SPCD-KABUM-02-KHA-016

From Khyentse Lineage - A Tsadra Foundation Project
Revision as of 13:27, 3 July 2024 by Mort (talk | contribs)
Wylie title SPCD-KABUM-02-KHA-016.pdf
Location 'phags mchog bka' 'bum
Volume 2, Text 16, Pages (Folios to )
Author འཕགས་མཆོག་རྡོ་རྗེ་
Less details More details
Citation 'phags mchog rdo rje. '. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. : . Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre
[edit]

༄༅། །གསོལ་འདེབས་དང་གདུང་བའི་གླུ། ཞབས་བརྟན། མྱུར་འབྱོན་གསོལ་འདེབས་བཅས་བཞུགས་སོ།།

དཔལ་རྡོ་རྗེ་འཆང་ནས་བརྒྱུད་པ་ཡི། །ཆོས་གྲུབ་མཐའ་ཀུན་གྱི་སྙིང་པོ་དེ། །དོན་ཉམས་མྱོང་ཅན་གྱི་ཐུགས་སུ་འཁྱིལ། །སྒྲུབ་རྒྱལ་མཚན་འཛུགས་ལ་གསོལ་བ་འདེབས། །དུས་སྙིགས་ལྔའི་འགྲོ་རྣམས་འདུལ་ཕྱིར་དུ། །ཚད་མེད་ཀྱི་སྙིང་རྗེའི་ལྕགས་ཀྱུས་བཟུང་། །ཐབས་གང་ལ་གང་འདུལ་ཕྲིན་ལས་སྟོན། །མགོན་བླ་མ་མཆོག་ལ་གསོལ་བ་འདེབས། །གནས་ངན་སོང་ཡུལ་དུ་མ་སྐྱེས་ཤིང་། །ཕལ་དུད་འགྲོ་འབུམ་ལས་བཟང་བ་ཡི། །ཐབས་མི་ལུས་ཁྱད་འཕགས་ཐོབ་དུས་འདིར། །བློ་ཆོས་སུ་འཇུག་པར་བྱིན་གྱིས་རློབས། །ལར་སྣོད་བཅུད་ཀུན་ལ་རྟག་བརྟན་མེད། །སྤྱིར་སྙིགས་ལྔའི་རང་མཚང་འགྱུར་ལྡོག་ཆེ། །སྒོས་སྒྱུ་ལུས་ཉམ་ཐག་འཇིག་ལ་ཉེ། །ཚེ་འདིར་ཞེན་ཆོད་པར་བྱིན་གྱིས་རློབས། །ལས་དཀར་ནག་གང་བྱས་འབྲས་བུ་ལ། །དུས་ནམ་ཡང་འགྱུར་ལྡོག་མི་སྲིད་པས། །སྤྱིར་དགེ་སྒྲུབ་སྡིག་སྤོང་ཕྲ་མོ་ཚུན། །ཉམས་ཕབ་ནས་ཞིབ་པར་བྱིན་གྱིས་རློབས། །གནས་རིགས་དྲུག་གང་དུ་སྐྱེས་གྱུར་ཀྱང་། །སྡུག་འཁོར་མོ་ཡུག་ལས་འདའ་ས་མེད། །དུས་གཏན་གྱི་བདེ་བ་ཐོབ་ཕྱིར་དུ། །སྒྲུབ་དཀའ་སྤྱད་ནུས་པར་བྱིན་གྱིས་རློབས། །ཚེ་རབས་ཀྱི་སྡིག་སྒྲིབ་སྦྱང་བ་དང་། །བར་དོ་ཡི་འཇིགས་སྐྲག་སྐྱོབ་པ་དང་། །གནས་ངན་སོང་གི་སྐྱེ་སྒོ་ཁེགས་པའི་ཕྱིར། །སེམས་རང་དབང་འདུས་པར་བྱིན་གྱིས་རློབས། །ཚེ་འདི་ཡི་བདེ་སྐྱིད་སྒྲུབ་མཁན་རྣམས། །དུས་གཏན་གྱི་སྡུག་བསྔལ་རྒྱུར་གྱུར་པས། །ད་ལྟའི་སྐབས་མི་གྲལ་མ་ཚུད་ཀྱང་། །གནས་རི་ཁྲོད་འགྲིམ་པར་བྱིན་གྱིས་རློབས། །དུས་ངེས་མེད་གློ་བུར་འཆི་ངེས་དང་། །གནས་ངེས་མེད་བར་དོ་འཁྱམས་དུས་སུ། །ཕན་ངོ་མ་དམ་ཆོས་ཉག་གཅིག་ཡིན། །ད་ཚགས་སུ་ཚུད་པར་བྱིན་གྱིས་རློབས། །དམ་ཆོས་ཀྱི་ཡོན་ཏན་ཁྱད་འཕགས་རྣམས། །མ་གྱུར་གྱི་འགྲོ་ལ་མཚམས་སྦྱོར་བྱེད། །སྨོན་འཇུག་གི་སེམས་བསྐྱེད་དམ་བཅས་བཞིན། །གཞན་འགྲོ་དོན་ནུས་པར་བྱིན་གྱིས་རློབས། །ཞེས་སྒར་ཇོ་གཉིས་ནས་བསྐུལ་ངོར་གྲུབ་སྲས་པས་བྲིས་པའོ། །དགེའོ།། །། ༈ ལྟ་བའི་གླུ་བཞུགས། ཨ་ཧོ་ཡེ། ཀ་དག་སུམ་ལྡན་གྱི་དགོངས་པ། །བླ་མའི་མན་ངག་ལྟར་བསྒོམ་བཞིན། །སེམས་ཀྱི་རྙོག་མ་ཉིད་ངང་དྭངས། །ཡེངས་འཁྲུལ་བྲལ་ཐོབ་ལས་འདས་པའི། །རང་རིག་རྗེན་པ་དང་མཇལ་བྱུང་། །འཕོ་འགྱུར་མེད་པ་ཡི་ཆོས་ཉིད། །གསལ་སྟོང་དྭངས་མ་ཡི་མདངས་ལྡན། །ཀུན་གཞིའི་སོ་མཚམས་ལས་འདས་ཏེ། །སྒོམ་པའི་བྱ་རྩོལ་དང་བྲལ་སོང་། །འདིར་སྣང་སྲིད་པ་ཡི་ཆོས་ཀུན། །བྱ་བྱེད་རོ་མཉམ་དུ་རྟོགས་པའི། །ཡུལ་དབང་ཟུང་འཇུག་གི་ཡེ་ཤེས། །ཤར་གྲོལ་རིས་མེད་ལ་སྤྱོད་སོང་། །འཁོར་འདས་བྲལ་ཐོབ་ཀྱི་སྙེམས་ཐག །འཛིན་མེད་བློ་འདས་སུ་ཐིམ་ནས། །ལྷུན་གྲུབ་སྐུ་དང་ནི་ཡེ་ཤེས། །ཟུང་འཇུག་ཆོས་སྐུ་ཡི་རྒྱལ་སར། །དག་པ་གཉིས་ལྡན་དུ་ཆས་སོང་། །འདིར་ཚོགས་འདུས་པ་ཡི་མཆེད་ལྕམ། །གཉིས་སྣང་ཆོས་བརྒྱད་ལ་མ་ཞེན། །རྙེད་དཀའི་དལ་འབྱོར་ལ་སོམས་ཏེ། །ངེས་འབྱུང་དྲག་པོ་དང་ལྡན་པའི། །མྱོང་ཁྲིད་ཟབ་མོ་ཡི་ཞལ་རྒྱུན། །ཟོལ་མེད་དད་དམ་གྱིས་བཏུང་ནས། །གདེང་བཞིའི་གྲོལ་ཚད་དང་ལྡན་པའི། །ཐར་པའི་གླིང་མཆོག་ཏུ་ཕྱིན་མཛོད། །དགེའོ།། །། ༈ གདུང་གླུ་བཞུགས། སྐྱེ་འགྲོ་ཀུན་ལས་འཕགས་པ་མི་ལུས་ཀྱི་རྟེན་བཟང་། །དལ་བརྒྱད་འབྱོར་བཅུ་ཐོབ་པ་ད་རེས་ཀྱི་སྐབས་འདིར། །སྙིང་པོའི་དོན་ཆེན་ཨེ་སྒྲུབ་རང་ཉིད་ལ་རག་བཞིན། །དོན་མེད་འགྲོ་འདུག་འདྲི་བཤད་མཚར་མཆོར་འདིས་ཅི་བྱ། །ཕྱི་སྣོད་མི་རྟག་དུས་བཞི་འགྱུར་ལྡོག་གི་རང་བཞིན། །ནང་བཅུད་མི་རྟག་བླ་སློབ་རྒྱལ་བློན་དང་འཁོར་ཚོགས། །མཐོང་དང་ཐོས་སོ་ཅོག་ཀུན་མི་ལོ་བརྒྱའི་ཚུན་དུ། །གཅིག་ཙམ་མི་སྡོད་འཆི་བའི་ཤུལ་ལམ་འདི་གཟིགས་སམ། །ཕྱི་མའི་རྒྱུ་འབྲས་བདེན་མིན་ལུས་སེམས་འདིའི་ཐོག་ཏུ། །བདེ་སྡུག་ཚ་གྲང་ལྟོགས་སྐོམ་ཕྲན་ཚེགས་རེས་ངེས་ན། །སྡུག་བསྔལ་བཟོད་དཀའི་གནས་ལ་མི་འཇིགས་པ་སུ་ཡོད། །ཕྱི་མའི་གཏན་ནོར་སྨྱོ་རྒྱུག་རྩིང་སྤྱོད་ཀྱིས་མ་བརླག །ཡུད་ཙམ་ཨང་ཚུགས་འཆོས་ཏེ་ཐུགས་བསམ་རེ་བསྐོར་མཛོད། །དཀར་ནག་ལས་ཀྱི་འབྲས་བུ་ས་བོན་ལྟར་མཆིས་པས། །དགེ་སྒྲུབ་སྡིག་སྤོང་ཆེ་ཕྲར་རྩིས་མེད་དུ་མ་འཇོག །རྟག་ཏུ་དྲན་ཤེས་བག་ཡོད་དུལ་བ་ལ་བསླབས་ཏེ། །ཀུན་སློང་སེམས་བསྐྱེད་བསྔོ་སྨོན་སྙིང་ནས་དང་འབྲེལ་བས། །བསྟན་པའི་བྱ་བ་ཆོས་སྤྱོད་འདུལ་ཁྲིམས་ལ་དྲིལ་མཛོད། །བསམ་ཆོས་རང་བྱ་བ་ཟིན་མེད་དུ་ཞེས་ཀྱང་། །བློ་ཐག་གཏིང་ནས་མ་ཆོད་ཁ་ཙམ་དུ་ལྷག་འདྲ། །སྤྱད་ན་མི་ཟིན་བཞག་ན་ཟིན་པ་དེ་ངེས་ནས། །སྔོན་བྱོན་གོང་མའི་ཐུགས་བསྐྱེད་རྣམ་ཐར་ལ་བསམ་སྟེ། །ངེས་འབྱུང་དད་མོས་དྲག་པོས་གསོལ་འདེབས་རེ་འབད་མཛོད། །ཅེས་རྩེད་གྲོགས་རྣམས་ལ་གདུང་བས་གླུར་བླངས་ཏེ་ཕུལ་ལོ།། །། ༈ སྙིང་ནས་གསོལ་འདེབས་གདུང་བའི་གླུ་དབྱངས་བྱིན་རླབས་བཙན་ཐབས་སུ་འགུགས་པ་བཞུགས་སོ། ཨ་དཔལ་ལྡན་རྩ་བའི་བླ་མ་མཁྱེན། །མགོན་གཅིག་པུ་ཆོས་ཀྱི་དབྱིངས་ལ་གཤེགས། །བདག་བླུན་རྨོངས་འཇིག་རྟེན་མི་ཡུལ་ལུས། །དྭ་ཕྲུག་གིས་མ་ལ་གདུང་བས་འབོད། །བུ་གཅིག་ལ་མ་ཡིས་བྱམས་བརྩེ་བཞིན། །དད་དམ་ཚིག་ལྡན་པའི་བླ་སློབ་བར། །དགོངས་པ་ལ་གཤེགས་བཞུགས་ཡོད་སྙམ་མེད། །མཁྱེན་པ་ལ་གསལ་འགྲིབ་ཡོད་སྙམ་མེད། །བརྩེ་བ་ལ་ཉེ་རིང་ཡོད་སྙམ་མེད། །ནུས་པ་ལ་ཐོགས་རྡུགས་ཡོད་སྙམ་མེད། །སྤྲང་བདག་ལ་རེ་ལྟོས་ཁྱེད་ལས་མེད། །མི་ཁོ་བོའི་སྙིང་ནས་གསོལ་བ་འདེབས། །ངག་གདུང་དབྱངས་དྲག་པོ་དབང་མེད་ཐལ། །ལུས་བ་སྤུ་གཡོ་ཞིང་མཆི་མ་འཁྲུགས། །སེམས་དེ་ཡི་ངང་ལ་ཡུད་ཙམ་བརྒྱལ། །སྐལ་དམན་གྱི་དྭ་བུ་བདག་ལ་དགོངས། །གཟུགས་སྐུ་ཡི་རྣམ་རོལ་བསྟན་དུ་གསོལ། །མངོན་སུམ་དུ་རྣ་བའི་བདུད་རྩི་རུ། །གསུང་གསང་གི་ཆོས་སྒྲ་སྒྲོག་ཏུ་གསོལ། །ཡིད་མོས་གུས་གདུང་བའི་པདྨོ་རུ། །དགོངས་བརྒྱུད་ཀྱི་རྟོགས་པའི་རྩལ་ཆེན་འཕོས། །ཚེ་འདི་སྣང་ཆོས་བརྒྱད་འཁྲི་བ་ཆོད། །སྒྲུབ་དཀའ་སྤྱད་བརྩོན་འགྲུས་ཉིན་མཚན་འདའ། །ཉམས་རྟོགས་པའི་རྩལ་ཆེན་ཤུགས་ཀྱིས་རྫོགས། །ལེགས་ཚོགས་ཀུན་འཕེལ་ཞིང་ཉེས་ཀུན་ཞི། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །དོན་གཉིས་ཀྱི་ཕྲིན་ལས་མཁའ་ལྟར་བརྡལ། །ཕ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཞེས་པ་འདིའང་དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེའི་གཟུགས་སྐུའི་ཉི་མ་དབྱིངས་སུ་བསྡུ་བའི་ཚེ་རྗེས་འཇུག་བདག་ཅག་རྣམས་ཚེ་འདིའི་སྣང་བ་འལ་འོལ་དུ་ནུབ་ནས་བཤེས་མེད་ལོང་བ་ཐང་སྟོང་དུ་འཁྱམ་པ་ལྟ་བུའི་ངང་དེར་སེམས་ཤིན་ཏུ་སྐྱོ་ཞིང་མོས་གུས་ཀྱི་རྩལ་ཁ་རྩེ་གཅིག་ཏུ་རྒྱས་པའི་སྐབས་གསོལ་འདེབས་འདི་ལྟར་ཡང་ཡང་ཡིད་ལ་འཁོར་བའི་རྐྱེན་གྱིས་སྲས་མིང་པས་ཕྱིས་ཡི་གེར་བཀོད་པའོ།། །། ༈ ཞབས་བརྟན་བཞུགས། ཨོཾ་སྭ་སྟི། དུས་གསུམ་རྒྱལ་བ་རྒྱ་མཚོའི་དགོངས་པའི་མཐིལ། །ཆོས་ཉིད་རྣམ་པར་དག་པའི་བདེན་སྟོབས་ཀྱིས། །བསྟན་པའི་ཉི་མ་གྲགས་པའི་གཟི་འོད་འབར། །ཨོ་རྒྱན་རྒྱལ་བའི་མཆོག་སྤྲུལ་གྲུབ་པ་གང་། །ཞབས་ཟུང་མི་ཤིགས་རྡོ་རྗེའི་ཁྲི་ལ་འཁོད། །གཉིས་སྣང་ཆོས་བརྒྱད་དྲི་མས་མ་གོས་ཤིང་། །འདིར་སྣང་སྲིད་པའི་ཕུན་ཚོགས་ཟིལ་གྱིས་གནོན། །ངེས་འབྱུང་བྱང་ཆུབ་སེམས་ཀྱི་རིགས་རྒྱུད་སད། །བརྩོན་འགྲུས་ཆུ་བོའི་གཞུང་བཞིན་ཐང་ལྷོད་མེད། །གནས་ལྔ་རིག་པའི་པཎྜི་ཏ་གྱུར་ཏེ། །འཆད་རྩོད་རྩོམ་པའི་འདབ་མ་ཕྱོགས་བཅུར་གྲོལ། །མཛད་ཕྲིན་སྤྱི་དང་ཁྱད་པར་དོན་བརྒྱུད་ཀྱི། །བསྟན་པ་གོང་འཕེལ་འཛིན་སྐྱོང་སྤེལ་བའི་ཕྱིར། །གསང་གསུམ་རྣལ་དབབ་ཉམས་རྟོགས་རྩལ་ཆེན་རྫོགས། །ཡང་དག་དགོངས་པའི་མཛོད་ལ་དབང་འབྱོར་ནས། །ཡིད་བཞིན་ནོར་དང་བུམ་པ་བཟང་པོ་བཞིན། །གཞན་དོན་འབད་མེད་ལྷུན་གྱིས་གྲུབ་པ་ཡིས། །འགྲོ་ཁམས་རྒྱ་མཚོ་དོང་ནས་སྤྲུགས་པར་ཤོག །ཅེས་པའང་སྲས་མིང་ཀུན་བཟང་རྡོ་རྗེ་རྩལ་གྱིས་ལྷག་བསམ་རྒྱ་མཚོ་དྭངས་པའི་ངོགས་ནས་དད་པའི་རླབས་ཀྱིས་ཉེ་བར་དྲངས་ཏེ་བྲིས་པ་དགེའོ།། །།༈ ཡང་སྤྲུལ་མྱུར་བྱོན་བཞུགས། ཀྱེ་མ། ས་གསུམ་འགྲོ་བ་ཡོངས་ཀྱི་དེད་དཔོན་མཆོག །སྙིགས་དུས་བསྟན་འགྲོའི་ཕན་བདེ་འབྱུང་གནས་གང་། །འདུས་བྱས་གཟུགས་སྐུ་བསྡུ་ཚུལ་བསྟན་གྱུར་རུང་། །བཅོ་ལྔའི་ཟླ་བ་སྤྲོ་བསྡུ་མི་མངའ་བཞིན། །སྟོང་ཉིད་སྙིང་རྗེའི་དབྱིངས་ལས་མི་གཡོ་ངང་། །ཚད་མེད་ཐུགས་བསྐྱེད་གཏིང་མཐའ་མི་མངོན་པས། །སྤྲུལ་པའི་ཉི་མ་སྔར་ཡང་གཞེས་པའི་མུ། །མྱུར་བར་བསྟན་འགྲོའི་དགུང་ལ་འབྱོན་པར་གསོལ། །མཆོག་གསུམ་བླ་མ་ལྷ་ཡི་ཐུགས་རྗེ་དང་། །རིས་མེད་རྒྱལ་བསྟན་ཡོངས་ཀྱི་བདེན་སྟོབས་དང་། །བོད་འབངས་འགྲོ་བ་ཡོངས་ཀྱི་ལྷག་བསམ་བཅས། །ཇི་ལྟར་སྨོན་པ་དེ་བཞིན་ཉིད་འགྲུབ་ཤོག །ཅེས་པ་འདིའང་རྒྱལ་དབང་ཕྱག་ན་པདྨོའི་སྤྲུལ་པ་མྱུར་འབྱོན་དུ་རྗེ་བཙུན་ཨོ་རྒྱན་ཆོས་སྒྲོན་ནས་བསྐུལ་ངོར་ཆོས་ཉིད་དབྱིངས་ལས་ཆོས་ཅན་གྱི་བདེན་པ་ཧུར་ཕྱུངས་ཏེ་བརྗོད་བྱ་རགས་བསྡུས་ཙམ་གྲུབ་སྲས་པས་བྲིས་ཏེ་ཕུལ་ལོ། །དགེའོ།། །། ༈ སྐྱབས་རྗེ་ཁམས་སྤྲུལ་བདུན་པ་མྱུར་འབྱོན་གསོལ་འདེབས་བདེན་ཚིག་གྲུབ་པ་བཞུགས་སོ།། ཀྱེ་མ། བླ་མ་སངས་རྒྱས་བཞུགས་ཀྱང་ངོ་མ་ཤེས། །ཆགས་སྡང་དཔའ་བོར་བྱས་པ་མཐོལ་ལོ་བཤགས། །བསྟན་པའི་སྙིང་པོ་ཐོས་བསམ་སྒོམ་པ་སྟེ། །ཆོས་བརྒྱད་མངོན་པར་ཞེན་པ་མཐོལ་ལོ་བཤགས། །ཐབས་མཁས་ཐུགས་རྗེའི་མཛད་པ་རླབས་ཆེ་ཡང་། །རྨོངས་དྲེད་བློ་མིག་ལྡོང་བ་མཐོལ་ལོ་བཤགས། །བླ་མའི་དྲིན་གྱིས་བདེ་སྐྱིད་ངལ་འཚོས་ཀྱང་། །རང་མཐོང་ང་རྒྱལ་ཆེ་བ་མཐོལ་ལོ་བཤགས། །མདོར་ན་བག་མེད་གཡེང་བའི་ལས་ཅི་མཆིས། །སྒོ་གསུམ་གནོང་འགྱོད་དྲག་པོས་བཤགས་པར་བགྱི། །མཁྱེན་པ་གསལ་འགྲིབ་མེད་པ་རྒྱལ་བའི་དགོངས། །བྱམས་བརྩེ་འདོར་བ་མེད་པ་རྒྱལ་བའི་གཤིས། །ནུས་པ་ཐོགས་རྡུགས་མེད་པ་རྒྱལ་བའི་སྟོབས། །གསང་གསུམ་སྤྲུལ་པའི་སྐུ་མཆོག་མྱུར་འབྱོན་གསོལ། །མི་ཤིགས་རྡོ་རྗེའི་ཁྲི་ལ་འཚོ་ཞིང་གཞེས། །འདིར་སྣང་ཆོས་བརྒྱད་དྲི་མས་མ་སྦགས་པར། །དངོས་གནས་བསྟན་འགྲོའི་ཕན་བདེ་འབྱུང་གནས་ཕྱིར། །གང་ཡང་རྒྱུ་འབྲས་ཞིབ་ལ་ལྷག་པར་དགོངས། །ངེས་འབྱུང་བྱང་ཆུབ་སེམས་གཉིས་རླབས་ཀྱིས་བསྐྱོད། །བརྩོན་འགྲུས་ཆུ་བོའི་རྒྱུན་བཞིན་ཐང་ལྷོད་མེད། །ཐོས་བསམ་སྒོམ་པའི་སྡོང་པོ་དགུང་ལ་རེག །འཆད་རྩོད་རྩོམ་པའི་འདབ་མ་ཕྱོགས་བཅུར་བཀྲོལ། །མི་ནུབ་བསྟན་པའི་བརྒྱུད་འཛིན་ཕ་མཐར་གདལ། །ཁྱད་པར་རྒྱལ་བ་ཀུན་གྱི་གསང་བའི་ལམ། །རང་གནས་ཡེ་ཤེས་དགོངས་པའི་གདེང་ཚད་རྙེད། །རྡོ་རྗེ་ཐེག་པའི་སྨིན་གྲོལ་འབྲས་བུས་ཕྱུག །སྐལ་ལྡན་གདུལ་བྱའི་རེ་བ་ཡོངས་འགེངས་ཤིང་། །ཉམ་ཐག་འགྲོ་རྣམས་ངན་འགྲོའི་གཡང་ལས་དྲངས། །དོན་གཉིས་ཕུན་སུམ་ཚོགས་ལ་མངའ་དབང་འབྱོར། །ཟླ་བྲལ་མཁས་དང་གྲུབ་པའི་གསོས་སུ་གྲུབ། །བླ་མེད་རྒྱལ་བའི་རྣམ་ཐར་མཐར་ཕྱིན་ཤོག །ཅེས་པའང་སྲས་སྤྲུལ་བླ་མ་མཆོག་གིས་བསྐུལ་ངོར་སྙིགས་དུས་མཛེས་ཆོས་སུ་མ་སོང་བར་ཟོལ་མེད་ཀྱི་མྱུར་འབྱོན་གསོལ་འདེབས་འདི་ལྟར་དགོས་གལ་སྣང་ནས་སྲས་མིང་པ་ཀུན་བཟང་རོལ་པས་དུས་གསུམ་རྒྱལ་བའི་དགོངས་པའི་མཐིལ་ལ་མཉམ་པར་བཞག་པའི་ཁོངས་ནས་རྩེ་གཅིག་གསོལ་བ་བཏབ་སྟེ་ཐོལ་བྱུང་དུ་ཡི་གེར་བཀོད་པའོ།། །།