ཀུན་བཟང་བླ་མའི་རྣལ་འབྱོར།

From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-024
Wylie title kun bzang bla ma'i rnal 'byor DKR-KABUM-02-KHA-024.pdf
Location dil mgo mkhyen brtse bka' 'bum
Volume 2, Text 24, Pages 136 (Folios 1a1 to 1b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. kun bzang bla ma'i rnal 'byor. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 136. Delhi: Shechen Publications, 1994.
Genre Guru Yoga Texts - bla ma'i rnal 'byor
Colophon

།ཅེས་འདི་དད་བརྩོན་བློ་ལྡན་པའི། ལུང་རྟོགས་ཡོན་ཏན་ཐུགས་བརྩེའི་གཏེར། །ཀརྨ་ཕྲིན་ལས་ཀྱིས་བསྐུལ་བས། །ཐེག་མཆོག་རྡོ་རྗེ་སྙིང་པོའི་ཡི། །སྨིན་གྲོལ་བདུད་རྩིའི་སྐལ་བཟང་ཅན། །འོད་གསལ་སྣ་ཚོགས་རང་གྲོལ་གྱིས། །ཀརྨ་རྫོང་གི་རྒྱལ་ས་ནས། །བྲིས་དེས་ཆོས་ཉིད་དོན་རྟོགས་ཏེ། །ཡེ་ཤེས་ཀློང་དུ་གྲོལ་བར་ཤོག །དགེའོ།།

/ces 'di dad brtson blo ldan pa'i/__lung rtogs yon tan thugs brtse'i gter/__/karma phrin las kyis bskul bas/__/theg mchog rdo rje snying po'i yi/__/smin grol bdud rtsi'i skal bzang can/__/'od gsal sna tshogs rang grol gyis/__/karma rdzong gi rgyal sa nas/__/bris des chos nyid don rtogs te/__/ye shes klong du grol bar shog__/dge'o//

[edit]
༄༅། །ཀུན་བཟང་བླ་མའི་རྣལ་འབྱོར་བཞུགས། ཨ། རང་རིག་འོད་གསལ་ཆོས་ཀྱི་དབྱིངས། །འདུ་འབྲལ་མེད་པར་སྐྱབས་སུ་འཆི། །རང་ངོ་མ་ཤེས་འཁྲུལ་བའི་འགྲོ། །དབྱིངས་སུ་སྒྲོལ་བར་སེམས་བསྐྱེད་དོ། ཨ། སྣང་སྲིད་འཇའ་ཟེར་ཐིག་ལེའི་སྤྲིན། །ཡེ་ཤེས་སྣང་བ་འབྱམས་ཀླས་དབུས། །འོད་གསལ་སྙིང་པོ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་དགའ་ཉིད། །མཐིང་ག་ཁྱབ་པ་ཆེན་པོའི་མདངས། །གློ་བུར་སྒྲིབ་བྲལ་གཅེར་བུའི་སྐུ། །དགོངས་པ་མི་གཡོ་མཉམ་བཞག་ཅན། །རྡོ་རྗེའི་སྐྱིལ་ཀྲུང་རྫོགས་སངས་རྒྱས། །དབྱིངས་ཡུམ་བཟང་མོ་འདུ་འབྲལ་མེད། །ཀུན་ལ་ཁྱབ་ཅིང་ཀུན་ཏུ་སྣང༌། །ཀུན་ལས་འདས་ཤིང་ཀུན་བདག་ཉིད། །བློ་དང་བྲལ་བའི་ཡེ་ཤེས་ཀྱིས། །ཐུགས་རྗེ་ཀུན་ཁྱབ་ཀརྨ་ཀཿ །རང་བྱུང་རིག་པའི་རྡོ་རྗེ་དང༌། །མཁྱེན་རབ་སྤྲུལ་པ་མཉྫུ་ཤྲཱི། །ངོ་བོ་རྣམ་ཐར་བསམ་མི་ཁྱབ། །ཉོན་མོང་བདུད་དགྲ་བདུད་འདུལ་བའི། །པདྨའི་རྒྱལ་ཚབ་མདོ་སྔགས་གླིང༌། །རྣམ་པ་མ་འགག་འཁོར་འདས་ཁྱབ། །ངོ་བོ་ཐིག་ལེ་གཅིག་ཏུ་འཁྱིལ། །ངོས་བཟུང་མེད་པ་སྲིད་ཞི་བརྡལ། །རང་སྣང་སྤྲོས་བྲལ་ཤེས་པའི་གདུང༌། །ཟག་མེད་བདེ་བའི་མཆོད་པ་འབུལ། །ཡིད་དཔྱོད་མཚན་རྟོག་བྲལ་བ་བཤགས། །ཐམས་ཅད་རང་རྫོགས་རྗེས་ཡི་རང༌། །ཟབ་རྒྱས་ཆོས་འཁོར་རྟག་ཏུ་བསྐོར། །འཕེལ་འགྲིབ་མེད་པའི་དབྱིངས་བཞུགས་ནས། །སྐུ་བཞི་མངོན་གྱུར་བྱིན་གྱིས་རློབས། །བླ་མ་སངས་རྒྱས་རིན་པོ་ཆེ། །རང་གཤིས་འཁྲུལ་མེད་ཀློང་དུ་བཞུགས། །དགྱེས་པ་ཆེན་པོས་བྱིན་རླབས་སྩོལ། །གཉིས་སུ་མེད་པར་བྱིན་གྱིས་རློབས། ཨ་ ཞེས་ཐུགས་ཡིད་བསྲེས་ལ་བཟླ། །སྣ་ཚོགས་འགག་མེད་སྐུ་རྡོ་རྗེ། །རྡུལ་དང་དངོས་མཚན་ཆོས་ལས་འདས། །གྲགས་སྟོང་སྐྱེ་མེད་སྒྲ་དབྱངས་ནི། །བརྗོད་བྲལ་གསུང་གི་རྡོ་རྗེ་ཉིད། །ཡེ་ཤེས་སྣང་བ་ལམ་མེ་བ། །ཡེངས་འཁྲུལ་བྲལ་བའི་ཐུགས་ཞེས་སུ། །གྲགས་ཀྱང་དུ་མ་རོ་གཅིག་ཀློང༌། །དགོངས་པ་ཟང་ཐལ་ངང་དུ་བརྡལ། །རང་ལ་གནས་པའི་དོན་མངོན་གྱུར། །གཞི་འབྲས་དབྱེར་མེད་སངས་རྒྱས་ནས། །མཉམ་ཉིད་བདེ་བ་ཆེན་པོ་ཡིན། །ཀུན་ཏུ་ཤེས་པའི་ཁྱབ་བརྡལ་ཤོག །ཅེས་འདི་དད་བརྩོན་བློ་ལྡན་པའི། ལུང་རྟོགས་ཡོན་ཏན་ཐུགས་བརྩེའི་གཏེར། །ཀརྨ་ཕྲིན་ལས་ཀྱིས་བསྐུལ་བས། །ཐེག་མཆོག་རྡོ་རྗེ་སྙིང་པོའི་ཡི། །སྨིན་གྲོལ་བདུད་རྩིའི་སྐལ་བཟང་ཅན། །འོད་གསལ་སྣ་ཚོགས་རང་གྲོལ་གྱིས། །ཀརྨ་རྫོང་གི་རྒྱལ་ས་ནས། །བྲིས་དེས་ཆོས་ཉིད་དོན་རྟོགས་ཏེ། །ཡེ་ཤེས་ཀློང་དུ་གྲོལ་བར་ཤོག །དགེའོ།། །།

Footnotes

Other Information