DKYD-KABUM-07-JA-020

From Khyentse Lineage - A Tsadra Foundation Project
Revision as of 09:28, 28 June 2024 by Mort (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 7, Text 20, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Smoke Offerings - bsangs mchod - lha bsang
[edit]
༄༅། །གཉན་སྲས་བསང་མཆོད་བྱ་བ་ནི། རཾ་ཡཾ་ཁཾ། བསང་དང་གསེར་སྐྱེམས་མ་དག་ཉེས་སྐྱོན་སྦྱངས། །ཨོཾ་ཨཱཿཧཱུྃ། ལན་གསུམ། འདོད་ཡོན་ཟག་པ་མེད་པའི་གཏེར་དུ་གྱུར། ཀྱཻ། རྨ་ཡུལ་སྨར་གྱི་ས་མཚམས་ནས། །ཀླུ་གཉན་བཤོས་པའི་སྲས་པོ་ནི། །འབར་བ་རྫུ་འཕྲུལ་རྩལ་ཤུགས་ལྡན། །རྟ་མཆོག་ཁམ་ནག་ཟངས་རྡོག་ཆིབས། །གོ་ཁྲབ་གསོལ་ཞིང་དཔའ་ངར་ལྡན། །ལྕགས་མདུང་དགྲ་བོའི་སྲོག་རྩ་གཅོད། །ཞགས་པས་དམིགས་བྱ་ལུག་ལྟར་ཁྲིད། །བདུད་བཙན་དམག་ཚོགས་འཁོར་གྱིས་བསྐོར། །བརྩེ་གདུང་དམ་ཚིག་དྲན་གྱིས་ལ། །གནས་འདིར་གློག་ལྟར་མྱུར་བར་བྱོན། །དྲི་ཞིམ་ཤིང་རྩི་སྣ་ཚོགས་དང༌། །ཕྱེ་མར་འབྲུ་སྣ་བསྲེགས་པ་ཡིས། །དུད་པ་སྣ་ཚོགས་སྤྲིན་ཕུང་གཏིབ། །མ་དག་ཉེས་པའི་ཚོགས་ཀུན་སྦྱང༌། །འདོད་ཡོན་ལྔ་ཡི་ཟེག་མ་འཕྲོ། །རོ་ལྡན་བདུད་རྩི་སྐྱེམས་ཕུད་བཤམས། །མཆོད་དོ་འབུལ་ལོ་དགྱེས་པར་བཞེས། །བསང་ངོ་གསོལ་ལོ་ཐུགས་དམ་བསྐང༌། །ཡུལ་ལྷ་ཟོ་དོར་ཆེན་པོ་བསང༌། །གཉན་སྲས་མྱུར་མགྱོགས་འབར་བ༴ །བདུད་བཙན་སུམ་བརྒྱ་དྲུག་ཅུ༴ །ཕོ་ཉ་བྲན་དང་ཡང་གཡོག༴ །གཙང་མའི་ཞལ་སྐྱེམས་ཕུད་མཆོད་བཞེས། །དགྱེས་པ་སྐྱེད་ལ་ཕྲིན་ལས་སྒྲུབ། །བདག་ལ་སྡང་བར་བྱེད་པ་ཡི། །བསམ་ངན་སྦྱོར་རྩུབ་མི་ཁ་སྒྲོག །བཀའ་འགལ་ཐུགས་དཀྲུགས་དམ་ལོག་པའི། །དམིགས་པའི་ཡུལ་དུ་གྱུར་བ་ཀུན། །མྱུར་དུ་སོད་ལ་སྲོག་དབུགས་ལོངས། །སྙིང་ཁྲག་འཐུང་ལ་ཤ་ཁྲག་གཏོར། །ཅི་ལྟར་བཅོལ་པའི་ཕྲིན་ལས་ཀུན། །ཐོགས་པ་མེད་པར་མྱུར་འགྲུབ་མཛོད། །ཀྭི་བསྭོ་ཆའོ་ལྷ་རྒྱལ་ལོ། །ཟབ་གཏེར་འབྱུང་གནས་ཌཱཀྐི་མའི། །བཀའ་བཞིན་ཁྲག་འཐུང་དཔའ་བོ་ལས། །ཐོལ་བྱུང་་ཤར་བཞིན་ཐོགས་མེད་བྲིས། །ལས་མྱུར་གནམ་ལྕགས་ཐོག་འདྲའོ། །དགེ།