DKYD-KABUM-07-JA-026

From Khyentse Lineage - A Tsadra Foundation Project
Revision as of 11:00, 28 June 2024 by Mort (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 7, Text 26, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Smoke Offerings - bsangs mchod - lha bsang
[edit]
༄༅། །ཚ་བ་རོང་གི་ཡུལ་ལྷའི་གཙོ༔ རྒྱལ་མོ་རྨུ་རྡོ་ཞེས་བྱ་བའི༔ བསང་མཆོད་ཕྲིན་ལས་གློག་ཞགས་བཞུགསཿ

«བླ་མ་ཡི་དམ་མཁའ་འགྲོ་ལཿ གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོཿ མདོ་སྨད་ཤར་ཕྱོགས་རྒྱལ་མོ་རོངཿ ཡུལ་ལ་དབང་སྒྱུར་ཟོ་དོར་ཆེཿ ཁྲག་འཐུང་གཏུམ་ཆེན་འབར་བ་ཡིཿ བསང་བརྔན་བདུད་རྩིའི་བུམ་བཟང་བསྟནཿ »རང་ཉིད་ལྷ་ཡི་ང་རྒྱལ་གྱིསཿ ཐུགས་ལས་འཕྲོས་པའི་རཾ་ཡཾ་ཁཾཿ བསང་མཆོད་ཉེས་སྐྱོན་བསྲེགས་གཏོར་བཀྲུསཿ འབྲུ་གསུམ་འོད་དུ་ཞུ་བ་ལསཿ མ་དག་གྲིབ་འཁོན་བསང་བྱེད་ཅིངཿ དྲི་ཞིམ་འདོད་ཡོན་ཟེར་མ་འཕྲོཿ རོ་བརྒྱ་ནུས་པ་ཕུན་ཚོགས་གཏེརཿ ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུརཿ ཿརཾ་ཡཾ་ཁཾཿ «ལན་གསུམ་གྱིས་སྦྱངས༔» ཨོཾ་ཨཱཿཧཱུྃཿ «ལན་གསུམ་གྱིས་བརླབས་ནམ་མཁའི་མཛོད་ཀྱི་སྔགས་རྒྱས་སྤྲུལ་ཞིངཿ» ཀྱེཿ བསྟན་པའི་བདག་པོ་ཤཱཀྱ་སེང་གེ་ཡིཿ ལུང་བསྟན་རྒྱལ་ཚབ་མཆོག་ཏུ་མངའ་གསོལ་བའིཿ པདྨ་འབྱུང་གནས་རྡོ་རྗེ་དྲག་རྩལ་གྱིསཿ གངས་ཅན་བྷོ་ཊར་མདོ་སྔགས་བསྟན་པ་སྤེལཿ དབུས་གཙང་རུ་བཞི་མདོ་ཁམས་སྒང་དྲུག་དངཿ རོང་ཆེན་བཞི་རུ་སྒྲུབ་གནས་བྱིན་གྱིས་བརླབསཿ བསྟན་པའི་གཞི་བཙུགས་དགེ་འདུན་སྒྲུབ་སྡེ་བཀོདཿ ཧས་པོ་རི་རྩེར་ལྷ་སྲིན་དབང་བསྡུས་ཚེཿ ཤར་ཕྱོགས་རྒྱལ་མོ་རོང་གི་ཡུལ་གྱི་གཙོཿ དམུ་དང་གདོལ་བ་བཤོས་པ་གདུག་པའི་སྲསཿ སྐྱེ་འགྲོ་སེམས་ཅན་ཀུན་ཀྱི་སྲོག་ལ་རྔམསཿ ཤ་ཁྲག་ཟས་ལ་དགའ་ཞིང་སྡིག་རྒྱུན་སྤེལཿ མདོ་ཁམས་སེམས་ཅན་ཕུང་ལ་ཉེ་བའི་དུསཿ གུ་རུའི་ལྕགས་ཀྱུའི་ཕྱག་རྒྱས་སྐད་ཅིག་བཀུག ཿཞགས་པའི་ཕྱག་རྒྱས་འཁོར་བཅས་དམ་དུ་བཅངསཿ ལྕགས་སྒྲོག་ཕྱག་རྒྱས་སྡུག་བསྔལ་ཉམས་སུ་མྱོངཿ དྲིལ་བུའི་ཕྱག་རྒྱས་མྱོས་ཞིང་བརྒྱལ་དུ་བཅུགཿ སླར་ཡང་བཀའ་རྟགས་རྡོ་རྗེའི་ཕྱག་རྒྱ་ཡིསཿ ཟིལ་གྱིས་མནན་ཚེ་བྲོ་བོར་སྲོག་སྙིང་བོརཿ བཀའ་བསྒོས་དམ་ལ་བཞག་ཅིང་བསྲུང་མར་བསྐོསཿ རོང་ཆེན་ཡུལ་གྱི་གཙོ་བོར་མངའ་གསོལ་ཞིངཿ ཁྲག་འཐུང་གཏུམ་ཆེན་འབར་བར་མཚན་ཡང་གསོལཿ དཔལ་ཆེན་དཀྱིལ་འཁོར་ཆེན་པོར་མངའ་གསོལ་བའིཿ སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པཿ གཡས་ལྗང་གཡོན་དམར་རལ་པ་ས་ལ་འཁྱིལཿ གཡས་གསུམ་བེ་ཅོན་རལ་གྲི་ཐོ་བ་དངཿ གཡོན་གསུམ་ལྕགས་ཀྱུ་ཞགས་པ་སྟྭ་རེ་ཐོགསཿ དར་ཐོད་བེར་ཆེན་དགུ་བརྩེགས་སློག་པ་གསོལཿ སྦྲུལ་གྱི་སྐེ་རགས་སྙིང་ཕྲེང་དོམ་ལྷྭམ་བརྒྱནཿ སེང་གེ་སྔོན་པོ་བཅིབས་ཤིང་སྟོང་གསུམ་བསྐོརཿ རེ་འགའ་རིན་ཆེན་ཁྲི་སྟེང་ཞིང་ལྤགས་ཁརཿ རྔམ་པའི་ཚུལ་དུ་རྒྱལ་པོ་རོལ་སྟབས་བཞུགསཿ གཡས་སུ་སྲས་མཆོག་བདུད་ཕོ་མི་ཟན་དམརཿ གཡང་གཞིའི་སྟོད་གཡོགས་དོམ་གྱི་སློག་པ་གསོལཿ མདུང་དམར་གཡས་ལ་ཟངས་ཀྱི་རལ་གྲི་བསྣམསཿ རྫུ་འཕྲུལ་ཤུགས་ལྡན་དོམ་ནག་སྨྱོན་པ་ཆིབསཿ རྒྱབ་ཏུ་གསང་ཡུམ་ལྷ་མོ་དཔལ་འབར་མཿ དཀར་གསལ་འཛུམ་མདངས་དར་དང་རིན་ཆེན་བརྒྱནཿ རིན་ཆེན་སྲོག་ཞུ་ནོར་བུས་དབུ་བརྒྱན་སྤྲསཿ མདའ་དར་གཏེར་བུམ་འཛིན་ཅིང་དངོས་གྲུབ་གཏེརཿ གཡོན་དུ་ཡུམ་ཆེན་བདུད་མོ་ཁྲག་འབར་མཿ ཁ་གདང་མཆེ་གཙིགས་རལ་པ་ས་ལ་བསྙིལཿ མི་ལྤགས་སྟོད་གཡོགས་གཟིག་ལྤགས་སྨད་དཀྲིས་ཅནཿ དགྲ་སྟྭ་ནད་རྐྱལ་ཐོགས་ཤིང་སྟག་མོ་བཅིབསཿ མདུན་དུ་གསང་བའི་བློན་པོ་ཁྱབ་ཇུག་ནིཿ མི་ནག་རྟ་ནག་ཁྲབ་རྨོག་འཁོར་གསུམ་བརྒྱནཿ གཡས་པས་བ་དན་ཁྲ་བོ་ནམ་མཁར་ཕྱརཿ གཡོན་པས་སྦྲུལ་ནག་ཞགས་པས་དགྲ་བོ་འཆིངསཿ རང་རང་རིགས་ཀྱི་འཁོར་ཚོགས་བཞི་བཞིས་བསྐོརཿ གཞན་ཡང་ནང་བློན་བཞི་དང་ཕྱི་བློན་བརྒྱདཿ ཀླུ་མོ་ཉི་ཤུ་གཙོ་བོ་དྲུག་ཅུར་བཅསཿ བཀའ་འཁོར་འབུམ་དང་ཡང་འཁོར་བྱེ་བ་བཅསཿ འབོད་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལཿ རུ་རུ་ར་ཙ་ས་མ་ཡ་ཛ་ཛཿ མདུན་དུ་རང་བཞིན་སྤྲུལ་པའི་གཞལ་ཡས་དབུསཿ མཛེས་པའི་རིན་ཆེན་ཁྲི་ལ་དགྱེས་པར་བཞུགསཿ པདྨ་བཛྲ་ཁྲག་འཐུང་ཧེ་རུ་ཀའིཿ སྤྱན་སྔར་ཞལ་བཞེས་ཐུགས་དམ་རྗེས་སུ་དགོངསཿ ཏིཥྛ་ལྷནཿ ས་མ་ཡ་ཧོ༔ ཀྱཻཿ མཐུ་ལྡན་དྲེགས་པའི་གཙོ་བོ་དར་མདུང་ཅནཿ ཁྱེད་ལ་མཐུན་པའི་རྫས་ཀྱི་མཆོད་པ་ནིཿ དྲི་ཞིམ་ལྷ་ཤིང་སྣ་ཚོགས་བསྲེགས་པའི་མེརཿ སྤོས་དང་དར་ཟབ་རིན་ཆེན་འབྲུ་སྨན་དངཿ ཕྱེ་མར་ཟས་སྣ་དཀར་གསུམ་མངར་གསུམ་སྦྱརཿ གཡག་ལུག་ར་གསུམ་སྲོག་ཆགས་མདངས་གཟུགས་བརྙནཿ བཞུས་པའི་དྭངས་མ་དུད་རླངས་སྤྲིན་ཕུང་འཁྲིགསཿ གཟུགས་སྒྲ་དྲི་རོ་རེག་བྱ་འདོད་ཡོན་ལྔཿ བཞེད་དགུའི་ལོངས་སྤྱོད་དཀོར་ནོར་ཆར་ལྟར་འབེབསཿ མ་དག་ཉེས་སྐྱོན་གྲིབ་འཁོན་སྦྱོང་བྱེད་པའིཿ བསང་མཆོད་ཡེ་ཤེས་བདུད་རྩིའི་སྤྲིན་ཕུང་འདིསཿ བཀའ་རྒྱུད་བླ་མ་ཡི་དམ་མཁའ་འགྲོ་དངཿ ཆོས་སྐྱོང་དམ་ཅན་སྲུང་མའི་ཚོགས་བཅས་བསངཿ ཁྱད་པར་གསང་སྔགས་བསྟན་སྲུང་མཐུ་སྟོབས་ལྡནཿ རྒྱལ་མོ་རོང་གི་ཟོ་དོར་གཙོ་བོ་མཆོག ཿདམུ་བདུད་གཏུམ་ཆེན་ཁྲག་འཐུང་འབར་བ་རྩལཿ དྲི་ཞིམ་ལྷ་ཤིང་སྣ་ཚོགས་བསྲེགས་པའི་མེརཿ ཤ་ཁྲག་རུས་གསུམ་གསེར་སྐྱེམས་ཕུད་ཀྱིས་མཆོདཿ ཐུགས་དམ་དགྱེས་སྐོང་ཕྲིན་ལས་མ་གཡེལ་མཛོདཿ གསང་ཡུམ་བཙུན་མོ་སྲས་དང་གསང་བློན་བཅསཿ དྲི་ཞིམ་འདོད་ཡོན་སྤྲུལ་སྒྱུར་དུད་པ་བསངཿ ཤ་ཁྲག་རུས་གསུམ་གསེར་སྐྱེམས་ཕུད་ཀྱིས་མཆོདཿ ཐུགས་དམ་དགྱེས་སྐོང་ཕྲིན་ལས་མ་གཡེལ་མཛོདཿ ཕྱི་ནང་བློན་པོ་ཀླུ་མོ་བཀའ་ཡང་འཁོརཿ དྲི་ཞིམ་ལྷ་ཤིང་སྣ་ཚོགས་བསྲེགས་པའི་མེརཿ ཤ་ཁྲག་རུས་གསུམ་གསེར་སྐྱེམས་ཕུད་ཀྱིས་མཆོདཿ ཐུགས་དམ་དགྱེས་སྐོང་ཕྲིན་ལས་མ་གཡེལ་མཛོདཿ གཞན་ཡང་ཁྱོད་དང་མཐུན་པའི་དམ་རྫས་དངཿ སྤྱན་གཟིགས་ལོངས་སྤྱོད་དཀོར་ཆ་གོ་མཚོན་དངཿ གཅན་གཟན་རི་དྭགས་གཡུང་དྭགས་ལ་སོགས་པཿ ཡིད་སྤྲུལ་ས་གཞིའི་ཁམས་ཀུན་ཡོངས་ཁྱབ་པཿ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པསཿ མཆོད་དོ་འབུལ་ལོ་དགྱེས་པ་ཆེན་པོས་བཞེསཿ ཐུགས་དམ་བསྐང་ལ་འགལ་འཁྲུལ་ཉེས་བྱས་བཤགསཿ ལས་མྱུར་ཐོགས་མེད་སྐྱེ་འགྲོའི་སྲོག་ལ་རྔམསཿ རྒྱལ་འགོང་དམ་སྲི་འབྱུང་པོའི་དམྱལ་ཐག་ཆོདཿ སྡང་དགྲ་ལས་ངན་སྲོག་ལ་ཧུར་ཐུམ་གཏོངཿ དམ་ཉམས་གཤེད་མ་མཆོག་ཁྱོད་དབུ་འཕང་བསྟོདཿ ཧྲཱིཿ དབང་དྲག་རོལ་པའི་དུར་ཁྲོད་ཆེན་པོ་ནསཿ ཐོད་ཕྲེང་གར་སྒྱུར་ཁྲག་འཐུང་ཧེ་རུ་ཀསཿ བླ་མེད་གསང་བའི་དཀྱིལ་འཁོར་ཆེན་པོ་རུཿ དབང་བསྐུར་དམ་བཞག་ཐ་ཚིག་གཉེར་གཏད་ཚེ། ཁས་བླངས་བྲོ་བོར་གཡར་དམ་དྲན་གྱིས་ལཿ པདྨ་འབྱུང་གནས་བཻ་རོ་ཙ་ན་ཡིཿ བསྟན་པའི་མཐའ་ཉེ་ལྔ་བདོའི་དུས་འདི་རུཿ ཡང་ཟབ་ཟབ་མོ་གཏེར་གྱི་སྒོ་ཕྱེས་ཤིངཿ ལེགས་སྤེལ་ཉེས་སྲུབ་སྣ་ཚོགས་རྟེན་འབྲེལ་གྱིསཿ རྫུ་འཕྲུལ་རྟུལ་ཞུགས་སྤྱོད་པའི་གར་བསྒྱུར་ཞིངཿ འགྲོ་ཁམས་བདེ་སྐྱིད་སྤེལ་ཞིང་དགེ་ལ་སྒྱུརཿ ཁྱོད་ཀྱི་མཐུ་སྟོབས་ནུས་པའི་དཔལ་བསྐྱེད་ཅིངཿ དབུ་འཕང་བསྟོད་པའི་གཡར་དམ་དགོངས་མཛོད་ལཿ སྙིགས་མའི་རང་གཟུགས་ངོམས་པའི་དུས་འདི་རུཿ བསྟན་པའི་སྙིང་པོ་སྔ་འགྱུར་རྡོ་རྗེ་ཐེག ཿའཛིན་སྐྱོང་སྤེལ་བའི་གཉེར་ཁ་ཁྱོད་ཀྱིས་ལོངསཿ རིག་འཛིན་སྐྱེས་བུའི་སྐུ་ཚེ་མཛད་འཕྲིན་སྤེལཿ ཁམས་གསུམ་དབང་བསྡུས་སྲིད་གསུམ་ཟིལ་གནོན་ཞིང་ཿ བརྒྱུད་འཛིན་ལྕམ་དྲལ་ཚེ་ཆོས་བར་ཆད་སོལཿ སྦྱིན་བདག་གྱིས་ལ་མེལ་ཚེ་བྱ་ར་མཛོདཿ ཆོས་ལྡན་བྱང་ཆུབ་སེམས་ལྡན་ཕོ་མོ་དངཿ མཆོད་ཅིང་བསྟོད་པའི་བདག་ཅག་དད་ལྡན་ལཿ ལུས་དང་གྲིབ་ལྟར་འགྲོགས་ནས་སྡོང་གྲོགས་མཛོདཿ ཚེ་བསྲིངས་དཔལ་བསྐྱེད་ལོངས་སྤྱོད་འབྱོར་བ་སྤེལཿ བསོད་ནམས་མངའ་ཐང་རིགས་རྒྱུད་སྙན་གྲགས་རྒྱསཿ རླུང་རྟ་དར་ཞིང་དཔའ་མགྱོགས་རྣོ་ངར་ལྡནཿ དགྲ་ཕམ་བདག་རྒྱལ་གཟི་བརྗིད་ལྡན་པར་མཛོདཿ སློབ་དཔོན་རྒྱུད་འཛིན་ལ་སྡང་སྔགས་ལ་གཤེཿ དམ་ཉམས་ལོག་ལྟ་ལས་ངན་སྡིག་པོ་ཆེཿ བསམ་ངན་སྦྱོར་རྩུབ་གནོད་སྦྱོར་རྩོམ་པ་ཡིཿ སྡང་བའི་དགྲ་བོ་དམིགས་པའི་ཡུལ་གྱུར་ཀུནཿ ཚེ་བསོད་ལྡན་ཡང་ནུས་མཐུའི་ཤུགས་ཀྱིས་འཕྲོག ཿམཐུ་སྟོབས་ནུས་པ་འོད་ཟེར་སྦུབ་ནས་དྲོངསཿ སྲོག་དབུགས་ཕྲོལ་ལ་དོན་སྙིང་དམར་འདོན་གྱིས། ཤ་ཁྲག་རུས་གསུམ་ཁྱོད་ཀྱི་ཟས་སྐལ་གཏདཿ ལོ་ཟླ་མ་བཞག་མིང་གི་ལྷག་མར་ཐོངསཿ དུས་ངན་ལོག་ལྟ་དམ་ཉམས་དབང་བཙན་པསཿ འཁྲུལ་བའི་དབང་གྱུར་དམ་སྲི་རྒྱལ་འགོང་དངཿ མོ་གདོན་ཡུལ་འདྲེ་འཁྱམ་པོ་རིགས་གྱུར་ཀུནཿ འགུགས་འཆིང་སྡོམ་མྱོས་ཐར་མེད་བརྩོན་རར་ཚུདཿ ལས་ཀྱི་སྡུག་བསྔལ་ཉམས་སུ་མྱོང་དུ་ཆུག ཿམཐར་ཐུག་དབང་ཕྱུག་ལམ་གྱི་གྲོགས་གྱིས་ལཿ གསང་བདག་བཛྲ་པཱ་ཎིའི་གདུལ་བྱར་འཁོདཿ ཞི་བའི་ཕྲིན་ལས་འཇིགས་པ་བརྒྱད་ལས་སྐྱོབསཿ རྒྱས་པའི་ཕྲིན་ལས་འཛམ་གླིང་བདེ་སྐྱིད་སྤེལཿ དབང་གི་ཕྲིན་ལས་སྐྱེ་འགྲོའི་སྣང་བ་སྒྱུརཿ དྲག་པོའི་ཕྲིན་ལས་ལོག་འདྲེན་ཚར་ཆོད་ཅིག ཿའཁོར་ལ་བཀའ་ནན་མ་ཆུང་ཟིལ་གྱིས་ནོནཿ སྟོང་གསུམ་འཇིག་རྟེན་ཟས་ནོར་གཡང་ཁུ་ཡེཿ བཀྲ་ཤིས་བདེ་སྐྱིད་དཔལ་འབར་ཨེ་མ་ཧོཿ ཕྱོགས་དུས་ཀུན་ནས་རྣམ་པར་ལྷ་རྒྱལ་ལོཿ «ལས་བཞིའི་དམིགས་པའི་འཁྲུལ་འཁོར་དངཿ ཕྱག་ལེན་བླ་མའི་ཞལ་ལས་ཤེསཿ ཨེ་མཿ གཏུམ་པོ་སེང་གེ་སྒྲ་སྒྲོགས་ཀྱིཿ བཀའ་སྡོད་གནམ་ལྕགས་ཐོག་རྒོད་འདིཿ ཟབ་མོ་གཏེར་གྱི་སྲུང་མ་སྟེཿ དམ་ལྡན་རྣམས་ཀྱིས་གྲོགས་མཛོད་ཅིངཿ དམ་ཉམས་སྲོག་གི་གཤེད་མ་སྟེཿ ཁྱབ་གདལ་སྤེལ་ན་རང་ལ་སྡིག ཿཆོས་ཉིད་ཉམས་ཀྱི་སྣང་བ་ལཿ བདེ་སྟེར་ལྷ་ལྕམ་ཌཱཀྐིས་བསྐུལཿ ཞག་བདུན་བར་དུ་གསང་རྒྱས་བཏབཿ དད་ལྡན་དབང་རྒྱལ་གསོལ་བཏབ་འབྲསཿ མགྲིན་པ་རྡོ་རྗེའི་གསང་མཛོད་རྡོལཿ སྨིན་དྲུག་ཟླ་བའི་ཡར་ཚེས་ལཿ ཐོད་ཕྲེང་དྲག་རྩལ་ཕབ་བཞིན་དུཿ ཡི་གེའི་འདུ་བྱེད་རིགས་ཀྱི་སྲསཿ བདེ་ཆེན་རིག་པའི་རལ་གྲིས་བགྱིསཿ སྡང་དགྲའི་སྲོག་གི་གཤེད་མར་ཤོག ཿརྒྱ་རྒྱ་རྒྱཿ ཁ་ཐཾཿ དགེའོ། །