ལྷ་ཆེན་གཉན་པོ་གཡུ་རྩེའི་བསང་མཆོད།

From Khyentse Lineage - A Tsadra Foundation Project
Revision as of 10:47, 28 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title lha chen gnyan po g.yu rtse'i bsang mchod
Location mdo mkhyen brtse bka' 'bum
Volume 7, Text 13, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Smoke Offerings - bsangs mchod - lha bsang
Colophon

།ཅེས་པ་འདིའང་ཨ་ཏི་རྫོགས་པ་ཆེན་པོའི་དོན་གྱི་རྣལ་འབྱོར་པ་མཐུ་སྟོབས་བདུད་འདུལ་རྩལ་ལ་དགྲ་ལྷ་འདིའི་དངོས་སུ་གཟུགས་བསྟན་ཞིང་བྲོ་བོར་བའི་ཚེ་ཤར་མར་སྤེལ་བར་རང་གི་བརྒྱུད་འཛིན་མ་གཏོགས་གཞན་ལ་སྤེལ་བར་མི་བྱའོ།།

/ces pa 'di'ang a ti rdzogs pa chen po'i don gyi rnal 'byor pa mthu stobs bdud 'dul rtsal la dgra lha 'di'i dngos su gzugs bstan zhing bro bor ba'i tshe shar mar spel bar rang gi brgyud 'dzin ma gtogs gzhan la spel bar mi bya'o//

[edit]
༄༅། །ལྷ་ཆེན་གཉན་པོ་གཡུ་རྩེའི་བསང་མཆོད་བཞུགས། ༈ ལྷ་ཆེན་གཉན་པོ་གཡུ་རྩེའི་བསང་མཆོད་བྱ་བ་ནི། ཤིང་རྩི་སྣ་ཚོགས་སྤོས་སྨན་ཕྱེ་མར་ཟས་ཕུད་བཅས་ཀྱི་བསང་དང༌། གཞན་ཡང་མཆོད་གཏོར་ཞུ་སྐྱེམས་སོགས་ཅི་འབྱོར་བཤམས་ལ། རཾ་ཡཾ་ཁཾ་བསང་དང་མཆོད་པའི་རྫས་ཀྱི་ཉེས་སྐྱོན་མ་དག་པ་བསྲེགས་གཏོར་བཀྲུས། སླར་ཡང་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། ཀྱེ་ཀྱེ། ཀ་དག་གདོད་མའི་དབྱིངས་སུ་བྱང་ཆུབ་ཀྱང༌། །ལྷུན་གྲུབ་རོལ་རྩལ་ཟོ་དོར་ཚུལ་བཟུང་ནས། །ཁ་བ་ཅན་གྱི་རི་ལ་རྟེན་བཅས་ལྷ། །གཉན་པོ་གཡུ་རྩེ་ཡབ་ཡུམ་སྲས་འཁོར་བཅས། །ག་ལེར་སྤྱན་གྱིས་གཟིགས་ལ་ཐུགས་རྗེས་དགོངས། །བདག་དང་སྔོན་གྱི་གཡར་དམ་དྲན་གྱིས་ལ། །ང་ཡིས་འབོད་པའི་གནས་མཆོག་དམ་པ་འདིར། །སྐད་ཅིག་ཙམ་གྱིས་སྤྱན་འདྲེན་གཤེགས་སུ་གསོལ། །ས་མ་ཡ་ཛ་ཛཿ ཅ་རེ་ཁ་ཙམ་མ་ཡིན་ཁྱོད་འབོད་ན། །ཡབ་ཡུམ་སྲས་འཁོར་བཀའ་ཉན་ཕོ་ཉར་བཅས། །ཆ་ལུགས་དང་མཐུན་དགྱེས་པའི་གདན་ལ་བཞུགས། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡི། །ཇ་ཆང་སྐྱེམས་ཕུད་ཟས་སྣ་དཔག་མེད་དང༌། །འདོད་ཡོན་ལོངས་སྤྱོད་མི་ཟད་གཏེར་གྱི་མཆོག །ཉ་ཟླ་ལྟར་དཀར་དྲི་ཞིམ་བསང་དུད་སྤྲིན། །གང་ལ་གང་འདོད་མཆོད་པའི་བྱེ་བྲག་ཀུན། །ཏ་ཐཱ་ག་ཏའི་བསྟན་སྲུང་ཚོགས་རྣམས་དང༌། །ཁྱད་པར་པདྨ་བཛྲ་ཕྲིན་ལས་པ། །ཐ་མ་ལ་མ་ཡིན་ས་བཅུའི་སེམས་དཔའ་ཆེ། །རྒྱལ་བསྟན་འཛིན་ཞིང་རྣལ་འབྱོར་སྐྱོང་བའི་ཕྱིར། །ད་ལྟ་འགྲོ་ངོར་ཟོ་དོར་ཚུལ་འཛིན་པ། །དགྲ་ལྷའི་གཙོ་བོ་རྡོ་རྗེ་དྲག་པོ་རྩལ། །ན་ཆུང་ལྕམ་དང་སྲས་འཁོར་ཕོ་ཉའི་ཚོགས། །མཆོད་དོ་འབུལ་ལོ་བརྔན་ནོ་ཐུགས་དམ་བསྐང༌། །པ་སངས་ལྟར་དཀར་བྱང་ཆུབ་སེམས་ལྡན་ཁྱོད། །དམ་ལྡན་སྒྲུབ་པོར་དངོས་གྲུབ་མཆོག་སྟེར་ཞིང༌། ཕ་རོལ་གདུག་པའི་གནོད་སྦྱོར་ནད་གདོན་རིགས། །ཆོས་བཞིན་སྒྲུབ་པའི་བར་ཆོད་ཉེས་སྦྱོར་ཀུན། །བ་མོར་ཉི་ཟེར་ཕོག་བཞིན་ཞི་མཛད་པའི། །ལྷ་མཆོག་གཉན་པོ་གཡུ་རྩེ་ཡབ་ཡུམ་སྲས། །མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀུན། །འདོད་ཡོན་ལྔ་ལྡན་བསང་མཆོད་བཞེས་སུ་གསོལ། །ཙ་ཏུར་མུ་ཁ་ལ་སོགས་མཐུ་ཆེན་སྡེའི། །དེད་དཔོན་གནོད་སྦྱིན་ནོར་ལྷའི་གཙོ་བོ་ཁྱོད། །ཚ་གྲང་བཀྲེས་སྐོམ་སྡུག་བསྔལ་ཞི་མཛད་ཅིང༌། །རྣལ་འབྱོར་སྒྲུབ་པོའི་ཚེ་བསོད་དཔལ་འབྱོར་ཀུན། །ཛ་ཧུའི་རྒྱུན་བཞིན་འཛད་མེད་རྒྱས་མཛད་པའི། །གནོད་སྦྱིན་གཉན་པོ་གཡུ་རྩེ་ཡབ་ཡུམ་སྲས། །ཝ་རུ་ཎ་སོགས་འཁོར་དང་བཅས་པ་ཀུན། །འདོད་ཡོན་ལྔ་ལྡན་བསང་མཆོད་བཞེས་སུ་གསོལ། །ཞྭ་ལྟར་ཀུན་ལ་དབང་བསྒྱུར་དགྲ་བླ་ཁྱོད། །དམ་ཚིག་ལྡན་པའི་རེ་འདོད་ཡོངས་སྐོང་ཞིང༌། །ཟ་ཐང་ལོངས་སྤྱོད་བསོད་ནམས་དགོས་དགུ་དང༌། །ཕ་རོལ་གཟུགས་ཅན་གཟུགས་མེད་དྲེགས་ལྡན་ཀུན། །འལ་འོལ་སྒྱུ་མའི་དབང་དུུ་སྡུད་མཛད་པའི། །དགྲ་བླ་གཉན་པོ་གཡུ་རྩེ་ཡབ་ཡུམ་སྲས། །ཡ་མཚན་རྨད་བྱུང་འཁོར་དང་བཅས་པ་ཀུན། །འདོད་ཡོན་ལྔ་ལྡན་བསང་མཆོད་བཞེས་སུ་གསོལ། །རཱ་ཛ་སྣང་སྲིད་དྲེགས་པའི་རྗེ་བོ་ཁྱོད། །རྣལ་འབྱོར་སྒྲུབ་པོར་གནོད་སྦྱོར་རྩོམ་པ་དང༌། །ལ་ལུང་རི་སུལ་བྱང་ཆུབ་སྒྲུབ་ལ་འཚེ། །སངས་རྒྱས་བསྟན་དགྲ་རྣལ་འབྱོར་སྒོས་ཀྱི་དགྲ། །ཤ་ཚའི་དྲིན་ལན་ལོག་འཇལ་ཚར་གཅོད་པའི། །མཐུ་ལྡན་གཉན་པོ་གཡུ་རྩེ་ཡབ་ཡུམ་སྲས། །ས་བདག་རྒྱལ་བློན་འཁོར་དང་བཅས་པ་ཀུན། །འདོད་ཡོན་ལྔ་ལྡན་ཤ་ཁྲག་གསུར་མཆོད་བཞེས། །ཧ་ཅང་དགྱེས་དགུའི་འདོད་ཡོན་མཆོད་པའི་ཚོགས། །བཞེས་ལ་རྣལ་འབྱོར་བདག་ཅག་སྒྲུབ་པ་པོའི། །ཆོས་བཞིན་སྒྲུབ་པའི་འགལ་རྐྱེན་ཀུན་བྲལ་ཞིང༌། །མཐུ་རྐྱེན་འདོད་པའི་དོན་ཀུན་འགྲུབ་པར་མཛོད། །ཨ་ཏི་ཡང་གསང་རྡོ་རྗེ་སྙིང་པོའི་ཆོས། །ཕྱོགས་དུས་ཀུན་ཏུ་ཁྱབ་པའི་རྟེན་འབྲེལ་སྒྲིགས། །བརྒྱུད་འཛིན་རིག་པ་འཛིན་པའི་ཚོགས་རྣམས་ཀྱི། །སྐུ་ཚེ་མཛད་ཕྲིན་ཡར་ཟླ་ལྟར་རྒྱས་མཛོད། །ཁྱད་པར་དམ་ལྡན་རྣལ་འབྱོར་བདག་ཅག་གིས། །ལྷ་ཁྱོད་བརྟེན་པའི་ཚེ་ན་རྒྱང་མ་རིང༌། །སྟོབས་ལྡན་མངགས་པའི་ཚེ་ན་བང་མ་བུལ། །དགྲ་ལ་རྦད་པའི་ཚེ་ན་རྩལ་མ་ཞན། །རྣམ་བཞིའི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་པ་འདིའང་ཨ་ཏི་རྫོགས་པ་ཆེན་པོའི་དོན་གྱི་རྣལ་འབྱོར་པ་མཐུ་སྟོབས་བདུད་འདུལ་རྩལ་ལ་དགྲ་ལྷ་འདིའི་དངོས་སུ་གཟུགས་བསྟན་ཞིང་བྲོ་བོར་བའི་ཚེ་ཤར་མར་སྤེལ་བར་རང་གི་བརྒྱུད་འཛིན་མ་གཏོགས་གཞན་ལ་སྤེལ་བར་མི་བྱའོ།། །།