སྒོར་འཕར་ཕྱེས། ཆོས་ཐུན་གྱི་བྱ་བ་རྣམས་རྫོགས་འཕྲལ་རིགས་བརྒྱུད་མིང་འཛིན་རལ་གྲི་དང༌། ཡུ་ཐང་རྒྱ་པོ་སྐུ་འཁོར་བཅས་ལྷ་ལྡན་དུ་ཐེག་ང་རང་མིང་སྲིང་བཞག་བྲར་ཕྱིན་ཏེ། གཏང་རག་མཆོད་བསྟོད་བྱས་ཤིང་རང་གནས་སུ་འཁོར། དགེ་བཤེས་ལྕགས་ལ་གཉིས་ཀྱི་མཁོན་བསྡུམ་སོགས་གཞན་དོན་ཕྲན་བུ་དང་སྐབས་སུ་བབ་པའི་ལམ་རྣམས་བསྒྲུབ། དགུན་དེར་བཞག་བྲར་སྲིང་མོ་སྐུ་མཚམས་དང༌། ང་རང་ཡང་ཉམས་ལེན་ལ་ཅུང་ཟད་གནས། །དར་མདོར་རྒྱ་མི་ཀྲུང་ཐང་ལྷ་ལྡན་ནས་མར་སླེབ་ཅིང༌། ཨ་འཛི་རོང་ལྕགས་མདུད་ཉག་སྐེད་འདི་ཧོར་ཁོག་སྟོད་སྨད་ལི་ཐང་སོགས་སེམས་ཅན་ཡོངས་ལ་གནོད་ཚབ་ཆེ་བས། རྒྱ་བོད་དམག་མི་ཡོ་ལང་འདུ་དགོས་ཟེར་བ་དང༌། ང་རང་ཡང་མཐུན་རྐྱེན་སྒྲུབ་ཕྱིར་འགྲོ་དགོས་ཀྱི་བཀའ་བྱུང་བར་རེ་ཞིག་དམག་འཁྲུགས་ཀྱི་མཐུན་རྐྱེན་མི་བསྒྲུབ་བསམ་ནས། བཞག་བྲར་ཡར་འཁོར་ནས་བསྡད་པའི་ཉིན་གཅིག་དགྲ་བླ་གནོད་སྦྱིན་ཆེན་པོ་དངོས་གཟུགས་བསྟན་ནས། ལོ་ཡི་རྒྱལ་པོ་ས་ཕོ་སྤྲེལ་ཤར་ཚེ། །མཐོང་ཐོས་དྲན་རེག་དོན་གཉིས་སྒྲུབ་པ་ལ། །རེ་ཞིག་ལྟར་སྣང་སྡིག་པའི་ལས་ཡིན་ཀྱང༌། དད་དང་ལོག་ལྟ་བཟང་ངན་འབྲེལ་བས་བསྡུས། ཡང་དག་བྱང་ཆུབ་ལམ་དུ་འཛུད་པའི་ཕྱིར། །དམག་དཔོན་རིན་ཆེན་བྱ་བ་བྱས་ཀྱང་རུང༌། །སྡིག་ལྡན་བྱམས་པ་བསྒོམ་ཡང་ལོག་པར་ལྟ། །དེ་ཕྱིར་གང་བྱུང་ཐེ་ཚོམ་མེད་པར་སྤྱོད། །ཉ་ཡི་ཡུལ་གྱི་མི་ཕོ་དྲག་རྩལ་ཅན། །མི་དགེ་ཤུགས་ཆེ་ནག་ཕྱོགས་ཁ་དར་དང༌། །བསོད་ནམས་ལྡན་པའི་མི་གསུམ་ཡུལ་དེར་གནས། །གུ་རུས་བྱིན་གྱིས་བརླབས་པའི་ས་ཡིན་ཞིང༌། །བསོད་ནམས་མ་རྫོགས་ད་དུང་འདུལ་མི་སྲིད། །དུས་ལ་བབ་པའི་བྱ་བ་མ་བྱས་ན། །འཁོར་འདས་གཉིས་ཀྱི་ས་མཚམས་འབྱེད་པ་དཀའ། །དངོས་མེད་དག་ལའང་ཕན་པའི་སྒོ་འགགས་ཕྱིར། །ཐེ་ཚོམ་མ་བྱེད་དུས་བབ་སྤྱོད་པ་སྐྱོངས། །ཞེས་ཟེར༑ དེའི་ནུབ་རྨི་ལམ་ན། །ཧེ་རུ་ཀའི་ཆ་བྱད་ཅན་གྱི་རྣལ་འབྱོར་ཞིག་གི་ཞལ་ནས། །ང་ནི་ཤྲི་སེང་ཧ་སྟེ། པདྨའི་རིགས་ཀྱི་མྱུ་གུ་ཁྱོད། །སྣང་བ་དར་ལྕེ་རླུང་བསྐྱོད་འདྲ། །གང་ཤར་མ་ཞེན་དགེ་སྡིག་མཉམ། །ཤར་གྲོལ་དུས་མཉམ་ཤར་མཁན་སྟོང༌། །སྣང་སེམས་འདྲེས་ཚེ་གཟུང་འཛིན་ཡལ། །རང་བབ་གྱུར་ཚེ་ཀ་དག་དང༌། །འདི་ལ་ཐེ་ཚོམ་འདུག་གམ་ལྟོས། །སྒྱུ་མ་ལྟ་བུའི་རྣལ་འབྱོར་པས། །སྣང་བ་སྒྱུ་མའི་རོལ་པ་ལས། །སྒྱུ་མའི་འཁྲུལ་འཁོར་བསྐོར་གྱུར་ཀྱང༌། །སྒྱུ་མ་ཞིག་ཚེ་བག་ཆགས་ཡལ། །དེ་ཕྱིར་སྐབས་སུ་བབ་པ་ནི། །བརྟུལ་ཞུགས་ལམ་དུ་སློང་བའི་ཕྱིར། །རུ་ཤན་ཆེན་པོའི་བོགས་འདོན་གྱིས། །དེ་ནས་འཁྲུལ་པའི་གཞི་རྩ་སྟོང༌། །སྤྱོད་པ་གཉིས་ཀྱི་མཚམས་དབྱེའོ། །ཞེས་གསུངས་མི་སྣང་བར་གྱུར་ཏོ། །ཕྱིར་ནང་སྲིང་མོ་ལ། ད་ལན་ཅིས་ཀྱང་རྒྱ་དང་ལྕགས་ལའི་བཀའ་སྒྲུབ་པར་འཐད། །ཕྱིས་སུ་གཞན་གྱིས་སྡིག་པའི་ཕྱོགས་བཟུང་བའི་གཏམ་ངན་ཀྱང་འོང་ཉན་ཡོད་ཞུས་པ། རྒྱ་དང་ལྕགས་ལའི་ཁར་ཉན་པར་མི་འཐད་ཀྱང༌། ཉིད་ཀྱི་ཐུགས་དགོངས་འགྲོ་དོན་དུས་བབ་འདྲ་ཡོད་ན་དེ་ལྟར་མཛོད་གསུངས་པ་ལྟར་ཐག་བཅད། དེ་ནས་དར་མདོར་སོང༌། གཤིན་པོ་འགའ་ཡི་རྗེས་འཛིན་དང༌། རྒྱ་འདྲེ་གདུག་པ་ཅན་ཞིག་ཀྱང་བཏུལ། དམག་གི་མཐུན་རྐྱེན་ལ་འགྲོ་བའི་སྟ་གོན་བྱས། ས་དབང་ལྷ་སྲས་ལ་བཟོད་ནམས་སྦེལ་བའི་མངའ་གསོལ་དང༌། གོ་བསྒོ་ཞིང་ཡར་ལའུ་ཐང་དུ་ཕྱིན་པས། རྨི་ལམ་ན་ཁྱོད་དང་ལས་ཀྱིས་འབྲེལ་ཞིང་མཐུན་རྐྱེན་སྒྲུབ་པའི་མི་ཞིག་སླེབ་པར་ཡོད་པས་གནས་སྐབས་སུ་ཡང་ཕན་ཐོགས་པར་འགྱུར་ཞེས་གཟུགས་མེད་པའི་སྒྲ་ཞིག་གྲགས། ཕྱིའི་ཉིན་དེ་དོན་ཐོག་ཏུ་ཁེལ། དེ་ནས་བཞག་བྲར་སོང་ཞིང་བསང་མཆོད་སོགས་བྱས་ལམ་དུ་ཞུགས་ཏེ། བརྟུལ་ཞུགས་རོ་མཉམ་ཆེན་པོའི་ངང་དུ་དམག་ཐོག་ལ་ཕྱིན། སྤྲེལ་ལོ་ཟླ་བ་དྲུག་པའི་ཚེས་བཅུའི་ཐོ་རངས་ཁར། མི་སྨུག་པོ་དུང་གི་སོ་སྒོ་ཅན་གོ་ཁྲབ་མཚོན་གསུམ་གྱིས་ལུས་ལ་བརྒྱན་ཅིང༌། རྟ་རྐྱང་བུ་ཁ་དཀར་ལ་ཞོན་པ་ཞིག་འོང་སྟེ། ཀྱཻ་ལྷ་དཀོན་མཆོག་གསུམ་གྱི་ཐུགས་རྗེས་གཟིགས། །བཀའ་རྒྱུད་བླ་མ་བྱིན་རླབས་ཅན། །མི་འབྲལ་སྤྱི་བོའི་རྒྱན་དུ་བཞུགས། །ཉག་ཨ་འཛི་རོང་གི་ས་མཚམས་འདིར༑ །སྐྱེས་བུ་ང་ངོ་མ་ཤེས་ན། །འཛམ་གླིང་ནོར་བུ་དགྲ་འདུལ་ཟེར། །གེ་སར་དམག་གི་དཔོན་པོ་ཡིན། །ནག་པོ་རྒྱ་ཡི་ཁ་གནོན་ཡིན། །དབུ་ནག་བོད་ཀྱི་རྒྱལ་པོ་ཡིན། །ད་རས་ལན་གཅིག་འོང་ལེ་འདི། །དགྲ་དང་ཟོན་གཉིས་ཡོད་ལེ་མིན། །ཡོ་དྲང་གཉིས་ཀྱི་ཐིག་ཤིང་དང༌། བདེན་རྫུན་གཉིས་ཀྱི་ཤན་འབྱུང་ཡིན། ང་སྐྱེ་རབས་དགུ་བཅུ་གོ་དགུ་ལ། །དགྲ་ལྷམ་སྒྲོག་ཡན་དུ་ཤོར་མ་མྱོང༌། རྒྱ་ཡི་ཕུང་བྱེད་སྲེར་མོང་མགོ། །ཉ་ཡི་བདུད་པོ་ངོ་དམར་འདི། །བདུད་དང་བདུད་གཉིས་འཐབ་པ་ལ། ཕམ་རྒྱལ་རང་རང་སྔོན་ལས་ཡིན། །དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་གཉན། །རང་རང་ལས་ཀྱི་བྱ་བ་སྐྱོང༌། འདི་ལ་ཕན་གནོན་བྱེད་དོན་མེད། །ཕྱི་འབྱུང་དུས་ཀྱི་ཁུག་སོ་ལ། །རྒྱ་ཡི་ཕུང་བྱེད་རྒྱལ་གྱུར་ན། །སངས་རྒྱས་བསྟན་ལ་གནོད་པ་འབྱུང༌། །ཉ་ཡི་བདུད་པོ་རྒྱལ་གྱུརན། །སེམས་ཅན་ཉེས་མེད་སྡིག་ལ་སྦྱོར། །དེ་གཉིས་མཉམ་པ་ཉིད་དུ་ཞོག །ས་ཕོ་སྤྲེལ་གྱི་ལོ་འདི་ནས། །འཛམ་གླིང་མཚོན་གྱི་བསྐལ་བ་དར། །སྡིག་སྡུག་གཉིས་ཀྱི་རླུང་དམར་འཚུབས། །ཤར་གྱི་རྒྱ་གྲོག་དམར་ནག་འཐབ། །ལྷོ་ནས་ཝ་སྤྲེལ་ཁྱི་སྡེ་འུར། །ནུབ་ཕྱོགས་དམ་སྲི་སྤུན་བདུན་དཀྲུགས། །བྱང་ཕྱོགས་མི་སྡེ་ཁྲ་བར་འགྱུར། །བོད་ཁམས་ཕུང་ལ་ཉེ་བའི་དུས། །མ་འོངས་ལྕགས་པོ་སྤྲེལ་གྱི་ལོ། །པདྨའི་རིང་ལུགས་སྐྱོང་བ་ཡིས། །གུ་རུའི་ཐུགས་རྗེའི་འོད་ཟེར་གྱིས། །བསྟན་ཆགས་སྤྱོད་པ་གསར་རྩོམ་འགྱུར། །སང་གི་ཉི་མའི་ཁུག་ཟུར་ལ། །ལྷ་སྡེ་ཕྱུག་མོའི་ནང་ཤེད་ནས། །དགའ་བདེ་ཆོས་སྐྱོང་ཆེན་ནག་དང༌། །དྲེགས་པ་སྡེ་བརྒྱད་ནང་ཤེད་ནས། །གནོད་སྦྱིན་ཤན་པ་གཏུམ་ཆེན་གཉིས། །དེ་ལ་དེ་འཁོར་བརྒྱ་ཚོ་རེ། །བདུད་ཀྱི་གཡུལ་སྣ་བཟློག་ཙམ་དང༌། །རང་ཕྱོགས་བསྲུང་བ་དམ་པོར་གྱིས། །ང་འདུག་མི་ཁོམས་ང་འགྲོ་བྲེལ། །རྨ་དྲུག་གསུམ་སྟག་མོའི་འདུས་མདོ་ན། ངས་དྲིན་ལན་ཁྱད་དུ་གསོད་པའི་མི། །ནམ་ལངས་སྐར་མ་བཞིན་དུ་གཏོང༌། །ཨི་རེད་མི་རེད་ལྟོས་དང་ཆོག །རིག་འཛིན་ཁྲག་འཐུང་ཧེ་རུ་ཀཿ ཁྱེད་སྣང་བ་གཏད་མེད་ངང་དུ་བཞུགས། །རང་དང་དད་གུས་ལྡན་པ་ཀུན། །བར་ཆད་དབང་དུ་མི་འགྱུར་རོ། །ཞེས་ཟེར་ཞིང་མདའ་དར་ཞིག་ང་རང་ལ་གཏད་ནས། །ཁོ་རང་འཁོར་དཔག་ཏུ་མེད་པ་འདུག་པ་ཀི་བསྭོ་ཧོ་གསུམ་གྱི་སྒྲ་སྒྲོགས་བཞིན་མི་སྣང་བར་གྱུར། །ཕྱིའི་ཉིན་ཕ་རོལ་པོའི་དམག་དཔུང་ཤིན་ཏུ་དབལ་ཚ་བ་བྱུང་ཡང༌། །རང་ཕྱོགས་ཉམས་ཉེས་སུ་མ་གྱུར། །དེ་ནས་བཟུང་སྒྱུ་མའི་འཕྲུལ་འཁོར་ལ་སྦྱང་ཤིངས་མཐོང་ཐོས་དྲན་རེག་འབྲེལ་བས་བསྡུས་བ་ཀུན་ལ་སེམས་བསྐྱེད་རྣམ་བར་དག་པས་དགེ་སྡིག་གཏོང་ལེན་དང༌། །སྨོན་ལམ་བཟང་པོའི་མཚམས་སྦྱར་ཁོ་ནའི་ངང་དུ་དུས་འདས། བུ་ཆུང་ཡང་ཞབས་ཏོག་ཤིན་ཏུ་ཕན་པར་བྱུང༌། །རེ་ཞིག་གི་ཚེ་ཕྱོགས་བཞིའི་དམག་གིས་གླགས་མ་རྙེད་ཅིང༌། །བྱ་ལོ་གསར་ཚེས་ལ་ཀྲུང་ཐང་གཙོས་རྒྱ་དམག་དང༌། ལྕགས་ལ་ས་དབང་གཙོས་རྒྱལ་པོ་རྣམས་ཀྱང་བྱོན་ནས་འཛོམ་པར་རློམ་ཀྱང་རེ་ཞིག་ཉག་རྐེད་པའི་བསོད་ནམས་མ་ཟད་ཅིང༌། ཁོ་རང་ལ་འཁོར་བའི་འབྱུང་པོ་མཐུ་ཆེ་བ་དང༌། ཚུར་ཕྱོགས་ལ་སྡོང་གྲོགས་ཀྱི་ལྷ་རྣམས་གཟུ་བོར་གནས་པའི་དོན་གྱིས། རྒྱ་མི་ཡང་སྣང་བ་འགྱུར་ཞིང༌། །བཏང་སྙོམས་སུ་བཞག་ནས་མར་ལོག །ཕྱོགས་བཞིའི་དམག་མི་རྣམས་ཀྱང་རང་གནས་སུ་གྱེས་ནས། ང་རང་ཡང་ཁྲོ་ཆེན་ས་དབང་གིས་སྲིང་ཆུང་ཁབ་ཏུ་བཞེས་པའི་སྐྱེལ་མར་སོང༌། དགེ་ཞིང་ལེགས་པའི་རྟེན་འབྲེལ་བསྒྲིགས། །སྟོན་མོ་ལོངས་སྤྱོད་དཔག་ཏུ་མེད་པ་མཛད། །དམུ་ཁྲིའི་རྒྱ་སར་སྟངས་དཔྱལ་བདེ་བར་བཞུགས་ཤིང༌། །ང་རང་མཚོ་ཏོ་སོགས་ལ་སྐོར་ཙམ་རེ་ཕྱིན་ནས་རང་སར་ལོག །དེ་ནས་དར་མདོར་ལན་གཅིག་སོང་ནས། མཁན་རིན་པོ་ཆེའི་གཙོས་ས་དབང་ཡུམ་སྲས་བཅས་ལ། །སྐུབས་སུ་གང་བབ་ཀྱི་ཡུལ་གཞན་བགྲོད་རྒྱུའི་དགོངས་པ་ཞུས་ཀྱང༌། དད་འདུན་དབང་གི་ཡུལ་གཞན་བགྲོད་རྒྱུ་ཐུགས་ངལ་དུ་གྱུར་ཅིང༌། ལྕགས་ལ་རང་གི་ས་ཐོག་སྣང་བ་དགའ་བ་དེར་སྡོད་དགོས་ཀྱི་གསུང་ནན་བྱུང་ཡང༌། །བདུད་རྩིའི་མཆོད་པའི་ཐོགས་དོན་གྱི་གནང་བ་ཞུས་ཤིང༌། སྐུ་ཞབས་མཁན་རིན་པོ་ཆེ་ཡང་ཉེ་བར་དག་ཞིང་འབྱོན་པའི་རྟགས་མཚན་ངོམས་འདུག་སྟེ། ཉམས་རྟོགས་བསྡུར་བ་དང༌། ས་ལམ་གྱི་ངོ་སྤྲོད། ཕྱི་ནང་གསང་བའི་སྒྲོ་འདོགས་གཅོད་པ་སོགས་ཐུགས་དགོངས་ཡོངས་སུ་རྫོགས་པར་བྱས་ནས། མ་འོངས་སྐྱེ་བ་ཀུན་ཏུ་གཅིག་གྲོགས་གཅིག་གིས་བྱེད་ཅིང་སྐུ་གསུམ་ཞིང་དུ་མངོན་འཚང་རྒྱུ་བའི་སྨོན་ལམ་རྣམ་པར་དག་པའི་མཚམས་སྦྱར་དང་བཅས། ཡོན་མཆོད་སོ་སོར་གྱེས་ཁར། སླར་ཡང་ལན་གཅིག་མཇལ་བའི་སྨོན་འདུན་དང་བཅས་ལྷ་སྲས་ལ་ཡིད་ཀྱིས་དམིགས་འདུན་ཤིས་བརྗོད་སོགས་བྱས་ནས་དགོངས་པ་ཞུས། རྡོར་བྲག་དགོན་དུ་ཞག་གཅིག་བསྡད་ཅིང༌། བསྟན་སྲུང་རྣམས་ལ་ང་རང་འགྲོ་བའི་འཁྲེན་གཟེར་མེད་ཅིང་རྒྱལ་པོའི་ཆབ་སྲིད་སྐྱོང་བའི་ཕྲིན་བཅོལ་གཉེར་གཏད་སོགས་དང༌། དགོན་པ་ལའང་དར་ཞིང་རྒྱས་པའི་ཤིས་བརྗོད། དད་ལྡན་རྒྱ་རོང་སྲས་ཀྱི་གནས་ཁང་ས་འདུལ་འདི་ཕྱི་དགེ་བའི་སྨོན་འདུན། དབལ་གསས་སྐྱབས་སོགས་སྦྱིན་བདག་རྣམས་ཀྱིས་གཙོས། དར་མདོའི་ཡུལ་ཁམས་ཀུན་དར་ཞིང་རྒྱས་པའི་སྨོན་འདུན་བཅས་ཡར་ཐེག །བཞག་བྲའི་ཉེ་འདབས་ཇོ་སྒང་ཞེས་པ་རི་ཁྲོད་གསར་བསྐྲུན་ཏུ་ང་རང་མིང་སྲིང་གཙོས། དམ་ལྡན་ཁ་ཤས་བཅས་རེ་ཞིག་སྒྲུབ་པ་ལ་གཞོལ། བཞག་བྲ་ཟོ་དོར་རྣམས་ནས་ཀྱང་བཤོལ་འདེབས་བྱུང་ཡང༌། སྤྲེལ་ལོའི་རྟེན་འབྲེལ་གཞན་དབང་དུ་གྱུར་པས་རེ་ཞིག་ཡུལ་དེར་སྡོད་རྒྱུའི་སྐབས་མེད་ཕྱིར་བྱ་ཐབས་བྲལ་ཞིང༌། མི་ཉག་སྨད་ཕྱོགས་ཀྱི་རྟེན་འབྲེལ་མི་འཆུག་ཙམ་དུ་སེངྒེ་རིར་ཕྱིན། དེར་གངས་དཀར་སོགས་དངོས་མེད་རྣམས་ལ་རིག་འཛིན་ཐུགས་ཀྱི་ཐིག་ལེའི་ཆོས་འཁོར་བསྐོར་ཞིང༌། མ་འོངས་པ་ནས་རྟེན་འབྲེལ་འཕྲོ་མཐུད་ཡོད་པར་བྱས། ཐུགས་ཐིག་རྣམ་གསུམ་གཏན་ལ་དབབ་བ་དང༌། ངེད་ཅག་མིངསྲིང་གི་ཚེ་གེགས་བཟློག་པ་བཅས་ཀྱི་ལེགས་པའི་རྟེན་འབྲེལ་ཡང་འགྲིགས། སྐུབས་དེར་ལྕགས་ལའི་མཁན་རིན་པོ་ཆེ་ཡང་ཞི་བར་གཤེགས་སྐད་བྱུང་བར། དགོངས་རྫོགས་མཆོད་པ་དང་རིག་འཛིན་གྱི་ཞིང་དུ་སྐྱེལ་མ་བྱས། ང་རང་ཡང་བསུ་བ་སླེབ་ལྟར་ཁྲོ་སྐྱབས་དམུ་ཁྲིའི་རྒྱལ་སར་སོང༌། སྲིང་མོས་རང་གནས་སུ་སྒྲུབ་པ་མཛད་ཅིང༌། མི་མ་ཡིན་གྱི་ལས་མཇུག་རྣམས་བསྡུས། དམུ་ཁྲིའི་སྲིང་ཆུང་འདུ་བ་ཅུང་ཟད་འཁྲུགས་པ་རང་མལ་ཞི་ནས། ས་དབང་ཆོས་རྒྱལ་རིན་པོ་ཆེར་མཇལ་འཕྲད་དང་ཐུགས་ཡིད་གཤིམ་པར་བྱུང་ཞིང་ཞབས་བརྟན་ཁ་ཤས་ཕུལ། མཚོ་ཏོའི་དུས་མཆོད་ལ་ལྷན་རྒྱས་བྱོན་པ་འཆམས་སྐུ་རྩེད་སོགས་གཟིགས་མོ་མཐར་ཕྱིན། བདག་ཡུམ་དམུ་ཁྲིའི་རྒྱལ་སར་རང་གནས་སུ་ཕེབ་ཅིང༌། ང་རང་གླན་གཅུང་སྲས་རིན་པོ་ཆེའི་རྒྱལ་ས་གསར་བསྐྲུན་དུ་སྐུ་རིམ་དང༌། བཀའ་བློན་སཱའི་ལས་ལ་བསྲུང་བ་ཕྲན་བུ་བྱས་ནས་ཡར་ཐེག་ཅིང༌། ཨ་ལོར་དགོན་པར་རང་སློབ་བླ་མ་ཁུ་དབོན་གཙོས་གྲྭ་ཚང་རྣམས་ལ་དབང་ལུང་ཕྲན་བུ་བྱས་ནས། ཁྱི་ལོ་གསར་ཚེས་ལ། གནས་ཆེན་ཐུགས་རྗེ་ཆེན་པོར་སོང༌། སྨྱུང་གནས་དང་ཚོགས་བརྒྱ་སོགས་བྱས་པར། ནུབ་གཅིག་ཐོ་རངས་ཁར། ཁྱེའུ་དཀར་པོ་མཛེས་ཤིང་བལྟ་བས་ཆོག་མི་ཤེས་པ་ཞིག་བྱུང་སྟེ། སྔོུན་ཚེ་རྒྱ་གར་ལྷོ་ཕྱོགས་ཨིནྡྲའི་ཡུལ། རང་ཅག་སྨོན་ལམ་གཅིག་ཏུ་འབྲེལ་ནས་བཟུང༌། །ཐེ་ཚོམ་མེད་ཅིང་དམ་ཚིག་མ་ཉམས་མཐུས། །སྐྱེ་ཀུན་གཅིག་གྲོགས་གཅིག་གིས་བྱེད་པ་ཡིན། །རིགས་གསུམ་གནས་འདི་ཁྱོད་ཀྱིས་གསོས་ནས་བཟུང༌། །ཉམས་པར་མ་གྱུར་བྱིན་རླབས་གོང་དུ་འཕེལ། །རྩེ་མོ་ཞི་ཞིང་རྩ་བ་དྲག་པོའི་གནས། །གཤིན་རྗེ་གཤེད་ཀྱི་མཐུ་སྟོབས་རྩལ་འབར་བས། །བདུད་རིགས་མ་དག་འབྱུང་པོས་གླགས་མི་རྙེད། །ཐུགས་གནས་འབྱེད་པའི་དུས་ལ་མ་བབ་ཅིང༌། མ་འོངས་ཆགས་ཤིང་དུས་སུ་སྨིན་པར་འགྱུར། །ནོར་སྐྱོང་ལོ་འདིར་ཁྱོད་ཀྱི་ཚེ་གེགས་དང༌། །ངུར་མོའི་མཇུག་ཏུ་ཌཱ་ཀིའི་བར་ཆད་གཉིས། །ལས་སྨོན་དག་པའི་ཤུགས་ཀྱིས་བཟློག་སྟེ་ཐལ། །སྐུབས་ཀྱི་འདུ་བ་ཅུང་ཟད་འཁྲུགས་གྱུར་ཀྱང༌། །ཁྱེད་ཀེག་ང་སྤྲུལ་ཀླུ་དབང་སྤྲུལ་པས་བཟློག །ཌཱ་ཀི་པདྨ་གུ་རུ་ཊ་ཡིས་སྐྱོབས༑ བདུད་སྤྲུལ་སྟོབས་ཀྱིས་རྟེན་འབྲེལ་བཤོལ་གྱུར་བའི། །མི་ལོ་བཅུ་གསུམ་མ་དེ་ཕྱོགས་ལས་དོན་འགྲུབ། །དེ་ཚེ་དེ་ཡི་མྱུ་གུ་འཁྲུངས་ཡང་སྲིད། །ཡུལ་འདིར་སྨོན་ལམ་ལོག་པའི་བདུད་མོས་བཟུང༌། །ཁ་ན་མ་ཐོའི་འཐོར་རླུང་འཁྲུགས་པ་ཡིས། །དྷརྨ་རཱ་ཛའི་རྒྱལ་བརྒྱུད་སྤེ་ལ་བར་དཀའ། །ཕུང་འཚེང་གཉིས་པོ་མེ་དང་དུད་པ་བཞིན༑ ལས་རླུང་དྲག་པོས་བསྐྱོད་པའི་འཚུབས་མ་དེ། །མཐའ་གཅིག་དཀར་པོའི་ཆོས་ལ་འགྱུར་སྲིད་ན། །རང་དོན་ཆོས་སྐུའི་རྒྱལ་ས་ཟིན་ཡང་སྲིད། །བསྟན་པའི་པད་ཚལ་ལྷོ་བྱང་གཉིས་སུ་རྒྱས། །ཤར་ཕྱོགས་ཉི་མའི་ཟེར་གྱིས་མ་བསྲིང་ན། ནུབ་ཕྱོགས་དམར་པོའི་རི་ལ་མངོན་འཚང་རྒྱཿ ཞེས་གསུངས་ཤིང༌། ཤེལ་གྱི་བུམ་པའི་བདུད་རྩི་སྤྱི་བོར་བླུགས་པས་ལུས་ཀྱི་སྣོད་ཀུན་ཁྱབ་པར་བྱུང་ཞིང་མི་སྣང་བར་གྱུར་ཏོ། །དེ་ནས་འདུས་པ་རྣམས་ལ་དབང་དང་ཆོས་འབྲེལ་སོགས་ཀྱིས་ཚིམ་པར་བྱས་ནས་སོ་སོར་གྱེས། ངེད་རང་དཔོན་གཡོག་རྣམས་ཀྱང་ལམ་དུ་ཞུགས་ནས་འོང་བས། ཞག་གཅིག་ཙམ་ནས་འབམ་རྐྱེན་གྱིས་རྐང་པ་ན་ཞིང་ཟུག་རྡུ་ཅུང་ཟད་བྱུང་བར། ཝོ་ཟི་ཨ་བོ་ཞེས་པར་ཞག་གཅིག་ཉལ་པའི་ཐོ་རངས་ཁར་གཉིད་སད་ཅིང་བླ་མ་ལ་གསོལ་བ་བཏབ་ཀྱི་ན་བསྡད་པས། ཕ་རྗེ་བཙུན་ཆོས་ཀྱི་རྒྱ་པོ་དེ་ཉིད་ཧེ་རུ་ཀའི་ཆ་བྱད་ཀྱིས་མདུན་གྱི་ནམ་མཁའ་འཇའ་སྤྲིན་འཁྲིགས་པའི་ཀློང་དུ་བྱོན་ཏེ། ཕ་བཀའ་དྲིན་ཅན་དེས་བྱིན་གྱིས་རློབས། །བུ་མ་ཡེངས་རིག་པའི་རང་མདངས་སྐྱོང༌། །ནང་འདུུ་བ་རྣམ་བཞི་འཁྲུགས་པའི་དུས། །ལས་སྡིག་སྒྲིབ་དག་པའི་ཕྱགས་མ་རུ། །ཕ་བླ་མས་དངོས་གྲུབ་གནང་བར་སྒོམས། །གདོན་ཡི་དམ་ཡིན་པས་དངོས་གྲུབ་ཞུས། །གཟེར་མཁའ་འགྲོར་ཤེས་པའི་བདེ་སྟོང་སྒོམས། །ནང་རྒྱུ་རྐྱེན་རྟེན་འབྲེལ་བརྟགས་པའི་ཚེ། །སེམས་ཡེ་སྟོང་འདུས་མ་བྱས་པའི་ངང༌། །ཁོ་ན་བྱ་ན་བྱེད་ཀྱི་མཁན་པོ་བོར། །ལར་རིག་དོན་ཟུག་རྔུའི་རྩ་བ་སྟོང༌། །ཁྱོད་མ་དག་འབྱུང་འདུས་ཕུང་པོ་སྟེ། །འཁོར་ལྷ་འདྲེའི་ཚོགས་ལ་གཟན་དུ་བོར། །རང་རིག་སྟོང་བློ་འདས་ངང་ལ་ཞོག །ནང་འདི་ཡིས་འཁོར་འདས་ས་མཚམས་འབྱེད། །སྒོམ་སྤྲོས་བྲལ་གྱི་ལོ་འདབ་རྒྱས་པ་འདི། །ཡེང་སྒོམ་མེད་ཀྱི་འབྲས་བུ་དུས་སྨིན་འགྱུར། །ད་བསྟན་པ་བྱང་གི་ཕྱོགས་སུ་དར། །ཁྱོད་གཞན་ཕན་འགྲོ་དོན་རོང་ཡུལ་སྤྱོད། །དུས་འདི་ནས་མི་ལོ་ཉེར་ལྔའི་དུས། །དཔལ་རྡོ་རྗེའི་དབྱིངས་ཀྱི་བྲག་སྐྱིབས་ན། །མ་མཁའ་འགྲོ་འདུ་བའི་གནས་ཡོད་དེ། །ས་དེ་རུ་སྒྲུབ་པའི་རྒྱལ་མཚན་ཚུགས། །བུ་བརྒྱད་ཅུའི་མཐའ་རུ་ཕྱིན་པར་ངེས། །ལོ་འདི་ཡི་བར་ཆད་འཕགས་པས་བསལ། །ལུག་བསམ་གཏན་སྒོམ་པའི་སྟོབས་ཀྱིས་གྲོལ། །སྤྲེལ་རྡོ་རྗེའི་གོ་ཆ་ལུས་ལ་བགོ །བྱ་བུ་སློབ་སྦྱོང་པའི་དུས་ཡིན་ནོ། །དུས་རྟག་ཏུ་འགྲོ་བའི་དོན་ལས་མེད། །རང་བདེ་སྐྱིད་ལྡན་པའི་སྟ་གོན་དང༌། །འཁོར་བ་སོགས་འཇོག་ལམ་དུ་མ་ཁྲིད་པར། ནོར་མཆོད་སྦྱིན་གནད་ལ་འབུང་གྱུར་ན། །ཡུལ་གང་དུ་བསྡད་ཀྱང་དབེན་པར་མཚུངས། །གནས་ཡོ་བྱད་གཟུགས་མེད་ལྷ་འདྲེས་སྒྲུབ། །གྲོགས་ཡེ་ཤེས་མཁའ་འགྲོའི་མཐུན་རྐྱེན་ཡོད། །ཕ་ང་དང་དགོངས་པ་མཉམ་པའི་དུས། །ད་ཐེ་ཚོམ་སྒྲོག་ལས་གྲོལ་བར་མཛོད༑ ཅེས་གསུངས་ཤིང་མི་སྣང་བར་གྱུར། དེ་ནས་བཟུང་ཟུག་གཟེར་གྱི་སྣང་བ་མེད་ཅིང༌། ཡིད་སྤྲོ་དགའི་ངང་ནས་དེ་ཡན་གྱི་དགོན་པ་དང་ཡུལ་སྡེ་རྣམས་ལ། ཁྲོམ་དབང་དང་ཆོས་འབྲེལ་རྣམས་ཀྱང་མི་ཆགས་པར་བྱ་ནས་གཡི་ཁོག་ཏུ་སླེབས། དཔོན་མོས་མཐུན་རྐྱེན་བསྒྲུབ་ཅིང་དབེན་པ་ཞིག་ཏུ་གནས་བདེ་བར་བྱས་ཤིང་རེ་ཞིག་བསྡད། ལོ་གོ་བ་རིག་འཛིན་ཆོས་བསྟན་འཚོ་བྱེད་དུ་བོས་བྱུང་བར། འབམ་བཅོས་བྱས། ནང་ཅིག་ཐོ་རངས་ཁར་སྦྱན་རས་གཟིགས་ཀྱི་སྤྲུལ་པ་འཕགས་པ་ཀླུ་དབང་རྒྱལ་པོ་སྐུ་མདོག་དཀར་གསལ་འོད་དང་འོད་ཟེར་མུ་མཐའ་མེད་པར་འཕྲོ་བ། མགྲིན་པ་ཡན་ཆད་ཅུང་ཟད་སྔོ་བ་ཕྱག་ན་སྨན་གྱི་བུམ་པ་བསྣམས་པ་ཞིག་བྱོན། རང་རང་གི་ལུས་སྤྱི་བོ་ནས་རྐང་མཐིལ་ཡན་བཟུང་སྨན་གྱི་ཁ་ཕྲུ་བཏབ། ཀླུ་རིགས་མང་པོ་ཡང་འདུས་ནས་དེ་དག་ཀུན་ལ་སྨན་གྱི་སྦྱིན་པ་མཛད་ནས། ང་རང་གི་ནད་ལས་གྲོལ། སྤྱན་རས་གཟིགས་དབང་ཀླུ་ཡི་སེམས་དཔའ་ཡང༌། །རྟག་ཏུ་ཚད་མེད་བཞི་ཡི་ངང་ཉིད་དུ། །བྱང་ཆུབ་སེམས་ཀྱི་དཔའ་གདེངས་དྲག་པོ་བསྐྱེད། །གཏི་མུག་ཀླུ་ཡི་འགྲོ་དོན་དཀའ་མོད་ཀྱང༌། ནཱ་གའི་འཇིག་རྟེན་སྟོང་པར་མ་གྱུར་བར། །གནས་པར་དམ་བཅས་ཡལ་བར་ག་ལ་དོར། །སྔོུན་ཚེ་མེ་ཏོག་འདམ་མཛེས་ཁྲོད་ཉིད་ནས། །ཁྱོད་དང་ཌཱ་ཀི་ང་དང་ལས་ཀྱིས་འབྲེལ། །ལོ་འདིར་ཁྱོད་ཀྱི་བར་ཆད་ང་ཡིས་བཟློག །ཌཱ་ཀི་ཡབ་ལས་བྱུང་བའི་ནཱ་ག་ཟུང༌། །གཅིག་ནི་བྲམ་ཟེ་གཅིག་ནི་གདོལ་བའི་རིགས། །དེ་གཉིས་ནད་ལས་གྲོལ་བ་ངེས་སྲིད་ཀྱང༌། །ང་ཡི་སྒྲུབ་པར་འབད་ནས་རྐྱེན་བསླང་དགོས། །ཐོག་ཏུ་ཁེལ་ན་ནད་ལས་གྲོལ་བར་ངེས། །བར་ཆད་མི་འབྱུང་དུས་ལ་བབ་པའི་ཚེ། །ཀླུ་གཤེད་གདུག་པ་འདུལ་པའི་ཧེ་རུ་ཀཿ ལག་ཏུ་ལོན་ཚེ་རང་གཞན་ཀུན་གྱི་གསོས། ཞེས་གསུངས་སོ། དེ་ནས་རིམ་བཞིན་འདུ་བ་ཡར་དྭངས་སུ་གྱུར། །སེང་གེ་རི་ནས་སྲིང་མོ་དང་སྤྲུལ་སྐུ་གཉིས་བཅས་ལྐོག་གྱུར་གཟིག་པ་ལྟར་ལའུ་ཐང་དུ་ཕེབས་པ་དང་དུས་མཉམ། ང་རང་ན་ཚུལ་གསན་ཏེ་ཡར་གཡི་ཁོག་ཏུ་ཕེབས་ཤིང་ཚ་ཆུ་ཁར་གདོང་འཛོམས། རེ་ཞིག་གཡི་ཁོག་ཕྱོགས་དེར་གང་དབེན རྣམས་སུ་བསྡད་ཅིང་ཌཱ་ཀིའི་བཀའ་ལུང་རྣམས་བསྒྲུབས། སྟོན་དེར་ཤར་གྲོང་ས་ཆར་རི་ཁྲོད་ཞིག་ཏུ་སོང་ནས་བསྡད། སྡེ་དགེ་བཀྲ་ཤིས་དགེ་ལེགས་སོགས་ཕྱོགས་མཐའ་དག་གི་འདུས་པ་རྣམས་ལ་སྔོན་འགྲོ་རྩ་རླུང་གི་སྨིན་ཁྲིད་དང༌། དབང་ལུང་ཁ་ཤས་སོགས་བྱས། ལྕགས་ལར་དགོངས་པ་ནན་ཞུས་བྱས་ནས། ཕག་ལོ་གསར་ཚེས་ལ་དེ་ག་ནས་ཐེག་ཅིང༌། སྒར་གཞི་སིང་ཚང་དགོན་པར་བསྡད་ང་རང་མིང་སྲིང་ཁྲོ་སྐྱབས་ས་དབང་གི་བཀའ་ལྟར་དམུ་ཁྲིའི་རྒྱལ་སར་སླེབས། ས་དབང་སྲིང་ཆུང་བཅས་པ་མཇལ་འཕྲད་ཞིབ་མོའི་ཐོག །ཞབས་བརྟན་ཁ་ཤས་སྒྲུབ་ཅིང་སྟོད་ཕྱོགས་སུ་འགྲོ་རྒྱུའི་དགོངས་པ་ནན་ཞུས་ཀྱང༌། གཏན་ནས་མ་གནང་ཐོག་གསུང་ནན་ལྗི་བས་བྱ་ཐབས་བྲལ། དེ་ནས་མཚོ་ཏོར་སྐོར་ཙམ་ཕྱིན་ཏེ་སྡེ་དགེའི་བསུ་བ་རྣམས་རང་ཡུལ་དུ་ལོག །ཕུན་ཚོགས་རྫོགས་ནས་བསུ་མ་བྱུང་ལྟར་སིང་ཚང་དགོན་ནས་སྒར་གཞི་བཅས་དེ་ཕོགས་སུ་ཐེག །ཕུན་ཚོགས་རྫོང་དུ་ཡུམ་སྲས་ཀུན་ལ་མཇལ་འཕྲད་དང་ཞབས་བརྟན་ཁ་ཤས་བསྒྲུབས། སྲིང་མོ་རྣམ་རྒྱལ་སྟེང་དུ་རེ་ཞིག་བཞུགས་ནས། ང་རང་སོ་མང་རྒྱལ་ཁབ་ནས་བསུ་བ་བཀའ་ནན་བྱུང་ལྟར་དེ་ཕྱོགས་སུ་སོང༌། བདག་ཡུམ་སྲས་གསུམ་ལ་མཇལ་འཕྲད་ཐོག་ལྷ་སྲས་ཞབས་པད་བརྟན་ཕྱིར་ཆུང་སྲི་འདུལ་བའི་བཀའ་ཕེབས་ལྟར་བྱས། ཀཿམཆོག་དགོན་དུ་ཚེས་བཅུ་ཆེན་མོར་ཡོན་མཆོད་འཁོར་བཅས་ཕེབས་པར། ཚེས་བཅུའི་ཉིན་མདུན་རིའི་རྩེ་ནས་གུ་རུ་སྣང་སྲིད་ཟིལ་གནོན་མཁའ་འགྲོ་ལྔ་དང༌། གྲུབ་ཐོབ་མང་པོས་བསྐོར་བ་མཇལ་ཞིང་བསམ་ལྷུན་ཚར་བདུན་གྱི་རིང་ལ་བཞུགས། སྐུ་ལས་འོད་ཟེར་སྣ་ཚོགས་ཀྱིས་ཞིང་ཁམས་ཀུན་ཁྱབ་པའི་སྣང་བ་བྱུང༌། གསོལ་འདེབས་དང་སྨོན་ལམ་དྲག་པོ་བྱས། ཚེས་བཅུ་རྫོགས་ནས་ཁྲོམ་དབང༌། རི་རྩེར་བསང་བརྔན་ལྷ་སྲིན་དམ་འདོགས་སོགས་བྱས། རྟགས་མཚན་ལེགས་པར་བལྟས་ཤིང་ལྷན་རྒྱལ་སར་གདན་འཇགས། རཏྣ་དང་བདུད་འདུལ་ཆོས་སྐོར་གྱི་འདོན་ཚོགས་རྣམས་དང༌། ཀརྨ་གླིང་བའི་ཞི་ཁྲོ་སོགས་ཉེར་མཁོ་ཁ་ཤས་ཀྱི་དབང་ལུང་ཕུལ། བཀའ་བརྒྱད་བདེ་གཤེགས་འདུས་ཆེན་གྱི་ཁྲམ་མདོས་སོགས་ཞབས་བརྟན་དགོས་རིགས་རྣམས་ཕུལ། སྦྱིན་བདག་ཁ་ཤས་ཀྱི་འདོད་པ་རྫོགས་པར་བྱས་ནས་ཁྲོ་ཆུའི་ཕྱོགས་སུ་ཆུ་སྨན་དང༌། ཡུལ་ཁམས་སྤྱིའི་གཟུགས་མེད་འགའ་དགེ་ལ་བསྒྱུར་བ་དང༌། གཟུགས་ཅན་རྣམས་ཀྱང་མཐོང་ཐོས་དྲན་རེག་འབྲེལ་པས་བསྡུས་ཙམ་རེ་སོང༌། ནག་ཕྱོགས་རྣམས་ཀྱང་དང་པོར་ཐོ་མཚམས་བར་བྱུང་ཡང་ཆོས་ཉིད་ལྟ་བས་ཟིལ་གྱིས་མནན་ཞིང་དཔའ་བཀོང༌། ཚ་ཆུ་ནས་སྨན་མོ་བདུན་དམ་འོག་ཏུ་ཚུད། དེ་ནས་ཁྲོ་ཆུ་སྟོད་སྨད་ནས་བརྒྱུད་ཟུང་ཕན་སྨད་ཐེའུ་ཀྱི་ཟེར་བའི་སར་སྨན་བླའི་གནས་རི་ཞིག་གི་གནས་སྒོ་གསར་འབྱེད་བྱས་ཤིང༌། འབྱིན་འཇུག་དང་རབ་ཏུ་གནས་པའི་བཀྲ་ཤིས་ཀྱི་མེ་ཏོག་འཐོར། །ཆོས་མ་དར་བའི་ཡུལ་དུ་འདུག་པ་སྨྱོན་པའི་བརྟུལ་ཞུགས་ཁོ་ནས་མི་ཀུན་འདུས་ཤིང་མཐོང་ཐོས་ཀྱི་འབྲེལ་བ་ཐོབ་པར་བྱས། གཟུགས་མེད་འགའ་ཞིག་གནས་སྤར་བ་དང། དམ་འོག་ཏུ་ཚུད་བར་བྱུང༌། ཁྲོ་ཆུ་སྟོད་སྨད་ཆོས་འབྲེལ་དགོས་རིགས་དང་སྦྱིན་བདག་རྣམས་ཀྱི་བསྲུང་བ་དང༌། གཞན་ཡང་མཐོང་ཐོས་དྲན་རེག་ཀུན་སྨོན་ལམ་དག་པའི་མཚམས་སྦྱར་གྱི་རེ་བ་བསྐང་ལྡེ་ཁ་རྒྱལ་སར་སླེབས། ཡུལ་ཁམས་སྤྱི་ལ་ཕན་པའི་ཕྱིར་དུ། སྲི་མནན་དང་བཟློག་པ། ཡི་དམ་དང་མཁའ་འགྲོ་མཉེས་པའི་སྦྱིན་སྲེག །ཟོ་དོར་དཀར་ཕྱོགས་ལ་བསང་བརྔན། ནག་ཕྱོགས་ལ་སྦྱིན་པ་དང་དམ་འདོགས་སོགས་རྒྱས་པར་བྱས། ཡུལ་དེར་རྒྱལ་པོ་བསྒྲུབ་ཅིང་ཚེ་མཐར་མ་ཕྱིན་པའི་གསར་སྐྱེས་འབྱུང་པོ་ཁ་ཤས་འདུག་པས་གནོད་སྦྱོར་གྱིས་བསྟན་སེལ་སྡེ་འཁྲུགས་ཅུང་ཟད་བསླང་བའི་མངོན་རྟོགས་ངོམ་ཀྱང༌། རེ་ཞིག་དུས་ལ་མ་བབ་པས་དམ་འོག་ཏུ་མ་ཚུད། སྐུབས་དེར་ནུབ་གཅིག་ཐོ་རངས་ཁར་ཌཱཀྐི་དམར་མོ་ཞིག་བྱུང་སྟེ། ཀྱེ་ཧོ་ལེགས་པར་གསོན་དང་ཧེ་རུ་ཀ༔ མཐའ་འཁོབ་སེམས་ཅན་མ་རུང་ཀླ་ཀློའི་རིགས། དཀོན་མཆོག་རྒྱལ་བའི་རྟེན་ལ་མོས་གུས་དང༌། མི་དགེའི་སྡིག་ལ་འགྱོད་པའི་སེམས་མེད་ཅིང༌། བྱང་ཆུབ་སེམས་ཀྱི་མྱུ་གུ་མ་སྨིན་པར། དམུས་ལོང་ཁྱུ་གཅིག་ཚོགས་པ་ལྟ་བུ་ཡི། །རྨུ་རྒོད་ཡུལ་འདི་སྙིང་རྗེའི་ཡུལ་དུ་གྱུར། གདུལ་དཀའ་འདུལ་བར་རབ་བསྔགས་དཔའ་བོ་ཡིས། །སྣ་ཚོགས་ཐབས་ཀྱི་རྟེན་འབྲེལ་སྒོ་ཕྱེས་ནས། །སྔོུན་ཚེ་མཁའ་འགྲོའི་རྗེ་བོ་པདྨ་རྒྱལ། །ཤེས་རབ་ཡུམ་མཆོག་མན་དཱ་ར་བ་ཟུང༌། ཁྲ་མོའི་བྲག་ནས་མཚོ་རྒྱལ་རྗེས་བཟུང་ཞིང༌། །ཨིནྡྲའི་ཡུལ་དུ་སྒྲུབ་པ་མཛད་པའི་ཚེ། །མཁའ་འགྲོ་བདུད་འདུལ་མ་ཡིས་རྒྱུད་བསྐུལ་ནས། །རྟ་ཕག་ཡབ་ཡུམ་སྐུར་བཞེངས་ཡུལ་འདིར་བྱོན། །བདུད་དང་སྲིན་མོ་བཏུལ་ཞིང་སྦྱོར་སྒྲོལ་གྱི། །སྤྱོད་པ་རྨད་བྱུང་རྨུ་བདུད་གཏུམ་པོ་དང༌། སྲིན་མོ་ཟ་བྱེད་དམར་མོ་རྗེས་སུ་བཟུང༌། །མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་ཆེན་པོ་དུང༌། །དབང་བསྐུར་དམ་བསྒྲགས་གསང་བའི་མིང་ཡང་བཏགས། མ་འོང་ལྔ་ཕྲག་ཐ་མའི་དུས་ཀྱི་ཚེ། །གསང་སྔགས་བསྟན་བ་ནུབ་ལ་ཉེ་བ་ན། །ལྷ་ལྕམ་སྐྱེས་བུའི་འགྲོ་དོན་དུས་བབ་པ། །རྒྱས་ཆོས་མཁའ་འགྲོའི་བརྡ་རིས་བོད་བསྒྱུར་ཚེ། །ལས་ཀྱི་གཉེར་འཛིན་ཆོས་ཀྱི་སྦྱིན་བདག་ཏུ། །ལུང་བསྟན་ཐུགས་ཐིག་གདུལ་བྱ་མ་རྫོགས་བར། །རྡོ་རྗེའི་མིང་འཛིན་བཞི་ཡི་ཕོ་ཉ་བ། །ཚེ་རིང་མཐུ་སྟོབས་རྫུ་འཕྲུལ་མི་ཉམས་པའི། །དངོས་གྲུབ་གནང་ཞིང་སྨོན་ལམ་བཏབ་པ་ལྟར། །ད་ལྟ་རྟེན་འབྲེལ་སྒོ་འབྱེད་དུས་ལ་བབ། །སྲིན་མོའི་བྲག་ལ་བྱིན་རླབས་མཛད་རེ་རན། །ཞེས་གསུངས་པ་དང༌། །སྲིང་མོ་ལ་མཁའ་འགྲོ་མས། །རྨུ་རྒོད་གདུལ་བྱ་མ་རུང་འདུལ་བའི་ཕྱིར། །ཁྲོ་བོ་བཅུ་ཡིས་བྱིན་གྱིས་བརླབས་པའི་ཚེ། །གནས་ཆེན་གཅིག་ལ་གནས་ཕྲན་བརྒྱད་ཀྱིས་བསྐོར། །གཟུགས་ཅན་མཐོང་ཐོས་དྲན་རེག་ཡིད་སྐྱོ་བ། །འབྲེལ་ཚད་དོན་ལྡན་གཟུགས་མེད་དུང་ཕྱུར་འགའ། །མ་དག་ལས་ལས་འདྲེན་པ་ཐེ་ཚོམ་མེད། སྔོུན་སྨོན་ཡིན་པས་སྙིང་སྟོབས་མ་ཞན་ཅིག །ཞེས་གསུངས་པ་དུས་མཚུངས་འདུག་པས། ཆུ་བྱི་ལོ་ཟླ་བ་དང་པོའི་ཚེས་དགེ་བར་གནས་བདག་ཨ་ཝོ་ཐབས་ཤེས་ཀྱི་ཉེ་འདབས་ཁེ་རྟག་རྒྱལ་ཞེས་པའི་གནས་སར་གྱི་སྒོ་ཕྱེས། སྟེང་ཁང་རྡོར་སེམས་རང་བྱོན་ཅུང་ཟད་གསལ་བའི་དུས་ལ་མ་བབ་འདུག་ཀྱང༌། འོག་ཁང་བཅུ་གཅིག་ཞལ་དང༌། ཆེ་མཆོག་ཧེ་རུ་ཀཿ གྲོ་ལོད་སོགས་ཀྱི་རང་བྱོན་དང༌། དུར་ཁྲོད་གསང་ཕུག་སོགས་གསལ་བར་བསྟན། གཞན་ཡང་མངོན་དང་མི་མངོན་པའིརང་བྱོན་དང་བརྡ་རིས་སོགས་གསལ། །གནས་དེར་ཞག་བདུན་གྱི་བར་དུ་སྒྲུབ་བ་དང་ཏིང་ངེ་འཛིན་ལ་གནས། ཁམས་དབུས་རོང་གསུམ་གྱི་ཐ་ཚིག་ལ་གནས་པའི་དྲེགས་ཚོགས་འདུས་ཤིང་དགའ་སྟོན་ཡང་དཔག་ཏུ་མེད་པ་བྱུང༌། ཚེས་བཅུའི་ཐོ་རངས་ལ་རོལ་མོ་དང་གླིང་བུའི་སྒྲ་སྤོས་ཀྱི་དྲི་སོགས་འཐུལ་བར་བྱུང༌། ནམ་མཁའི་དབྱིངས་སུ་འཇའ་དང་འོད་ཀྱི་གུར་ཁང་འཁྲིགས་པའི་ཀློང་ན། སློབ་དཔོན་སྐུ་མདོག་ལྗང་སེར་སྙན་ཞུ་དང་ཕོད་ཆེན་ཟ་འོག་གསོལ་བ། ཕྱག་གཡས་པ་རལ་གྲི་དང་གཡོན་ཐོད་པ་བདུད་རྩིས་བཀང་བ་བསྣམས་པ་ཞིག་གིས། དབྱིངས་ཀ་དག་ནམ་མཁའ་དྭངས་པའི་ཀློང༌། མདངས་ལྷུན་གྲུབ་རིག་པ་རྩལ་ཆེན་ལ། །ང་དངོས་མེད་འཇའ་ཚོན་གཟུགས་སྣང་བ། །མིང་བཱི་མ་མི་ཏྲ་ཞེས་བྱ་སྟེ། ཡུལ་རྒྱ་ནག་རི་བོ་རྩེ་ལྔ་ཡི། །དབྱིངས་རང་བྱོན་ཕོ་བྲང་དབུས་ནས་འོང༌། །མིག་མ་ཡེངས་ཁོ་བོའི་སྣ་རྩེར་གཏོད། །ཨ་སྐྱེ་བ་མེད་པ་ཆུ་ཤེལ་མདོག་གདངས་ཡེ་ཤེས་ལྔ་ཡི་འོད་འཆར་བ། །འདི་ཀུན་བཟང་དགོངས་པའི་ཡི་གེ་སྟེ། བུ་ཁྱོད་ལ་བྱིན་རླབས་བརྡ་དོན་སྤྲོད། །ལར་ཤེས་རིག་ཟང་ཐལ་གཉུག་མའི་གཤེས། །ཚིག་སྨྲ་བསམ་བརྗོད་པའི་མཐར་འདས་ཀྱང༌། །བརྡ་སྐུ་དང་ཡི་གེར་ཤར་བ་ཀུན། །དཔལ་ཡོན་ཏན་ཀུན་གྱི་འབྱུང་གནས་ཆེ། །གཞི་དོན་དམ་དཀོར་བདུན་ངོ་བོར་གྲུབ། །དབྱིངས་ནམ་མཁར་དྭངས་པའི་མཁའ་ཀློང་དུ། །རྩལ་སྐུ་དང་ཐིག་ལེ་རིག་པ་གསུམ། །དོན་ངོ་བོ་རང་བཞིན་ཐུགས་རྗེ་སྟེ། །མཐར་མཉམ་རྫོགས་ཆེན་པོར་ལ་བཟླས་ན། །འབྲས་འཕོ་མེད་ཆོས་སྐུའི་རྒྱལ་ས་ཟིན། །ཡང་འགྲོ་བའི་དོན་དུ་སྙིང་རྗེ་རྩལ། །གཞི་སྐྱེ་མེད་ཡི་གེ་སོར་རྩེར་གཏད། །ལམ་ལྔ་རྫོགས་ལྔ་ཡི་འབྲས་བུ་ཅན། །ཁོང་བྱ་གྲུབ་ཡེ་ཤེས་རང་ཤར་ཚེ༑ །འཇའ་འོད་ལུས་ཡེ་ཤེས་སྙིང་པོ་ཅན། །སླར་གདུལ་བྱའི་དོན་དུ་རང་ཤར་བ། །འདི་འཕོ་བ་ཆེན་པོའི་སྐུ་ཞེས་བྱ། །དོན་ཤེས་པར་གྱིས་ཤིག་སྐལ་ལྡན་བུ། །ཞེས་གསུངས་ཤིང༌༑ སྤྱན་འབྲུ་ཚུག་ཏུ་བདག་ལ་གཟིགས་བར། །ཁོ་བོའི་ཡང་བཟང་ངན་གྱི་རྟོག་པ་དབྱིངས་སུ་འགགས་ཏེ། ཐུགས་ཡིད་བསྲེ་བའི་ངང་ལ་བཞག་པས་ཤིང་རྩེ་ཨ་ལས་ཨ་གཉིས་པ་ཞིག་ཆད་དེ། །བདག་གི་སྣ་རྩེར་བབ་ཅིང་དར་ཅིག་ཆོས་ཉིད་མཉམ་རྫོགས་ཆེན་པོ་བློ་འདས་རྒྱ་་ཡན་ཁ་འབྱམས་སུ་ལུས་སོང༌། དེར་ཞག་བདུན་ཙམ་ཡི་གེའི་སྣང་བ་དང་མི་འབྲལ་བ་བྱུང༌། དེའི་ནུབ་དངོས་མེད་རྣམས་ལ་གང་མཚམས་ཀྱི་ངོ་སྤྲོད་རེ་བྱས། དཀར་ཕྱོགས་རྣམས་ལོ་བདུན་གྱི་སྡིག་སྤོང་གི་དམ་བཅའ་ལ་གནས་ཤིང༌། དེ་ཕན་ཤིན་ཏུ་གཏུམ་ཞིང་མངོན་སྤྱོད་ཀྱི་ལས་ལ་མ་བརྩོན་ན། །ནག་ཕྱོགས་ཀྱི་ཁ་དར་བ་འདྲ་ཞེས། ཌཱ་ཀིའི་བཀའ་ལུང་ལྟར་དམ་བཅའ་ཁྲོལ་བར་གནང་བ་བྱིན། །སླད་ཀྱི་རྟེན་འབྲེལ་དུས་སུ་སྨིན་པའི་སྨོན་ལམ་གཟུགས་མེད་ཀུན་གྱིས་མཐུན་འགྱུར་བྱས་ཤིང༌། གནས་དེ་ཤ་ཟ་ཌཱ་ཀི་རྣམས་ལ་གཏད་ཅིང་འོང༌། །ཀཿཐོག་པའི་གདན་ས་བདེ་ཆེན་གླིང་དུ་བསུ་བ་བྱུང་ལྟར་ཕྱིན། །བླ་མ་རྣམས་ལ་ལྟ་བའི་ངོ་སྤྲོད། །འཚོགས་མང་ལ་ཀརྨ་གླིང་པའི་ཞི་ཁྲོའི་བསྐྱེད་རྫོགས། །ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད། ནམ་མཁའ་རྒྱལ་པོ། །སྐུ་གསུམ་ཞི་ཁྲོ་སོགས་ཀྱི་དབང་ལུང་དང་རབ་གནས་ཀྱི་ཆོ་ག་དངོས་སྔ་ཉིན་གཉིས་རྒྱས་པར་བྱས། ཁྲོམ་ལའང་བསམ་ལྷུན་དང་ཐུགས་རྗེ་ཆེན་པོའི་དབང་སོགས་བསྐུར། གནས་བདག་ཨ་ཝོ་ཐབས་ཤེས་ནས་ཀྱང་དངོས་གཟུགས་བསྟན་ཅིང་གུ་རུའི་བཀའ་སྡོད་དུ་ཁས་བླངས། སྦྱིན་བདག་ཁ་ཤས་སོགས་ཀྱི་རེ་བ་རྫོགས་པར་བྱས་ནས་ཡར་ཐེག་ཅིང་སོ་མང་རྒྱལ་སར་སླེབས། སླར་ཅིས་ཀྱང་འཁོར་དགོས་ཀྱི་བཀའ་ཕེབས་ལྟར་ཁས་བླང་ཞིང༌། ཕུན་ཚོགས་རྫོངས་ནས་བརྒྱུད་བླ་མའི་ཁྲོད་ཅེས་པར་སྲིང་མོ་བཞུགས་འདུག་པ་དེར་སླེབས། སྡེ་དགེའི་བང་ཆེན་ཆ་ཤས་སླེབ་འདུག་པ་དང༌། མགོ་ལོག་ཁ་ཤས་ཀྱང་རང་གནས་སུ་སོང༌། སློབ་གསར་ཞིག་རྗེས་སུ་བཟུང༌། སྐུབས་སུ་བབ་པའི་རྟེན་འབྲེལ་དང་སྲུང་མར་གསོལ་མཆོད་སོགས་ཚུལ་བཞིན་བསྒྲུབ་པར་བྱས། །སྐུབས་དེར་ཁྲོ་སྐྱབས་ནས་སྲིང་ཆུང་ནད་ཀྱིས་ཐེབས་པར་བསུ་བ་བྱུང་ལྟར་ཕྱིན་ནས་དེ་གར་སླེབས། རྐྱེན་སེལ་སྐུ་རིམ་ཞི་དྲག་སོགས་གང་དྲག་བྱས་ཀྱང་སྔོན་ལས་འཕྲལ་རྐྱེན་འཛོམས་པའི་དབང་གིས་ནད་ལས་གྲོལ་བ་འཕྱང་མོ་ཉུག་ཏུ་གྱུར། འོན་ཀྱང་ས་དབང་རིན་པོ་ཆེའི་དགོངས་བཞེད་དང་མོ་རང་ཡང་བསམ་པ་རྫོགས་ཕྱིར་རེ་ཞིག་དེ་གར་གནས། སྐུབས་ཤིག་ཡི་དམ་ལྷའི་བསྲེགས་མནན་འཕང་གསུམ་ལ་བརྟེན་པས། ཡུལ་དེའི་རྒྱལ་གདོན་ཞིག་གནས་འཕོ་བར་བྱས། དཀར་ཕྱོགས་དབུ་འཕང་བསྟོད་པ་དང༌། ནག་ཕྱོགས་བདུད་དང་འབྱུང་པོའི་ཚོགས་དམ་འོག་ཏུ་གནས་པའི་དམིགས་འདུན་དང༌། བཱི་མའི་ངོ་སྤྲོད་ཆེན་མོའི་ཉམས་ལེན་ལ་བརྩོན་ཞིང༌། སྒོ་གསུམ་ཐ་མལ་དུ་མ་ཤོར་བར་གནས། སྲིང་ཆུང་ནད་ཀྱིས་ཐེབས་པལ་སྨན་དང་རིམ་གྲོས་བཟློག་པ་དཀའ་འདུག་ཀྱང༌། རེ་ཞིག་འཚོ་བར་གནས་ཤིང༌། སྐུབས་དེར་སྲིང་མོས་གཙོས་སྒར་གཞི་བཅས་སོ་མང་བས་བསུས་ཤིང་བདག་ཡུམ་དང་མཇལ་འཕྲད་ཐོག །སྟོད་ཕྱོགས་ཚེ་བརྟན་གླིང་གི་རྒྱལ་སར་གཞི་འཇགས་ནས་བཞུགས་ཤིང༌། ལོ་ལྟར་གྱི་ཚོགས་སྐོང་སྲུང་མའི་གསོལ་མཆོད་དུས་ཀྱི་ཆོ་ག་སོགས་དགོས་རིགས་རྣམས་མཛད། གླུང་ལོ་གསར་ཚེས་ལ། ཀ་ཀེའུ་ཚང་དུ་ལན་གཅིག་འབྱོར་བ་ང་རང་ཡང་དེ་གར་ཕྱིན། སྲིང་ཆུང་ཡང་ཟླ་ཤས་འཚོ་ངོ་ཤར་བས་སྲིང་མོ་ཞག་ཤས་རང་སར་བཞུགས་ཤིང༌། ང་རང་རེ་ཞིག་སོ་མང་ཕྱོགས་སུ་སོང༌། ཡུ་ཐང་ནས་ཀྱང་དཔོན་མོས་གཙོས་ཁ་ཤས་སླེབ་བྱུང་བར་རེ་འདོད་བསྐང་ཞིང་རང་ཡུལ་དུ་ལོག །རྒྱལ་སར་ས་དབང་བདག་ཡུམ་གཙོས་འདུས་པ་བརྒྱ་ཕྲག་ཙམ་ལ་སྔོན་འགྲོ་ཟླ་ཁྲིད་ཙམ་བྱས། ཚེ་བརྟན་གླིང་དུ་རེ་ཞིག་བསྡད་པར། སྲིང་མོ་ཡང་ཁྲོ་སྐྱབས་ས་དབང་གི་དཀའ་ཕེབ་བཞིན་སྐུ་དྲུང་བཅར་ནས། སྲིང་ཆུང་གི་རེ་འདུན་སོགས་རྫོགས་པར་བྱས། ཞབས་བརྟན་ཡང་ཕྲན་བུ་བསྒྲུབས་ནས་ཕྱོར་ལོག་སྟེ་ཚེ་བརྟན་གླིང་དུ་བཞུགས་གདན་འཇགས། དེར་བདུད་རྩིའི་མཆོད་པའི་སྐབས་ཤིག །ང་ནི་ཡེ་ཤེས་དབྱིངས་ཀྱི་ཌཱ་ཀི་སྟེ། །ཡེ་ཤེས་མཚོ་རྒྱལ་སྤྲུལ་པའི་མ་མ་ཡང༌། །སྔོུན་ལས་འཕྲལ་རྐྱེན་དུས་གཅིག་འཛོམས་གྱུར་པས། །ད་ནི་མི་ཡུལ་སྔོད་པའི་ཐབས་བྲལ་ཡང༌། །སྟག་ལོའི་གྲོགས་ཀྱིས་ཚེ་གེགས་བཟློག་པ་དང༌། །ཡང་གསང་ཉམས་སུ་ལེན་པའི་སྐལ་ལྡན་འགྱུར། །སྤྲུལ་པ་གཅིག་ནི་མི་ཡི་ཡུལ་དུ་འོང༌། །སྤྲུལ་པ་གཅིག་ནི་མཁའ་སྤྱོད་ཚོགས་གྲལ་འགྲིམ། །འགྲོ་དོན་མཐའ་རྫོགས་རྣམ་བཞིའི་ཕྲིན་ལས་སྒྲུབ། །ད་ནི་གཟུགས་མེད་འགའ་ཡང་བགྲོད་རེ་རན། །ཞེས་གསུངས་སོ། །དེ་ནས་ང་རང་ཡང་ཐེག་ཅིང༌། སོ་མང་ཚེས་བཅུ་རྫོགས་ནས་ཕུན་ཚོགས་རྫོང་དུ་འོང་ཞིང༌། མཁར་རྒྱུའི་འབྱུང་པོ་གདུག་པ་ཅན་ཞིག་གནས་སྤར། འཇིག་རྟེན་མཁའ་འགྲོའི་རིགས་གཏོག་འཁྲུལ་བའི་གཞན་དབང་ཅན་ཞིག་ལམ་བསྟན། རིམ་བཞིན་ཁྲོ་སྐྱབས་སུ་སླེབས། སྐུབས་སུ་བབ་པའི་ས་དབང་གི་ཞབས་བརྟན་དང་དོན་གཉེར་ཅན་རྣམས་ལ་ཆོས་ལུང་ཕྲན་བུ་སོགས་ཀྱང་བྱས། སྲིང་ཆུང་ལ་ཡང་དབང་དང་སྒྲིབ་སྦྱོང་སོགས་དངོས་དང་དངོས་མིན་གྱིས་ས་ལམ་གོང་འཕེལ་ཐབས་ལ་འབད། རགས་པའི་ཟས་ཀྱི་འདུ་ཤེས་འགག་ཅིང་རེ་ཞིག་བཀྲེས་སྐོམ་གྱི་སྣང་བ་བྲལ་ཞིང་རིག་པ་དྭངས་པའི་ངང་དུ་གནས། ཆོས་རྒྱལ་ཆེན་པོ་ཡང་ཐུགས་བརྩེ་བ་ཆེན་པོས་ནད་ཀྱིས་ཐེབས་ནས་བཟུང༌། མཐའ་མ་རྫོགས་བར་དུ་རེ་བ་ཡོངས་སུ་རྫོགས་པར་མཛད། ཤིང་སྟག་གསར་ཚེས་ལ་སྲིང་མོ་ཡང་ལན་གཅིག་བྱོན་བྱུང་བ་དེ་གར་རྒྱལ་པོའི་ཞབས་འདེགས་ལྟ་བུ་དང༌། སྲིང་ཆུང་བསམ་པ་རྫོགས་ཕྱིར་བཞུགས་ཤིང༌། ང་རང་སོ་མང་རྒྱལ་པོ་སྙུན་གཞིའི་དོན་ལ་རེ་ཞིག་སོང༌། །སྐུ་རིམ་དང་སྨན་བཅོས་སོགས་ཀྱི་མཐུས། །ས་དབང་བསྙུན་གཞི་ཡར་དངས་སུ་གྱུར་ཅིང༌། རྒྱལ་བློན་འབངས་བཅས་དགའ་སྤྲོའི་ངང་གནས། རང་སློབ་རྒན་བུ་བྱང་ཆུབ་རྒྱལ་མཚན་དུས་བབ་ཀྱིས་དག་ཞིང་དུ་སོང་བས་སྒྲིབ་སྦྱོང་དང་ཕྱིར་མི་ལྡོག་པའི་འདུན་པ་རྩེ་གཅིག་གཏད་ཀྱང༌། ལན་གཅིག་མི་ཡུལ་དུ་འཁོར་དགོས་པ་བྱུང་སོང༌། །དེ་ནས་ང་རང་ཡང་ཁྲོ་སྐྱབས་སུ་སླེབས། སྲིང་ཆུང་ཡང་འགྲོ་བའི་དུས་ལ་བབ་གདའ་བས་ཞག་ཤས་ཐུན་མིན་གྱི་དབང་རྣམས་རྫོགས་པར་བྱས་ཤིང༌། སྨོན་ལམ་དང་བསྒོ་བ་རྣམས་རྫོགས་པར་གྲུབ་ཅིང༌། མོ་རང་ཡང་དགའ་ཞིང་སྤྲོ་བ་དང་བཅས། སྨོན་ལམ་བཟང་པོས་རྒྱས་བཏབ་ཅིང་ཟླ་༩ཚེས་༡༥ཉི་མ་རྩེ་ཤར་ལ། སྟོན་པ་དྲི་མ་མེད་པས་འཕོ་བ་མཛད་ཅིང༌། རྡོ་རྗེ་ཕག་མོས་ལམ་སྣ་དྲངས། སེང་ཧ་མུ་ཁས་གཤེད་དང་ཕྲལ་ཞིང༌། ལུས་རྒྱ་དང་བྲལ་ནས་སྤྲུལ་པ་སྤྲུལ་གཞིར་ལྷན་ཅིག་བསྡུས་ཤིང་དཔལ་གྱི་རི་ལ་དེངས་སོང་ངོ༌། །དེར་ས་དབང་ཆེན་པོས་གཞན་ལས་ཁྱད་པར་འཕགས་པའི་རྣམ་དཀར་གྱི་དགེ་བ་བློར་མི་ཤོང་ཙམ་མཛད་ཅིང༌། བན་བོན་གྱི་བླ་མ་དགེ་བའི་བཤེས་གཉེན་དཔག་ཏུ་མེད་པ་ཡང་སྤྱན་དྲངས། དངོས་རྫས་ཀུན་ཕོངས་པ་མེད་པར་མཆོད་པ་དང་ཚོགས་བསགས་མཛད། བན་བོན་གྱི་དཀྱིལ་འཁོར་བཞིའི་སྦྱངས་ཆོག་མཐར་ཕྱིན་པ་མཛད་སོང༌། གདུང་བསྲེགས་ཀྱི་དུས་སུ་ནམ་མཁའ་ནས་འཇའ་སྤྲིན་འཁྲིགས་པ་དང༌། གླད་ན་བྱ་རྒོད་འཚོགས་ཤིང༌། གདུང་བསྲེགས་རྫོགས་ཚེ་ལྷོ་ནུབ་ཏུ་དེངས་སོང་བ་སོགས་ཡ་མཚན་པའི་ལྟས་ཀྱང་སྣ་ཚོག་བྱུང༌། དེའི་ཉིན་མཆོད་སྦྱིན་ཡང་དཔག་མེད་མཛད། དེ་ནུབ་ནམ་གུང་ཡོལ་ཙམ་དུ། སྲིང་ཆུང་དེ་ཉིད་བུད་མེད་དཀར་མོ་དར་གོས་ཅན་ཞིག་རེད་འདུག་པས། སྤྲུལ་པ་ཁྱེད་ནི་བོད་དུ་བཞུགས་མོད་ཅིང༌། སྤྲུལ་གཞི་རྔ་ཡབ་གླིང་ན་ཡོད་ཟེར་བའི། །བུ་མོ་ང་ནི་གུ་རུའི་དྲུང་ཉིད་དུ། །སྒྲིབ་སྦྱངས་འབྲས་བུའི་དབང་མཆོག་ཞུ་རུ་འགྲོ། །བདེ་བྱེད་བརྩེགས་པར་ཆོས་འཁོར་བསྐོར་བའི་ཚེ། །འཇིག་རྟེན་མཁའ་འགྲོའི་སྨོན་ལམ་ལོག་པའི་མཐུས། །མི་ཡུལ་འགྲོ་དོན་མཐའ་རུ་མ་ཕྱིན་ཞིང༌། །རྒྱལ་པོའི་ཐུགས་དགོངས་ཡོངས་སུ་མ་རྫོགས་ཀྱང༌། །བཟློག་པའི་ཐབས་མེད་སྔོན་གྱི་ལས་སུ་སོམ། །རྒྱལ་པོས་ཐུགས་ཐིག་ཉམས་ལེན་མཐར་ཕྱིན་ནས། །ང་དང་འབྲལ་མེད་རིག་འཛིན་ཞིང་དུ་འཁོད། །ཁོ་མོའི་སྤྲུལ་པ་སྤྲུལ་གཞིར་འདྲེས་གྱུར་ཀྱང༌། །སླར་ཡང་ཆུ་སྣོད་དག་ལ་ཟླ་གཟུགས་བཞིན། །ལྕམ་དྲལ་ཞབས་ཏོག་ཐུགས་དགོངས་རྫོགས་པ་དང༌། །ཐུགས་ཀྱི་ཐིག་ལེ་ཉམས་སུ་ལེན་ཕྱིར་འོང༌། །ཞེས་ཟེར་བ་དང་ཆབ་གཅིག་བྱ་རྒོད་ལྔས་འགྲོགས་བྱང་ལ་བརྟེན་པས་ཌཱ་ཀི་དཀར་མོ་མདའ་དར་འཛིན་པ་ཞིག་གིས་སྣ་དྲངས་ཏེ་ལྷོ་ནུབ་ཕྱོགས་སུ་དེངས་སོང༌། སྲིང་མོས་ཡང་གཟིམ་ལམ་ནས་དཔལ་རིའི་སྒོ་དྲུང་བར་སྐྱེལ་བ་སོགས་བྱས་ཉམས་བྱུང་ཟེར། དེ་ནས་ས་དབང་རིན་པོ་ཆེས་གཙོས། ངེད་ཅག་མིང་སྲིང་བཅས་དཔལ་ལེགས་རྒྱལ་སར་བྱོན། །དགུང་ཞག་དང་དར་ཅོག་སོགས་མཐའ་རྒྱས་སུ་མཛད། ངེད་ཅག་ནས་འབྲེལ་ཐལ་བསྡུས་པར་དམིགས་ཏེ༑ ཞི་ཁྲོ་ངན་སོང་སྦྱོང་བའི་སྦྱངས་ཆོག་ཞག་བདུན་བསྒྲུབས། ས་དབང་རིན་པོ་ཆེའི་ཞབས་པད་བརྟན་པའི་དམིགས་འདུན་དང་ཚེ་སྒྲུབ་གནད་སྨིན་བྱས། རུས་སྦྱངས་རྫོགས་འཕྲལ་སྲིང་མོ་ཡང་ཀ་ཀེའུ་ཚང་ནས་བརྒྱུད་ཚེ་བརྟན་གླིང་དུ་ཕེབ། ང་རང་རེ་ཞིག་ས་དབང་གི་ཐུགས་དགོངས་རྫོགས་ཕྱིར་བསྡད་ནས། ཕྱི་ནང་གསང་གསུམ་གྱི་གསུང་འོས་ཞིབ་མོལ་དང༌། རང་གིས་ཀྱང་བགྱི་འོས་རྣམས་རྫོགས་ནས་དགོངས་པ་ཞུས་ཤིང༌། ཚེ་བརྟན་གླིང་དུ་སླེབས། སྲིང་མོའི་ཐུགས་དགོངས་དག་ཕྱིར། །སྲིང་ཆུང་འབྲེལ་པས་བསྡུས་པར་དམིགས་ནས་དགེ་འདུན་བརྒྱ་ཕྲག་གིས་ཞི་ཁྲོའི་སྦྱངས་ཆོག་དང༌། །དགོན་ཁག་རྣམས་སུ་དུང་ཡོན་དང་བསྙུང་གནས་ཁ་ཤས་མཛད་སོང་བར་དགེ་བ་རྫོགས་བྱང་དུ་བསྔོས། སྲིང་མོའི་ཞབས་སོགས་སྙུན་གཞི་ཅུང་ཟད་བྱུང་བ་ཡང་སྨན་གྱི་ནུས་པ་དང༌། ཚོགས་དང་སྦྱིན་སྲེག་སོགས་ཀྱི་ཞབས་བརྟན་ཕུལ་བས་ཡར་དྭངས་སུ་གྱུར། དབྱར་ཐོག་དེར་ང་རང་ཡང་ཟང་དཀར་ཕྱོགས་སུ་སྐྱོ་སངས་ལ་སོང༌། འབྲོག་པ་རྣམས་ལ་ཡང་རིམ་གྲོ་ཕྲན་བུ་དང་ཁྲོམ་དབང་སོགས་རེ་བ་རྫོགས་པར་བྱས། ཟླ་༦ཚེས་༡༠ཉིན་གཞི་བདག་རོག་ཁྲོམ་ཟེར་བའི་གཡས་རིའི་རྩེར་ཚོགས་བརྒྱ་དང་བསང་བརྔན་སོགས་བྱས་པར། ཁམས་ཀྱི་ཙཱ་རི་ཊ་ན་བཞུགས་པའི་དཔའ་བོ་ཌཱ་ཀི་ཀུན་ཕྱོགས་དེའི་ནམ་མཁའི་ཀློང་ནས་སྤྲིན་དང་འཇའ་གུར་གྱི་དབུས་སུ་ཞལ་གཟིགས་ཤིང༌། ཟོ་དོར་ཀུན་བསང་མགྲོན་དུ་བྱོན། དཀར་ཕྱོགས་དབུ་འཕང་བསྟོད་ཅིང༌། ནག་ཕྱོགས་ཆ་ཤས་ཀྱང་དམ་འོག་ཏུ་ཚུད། འབྱུང་པོ་གདུག་པ་ཅན་ཁ་ཤས་ཡུལ་བཏོན་ནས། ཟོ་དོར་དཀར་ཕྱོགས་འགའ་ལ་གཏད། དགའ་སྟོན་སོགས་རྒྱ་ཆེར་བྱས། ཡང་སྟོད་ཕྱོགས་འོམ་བུའི་རྩེར་མར་ངོ་ལ་ཕྱིན། མཁའ་འགྲོའི་ཚོགས་བརྒྱ་དང་ཆོས་སྐྱོང་ལ་གཏོར་མ། །གཞི་བདག་ལ་བརྔན་སྦྱིན་སོགས་བྱས། ལྷ་སྲིན་དམ་འདོགས་གནད་སྨིན་གྱུར་ཅིང༌། གཞན་ལ་འཚེ་བའི་གདུག་པ་ཅན་ཁ་ཤས་ཀྱང༌། དུས་ལ་བབ་པ་རྣམས་གནས་སྤར་ཞིང་ཆ་ཤས་ཟ་ཁ་གཞན་དུ་བསྒྱུར་བ་སོགས་གཞན་དོན་ཕྲན་བུ་འགྲུབ་ཁུལ་བྱས། ཚེ་བརྟན་གླིང་དུ་སྐབས་སུ་བབ་པའི་ལས་རྣམས་བསྒྲུབས་ཤིང༌། སོ་མང་ཀ་མཆོག་དགོན་་ཚེས་བཅུ་རྫོགས་འཕྲལ་རྒྱལ་སར་སྐུ་རིམ་ཕྲན་བུ་བསྒྲུབས་ནས། ཚེ་བརྟན་གླིང་དུ་རེ་ཞིག་གནས་ཤིང༌། དུས་བབ་ཀྱི་རྟེན་འབྲེལ་བསྒྲིགས་འོས་རྣམས་བགྱིས་ཤིང་ཌཱ་ཀིའི་བརྡ་ཁྲོལ་ཀུན་བསྒྱུར། སྲིང་མོས་གཙོས་དམ་ལྡན་བདུན་ཙམ་ལ་གསེར་ཡིག་ཅན་ཁྲིད་རྐང་དང༌། ཡང་ཁ་ཤས་ལ་ཀློང་སྙིང་རྩ་རླུང་གི་ཁྲིད། མང་མ་ལ་སྔོན་འགྲོའི་ཁྲིད་བཅས་བཙུག །གཏེར་བདག་རྣམས་དང་མི་མ་ཡིན་གཟུགས་མེད་དཀར་ཕྱོགས་ལ་དཀའ་བ་རྣམས་ཀྱང་ཤུགས་ཀྱིས་འདུས །སྟོན་པས་ཀྱང་མི་དང་མི་མིན་གྱི་སྣང་བ་དང་མཐུན་པར་སོ་སོར་གསེར་ཡིག་ཅན་གྱི་དགོངས་པ་བཀྲོལ་བར་མཛད་ཅིང༌། དཔའ་བོ་མཁའ་འགྲོའི་འདུ་བའང་ཉིན་མཚན་འཁོར་མོ་ཡུག་ཏུ་བྱུང༌། མིའི་བསམ་སྤྱོད་ཐ་དད་པས་ཅུང་ཟད་དམ་ཚིག་དང་རང་ཉིན་སུན་འབྱིན་ཞེན་ཞིང༌། དངོས་གྲུབ་རྟགས་མཚན་ལ་རེ་བ་ཆེས་དྲག་པ་དང༌། ཁེངས་སེམས་ཀྱི་སྟོབས་ཆེ་བ་དག་གི་རྐྱེན་གྱིས་བར་ཆད་ལ་ཁད་གྱུར་ཀྱང༌། ཌཱ་ཀིའི་སྙིང་སྟོབས་ཀྱིས་བདུད་ལས་རྒྱལ། སྟོན་པའི་བྱིན་རླབས་ལས་ཡེ་ཤེས་ཌཱ་ཀིའི་སྤྲུལ་པའི་མྱུ་གུ་ཡང་ལྷུམས་སུ་ཞུགས་པར་མཛད་ཅིང༌། གདུལ་བྱའི་བསོད་ནམས་ཀྱིས་ཁྲོད་ན་ཐུགས་ཐིག་བརྒྱུད་འཛིན་གྱི་སྐལ་བ་ཐོབ་པའི་ལུང་བསྟན། དེའི་ཚེ་ཐོ་རངས་ཀྱི་དུས་ཤིག་ཏུ། །རྣལ་འབྱོར་པ་རུས་པའི་རྒྱན་དྲུག་སྐུ་ལ་གོསལ་བ་ཕྱག་ན་ཁ་ཊྭཱཾ་དང་བནྡྷ་ཐོགས་པ་ཞིག་གིས་སྲིང་མོའི་སྙིང་ཁར་ཁ་ཊྭཱཾ་གཏད་ཅིང༌། ཀྱེ་ཧོ། སྣང་སེམས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི། །ཀ་དག་ལྷུག་འབྱམས་རང་བྱུང་རང་གྲོལ་བ། །ཚིག་དང་དཔེ་ཡིས་མཚོན་དུ་མེད་པ་ནི། །ཀུན་ཁྱབ་ཡངས་པ་ཆེན་པོ་ཨེ་མ་ཧོ། །འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི། །རྒྱལ་བ་རྣམས་ཀྱི་བགྲོད་བྱ་གཅིག་པུའི་ལམ། །འདི་དོན་རྟོགས་ན་ཆོས་སྐུའི་རྒྱལ་ས་འཛིན། །སྐྱེ་འཆི་ཟེར་བ་མིང་གི་བླ་དགས་ཙམ། །ཞིང་ཁམས་ཞེས་བྱ་བགྲོད་དུ་ཡོད་མ་ཡིན། དག་དང་མ་དག་སེམས་ཀྱི་ཆོ་འཕྲུལ་ཏེ། །སྒྲིབ་བྱེད་དུག་ལྔ་རང་གར་ཤོར་བས་ལན། །ཞེ་སྡང་གསལ་སྟོང་འདོད་ཆགས་བདེ་སྟོང་དང༌། །གཏི་མུག་རིག་སྟོང་ང་རྒྱལ་གཞི་རྩ་བྲལ། །ཕྲག་དོག་རང་གྲོལ་ཆེན་པོར་ལ་བཟླས་ནས། །དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོ་སྟེ། །ལྟ་བ་འཕོ་མེད་ཆོས་སྐུའི་རྒྱལ་ས་ཟིན། །སྒོམ་པ་ལོངས་སྤྱོད་རྫོགས་སྐུའི་རྩལ་རྫོགས་ཤིང། །སྤྱོད་པ་སྤྲུལ་པ་སྐུ་ཡི་རོལ་རྩལ་གྱིས། །ཐབས་མཁས་ཐུགས་རྗེས་གཞན་དོན་འགྲུབ་པར་མཛོད། །ཐ་མལ་བག་ཆགས་ཤ་ཁྲག་ལུས་ཀྱི་སྦུབས། །ཀུན་བྱེད་རྒྱལ་མོ་གཞོན་ནུ་བུམ་པའི་སྐུ། །འཕོ་མེད་ལྷུན་རྫོགས་ཆེན་པོར་ལ་བཟླས་ཚེ། །ཡེ་ཤེས་མཁའ་འགྲོའི་རང་རིག་རྩལ་བསྒྱུར་ཞིང༌༑ གང་འདུལ་ཐབས་ཀྱིས་འགྲོ་བའི་དོན་བྱས་ནས། །སྐྱེ་འདིར་འགྲོ་དོན་མཐའ་རུ་རྫོགས་པར་འགྱུར། །ཤྲཱི་སིང་ཧའི་ལུང་བྱང་ཆེན་མོ་ལས། ཇི་ལྟར་གསུངས་པའི་དོན་ཀུན་ཡིད་ལ་ཟུངས། །ལྕགས་ཁམས་གར་བྱེད་སེམས་དཔའི་ལོ་ནས་བཟུང༌། །འབྲས་བུ་སྨིན་པའི་དུས་ལ་བབ་པ་སྟེ། །ང་ཉིད་སྤྲུལ་པ་སྤྲུལ་གཞི་དབྱེར་མེད་འདྲེས། དོན་གཉིས་ལྷུན་གྲུབ་འབྲེལ་པས་བསྡུས་པ་ཀུན། །རྫོགས་སངས་རྒྱས་པའི་ས་རུ་འགོད་པར་ངེས། །ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ། །དམ་ལྡན་རྣམས་ནས་ཉིན་མཚན་གཡེལ་བ་མེད་པར་ཁྲིད་སྦྱངས་རྣམས་ལ་འབད་ཅིང༌། འགའ་རེར་བྱིན་རླབས་ཞུགས་ཤིང་རང་ངོ་འཕྲོད་པར་བྱུང༌། སླན་ཆད་ཀྱང་བརྡ་རིས་གཏན་ལ་འབེབས་པའི་རྟེན་འབྲེལ་གྱི་སྣ་ཁ་རྣམས་ཀྱང༌། བླ་མ་ལྷ་དང་མཁའ་འགྲོའི་ལུང་ཇི་ལྟར་བསྟན་པ་བཞིན་སྲིང་མོ་མཆོག་དང་དམ་ལྡན་ཉེ་བར་གནས་པ་རྣམས་ཀྱིས་ཉིན་མཚན་གཡེལ་བ་མེད་པར་བརྩོན་འགྲུས་དྲག་པོས་འབད་ཅིང༌། ལེགས་ལམ་མཐར་ཕྱིན་དུ་གྱུར། ཤིང་ཡོས་ཟླ་ཚེས་ལོ་མགོར་ཕྱི་ནང་གི་ཆོས་ཐུན་ཐམས་ཅད་མཐའ་རྒྱས་པ་རྫོགས་ཤིང་དགའ་སྟོན་དང་ཚོགས་འཁོར་སོགས་རྒྱ་ཆེར་བྱས། སྐུབས་དེར་འཛིན་པ་རང་གྲོལ་ཁྲོས་མའི་བཀའ་མ་ཁྲོལ། ཌཱ་ཀིའི་གསུང་ལྟར་ནགས་ཁྲོད་དབེན་པ་ཞིག་ཏུ་ཞག་བདུན་བར་ལས་མཐའ་རྫོགས་པར་བྱས། ཁྲོ་སྐྱབས་ནས་ས་དབང་རིན་པོ་ཆེས་ཀ་ཀེའུ་ཚང་དུ་འོང་དགོས་བཀའ་ཕེབ་ལྟར་ལམ་དུ་ཞུགས་ཤིང༌། ཟླ་༡ཚེས་༡༥དགེ་བར་ཡོན་མཆོད་ཞལ་འཛོམས་གྱུར་ནས། ས་དབང་རིན་པོ་ཆེའི་སྔོན་ལས་བཟང་པོའི་འབྲས་བུ་དུས་སུ་སྨིན་པར། ལྐོག་གྱུར་མངོན་དུ་རིག་པ་ལྟར་ཡང་གསང་ཐུགས་ཐིག་གི་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་ཅིང་སྐུ་མཚམས་སུ་བཞུགས༑ དེར་ཁོ་བོའི་སྙིང་དབུའི་མི་ཤིགས་ཐིག་ལེར་སྟོན་པ་དྲི་མ་མེད་པ་རང་བྱུང་རིག་པའི་ཀློང་དུ་ཕྲ་བཏབ་པ་ལྟར་མཛད་ཅིང༌། དཀྱིལ་འཁོར་ཆེན་པོའི་ཞལ་ཕྱེས་ཤིང་སྨིན་གྲོལ་གྱི་གདམས་པ་ཉིན་བཞིན་ཐུན་རེ་གནང་བ་ཁོ་པོས་ཀྱང་སྐབས་སུ་བརྡ་བསྒྱུར་གྱི་ཞབས་ཏོག་བསྒྲུབས། དཔོ་ཟླ་ཚེས་བཅུའི་ཐོ་རངས་ཁར་ཌཱ་ཀི་དམར་མོ་གཡས་ཐོད་པའི་ཌཱ་མ་རུ་འཁྲོལ་ཞིང༌། གཡོན་རིན་པོ་ཆེའི་བུམ་པ་བསྣམས་པ་དར་དང་རིན་པོ་རྒྱན་གྱིས་བརྒྱན་པ་ཞིག་གིས། ཀ་དག་ཀུན་བཟང་ཐུགས་ཀྱི་མཁའ་ཀློང་ལས། །ཁ་སྦྱོར་ཡན་ལག་བདུན་ལྡན་ཡེ་ཤེས་རྩལ། །ག་དར་རང་རིག་ངོས་ལ་བྱེད་པ་ཡིས། །ང་བདག་རྩ་བ་ཆོད་པར་འགྱུར་རམ་ཅི། །ཞེས་གསུངས་བྱུང་བར། རང་ནས་ཀྱང་ཉམས་ཆལ་མ་ཆོལ་མའི་ངང་ནས། ཅ་ཅོའི་ཚིག་ལ་མ་ལྟོས་དོན་ལ་ལྟ། །ཆ་ལུགས་རྣམ་འགྱུར་མཛེས་པ་ཡོངས་སྤངས་ནས། ཇ་སིག་ལོངས་སྦྱོད་ནོར་ལ་མི་ཆགས་པར། ཉ་མོ་ཆབ་བཞིན་གསང་སྔགས་དམ་ཚིག་འགྲོགས། །ཞེས་ཞུས་པས། ཏ་ཐཱ་ག་ཏ་གཉིས་པོའི་བསྟན་པ་ལ། །ཐ་མལ་གཟུགས་སུ་སྣང་སེམས་བྱང་ཆུབ་སེམས། །ད་ལྟའི་རཱ་ཛ་ལས་སྐལ་ལྡན་པ་འདི། །ནཱ་གའི་གཙུག་ནོར་ཇི་བཞིན་བཀུར་ན་འཐད། །ཅེས་གསུངས། ཡང་ཁོ་བོས། པ་སངས་ལྟར་དཀར་བྱང་ཆུབ་སེམས་ལྡན་ཡང༌། །ཕ་རོལ་མི་དང་མི་མིན་གདུག་པའི་ཁྲོད། །བ་མོས་བེའུ་སྐྱོང་བ་ཇི་བཞིན་དུ། །མ་ཁྱོད་ཐུགས་རྗེས་མ་བསྐྱང་བདུད་དབང་འགྱུར། །ཞེས་ཞུས་པས། ཡང་ཌཱ་ཀིའི་ཞལ་ནས། ཙ་མ་ར་འདྲ་ཁེངས་སེམས་ལྡན་པ་འགས། །ཚ་གྲང་ངན་སོང་སྡུག་བསྔལ་མི་སེམས་པར། ཛ་ལང་བསམ་སྤྱོད་དུག་རླངས་གཡོས་ནའང༌། ཝ་སྐྱེས་གདོང་ལྔའི་སྡེར་མོས་ཟིལ་གྱིས་གནོན། །ཞེས་གསུངས་སོ། །ཡང་རང་ནས། ཞྭ་མོའི་ཚོས་མདོག་དང་མཐུན་རང་བསྟན་བརྩི། ཟ་མ་ལ་སོགས་སྒྱུ་མའི་ནོར་ལ་ཆགས། །འ་འོལ་གཡོ་སྒྱུ་དུག་ལྔ་འཁྲུགས་དུས་འདིར། །ཡཱ་ན་རིམ་དགུའི་བསྟན་པ་མཐར་ཐུག་གོ །ཞེས་ཞུས་པས། ཡང་ཞལ་ནས། ར་གན་གེར་དུ་བརྫུས་ཀྱང་རང་རྟགས་སྟོན། །ལ་ལུང་དབེན་པའི་རི་ལ་གནས་ཁུལ་ཀྱང༌། །ཤ་ཁྲག་ལུས་རྒྱའི་སྤུབས་ནས་མ་གྲོལ་ན། །ས་ཡིས་གང་ཟག་བྱིན་གྱིས་རློབ་མི་འགྱུར། །ཞེས་གསུངས་པར། ཡང་ཞུས་པ། ཧི་མ་ལ་ཡི་གྲོང་ཁྱེར་ཆེན་པོ་ནས། །ཧུ་ལུའི་གད་རྒྱང་སྒྲོགས་པའི་གྲོགས་གཅིག་མ། །ཧ་ཧེའི་བཞད་སྒྲས་སྲིད་གསུམ་འགེངས་པའི་དུས། །ཧོ་ཞེས་གདུང་བའི་དབྱངས་ཀྱིས་འབོད་པར་དགོངས། །ཞེས་ཞུས་པས། ཨ་ཧོ་སྐྱེ་མེད་རིག་པའི་ཁྱེའུ་ཆུང༌། ཨ་དོན་རང་ངོ་རང་གིས་ཤེས་དུས་འདིར། །ཨེ་མ་ཡེ་ཤེས་ཌཱ་ཀི་འབུམ་གྱི་གཙོ༑ །ཨ་ཏིའི་སྟོན་པ་ཆེན་པོའི་བཀའ་བཞིན་སྒྲུབས། །འདི་ནས་ལོ་ལྔ་འདས་པའི་དུས་ཀྱི་ཚེ། །སྣང་སེམས་འདྲེས་པའི་གྲུབ་རྟགས་མངོན་འགྱུར་ཞིང༌། །ཁྱོད་ཉིད་ལས་ཀྱི་འབྲས་བུ་དུས་སུ་སྨིན། །བྱང་ཆུབ་སེམས་ལྡན་རཱ་ཛ་སློབ་བུའང༌། དྲི་མ་མེད་པའི་ཐུགས་རྗེའི་འོད་ཟེར་ལས། །རང་རིག་ངོ་འཕྲོད་ཆོས་སྐུའི་རྒྱལ་ས་ཟིན། །མཐར་ཐུག་ལོངས་སྐུའི་ཞིང་དུ་གྲོལ་ཡང་སྲིད། །ཅེས་གསུངས་པར། ཡང་ཞུས་པ། ཁོ་བོ་ཨོ་རྒྱན་མཁའ་འགྲོའི་གླིང་ཉིད་ནས། །གཞན་དོན་བཟོད་པའི་གོ་ཆ་བགོས་པ་ཡིས། །རང་དོན་ཡིད་བྱེད་ཡས་སུ་བོར་བ་ལས། །དབེན་པའི་རི་ལ་རྩེ་གཅིག་སྒྲུབ་བྱས་ན། །འཇའ་ལུས་འོད་སྐུར་གྲོལ་བའི་སྐབས་ཡོད་དམ། །ཞེས་ཞུས་པས། དབེན་པའི་རི་ངོགས་བྱང་ཆུབ་ལྗོན་པའི་ཁྲོད། །སྣ་ཚོག་མཁའ་འགྲོའི་འདུ་བ་དང་བཅས་ཏེ། །སྐུ་དང་ཡེ་ཤེས་འཕོ་མེད་ཉམས་བླང་ན། །སྒྱུ་ལུས་འོད་སྐུར་གྲོལ་བར་དཀའ་ཚེགས་མེད། འོན་ཀྱང་ཌ་ཀིའི་རྗེ་བོའི་བཀའ་བཞིན་དུ། །འགྲོ་བའི་དོན་དུ་སྙིང་སྟོབས་བསྐྱེད་པ་དང༌། །བརྡ་རིས་ཆེན་མོ་མཐའ་རུ་མ་འཁྱོལ་བར། །འཕོ་མེད་ཆོས་སྐུར་གནས་པའི་སྐབས་མེད་དོ། །དེ་བས་མི་ལོ་བཅུ་བདུན་བར་དག་ཏུ། །དཔའ་བོ་ཌཀྐིས་སྣང་བ་གར་བསྒྱུར་མཛོད། ཅེས་གསུངས་ནས་མི་སྣང་བར་གྱུར་ཏོ། །འདི་གའི་དུས་རྣམས་སུ་མི་མ་ཡིན་གྱི་སྡེ་ཚོགས་དཔག་ཏུ་མེད་པ་འདུས་འདུག་པས། མཚན་མོའི་དུས་སུ་སྟོན་པ་རྣམ་གསུམ་ནས་རང་རང་གི་སྐལ་བ་དང་འཚམས་པར་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ས་དབང་ལའང་ཉིན་གྱི་དུས་སུ་སྐྱོ་སུན་དང་སྒྲིབ་སྦྱོང་སོགས་སྐབས་སུ་གང་བབ་དང༌། གསེར་ཡིག་ཅན་གྱི་དགོངས་དོན་རྒྱུད་ལ་ཐེབས་པར་གྱུར། །སྐུབས་སྐབས་སུ་འཇིག་རྟེན་མཁའ་འགྲོའི་འདུ་ལངས་དང༌། དྲོད་ཉུལ་བ་ཀྱང་འགའ་བྱུང་ཡང་ཡང་དག་ལྟ་བས་ཟིལ་གྱི་ནོན་ཞིང༌། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ངོ་སྤྲོད་ལ་བརྟེན་ནས་བླ་སློབ་དེའི་གཡུལ་ལས་རྒྱལ་བར་བྱུང༌༑ སྐུབས་ཤིག་སྨན་བཙུན་གཡུའི་ཟུར་ཕུད་ཅན་གྱིས་གཙོས་གནས་བདག་རྣམས་འདུས་ཏེ། །ལོ་ཆེན་བཻ་རོ་དང་གཡུ་སྒྲ་སྙིང་པོ་ལྷ་ལུང་དཔལ་གྱི་རྡོ་རྗེ་ནས་བཟུང༌། བན་བོན་གྱི་རིག་པ་འཛིན་པ་རྣམས་ཀྱིས་ཐ་ཚིག་བསྒོས་ཤིང་བཏགས། རང་རང་ལ་གཉེར་དུ་གཏད་པའི་ཆད་ཐོ་རྣམས་ཀྱང་ཌཱ་ཀིའི་ཚོགས་ཀྱིས་ཇི་བཞིན་བསྒྲགས་སོང་པར་སོ་སོའི་གཉེར་ཁ་བླངས་ཏེ། སླར་ཡང་དམ་ལས་མི་འདའ་བར་ཁས་བླངས་སོང༌། དེ་ནས་སྤྱི་མཐུན་གྱི་ཆོས་འདོད་རྣམས་ལའང༌། ས་དབང་གི་ཐུགས་བསྐྱེད་ལྟར། ཀློག་སྙིང་གི་ཐུན་མོངས་དང་ཐུན་མོངས་མ་ཡིན་པའི་སྔོན་འགྲོའི་སྨིན་ཁྲིད་རྒྱས་པར་བྱས། ས་དབང་སྔོན་གྱི་སྦྱངས་འཕྲོ་ཡོད་པའི་ཚོགས་གཉིས་འབྲས་བུའི་ཐུསག་ཀ་དུས་སུ་སྨིན་པ་ལྟར་བློ་ལྡོག་ནས་བཟུང༌། ངོ་སྤྲོད་རྣམ་གསུམ་ཡན་གྱི་སྐབས་སུ་བབ་པའི་ངེས་འབྱུང་སྐྱོ་ཤས། དད་པ་དང་ཞེན་ལོག་སྐུ་གསུང་ཐུགས་ཀྱི་བྱིན་འཇུག་ཞི་གནས་དང་ཉམས་ཀྱི་བོགས་འདོན། གནས་ལུགས་རིག་པ་ཅེར་མཐོང་སོགས་ཁ་ཙམ་མ་ཡིན་པར་ཡིད་ཆེས་ཀྱི་གདིངས་ཐོབ་པར་ངོ་འཕྲོད། འཛིན་པ་རང་གྲོལ་གྱི་དུས་སུའང་རྟགས་ཚད་རྣམས་མཐར་ཕྱིན་དུ་གྱུར་ཞིང༌། ཨ་ཏི་ཐིག་ལེ་གསང་སྐོར་གྱི་གདུལ་བྱ་མཆོག་ཏུ་གྱུར་པར་དབུགས་དབྱུང༌། དར་མདོ་ནས་འབའ་གྲུབ་པ་དགོན་དུ་བཞུགས་པའི་གྲུབ་དབང་བླ་མའི་བྱིན་རླབས་ཀྱི་སྤྲུལ་པས་ངོས་བཟུང་པའི་སྐྱེས་མཆོག་བྱོན་ཏེ། ཀློང་སྙིང་གི་རྫོགས་རིམ་རྩ་རླུང་གི་གདམས་པ། རྫོགས་ཆེན་ཁྱད་པར་གྱི་སྔོན་འགྲོ་ནས་ཁྲེགས་ཆོད་ཆེན་པོ་ཡན་བཟུང་རྫོགས་པར་བྱས། ས་དབང་རིན་པོ་ཆེས་སྲིང་ཆུང་བདེ་ལྡན་དུ་སོང་པའི་དོན་ལ་དམིགས་ཏེ། ལྷ་ལྡན་ཆོས་འཁོར་རྣམ་གསུམ་ལ་མཆོད་འབུལ་དང༌། སྲིང་མོས་ཀུན་མཁྱེན་གོང་མའི་གདན་ས་ཞིག་གསོས་ཆེད་དུ་བཅས། རང་སློབ་རིག་འཛིན་དཔལ་འབྱོར་ཡང་ལྷ་ལྡན་དུ་བརྫངས། དེར་སྨིན་གྲོལ་མཐར་ཕྱིན་དུ་གྱུར་ནས་ཚོགས་ཀྱི་འཁོར་ལོ་དང་དགའ་སྟོན་སོགས་རྫོངས་ཤིང༌། གནས་ཀྱི་རྩེར་ཟོ་དོར་རྣམས་ལ་གཏང་རག་གི་བསང་དང་བརྔན་སྦྱིན་སོགས་རྒྱས་པར་བྱས། ཡོན་མཆོད་ཀུན་དགའ་ཞིང་སྤྲོ་བ་དང་བཅས་དཔལ་ལེགས་རྒྱལ་ས་བསམ་འགྲུབ་རྫོགས་ཆེན་དུ་བཞུགས་གདན་འཇགས། སྲིང་ཆུང་གི་སྐུ་གདུང་མཆོད་རྟེན་གཙོ་བོར་གྱུར་པའི་རྟེན་ལ། རབ་ཏུ་གནས་པའི་ཆོ་ག་རྒྱས་པར་བྱས། ས་གཡོ་བ་དང་རི་ངུར་བ་ཆུ་ལུད་པ་སོགས་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ས་ནས་སར་འཕགས་པའི་རྟགས་སུ་རྒྱུད་ནས་གསུངས་པ་ལྟར་མངོན་དུ་གྱུར། རབ་གནས་རྫོགས་པའི་ཐོ་རངས་ལ། ཌཱ་ཀི་དཀར་མོ་ཞིག་བྱུང་སྟེ། མཁའ་འགྲོ་ང་ནི་མཁའ་སྤྱོད་ཞིང་ནས་འོང༌། །འགྲོ་དང་འོང་བའི་རྣམ་རྟོག་ཡོད་མ་ཡིན། བུ་མོ་ང་ནི་པད་མ་ཀ་རའི་ཡུམ། །ཡེ་ཤེས་མཁའ་འགྲོ་྄འབུམ་གྱི་གཙོ་མོ་སྟེ༑ །རྔ་ཡབ་གླིང་དུ་གནས་ཡུལ་ཀུན་ཀྱི་བདག །རིག་འཛིན་བཞི་ཡི་ལམ་ལ་ཞུགས་པ་ཀུན། །ང་ཡི་སྲས་སུ་མ་གྱུར་གང་ཡང་མེད། །པདྨའི་ཐུགས་སྤྲུལ་ཁྲག་འཐུང་ཧེ་རུ་ཀཿ འཁྲུལ་སྣང་རྨི་ལམ་སད་པའི་དུས་ཀྱི་ཚེ། །གང་དུ་བཞུགས་ཀྱང་བདེ་ཆེན་དག་པའི་ཞིང༌། །སྣང་བ་སྒྱུ་མའི་དཔེ་བརྒྱད་རྟོགས་ཙ་ན། །ལྟ་བའི་བོགས་འདོན་གང་ཤར་སྣང་པའི་རྒྱན། །ལྔ་ཕྲག་ཐ་མའི་ཉོན་མོངས་དུག་ལྔ་རགས། །རྨུ་རྒོད་རང་རྒྱུད་གྱོང་པོ་འདུལ་བར་དཀའ། །འོན་ཀྱང་བྱང་ཆུབ་སེམས་ཀྱི་རྩིས་ཟིན་ན། །ནམ་ཞིག་སྔགས་ཀྱི་གདུལ་བྱར་འགྱུར་ཡང་སྲིད། །ཌཱ་ཀིའི་སྤྲུལ་པ་སྤྲུལ་གཞིར་ལན་གཅིག་འདྲེས། །སླར་ཡང་ཆུ་སྣོད་ཟླ་གཟུགས་ཤར་བ་བཞིན། །སྤྲུལ་གཞི་རྔ་ཡབ་ཨོ་རྒྱན་གླིང་དུ་གནས། །སྤྲུལ་བས་འཛམ་གླིང་བོད་དུ་སྲིད་བཟུང་ཡང༌། །དམ་སྲིའི་སྤྲུལ་པས་ཚག་རག་གཏོང་ཡང་སྲིད། །ཏཱ་རེ་ལྷ་ལྕམ་སྤྲུལ་པས་མ་སྐྱོབ་ན། །བཟློག་པའི་ཐབས་མེད་སྔོན་གྱི་ལས་སུ་སོམས། དཀར་ཕྱོགས་མཐུ་ཆེ་བདུད་སྡེ་ལས་རྒྱལ་ན། །ཐུགས་ཐིག་ཆོས་ཀྱི་སྲོག་ཤིང་འཛིན་ཡང་སྲིད། །མི་དབང་སོ་བདུན་གེགས་ལས་ཐར་གྱུར་པས། །ཞེ་དགུའི་ཚེ་འཕྲང་གུ་རུ་དྲག་པོས་སྐྱོབ། །འོན་ཀྱང་ད་དུང་དུས་ལ་པབ་ཚེ་འཆད། །འབྱུང་འགྱུར་དུས་ལ་མ་བབ་བར་དུ་སྦོས། །གསུངས་ཤིང་མི་སྣང་བར་གྱུར་ཏོ། །དེ་ནས་གྲུབ་པ་དགོན་གྱི་མཆོག་སྤྲུལ་དཔོན་གཡོག་ཀྱང་རང་གནས་སུ་བྱོན། སྒར་ཐོག་ནས་རང་སློབ་ཉི་མ་འོད་ཟེར་ཡང་ཆོས་ཐུན་དང་རབ་གནས་རྫོགས་པས་སྲིང་མོ་ནས་རྗེས་སུ་ཡི་རང་གི་ཕྱིར་དུ་སླེབས། རང་ནས་ས་དབང་རིན་པོ་ཆེའི་ཞབས་པད་བརྟན་པའི་ཕྱིར་ཚེ་དབང་སོགས་ཕུལ། ལེགས་པའི་མེ་ཏོག་འཐོར་ཞིང༌། ཡོན་མཆོད་ཟུར་གླན་དུ་བྱོན་ནས། །ཚེ་དབང་སོགས་ཕུལ་ཞིང་སྐུ་མཆེད་ཟུང་ལ་དགོངས་ཞུས་ཀྱིས་ལམ་དུ་ཞུགས་ནས་དམ་པའི་སྟོང་བཅུད་དགོན་དུ་བསུ་བ་བྱུང་ལྟར་ཕྱིན་ནས། ས་དབང་མ་སྲས་རྣམས་ལ་མཇལ་འཕྲད་ལེགས་པོ་བྱུང་ཞིང༌། དྲུག་པའི་ཚེས་བཅུ་འཆམས་ལ་མཇལ། ཚེ་དབང་དང་ཞབས་བརྟན་སོགས་ཕུལ་ཞིང༌། །སྦྱིན་བདག་རྒྱལ་ནག་ང་རོ་དབང་རྩར་སྐོར་ཙམ་ཕྱིན་ནས། ལྷ་ཁང་རྣམས་རབ་ཏུ་གནས་ཤིང་ལམ་དུ་ཞུགས་ནས། ས་མ་རྒྱལ་སར་སྐུ་མཆེད་ལྷན་རྒྱས་སྲིང་མོ་ཡང་བཞུགས་འདུག་པ་གདོང་འཛོམས། མིང་སྲིང་གཉིས་ཀ་ནས་ཞབས་བརྟན་ཆ་ཤས་བསྒྲུབ་ཅིང༌། སྐུབས་དེར་ཞག་ཤས་བར་ནམ་མཁའ་ལ་འཇའ་སྤྲིན་འཁྲིགས་པ་དང༌། རྒྱལ་སའི་གནས་ཁང་རྣམས་སུ་དྲི་བཟང་པོ་འཐུལ་བ་སོགས་ཡ་མཚན་པའི་ལྟས་འགའ་ཡང་བྱུང༌། ཆུ་སྟོད་ཟླ་བའི་ཡར་ཚེས་དགེ་བར་རྒྱལ་སྲས་རིགས་ཀྱི་མྱུ་གུ་ཡང་འཁྲུངས་ཤིང༌། རྨི་ལམ་རྟགས་མཚན་གང་ཡང་མཆོག་གི་ནིརྨ་ཀར་ཡིད་ཆེས། འོན་ཀྱང་རེ་ཞིག་གསང་ཚུལ་དུ་བཞག །སྒར་གཞི་ཀ་མཆོག་དགོན་དུ་སླེབ་པ་དེ་གར་ཕྱིན་ཞིང་གནས། རིམ་གྲོ་དང་ལྷ་སྲུང་མཆོད་བསྟོད་སྐབས་ཀྱི་བགྱི་བར་འོས་པ་ལེགས་པར་བསྒྲུབ། སྐུབས་དེར་ཁྲོ་སྐྱབས་ནས་བསུུ་བ་བྱུང་ལྟར། །སྲིང་མོ་ཡང་དེ་ཕྱོགས་སུ་ཐེག །ཁ་བ་རྟ་འདྲའི་ཕྱོགས་ནས་ཟོ་དོར་གདུག་རྩུབ་དང་མཐུ་སྟོབས་ལྡན་པ་ཞིག་དམ་འོག་ཏུ་ཚུད་ནས་དམ་པ་རྒྱལ་སར་ནས་བསུ་བ་དང་བཅས། ཡུམ་སྲས་ཀུན་ལ་མཇལ་འཕྲད་ཞིབ་མོར་གནང་ཞིང༌། །རྒྱལ་ནག་ལའང་བཀྲ་ཤིས་རབ་གནས་དང་བྱིན་འཇུག་སོགས་གྲུབ་ནས་རིམ་བགྲོད་ཀྱིས་ཁྲོ་ཆེན་དཔལ་ལེགས་རྒྱལ་སར་སླེབ། ས་དབང་རིན་པོ་ཆེའི་ཐུགས་བསྐྱེད་ལྟར། སྐུ་གདུང་མཆོག་རྟེན་ལ་རབ་གནས་དང་བྱིན་འཇུག །ཚོགས་བརྒྱ་དང་ཕྱི་ནང་གི་འགྲོ་བ་སོགས་ལེགས་པར་གྲུབ་ནས། ཀ་ཀེའུ་ཚང་དུ་བྱོན་ནས་ཞག་ཤས་བཞུགས། །ང་རང་ཡང་ས་མ་ནས་སྦྱིན་བདག་རྣམས་ཀྱི་འདོད་པ་ལྟར་འབྲུ་བསོད་ཞོར་གང་ལ་གང་མཚམ་ཀྱི་རྐྱེན་སེལ་ཆོས་ཀྱི་འབྲེལ་བས་བསྡུས་པར་བྱས། སྲིང་མོ་ཡང་དམ་གྲིབ་དང་ཟས་རྩོག་གི་རྐྱེན་གྱི་མགྲིན་པ་ཅུང་ཟད་བསྙུན་ཚུལ་ཐོས་པ། ང་རང་ཡང་ཀ་ཀེའུ་ཚང་དུ་སླེབས། །གྲིབ་སེལ་དང་འཁྲུགས་སྐོང་བ་གྱིས་ཤིང༌། ཁོ་རང་ནས་ཀྱང་སླར་ཡང་བསྟན་འགྲོའི་དོན་དུ་སྙིང་སྟོབས་བསྐྱེད་པར་དགོངས་ཤིང༌། སྙུན་གཞི་ཡང་ཅུངཟད་ཡར་དངས་གྱུར། ང་རང་དཔལ་ལེགས་རྒྱལ་སར་སྐོར་ཙམ་ཕྱིན་ཏེ། ས་དབང་རིན་པོ་ཆེར་དགོངས་ཞུས་ཐོག་ང་རང་རྣམས་ཀ་ཀེའུ་ཚང་ནས་ལམ་དུ་ཞུགས་ཤིང་ས་མ་མཁར་རྒྱལ་སར་སླེབ། མཇལ་འཕྲད་ཐོག་རང་གནས་ཀཿམཆོག་དགོན་དུ་གདན་འཇགས་རང་ལུགས་དཔའ་བོ་མཁའ་འགྲོ་དགྱེས་པའི་ཐབས་དང་རྟེན་འབྲེལ་བསྒྲིགས། དྲུང་དུ་གནས་པའི་སློབ་བུ་བདུན་ཙམ་ལ། སྔུར་ལོའི་འཕྲོའི་འཛིན་པ་རང་གྲོལ་གྱི་སྨིན་ཁྲིད་གྲུབ་འཕྲལ། །ཕྱོགས་གསུམ་དུ་མི་གསུམ་གཉན་ཁྲོད་ལ་བརྫངས། གཞན་རྣམས་རང་གནས་སུ་གཅོད་མཚམས་ལ་བཞག །སྲིང་མོ་མཚམས་སྒྲུབ་ལ་བཞུགས། ང་རང་རྒྱལ་སར་སྐུ་རིམ་དགོས་རིགས་བསྒྲུབ་འཕྲལ། ས་དབང་དང་ལྷན་ཅིག་ཟླ་མཚམས་ཞིག་བསྒྲུབས་ནས། ཉམས་ཁྲིད་སོགས་ཕུལ། མེ་འབྲུག་གསར་ཚེས་ལ། དུས་ཀྱི་མཆོད་པ་དང༌། དགྱེས་སྐོང་སོགས་རྫོགས་ནས་རེ་ཞིག་རང་གནས་སུ་ཏིང་འཛིན་ལ་གནས་པ། རྨི་ལམ་ན་བླ་མ་ཧེ་རུ་ཀའི་ཆ་བྱད་ཅན། ཕྱག་གཡས་སྡིག་མཛུབ་ནམ་མཁར་གཏད་ཅིང༌། གཡོན་བྷནྡྷ་བདུད་རྩིས་བཀང་བ་བསྣམས་པ་ཞིག་གིས། །ཞེན་པ་རང་སར་གྲོལ་བའི་རྣལ་འབྱོར་པ། །གང་ཤར་མ་ཞེན་ཤར་གྲོལ་དུས་མཉམ་རྟོགས། །འདས་པའི་རྟོག་པ་བྱ་ལམ་རྗེས་མེད་དང༌། །ད་ལྟའི་རྟོག་པ་ཆུུ་ལ་རི་མོ་བཞིན། །མ་འོངས་རྟོག་པ་གར་སོང་ཆ་མེད་པ། །འཇུར་བུའི་དྲན་པ་ཤེས་བྱའི་སྒྲིབ་པ་སྟེ། ཕྲ་རགས་རྣམ་རྟོགས་ལུང་མ་བསྟན་དང་གསུམ། །བདག་མེད་མཁའ་ལ་སྤྲིན་དེངས་ཇི་བཞིན་དུ། །གྱུར་ཚེ་བློ་འདས་རིག་པའི་རྒྱལ་མོ་མཆོག །བརྗོད་མེད་འོད་གསལ་ཆེན་པོར་རྟོགས་གྱུར་ཚེ། །འདི་དོན་ནམ་མཁའ་དག་ལ་རབ་ཏུ་རྟོགས། །ཕྱིར་དབྱིངས་ནང་དབྱིངས་འདྲེས་པར་མ་གྱུར་པར། །ཤེས་སྒྲིབ་ཕྲ་བའི་སྤུ་རིས་མི་འབྱེད་ཅིང༌། །ཁྱོད་ནི་རྣམ་པར་སྨིན་པའི་རིག་འཛིན་གྱི། །ས་ལ་གནས་པས་འཆི་ཁ་བར་དོར་གྲོལ། །གསོལ་བཏབ་འབྲས་བུ་བསླུུ་བ་མ་གཏོང་བར། །འགྲོ་བའི་དོན་དུ་རྟེན་འབྲེལ་སྣ་ཚོགས་གཟུགས། །བསྐུལ་མཁན་བྱུང་ན་མེ་ལོང་གཟུགས་བརྙན་བཞིན། །ཤར་ཚེ་མཉམ་ཤར་གྲོལ་ཚེ་་མཉམ་གྲོལ་ཏེ། །རེ་དོགས་མ་བྱེད་གང་ལའང་ཐོགས་མེད་སྤྱོད། སངས་རྒྱས་ཞིང་ཁམས་བགྲོད་འདོད་རེ་བ་དང༌། ངན་སོང་སྡུག་བསྔལ་མྱོང་གི་དོགས་པ་གཉིས། དོན་ལ་གློ་བུར་རྣམ་རྟོགས་ལས་བྱུང་ངོ༌། །བདག་མེད་ཆོས་སྐུའི་ཀློང་དུ་རོ་གཅིག་འགྱུར། །གཡུ་འབྲུག་ཀླ་ཀློའི་འབྲེལ་པས་བསྡུས་གྱུར་ནས། །ལྟོ་འགྲོར་གཟུགས་མེད་འགའ་འགའི་དོན་ཆེན་འགྲུབ། །ཅང་ཤེས་མྱུ་གུ་སད་ཀྱི་མ་ཁྱེར་ན། །བསྟན་པའི་པད་ཚལ་ཉི་འོག་ཁྱབ་ཀྱང་སྲིད། །ད་དུང་རེ་ཞིག་པར་དུ་བརྡ་ཐིམ་རྒྱ། །ཞེས་གསུང་མི་སྣང་བར་གྱུར་ཏོ། །སྲིང་མོ་ཡང་སྐབས་འདི་དག་རྣམས་སུ་བླ་མ་དང་མཁའ་འགྲོའི་ཞལ་གཟིགས་ལུང་བསྟན་ཡང་མང་དུ་འདུག་ཅིང་འབྲུག་ལོ་ཚེ་གེགས་ཡང་དམ་ལྡན་རྣམས་ཀྱིས་གསོལ་བཏབ་འབྲས་བུས་བཟློག་པར་གྱུར་ཏོ། །དེ་ནས་དུས་བབ་ལྟར་ངེད་རང་མིང་སྲིང་སྤྲུལ་ཟུང་བཅས་ཁྲོ་ཆུའི་ཕྱོགས་སུ་ཐེག །ས་སྟོད་རྨོག་པ་རི་ནས་ང་རང་དཔོན་གཡོག་གསུམ་ཙམ་མར་སོང་བ་ཡུལ་དེའི་འབྱུང་པོ་གདུག་པ་ཅན་རྣམས་དུས་གཅིག་ཏུ་འདུས་ཏེ་ཐོ་འཚམས་པར་བྱས་ཤིང། ང་རང་མི་རྟ་ཟུང་བྲག་ཐོག་ནས་འཕང་པ་སོགས་བྱས་བྱུང་ཡང༌། བླ་མའི་ཐུགས་རྗེས་སྐད་ཅིག་ལ་ཆོས་ཉིད་ཉམས་ཀྱི་སྣང་བ་འུར་ཞིང་རང་མི་རྟ་ལ་ཉེ་ཞོ་མེད་པར། འབྱུང་པོའི་རང་གཤེད་རང་ལ་ཕབ་ཅིང༌། རྒྱལ་བསེན་གདུག་པ་ཅན་གནས་སྤར་དང་ཤི་འདྲེ་རྣམས་ཀྱང་ལས་མཁན་ཤ་ཟ་ཌཱ་ཀི་གིང་དང་ལང་ཀའི་ཚོགས་ཀྱིས་དམ་འོག་ཏུ་ཚུད་པར་བྱས། མ་ཀའི་ཀློང་དུ་རྟགས་མཚན་གསལ་བར་ཡོད། དེ་ནས་སྦྱིན་བདག་ང་རོ་དྲུང་ཞེས་པ་ཚེའི་འཕེན་པ་རྫོགས་ལ་ཁད་ཡོད་པ་ང་རང་མིང་སྲིང་གཙོས་ཀུན་ནས་ཟླ་གསུམ་གྱི་ཚེ་བསྲིང། །ཁོ་རང་ཡང་སྡིག་ལྡན་རྒྱུད་མ་རུངས་པར་ཡོད་གཤིས་སྲིང་མོས་ཐབས་མཁས་ཀྱིས་རྗེས་སུ་བཟུང་ཞིང་རྒྱུད་ལ་བྱང་ཆུབ་སེམས་ཀྱི་ས་བོན་ཐེབས་བར་མཛད། ཆོས་ཉིད་ལྟ་བའི་རང་མདངས་ལས་ཁོའི་རྒྱུད་ཀྱི་བག་ཆགས་ཀུན་སྲབ་མོར་བྱས་ཤིང་དད་པ་དང་སྙིང་རྗེ་ལྟ་བ་ཡང་ཕྱོགས་ཙམ་རྟོགས་བར་གྱུར་ནས་སྐལ་ལྡན་དུ་བྱིན་གྱིས་བརླབས། ཡུལ་ཁམས་དེར་དུས་ངན་གྱིས་མངོན་རྟོགས་འཁྲུགས་ཟིང་ཅུང་ཟད་ཡོད་འདུག་པ་ཁོ་བོའི་གཞན་ཕན་བྱང་ཆུབ་སེམས་ཀྱིས་སྐབས་སུ་བབ་པར་ཅུང་ཟད་ཞི་བའི་ཐབས་ལ་འབད། མི་མ་ཡིན་གྱི་སྡེ་ཚོགས་དམ་ལ་འདུག་ཀྱང༌། གཟུགས་ཅན་གྱི་མི་དག་རང་འདོད་ཆགས་སྡང་ཆེ་བ་དང༌། ལྷག་པར་ཆོས་དང་གཟུ་བོའི་གཏམ་ཤིན་ཏུ་གོ་པར་དཀའ་འདུག་ཀྱང་བར་སྐབས་བདེ་འཇགས་སུ་གྱུར། བདེ་ཆེན་གླིང་དགོན་པར་ངེད་ཅག་འཁོར་བཅས་སོང་ཞིང་གང་ལ་གང་འཚམས་གྱི་རེ་བ་རྫོགས། ཨ་ཝོ་ཐབས་ཤེས་ཀྱི་ཉེ་འདབས་དུས་བབ་ལྟར་སོང་ཞིང་ལེགས་པའི་རྟེན་འབྲེལ་ཕུན་སུམ་ཚོགས་པ་བྱུང་བ་དང་གནས་བདག་ཨ་ཝོ་ཐབས་ཤེས་གཙོར་གྱུར་གསར་བའི་གཏེར་སྲུང་སོགས་ཀུན་གྱིས། སྲིང་མོ་དང་སྡོན་གྱི་ལས་འབྲེལ་ཡོད་པ་མི་མ་ཡིན་གྱི་མངོན་ཤེས་ཀྱིས་མཐོང་ནས་སྲོག་སྙིང་ཕུལ་ཞིང་ དམ་འོག་ཏུ་ཚུད་ནས་བྲན་ལྟར་ཁས་བླངས། དེ་ནས་ངེད་རང་རྣམས་ཀཿམཆོག་དགོན་དུ་གདན་འཇགས། ཚེས་བཅུ་སོགས་རྫོགས་འཕྲལ་སླར་ཡང་ང་རང་ཁྲོ་ཆུ་འཁོར་སྦྱིན་བདག་ཏཱ་རོ་ཡང་ཚེའི་དུས་བྱས། འཕོ་བ་དང་སྦྱངས་ཆོག་ཕུང་པོའི་བསྲེགས་སྦྱངས་བཅས་ཀྱིས་རྗེས་སུ་བཟུང་ཞིང༌། སྲིང་མོའི་ཐུགས་རྗེས་དཔལ་གྱི་རི་ལ་དབུགས་དབྱུང་སོང༌། དེ་ནས་སྟོད་སྨད་ཀུན་ལ་ལུགས་ཟུང་གི་བགྱི་འོས་ཀུན་མཐའ་རྫོགས་པར་བྱས། འཁྲུལ་བའི་གཞན་དབང་ཅན་རྣམས་ངོ་མཚར་བའི་རྟགས་མཚན་ཟོལ་ཟོག་མ་ཡིན་པ་འགའ་རེ་ཡང་བྱུང༌། དེ་ནས་ཡར་ཐེག་ཅིང༌། རང་གནས་སུ་སླེབས། མགོ་ལོག་ཕྱོགས་ནས་བརྒྱུད་ལྷ་ལྡན་དུ་སོང་པ་ཡང་ཕྱིར་འཁོར། གཞན་ཡང་དམ་ལ་ལྡན་མིན་འདྲེས་མར་གྱུར་པ་ཆ་ཤས་ཀྱང་སླེབས། ཕྱིར་འཁོར་ཚེ་རྐྱེན་ཕྲན་བུ་བྱུང་འདུག་པ་བཏང་སྙོམས་སུ་བཞག །བར་དོའི་རྣམ་པར་ཤེས་པ་རྗེས་འཛིན་གྱིས་བཙན་ཐབས་སུ་དབུགས་དབྱུང༌། རིམ་བཞིན་དག་ཞིང་བགྲོད་པར་བྱས། སྡེ་དགེ་ནས་སློབ་བུ་བཀྲ་ཤིས་དགེ་ལེགས་གཙོས་ཆ་ཤས་འབོད་པར་སླེབས། རྒྱལ་སྲས་ཆུང་བ་ཡང་རྒྱལ་སར་རྩུབ་གེགས་ཆེ་བས་ངེད་ཀྱི་གནས་སུ་གདན་དྲངས། རང་གཞན་ཀུན་ལ་སྨན་པའི་དཀྱིལ་འཁོར་གསུམ་གྱི་ཞལ་ཕྱེས་ཤིང༌། བདུད་ཀྱི་དཔུང་ཚོགས་གཞོམ་ན་ལེགས་པའི་རྟེན་འབྲེལ་ཕུན་་སུམ་ཚོགས་པར་བྱས། འདུས་པ་རྣམས་ལ་གང་ལ་གང་འདོད་ཀྱི་སྨིན་ཁྲིད་ཐ་དད་པའི་རེ་བ་རྫོགས་པར་བྱས། སྐུབས་སུ་བབ་པའི་ཆོས་བདག་ཌཱ་ཀི་མའི་བརྡ་བསྐུལ་ལྟར་བརྡ་རིས་ཆ་ཤས་ཀྱང་བསྒྱུར་ཞིང༌། དམ་ལྡན་རེ་ཟུང་བྱིན་རླབས་ཀྱི་རྟགས་མཚན་མངོན། མེ་སྦྲུལ་གསར་ཚེས་ཀྱི་ལོ་གསར། དཔའ་བོ་མཁའ་འགྲོའི་དགྱེས་སྐོང་མཆོད་པ་སོགས་བགྱི་འོས་ཀུན་གྲུབ་ནས། སྐུབས་དེར་ངེད་ཅག་མིང་སྲིང་ཁོག་བསྲུང་ཆུ་སྨན་ལ་ཐེག །ཡུལ་དེའི་ཟོ་དོར་གཉན་སྲས་ཆེན་པོས་གཙོས་མི་མ་ཡིན་གཙོ་བོ་ཀུན་དམ་འོག་ཏུ་ཚུད། རྒྱ་འདྲེ་འབྱུང་པོ་ཚ་རག་ཤིན་ཏུ་ཆེ་བར་འདུག་ཀྱང༌། བཀའ་རྟགས་ཀྱི་ཕྱག་རྒྱ་གཉན་པོས་ལན་མང་བཅིངས་ནས། གཞན་ཕན་གྱི་སེམས་སྟོབས་དྲག་པོ་བསྐྱེད། སྨན་ཆུ་སོགས་འཕྲོད་ཅིང་དད་ལྡན་སྦྱིན་བདག་རྣམས་ལའང་རང་རང་གི་མོས་སྐལ་དང་འཚམས་པའི་བསྲུང་རིམ་དབང་བསྐུར་བྱིན་རླབས་བཀྲ་ཤིས་རབ་གནས་སོགས་བགྱིས། ཡུལ་ཁམས་ཀུན་ལའང་མཐོང་ཐོས་དྲན་རེག་ཆོས་ཀྱི་འབྲེལ་བ་ཐོབས་པར་བྱས་ཤིང༌། ཡང་ཐེག་ནས་ས་མཚམས་བར་སྔོན་ལས་འབྲེལ་བའི་སྐྱེལ་མ་དང་བཅས་རྒྱལ་ས་ནས་བརྒྱུད་ཀཿམཆོག་དགོན་དུ་སླེབས། རྟགས་བབ་ལྟར་ཚེ་བརྟན་གླིང་དུ་ཞིག་གསོས་ཕྲན་བུ་ཐོག །སྲིང་མོ་ས་གཞི་བྱིན་རླབས་ཀྱི་ཕྱིར་དེ་གར་བྱོན་ནས། དུ་རང་རང་མལ་ད་ཡི་དམ་ལྷའི་བསྙེན་སྒྲུབ་ཕྲན་བུ་བྱས། སྒར་གཞི་སོགས་རིམ་བཞིན་ཚེ་བརྟན་གླིང་དུ་སོང༌། སྐུབས་ཤིག་སྲིང་མོ་ཡང་བྱོན་ནས་གདོང་འཛོམས་ཐོག །བཀྲ་ཤིས་དགེ་ལེགས་རང་གནས་སུ་འཁོར། ངེད་ཅག་ཀུན་གྱིས་ལྷ་སྲས་གདན་དྲངས་ཤིང༌། དགོན་ནས་བདག་ཡུམ་སྲས་བཅས་ཀྱི་སྐྱེལ་མ་དང་བཅས། ཟླ་ཚེས་དགེ་བར་ཚེ་བརྟན་གླིང་དུ་གདན་འཇག་དགའ་སྟོན་ལེགས་པའི་རྟེན་འབྲེལ་བསྒྲིགས། ཁྲོ་རྒྱལ་ཞེ་སྡང་རྡོ་རྗེའི་བསྙེན་སྒྲུབ་ལས་གསུམ་མཐར་ཕྱིན་གྱིས། མ་རུངས་པའི་དཔུང་ཚོགས་རྡུལ་དུ་བརླག་ཅིང༌། ལྕང་ལོ་ཅན་དང་མི་གཉིས་པར་བྱིན་གྱིས་བརླབས། ང་རང་རྒྱལ་སར་ཕྱིན་ཏེ་དྲག་པོ་དཔལ་ཆེན་འདུས་པའི་སྒྲུབ་པ་གནད་སྨིན་ཞིག་བསྒྲུབས། །སྐུབས་དེར་དམ་པ་རྒྱལ་པོ་སྐུ་མཆེད་ཀྱང༌། ས་མ་མཁར་ལ་བྱོན་ནས་སྐུ་མཆེད་ཐམས་ཅད་ལྷན་རྒྱས་དགའ་སྟོན་སོགས་མཛད། ཚེས་བཅུ་ཆེན་མོ་མཇལ་ཕྱིར་སྐུ་མཆེད་ལྷན་རྒྱས་གདན་འཇགས་ནས། ང་རང་ཡང་མགོ་ལོག་ཕྱོགས་སུ་འགྲོ་བའི་དགོངས་པ་ཞུས་ཏེ་ཚེ་བརྟན་གླིང་དུ་སླེབས། སྐུབས་དེར་ལོ་དུས་སུ་ཁམས་ཀྱི་ཙཱ་རི་ཊར་འགྲོ་བའི་དུས་ལ་བབ་པ་དང་གཉན་པོ་གཡུུ་རྩེའི་དྲེགས་ཚོགས་ཀུན་ནས་བསུ་བ་བྱུང༌། སྲིང་མོ་ཆེན་མོ་གཙོ་བོར་གྱུར་བས་གཏེར་སྲུང་ཟོ་དོར་དཔའ་བོ་དཔའ་མོ་རྣམས་ལ་དགའ་སྟོན་དང༌། བསང་བརྔན་ལེགས་ཚོགས་ཀྱིས་འབྲས་བུ་དུས་སུ་སྨིན་པའི་གཉེར་གཏད་སོགས་གནད་སྨིན་མཛད་ཅིང༌། ང་རང་ཡང་སྟོད་ཕྱོགས་སུ་འགྲོ་རྒྱུའི་སྟ་གོན་བྱས་ཤིང་ཟླ་ཚེས་དགེ་བར་ལམ་དུ་ཞུགས་ནས་ཡར་ཐེག །སྐྱེལ་མ་རྣམས་ལའང་གང་ལ་གང་མཚམས་ཀྱིས་རྗེས་འཛིན་བྱས་ནས། ཞག་གཅིག་བགྲོད་པའི་ས་ནས་ཕྱིར་ལྡོག །སློབ་བུ་ཉི་མ་འོད་ཟེར་ལ་ཡང་བོགས་འདོན་གྱི་ངོ་སྤྲོད་དང་ཤུལ་གྱི་བསྒོ་བ་རྣམས་ལེགས་པར་བྱས་ཤིང༌། སྲིང་མོ་དང་སྤྲུལ་སྐུ་རྣམས་ཀྱི་ཞབས་ཏོག་ཕྱིར་དུ་མར་འཁོར། ཨ་མཆོག་སྟོད་སྨད་སོགས་ལམ་བར་དུ་འཁོད་པ་རྣམས་ལ་སྐྱབས་འཇུག་དང་ཆོས་འབྲེལ་རེ་ཐོབ་པར་བྱས། ཨ་མཆོག་དགོན་གྱི་འདུས་སྡེའི་དགོངས་བཞེད་ལྟར་ཞབས་བརྟེན་དང་བསྟན་པ་ཡུན་རིང་གི་ལེགས་སྨོན་བཅས་བསྒྲུབས། རྨེ་རྒྱལ་གཙོས་རྔ་ཁོག་སྟོད་སྨད་ཀྱི་རགས་རིམ་ཙམ་གྱི་རེ་འདོད་བསྐང༌། རྗེ་བླ་མའི་གདན་སའི་སྤྲུལ་པའི་སྐུ་རིན་པོ་ཆེ་དང༌། ཨ་སྐྱོང་ཧ་ཆེན་གཙོས་མགོ་ལོག་ཕྱོགས་ཀྱི་བསུ་བ་ཡང་སླེབས་ལྟར་རང་རང་དང་འཚམས་པའི་ཆོས་འབྲེལ་རེ་ཐོབ་པར་བྱས་ནས་ཡར་ལྡོག །ངེད་ཅག་རྣམས་སྐབས་ཀྱི་བགྱི་འོས་བསྟུན་ནས། ཤར་གྱི་སྒོ་སྲུང་དྲུང་དུ་ཞག་གཅིག་བསྡད་པར་སྡེ་བརྒྱད་ཀྱི་འདུ་ལོང་དཔག་ཏུ་མེད་པ་འདུག་པའི་ནང་ནས༑ བུད་མེད་སྔོན་མོ་གཡུ་ཡི་ལན་ཚར་ཅན་ཞིག་གིས། དུས་ལ་བབ་ཚེ་ལན་གཅིག་བྱོན་པ་ལེགས། འོན་ཀྱང་སྐབས་འདིར་མཆོད་ཅིང་བསྟོད་པ་ལ། དག་དང་མ་དག་མི་མང་ཁྲོད་ཉིད་དུ། ངེད་ཅག་འདུ་བའི་གོ་སྐབས་བྲལ་བས་ན། སྐུབས་ཀྱི་འགྲོ་བ་རྟ་ལོ་གསར་ཚེས་ལེགས། བདུད་མོ་རྣམ་གསུམ་ཁ་ལག་འབྲེལ་བ་ན། །གྲིབ་དང་འདུ་བ་རྣམ་བཞི་འཁྲུགས་ཡང་སྲིད། ཁམས་ཀྱི་ཙཱ་རི་ཊ་ཡི་གནས་མཆོག་འདིར། །དཔེར་ན་དུག་སྤྲུལ་མགོ་ཡི་ནོར་བུ་བཞིན། ཤ་ཟ་སྲིན་པོའི་གླིང་གི་ཁ་གནོན་ཏེ། ཁྲོ་གཏུམ་ཁེངས་སེམས་ལྡན་པའི་སྐྱེ་བོ་དང༌། ལོག་ལྟ་སྒྲོ་སྐུར་ཅན་གྱི་སེར་གཟུགས་རིགས། །ལོག་སྨོན་གདུག་སེམས་ཅན་གྱི་བདུད་མོ་གསུམ། །ད་དུང་འདུལ་བའི་དུས་སུ་མ་བབ་པས༑ །དད་ལྡན་རྣམས་ལ་ཆོས་ཀྱི་འབྲེལ་བ་ཐོབ། །མི་མིན་ཀུན་ལ་བཀའ་རྟགས་ཕྱག་རྒྱ་ཡིས། །ཟིལ་འོག་མནན་ཞིང་འབྲེལ་པས་བསྡུས་པ་ལ། །སྨིན་གྲོལ་སྒོ་འཕར་ཕྱེ་བའི་སྐབས་མེད་དེ། །དམ་ཉམས་རྐྱེན་གྱིས་སྐུ་སྲོག་ཉེན་ཡང་སྲིད། །དེ་བས་བག་དང་ལྡན་པའི་སྤྱོད་པ་མཛོད། །དམ་ཉམས་ཁྲོད་མིན་གང་དུ་ངེད་ཅག་ཀུན། །ཌཱ་ཀིའི་བཀའ་ལྟར་འབྲལ་མེད་གྲོགས་སུ་འོང༌། །ཞེས་ཟེར་རོ། །ཕྱིའི་ནང་པར་བསང་མཆོད་སོགས་བྱས་ནས་ལམ་དུ་ཞུགས། སྨན་ཆུ་ཁར་དཔལ་དགེ་སྤྲུལ་སྐུའི་གཙོས་ཆོས་འདོད་ཁ་ཤས་ཀྱི་རེ་བ་རྫོགས་ཕྱིར་བྱས་ནས། སྔོུ་མཚོ་ཁར་སླེབ་པ། བསང་བརྔན་གྱི་ཆོ་ག་རྒྱ་ཆེར་བྱས་ཤིང༌། ཉིན་མོའི་དུས་སུ་ཕྱོགས་ཀུན་གྱི་འདུ་ལང་མང་བུས་ལྟར་སྣང་གི་བྱ་སྤྱོད་ལས་མ་བྱུང་ཞིང༌། འོད་གསལ་གྱི་སྣང་བར་གནས་ཡུལ་ཀུན་ཉུལ་ཙམ་བྱས། ཞག་ཤས་ཙམ་ནས་ཨ་སྐྱོང་གོང་འོག་སོགས་ཀྱི་རེ་འདོད་བསྐང་ཕྱིར་ལམ་དུ་ཞུགས་ནས་སོ་སོར་སྲུང་རིམ་དང༌། གཤིན་པོའི་རྗེ་འཛིན་གསོན་པོའི་སྐྱབས་འཇུག་སོགས་མྱུར་མགྱོགས་ཀྱི་ལས་རང་ནུས་ཅི་ལྕོགས་ཙམ་རེ་བ་རྫོགས་པར་བྱས། ཡུལ་ཀུན་གསར་སྐྱེས་ཀྱི་འབྱུང་པོ་དང༌། ཤི་འདྲེ་རྒྱལ་བསེན་གྱིས་བཟུང་ཞིང༌། སེམས་ཅན་ཀུན་གྱི་སྲོག་འཕྲོག་པ་དང༌། རྒྱུད་དཀྲུགས་ཅིང་དམག་ཇག་དང་སྲོག་གཅོད་མི་འདོད་པ་སྣ་ཚོགས་ཀྱི་སྣ་འདྲེན་བྱེད་འདུག་པར། ནུབ་གཅིག་ཏིང་ངེ་འཛིན་ལ་གནས་པའི་ཐོ་རང་གི་ཆར། ཌཱ་ཀི་དཀར་མོ་རུས་པའི་རྒྱན་དྲུག་གསོལ་བ་ཞིག་གིས། ཨེ་མ་ཧོ། ཆོས་དབྱིངས་བདེ་ཆེན་ཁྱབ་གདལ་ཕོ་བྲང་ནས། །ཁ་སྦྱོར་ཡན་ལག་བདུན་ལྡན་ངོ་བོ་ཉིད། །ཕྱེད་སྤྲུལ་ལོངས་སྐུའི་སྟོན་པ་དྲི་མ་མེད༑ །བདག་གི་སྙིང་དབུས་མི་ཤིགས་ཐིག་ལེར་བཞུགས། །མ་དག་སྒྱུ་མའི་ལུས་ཀྱི་གྲོང་ཁྱེར་དུ། །བྱང་ཆུབ་སེམས་ཀྱི་དཔའ་གདེངས་མ་བསྐྱེད་ན། །འཁྲུལ་སྣང་བདག་བཟུང་སྐྱོ་སུན་དགོས་པ་གང༌། །དཔའ་བོ་མུན་པའི་གླིང་དུ་བྱོན་པ་ལ། །གཏད་མེད་རྒྱ་ཡན་བཞུགས་པའི་དགོས་པ་ཅི། །འབར་བ་ཁྲག་འཐུང་ཁྲོ་བོའི་རྣམ་རོལ་གྱིས། །འབྱུང་པོའི་སྡེ་ཚོགས་ཆམ་ལ་མ་ཕབས་ན། །སེམས་བསྐྱེད་དམ་བཅའ་ཡལ་བར་མི་འདོར་རམ། །སྒྱུ་མའི་ནོར་རྫས་རྩ་ཁའི་ཟིལ་བ་དང༌། །དེ་ཡི་སྙིང་པོ་ཅུང་ཟད་ལེན་འདོད་ན། །རྣམ་བཞིའི་ལས་ཀྱི་འཇུག་པ་མ་གཡེལ་ཅིག །ཁོ་མོས་ལྟར་སྣང་སུན་པའི་ཚུལ་སྟོན་ཡང༌། །འཁོར་ཚོགས་ངེས་འབྱུང་སྐྱོ་ཤས་བསྐུལ་བའི་ཕྱིར། །དྲང་བའི་དོན་དུ་མཐུན་པར་སྨྲ་བ་ལས། །ངེས་པའི་དོན་དུ་མི་འཇིགས་གོ་ཆ་གྱོན། །སྐྱོ་དང་སུན་པའི་རྣམ་རྟོག་ཡོད་མ་ཡིན། དཔའ་བོ་ལྟར་སྣང་མི་འཇིགས་གདེངས་ལྡན་ཡང༌། །དོན་ལ་སྐྱོ་དང་སུན་པར་མ་གྱུར་རམ། །རང་ཅག་རྣམ་སྨིན་ལུས་ཀྱི་ཕུང་པོ་་འདིས། །དྲིན་ལས་འགྲོ་དོན་མཐར་རུ་འཁྱོལ་བར་བྱེད། །དེ་ཕྱིར་དེ་ལས་གཡེལ་བར་མ་མཛད་ཀྱེ། །ཞེས་གསུང་ཞིང༌། ཧི་སྒྲ་དྲག་པོ་གསུམ་བསྒྲགས་པ་དང་ཆབ་གཅིག །ཁམས་ཀྱི་ཙཱ་རི་ཊའི་སྡེ་བརྒྱད་ཀྱི་དམག་དཔུང་རྡུལ་ལྟར་འཁྲིགས་ཤིང༌། དེའི་ཚེ་ཌཱ་ཀི་གནས་འགྱུར་གྱི་གཏུམ་མོ་ཆེན་མོའི་སྐུར་བཞེངས་ནས། ནག་ཕྱོགས་བརླག་པར་བཀའ་བསྒོས་ནས། །རང་གནས་སུ་གཤེགས། ཕྱིའི་ཉིན་ནས་ཁོ་བོས་ཀྱང་འབྱུང་པོ་འདུལ་བའི་ཏིང་ངེ་འཛིན་ལ་གནས་ཤིང་སྡེ་བརྒྱད་ཀྱི་དཔུང་ཤུགས་བསྐྱེད་པས། ཞག་བཅུ་གཅིག་ཙམ་ནས་ལ་ལ་ནི་གནས་སྤར་བ་དང༌། ལ་ལ་ནི་དམ་འོག་ཏུ་འདུས། ལ་ལ་ནི་འགུགས་འཆིང་སྔོམ་མྱོས་ཀྱིས་རྣམ་སྨིན་བག་ཆགས་སྦྱངས་པ་སོགས་གཟུགས་མེད་ཀྱི་འགྲོ་དོན་གནད་སྨིན་ཙམ་བྱུང༌། སྲིང་མོའི་དྲུང་ནས་ཀྱང་བདེ་མིན་བལྟ་སར་དང༌། ཡུན་དུ་མི་རིང་པའི་རྒྱུད་བསྐུལ་དང༌། ས་མ་རྒྱལ་ས་ནས་གསུང་ཤོག་བཅས་བང་མི་འོང་བ་ལ། སྐུབས་ཀྱི་ལས་དོན་ཞུ་འོས་སོགས་ཡི་གེར་བཏབ་ནས་ཕྱིར་བརྫངས། སྡེ་དགེ་ནས་བཀྲ་ཤིས་དགེ་ལེགས་གཙོ་གྱུར་ནན་ཏན་གྱི་བསུ་མ་དང་རྫ་བརྒྱུད་ནས་འཕྲད་འདོད་ཁ་ཤས་སོགས་ཀྱང་སླེབས། རང་རང་དང་འཚམས་པའི་ཆོས་འབྲེལ་སོགས་བྱས་ཤིང༌། སྟོད་ཕྱོགས་སུ་འགྲོ་རྒྱུ་ནི་དུས་ལ་མ་བབ་པར་དངོས་མེད་རྣམས་ཀྱི་ལུང་ལྟར་བཞག་ཅིང་རང་གནས་སུ་བརྫངས། ས་རྟ་ཟླ་བ་དང་པོའི་ཚེས་དགེ་བར། ཡང་ལེགས་ཞེས་པའི་སར་ལོ་གསར་གྱི་རྟེན་འབྲེལ་དང་བསང་མཆོད་མཚོན་ཙམ་བྱས། ཞག་གཅིག་གཉིས་ན་ཡུལ་དེའི་བྱ་བའི་མཐའ་བསྡུས། སྟོད་ཕྱོགས་སུ་ཕྱིན་ཏེ། དད་འདུན་ཆེ་བ་རྣམས་ལ་ཁྲོམ་དབང་ཙམ་རེ་བྱས་ཤིང༌། རྒྱུ་སྟོད་ཞེས་པའི་སར་ཞག་གསུམ་ཙམ་གནས་པས། རྨ་རིའི་སྤྲུལ་པའི་གཞི་བདག་དངུལ་དཀར་སྒྲོན་མས་གཙོ་གྱུར་འདུས་ཤིང༌། སྡེ་བརྒྱད་ཀྱི་དགའ་སྟོན་དཔག་ཏུ་མེད་པ་དང་ཆབ་གཅིག །དངུལ་དཀར་སྒྲོལ་མས་མེ་ཏོག་གི་སིལ་མ་འཐོར་ཞིང༌། སྐྱབས་ལྷ་དང་མ་བྲལ་དཀོན་མཆོག་གསུམ། །སློབ་དཔོན་པད་མ་རྒྱལ་པོ་ཀྱེ། །མི་འབྲལ་སྤྱི་བོའི་རྒྱན་དུ་བཞུགས། །རྟ་ལོ་སྟག་གི་ཟླ་བ་ལ། །ལེགས་པའི་རྟེན་འབྲེལ་སྣ་ཚོག་འགྲིགས། །ལྷ་གོང་མའི་ཐུགས་དམ་དབྱིངས་ནས་བསྐུལ། །སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། འཛམ་གླིང་ནོར་བུ་དགྲ་འདུལ་གྱིས། །ས་བཟང་པོའི་སྨོན་ལམ་ལ་ཁ་ནས། །དུས་བཟང་པོ་བཀྲ་ཤིས་ཟླ་བ་ལ། །འཁོར་བཟང་པོ་ལྷ་ཕྲུག་སུམ་ཅུ་ལ། །གླིུང་ཇོ་རུའི་ཆོས་སྒྲུང་སིལ་མ་གསུངས། །དེ་བདུད་ཕོ་བདུད་མོའི་སྨོན་ལམ་གྱིས། །ཡོངས་སྤེལ་བའི་རྟེན་འབྲེལ་འགྲིགས་མ་བྱུང༌། །མ་མཁའ་འགྲོ་ཤྲཱི་སུ་ཝརྞའི། །ཐུགས་ནས་ཐུགས་སུ་བརྒྱུད་པར་བྱས། །གླིུང་ལྷ་བུ་སུམ་ཅུའི་སྨོན་ལམ་ལ། །སླར་མ་འོངས་བསྐལ་པ་ཐ་མའི་དུས། །སེམས་ཅན་སྡུག་བསྔལ་སྐྱོབ་བ་དང༌། སངས་རྒྱས་བསྟན་པ་སྤེལ་བའི་ཐབས༑ །མ་རུངས་བདུད་སྡེ་ཆོམ་ལ་འབེབས། །དཀར་ཕྱོགས་དབུ་འཕང་བསྟོད་པའི་ཕྱིར། །ལས་ཅན་བུ་ཡི་ཕ་ཕོག་ཏུ། །འབྱུང་བའི་གསོལ་བ་དྲག་ཏུ་བཏབ། །བཀའ་གོང་མ་ལྷ་ཡིས་མཐུན་འགྱུར་མཛད། །བར་མ་གཉན་གྱིས་བདེན་པ་བདར། །འོག་མ་ཀླུ་ཡིས་དམོད་པ་བོར། །ད་སྨོན་ལམ་དཀར་པོའི་རྩ་བ་དེ། །དུས་ལ་བབ་པར་མ་གྱུར་ཏམ། །རང་རང་ལས་ཀྱི་བསྐལ་བཞག་ཡིན། །མེ་ཏོག་ཕོག་པའི་ལྷ་སྐལ་དེ། །ད་བྱུང་བའི་དུས་སུ་ཞབས་ཏོག་བསྒྲུབ། གླིུང་སྐྱེས་བུས་བརྡ་ཆོས་བསྟན་དུ་གསོལ། །མ་མཁའ་འགྲོས་མཐུན་རྐྱེན་སྒྲུབ་ཏུ་གསོལ། །ལྷ་གོང་མའི་བྱིན་གྱིས་བརླབ་ཏུ་གོསལ། །ཞེས་ཟེར་བར་ནམ་མཁའི་ཁམས་ནས། །ཁྱོད་གཞི་བདག་ལུས་ལ་བྱང་ཆུབ་སེམས། །མ་མཁའ་འགྲོའི་ཚོགས་གྲལ་འགྲིམ་མཁན་མ། །དམ་ལ་གནས་ཤིང་སྨོན་ལམ་འགྲུབ། །གསོལ་འདེབས་བསྐུལ་མ་བྱས་པ་ལེགས། །ལོ་གཅིག་གི་བར་དུ་གསང་རྒྱས་ཐོབ། །དེ་ནས་ཅི་དགོས་རིམ་གྱིས་བལྟ། །གླིུང་ལྷ་བུ་བསྐུལ་མ་བྱུད་གྱུར་ན། །དུས་བབ་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས། །འགྲོ་བའི་དོན་དུ་སྣང་ཡང་སྲིད། །ཅེས་གསུངས་སོ། །གཞན་ཡང་ཁམས་ཀྱི་ཙཱ་རི་ཊའི་དཔའ་བོ་ཌཱ་ཀི་དྲེགས་ཚོགས་དང་བཅས་པ་སླེབ། བགྲོ་བ་མང་དུ་བྱས་ཤིང་ཕྱིའི་ཉིན་ལམ་དུ་ཞུགས། ཚེ་བརྟན་གླིང་དང་ས་མ་རྒྱལ་ས་བཅས་ནས་བསུ་བ་སླེབ་པ་རྣམས་དང༌། སྒར་གཞི་བཅས་རེ་ཞིག་རྨ་ཡུལ་དུ་གནས་ཤིང༌། ངེད་ཅག་དཔོན་གཡོག་ཉུང་ཤས་ཀྱིས། དཔོན་ངག་དབང་སོགས་ལམ་བར་དུ་འཁོད་པ་རྣམས་ལ་འཕྲད་ཅིང་རེ་བ་རྫོགས་ཙམ་རེ་བྱས། གཉན་པོ་གཡུ་རྩེའི་ནང་དུ་སླེབ་ཤིང༌། བླ་མཚོའི་འགྲམ་གྱི་སྟོད་ཕྱོགས་བྲག་མཁའ་འགྲོའི་གར་བྱེད་པ་འདྲ་བར་གནས། ཉིན་གྱི་སྐབས་སུ་སྣང་བ་འལ་མ་འོལ་མར། ཡུལ་ལ་རྩེ་འཇོ་རོལ་ཞིང༌། མཚན་གྱི་དུས་སུ་ས་སྤྱོད་རིག་འཛིན་གྱི་ཞིང༌། རིན་པོ་ཆེ་བཀོད་མཛེས་རྣམ་པར་རོལ་པའི་ཞིང་དུ་ཧེ་རུ་ཀའི་སྒྲུབ་པ་ལ་ཞུགས། དཔལ་རི་རིག་འཛིན་གྱི་ཞིང་ན་བཞུགས་པའི་ཌཱ་ཀིའི་རྗེ་པོ་པདྨ་ཐོད་ཕྲེང་རྩལ། ཤྲཱི་སིང་ཧ། བི་མ་མི་ཏྲ་གཙོ་བོར་གྱུར་པའི་རིག་འཛིན་དཔའ་བོ་མཁའ་འགྲོ་འབུམ་ཕྲག་ཡེ་ཤེས་དང་ལས་ལ་གྲུབ་པའི་ཆོས་སྐྱོང་དམ་ཅན་སྲུང་མའི་ཚོགས་བཅས་གིང་ལང་འབར་མ་དབང་ཕྱུག་བརྟན་མར་བཅས་པ་རྣམས་ཀྱང་འདུས། རང་གནས་ཀྱི་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་ལས་སྒྲུབ། རྡོ་རྗེའི་མིང་འཛིན་བཞིས་སྦྱིན་བདག་གི་ཚུལ་དུ་ཞབས་ཏོག་སྒྲུབ་ཅིང༌། མཐའ་སྐོར་གྱི་དྲེགས་པ་སྡེ་བརྒྱད་འཁོར་དང་ཡང་འཁོར་རྣམས་ཀྱང༌། སྒྲིབ་སྦྱོང་ལ་འབད་པས་སྐལ་པ་བཟང་པོར་བལྟས། དེའི་ཚེ་ཆོས་བདག་ཌཱ་ཀི་མ་ཡང་དངོས་གཟུགས་མ་བྱོན་ཀྱང༌། འོད་གསལ་ཉམས་ཀྱི་སྣང་བར་འོད་ལུས་སྤྲུལ་པའི་གཟུགས་སུ་བྱོན་ནས། ལས་ཀྱི་གཉེར་འཛིན་ཆེན་མོ་མཛད་ཅིང༌། སྟོན་པ་ཉིད་བྱིན་རླབས་ཀྱི་སྐབས་འགར་མ་གཏོགས་ལུས་སྲུང་དུ་བཞུགས། དེར་ཧེ་རུ་ཀ་དཔལ་ཁྲག་འཐུང་གི་རྗེ་བོས། སླར་ཡང་མཐའ་འཁོབ་བྷོ་ཊའི་ལྗོངས་འདིར་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་གཟིགས་པས། ནག་ཕྱོགས་འབྱུང་པོ་ཁ་འཐོར་བ་རྣམས་ཀྱང་དམ་ལ་བཏགས། དཀར་ཕྱོགས་ཀྱི་དྲེགས་པ་སྡེ་བརྒྱད་དམ་ལ་གནས་པ་རྣམས་ཀྱང་སླར་ཡང་བཀའ་རྟགས་ཀྱི་ཕྱག་རྒྱ་གཉན་པོའི་ཟིལ་འོག་ཏུ་བཅུག་ཅིང་དམ་ལས་མི་འདའ་བར་མཛད། ནང་རྒྱུད་ཡོ་ག་གསུམ་དང་བྱེ་བྲག་སེམས་ཀློང་མན་ངག་གི་སྡེ། ཁྱད་པར་འོད་གསལ་རྡོ་རྗེའི་སྙིང་པོའི་བསྟན་པ་མི་ནུབ་སྐྱོང་བ་དང༌། དེར་འཛིན་རིག་པ་འཛིན་པའི་ཚོགས་ཀྱི་ཞབས་པད་བརྟན་ཞིང༌། མཐུ་སྟོབས་ནུས་པའི་རྩལ་ཆེན་འབར་བ་དང༌། སྐུལ་ལྡན་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པའི་གཉེར་ཁ་གཏད། སྙིགས་མའི་རང་གཟུགས་ངོམ་པའི་ཆོས་མིན་ཆོས་ལྟར་བཅོས་ཤིང་གྲུབ་མིན་གྲུབ་རྫུར་ཞུགས་ནས། འགྲོ་བ་སྐལ་ངན་ཐ་དག་འཁྲུལ་བར་བྱེད་ཅིང་ལོག་པའི་ལམ་དུ་འཁྲིད་པའི། །བསྟན་པའི་ཆོམ་རྐུན་མཐའ་དག་རང་གཤེད་རང་ལ་འབབ་པའི་བཀའ་བསྒོས། ལྕགས་ཕོ་སྤྲེལ་ནས་བཟུང་སླར་ཡང་འགྲོ་ཁམས་བདེལ་བཀོད་ཅིང༌། བསོད་ནམས་དབང་ཐང་སྤེལ་པའི་ཐུགས་བསྐྱེད་རྣམ་པར་དག་པས་དངོས་སམ་བརྒྱུད་ནས་བོད་ཁམས་ས་བཅུད་གསོ་བ་སོགས་ཐུགས་རྗེས་རླབས་ཆེན་མཛད་པའི་བཀའ་དྲིན་བསྐྱངས་སོང༌། གཞན་ཡང་རིག་འཛིན་དཔའ་པོ་མཁའ་འགྲོའི་ཐུན་མོངས་དང་ཐུན་མོངས་མ་ཡིན་པ་རྨད་དུ་བྱུང་བའི་མཛད་པ་བསམ་གྱིས་མི་ཁྱབ་པ་ནི་བརྗོད་ཀྱིས་མི་ལང་ཞིང་བློས་འཛིན་པར་ཡང་མ་ནུས། ཕལ་ཆེར་གསང་རྒྱས་ཡང་བཏབ་སོང༌། དགའ་སྟོན་ཚོགས་ཀྱི་འཁོར་ལོ་ལ་རོལ་པའི་སྐབས་སུ་ཌཱ་ཀི་མས་དཀྱིལ་འཁོར་གྱི་གཙོ་བོ་གསུམ་ལ་ཐོད་པ་བདུད་རྩིས་བཀང་བ་རེ་ཕུལ་ཞིང༌། ཀྱཻ་ཧོ། སྣང་སེམས་དབྱེར་མེད་འདྲེས་པ་ཆོས་ཀྱི་དབྱིངས། སྤྲོས་བྲལ་བདེ་བ་ཆེན་པོའི་མཁའ་ཀློང་ལས། །སྤྲུལ་པའི་ཞིང་དང་གནས་ཡུལ་བཀོད་པ་ཤར། །འདུས་མ་བྱས་པའི་དཀྱིལ་འཁོར་ཆེན་པོའི་དབུས། །ཧེ་རུ་ཀཿདཔལ་ཡི་དམ་དཀྱིལ་འཁོར་གཙོ། །བླ་མ་ལས་གཞན་ལོགས་སུ་མ་གྲུབ་སྟེ། །ཌཱ་ཀི་ཡོངས་ཀྱི་རྗེ་བོ་ཁྱོད་ཕྱག་འཚལ། །སེམས་ཅན་ཐམས་ཅད་ཕ་མའི་རང་བཞིན་ལ། །རྣམ་པར་དག་པའི་སེམས་བསྐྱེད་འཕེན་པ་ལས། །དུས་གཅིག་རྫོགས་སངས་རྒྱས་པར་མ་མཐོང་ཡང༌། །རྗེ་ཁྱེད་ལྷག་པར་བོད་ལ་ཐུགས་བརྩེ་བས། །དགོངས་གཏེར་ས་གཏེར་རྫས་གཏེར་གཏེར་སྨྱོན་ཆོས། །ཁམས་དབུས་བཀང་ཞིང་འགྲོ་བའི་དོན་མཛད་ཅིང༌། །སྙིགས་མ་ལྔ་ཡི་ཡང་མཐར་ཐུག་དུས་འདིར༑ །ཚེ་གཅིག་སངས་རྒྱས་ཐོབ་པ་ལྟ་ཅི་སྨོས། །དམ་ཆོས་ལམ་དུ་ཞུགས་པའང་ཉིན་སྐར་ཙམ། །སྔུར་མེད་སྤྱོད་པས་ས་སྟེང་གང་གྱུར་ཞིང༌། །དམ་ཆོས་གོ་ལོག་སྤྱོད་པ་གོ་ལོག་དང༌། །ལྟ་སྒོམ་གོ་ལོག་ཟབ་ཆོས་དར་དུས་བཞིར། །བདག་དང་བདག་འདྲའི་ཕོ་མོ་གང་ཡིན་རུང༌། །བསྟན་དང་འགྲོ་བའི་དོན་གཉིས་སྒྲུབ་པ་ལ། །འབྲས་བུ་མཆིས་སམ་མ་མཆིས་འཕྱང་མོ་ཉུག །འོན་ཀྱང་རྔ་ཡབ་དཔལ་གྱི་རི་བོ་ནས། །རྗེ་ཡིས་བཀའ་བསྒོས་སྨོན་ལམ་བཏབ་པའི་མཐུས། །ཡལ་བར་དོར་ན་དམ་་ཚིག་ཉམས་པའི་རྒྱུ། །དང་དུ་བླངས་ཀྱང་འགྲུབ་པར་ཤིན་ཏུ་དཀའ། །ཡང་གསང་ཐུགས་ཀྱི་ཐིག་ལེ་མཁའ་འགྲོའི་ཆོས། །བོད་ལ་བརྡ་བསྒྱུར་བཀའ་དྲིན་ཆེ་མོད་ཀྱང༌། །སྣོད་དུ་རུང་བའི་སྐལ་ལྡན་ཉིན་སྐར་ཙམ། །ཁྱབ་གདལ་སྤེལ་ན་གསང་སྒོ་འཆོལ་བ་དང༌། །གདོང་ལྔའི་འོ་བཅུད་སྣོད་མིན་བླུགས་པ་བཞིན། །བྱིན་རླབས་ཉམས་ཤིང་མཁའ་འགྲོ་འཁྲེན་པའི་རྒྱུ། །གསང་རྒྱས་གདམས་ཤིང་རང་ཉིད་ཉམས་བླངས་ནས། །ནམ་ཞིག་ཚེ་ཡི་འཕེན་བ་རྫོགས་པའི་ཚེ། །ཆོས་སྐུའི་རིང་བསྲེལ་སྲང་མདར་འཕྱན་གྱིས་དོགས། །ཁོ་མོས་ལས་ཀྱི་གཉེར་ཁ་འཛིན་པ་ལ། །རིག་འཛིན་དཔའ་བོའི་བརྡ་ཡི་བསྒྱུར་ལུགས་དང༌། །གནས་དུས་འཁོར་དང་དུས་དང་དུས་ཀྱི་རྟགས། མ་འོངས་བསྟན་པའི་རྩིས་སུ་ཇི་ལྟར་སྒྲུབ། ཧེ་རུ་ཀ་ཡིས་བཀའ་ལུང་སྩལ་དུ་གསོལ། །ཞེས་ཞུས་སོང་བ་དང་ཆབ་ཅིག །རང་ཅག་གཉིས་དང་འོད་ལྡན་མིང་སྲིང་རྡོ་རྗེའི་མིང་འཛིན་བཞི་སོགས་ས་སྦྱོད་ལ་གནས་པ་རྣམས་ཀྱིས་གདུགབའི་མཆི་མ་འཁྲུགས་ཤིང་བརྐྱང་ཕྱག་འཚམ་ཏེ་གསོལ་བ་བཏབ་པས། མ་ཧཱ་གུ་རུ་ཉི་མ་འོད་ཟེར་གྱི་རྣམ་རོལ་དུ་བསྟན་ཅིང༌། ལེགས་འོང་བདེ་སྟེར་མ་ཁྱོད་ལེགས་པར་ཉོན། སྔོུན་ཚེ་སྤྲིན་ནག་འདུས་པའི་དུར་རི་ཁྲོད་དུ། །སྟོན་བ་དྲང་སྲོང་དྲི་མ་མེད་པའི་དྲུང༌། །ཡང་གསང་ཐུགས་ཐིག་དཀྱིལ་འཁོར་ཞལ་ཕྱེས་ནས། །བདག་ཅག་ཐུགས་སྲས་སློབ་དཔོན་རྣམ་གསུམ་དང༌། །རིག་འཛིན་དཔའ་བོ་མཁའ་འགྲོ་ཤུགས་འགྲོ་མ། །ཤ་ཟ་སྲིན་པོ་གནོད་སྦྱིན་དྲེགས་པའི་སྡེ། །རིག་འཇིན་བཞི་ཡི་འབྲས་བུ་ཐོབ་པའི་ཚེ། །སྙིགས་མ་ལྔ་བརྡོ་མཐའ་འཁོབ་བྷོ་ཊའི་ཡུལ། །པྲེ་ཏ་པུ་རི་སྤྲེལ་སྲིན་བརྒྱུད་པ་སྟེ། །དུག་ལྔ་རགས་ཤིང་ཉོན་མོངས་སྡིག་ལ་སྤྱོད། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག་བྱེད་ཀྱི། །ཐེག་པས་མི་འདུལ་ཡོ་ག་རྣམ་གསུམ་ཆོས། །ཉོན་མོངས་རགས་པའི་དོན་དུ་གསུངས་པས་ན། །དེ་ཡིས་འདུལ་བར་གུད་དུ་བསྟན་པ་དང༌། འོན་ཀྱང་བསྐལ་བའི་ཐ་མར་ཐུག་པའི་ཚེ། །མ་ཧཱ་ཨ་ནུ་བསྒྲུབ་པའི་ལོང་མེད་ཕྱིར། །ཚེ་གཅིག་རྫོགས་སངས་རྒྱས་ཀྱི་འབྲས་བུ་ལ། །སྦྱོར་བྱེད་ཨ་ཏི་སེམས་ཀློང་མན་ངག་སྡེ། །དེ་ཡང་བསྒྲུབ་པའི་ལོང་མེད་སྙིང་རུས་ཆུང༌། །ཚེ་འདིར་གྲོལ་བའི་གདམས་པ་ཁྱད་ནོར་ཅན། །མན་ངག་སྡེ་ཡི་དགོངས་པའི་བཅུད་ཕྱུང་བ། །ཐིག་ལེ་སྐོར་གསུམ་ལུས་མེད་མཁའ་འགྲོའི་ཆོས། །སློབ་དཔོན་གསུམ་གྱིས་སྤྲུལ་པའི་སྟོན་པ་ལ། །ས་ཡིས་མི་ཆུན་དགོངས་པའི་གཏེར་དུ་སྤས། །སྙིང་ཐིག་ཡང་ཏིག་འཛིན་པར་མ་ནུས་ཚེ། །སྟོན་པ་དྲི་མ་མེད་པའི་ཁྱད་པར་ཆོས། །གསང་བ་ལས་ཀྱང་ཆེར་གསང་ཡང་གསང་བ། །ཐུགས་ཀྱི་ཐིག་ལེ་བརྡ་རིས་ཆེན་མོ་བཏབ། །རྡོ་རྗེ་ཕག་མོའི་ཐུགས་ཀྱི་ཀློང་དུ་སྤས། །སྙིགས་མའི་རང་གཟུགས་ངོམས་པའི་དུས་ཀྱི་ཚེ། །ཨ་ཏིའི་བསྟན་པ་གཞིར་བཞེངས་བསླང་བ་དང༌། །ཐིག་ལེ་སྐོར་གསུམ་མི་ནུབ་འཕེལ་རྒྱས་ཕྱིར། །ཐུགས་ཀྱི་ཐིག་ལེ་བོད་དུ་བསྒྱུར་བ་ལ། །ཐ་མའི་འགྲོ་བ་ཉོན་མོངས་རགས་པ་དང༌། །དྲིན་ལན་མི་བཟོ་གདུག་རྩུབ་ཆེ་བའི་ཕྱིར། །ཆོས་ལ་ཡ་ག་སྣ་ཚོགས་སྒྲོགས་པ་དང༌། །དམ་ལོག་དམ་ཉམས་ལོག་སྒྲུབ་སྣ་ཚོགས་བརྩོན། །དེ་ཚེ་སློབདཔོན་ཐུགས་འཁྲུགས་མཁའ་འགྲོ་འཁྲུགས། །བདུད་ཀྱི་དམག་དཔུང་རླུང་ལྟར་འཚུབས་པ་ལ། །བསྐལ་པའི་མུན་པ་ཉི་མས་བསལ་བ་བཞིན། །ཁྱོད་ཉིད་སྙིང་སྟོབས་དྲག་པོས་སྨོན་ལམ་བཏབ། །བཟོད་པའི་གོ་ཆ་བསྒོ་བར་མ་ཆད་དམ། །བླ་མ་མཁའ་འགྲོའི་ཐུགས་དགོངས་ཡོངས་སུ་རྫོགས། །མངའ་གསོལ་གཟིངས་བསྟོད་ལེགས་སྨོན་མཚམས་སྦྱར་ནས། །སྤྲུལ་པ་ཤ་ཁྲག་སྤྲུབས་སུ་འཇུག་པ་ཡི། །གློུ་བུར་རྐྱེན་གྱིས་སྒྲིབ་པས་སྐྱོ་སུན་ཡང༌། །སྤྲུལ་གཞི་ཆུ་ལ་ཆུ་བཞག་ཇི་བཞིན་དུ། །འདྲེས་ཤིང་སྲིད་པ་རུ་ལོག་གྱུར་ཀྱང་རུང༌། །སྐྱོ་དང་སུན་པའི་རྣམ་རྟོག་མི་མངའ་ཞིང༌། །ང་ཡི་དགོངས་པ་མཐའ་རུ་ཕྱིན་པར་ངེས། །གཞུང་ཆེན་མན་ངག་ཐམས་ཅད་ནུབ་ཀྱང་སླ། །ཐིག་ལེ་སྐོར་གསུམ་ནུབ་ཏུུ་མ་འཇུག་པར། །དམ་ལྡན་སློབ་བུ་གཅིག་གི་དོན་དུའང༌། །སྒོ་གསུམ་ཕོངས་པ་མེད་པར་སྙིང་སྟོབས་བསྐྱེད། །ལུགས་ཟུང་ལྟ་སྒོམ་སྤྱོད་པ་གོ་ལོག་དུས། །ཐབས་ཀྱི་མཆོག་གྱུར་དྲང་སྲོང་གདམས་པ་སྔགས། །ཡོངས་གྲགས་མ་སྤེལ་གསང་རྒྱ་དམ་པར་གྱིས། །ནོར་བུ་ཚང་དུས་འགྲིམས་ན་ཡོན་ཏན་ཉམས། །གདམས་པ་དམ་མེད་ལག་སོང་བྱིན་རླབས་ཡལ། །སྐུལ་བ་ལྡན་པ་ལྔའམ་བདུན་ཀྱང་རུང༌། །འབྲེལ་ཚད་དོན་ལྡན་བསྟན་པའི་སྲོག་ཤིང་ཡིན། །བཀའ་དང་གཏེར་གྱི་སྲུང་མའི་མཐུ་ནུབས་ཀྱིས། །ལྕགས་སྤྲེལ་ལོ་ཕན་སྐལ་ལྡན་ཤུགས་ཀྱིས་འདུ། །བརྒྱ་ཕྲག་གཅིག་གམ་དཔེ་བྱད་གྲགས་ལྡན་གྱིས། །ཆོས་འདིའི་འབྲས་བུ་ཐོབ་བར་གདོན་མི་ཟ། །དངོས་མེད་འབྲས་བུ་ཐོབ་པ་འབུམ་ཕྲག་བདུན། །སྒྲ་ཐོས་ཕྱིར་མི་ལྡོག་པ་གྲངས་མེད་འབྱུང༌། །ཁྱོད་ཉིད་ཡེ་ནས་འབྲས་བུ་ཐོབ་པ་ལ། །སྐྱེ་འདིར་སློབ་དཔོན་དགོངས་པའི་བྱིན་རླབས་དང༌༑ །ང་ཡི་དགོངས་པ་གཏད་པས་དོན་བརྒྱུད་རྟོགས། །ཡེ་སངས་ཡང་སངས་རྒྱས་པའི་དགོས་པ་ཆུང༌། །གཞན་གྱི་དོན་དུ་སྙིང་སྟོབས་དྲག་པོ་བསྐྱེད། །ཕལ་པ་ཆོས་འདིའི་སྐལ་བར་མི་ལྡན་ཡང༌། །མཐོང་ཐོས་དྲན་རེག་འབྲེལ་བས་བསྡུས་ཙམ་གྱིས། །ཐ་མའི་དུས་སུ་དགོས་པ་ཁྱད་པར་འཕགས། །དོ་ནུབ་ཙམ་ལས་སྡོད་པའི་དབང་མེད་ཀྱང༌། རང་ཉིད་ཞི་བདེ་དོན་དུུ་མ་གཞོལ་བར། །བསྟན་དང་འགྲོ་བའི་དོན་གཉིས་ལྷུན་གྲུབ་མཛོད། །དཔེ་བྱད་གྲངས་ལྡན་པདྨ་མཁའ་འགྲོའི་གླིང༌། །ལོ་གསུམ་དབྱིངས་རིག་མ་བུ་བསྲེས་བྱས་ན། །ཟག་བཅས་ཕུང་པོ་འགྲོ་བའི་མཆོད་སྡོང་འགྱུར། །རྔ་ཡབ་གླིང་དུ་དཔག་ཆེན་མདའ་འཕང་མཚུངས། །དེ་ནས་དག་པ་སྐུ་གསུམ་ཞིང་ཁམས་བགྲོད༑ །ཤ་ཁྲག་སྦུབས་ཀྱི་ལས་མཐའ་རྫོགས་པའོ། །འབྱུང་འགྱུར་ཆོས་ཀུན་བརྡ་རིས་ཆེན་མོར་གསལ། །ནམ་ཞིག་དུས་ལ་བབ་ཚེ་གསལ་བར་སྟོན། །བོད་ཁམས་རླུང་ལྟར་འཁྲུགས་པའི་དུས་འདི་རུ། །ང་ཡི་གདམས་པ་སྤེལ་བའི་སྐབས་ཡིན་ཏེ། །སྨོན་ལམ་དབང་གིས་འབྲས་བུ་དུས་སྨིན་ན། །སླར་ཡང་སྐྱེ་འགྲོའི་བདེ་སྐྱིད་དཔལ་ལ་སྤྱོད། །སེམས་ངལ་མ་བྱེད་ང་ལ་གསོལ་བ་ཐོབ། །ང་ཡི་ཐུགས་རྗེས་ནུས་མཐུ་ལྷག་བར་མྱུར། །རྗེ་འབངས་བདུན་གྱི་སྨོན་ལམ་སྟོབས་ཆེ་བས། །བསྟན་པ་མི་ཉམས་ཡུན་དུ་འཕེལ་རྒྱས་འབྱུང༌། །ཞེས་གསུངས། །གཞན་ཡང་སོ་སོའི་སྐལ་བ་དང་འཚམས་པའི་ཞལ་གདམས་ཟབ་པར་གནང་ཞིང༌། །ཚོགས་ཀྱི་འཁོར་ལོ་ཡང་ཚིམ་པ་དྲུག་ཏུ་བསྐོར་ནས། །བཀྲ་ཤིས་པའི་མེ་ཏོག་འཐོར་བ་དང༌། ཆབ་གཅིག་ཌཱ་ཀི་ཡང་རང་གནས་སུ་གཤེགས། །སྟོན་པས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་རེ་ཞིག་བཞུགས། སློབ་དཔོན་རྣམ་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་བ་བྱ་ཁྱུ་འཕུར་བ་ལྟར་རྔ་ཡབ་གླིང་དུ་གཤེགས། ཁོ་བོ་ཡང་རང་མལ་དུ་སླེབས་གདའོ། །སྐུབས་དེར་ཐུགས་ཐིག་གི་སློབ་མཆོག་རྣམས་ཀྱིས་གཙོས་སྐལ་བར་ལྡན་པའི་སློབ་བུ་ཡོན་བདག་རྣམས་ལ་ཚེ་ཆོས་ཀྱི་གེགས་མི་འཇུག་ཅིང༌། བར་ཆད་བསལ་བ་དང་ཚེ་བསོད་དཔལ་འབྱོར་རླུང་རྟ་སྤེལ་བ་སོགས་ཀྱི་དམིགས་འདུན་དང༌། ཏིང་ངེ་འཛིན་གྱི་སྲུང་རིམ་གནད་དུ་སྨིན་པ་དང༌། །སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་བ་བྱས། །ཟོ་དོར་རྣམས་ལའང་གཏང་རག་གི་མཆོད་པ། དངོས་འབྱོར་དང་ཡིད་སྤྲུལ་རྒྱ་ཆེ་བར་ཕུལ། །ཡུལ་དེའི་སློབ་བུ་ཡོན་བདག་སྐྱེལ་མ་བྱུང་བ་རྣམས་ལ་ཚར་གཅོད་རྗེས་འཛིན་སོགས་རང་རང་གི་སྐལ་བར་འཚམས་པར་བྱས་ཤིང༌། བགྱི་བར་འོས་པ་ཀུན་མཐའ་རྫོགས་ནས་ཕྱིར་ལོག །ང་རང་དཔོན་གཡོག་ཆ་ཤས་གཞན་གྱིས་མཐོང་ཚོར་མེད་པའི་གནས་སུ་ཞག་གསུམ་ཙམ་ཉམས་ལེན་གྱི་མཐའ་སྐྱོང་ཞིང༌། དུས་ལ་བབ་ཚེ་ལམ་དུ་ཞུགས་ནས་ས་མཚམས་སུ་བསུ་མ་རྣམས་དང་ལྷན་ཅིག་བསྡུས་ཤིང་འོང་བར། ལམ་བར་དུ་འགོར་གཞིས་དོགས་པས་རྔ་ཁོག་སོགས་སུ་གསང་ཚུལ་གྱི་བྲེལ་སྟབས་འོང་བའི་ཀ་སྟོད་ནས་སྡེ་བརྒྱད་ཀྱི་སྐྱེལ་མ་མཐའ་དག་ཡར་ལོག་ནས་འགྲོ་དོན་དང་རྟེན་འབྲེལ་ཀུན་འཕྲོ་ཅན་དུ་བཞག་ནས། ཚེ་བརྟན་གླིང་དུ་བདེ་བར་སླེབས། ང་རང་ཡར་ཐེག་ནས་བཟུང་སྲིང་མོ་ཡང་སྐབས་ཀྱི་མཆོད་བསྟོད་དང༌། སྲུང་རིམ་སྐབས་སུ་བབ་པ་རྣམས་མ་གཏོགས་སྐུ་མཚམས་ཤ་སྟག་ལ་བཞུགས་འདུག་པ་དང༌། ས་དབང་བདག་ཡུམ་སྲས་གསུམ་བྱོན་པ་དང་གདོང་འཛོམས་ལོ་རྒྱུས་ཞིབ་མོལ་གྱིས་ཞག་ཤས་བདེ་བར་གནས། གཏང་རག་གི་བསང་མཆོད་སོགས་བྱས། ཁྲོ་ཆུ་མི་སེར་བདེ་ལ་བཀོད་ཕྱིར་ས་དབང་བདག་ཡུམ་སྲས་གསུམ་ཕེབ་དགོས་འདུག་པ་ང་རང་ཡང་རྐྱེན་བཟློག་དང་བསྲུང་བའི་ཞབས་ཏོག་སྒྲུབ་ཕྱིར་སོང༌། ལྡོ་ཁ་རྒྱལ་སར་ཕེབ་གྲུབ། རྒྱ་མི་ཡང་སླེབས་འདུག་པ་བཅས་ཀྱིས་འབངས་བདེ་བའི་ཐབས་ལ་འབད་ཅིང༌། ཁོ་བོས་ཡང་མཐུན་རྐྱེན་ཕྲན་བུའི་ཞབས་ཏོག་ཞུས་པ་རེ་ཞིག་ནས་བདེ་འཇགས་སུ་གྱུར། སྲིང་མོ་ཡང་སྐབས་དེར་ཁྲོ་སྐྱབས་དབང་མཆོག་གི་བཀའ་ཕེབས་ཀྱི་བསུ་བ་བྱུང་ལྟར་དམ་པ་བརྒྱུད་དཔལ་ལེགས་རྒྱལ་སར་ཕེབས། ཡོན་མཆོད་ཐུགས་ནང་གཤིན་པའི་འགྲོ་བ་དང་སྐུ་རྟེན་རབ་གནས་ཚོགས་ཀྱི་དགའ་སྟོན་སོགས་སྐབས་སུ་བབ་པའི་མཛད་པ་རྣམས་མཐར་ཆགས་སུ་ས་དབང་གི་ཐུགས་དགོངས་རྫོགས་པར་བྱས། ངེད་རང་ཡོན་མཆོད་རྣམས་ནས་ཀྱང་འབངས་ཀྱི་རེ་བ་རྫོགས་ནས། བདེ་ཆེན་གླིང་དགོན་པ་ཆེན་མོར་གཟིགས་ནས་དགའ་སྟོན་སོགས་རྫོགས་ནས། ལྡོ་ཁ་རྒྱལ་ས་ནས་ཡར་ཆིབས་བསྒྱུར་གནང༌། ས་སྟོད་དགོན་དུ་དགའ་སྟོན་ལ་སྐོར་ཙམ་ཕྱིན་ནས་ཤུལ་ལམ་བདེ་བར་ཚེ་བརྟན་གླིང་དུ་གནས་མལ་མཛད་ཅིང༌། ས་དབང་བདག་ཡུམ་སྤྲུལ་སྐུ་ལྷ་རྒྱལ་གླིང་དུ་བྱོན་འདུག་པ་ཆོས་འབྲེལ་དང་ཞལ་མཇལ་གནང་ནས་ཕོ་བྲང་ནོར་བུ་གླིང་དུ་ཕེབ་ཅིང་བདེ་བར་བཞུགས་གདན་འཇགས། ང་རང་ཞག་ཤས་ཉམས་ལེན་ལ་བརྩོན་ཞིང་བདེ་བར་གནས། དེའི་ནུབ་ཅིག་ཐོ་རངས་ཁར། བུད་མེད་དཀར་མོ་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་ཞིག་གིས། ཀྱེ་ཧོ། ལེགས་པར་གསོན་དང་རིག་འཛིན་སྐྱེས་པུ་མཆོག །པདྨ་ལས་འཁྲུངས་གུ་རུ་སྤྲུལ་པའི་སྐུ། །འཕགས་ཡུལ་སུམ་སྟོང་དྲུག་བརྒྱའི་བར་དུ་བཞུགས། །ཐུགས་ཀྱི་གཟུངས་མའི་མཆོག་གྱུར་མན་དཱ་ར། །གྲུབ་པ་བརྙེས་ཤིང་འཆི་མེད་རིག་འཛིན་གྲུབ། །མངའ་བདག་རྒྱལ་པོས་སྤྱན་དྲངས་བོད་དུ་བྱོན། །བརྩེ་བ་ཆེན་པོས་ཁོ་མོས་རྗེས་སུ་བཟུང༌། །ཏི་གྲོའི་བྲག་ལ་ལོ་བདུན་བསྒྲུབ་པ་བྱས། །ཕྱི་ནང་གསང་བའི་དབང་རྣམས་རྫོགས་པར་ཐོབ། །འོད་ལུས་ཡེ་ཤེས་སྙིང་པོ་ཅན་དུ་གྱུར། །འགྲོ་དོན་མཐའ་རྫོགས་རྔ་ཡབ་གླིང་དུ་བྱོན། །སྐུ་གསུམ་ཞིང་གི་གཙོ་མོ་མན་དཱ་རས། །རྔ་ཡབ་གླིང་གི་གཉེར་འཛིན་ཁོ་མོར་བསྐོས། །རྡོ་རྗེའི་སྐུ་བརྙེས་པད་འབྱུང་གཙོ་འཁོར་གསུམ། །ཁྱེད་ཅག་སྤྲུལ་པ་རེ་རེ་བོད་དུ་བཀྱེ། །བརྡ་བསྒྱུར་ཆོས་ཀྱི་འགྲོ་དོན་མཐར་ཕྱིན་པའི། །གཏད་རྒྱ་སྨོན་ལམ་དབང་བསྐུར་ལུང་བསྟན་གནང༌། །སྤྲུལ་གཞི་རྣམ་གསུམ་རྔ་ཡབ་གླིང་དུ་བཞུགས། །སྙིགས་མའི་འགྲོ་ལ་ལྷག་པར་ཐུགས་བརྩེ་བ༑ །སྐུལ་ལྡན་གདུལ་བྱ་རེ་རེའི་དོན་དུ་ཡང༌། །གསོལ་བཏབ་འབྲས་བུ་དུས་སུ་སྨིན་པ་ཡིས། །ཐུགས་རྗེ་བྱིན་རླབས་གློག་ལྟར་མྱུར་བར་ངེས། །བྷོ་ཊར་སྐྱེས་པའི་སྐལ་ལྡན་སུ་ཡང་རུང༌། །བློ་ཆུང་ཐེ་ཚོམ་ཆེ་བའི་སྐྱོན་རེ་གདའ། །སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱར་འགྱེད། །ཁོ་མོ་ཟུང་ཡང་དེར་མཚུངས་ཞབས་ཏོག་སྒྲུབ། །འོན་ཀྱང་ཁོ་མོའི་སྤྲུལ་པ་ནིརྨ་ཀ །ཐེ་ཚོམ་མ་མཛད་ཌཱ་ཀིས་རྗེས་བཟུང་ན། །ནམ་ཞིག་ཐུགས་ཐིག་བསྟན་པ་སྐྱོང་བར་ངེས། །ལྷ་ལྕམ་ལྷ་སྲས་བཀའ་ཡི་བགྲོ་བ་བཞིན། །རྟ་སྦྲུལ་ལོ་མཚམས་ཐུགས་ཐིག་སྒོ་ཕྱེས་ཤིང༌། །འདྲ་འབག་བཀོད་དང་སྐབས་སུ་བབ་པ་ཡི། །མཛད་སྤྱོད་དུས་ལ་བབ་པས་མཐར་ཕྱིན་འགྱུར། །ཚེ་འཕྲང་བར་ཆད་ཅུང་ཟད་ཡོད་ནའང༌། ལྷ་ལྕམ་ཌཱ་ཀི་མ་ཡི་ཐུགས་བསྐྱེད་དང༌། །མ་གཅིག་དབྱིངས་ཀྱི་རྗེ་མོས་བཟློག་ཀྱང་སྲིད། །ད་དུང་དུས་ལ་བབ་ཚེ་གསལ་བར་སྟོན། །ཞེས་གསུང་སོང་བར། །རང་ངོས་ནས་གང་ལའང་ཡིད་ཆེས་ཀྱི་གདེངས་ཐོབ། དེར་སྲིང་མོ་ཡང་དཔལ་ལེགས་ནས་ས་དབང་རིན་པོ་ཆེར་དགོངས་ཞུས་ཀྱིས་ཐེག་ཅིང༌། དམ་པ་རྒྱལ་ས་དང༌། རྒྱལ་ནག་རྣམས་ལ་སྐོར་ཙམ་རེ་བྱོན་ནས༑ ས་མ་རྒྱལ་སར་བདག་ཡུམ་ཞལ་ཐུག་ཙམ་མངོན་ནས་ཚེ་བརྟན་གླིང་དུ་བདེ་བར་བྱོན། སྐུབས་དེར་མགོ་ལོག་ནས་སྒར་གཞི་སྔོན་མ་རྣམས་ཀྱང་སླེབས། ཞག་ཤས་བདེ་བར་གནས་ཤིང༌། སྐུབས་སུ་བབ་པའི་ཌཱ་ཀི་སིདྷ་མུ་ཁའི་བསྲུང་བཟློག་ཚད་ལྡན་དང༌། སྲུང་མའི་གསོལ་མཆོད། བསྟན་སྲུང་གི་དགྱེས་སྐོང་རྣམས་རྒྱས་པར་བསྒྲུབས། རྒྱལ་ཁམས་སྤྱི་དང་བྱེ་བྲག་ལ་སྨན་པའི་ལེགས་ཚོགས་དང༌། ཁྱད་པར་ཀ་ཀེའུ་ཚང་དུ་ཐུགས་ཀྱི་ཐིག་ལེའི་སྒོ་འཕར་ཕྱེ་བ་དང༌། འདྲ་འབག་སོགས་བརྡ་གང་ཁྲོལ་ཀུན་གཏན་ལ་ཕབ་ཅིང་གེགས་མེད་དུ་འགྲུབ་པའི་བླ་མ་དགྱེས་སྐོང་གི་གསོལ་འདེབས། ཡི་དམ་གྱི་ཐུགས་རྒྱུད་བསྐུལ་བ། མཁའ་འགྲོར་ཚོགས་མཆོད་དང༌། ཕྱི་ནང་གསང་བའི་ཐུགས་དམ་བསྐང༌། ཆོས་སྐྱོང་ལ་མཆོད་འབུལ། གཏེར་སྲུང་ལ་བརྔན་སྦྱིན། སྤྲོས་བཅས་དང་སྤྲོས་མེད་ཀྱི་བགྱི་འོས་ཀུན་སྲིང་མོ་ཆེན་མོ་ནས་སྐབས་འདིར་ཡོངས་སུ་གྲུབ་བར་མཛད། །དེའི་ཚེ་འོད་གསལ་ཉམས་ཀྱི་སྣང་བར་སྟོན་པའི་ཞལ་ནས། འགྲོ་བའི་དོན་དུ་བརྡ་སྟོན་ཆོས། ལས་སྐལ་ལྡན་པས་བསྐུལ་བ་ལྟར། །གནད་ཀྱི་གདམས་པ་སྦྱང་དུ་རུང༌། །དམ་ཉམས་བར་མ་ཆོད་གྱུར་ན། །གསང་བའི་བཀའ་རྒྱ་ཁྲོལ་བ་སྟེ། །པད་འབྱུང་བླ་མས་ལེགས་པར་སྟོན། ང་ནི་བྱིན་རླབས་སྐབས་འགའ་ལས། ཌཱ་ཀི་རིག་པའི་ཀློང་དུ་འདྲེས། །བརྡ་རིས་དུས་ལ་མ་བབ་སྟེ། །མ་འོངས་སྐབས་སུ་བབ་ཚེ་བསྒྱུར། །ཞེས་གསུངས་པདྨ་ཀ་ར་ཡིས། །ཆུ་སྣོད་དག་ལ་ཟླ་གཟུགས་བཞིན། །སྤྲུལ་གཞི་སྐུ་གསུམ་ཞིང་ཁམས་ཉུལ། །སྤྲུལ་པ་ཤ་ཁྲག་སྤུབས་སུ་་ཞུགས། །ཕྱི་དང་ནང་དང་གསང་བ་ཡི། །རྣམ་པར་ཐར་པ་ཐ་དད་པ། །སྤྲུལ་པས་བརྗོད་བར་མི་ནུས་ཀྱང༌། །ཌཱ་ཀི་མ་དང་སྐུལ་བ་པོའི། །མོས་གུས་སུན་མི་འབྱིན་པའི་ཕྱིར། །དབྱིངས་རིག་འབར་མ་ཆེན་མོ་ཡིས། །བརྗོད་བཞིན་བཱི་མས་གཏན་ལ་ཕབ། །ཅེས་གསུངས་སོ། །ཀུན་མཁྱེན་རྗེས། རང་རིག་མེ་ལོང་གཡའ་བྲལ་ངོས། །རྒྱལ་བ་ཡུམ་གྱི་བརྡ་ཤར་བ། །ཨེ་ཝཾ་མ་ཡ་བྱང་ཆུབ་སེམས། །ཀློང་ལྔ་དབྱིངས་ཀྱི་སྒྲོམ་བུ་ལས། །ཏན་གྷན་གུ་ཧྱ་མ་ཐ་ན། །གབ་པ་མངོན་དུ་ཕྱུང་མི་ནུས། །ཤྲཱི་སུ་ཁའི་གླུ་དབྱངས་སྒྲ། །ཁོ་བོའི་ཞབས་ཏོག་ཚུལ་དུ་སྒྲུབ། ཞེས་གསུངས་སོ། །དེར་ཌཱ་ཀི་མས། རྔ་ལ་དབྱུག་གུས་བསྣུན་གྱུར་ན། དེ་ཚེ་སྒྲ་སྙན་འབྱིན་བ་ལྟར། ཡང་གསང་ཐུགས་ཀྱི་ཐིག་ལེ་ཡིས། །སྐུལ་པ་ལྡན་པའི་འཁོར་ཚོགས་ལ། །རང་རང་སྐལ་བར་བབ་པ་ཡིས། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །གཏད་རྒྱ་སྨོན་ལམ་མཛད་དུ་གསོལ། །སྤྱི་དགོས་གསང་བའི་ལུང་བྱང་ཡང༌། །རྟེན་འབྲེལ་མཐུ་ཡིས་གབ་གྱུར་པ། །ཁོ་མོ་ཅག་གི་སྨོན་ལམ་མཐུས༑ །ཇི་བཞིན་གསལ་བར་མཛད་དུ་གསོལ། །ས་ཕོ་རྟ་ཡི་ལོ་མཇུག་ནས། །ཤྲཱི་སིདྷའི་ལུང་བྱང་ལས། །ཇི་ལྟར་བསྟན་པའི་རི་མོ་ཀུན། །མ་ནོར་གསལ་བར་མཛད་དུ་གསོལ། །གླིུང་རྗེའི་ཆོས་སྒྲུང་སིལ་མ་ཡང༌། །སྐུལ་ལྡན་དོན་དུ་བསྟན་གྱུར་ན། །ཁོ་མོའི་བསམ་པ་རྫོགས་པའོ། །ཞེས་གསུངས། །ཉམས་དེ་ལས་སད་ཚེ༑ སྲིང་མོས་ཡང་སྟོན་པ་རྣམ་གསུམ་དང་གཉེར་འཛིན་ཆེན་མོ་གཙོར་གྱུར་དཔའ་བོ་མཁའ་འགྲོའི་འགྲོ་བ་ཀུན་གསན་འདུག་པ་ལྟར་རང་རང་ལ་བསྒོ་བ་མཛད་ང་རང་ཀ་ཀེའུ་ཚང་དུ་འོང་རྒྱུ་དང༌། །སྲིང་མོ་ཡང་སྒྲུབ་པར་བཞུགས་རྒྱུའི་སྟ་གོན་རྣམས་གྲུབ་ནས། སྐུབས་སུ་བབ་པའི་བྱ་སྤྱོད་མོས་ལྡན་རྗེས་འཛིན་རྐྱེན་སེལ་སོགས་བྱས། སྟོད་ནས་སྒར་གཞི་རྣམས་ཀྱང་རྫོགས་པར་སླེབས། མཁར་ནས་དམ་པ་རྒྱལ་སྲས་རིན་པོ་ཆེ་ཡང་སྙིང་ཐིག་ཆོས་ལ་མོས་པ་ཐོབ་ཅིང༌། རྒྱལ་སྲིད་ལ་སྐྱོ་བའི་གཙུག་ཕུད་འབྲེག་པ་ང་རང་མིང་སྲིང་གི་གམ་དུ་བྱོན་པ་སྨོན་ལམ་རྣམ་པར་དག་པའི་མཚམས་སྦྱར་གྱིས་ཐུགས་དགོངས་རྫོགས་པར་བྱས། ཁྲོ་སྐྱབས་ནས་བསུ་བ་བྱུང་ལྟར་སྨིན་དྲུག་ཟླ་ཚེས་ལ། ང་རང་ཚེ་བརྟན་གླིང་ནས་ཐེག་ཆིང༌། རྒྱལ་སར་ཕོ་བྲང་དུ་ལེགས་སྤེལ་ཉེས་སྲུབ་ཀྱི་དམིགས་འདུན་བགྱིས་ཤིང༌། ཞག་གསུམ་ཙམ་གནས་ཚེས་དགེ་བར་དགོངས་ཞུས་ཀྱིས་ལམ་དུ་ཞུགས་ཤིང་ལྕོགས་རྩེ་ནས་བརྒྱུད། ཕུན་ཚོགས་རྫོང་དུ་ཡུམ་སྲས་མཇལ་འཕྲད་དང་ཚེ་དབང་ཕུལ་ཞིང༌། ལམ་བར་དུ་སྦྱིན་བདག་རྣམས་ལ་རྗེས་འཛིན་ཕྲན་བུ་ཐོགས། དམར་ཕྱོགས་ཀྱི་ཚེས་དགེ་བར་ཀ་ཀེའུ་ཚང་ཡང་དབེན་མཁའ་འགྲོའི་རྫོང་ཆེན་དུ། །ཆོས་རྒྱལ་བྱང་ཆུབ་སེམས་དཔའ་དང་ཡོན་མཆོད་བླ་སློབ་གདོང་འཛོམས་ཤིང༌། རྟེན་འབྲེལ་ལེགས་ཚོགས་ཕུན་སུམ་ཚོགས་པས་ཐུགས་ཀྱི་དགྱེས་པ་ཡོངས་སུ་སྐོང་བར་གྱུར། དེར་སྟ་གོན་རྣམས་ལེགས་པར་གྲུབ་ནས་དམར་ཕྱོགས་མཁའ་འགྲོ་འདུ་བའི་ཚེས་ཉེར་ལྔ་ལ༑ ས་དབང་རིག་པ་འཛིན་པ་བཅད་རྒྱར་བཞུགས་ཤིང་ཉམས་རྟོགས་ཀྱི་བགྲོ་བ་བྱས་ཚེ་རྒྱལ་པོའི་ཕོ་བྲང་དང་མི་མང་གི་ཁྲོད་གང་དུ་ཡང་བག་ཡངས་སུུ་མ་བཞག་པར་ཉམས་རྟོགས་ཀྱི་བོགས་འདོན་ཁོ་ནར་མཛད་འདུག་པས། སྔོུན་མའི་སྦྱངས་པ་མཐར་ཕྱིན་ཕྱིར། དངོས་གཞིའི་ཁྲིད་ཡིག་ཆེན་མོའི་དབུ་བཙུགས། །ཁོ་བོས་ཀྱང་ས་གཞི་གནས་ཡུལ་བྱིན་རླབས་དང༌། ཡི་དམ་ལྷའི་སྐུར་བཞེངས་ཚུལ་གྱིས་ཆོས་རྒྱ་ཆེན་པོས་གཙོས་གྱུར་ཨ་ཏིའི་ལམ་ཞུགས་ཀྱི་རིག་འཛིན་ཕོ་མོ་ཀུན་ས་ལམ་གྱི་འགལ་རྐྱེན་བར་ཆད་བཟློག་ཅིང་བདུད་ཕོ་བདུད་མོ་འཇིག་རྟེན་མཁའ་འགྲོའི་ཚོགས་རྣམས། རང་གཤེད་དུ་འབེབས་པའི་ཕྱིར་འགུགས་འདྲེན་སྤར་བའི་ལས་ལ་བརྩོན་པ་དང༌། སྲུང་མ་རྣམས་ཀྱང་ཅུང་ཟད་ཐུགས་དམ་གཡེལ་བར་ཟིལ་གནོན་གྱིས་ལས་མྱུར་ཕྲིན་ལས་སྒྲུབ་པའི་དམ་འོག་ཏུ་བསྡུ་བ། ཟོ་དོར་མི་མ་ཡིན་པ་རྣམས་ཀྱང་དཀར་ཕྱོགས་ཀྱི་མངའ་གསོལ་ནག་ཕྱོགས་བསོད་ནམས་དབང་ཐང་བསྡུ་བ་སོགས་ཀྱི་དམིགས་གཏད་རོལ་རྩལ་བསྒྱུར་བ་དང༌། གཙོ་བོར་བླ་མ་ལ་གསོལ་འདེབས། ལྟ་བའི་རང་མདངས་སྐྱོང་པའི་ངང་དུ་གནས། མགོ་ཟླ་ཚེས་ནས་འདྲ་འབག་བྲི་བའི་འགོ་བརྩམས། འོན་ཀྱང་རང་ཉིད་ནི་དུས་ཀུན་གཏད་མེད་རྒྱ་ཡན་ཁོ་ནའི་ངང་དུ་གནས་པས། སྔུར་བྱས་ཀུན་བྱ་ལམ་རྗེས་མེད་དུ་དྲན་པའི་ཡུལ་ལ་མི་སྣང་བར་འདུག་ཀྱང༌། བྱིས་པའི་དུས་ནས་ང་རང་མིང་སྲིང་དང་སྨོན་ལམ་དབང་གིས་ལུས་དང་གྲིབ་བཞིན་འགྲོགས་པའི་ཁམས་ཀྱི་ཙྭ་རི་ཊའི་སྲས་མོ་ཆེན་མོས་བརྗོད་ལྟར་རིག་པའི་ཀློང་དུ་ངག་གི་དབང་པོས་སྟོན་པར་མཛད་ཅིང་རང་ངོ་ནས་བྱིན་གྱིས་བརླབས། བླ་མའི་རྣམ་ཐར་ཡིན་པར་གོ་བ་ལས། སྙོམ་ལས་མི་ཚེ་སྟོང་ཟད་དུ་སོང༌། ཟས་གོས་རྣམ་སྨིན་གྱི་དཀོར་ལ་བྱས། །ཐུགས་དམ་ནག་ཆང་ལ་བརྟེན། སྙིང་རུས་འདུ་འཛི་དང་ལེ་ལོའི་དབང་དུ་བཏང༌། སོ་ཐར་གྱི་སྡོམ་པ་ཤོར། བྱང་སེམས་ཀྱི་བསླབ་པའང་ཡིད་སྨོན་ཙམ་དུ་གྱུར། གསང་སྔགས་ཀྱི་དམ་ཚིག་རལ་བའི་རྨོངས་རྒན་བདག་འདྲར་དམ་པའི་ཡོན་ཏན་དང་རྣམ་ཐར་སྤུ་ཙམ་མེད་ཅིང༌། རང་གི་རང་ལ་ཞེ་ཁྲེལ་བར་གྱུར་ན་བླ་མ་མཁའ་འགྲོའི་གསུང་དུ་ཡང་མི་སྣང་མོད། ཀྱེ་ཧོ། རྔ་ཡབ་གླིང་ན་བཞུགས་པ། རྗེ་བཙུན་པདྨ་ཀ་ར། །ཐར་པའི་ལམ་དུ་འཛུད་པའི། །རིགས་བདག་བྱང་ཆུབ་གླིང་པ། །ལོག་པའི་ལམ་དུ་མ་གཏོང༌། །ཡུམ་ཆེན་རྡོ་རྗེ་ཕག་མོ། །པྲེ་ཏ་པུ་རིར་འཁྱམས་པའི། །དྭ་ཕྲུག་བྱིན་གྱིས་རློབས་ཤིག །སྔོུན་ཚེ་སྐྱེ་བ་འགའ་ཡི། །སྦྱངས་འབྲས་དུས་སུ་སྨིན་པས། །དྲི་མེད་དགའ་རབ་དབང་བོ། །པད་འབྱུང་ཀློང་ཆེན་རབ་འབྱམས། །རྗེ་བཙུན་ལག་ན་རྡོ་རྗེ། །དངོས་ཉམས་རྨི་ལམ་འོད་གསལ། །ངང་དུ་ལན་འགར་མཇལ་ནས། །དོན་གྱི་གདམས་པ་ཐོབ་སོང༌། །རང་ཉིད་བརྩོན་འགྲུས་ཞན་པས། །ཐོས་བསམ་སྒོམ་ལ་མ་སྦྱངས། །བཟོད་དང་སྙིང་སྟོབས་ཆུང་བས། བསྟན་དགོན་ཞབས་ཏོག་མ་འགྲུབ། །དཔའ་མཛངས་སྟོབས་རྩལ་ཞན་པས། །དགྲ་འདུལ་གཉན་སྐྱོང་མ་ནུས། །ལེ་ལོ་རྣམ་གཡེང་ཆེ་བས། །དབེན་པར་སྒྲུབ་ཚུགས་མ་ཟིན། །འདོད་སྲེད་ཞགས་བས་བཅིང་བས། སྐྱེམས་དང་བུད་མེད་དབང་ཤོར། །ཧ་ཅང་བློ་སྣ་མང་བས། །ས་གཅིག་གནས་མལ་མ་ཚུགས། །ལྷོད་པོ་མདོ་ཤོར་གྱུར་བས། །ཟས་ནོར་གསོག་འཇོག་མ་ནུས། །ཁྲེལ་དང་ངོ་ཕོད་ཆུང་བས། །གཞན་ལ་འགྲན་ཟླ་མ་བཙལ། །འདི་བྱ་འདི་བྱེད་མེད་པར། །བག་ཡངས་ཞིག་བོའི་ངང་དུ། །གཞོན་པའི་མི་ཚེ་ཟད་ནས། །སྐྲ་དཀར་གཉེར་མས་བསུ་ཞིང༌། །རྒན་བུའི་རང་མཚངས་སྟོན་པ། །འོན་བུའི་རྣམ་ཐར་དེ་ག །ད་ལྟ་ཉིད་དུ་འཆི་ཡང༌། །གང་ལ་ཆགས་ཞེན་མེད་ཅིང༌། །སུ་ལའང་སྙིང་སྐྲན་མ་ཤོར། །རྣམ་ཐར་དྲག་ཤོས་དེ་ག །ད་དུང་འཆི་བདག་སུན་མས། གཏུགས་པར་མ་གྱུར་དེ་སྲིད། །རང་མཐོང་ང་རྒྱལ་དྲག་པོས། །གཞན་ཕྱོགས་ཁྱད་དུ་གསོད་ཅིང༌། །གྲུབ་མཐའི་ཁ་འཛིན་བྱེད་དང༌༑ །རང་དོན་ཕུག་ཏུ་བཞགས་པས། །མི་མགོ་བསྐོར་བའི་ཟོག་པོ། །སེམས་ཅན་དོན་དུ་མི་འགྱུར། །ཞི་བདེ་དོན་དུ་གཉེར་ཞིང༌། །བསྟན་དང་འགྲོ་ལ་འཚེ་བ། །གདུག་པ་ཅན་གྱི་རྗེས་འཛིན། །མཆོག་དམན་བར་མའི་འགྲོ་བ། །སུན་ཞིང་སྡུག་བསྔལ་བསྐྱེད་པའི། །ལས་ལ་མི་འཇུག་བག་ཡངས། །ངང་ནས་བླ་མ་ཡི་དམ། །མཁའ་འགྲོའི་དགྱེས་པ་སྐོང་དང༌། །རང་ནུས་གང་ལྕོགས་ཙམ་གྱིས། །ཐམས་ཅད་དགའ་བའི་ཐབས་ལ། །འབུང་བའི་དམ་བཅའ་འབུལ་ལོ། །ད་ལྟའི་ཚེ་གང་འདི་ ལ། །བླ་མར་འགྲོགས་ཡུན་ཐུང་བས། །སྒོ་གསུམ་ཞབས་ཏོག་མ་འགྲུབ། །ཌཱ་ཀིའི་དགྱེས་སྐོང་ཞབས་ཏོག །མཐའ་རུ་ཕྱིན་པར་གྱུར་ན། །བློ་ལྷག་ལུས་པ་མེད་དོ། །སྒྱུ་ལུས་འདོར་བའི་དུས་སུ། །འཆི་བ་དམ་པོས་བཅིང་ཞིང༌། །གནས་དགོན་ཤུལ་དུ་ལུས་པའི། །ཞེན་པ་གཏིང་ནས་ཆོད་སོང༌། །བླ་མ་པད་འབྱུང་དབྱེར་མེད། །ཡི་དམ་མཁའ་འགྲོ་རྒྱ་མཚོའོ། །བྱིན་རླབས་ཐུགས་རྗེའི་ཤུགས་ཀྱིས། །སྐྱེ་འདིའི་ལས་དོན་མཐའ་རུ། །ཕྱིན་པའི་ཞབས་ཏོག་འགྲུབ་ན། །ངན་སོང་སྡུག་བསྔལ་མྱོང་ཡང༌། །གཏིང་ནས་འགྱོད་པ་མེད་དོ། །ཅིང་ཀྱང་བྱ་ཐབས་བྲལ་ཚེ། །རྒྱལ་ཁམས་ཕྱོགས་མེད་འགྲིམ་ནས། །ཟག་བཅས་སྒྱུ་མའི་ཕུང་པོ། །དགྲ་གཉེན་མཐོང་བ་མེད་པའི། །གནས་སུུ་ན་བུན་དེང་བཞིན། །གར་འདོགས་གཏད་སོ་མེད་དོ། །དེ་སྐད་ཉམས་ཀྱི་གླུ་ཆུང༌། །ཡིན་ལུགས་མ་བཅོས་དྲང་པོར། །འཁྲུལ་ཞིག་འཇའ་ལུས་རྡོ་རྗེས། །དགའ་སྐྱོ་འདྲེས་པར་ཤོར་སོང༌། །དེ་ནས་ས་དབང་རིན་བོ་ཆེར་སྐབས་སུ་བབ་པའི་སྨིན་ཁྲིད་དང༌། དཀར་ཕྱོགས་ཀྱི་གཟུགས་མེད་དཔག་ཏུ་མེད་པ། །མཁའ་རྒྱའི་ཤ་ཟའི་སྲིན་པོའི་ཚོགས་བཅས་ཆོས་གྲལ་དུ་འདུུ་ལ། །རང་ནས་ཀྱང་གཙོ་བོར་ཉམས་ལེན་སྐྱོང་བ་དང༌། ཡར་ངོ་མར་ངོའི་ཚེས་བཅུས་གཙོར་གྱུར། །དབང་བོ་ཌཱ་ཀིའི་ཚོགས་མཆོད་དང༌། །བཀའ་གཏེར་སྲུང་གི་གཏོར་འབུལ་སོགས་མ་ཆགས་པར་བྱས་ཤིང་གནས། །རིང་ནས་འོང་བའི་དོན་གཉེར་རྣམས་ལ་ཆོས་ཀྱི་འབྲེལ་བ་ཐོབ་ཙམ་གྱིས་རེ་འདོད་ཡང་བསྐང༌། མགོ་ཟླའི་མགོ་མཇུག་ཀུན་དབྱིངས་བཞུགས་ཡེ་ཤེས་ཀྱི་ལྷ་ཚོགས་ཀུན་ཁྲག་འཐུང་ཁྲོ་བོ་རོལ་པའི་རྣམ་རོལ་དུ་བཞུགས་ཤིང༌། ཆོས་གྲལ་དུ་མི་གཏོགས་བའི་སྡེ་བརྒྱད་དང་ནག་ཕྱོགས་ཀྱི་འབྱུང་པོ་རྒྱལ་བསེན་བདུད་ཀྱི་དཔུང་ཚོགས་ཁ་བ་བུ་ཡུག་འཚུབས་པ་ལྟར་བྱུང་ཞིང༌༑ ལྷ་འདྲེའི་འཁྲུགས་སློང་རྩོད་འཐབ་མང་རབ་བྱས་སོང་ཞིང༌། ས་མཚམས་ངེས་པར་འབྱེད་མ་ནུས། རྒྱལ་གྱི་ཟླ་བའི་ཡར་ཚེས་ཀྱི་ཐོ་རངས་ཁར། །ནམ་མཁའི་ཁམས་ནས་རོལ་མོའི་བྱེ་བྲག་དཔག་ཏུ་མེད་པའི་སྒྲ་བྱུང་བ་ལ་བལྟས་པའི་སྣང་བར་དར་གདུགས་འཕན་དར་རྔ་མའི་བསིལ་ཡབ་ཕྱེ་འཕུལ་སོགས་དཔག་ཏུ་མེད་པ་དྲག་པོའི་ཞིང་ཆེན་གྱི་རྒྱལ་མཚན་རཀྟའི་དམར་ལམ་སྤོས་དང་ཚིལ་ཆེན་གྱི་དུད་པ། རྐང་གླིང་དང་ཐོད་རྔ་སོགས་རོལ་མོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་བཅས། གིང་ཆེན་བཅུ་དྲུག་གིས་སྣ་དྲངས་ཏེ། ནམ་མཁའ་དང་ས་གཞི་བར་སྣང་ཀུན་ཁྲོ་བོ་དང་ཁྲོ་མོ་འབར་མ་དབང་ཕྱུག་སྲིན་པོ་ཕོ་མོའི་ཚོགས་དང་བཅས་གང་ཞིང༌། དེ་དག་གི་དབུས་ནས་མེ་རླུང་དམར་ནག་འཁྲུགས་བའི་ཀློང༌། །ཁྲག་འཐུང་རྒྱལ་པོ་འཇིགས་པའི་ཚོགས་རྣམས་ཀྱང་རབ་ཏུ་འཇིགས་ཤིང༌། རྡུལ་དུ་བརླག་པར་བྱེད་པའི་སྲིན་རྒྱལ་རཀྴ་ཐོད་ཕྲེང་རི་རབ་ཙམ་གྱི་སྐུ་འཇིགས་པའི་ཆ་ལུགས་དང་ལྡན་ཞིང༌། གནམ་ས་ཙམ་གྱི་ཞལ་གདངས་ཤིང་ཧ་ཧའི་གད་རྒྱངས་འབྲུག་ལྟར་སྒྲོགས་པ། སྐུ་ལས་ཁྲོ་མཚོན་མེ་དཔུང་ཁྱུང་དང་སྡིགས་པའི་དམག་ཚོགས་སྐར་ལྟར་འཁྲུགས་པ། གཟི་བརྗིད་བཟོད་པར་དཀའ་བའི་ཉམས་ཅན་མཐོང་མ་ཐག་མ་རུངས་པའི་དཔུང་ཚོགས་ས་ཆེན་པོའི་རྡུལ་ཙམ་ཡོད་པ་དྲན་མེད་དུ་བརྒྱལ་ལོ། །འཁོར་རྣམས་ཀྱིས་ལ་ལ་ནི་བསྒྲལ་ཞིང་ཤ་ཁྲག་ལ་རོལ། །ལ་ལ་ནི་འགུགས་འཆིང་སྡོམ་མྱོས་བྱེད༑ ལ་ལ་ནི་གྲུ་གུ་ཐུལ་དུ་འོད་ཟེར་གྱི་དྲ་བས་བཅིངས། ལ་ལ་ནི་དྲན་པ་གསོ་ཞིང་འདར་ཕྲི་ལི་ལི་གནས་པར་བྱེད་པ་སོགས་ལས་སྣ་ཚོགས་བསྒྲུབ། རང་ཡང་དར་གཅིག་གི་བར་ཐ་མལ་གྱི་སྣང་བ་གཏན་འགགས་སུ་སོང་ནས། སྣང་བ་ཡུལ་ལ་མི་འཇུག་པར་རྦ་རླབས་ཀྱི་ངང་དུ་གནས། དེར་དབང་བསྒྱུར་ཆེན་མོའི་བཞད་སྒྲ་སྒྲོགས་པ་དང་ཆབ་གཅིག་དྲན་པ་ཟིན་ཞིང༌། བླ་མ་ཡི་དམ་དབྱེར་མེད་ཀྱི་ཞལ་མཐོང་ནས། ཨེ་མ་ཧོ། རང་ལ་ཡོན་ཏན་རྡུལ་ཙམ་མ་མཆིས་ཀྱང༌། འབྱུང་བཞིའི་གཡར་ཁང་སྒྱུ་མའི་ཕུང་པོ་འདི། །སྟོན་པ་རྣམ་གསུམ་ཆོས་འཁོར་བསྐོར་བ་ཡི། །གནས་སུ་གྱུར་བ་མི་ལུས་དོན་དང་ལྡན། །བླ་མ་ཡི་དམ་དབྱེར་མེད་ཧེ་རུ་ཀཿ ད་ལྟ་དངོས་སུ་མཇལ་བར་ངོ་མཚར་ཆེ། །རྟ་ཕག་ཡབ་ཡུམ་རུ་ཧྲ་བསྒྲལ་བ་ལྟར། །དུག་ལྔའི་ཤ་ཁྲག་རུས་གསུམ་ནང་རོལ་བཅས། །བླ་མ་ཡི་དམ་མཁའ་འགྲོའི་ཞལ་དུ་སྟོབ། །མ་དག་འཁོར་བའི་སྐྱེ་སྒོ་བཅད་ནས་ཀྱང༌། །འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་བོ་ཅན། །རྒྱལ་བའི་སྲས་ཀྱི་ཐུ་བོར་གྱུར་ནས་ཀྱང༌། ཆུ་གཏེར་འཁོར་བའི་རྒྱ་མཚོ་མ་སྐེམ་བར། །བསྟན་དང་འགྲོ་བའི་དོན་གཉིས་ལྷུན་གྲུབ་ཤོག །ཅེས་ཞུས་ནས་ལུས་གཅེར་བུར་ཕྱུངས་ནས་ཕྱག་བྱས་པའི་སྣང་བ་བྱུང༌། དེར་ཁྲག་འཐུང་ཞལ་དབུ་མ་ནས། ཧ་ལ་ཧ་ལ་རྡོ་རྗེ་སྲིན་པོའི་རྒྱལ། །ལངྐའི་ཡུལ་གྱི་གྲོངཁྱེར་འབུམ་ཕྲག་གཙོ། །སྦྱོར་སྒྲོལ་རྨད་དུ་བྱུང་བའི་གདམས་ངག་སྟོན། །སྐུད་ཅིག་གཅིག་གིས་འབྲས་བུ་ཐོབ་བྱེད་ཅིང༌། །སྐུད་ཅིག་གཅིག་གིས་གཟུང་འཛིན་བག་ཆགས་སྦྱངས། །སྐུད་ཅིག་གཅིག་གིས་སྤྲུལ་པའི་སྐུ་རུ་སྨིན། །དེ་ནི་ང་ཡི་ཐུགས་རྗེས་སྤྲུལ་པའི་ཞིང༌། །རྡོ་རྗེ་ཕག་མོས་བྱིན་གྱི་བརླབས་པའི་གནས། དཔའ་བོ་མཁའ་འགྲོ་སྤྲིན་ལྟར་འདུ་བ་སྟེ། །ཆོས་ལོངས་སྤྲུལ་སྐུའི་གནས་མཆོག་ཉམས་དགའ་བར། །བྱིན་རླབས་ཐུགས་རྗེས་གང་ཟག་བྱིན་གྱིས་བརླབས། །གདོང་དམར་སྤྲེལ་ཕྲུག་བྲག་སྲིན་ཚ་བུ་རྣམས། །ཐེ་ཚོམ་ཆེ་ཞིང་ལོག་ལྟས་སྒྲོ་སྐུར་དང༌། །བྱ་སྤྱོད་མང་ཞིང་གསང་སྔགས་དམ་ལས་ཉམས། །འདུ་འཛི་ཆེ་ཞིང་ལྟ་སྒོམ་སྦྱོད་པ་དོར། །དེའི་རྐྱེན་ལྔ་ཕྲག་ཐ་མའི་དུས་འདི་རུ། །དཀར་ཕྱོགས་ཉམས་ཤིང་ནག་ཕྱོགས་ཁ་དར་བར། །ཁམས་དབུས་སྒྲུབ་གནས་ཀུན་གྱི་བྱིན་རླབས་ཉམས། །གསང་སྔགས་དམ་རྫས་མི་ནག་ཕོ་མོས་སྤྱོད། དབང་དང་བྱིན་བླ་གདམས་པའི་བརྒྱུད་པ་ཆད། རྟེན་གསུམ་ཉམས་ཤིང་གཏེར་བདག་གཡེལ་བ་ཡིས། །ནོར་གཏེར་རེ་ཟུང་གཏེར་རྐུན་ལག་ཏུ་ཤོར། །གཏེར་རྫུན་ཟོག་པོས་སེམས་ཅན་མགོ་བོ་བསྐོར། །རྒྱལ་བསེན་བདུད་དང་ཤི་འདྲེ་རླུང་ལྟར་འཚུབས༑ བྱང་སེམས་རྣམས་ཀྱང་སྐྱོ་སུན་དཔང་གྱུར་བས། །འདི་ལ་སྐྱོབས་བའི་ཐབས་ཤིག་དཀའ་མོད་ཀྱང༌། །སྲིན་རྒྱལ་བདག་ནི་འགྲོ་བའི་དོན་ལས་མེད། །ཁྱད་པར་བྷོ་ཊར་ཤིན་ཏུ་བརྩེ་བའི་ཕྱིར། །རྫུ་འཕྲུལ་ཤུགས་ཀྱིས་བོད་ཀྱི་ཡུལ་དུ་འོང༌། །བོད་ཁམས་མི་དང་མི་མིན་གདུག་པ་ཅན། །གསང་སྔགས་བསྟན་ལ་སྔང་བའི་དམ་སྲིའི་དཔུང༌། །རྡུལ་ཕྲན་ཕྱེ་མར་འཐག་པར་གདོན་མི་ཟ། །ནག་ཕྱོགས་བདུད་སྡེའི་སྙིང་ཁྲག་ཧུབ་ཀྱིས་འདྲེན། །དྲེགས་པ་སྡེ་བརྒྱད་སྲོག་གི་སྙིང་པོ་ལེན། །མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་ཆེན་པོ་རུ། །དབང་བསྐུར་ང་ཡི་ཞལ་མཐོང་དཀར་ཕྱོགས་སྡེ། །མཐུ་སྟོབས་ནུས་པའི་རྩལ་ཤུགས་འབར་བ་ཡིས། །དབང་བསྐུར་དབུགས་དབྱུང་མངའ་གསོལ་གཟེངས་བསྟོད་ཅིང༌། །གསང་སྔགས་བསྟན་པ་རྒྱས་པར་བྱིན་གྱིས་བརླབས། །ཀྱོད་ལུས་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་རུ། །དྲི་མ་མེད་པའི་དཀྱིལ་འཁོར་ཞལ་ཕྱེས་ཏེ། །བདེ་ཆེན་འབར་བར་བྱིན་གྱིས་བརླབས་པའི་ཕྱྀར། །དཔའ་བོ་མཁའ་འགྲོའི་འདུ་བ་ཤུགས་ཆེ་བས། ཉམས་གྲིབ་རྐྱེན་ལས་ཚ་གྲང་འདུ་བ་འཁྲུགས། །འོན་ཀྱང་ཝཱའ་ར་ཧི་ཡི་ནུས་པས་བཟློག །ཤ་རུས་ཚོགས་སུ་རོལ་པའི་དགོས་བ་ཆུང༌། །བློ་མང་ཕ་མའི་རྩ་ཁམས་དག་ལས་བྱུང༌། །ད་ནི་ནམ་མཁའ་ལྟ་བུའི་ཏིང་འཛིན་ཐོབ། །ང་དང་དགོངས་པ་དབྱེར་མེད་འདྲེས་པའི་ཕྱིར། །ཕ་མ་ལས་བྱུང་རྩ་ཁམས་དབྱིངས་སུ་དག །མ་ཅིག་བདུད་འདུལ་དྲག་མོའི་བྱིན་རླབས་ལས། །དབྱིངས་དང་རིག་པ་ཕྱི་ནང་དབྱེར་མེད་འདྲེས། །སྙིང་ཏིག་ཡང་ཏིག་ཐུགས་ཐིག་རྣམ་པ་གསུམ། །བསྟན་པ་གཞིར་བཞེངས་སློང་བའི་དུས་བབ་སྟེ། །བསྟན་འགྲོའི་དོན་དུ་སྙིང་སྟོབས་མ་ཞན་ན། །ཁྱོད་ཟུང་ང་ཡི་ཐུགས་རྗེས་ཚེ་མཐར་ཕྱིན། །སྤྲུལ་པས་ཆོས་ཉིད་རབ་དུ་འབྱམས་ཀླས་ཀྱང༌། །སྤྲུལ་གཞིས་འགྲོ་བའི་དོན་གཉིས་ལྷུན་་གྲུབ་སྤྱོད། །སྨྲ་བརྗོད་མ་མང་སྐབས་སུ་བབ་པ་ཡི། །རིག་རྩལ་དཔའ་བོ་མཁའ་འགྲོས་བསྒྱུར་བ་ལ། །ཐོ་ཚོམ་མེད་པར་མ་སྤྱོད་དམ་ཚིག་ཉམས། །ང་ཡི་ཐུགས་རྗེ་གློག་ལྟར་མྱུར་བ་ངེས༑ །ཞེས་གསུང་ཞིང་ཞལ་ནས་འོད་ཟེར་ཚ་ལམ་པ་ཞིག་བྱུང་ནས། །སྤྱི་བོ་ནས་ཞུགས་སྙིང་དབུས་སུ་འདྲེས། །དབུ་ཞལ་འོག་མ་ནས་དྲག་སྔགས་འབྲུག་སྟོང་དུས་གཅིག་སྒྲོགས་པ་ལྟར་བྱུང་ཞིང༌། །འཇིག་རྟེན་གྱི་ཁམས་ཀུན་ཡོམ་ཡོམ་ཤིག་ཤིག་ཏུ་གྱུར། །རྨད་བྱུང་གི་རྟགས་མཚན་ངོམ་པ་ནི་འདིར་བརྗོད་མ་ནུས། །དེར་ཞག་གསུམ་ཙམ་འདས་པའི་འོག །ཐོ་རངས་ཞིག་ཏུ་གནས་ཡུལ་ཀུན་སྔར་ལྟར་འདུག་པ་ལ། ཁྲག་འཐུང་གི་རྒྱལ་མོའི་ཞལ་དབུས་སྟེང་མ་ནས། །ཆོས་དབྱིངས་ཡེ་ཤེས་ལྔ་ཡི་སྙིང་བོ་ཅན། །སྒྲིབ་བྱེད་ཀུན་གཞི་ལུང་མ་བསྟན་པ་ལས། །ཚོགས་བརྒྱད་ཉོན་མོངས་ཤར་བས་འཁོར་བར་གྲུབ། །གཟུང་འཛིན་འཆིང་བ་དམ་པོས་བཅིངས་པ་ཡིས། །འགྲོ་བ་དྲུག་ཏུ་འཁྲུལ་པ་ཐང་རེ་ཆད། །སྐུད་ཅིག་གཅིག་གིས་གདམས་པའི་གནད་རྟོགས་ན། །གཟུང་འཛིན་དབྱིངས་སྟོང་ཉོན་མོངས་དབྱིངས་སུ་དག །ཚོགས་བརྒྱད་རང་གྲོལ་ཡེ་ཤེས་རྩལ་རྫོགས་ཤིང༌། །རང་རིག་ཀུན་བཟང་རང་ངོ་ཤེས་བའི་ཚེ། །ལོངས་སྤྱོད་རྫོགས་སྐུ་སྒྲོན་མ་བཞི་ཡི་ལམ། །འཕེལ་འགྲིབ་དོན་གྱི་ཉམས་ལེན་མཐར་ཕྱིན་ཙེ། །སྐུ་དང་ཐིག་ལེའི་འཛིན་བ་རང་ཞིག་ནས། །གཞོན་ནུ་བུམ་སྐུའི་ཀློང་དུ་གྲོལ་བའོ། །དེ་དོན་རྟོགས་པར་གྱིས་ཤིག་རིག་པ་འཛིན། །མངོན་རྫོགས་ཞིང་དུ་ཆེ་མཆོག་འདུས་པ་རྩལ། །གཏུམ་དྲག་རོལ་པ་རྔམ་བརྗིད་ཧེ་རུ་ཀཿ རྔ་ཡབ་གླིང་དུ་རཀྴ་ཐོད་ཕྲེང་རྩལ། །ང་ནི་ཞིང་ཁམས་ཀུན་ལ་དབང་བསྒྱུར་ཞིང༌། །འདོད་པ་ཁམས་ཀྱི་སྲོག་སྙིང་ང་ལ་ཡོད། །ཐ་ཚིག་གཉེན་པོའི་ཟིལ་འོག་བཅུག་བྱས་ཤིང༌། །ཆད་དོན་དམ་ཚིག་ཇི་ལྟར་བསྒྲག་པ་བཞིན། །མ་མགོན་གཟའ་དམ་དྲེགས་པའི་རྗེ་བོ་ནས། །འབྱུང་ཕྲན་དམ་ཆོས་ཟིལ་པ་ནོད་པ་ཡན། །སྐུད་ཅིག་ཙམ་ཡང་འདའ་བར་མ་བྱེད་ཅིག །ཉམས་ན་སྲོག་གི་སྙིང་པོ་འགས་ཏ་རེ། །གིང་ལང་འབར་མ་དབང་ཕྱུག་ཤ་ཟའི་སྡེ། །ནག་ཕྱོགས་བསྒྲལ་བའི་ལས་ལ་རྩལ་མ་ཆུང༌། །ས་ལ་གནས་པའི་རིག་འཛིན་ཆེན་པོ་ཡིས། །འགུགས་འདྲེན་སྤར་བའི་དགོངས་པ་མ་གཡེལ་ཞིག །ལས་ཀྱི་གཉེར་འཛིན་ཌཱ་ཀི་མ་ཡིས་མཛོད༑ །ང་སྤྲུལ་འཆོལ་བ་ལུས་དང་གྲིབ་བཞིན་འགྲོགས། །ཆོས་ཉིད་ཆོས་ཅན་བསླུ་བ་མེད་པ་ཡི། །སྟོབས་ཀྱིས་བདེན་ཚིག་སྨོན་ལམ་ཡོངས་འགྲུབ་ཅིང༌། །བོད་ཁམས་མཐའ་གཅིག་གསང་སྔགས་ཆོས་ལ་སྦྱོད། །བྱེ་མའི་གྲངས་ཀྱི་འགྲོ་བ་འདྲེན་པར་ཤོག །ཅེས་གསུངས་ཞིང་ཁམས་འོད་ཀྱི་ཕུང་པོར་གྱུར་ནས་སྤོས་ཀྱི་ངད་པ་རོལ་མོའི་སྒྲ་དང་བཅས་ལྷོ་ནུབ་ཏུ་གཤེགས་སོང༌། །སྐུབས་དེར་ཕྱི་རྟགས་ཀྱི་འཇའ་འོད་འཁྲིགས་པ་དང༌། སྒྲ་སྣ་ཚོགས་སྒྲོགས་པ་སོགས་རྟགས་མ་ངེས་པར་བྱུང༌། ནག་ཕྱོགས་ཀྱི་ཆོ་འཕྲུལ་རྣམས་ཞི་ཞིང༌། །སྐུབས་དེ་དག་རྣམས་སུ་ལན་ཆགས་བྱང་བའི་དམིགས་པ་དང་བཅས་ཐབས་སྣ་ཚོགས་ཀྱང་བསྒྲུབས། སྐུབས་སུ་སྲིང་མོ་ཆེན་མོའི་དྲུང་ནས་ཐུགས་དམ་རྒྱུད་བསྐུལ་གྱི་གསུང་ཤོག་ལན་གཉིས་ཙམ་འབྱོར། ས་དབང་རིན་པོ་ཆེ་ཡང་སྒོན་གྱི་སྦྱངས་འཕྲོ་སད་པ་དང༌། སྐུབས་སུའང་ཆོས་དང་གདམས་ངག་བླ་མ་ལ་མི་ཕྱེད་བའི་དད་པ་ཐོབ་ཅིང༌། ཐེ་ཚོམ་མེད་པར་བརྩོན་འགྲུས་བརྩམས་པའི་མཐུ་དང༌། གདམས་ངག་གནད་ཐོག་ཏུ་ཁེལ་བས་སྟོན་པའི་ཐུགས་རྒྱུད་དགོངས་པའི་བྱིན་རླབས་ལས། །ཁྲེགས་ཆོད་ཀྱི་ལྟ་བ་མངོན་དུ་གྱུར་ཞིང་རྦ་རླབས་ཀྱི་ངོ་སྤྲོད་རྒྱ་ཡིས་ཐེབས། གཤིས་ཀྱི་གནས་ལུགས་གཞི་ཚུག་པར་འདུས་པས་དམར་ཕྱོགས་ཀྱི་མཁའ་འགྲོ་འདུ་བའི་ཚེས་ཉེར་ལྔ་ནས་འོད་གསལ་ཐོད་རྒལ་ཆེན་པོའི་གདམས་པའི་སྨིན་ཁྲིད་ཀྱི་གཞི་བཞག །ས་ལུག་གསར་ཤར་ཟླ་ཚེས་༡ལ་ལོགས་གསར་གྱི་རྟེན་འབྲེལ་ཕུན་སུམ་ཚོགས་པ་བྱུང་ཞིང༌། ཉེ་འདབས་ཀྱི་རི་ཁྲོད་པ་རྣམས་ཚིམ་པར་མཛད་སོང༌། ཚེས་བརྒྱད་ཀྱི་ཐོ་རངས་ཁར་ཆོས་ཉིད་རིག་པའི་་རང་རྩལ་ལས་ཉམས་ཀྱི་སྣང་བར། །བདེ་གསལ་མི་རྟོག་པའི་ངང་དུ་འབྱམས་ཀླས་ཞིང༌། དེའི་ངང་ལས་མདུན་གྱི་ནམ་མཁར་འཇའ་འོད་སྤྲིན་ཕུང་འཁྲིགས་པའི་དབུས་སུ་བཀའ་དྲིན་གསུམ་ལྡན་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་དེ་ཉིད་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པའི་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པར་བཞུགས་ཤིང༌། ཞལ་འཛུམ་པ་དང་བཅས་གསུང་སྙན་པའི་དབྱངས་ཀྱིས། རྗེ་མི་བསྐྱོད་ཀྱི་ངོ་བོ་རྡོ་རྗེ་འཆང། །ཏེ་ལོ་ནཱ་རོ་པཎ་ཆེན་དང༌། །མར་པ་ཆོས་ཀྱི་བློ་གྲོས་ཏེ། བཀའ་བརྒྱུད་ཀྱི་ཆུ་མགོ་གངས་ལ་ཐུག །དམ་ཆོས་ཕྱག་རྒྱ་ཆེན་པོ་དེ། །མཐའ་འཁོབ་བོད་དུ་བསྒྱུར་བར་མཛད། །རྩེ་གཅིག་གུས་པས་གསོལ་བ་འདེབས། །ཁྱེད་ལེགས་པར་གསོན་དང་རིགས་ཀྱི་བུ། །ཕྱག་རྫོགས་དབུ་མའི་ལྟ་བ་གསུམ། །གཞི་ལམ་འབྲས་བུ་མཚན་ཉིད་དེ། །མཐའ་བཞི་སྤྲོས་དང་བྲལ་བ་ལ། །རིག་པ་ཕྱི་ཡི་དབུ་མར་བརྗོད། །དེ་སྐྱོན་དང་བྲལ་བའི་རིག་བ་རྣོ། །ཡེ་ཤེས་ཐིག་ལེའི་སྙིང་པོ་ཅན༑ །གཞི་རྒྱུད་བདེ་གཤེགས་སྙིང་པོའི་ཁམས། །རིག་བ་ནང་གི་དབུ་མ་ཡི། །རྟོགས་པར་བྱེད་པ་ཐབས་ལ་བརྟེན། །རྣལ་འབྱོར་བཞི་ཡི་ཉམས་ལེན་ལ། །སྒོམ་མེད་འབྲས་བུ་མཐར་ཕྱིན་ཚེ། །སེམས་ཉིད་སྟོང་གསལ་འཛིན་མེད་དོན། །ཕྱག་རྒྱ་ཆེན་པོའི་ལམ་བགྲོད་ཚུལ། །གང་ཟག་དབང་པོ་རབ་འབྲིང་སྟེ། །དུད་འགྲོ་ཉག་ཕྲན་མཁའ་ལྡིང་གི །མགྱོགས་བུལ་ཇི་བཞིན་འབྲས་བུ་རབ། །རང་བཞིན་རྫོགས་པ་ཆེན་པོ་ནི། །རིག་པ་གཅར་ཕོག་ངོ་འཕྲོད་ནས། །གཟུང་འཛིན་མདུད་པ་ཞིག་པའི་ཚེ། །སྐུ་དང་ཐིག་ལེའི་ངོ་སྤྲོད་ཀྱིས། །རིག་གདངས་ལོང་སྐུར་རྩལ་རྫོགས་ནས། །སྣང་བཞིའི་འོད་གསལ་མཐར་ཕྱིན་ཚེ། །ཆོས་ཅན་ཆོས་ཉིད་ཀློང་དུ་ཟད། །བུམ་སྐུའི་ཀློང་དུ་གྲོལ་བའོ། །སྟོང་གསལ་འདུས་མ་བྱས་པ་ལ། །དགེ་དང་སྡིག་པའི་མཚན་མ་བྲལ། །མཉམ་ཉིད་རིག་པའི་རྒྱལ་པོ་ལ། །སངས་རྒྱས་བཟང་པོས་ཕན་མ་བཏགས༑ །སེམས་ཅན་ངན་པས་གནོད་མ་བསྐྱལ། །ཆོས་དབྱིངས་གདལ་ཁྱབ་ཆེན་པོ་ལ། །ས་དང་ལམ་གྱི་རྩིས་བགྲང་ཞིང༌། །མཉམ་ཉིད་ཆེན་པོ་ཡེ་སངས་རྒྱས། །ཕུང་ཁམས་ཡེ་ནས་ལྷའི་རང་བཞིན། །བསྙེན་ཞིང་སྒྲུབ་བར་ཐང་རེ་ཆད། །སྣོད་བཅུད་དག་པ་རབ་འབྱམས་ལས། །ཞིང་ཁམས་བྱ་བ་ལོགས་སུ་མེད། །དབུ་ཕྱག་རྫོགས་པ་ཆེན་པོ་ཡང༌། །རབ་འབྲིང་ཐ་མའི་བློར་འཚམས་པར། །ཆོས་ལོངས་སྤྲུལ་པ་སྐུ་ཡི་བཀའ། །དགོངས་པ་བརྡ་དང་ཚིག་ཤར་བ། །གདུལ་བྱའི་དབང་པོའི་སྐལ་བ་རུ༑ །གོ་ལུགས་མ་ངེས་སྣ་ཚོགས་པས། །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་བྱུང། །དོན་ལ་མ་རིག་ཉོན་མོངས་ལས། །གཟུང་འཛིན་གྲོལ་བ་ཁོ་ནར་དགོངས༑ །རྒྱུ་དང་འབྲས་བུའི་ལམ་ཉིད་ཀྱང༌། །དྲང་ལྡེམ་དགོངས་ཅན་དུས་གཞན་སོགས། །མཐའ་དྲུག་ཚུལ་བཞིས་སེམས་ཅན་གྱི། །ལོག་ལྟ་བསལ་ཞིང་དད་མོས་དག །ཡང་དག་ལམ་དུ་ཁྲིད་ཕྱིར་དགོངས། །ལྔ་ཕྲག་ཐ་མའི་དུས་འདི་རུ། །ཉོན་མོངས་རགས་ཤིང་སྡུག་བསྔལ་འཕེལ། །ཐམས་མཁས་སྤྱོད་པ་སྣ་ཚོགས་ཀྱིས། །ཁམས་དབང་མཐུན་པར་མ་བྱས་ན། །མཐའ་གཅིག་དག་གིས་མི་འདུལ་ཞིང༌། །བློ་ཆུང་དག་གིས་རྗེས་མི་སླེབས། །དོན་འདི་རྟོགས་པར་མཛོད་ཅིག་ཨང༌། །མི་ལ་བོད་དུ་བྱོན་པའི་དུས། །རས་མ་ས་ལེ་འོད་ཅེས་པ། །མོས་གུས་རྩེ་གཅིག་ཞབས་ཏོག་འགྲུབ། །རྩ་རླུང་བདེ་བའི་རྗེས་སུ་བཟུང༌། །འདས་ཚེ་བླ་མའི་ཐུགས་ཀྱི་ཀློང༌། །བུམ་པ་ཆགས་པའི་ནམ་མཁའ་བཞིན། །དབྱེར་མེད་རོ་གཅིག་ཆེན་པོར་འདྲེན། །རྗེ་བཙུན་ཉིད་དང་ཐ་མི་དད། །ཁོ་བོ་དེ་ཚེ་དེར་གྱུར་ཅིང༌། །ང་ནི་མི་ལ་ང་ཉིད་དོ། །དུས་རྐྱེན་སྐྱེ་བོ་ཕལ་མོ་ཆེས། །རྐྱེན་ལས་ཐེ་ཚོམ་བདུད་ཞུགས་པས། །རྩ་རིགས་དང་ནི་དམ་སེལ་རྐྱེན། །བུ་མོའི་མོས་གུས་འགྱུར་བ་མེད། །ཁྱོད་ལྟ་བ་རྟོགས་པའི་རྣལ་འབྱོར་ལ༑ །ཉམས་ཆགས་སྐྱོན་གྱིས་མི་གོས་ཤིང༌། །སྐྱེ་བ་དཔེ་བྱད་གྲངས་ལྡན་བར། །བླ་སློབ་དམ་ཚིག་འབྲེལ་གྱུར་པས། །ཕ་བུའི་དམ་ཚིག་ཉམས་མི་འགྱུར། །སྐྱོ་སུན་མ་མཛད་སྤྲོ་བ་སྒོམས། །བསྐལ་པ་སྟོང་གི་མུན་པ་ཡང༌། །ཉི་མ་གཅིག་གིས་འཇོམས་པ་བཞིན། །ང་ཉིད་དངོས་ཞལ་མཇལ་བའི་ཚེ། །ཁྱོད་ཀྱི་སྒོ་གསུམ་ཉམས་གྲིབ་ཀུན། །སྐུད་ཅིག་གཅིག་གིས་ལྷག་མེད་སྦྱངས། །ཟབ་མོའི་དོན་གྱི་བརྒྱུད་པ་ཀུན། །སྟོན་པ་རྣམ་གསུམ་ལས་བྱུང་ཡང༌། །ཕྱག་རྫོགས་སྨིན་གྲོལ་སྙན་ཁུང་བརྒྱུད། །སྟོན་པའི་བླ་མ་ཁོ་བོ་སྟེ། །རྗེ་བཙུན་གཡེལ་མེད་གསོལ་བཏབ་ནས། །ས་ལམ་བར་ཆད་ཡོངས་བསལ་ཞིང༌། །ལུགས་ཟུང་དཔལ་ཡོན་ཕུན་སུམ་ཚོགས། །ཌཱ་ཀི་དབང་དུ་འདུ་བར་ངེས། །མ་དག་ཤ་ཁྲག་ལུས་རྒྱའི་སྦུབས། །འཁྲུལ་སྣང་རྟོག་ཚོགས་རགས་པ་ལས། །ཁོ་བོའི་དམ་ཚིག་ལ་གནས་ཤིང༌། །འཁྲེན་ཞིང་བཤུང་བ་སྤུ་ཙམ་མེད། །མཁའ་ལས་ཆུ་སྣོད་ཟླ་གཟུགས་དང༌། །ཉི་མ་དང་ནི་འོད་ཟེར་བཞིན། །ང་ཡི་སྤྲུལ་པ་འཁྲུལ་མེད་ཕྱིར། །སྔོུན་སྨོན་དུས་སུ་སྨིན་པར་ངེས། །མཆོག་གསུམ་བླ་མའི་བྱིན་རླབས་དང༌། །རྩ་གསུམ་ཌཱའ་ ཀིའི་མཐུ་སྟོབས་ཀྱིས། །བུ་ཁྱོད་བཞེད་པའི་དོན་རྣམས་ཀུན། །ནོར་བུར་གསོལ་བ་བཏབ་པ་བཞིན། །གེགས་མེད་འགྲུབ་པར་ང་ཡི་བཀའ། །ཀུན་གཞིའི་མེ་ལོང་དྭངས་པའི་ངོར། །འབྱུང་འགྱུར་རྟེན་འབྱུང་རི་མོ་ཀུན། །ཉམས་པའི་རྐྱེན་གྱིས་འགྲིབ་པ་སྟེ། །ད་ནི་སྤྲིན་བྲལ་ཟླ་འོད་བཞིན། །ང་ཡི་ཐུགས་རྗེས་གསལ་བར་ངེས། །ཐེ་ཚོམ་དབང་དུ་མ་གྱུར་ཅིག །ཅེས་གསུངས་སོ། །སྐུ་ལས་འོད་ཚ་ལམ་གྱིས་འབར་བ་ཞིག་བྱུང་སྟེ། སྤྱི་བོ་ནས་ཞུགས་ལུས་ཀུན་ཁྱབ་ཅིང༌། འོག་སྒོ་ནས་དུད་ཁུ་སོལ་ཁུ་དང༌། རྣག་ཁྲག་གི་རྣམ་པ་དཔག་ཏུ་མེད་པ་ཡང་ཐོན། དར་ཅིག་ལུས་བདེ་བའི་ཤུགས་ཀྱིས་བརྒྱལ་བའི་སྣང་བ་བྱུང༌། དེར་གཉིད་སད་ཅིང་སེམས་ཡང་དགའ་སྐྱོ་འདྲེས་མའི་ངང་དུ་གནས། བླ་མ་སངས་རྒྱས་སུ་མཐོང་བའི་མོས་གུས་སྔར་ནས་ཡོད་ཀྱང༌༑ རང་གི་ཀུན་རྟོག་ཕྲན་བུ་ཤར་བ་སུན་བྱུང༌། མི་ཕྱེད་པའི་དད་པ་གདེངས་ཚུགས་པར་བྱུང་ངོ༌། །ལར་མེ་ཕོ་རྟ་ནས་བཟུང་གཞན་རྐྱེན་འཐོར་རླུང་དྲག་པོས་ཉམས་གྲིབ་ཅུང་ཟད་ཅིག་ཡོད་པ་འདྲ་བས། སྲིང་མོ་ནས་གཞན་དབང་དུ་་མ་ཤོར་བ་དང༌། ཉམས་ཆགས་སྦྱོང་བའི་ཐབས་སྣ་ཚོགས་མཛད་སོང་བ་དང༌། རང་ནས་ཀྱང་ལོ་གསུམ་ཚུན་གནོང་འགྱོད་དང་ཆོས་ཉིད་ལྟ་བའི་བཤགས་པ་ཁོ་ནར་འབད་བའི་སྐབས་འདིར་བཀའ་དྲིན་གསུམ་ལྡན་བླ་མའི་ཐུགས་རྗེས་རང་རྒྱུད་ལ་གབ་པའི་ཚུལ་དུ་ཡོད་པ་ཉམས་ཆགས་ཀུན་ལྷག་མེད་དུ་དག་པར་གྱུར་སོང་བ་བླ་མའི་ཐུགས་རྗེ་རེ་ཆེ་ཆེ། སྲིང་མོ་ཡང་འདི་ཕྱིའི་དྲིན་ཆེན་དུ་གྱུར། ཆོས་རྒྱལ་ཆེན་པོ་ཡང་སྨོན་ལམ་དག་ཅིང་སྐུ་བསོད་རེ་ཆེ། རང་ཡང་སྐལ་པར་ལྡན་ཞིང་ཚེ་གཅིག་གི་འདུན་མ་འགྲུབ་པས་ད་ལྟ་འཆི་ཡང་འགྱོད་མེད་དུ་གྱུར་པའི་རབ་དགའ་སའི་རྟོགས་པ་མངོན་སུམ་དུ་ཐོབ་པར་གྱུར་ཏོ། །ཚེས་བཅུའི་ཉིན་བླ་སྒྲུབ་ཡིད་བཞིན་ནོར་བུ་ལ་བརྟེན་པའི་ཚོགས་ཀྱི་འཁོར་ལོ་བསྐོར། སྟོད་སྨད་ཉེ་རིང་ཀུན་གྱི་བླ་ཁག་སོགས་དད་མོས་ལྡན་པའི་ཆོས་འབྲེལ་དང་དངོས་འཕྲད་དོན་དུ་གཉེར་བ་རྣམས་ལའང༌། ཡིད་མི་ཆད་པའི་རེ་བ་རྫོགས་ཙམ་རེ་བྱས་ནས་རང་གནས་སུ་སོང༌། ཚེས་བཅུའི་ནུབ་ནས་བཟུང་ས་དབང་ཆེན་པོས་ཡང་གསོལ་བ་བཏབ་ལྟར། ཐོད་རྒལ་རིག་པའི་རྩལ་དབང་ཆེན་མོ་བསྐུར་བའི་སྟ་གོན་བྱས་ཞིང༌། རིག་འཛིན་བརྒྱུད་པར་ཐུགས་དམ་བརྒྱུད་བསྐུལ་གྱི་གསོལ་བ་དྲག་ཏུ་བཏབ་ཅིང་བཅུ་གསུམ་གྱི་ཉིན། རི་ཁྲོད་ཀྱི་སྟེང་ཁང་ཉི་འོད་འཁྱིལ་བར་དཀྱིལ་འཁོར་ཚོགས་གཏོར་རྫས་དང་ཡོ་བྱད་ཚང་བར་བྱས་ཤིང༌། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་དང༌། རྩ་གསུམ་རྒྱལ་བ་རིག་འཛིན་དྲང་སྲོང་རྣལ་འབྱོར་ཕོ་མོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྤྲིན་ལྟར་འཁྲིགས་ཤིང༌། དྲེག་པ་སྡེ་བརྒྱད་དཀར་ཕྱོགས་སྐྱོང་བའི་དམག་ཚོགས་ས་ཆེན་པོའི་རྡུལ་བཞིན་འཚུབས་འདུག་པ། སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་སྟོན་པ་དྲི་མ་མེད་པ་སྙིང་དབུས་མི་ཤིགས་ཐིག་ལེར་བཞུགས་ཤིང༌༑ མཁའ་འགྲོའི་བདག་དབང་གི་སྒོ་ཕྱེས་ནས། ཐོད་རྒལ་རིག་པའི་རྩ་དབང་ཆེན་མོ་ངོ་སྤྲོད་མཐའ་རྟེན་སྨོན་ལམ་དང་བཅས་རྫོགས་པར་མཛད་ཅིང༌། དྲི་སྣ་ཚོགས་འཐུལ་བ་དང༌། འོད་འཁྱུག་པ་དང༌། སྒྲ་སྣ་ཚོགས་སྒྲོགས་པ་དང༌། ཡ་མཚན་པའི་ལྟས་སྣ་ཚོགས་བྱུང་ཞིང༌། སློབ་བུ་ས་དབང་རིག་པ་འཛིན་པ་ལའང་སྒོ་གསུམ་བྱིན་ཕེབས་པའི་རྟགས་མཚན་གཤིས་ཐོག་ཏུ་ངོ་སྤྲོད་ཀྱི་རྒྱ་ཡིས་ཐེབ་པར་བྱུང༌། དེའི་ཐོ་རངས་ཁར། འོད་སྣང་ལས་གྲུབ་པའི་གཞལ་ཡས་ཁང་གི་དབུས་སུ། །རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཀྲ་དཔུང་ངེར་གསལ་བར་མཐོང་ཞིང༌། ཞི་བ་རྣམས་ཀྱིས་ཧུ་ལུ་དང༌། ཁྲོ་བོ་རྣམས་ཀྱིས་རུ་ལུའི་སྒྲ་སྒྲོགས་པ་ཐོས། རང་སྣང་ཡིན་པར་ངོ་ཤེས་ནས་ཚུར་བསྡུས་ཏེ། སྤྱི་བོ་དང་སྙིང་གར་ཐིམ་ཞིང༌། གཞལ་ཡས་ཁང་རང་ལུས་དང་འདྲེས་པའི་ཉམས་བྱུང་བ། བླ་མའི་བྱིན་རླབས་ཁོ་ན་ཡིན་པར་ཤེས། དེར་དབང་རྣམས་རྫོགས་ནས་དགའ་སྟོན་ཚོགས་ཀྱི་འཁོར་ལོ་ཚིམ་པ་དྲུག་ཏུ་བསྐོར་ཞིང༌། མི་མ་ཡིན་རྣམས་ཀྱི་དགྱེས་སྐོང་གི་བྲོར་གར་ཉིན་ཞག་ཕྲུག་གཅིག་ཏུ་བྱས་པའི་སྣང་བ་ཤར། རྒྱལ་པོའང་ཉིན་ཞག་ཕྲུག་གཅིག་ཏུ་ཐ་མལ་གྱི་རྟོག་ཚོགས་ཀུན་འགགས་ཤིང༌། ཆོས་ཉིད་ཀྱི་ངང་དུ་འབྱམས་ཀླས་པ་བྱུང་སྐབས་འདི་ནས་བཟུང༌། སྔུར་ཡང་བླ་མ་མཁའ་འགྲོས་ཇི་ལྟར་ལུང་བསྟན་པ་བཞིན། བསྟན་དང་འགྲོ་བའི་དོན་རླབས་ཆེན་འགྲུབ་པའི་སེམས་བསྐྱེད་རྣམ་པར་དག་པའི་ངང་དུ། །རྩ་བའི་བླ་མ་དང༌། ཨོ་རྒྱན་ཆེན་པོར་གསོལ་བ་བཏབ་ནས། མི་ཡུལ་གྱི་འགྲོ་དོན་མཐའ་རྫོགས་པར་རེ་བའི་ངང་ནས་རེ་ཞིག་གནས་སོ། །བགྲང་བྱ་དྲུག་ཅུའི་བར་གྱི་འདྲ་འབག །ལྷན་སྐྱེས་ཡེ་ཤེས་ཀྱི་ཌཱ་ཀི་མས་གསུངས་བཞིན། བཅོས་སླད་བྲལ་བར་བཀོད་པ་རེ་ཞིག་གྲུབ་པར་བགྱིས་པ་ཤུ་བྷཾ།། །།སྨྲས་པ། བཞི་བཅོམ་དྲུག་ལྡན་རྫོགས་སངས་རྒྱས་རྣམས་དང༌། ས་ལ་གནས་པའི་བྱང་སེམས་འཕགས་ཚོགས་ཀྱི། །ཕྱི་ནང་གསང་བའི་རྣམ་པར་ཐར་པ་མཆོག །རྗེས་འཇུག་དད་པའི་སྤུ་ལོང་གཡོ་བྱེད་ཅིང༌། ཐར་དང་རྣམ་མཁྱེན་ལམ་འགོད་མ་ཎི་ཀ །རྟོག་གེ་ཐ་སྙད་རྒོལ་བའི་ཡུལ་བྲལ་བ། །ཇི་སྙེད་མཆིས་བཞིན་སོ་སྐྱེ་སྙོམ་ལས་པ། །བདག་འདྲའི་འདྲ་འབག་འཆིང་བུ་ནོར་གྲལ་དུ། །འགྲིམ་འདྲ་སྤྱི་བརྟོལ་ལས་གཞན་མ་མཆིས་ཀྱང༌། །ཁྲོ་ཆེན་མ་ཧཱ་རཱ་ཛཱ་ཡོངས་གྲགས་པར། །ལེགས་བཞུགས་ནམ་མཁའི་མཚན་དེའི་དག་སྣང་གིས། །བུང་བ་གསེར་གཟིགས་ནན་ཏན་ཆེན་པོའི་བཀའ། གངས་རིའི་མདོག་མཚུངས་གོས་དང་རིན་ཆེན་ལས། །གྲུབ་པའི་སྒྲ་ལྡན་གླིང་བུ་དར་དང་བཅས། །གནང་བ་མ་ལྕོགས་བླ་མ་ཡི་དམ་དང༌། །མཁའ་འགྲོའི་བྱིན་རླབས་འཇུག་ཚུལ་གཞིར་བཞག་སྟེ། །གསོལ་བ་བཏབ་བཞིན་གཟུགས་མེད་ཌཱ་ཀིའི་སྒྲ། །སྒྲ་འཛིན་ལམ་དུ་ཐོས་ཚེ་ཡི་གེར་བཏབ༑ །རང་ཆེ་ཡོན་ཏན་ངོམ་པའི་གྲགས་འདོད་དང༌། །ཚུལ་མིན་ཟོག་པའི་སྐྱོན་གྱིས་མ་གོས་ཕྱིར། །དགེ་ཚོགས་ཅི་མཆིམ་མཁའ་མཉམ་སེམས་ཅན་ཀུན། །གཞོན་ནུ་བུམ་སྐུའི་ཀློང་དུ་གྲོལ་ཕྱིར་བསྔོ། །བླ་མེད་ཨ་ཏིའི་བསྟན་པ་ཉི་འོག་ཁྱབ། །འཛིན་མཛད་འཕགས་ཚོགས་སྐུ་ཚེ་མཐར་ཕྱིན་ཞིང༌། །མཛད་ཕྲིན་མཐུ་སྟོབས་ནུས་པའི་གཟི་འོད་འབར། །གྲུབ་ཐོབ་བརྒྱུད་པས་རི་སུལ་ཡོངས་གང་ཞིང༌། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་ལམ་སྲོལ་ཚོགས། །འབྲེལ་ཚད་དོན་ལྡན་འཁོར་བ་དོང་སྤྲུགས་ཤོག །ལུག་ལོ་མཆུ་ཟླ་བའི་ཡར་ཚེས། །ཟླ་བ་སྒྲ་གཅན་ལས་ཐར་བའི། །རྟེན་འབྲེལ་དགེ་བའི་དུས་སུ་རེ་ཞིག་རྫོགས་བར་བྱས། །ཡི་གེ་འདུ་བྱེད་དམ་ལྡན་གྱི་སློབ་བུ་ཉེར་གནས་འོད་ཟེར་མཐའ་ཡས་དང༌། ཁྲོ་ཆེན་སྨྱུག་འཛིན་ཕུལ་བྱུང་སྐལ་བཟང་དོན་འགྲུབ་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།དགེའོ།།

༄༅། པདྨའི་རྒྱལ་ཚབ་འཇིགས་མེད་གླིང༌། །ཡེ་ཤེས་སྒྱུ་མའི་རོལ་གར་གཟུགས། །འཇའ་ལུས་རྡོ་རྗེའི་རྣམ་ཐར་སྤྲིན། མོས་ལྡན་མཁའ་ཉེར་དཀྲིགས་པ། ༡ །ཡེ་ཤེས་མཁའ་འགྲོའི་ཞལ་ལུང་བཅུད༑ །ཆོས་སྦྱིན་སྤར་གྱི་ཆར་རྒྱུན་སྒོ། །དད་འབྱོར་ཕུན་ཚོགས་ལ་དཀར་ནས། །ས་སྐྱོང་དབང་མོར་བསྐུལ་ལས་བྱུང༌། ༢ །གྲུབ་བརྙེས་དབང་ཕྱུག་མཆོག་གི་གཏམ། །གྲགས་སྙན་སྲིད་པའི་རྩེར་འགྲོ་བ། །ཕྱོགས་ཀྱི་བུ་མོའི་རྣ་ལུང་ཕུལ། །རིན་ཆེན་དང་པོས་བསྐྲུན་བ་བཞིན། ༣ །རྣམ་དཀར་ལེགས་བྱས་ཟླ་བའི་འོད། །འཇིག་རྟེན་མུན་པ་སེལ་བའི་གཉེན། །རྣམ་བྱང་རྒྱ་མཚོ་འཕེལ་བའི་བཙས། །རྟག་ཁྱབ་ལྷུན་གྱིས་གྲུབ་གྱུར་ཅིག ༤ །ཅེས་པའང་སྔགས་འཆང་རྡོ་རྗེ་འཛིན་པའི་ལུང་གི་ཅོད་པན་གཙུག་ཏུ་ཐོབ་པ་རྡོ་རྗེ་མཆོག་རབ་རྩལ་གྱིས་སྨྲས་པ་དགེ། །སླར་སྨྲ་པ། མཁས་གྲུབ་བྱེ་བའི་གཙུག་ན་མངོན་མཐོ་བ། །གདོད་མའི་མགོན་པོ་ཡེ་ཤེས་རྡོ་རྗེ་ཡི། །རྣམ་ཐར་ཌཱཀྐིའི་ཞལ་ལུང་དཔར་གྱི་འཕྲུལ། །གསར་བསྐྲུན་མཐོང་བ་དོན་ལྡན་རྨད་བྱུང་བ། །འདི་བཞེངས་རྣམ་དཀར་དགེ་བའི་དལ་འགྲོའི་རྒྱུན། །ངོ་མཚར་ཚོགས་གཉིས་རླབས་དང་རབ་འགྲོགས་ནས། །རྣམ་བྱང་རིན་ཆེན་འབྱུང་བའི་ཀློང་ཉིད་དུ། །ལེགས་འདྲེས་སྲིད་པའི་ཚ་གདུང་ཡོངས་ཞི་ཤོག །ཕན་བདེའི་འབྱུང་གནས་རྒྱལ་བསྟན་ལྗོན་བཟང་རྩེར། །ལུང་རྟོགས་དམ་པའི་ཡལ་འདབ་རྒྱས་དང་ལྷན། །བསླབ་གསུམ་རྣམ་དག་འབྲས་བཟང་གཡུར་ཟ་བས། །འགྲོ་ཚོགས་ངན་འགྲོས་ཕོངས་བ་ཡོངས་བྲལ་ཤོག །ཡངས་པའི་འགྲོ་རྣམས་གནས་སྐབས་མཐའ་དག་ཏུ། །མི་འདོད་ཉེས་ཚོགས་མིང་མེད་དྲུང་ཕྱུངས་ནས། མཐར་ཐུག་བླ་མེད་བྱང་ཆེན་གོ་འཕང་མཆོག །ཐོབ་སྟེ་སྲིད་མཚོ་དོང་ནས་སྤྲུགས་གྱུར་ཅིག །ཁྱད་པར་སྔ་འགྱུར་དྲི་མེད་ནོར་བུའི་ཏོག །ལོག་རྟོག་འདམ་གྱི་དྲི་མ་ཀུན་སྦྱངས་ནས། །སྐུལ་བཟང་སྐྱེ་དགུའི་གཙུག་ན་མངོན་མཐོ་ཞིང༌། དོན་གཉིས་འོད་སྟོང་སྲིད་ན་འབར་གྱུར་ཅིག །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །གང་གསུང་ཐེག་མཆོག་བདུད་རྩིའི་ཟེགས་མ་ལ། །ལོངས་སུ་སྤྱོད་ནས་མཐའ་ཡས་འགྲོ་བའི་ཚོགས། །ཕྱམ་གཅིག་སྒྲོལ་བའི་དེད་དཔོན་ཉིད་གྱུར་ཅིག །དེ་ལྟར་སྐྱེས་བུ་ཆེན་པོའི་རྣམ་ཐར་འདིའང༌། །སྔུ་སོར་ཧོར་ལྭ་དཀར་ཚང་ནས་བསོད་ནམས་ཀྱི་དཔལ་ལས་བསྒྲུབས་པའི་དཔར་ཤིང་བདོག་ནའང༌། བོད་རྒྱལ་བསྟན་བདེ་སྐྱིད་ཐ་དག་ཉམས་གུད་ཀྱི་སྐབས་འཐོར་ཞིག་ཏུ་སོང་བ་ལ། སླད་ནས། ༧སྐྱབས་རྗེ་གང་ཉིད་ཀྱི་གདུང་རིགས་འཛིན་པའི་རྗེ་བཙུན་མ་ཆེན་མོ་ཟླ་གསལ་དབང་མོ་ལགས་ཀྱིས་ཐུགས་བསྐྱེད་བླ་ལྷག་གནང་སྟེ་དཔར་གསར་བཞེངས་སྐབས། པར་བྱད་སྨོན་ཚིག་ཉུང་བསྡུས་ཤིག་བྲིས་ཞེས་བཀའ་བསྩལ་བར་བརྟེན། རྗེ་དེ་ཉིད་དང༌། ཁྱད་བར་ས་གསུམ་ནའགྲན་ཟླའི་གོ་སྐབས་ཀྱིས་དབེན་པ་༧ རིག་འཛིན་འཇིགས་མེད་གླིང་བ་ལ་སྙིང་ནས་མི་ཕྱེད་པར་དད་པའི་སྐལ་བ་ཅུང་ཟད་ཐོབ་པ་བན་གཟུགས་ཙམ་འཛིན་པ་མདོ་སྡེ་མགོན་པོས་བྲིས་པ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །