SPCD-KABUM-03-GA-001

From Khyentse Lineage - A Tsadra Foundation Project
Revision as of 11:12, 3 July 2024 by Mort (talk | contribs)
Wylie title SPCD-KABUM-03-GA-001.pdf
Location 'phags mchog bka' 'bum
Volume 3, Text 1, Pages (Folios to )
Author འཕགས་མཆོག་རྡོ་རྗེ་
Less details More details
Citation 'phags mchog rdo rje. '. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. : . Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre
[edit]

༄༅། །བློ་ལྡོག་རྣམ་བཞིའི་ཞལ་གདམས་རྡོ་རྗེའི་ཕྲེང་བ་གཞོན་ནུ་མཛེས་པའི་རྒྱན་ཞེས་བྱ་བ་བཞུགས་སོ།།

བླ་མ་ལ་ཕྱག་འཚལ་ལོ། །ཐུན་མོང་གི་སྔོན་འགྲོ་ཚེ་འདིར་སྣང་ལས་བློ་ལྡོག་པའི་ཁྲིད་ཀྱི་རིམ་པ་ལ། དང་པོ་དལ་འབྱོར་རྙེད་དཀའ་ལུགས་དང་།དུད་འགྲོ་དང་མིའི་མང་ཉུང་ལ་ལྟོས། སྐྱེས་པ་དང་བུད་མེད་ཀྱི་མང་ཉུང་། ཁྱིམ་པ་དང་གྲྭ་པའི་མང་ཉུང་། གྲྭ་པའི་འདུ་ཚོགས་དང་ཆོས་པའི་མང་ཉུང་། ཟོག་གི་ལྕི་ཁྲོག་ཆུང་ངུའི་སྟེང་འབའ་འབུ་སྲོག་ཆགས་ཇི་ཡོད་རྣམས་བསམ། དམྱལ་བ་སོགས་མིག་གིས་མ་མཐོང་ཡང་དུད་འགྲོ་རྟ་ཟོག་ལྟ་བུའི་ལུས་བླང་ཤོར་ན་ཆོས་སྒྲུབ་ཁོམ་མིན་ལ་དཔྱད། རྒྱ་དང་ཕྱི་གླིང་སོགས་ཕལ་ཆེར་ཆོས་ལ་འཇུག་པའི་བློ་མེད་ཅིང་ཆོས་སྒྲུབ་པའི་ཁོམ་པ་མེད་ལུགས་ལ་ལྟོས། སྟོན་པ་ཤཱཀྱ་ཐུབ་པ་དང་། བསྟན་པ་དམ་པའི་ཆོས་དང་། དགེ་བའི་བཤེས་གཉེན་དང་། རང་ལ་དད་པ་སོགས་མེད་ན་ཆོས་ཀྱི་འབྱོར་བ་མེད་པས། ད་རེས་དལ་འབྱོར་ཐོབ་པ་འདི་བསོད་ནམས་ཆེ་བས། ཆུད་ཟོས་ཨེ་བཏང་མི་བཏང་རང་ལག་ཡོད། ད་ཕྱིན་ཆད་ལུས་རྟེན་འདི་འདྲ་མི་ཐོབ། ད་ལྟ་སྡིག་པ་བསགས་ལུགས་ལ་བསམ་པར་བྱའོ། །རྙེད་ན་དོན་ཆེ་སྟེ་འཕགས་བོད་ཀྱི་པཎ་གྲུབ་རྣམས་ཀྱི་རྣམ་ཐར་ལོ་རྒྱུས་ལ་བསམ། རང་རེའི་ཡང་བརྩོན་འགྲུས་ནུས་ན། དེ་འདྲ་མི་འོང་རྒྱུ་ཞིག་མིན་ཀྱང་། དད་པ་དང་། ཤེས་རབ་བརྩོན་འགྲུས་མེད་པས་ཕུང་བ་རེད། དེས་ན་འཇིག་རྟེན་པས་དགོས་མེད་ཀྱི་བྱ་བ་རྣམས་ལའང་བརྩོན་འགྲུས་ཉིན་མཚན་གཉིད་སྤངས་ནས་བྱ་ན། དོན་ཆེན་པོ་དང་ལྡན་པའི་དམ་ཆོས་སྒྲུབ་པ་ལ་བརྩོན་འགྲུས་བརྩམ་པར་བྱ་བ་ཤིན་ཏུ་རིགས་སོ། །རྟེན་མི་ལུས་དེ་ཡང་ཡུན་རིང་སྡོད་ཁོམ་བྱེད་པའི་ལོང་མེད། སྐྱེ་འགྲོ་ཐམས་ཅད་རྒན་གཞོན་ངེས་མེད་ཤི་ལུགས་དང་སྔ་རབས་འདས་པ་རྣམས་ལ་བསམ། དབྱར་དགུན་སྟོན་དཔྱིད་དང་། བར་སྣང་གི་སྤྲིན་དང་། ཆུ་བུར་རླུང་གསེབ་ཀྱི་མར་མེ་སོགས་ལ་ལྟོས། སྐྱེས་བུ་དམ་པ་རྣམས་གཤེགས་ལུགས་ལ་དཔྱད། མ་ཤི་ས་སྟེང་ལུས་པ་ད་ལྟ་སུ་ཡོད། འཆི་རྐྱེན་ལ་ངེས་པ་མེད། རྣམ་གྲངས་མང་། སང་ཕར་ལམ་ཙམ་ངེད་ཚོ་རོ་རེད་ནས་ཐལ་བ་ཙམ་ཡང་ལུས་མེད་ན་ཅི་ཤེས། དེས་ན་ད་ལྟའི་སྣང་བ་དཀར་དམར་བསླུ་བྲིད་མཁས་པས། འཆི་བ་ཡིད་ལ་མི་དྲན་ཀྱང་དབུགས་ཕྱིར་བཏང་ནས། ནང་དུ་རྔུབ་རྒྱུ་མེད་ཚར་དུས་འཆི་བ་རེད་ཨེ་གོ། དེ་དུས་བསགས་པའི་ནོར། བརྩིགས་པའི་མཁར། མཛའ་བའི་གྲོགས། གཅེས་པའི་ལུས་ཐམས་ཅད་ཤུལ་དུ་བཞག་ནས་རྣམ་ཤེས་གཅིག་པུ་གཅེར་བུར་འགྲོ་བའི་དུས་ཞིག་འོང་། དེ་སྔ་མ་ཤི་བ་ནི་ཁ་རྗེ་ཆེ། ད་ནི་ཇི་ཙམ་སྡོད་རྒྱུ་ཡོད་ཅི་ཤེས་པས་དགོས་མེད་ཀྱི་བྱ་བ་བསྐྱུར་ལ། ཚེ་ཕྱི་མ་ཁུར་རྒྱུ་ཡོད་པ་དམ་པའི་ལྷ་ཆོས་སྒྲུབ་བསམ་ཡང་ཡང་དྲན་དགོས། དེ་མ་དྲན་ན་ཆོས་རྣམ་དག་མི་འགྲུབ་ངོ་མ་ཡིན། བསྒྲུབས་ཀྱང་ཆོས་བརྒྱད་ཀྱི་དབང་དུ་ཤོར་བ་ཞིག་འོང་ངོ་། །ཤི་ནས་ལས་དཀར་ནག་རྗེས་སུ་འབྲངས་པ་ལས་ཆུད་མི་ཟ་བ། དཔེར་ན་དཔྱིད་དུས་ས་བོན་བཏབ་ན་སྟོན་དུས་འབྲས་བུ་སོ་སོ་འབྱུང་བ་ལ་ངེས་ཤེས་བསྐྱེད། དེས་ན་དཀར་ནག་བླང་དོར་ལ་བརྩོན། མི་དགེ་བཅུ་རྒྱབ་ཏུ་དོར། དགེ་བཅུ་ཕྲ་ཞིང་ཕྲ་བ་ནས་བླང་བར་བྱ་དགོས། ལས་འབྲས་ཁྱད་དུ་བསད་ན་ལོག་ལྟ་དང་མཚུངས་ཤིང་རྣམ་སྨིན་ཤིན་ཏུ་ལྕི། ལས་ཚབ་ཆེན་བསགས་པ་འགའ་རེ་ཚེ་འདིར་མཐོང་ཆོས་མྱོང་འགྱུར་སྨིན་ལུགས་ལ་དཔྱད། འགྲོ་བ་འདི་རྣམས་གནས་དང་། ལོངས་སྤྱོད། བདེ་སྡུག །ལུས་ཀྱི་དབྱིབས་སོགས་བཟང་ངན་ཡོད་པ་རྣམས་ལ་ལྟོས། འདི་རྣམས་རྒྱུ་དགེ་སྡིག་གི་འབྲས་བུ་སོ་སོར་སྨིན་པ་རེད་པས་རྒྱུ་འབྲས་ལ་ཡིད་ཆེས་བསྐྱེད། རྒྱུ་འབྲས་སྤང་བླང་ལ་མ་བརྩོན་ན་འཁོར་བ་འདི་ཡུན་རིང་། རྒྱ་ཆེ་གཏིང་ཟབ་དོས་དྲགས་པས་ཐར་པའི་དུས་མེད། རིགས་དྲུག་གི་གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་ལས་མེད། བྱས་པའི་ལས་ལ་ཟིན་དུས་མེད། ཟིན་ཀྱང་དགོས་པ་ཆུང་། འཕྲལ་རྐྱེན་སྣ་ཚོགས་པ་ཐམས་ཅད་རྨི་ལམ་དང་མཚུངས་རྟག་བརྟན་སྙིང་པོ་ཅི་ཡང་མེད། དཔེར་ན་གོས་དྲོན་པོ་ཞིག་གྱོན་ན་ཚད་པས་ཚིག་པ་ན་དེ་སྡུག་བསྔལ་དུ་འོང་དེ་འདྲ་བར་བསམ་ན། རྒྱུ་ཉོན་མོངས་དུག་གསུམ་གྱིས་བསྐྱེད་པ་ཐམས་ཅད་འབྲས་བུ་སྡུག་བསྔལ་ཁོ་ན་ལས་མེད་པས་དེ་ལས་རང་གཞན་ཐམས་ཅད་ཅི་ནས་ཐར་བ་ཞིག་བྱ་དགོས། དེ་ཡང་སང་བྱེད་གནང་བྱེད་ཀྱི་དབང་དུ་མི་བཏང་བ། ད་ལྟ་ཉིད་དུ་ལག་ལེན་ལ་བཏབ་མཛོད། དེ་ཡང་དགེ་བའི་བཤེས་གཉེན་བསྟེན། དེ་ལ་དད་མོས་བསྐྱེད། ཅི་གསུང་བཀའ་བསྒྲུབས། ཅི་མཛད་ལེགས་པར་མཐོང་བས་གདམས་ངག་ཐོབ་པ་ཡོད་ན་ལུས་ཀྱི་བྱི་དོར་བསྐྱུར་ལ་གདམས་ངག་ཡིད་བཞིན་གྱི་ནོར་བུ་ལ་ཐོས་བསམ་གྱི་བྱི་དོར་བྱས་ན་བློ་འཚེངས། ཚེ་འདི་ཕྱི་ཐམས་ཅད་དུ་བདེ་ཞིང་སྐྱིད། མཐར་ཐུག་ལེགས་པའི་ལམ་དུ་འགྲོ། ཆོས་དང་རང་རྒྱུད་འདྲེས་པར་མཛོད། དེ་ལྟར་མིན་ན་འདི་ཕྱིའི་དོན་ཆེན་ཐམས་ཅད་གཏན་བརླག་བྱས། རང་གིས་རང་ཕུང་། ཤེས་བཞིན་དུ་དུག་འཐུང་བ་དང་འདྲ་བའམ། གདོན་གྱིས་བཏབ་པ་ཡིན་ནོ། །དེས་ན་ཚུལ་འཆོས་དང་བཤད་ཡམ་གྱིས་མི་ཕན་རང་རྒྱུད་ཐུལ་རྟགས། ཉོན་མོངས་ཇེ་ཆུང་ལ་འགྲོ་ན། ཆོས་ལམ་དུ་འགྲོ་བའི་རྟགས་ཡིན་ནོ། །དེ་མིན་རྒྱུད་ཇེ་སྲ་ཉོན་མོངས་ཇེ་རྒོད་སོང་ན་ནམ་མཁའ་ལ་འཕུར་ནུས་ཀྱང་ཕན་པ་མེད་པས་དེ་ལྟར་ཐུགས་བཞག་རེ་མཛོད། ཁ་ཡེངས་མིག་ཡེངས་ཀྱིས་འདོན་འདོན་སྒྲུབ་སྒྲུབ་མང་པོས་ཀྱང་ཕན་པ་མེད་ནེ་ཙོ་དང་འདྲ་བས་ཚིག་རྗེས་དོན་དྲན་བསམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པ་དངོས་གཞི་དམིགས་མེད་རྗེས་བསྔོ་བས་ཐེབས་པར་མཛད་ན་དོན་ལྡན་འོང་བ་ཡིན་ཚོད་རེད་ལགས། ཞེས་པའང་རང་གིས་ཆོས་མཐུན་མི་བྱེད་བཞིན་དུ་ཁ་ཧོབ་ཀྱིས་བྲིས་པའོ།། །།