བླ་སྒྲུབ་ཀྱི་དབང་བསྐུར་ཡེ་ཤེས་མངོན་སྣང་།

From Khyentse Lineage - A Tsadra Foundation Project
Revision as of 10:46, 5 July 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title bla sgrub kyi dbang bskur ye shes mngon snang SPCD-KABUM-02-KHA-032.pdf
Location 'phags mchog bka' 'bum
Volume 2, Text 32, Pages 577-595 (Folios 1a1 to 10a5)
Author འཕགས་མཆོག་རྡོ་རྗེ་
Less details More details
Citation 'phags mchog rdo rje. Bla sgrub kyi dbang bskur ye shes mngon snang. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. 2: 577-595. Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre Empowerment Ritual - dbang chog - dbang skur
Colophon

ཞེས་པའང་སྲས་མིང་པ་ཀུན་བཟང་འཕགས་མཆོག་རྡོ་རྗེར་འབོད་པ་དེ་ལགས་སོ།།

zhes pa'ang sras ming pa kun bzang 'phags mchog rdo rjer 'bod pa de lags so//

[edit]

༄༅། །བླ་སྒྲུབ་ཀྱི་དབང་བསྐུར་ཡེ་ཤེས་མངོན་སྣང་ཞེས་བྱ་བ་བཞུགས་སོ།།

༄༅། །སྲིད་ཞིའི་གདུང་བ་སེལ་བའི་ཧེ་རུ་ཀ །དད་པའི་འདབ་བརྒྱ་གྲོལ་བས་གུས་ཕྱག་འཚལ། །རྒྱུད་སྡེ་གསར་རྙིང་ཀུན་གྱི་སྙིང་པོའི་བཅུད། །ལམ་ཟབ་བླ་མའི་སྒྲུབ་པ་དཔལ་དུ་ཤར། །གྲོལ་བྱེད་ཁྲིད་ཀྱི་གདམས་པའི་གཞི་འགོད་ཕྱིར། །སྨིན་བྱེད་དབང་གི་རྣམ་པ་ཅུང་ཟད་བཀྲོལ། །དེ་ཡང་སྤྲོས་མེད་བླ་མའི་ལུགས་ཀྱི་དབང་བསྐུར་བགྱི་བ་ལ། དཀྱིལ་འཁོར་ཟླུམ་པོར་འོད་ལྔའི་མུ་ཁྱུད་ཅན་གྱི་དབུས་ཆུ་སྐྱེས་ཉི་ཟླ་མཛེས་ཁྲིའི་སྟེང་ན། དཔལ་ཧེ་རུ་ཀའི་གསང་བ་གསུམ་གྱི་མཚོན་བྱེད་མན་ཤེལ་ལེབ་བཞི་ཟུར་དྲུག་པ། ཤིན་ཏུ་དྭངས་གསལ་གྱི་རང་མདངས་ཡོད་པ་དྲི་མ་མེད་པ་ཞིག་འགོད་ཅིང་། ཆོ་ག་གཞུང་སྤྱི་འགྲོས་ལྟར་ལྷག་མའི་འགོ་བར་བཏང་ནས་སྐལ་ལྡན་གྱི་གང་ཟག་ཁ་ཤས་ཁྲུས་ཀྱིས་དབྱུང་སྟེ། བགེགས་ལ་བཀའ་བསྒོ་བ་ནི། ཧཱུྃ། རང་ཉིད་ཡེ་ནས་ཁྲོ་རྒྱལ་ཆེ། །གཉིས་འཛིན་ཞེན་རྟོག་འབྱུང་པོ་རྣམས། །རིག་པ་ཡེ་ཤེས་བཀའ་བྱུང་བས། །མཉམ་ཉིད་མཐའ་བྲལ་ཀློང་དུ་དེངས། །དྲག་སྔགས་བརྗོད་ཅིང་ཐུན་གྱིས་བྲབ། དེ་ནས་སྲུང་འཁོར་བསྒོམ་པ་ནི། ཧཱུྃ། ཆོས་དབྱིངས་རྡོ་རྗེའི་གུར་ཁང་དུ། །བགེགས་ཞེས་བྱ་བའི་མིང་ཡང་མེད། །ཡོངས་གྲུབ་ཆོས་དབྱིངས་ཆེན་པོ་རུ། །འཁོར་འདས་མཉམ་པར་མཚམས་བཅད་དོ། །བཛྲ་ཛྙཱ་ན་ཛྭ་ལ་རཀྵ་རཀྵ་ཧཱུྃ། སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་ཟིན་པས་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་མཎྜལ་ཞིག་ཐུགས་ལ་བཏགས་པར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །དེ་ནས་སྒྲུབ་པ་ཐམས་ཅད་ཀྱི་ཟབ་པའི་ཡང་ཟབ་ཉིང་ཁུ་ལྟ་བུ་སྐུ་བཞིའི་བདག་ཉིད་དཔལ་མགོན་རྩ་བའི་བླ་མ་ཧེ་རུ་ཀའི་དབང་བཞི་བསྐུར་བ་ལ། ཁྱེད་རང་རྣམས་ཀྱིས་ཐོག་མར་ཀུན་སློང་འདི་ལྟ་བུ་འཆོས་དགོས་ཏེ། ནམ་མཁའི་མཐས་གཏུགས་པའི་སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་བདེ་སྡུག་ལ་རག་མི་ལས་པ་དང་། རང་གི་ཕ་མ་མ་བྱས་པ་གཅིག་ཀྱང་མེད་དེ། མགོན་པོ་ཀླུ་སྒྲུབ་ཀྱིས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་བྱས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་པ་ལྟར་དྲིན་ཆེ་བའི་ལས་ཀྱང་སྔ་ཕྱི་དང་ཆ་ཡོད་མེད་ཙམ་མ་གཏོགས་ད་ལྟའི་ཕ་མ་རྣམས་དང་ཁྱད་པར་མེད་པ་ཤ་སྟག་ཡིན་པས། དྲིན་ཆེན་དེ་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཡོངས་སུ་བསྒྲལ་བའི་ཕྱིར་དུ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་ཞུ་སྙམ་སྟེ་བྱང་ཆུབ་མཆོག་ཏུ་སེམས་ལེགས་པར་བསྐྱེད་ནས་གསན་འཚལ། དེ་ཡང་རང་རེ་རྣམས་གླིང་བཞིའི་འཇིག་རྟེན་རྣམས་ལས་བཟང་ཤོས་ཆོས་སྒྲུབ་པའི་རྟེན་མི་ལུས་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་ཉིད་ཐོབ་སྟེ། གང་ཟག་མི་ཡི་ལུས་ལ་དགོངས་པ་སངས་རྒྱས་སུ་མངའ་བ་རང་གི་མོས་སྐལ་དང་འཚམས་པ། ཚེ་རབས་ཀྱི་བླ་མ་མཚན་ཉིད་དང་ལྡན་པས་རྗེས་སུ་བཟུང་ནས། བཀའ་མདོ་རྒྱུད་བསྟན་བཅོས་ཀུན་གྱི་སྙིང་པོའི་སྙིང་པོར་གྱུར་པ་ཚེ་ལུས་གཅིག་གིས་སངས་རྒྱས་པའི་གདམས་ཟབ་འཕྲད་གྲོལ་ཐོས་གྲོལ་ཆེན་མོ་འདི་ལྟ་བུ་ཉམས་སུ་ལེན་རྒྱུ་ཡོད་པ་ནི། སྔོན་བསྐལ་པ་མང་པོར་ཚོགས་གཉིས་བསགས་པའི་འབྲས་བུ་མངོན་དུ་གྱུར་པ་ཡིན་པས་ད་ལན་ལྷག་པར་སྙིང་པོ་དམ་པའི་ཆོས་དང་ཉམས་ལེན་ལ་འབད་དགོས་པ་ཡིན་མ་གཏོགས། དེང་སང་ཆོས་པ་ཕལ་ཆེར་ཚེ་འདིའི་ལས་ལ་རྣམ་པར་གཡེང་ནས་དལ་རྟེན་ཕུན་ཚོགས་ཆུད་ཟོས་བཏང་མཁན་ལས་མ་མཆིས་ཏེ། མདོ་ཏིང་འཛིན་རྒྱལ་པོ་ལས། སངས་རྒྱས་བསྟན་པ་འདི་ལ་རབ་བྱུང་ནས། །སྡིག་པ་མི་དགེའི་ལས་ནི་འབའ་ཞིག་སྤྱད། །ནོར་དང་འབྲུ་ཡི་སྙིང་པོ་འདུ་ཤེས་ཤིང་། །བཞོན་པ་བ་གླང་ཤིང་རྟ་རྣམས་ལ་ཆགས། །གང་ལ་བསླབ་པའི་ནན་ཏན་མེད་པ་དག །དེ་དག་གིས་ཀྱང་ཅི་ཕྱིར་མགོ་སྤུ་བྲེག །ཅེས་གསུངས་པ་ལྟར། ཚེ་འདིའི་ལྟོ་གོས་དོན་གཉེར་འཇིག་རྟེན་ཆོས་བརྒྱད་དགྲ་འདུལ་གཉེན་སྐྱོང་དང་། ལུང་མ་བསྟན་སོགས་ལ་མགོ་འཁོར་ཏེ་བསྡད་ན་རང་གིས་རང་ལ་ངེས་པར་བསླུས་བཞག་པ་ཡིན་ཏེ། སྤྱིར་འདུས་བྱས་ཀྱི་ཆོས་ཀུན་མི་རྟག་མི་བརྟན་པའི་རང་བཞིན་དང་། བྱེ་བྲག་ཏུ་རང་རེ་འཛམ་བུ་གླིང་པའི་ཚེ་ཡི་སྙིགས་མ་ལྔ་བཅུའི་ཁ་རལ་ཆེས་ཆེར་ཐུག་ཅིང་། ནད་གདོན་རྐྱེན་ངན་སྣ་ཚོགས་པས་མནར་བའི་སྐབས་འདིར་འཕྲལ་དུ་མི་འཆི་བའི་ངེས་པ་འགའ་སུ་ལའང་མ་མཆིས་ཤིང་། སྤྱོད་འཇུག་ལས། ཡིད་བརྟན་མི་རུང་འཆི་བདག་ནི། །བྱས་དང་མ་བྱས་མི་འདུག་པས། །ན་དང་མི་ན་ཀུན་གྱིས་ཀྱང་། །གློ་བུར་ཚེ་ལ་ཡིད་མི་བརྟན། །ཞེས་གསུངས་པ་ལྟར་དང་། ཤི་ནས་ཀྱང་མེ་ཤི་བའམ་ཆུ་སྐམ་པ་ལྟར་མེད་དུ་མི་འགྲོ་བར་སྔར་བྱས་ཀྱི་ལས་ངན་ཆེ་ཕྲ་ཅིར་སྤྱད་ཀྱང་། དེ་ཡི་རྣམ་སྨིན་གྱི་འབྲས་བུ་ནམ་ཡང་ཆུད་མི་ཟ་བར་མྱོང་དགོས་ཏེ། མདོ་ལས། མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཡང་སྲིད། །ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །ལས་ཀྱི་རྣམ་སྨིན་བསླུ་མི་སྲིད། །ཅེས་པ་ལྟར་ལས་དཀར་པོ་དགེ་བ་བསྒྲུབ་རྒྱུ་མ་བྱུང་ན་ནག་པོ་མི་དགེ་བའི་ལས་ཤུགས་ཆེན་དངོས་བརྒྱུད་བར་གསུམ་ནས་བསགས་ན། དེའི་རྣམ་སྨིན་གྱི་འབྲས་བུ་ངན་སོང་གི་གནས་རིས་ལྟ་བུར་སྐྱེས་ཚར་ནས་བཟུང་སྤང་བླང་གི་གནད་ལ་རྨོངས་ཤིང་འོག་ནས་འོག་ཏུ་སྡུག་བསྔལ་བཟོད་པར་དཀའ་བ་བར་མེད་ཡུན་རིང་མྱོང་དགོས་ན་དེ་འདྲ་བཟོད་དམ་མི་བཟོད་དུས་ད་ལྟ་རང་དབང་ཡོད་པའི་སྐབས་འདིར་བསམ་བློ་ཞིབ་ཏུ་བསྐོར་ཏེ། རང་གིས་རང་ལས་གཅེས་ཆེ་བ་ནི་མི་འདུག་བཞིན་དུ་བླ་མས་ཇི་ལྟར་བསྒོ་བ་རྣམས་དད་བརྩོན་དྲག་པོས་མྱུར་བར་ཉམས་སུ་བླང་དགོས་ཏེ། བཤེས་སྤྲིངས་ལས། དེ་ལྟར་ཤིན་ཏུ་སྡུག་བསྔལ་མི་ཟད་པ། །བྱེ་བ་ཕྲག་བརྒྱ་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་མི་དགེ་དེ་ཟད་མ་གྱུར་བར། །དེ་སྲིད་སྲོག་དང་བྲལ་བར་མི་འགྱུར་རོ། །ཞེས་དང་། སློབ་དཔོན་རིན་པོ་ཆེས། རྙེད་པ་དོན་ཆེན་ཡིད་བཞིན་ནོར་བུ་འདྲ༔ དལ་འབྱོར་རྙེད་པ་ཉིན་མོའི་སྐར་མ་ལ༔ ད་རེས་ལན་གཅིག་སྟོང་ཟད་བྱེད་ན་ཕངས༔ ཕྱིས་ནས་གར་སྐྱེ་རང་དབང་ཅི་ཆ་ཡོད༔ དེ་བས་སྙིང་པོ་དུས་འདིར་བླངས་ན་ལེགས༔ ཞེས་གསུངས་པ་ལྟར་ཆོས་ཡང་དག་ཞིག་སྙིང་ནས་བསྒྲུབ་སྟེ་འཆི་ཁར་བཙན་ས་ཟིན་ངེས་ཞིག་ཅི་ནས་གལ་ཆེ་བ་ཡིན་ཞིང་། དེ་ཡང་བསྒྲུབ་བྱ་ནི་གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ལ་སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་ལུང་གི་རིམ་པ་དང་ས་བཅད་སྤྱི་ཆིངས་གསུམ་དུ་གྲགས་པའི་ནང་ཚན་ལས། ད་རེས་སྨིན་བྱེད་དབང་གི་རིམ་པ་སྟེ། དེ་ཡང་རྒྱུད་སྡེ་གསར་རྙིང་གྲུབ་མཐའ་མཐའ་དག་ཀུན་གྱིས་ཀྱང་། རང་བྱུང་གི་རིག་པ་ནི་བླ་མའི་ཐུགས་རྗེ་དང་བྱིན་རླབས་བཀའ་དྲིན་ཁོ་ནས་རྟོགས་དགོས་ཏེ། ཇི་སྐད་དུ། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་གསུངས་པ་ལྟར་བླ་མ་ལ་མ་བསྟེན་པར་སངས་རྒྱས་འགྲུབ་པའི་ལོ་རྒྱུས་གང་ནས་མ་གསུངས་བཞིན་ད་ལན་གྱི་སྐབས་སུ་བབ་པ་འདིའང་། ཆོས་ལོངས་སྤྲུལ་གསུམ་དབྱེར་མི་ཕྱེད་པའི་ངོ་བོ་ཉིད་ཀྱི་དབང་ལ་རྣམ་པ་རིགས་ཀུན་འདུས་པའི་བདག་ཉིད་ཁྱབ་བདག་དཔལ་མགོན་རྩ་བའི་བླ་མ་རྡོ་རྗེ་འཆང་དངོས་ཉིད་ཀྱི་སྔ་རབས་སྐུ་ཡི་སྐྱེ་བ་བཞེས་ཚུལ་དང་། གསང་བ་གསུམ་གྱི་རྣམ་པར་ཐར་པ་གཏིང་ཟབ་པ་ཞིག་བཞུགས་བཞིན་དུ། སྐབས་འདིར་མདོར་བསྡུས་ཙམ་གྱིས་མཚོན་ཁུལ་བྱེད་ན། དམ་པ་དེ་ཉིད་ཡེ་གདོད་མ་ནས་ཆོས་སྐུ་འོད་གསལ་འདུས་མ་བྱས་པའི་དབྱིངས་སུ་མངོན་པར་བྱང་ཆུབ་ནའང་། སྡུག་བསྔལ་བརྒྱ་ཕྲག་གིས་མནར་བའི་འགྲོ་བ་རྣམས་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་བསམ་བཞིན་དུ་སྐུ་ཡི་སྐྱེ་བ་ངོ་མཚར་དུ་མ་དང་ལྡན་པར་འཁྲུངས་ཏེ་ཆུང་ངུའི་དུས་ནས་འཇིག་རྟེན་འདིར་སྣང་གི་སྲིད་པའི་དྲྭ་བ་ཡོངས་སུ་ཟླུམ་ནས་དཀའ་སྤྱད་དང་སྙིང་རུས་དུ་མས་དབེན་པའི་རི་སུལ་བསྙེགས་ནས་སྔོན་གོམས་རིག་པའི་རྩལ་ཆེན་ཆེར་རྡོལ་ཞིང་སྐུ་ཚེ་ཧྲིལ་པོར་སྒྲུབ་པའི་རྒྱལ་མཚན་ཁོ་ནར་འཛུག་ཅིང་། གངས་ལྗོངས་ཐུགས་རྗེའི་མངའ་བདག་གུ་རུ་མཚོ་སྐྱེས་རྡོ་རྗེ་འཆང་དང་། མཁས་གྲུབ་ཡོངས་ཀྱི་གཙུག་ནོར་རྒྱལ་བ་ཀློང་ཆེན་རབ་འབྱམས་ལ་སོགས་པའི་ཡེ་ཤེས་སྐུ་ཡིས་རྗེས་སུ་མངོན་སུམ་བཟུང་སྟེ་ཟབ་ཆོས་གདམས་པའི་གནད་རྣམས་བཀྲོལ་ཞིང་། དགོངས་བརྒྱུད་བྱིན་རླབས་ཀྱི་ཚན་ཁ་ཡང་ཡང་འཕོས་པ་ཉེ་བར་མཚུངས་པ། རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་རྡོ་རྗེ་འཆང་དངོས་དང་། ཨ་འཛོམ་འབྲུག་པ་རིན་པོ་ཆེ། ཁམས་སྤྲུལ་བསྟན་པའི་ཉི་མ་ལ་སོགས་དམ་པ་དུ་མའི་ཞལ་སྔ་ནས། གདུལ་བྱ་གང་འདུལ་བློ་དང་འཚམས་པའི་སྨིན་གྲོལ་གྱི་གདམས་ཟབ་ཆུ་བོའི་རྒྱུན་ལྟ་བུར་ཟམ་མ་ཆད་པར་གསན་བཞེས་ལེགས་པར་མཛད་ཅིང་། དེ་རྣམས་ནས་ཀྱང་བསྔགས་པའི་མེ་ཏོག་རབ་ཏུ་འཐོར་བ་དང་ཆབས་ཅིག་བསྟན་དང་འགྲོ་བའི་དོན་རླབས་པོ་ཆེ་སྐྱོང་དགོས་ཚུལ་སོགས་བཀའ་ཡིས་གདམས་པ་ཡང་ཡང་གནང་བ་སྤྱི་བོར་བླངས་ནས་བཟུང་། འཁོར་ལོ་གསུམ་གྱི་མཛད་ཕྲིན་ཆེས་ཆེར་རྒྱས་ཏེ་འབད་མེད་ལྷུན་གྱིས་གྲུབ་པ་དང་། ཁྱད་པར་དུའང་འོད་གསལ་ཕྱག་རྫོགས་སྙིང་པོའི་བསྟན་པ་རིན་པོ་ཆེ་དགུང་ལ་རེག་པར་མཛད་པས་རིས་མེད་ཀྱི་གདུལ་བྱ་ཁྲི་ཕྲག་ཐལ་བ། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མཆོག་ལ་མངོན་པར་བཀོད་པ་སོགས་དོན་གཉིས་ཕུན་སུམ་ཚོགས་པའི་མངའ་དབང་མཚུངས་པ་མེད་པ་མཆོག་ཏུ་བརྙེས་པ་འཇའ་ལུས་རྡོ་རྗེ་རྩལ་ལམ། མཚན་ཡོངས་སུ་གྲགས་པ་ཤཱཀྱ་ཤྲཱི་ཛྙཱ་ན་དེ་ཉིད་ཀྱི་གསང་བ་གསུམ་གྱི་རྣམ་པར་ཐར་པའི་བྱིན་རླབས་ཡེ་ཤེས་ཀྱི་ངོ་བོ་ཚན་ཁ་སློབ་མའི་རྒྱུད་ལ་དྲང་བར་བྱེད་པ་ལ། སྦྱངས་པའི་ཡོན་ཏན་གྲུབ་པའི་ཉམས་མྱོང་ཟབ་མོའི་དགོངས་གཏེར་སོགས་ཡིན་པ་ལྟ་ཅི། ཤིན་ཏུ་མ་སྦྱངས་པའི་བླུན་པོ་བདག་ལྟ་བུའི་བླ་མའི་བྱིན་རླབས་དང་ཆོས་ཀྱི་འབྲེལ་བ་ཡོང་བ་སོགས་ལྟ་ཞོག་ཀྱང་། ཡུལ་དམ་པ་རྣམས་ལ་མོས་གུས་ཚད་མེད་སྐྱེས་པའི་རིགས་བརྒྱུད་བཟང་པོ་མ་ཉམས་པ་སྐྱེས་པའི་ཉེར་ལེན་ཅུང་ཞིག་ཡིན་པའང་སྲིད་སྙམ་ནས་དབང་ཆོག་འདིའང་ཡི་གེར་འདུ་བྱེད་པ་སོགས་དད་འདུན་དང་མོས་གུས་རྣམ་པར་དག་པ་ལ་གཙོར་བཏོན་པས་ན་ཉེས་འགལ་ཆེ་རིགས་ཀྱང་མེད་སྙམ་སྟེ། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་དག་ཐམས་ཅད་འགྲུབ་པར་འགྱུར། །ཞེས་གསུངས་པ་ལྟར་དེས་ན་བྱིན་རླབས་ཀྱི་ཚན་ཁ་ཅུང་ཟད་ཡོད་པའང་སེམས་སོ། །ད་ནི་ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་སྐྱབས་ཡུལ་དཀོན་མཆོག་རྩ་གསུམ་རྒྱ་མཚོ་མངོན་སུམ་བཞུགས་པའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་འདུན་པ་དྲག་པོ་དང་བཅས་ཏེ་ཚིག་འདི་དག་གི་རྗེས་ཟློས་ལན་གསུམ་རེ་མཛོད། ཨཱཿ ཀ་དག་གདོད་མའི་བླ་མ་ལ། །འདུ་འབྲལ་མེད་པར་སྐྱབས་སུ་མཆི། །མ་རྟོགས་འཁོར་བར་འཁྱམས་པ་རྣམས། །རང་གྲོལ་ཆེན་པོར་སེམས་བསྐྱེད་དོ། །དེ་ནས་ཡན་ལག་བདུན་པ་འདི་ཡི་ཚིག་དོན་རྣམས་ཟུང་དུ་འཇུག་པའི་སྒོ་ནས་རྗེས་ཟློས་ལན་གསུམ་མཛད་པར་ཞུ། སྐུ་བཞིའི་བདག་ཉིད་ཧེ་རུ་ཀར། །གཉིས་འཛིན་བྲལ་བས་ཕྱག་བགྱི་ཞིང་། །སྲིད་ཞི་མཉམ་ཉིད་མཆོད་སྤྲིན་འབུལ། །ཆོས་ཅན་རིག་པའི་ཀློང་དུ་བཤགས། །ཆོས་ཉིད་ཟད་ལ་རྗེས་ཡི་རངས། །བསམ་བརྗོད་བྲལ་བའི་ཆོས་འཁོར་བསྐོར། །དག་མཉམ་ཆེན་པོར་བཞུགས་སུ་གསོལ། །དགེ་ཚོགས་ཆོས་དབྱིངས་ཆེན་པོར་བསྔོ། །དེ་ནས་དབང་གི་གཞི་འགོད་པའི་སླད་དུ་ཡེ་ཤེས་པ་དབབ་པ་ལ་ཁྱེད་རང་རྣམས་ནས་དམིགས་འདུན་འདི་ལྟར་མཛོད་ཅིག །སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་རང་ཉིད་རང་རིག་གཉུག་མའི་ལྷ་དང་དབྱེར་མེད་པའི་རྡོ་རྗེ་རྣལ་འབྱོར་མ་ཞབས་འདོར་སྟབས་ཀྱིས་བཞེངས་ཤིང་ཕྱག་གཡས་པས་ཅང་ཏེའུ་མཁའ་ལ་འཁྲོལ་བ། གཡོན་པས་པདྨ་བྷཉྫའི་སྣོད་ཐུགས་ཀར་འཛིན་པ། དབུ་ལ་མེ་ཏོག་པུཎྜ་རི་ཀའི་ཕྲེང་བ་དང་། རིན་པོ་ཆེ་དང་། རུས་རྒྱན་སྣ་ཚོགས་པས་བརྒྱན་པ། དར་དམར་པོའི་སྨད་ཤམས་དང་། སྔོ་ལྗང་གི་དར་དཔྱངས་འཕྱང་བ། མཛེས་ཤིང་ལྟ་ན་སྡུག་པ་སྤྱན་གཉིས་ཧྲིག་གེར་གཟིགས་པ་སྐུ་སྣང་སྟོང་ཆུ་ཟླའི་གཟུགས་བརྙན་ལྟ་བུ་གསལ་ལེགས་པར་བཏབ་པའི་གནས་གསུམ་རྡོ་རྗེ་གསུམ་གྱིས་མཚན་པར་བསྒོམ། དེ་ནས་སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟར་དཔག་ཏུ་མེད་པར་འཕྲོས་པས། ལྷོ་ནུབ་ཟངས་མདོག་དཔལ་རི་ནས། རྒྱལ་ཀུན་འདུས་གཟུགས་པདྨ་འབྱུང་གནས་ཀྱི་གཙོས། བརྒྱུད་གསུམ་རིག་འཛིན་རྩལ་འཆང་གི་ཚོགས་དང་། བྱེ་བྲག་ཏུ་གདོད་མའི་མགོན་པོ་དང་གཉིས་སུ་མ་མཆིས་པར་བདག་ཅག་གི་རྩ་བའི་བླ་མ་དཔལ་ཧེ་རུ་ཀའི་ཆས་ཀྱིས་ཡོངས་སུ་སྤྲས་པ་སྐུ་གཟི་བྱིན་འབར་བ། གསུང་རྡོ་རྗེའི་སྒྲ་དབྱངས། ཐུགས་མཁའ་ལྟར་བརྡལ་བའི་ཡེ་ཤེས་ཀྱི་དབྱིངས་ནས་བྱམས་པ་དང་བརྩེ་བའི་སྤྱན་གྱིས་ལྷང་ངེར་གཟིགས་པ། བྱིན་ཐིབས་སེ་དགྱེས་ཡེ་རེར་བཞུགས་ཤིང་མཁའ་འགྲོ་རྒྱ་མཚོའི་འཁོར་ཚོགས་དང་ཡི་དམ་ཆོས་སྐྱོང་སྲུང་མ་སྤྲིན་ལྟར་འཐིབ་པ་བཅས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྡོ་རྗེའི་ཡེ་ཤེས་དང་བྱིན་ཆེན་འབེབས་བྱུང་སྙམ་པར་མཛོད་ལ། མོས་གུས་དྲག་ཏུ་སྐྱེད་ཅིག །ཐོད་རྔའི་སྒྲ་དང་བཅས། ཧྲཱིཿ གཞི་དབྱིངས་ཆོས་སྐུའི་ཕོ་བྲང་ནས། །ཐོག་མའི་མགོན་པོ་གཤེགས་སུ་གསོལ། །གཞི་སྣང་ལོངས་སྐུའི་ཕོ་བྲང་ནས། །རིགས་ལྔའི་ལྷ་ཚོགས་གཤེགས་སུ་གསོལ། །ཐུགས་རྗེ་སྤྲུལ་སྐུའི་ཞིང་ཁམས་ནས། །རྣལ་འབྱོར་དབང་ཕྱུག་གཤེགས་སུ་གསོལ། །ལྷོ་ནུབ་ཟངས་མདོག་དཔལ་རི་ནས། །རྒྱལ་བ་ཀུན་གྱི་ཕྲིན་ལས་མཛོད། །སྐུ་བཞིའི་དབང་ཕྱུག་ཧེ་རུ་ཀ །རིག་འཛིན་རྩལ་འཆང་ཚོགས་དང་བཅས། །འཇའ་ལུས་རྡོ་རྗེ་གཤེགས་སུ་གསོལ། །བདག་ཅག་སྒྲུབ་པའི་བུ་རྣམས་ལ། །རྡོ་རྗེ་གསུམ་གྱི་བྱིན་ཆེན་ཕོབས། །དབང་བཞི་བསྐུར་ཞིང་སྒྲིབ་བཞི་སྦྱོངས། །སྣང་བཞི་ཉམས་རྟོགས་མཐར་ཕྱིན་ནས། །སྐུ་བཞི་ཐོབ་པར་བྱིན་གྱིས་རློབས། །ཨོཾ་གུ་རུ་ཤྲཱི་ཧེ་རུ་ཀ་ཛྙཱ་ན་སིདྡྷི་ཨཱ་བེ་ཤ་ཡ་ཨ་ཨཱཿ དེ་ལྟར་སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་ཀྱང་བྱང་ཆུབ་མ་ཐོབ་བར་དུ་བརྟན་པར་མོས་ཤིག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་ལ་མེ་ཏོག་འཐོར། དེ་ནས་དངོས་གཞིའི་དབང་བསྐུར་བ་ནི། མན་ཤེལ་སྤྱི་བོར་རེག་ལ། ཧྲཱིཿ གདོད་ནས་རྣམ་པར་དག་པའི་ངང་། །རྡོ་རྗེ་སེམས་དཔའི་མན་ཤེལ་ནི། །ཟུར་དྲུག་ལེབ་བཞི་ཟང་ཐལ་གསལ། །རང་གདངས་མ་འགགས་ལྷུན་གྱིས་གྲུབ། །སྣང་བ་རིག་སྟོང་ཟུང་འཇུག་སྐུའི། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ཕུང་པོ་འཇའ་ལུས་འགྲུབ་པར་ཤོག །ཨོཾ་མ་ཧཱ་གུ་རུ་ཤཱཀྱ་ཤྲཱི་ཛྙཱ་ནཱ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཡང་ཤེལ་རྡོ་མགྲིན་པར་རེག་ལ། རྒྱལ་བ་ཀུན་གྱི་གསུང་གི་དབང་། །གྲགས་སྟོང་འགག་མེད་རྡོ་རྗེའི་དབྱངས། །ཇི་སྙེད་འགྲོ་ལ་ཆོས་ཚུལ་སྟོན། །སོ་སོར་མ་འདྲེས་འོད་ལྔ་འཆར། །སྐལ་ལྡན་བུ་ལ་དབང་བསྐུར་བས། །རླུང་ངག་སྔགས་སུ་དག་པར་ཤོག །ཨོཾ་མ་ཧཱ་གུ་རུ་ཤཱཀྱ་ཤྲཱི་ཛྙཱ་ནཱ་ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ དེ་ནས་ཤེལ་རྡོ་སྙིང་གར་རེག་ལ། ཡེ་ནས་རྣམ་པར་དག་པའི་དབྱིངས། །རིག་པ་འགྱུར་མེད་བཙན་ས་ཟིན། །ཀུན་ཏུ་བཟང་པོའི་དགོངས་པའི་མཐིལ། །མཐའ་གྲོལ་ཀློང་ཆེན་ཡངས་པ་འདིས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ཉོན་ཤེས་སྒྲིབ་པ་དག་གྱུར་ཅིག །ཨོཾ་མ་ཧཱ་གུ་རུ་ཤཱཀྱ་ཤྲཱི་ཛྙཱ་ནཱ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། དེ་ནས་ཤེལ་རྡོ་གནས་གསུམ་ཀར་རེག་ལ། སྟོང་ཞིང་གསལ་ལ་འོད་ལྔ་འཚེར། །སྐུ་གསུམ་ལྷུན་གྱིས་གྲུབ་པའི་དཔྱིད། །རྒྱ་ཆེ་ཕྱོགས་ལྷུང་མཐའ་དབུས་བྲལ། །ཆོས་ཟད་གདོད་མའི་གཞི་དབྱིངས་ཀློང་། །དགོངས་པ་འཕོ་འགྱུར་བྲལ་བར་བཞག །ངོ་བོ་ཉིད་ཀྱི་དབང་ཐོབ་ཤོག །ཨོཾ་མ་ཧཱ་གུ་རུ་ཤཱཀྱ་ཤྲཱི་ཛྙཱ་ནཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ། དེ་ལྟར་ཡང་ཟབ་གསང་བ་བླ་ན་མེད་པའི་བྱིན་རླབས་བླ་མའི་དབང་བཞི་ལེགས་པར་ཕུལ་གྲུབ་པས་རྩ་བ་དང་ཡན་ལག་གི་དམ་ཚིག་ཚུལ་བཞིན་སྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། སླར་ཡང་བཀའ་དྲིན་གཏང་རག་གི་ཡོན་དུ་ལུས་དང་ལོངས་སྤྱོད་འབུལ་བའི་དམིགས་འདུན་དང་བཅས་ཏེ་མཎྜལ་ཞིག་ཕུལ་མཛོད། དེ་ནས་བུ་སློབ་རྣམས་ལྷན་ཅིག་ཚོགས་ཀྱི་དགའ་སྟོན་ལ་རོལ་ཏེ། རྡོ་རྗེའི་གླུ་དང་བཀྲ་ཤིས་པས་མཐའ་ལེགས་པར་བརྒྱན་ཏེ་རང་གནས་སུ་གྱེས་སོ། །དད་གདུང་རྣམ་པར་དག་པས་བཀོད་འདི་རྣམས། །ཉེ་འགལ་མཆིས་ན་དགོངས་པའི་ཀློང་དུ་བཤགས། །སྨིན་བྱེད་དབང་གི་ས་གཞི་གཤིན་པོ་འདིས། །གྲོལ་བྱེད་གདམས་པའི་འབྲས་བུ་ཕྱོགས་མཐར་འགེངས། །བདེ་བས་དབུལ་བ་རྣམས་ལ་ཡོངས་བསྔོས་བཞིན། །བདེ་བ་ཆེན་པོའི་དཔལ་ལ་སྤྱོད་པར་ཤོག །ཅེས་པ་འདིའང་སྔ་མོ་ནས་བླ་མ་སྒྲུབ་བརྒྱུད་ལགས་ཀྱིས། ཁྱེད་ཀྱིས་བྲིས་པའི་བླ་སྒྲུབ་དེ་དང་འབྲེལ་བའི་དབང་བཞི་ཞིག་བྲིས་ན་ལེགས་པར་གསུངས་ཀྱང་འབྲི་བའི་རེ་འདུན་ཅི་ཡང་བྱེད་རྒྱུ་མ་བྱུང་ཞིང་ཉིན་གཅིག་ཕྱི་འཕྲེད་ཀྱི་ཐུན་ལ་གནས་པའི་སྐབས་སུ་གློ་བུར་དུ་དབང་ཆོག་གི་མིང་སོགས་ཡིད་ལ་དྲན་འཕྲལ་ནས་བཅའ་བཅོས་མ་དགོས་པར་ཤར་རྒྱག་འདི་ལྟར་འབྲི་རྒྱུ་རྙེད་དེ། སྦྱངས་པའི་ཡོན་ཏན་གྱིས་ཤིན་ཏུ་དབུལ་བཞིན་ཚིག་དོན་ཅི་ལྟ་བུ་རེད་ཡོད་མ་གོ་ཡང་། ཡུལ་དམ་པ་རྣམས་ལ་དད་གུས་སྐྱེས་པའི་ཉེར་ལེན་ཞིག་ལས་ཐོལ་བྱུང་བྲིས་པ་ཡིན་པས་དད་ལྡན་རྣམས་དགྱེས་པར་མཛོད་ཅིག །དད་མེད་རྣམས་ཀྱིས་ཅི་ཟེར་ཡང་རེ་དོགས་མེད་ལགས། ཞེས་པའང་སྲས་མིང་པ་ཀུན་བཟང་འཕགས་མཆོག་རྡོ་རྗེར་འབོད་པ་དེ་ལགས་སོ།། །།